Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
རབ་བྱུང་བཅུ་གཅིག་མེ་འབྲུག་ལོར་དེབ་ཐེར་དུ་བཀོད་པའི་དགའ་ལྡན་ཕུན་ཚོགས་གླིང་དུ་དྲི་མེད་བཤགས་རྒྱུད་དཔར་དུ་བསྐྲུན་པའི་སྨོན་ཚིག་དང་། རྒྱལ་བའི་བཀའ་འགྱུར་སོགས་རྟེན་མཆོད་གསར་བཞེངས་ཀྱི་དཀར་ཆག་སོགས།
   
   
   


 
previousརབ་བྱུང་བཅུ་གཅིག་མེ་འབྲུག་ལོར་དེབ་ཐེར་དུ་བཀོད་པའི་དགའ་ལྡན་ཕུན་ཚོགས་གླིང་དུ་དྲི་མེད་བཤགས་རྒྱུད་དཔར་དུ་བསྐྲུན་པའི་སྨོན་ཚིག་དང་། རྒྱལ་བའི་བཀའ་འགྱུར་སོགས་རྟེན་མཆོད་གསར་བཞེངས་ཀྱི་དཀར་ཆག་སོགས།next

རབ་བྱུང་བཅུ་གཅིག་མེ་འབྲུག་ལོར་དེབ་ཐེར་དུ་བཀོད་པའི་དགའ་ལྡན་ཕུན་ཚོགས་གླིང་དུ་དྲི་མེད་བཤགས་རྒྱུད་དཔར་དུ་བསྐྲུན་པའི་སྨོན་ཚིག་དང་། རྒྱལ་བའི་བཀའ་འགྱུར་སོགས་རྟེན་མཆོད་གསར་བཞེངས་ཀྱི་དཀར་ཆག་སོགས།


GLG017_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་མེ་འབྲུག་ལོར་དེབ་ཐེར་དུ་བཀོད་པའི་དགའ་ལྡན་ཕུན་ཚོགས་གླིང་དུ་དྲི་མེད་བཤགས་རྒྱུད་དཔར་དུ་བསྐྲུན་པའི་སྨོན་ཚིག་དང་། རྒྱལ་བའི་བཀའ་འགྱུར་སོགས་རྟེན་མཆོད་གསར་བཞེངས་ཀྱི་དཀར་ཆག་སོགས། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) མོཏྟརཛྙཱནམཎྜལྱཔཱུཪྞནྡུདཾཥྚརྨལཤཱེཏབྷྲནུསྨིཏཻནུསྨིཏཻརྨཽཁཏཿབྷརྨགཉྫཱུརྫུགངྒཱནདཱིསཾཁྱབཱམེཡསརྦཻརྒཱམནྱབྱཡཻཥནྱཏཱ། བླ་མེད་ཡེ་ཤེས་དཀྱིལ་འཁོར་གང་བའི་ཟླ། །ཚེམས་འཕྲེང་འོད་དཀར་འཛུམ་པའི་ཞལ་སྒོ་ལས། །ཆོས་ཕུང་གངྒཱའི་ཀླུང་རྡུལ་གྲངས་ཀྱིས་ཀྱང་། །གཞལ་མིན་འགྲོ་ཀུན་བསམ་ཡས་འཚོལ་བ་བཞིན། །དབང་(༡༡༦ན)


GLG017_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པོར་འཚམ་གསུངས་སྨན་གྱིས་སྒྲིབ་གཉིས་ནད། །ཆ་ཤས་ཙམ་མཐར་བྱས་ཏེ་གཞིལ་ནུས་རུང་། །བྱ་རོག་ཁྱུ་མཆོག་འགྲོས་ཀྱི་ཁྱད་པར་ལྟར། །ཡོ་གའི་ལམ་གྱིས་ས་ཆོད་གཅིག་ཏུ་མྱུར། །ཐེག་དགུའི་ནང་ཚན་རྣལ་འབྱོར་ཆེན་པོ་ཡི། །རབ་འབོག་གླང་པོའི་ཏནྟྲ་ལས་ཕྱུངས་པ། །སྡིག་ཚོགས་དྲི་མ་མེད་པ་རྩ་བ་ནས། །འབྱིན་བྱེད་བཤགས་པའི་རྒྱུད་རྒྱལ་འདི་རྨད་བྱུང་། །འགྲོ་ཁམས་ཉོན་མོངས་རྡུལ་གྱིས་དམ་ཚིག་ཀླུང་། །མ་དག་རྙོག་མར་གྱུར་པ་ལེགས་བསྒྲངས་པའི། །གསང་ཆེན་ཆོས་ཀྱི་ནོར་བུ་ཀེ་ཏ་ཀཿ །ལུས་ཅན་བསོད་ནམས་ཟོང་གིས་ཉོས་པ་བཞིན། །འཇིག་རྟེན་མིག་གཅིག་རྣམས་ཀྱིས་འཁྲུལ་མེད་དུ། །འཕགས་ཡུལ་སྐད་ལས་བོད་དཔེར་རབ་བསྒྱུར་དིང་། །བླུན་རྨོངས་ཡི་གེའི་ཚོགས་ཀྱིས་སོམ་ཉིའི་ཚོགས། །གླེགས་བམ་དུ་མར་གཏུགས་ཏེ་ཞིབ་མོར་དཔྱད། །ཐ་སྙད་རྟོག་གེས་བསླད་པས་གངས་ཀྱི་རི། །སྔོར་མཐོང་མིག་ཅན་ལ་འཇུག་རྫས་མིན་ཡང་། །སྐལ་ལྡན་རབ་རིབ་སེལ་བའི་གསེར་ཐུར་གྱིས། །ཕྲ་རགས་ཆོས་ཀུན་གསལ་བའི་རྩི་སྨན་ལྗོན། །མི་ཤེས་ནོངས་པ་ཚངས་པའི་འཁོར་ལོ་ཡིས། ཁས་བླངས་དམ་བཅའི་མགྲིན་པ་ཉེར་བཅད་ཀྱང་། །ཐར་པའི་སྲོག་རྩ་མི་ཆད་འཆི་མེད་ཀྱི། །བདུད་རྩིའི་བཏུང་བ་འདི་ལས་གཞན་ན་གང་། །ཆོས་སྤོང་སྒྲིབ་པའི་ཁུང་བུར་རྟག་ཉལ་ནས། །ངན་སྤྱོད་དུག་ལྕེ་རྐྱོང་བའི་མཁས་རློམ་སྦྲུལ། །སྙིང་ལ་བརྣག་དཀའི་རི་དགས་ལྟེ་བའི་དྲི། །གཅིལ་ལ་དུས་གསུམ་རྒྱལ་བ་སྲས་བཅས་ངལ། །འོན་ཏེ་གསང་ལས་ཆེས་གསང་འབྲུག་གི་སྒྲ། །ཐོས་པའི་མོད་ལ་གཏན་བདེའི་མངལ་གྱི་ཁུར། །སྦྲུམ་ནུས་རིགས་འཛིན་རྨ་བྱའི་(༡༡༦བ)


GLG017_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མོ་རྣམས། །དགའ་བའི་སྒྲོ་གཤོག་ཟླུམ་པོར་ད་སྒྱུར་ཅིག །བསོད་ནམས་འབྲས་བུ་མཐོ་རིས་ཆུ་བོ་ཡིས། །འགྲོ་རྒྱུད་སྒྲིབ་གཉིས་ཁྱབ་འཇུག་རྐང་པའི་དྲི། །རབ་བཀྲུས་ཀུན་བཟང་གོ་འཕང་རྒྱལ་མཚན་གྱི། །རྩེ་མོར་མཛེས་པའི་ཏོག་འོད་འབར་བར་ཤོག །ཡེ་དག་རང་རིག་ཉི་མའི་སྙིང་པོ་ལ། །སྐྱོན་གྱིས་མ་གོས་གདོད་མའི་སངས་རྒྱས་ཞལ། །གཞན་ནས་འཚོལ་མིན་མངོན་སུམ་མཇལ་ནུས་པའི། །བཀྲ་ཤིས་འཇིག་རྟེན་མ་ལུས་ཁྱབ་པར་ཤོག །དྲི་མེད་བཤགས་རྒྱུད་འདི་ངེས་གསང་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པའི་རིག་པ་འཛིན་པའི་ཚོགས་ལ་མེད་དུ་མི་རུང་བར་མཆིས་པ་ཡིག་མཁན་སྣ་ཚོགས་པའི་སྐྱོན་གྱིས་མཐུན་མི་མཐུན་ཅི་རིགས་སྣང་བ་གླེགས་བམ་འགའ་ཞིག་ལ་ཉེ་བར་གཏུགས་ཏེ་ཤིན་ཏུ་དག་པའི་ལུགས་སུ་བགྱིས་ནས་མེ་འབྲུག་དགའ་ལྡན་ཕུན་ཚོགས་གླིང་དུ་བརྐོས་པའི་ཚེ་པར་བྱང་སྨོན་ལམ་དང་བཅས་པ་ཟ་ཧོར་གྱི་སྔགས་སྨྱོན་གང་ཤར་གྱི་རང་གྲོལ་གྱིས་སྦྱར་བའི་ཡི་གེ་པ་ནི་རིག་པ་འཛིན་པ་འཇམ་དབྱངས་གྲགས་པས་བགྱིས་པ་སརྦདིཀྐཱལཡུདཡབྷཝནྟུ། སཱསྟིཔྲཛབྷྱཿ། ཨེ་མ་རིག་སྔགས་འཆང་བའི་ཚོགས་རྣམས་ཀྱི། །སྤྱད་བྱར་འོས་པ་དྲི་མེད་བཤགས་པའི་རྒྱུད། །དོན་གྱི་བཅུ་གཉིས་གོ་ལར་འགྲོ་མཚུངས་ཀྱང་། །རྗོད་བྱེད་མེ་ཏོག་བཞད་ཚུལ་མི་འདྲ་ཙམ། །དེ་ཕྱིར་མཁས་གྲུབ་རིམ་བྱོན་ཞལ་ལུང་ལས། །གཅིག་ནས་གཅིག་བརྒྱུད་མཁའ་འགྲོའི་ཁ་རླངས་ཅན། །ཆོས་རྒྱལ་བྱང་པའི་བཞེད་པ་བླ་མེད་པ། །ངོ་མཚར་མི་ཟད་གླེགས་བམ་གཏེར་སྒོ་ཕྱི། །མཁའ་ཁྱབ་སྐྱེ་རྒུའི་རྒྱུད་བགོས་(༡༡༧ན)


GLG017_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་ལྟུང་ནད། །བཀྲུ་བའི་རོ་ནུས་ཞུ་རྗེས་སྔོན་མེད་སྨན། །གཏན་བདེའི་སྲོག་གི་འཚོ་བ་དོན་ཡོད་དུ། །བྱེད་པའི་སྐལ་པ་བཟང་པོར་བདག་འགྱུར་ཤོག །དྲི་མེད་བཤགས་རྒྱུད་འགྱུར་ཅུང་ཟད་མི་འདྲ་ཙམ་ཆོས་རྒྱལ་བྱང་པའི་ཕྱག་དྲེག་མའི་དཔེ་ཁུངས་བཙུན་པ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོས་པའི་པར་བྱང་ཟ་ཧོར་གྱི་སྔགས་འཆང་ཆེ་མཆོག་འདུས་པ་རྩལ་གྱི་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པས་བགྱིས་པ་ཝརྡྷབྷཝནྟུ། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) ཨཱ་ཤམཀྲོདྷསཱམསྱདྷྱཥྚསེནཔྲདྷཱནཱདྷིསཽཀོཔིཏོགྲཽཛིནཱ། །ཨཱནྟརཻརྦིགྷཱཙཀྲསྱགཱནྱཔྲབྷཱགཏྭཙིནྟདྱཐཱསཻདྡྷིདཱདྷིཥྛནེ། ཞི་ཁྲོ་ཀུན་འདུས་སྒྲུབ་སྡེ་བརྒྱད་ཀྱི་གཙོ། །ཆེ་མཆོག་དྲག་པོར་ཁྲོས་པའི་གཟི་བྱིན་གྱིས། །བར་ཆད་བགེགས་ཀྱི་དཔུང་ཚོགས་རབ་བཅོམས་ནས། །བསམས་པ་ཇི་བཞིན་དངོས་གྲུབ་སྩོལ་བྱིན་རློབས། །(༡༡༧བ)


GLG017_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདི་ནི་སྐྱམ་པ་ངག་དབང་ཆོས་འཛིན། སྔགས་རམས་པ་ཕུན་ཚོགས་ལེགས་འབྱོར། ལྷ་ས་བ་བློ་བཟང་རབ་བརྟན་གསུམ་གྱིས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་དཀོན་གཉེར་བྱེད་སྐབས་སྐུ་ཐང་སྙན་དར་ཁ་དོག་སྣ་ཚོགས་པ་དགུ་དང་བཅས་པ་འདི་ཉིད་ཀྱིས་ཐོག་དྲངས་ཟངས་ཁལ་བདུན་ཅུ་དོན་དགུ་ལས་གྲུབ་པའི་མཆོད་ཀོང་ཉིས་བརྒྱ་དང་གསུམ། འཇུག་སྒམ་ལྕགས་ཤན་མ་ཆ་གཉིས། དངུལ་སྲང་ཉི་ཤུའི་ཆེ་ཚད་སྣོད་ཁེབས་བཅས། ལི་ཏིང་ཆུང་བ་གཡག་མིག་མ་བདུན་ཚར་གཉིས། གསེར་ཞོ་སུམ་ཅུ་སོ་གཅིག་གི་རྒྱུ་བྱས་ཏེ་སྦྱར་སྤོས་ཙན་དན་མ། ཁ་ཆེ་མ། གཏོར་མར་འདེབས་རྒྱུ། ཆོས་སྐྱོང་སོ་སོའི་སྤྱན་འདྲེན་གྱི་སྤོས་སྦྱོར། གསར་མའི་བུམ་རྫས་ལེ་ཚན། སྐྱེ་ཁུག་ཞེ་མཚུངས་ཙམ་བཅུ་གཉིས། བུམ་པའི་མགུལ་ཆིངས་གཅིག །སྐུ་འདྲ་གཉིས་ལ་བར་ཆུང་རེ། མཚལ་ཅོག་གསེར་ཤོག་མ་ལེགས་པ་ཆེ་ཆུང་སྣ་ཚོགས་ཆ་བརྒྱད་དང་ཡ་གཅིག །སྟེགས་མཚལ་རྩི་མ་གཅིག །དཀར་པོ་ཆ་གཉིས། ཨན་གདར་ཆེ་བ། མེ་ལོང་གི་ཤུབས་གཅིག །ཁྱབ་འཇུག་གི་མདོས་གཏོར་བཞེང་སྣོད་བསེའི་པད་སྡེར་ཚོན་ཁྲ་གསེར་ཤོག་མ་གཅིག །ཐམ་ཐོའི་དྲིལ་གདན་ཞེ་མཚུངས་བརྒྱ་དང་ཞེ་བཞི། རྔ་གདན་བརྒྱད་ཀྱི་ཕྱི་གཡོག་རྒྱ་གླིང་གི་ཤུབས་ཆ་གཅིག །ལྗང་སེར་གྱི་སྒྲོན་སྐྱོགས་ཆ་གཉིས་དང་ཡ་གཅིག །རྔ་སྒྲོམས་དྲུག །མཆོད་དུང་འཇུག་སྣོད་སྒམ་ཆུང་གཅིག །སྲིད་པ་ཧུ་དང་དངས་མ་བཅུད་འདྲེན་གྱི་གཙོ་ཙག་རྣམས་ཀྱི་སྤྱི་འབུལ་སྔོན་མ་རྣམས་ལས་(༡༡༨ན)


GLG017_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྤམས་མཐོ་བར་བྱས་པའི་དགེ་བས་འདི་ཕྱིའི་དོན་ཀུན་བདེ་བླག་ཏུ་འགྲུབ་པར་གྱུར་ཅིག །སྐྱིད་ཤོད་ཉང་བྲན་གྲོང་སྨད་གྱི་གཞིས་ཀ །གཞིས་ལག་འཇུན་རྩེ་ཞོལ། སྐྱི་ནག །བཟང་ཡུལ་ཕུ་མདའ་དང་བཅས་པའི་ཡོང་དེབ་རྣམས་ཀྱི་མགོ་བརྗོད་ནེའུ་ལེའི་མགྲིན་ནས་སྐྱུགས་པའི་དཔལ་འབྱོར། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) ཨཀྵདཱིརྒཱཡཏེལམྦྷབཱསཧྱཙཏྦྷཱལབཱིཎཱཾཙཤཱདེཎཧཱི། བྷབཤནྟསྱལཀྵྨདྒུཤེདྲཱཛབྷཌྜཱརགཻརྒཱཏྲདེབྱཱཤུབྷཾཡཙྪཏུ། སྤྱན་དཀྱུས་རིང་པོར་བརྐྱང་དང་ལྷན་ཅིག་པར། །ཨུཏྤལ་རྒྱུད་ལས་འཕོས་བའི་ཉག་ཕྲན་གྱིས། །སྲིད་ཞིའི་ཕུན་ཚོགས་འགུགས་པའི་དབང་གི་རྒྱལ། །རྗེ་བཙུན་རིགས་བྱེད་ལྷ་མོས་དགེ་ལེགས་སྩོལ། །བསོད་ནམས་ཛམྦུའི་ལྗོན་པ་ལས་སྨོན་མཚོར། །ལོངས་སྤྱོད་གསེར་གྱི་སྙེ་མ་དར་དྲག་པ། །འཛད་མེདཿ རྨུགས་འཛིན་འབྱོར་པའི་མཆེད་ཟླ་ཡིས། གནོད་སྦྱིན་སྡེ་དཔོན་བསྙེམས་པ་ཅི་ཡང་འཕྲོག །དབུས་གཙང་རུ་བཞིར་དབྱེ་བ་སྦུས་རུའི་ཆ། །(༡༡༨བ)


GLG017_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་བདག་པོའི་ཡུལ་གྲུ་སར་འཕོས་པས། །སྐྱིད་ཤོད་ཉང་བྲན་གྲོང་སྨད་གཞིས་ཀ་ཆེ། །མཁོ་དགུའི་འབྱོར་པ་གཅིག་ཏུ་འཕྱུར་བ་བཞིན། །དཔྱིད་ཀྱི་ཕོ་ཉའི་མགྲིན་ལས་རབ་སྙན་གླུ། །ལེན་པའི་སྔོན་འགྲོར་བཏབ་པའི་ས་བོན་ཚོགས། །དྲོད་གཤེར་སྐྱེད་ཀྱིས་བསྲིངས་པའི་འབྲས་ལྡན་དུས། །དགའ་སྟོན་ཆོ་ག་འགྲུབ་དེ་སུ་ཡིས་འགོག །མེས་པོའི་རལ་ཀླུང་སྟུག་པོ་ལས་བབས་པ། །ཡན་ལག་བརྒྱད་ལྡན་ཆུ་བོ་ཇི་བཞིན་དུ། བགྲང་བྱའི་འཕྲེང་བ་རིམ་པར་ཆད་མེད་དབྱིག །ལེགས་བྱས་རིན་ཅེན་ཡོལ་གོར་གཅིག་ཏུ་འཁྱིལ། །ཞེས་བཀྲ་ཤིས་པའི་ཚིགས་སུ་བཅད་པས་སྔུན་བསུས་ཏེ་གྲོང་སྨད་གཞིས་ཀའི་ཡོང་དེབ་ཀྱི་རིམ་པ་གསར་དུ་བཀོད་པ་ལ། །(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) ཏྲཱིཡཏྷཱཏོརྐརེཔྲངྷྱཏཀརྨབཱལིརྡྲབྷཱཥྚེཤཱརཱལུཤྩམཱུརྡྷེནྡུཀཿ ཨཱིཤཔཱརྦཏྱགཱཎསྱཔཱཏྱེནསཱདྷོབྷགིརྒོདྷརོཙྩེསཱུསོཀུཊྚཡཱ། (༡༡༩ན)


GLG017_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་ཀུན་གྱི་བྱེད་པོར་བཙན་པོ་ལས། །ཤུགས་དྲག་དབང་ཕྱུག་བརྒྱད་ལྡན་གཙུག་ན་ཟླ། །ལྷ་ཆེན་རི་སྲས་ཚོགས་ཀྱི་བདག་པོ་ཡིས། །ལེགས་བྱས་ས་འཛིན་བླ་ནས་བླར་རྩེགས་ཤིག །ཕྱག་ན་པདྨའི་ཐུགས་རྗེ་འཕྲུལ་པོ་ཆེས། །ཕན་བདེའི་འབྱུང་ཁུངས་གནས་སུ་ཉེར་བརླབས་པ། །བརྒྱ་ཕྲག་ཉི་མའི་གཟི་ཅན་བྱུ་རུའི་རི། ཁྲོ་ཆགས་ཉམས་ཀྱི་བརྟན་གཡོ་སྡུད་པ་བཞིན། །གང་བསམ་འདོད་པའི་གཏེར་གྱི་བྱེ་བའི་སྒོ། །འབད་མེད་འབྱེད་པའི་བསོད་ནམས་ཡོངས་འདུའི་ལྗོན། །ཡལ་འདབ་འབྲས་བུས་དུད་པའི་གྲིབ་བསིལ་དུ། །སིམ་པའི་ཚོར་བ་རྟག་ཏུ་མྱོང་བྱེད་འདྲ། །གོང་དཀར་ཕོ་བྲང་བྱ་འདབས་སྐྱི་ནག་ཅེས། །གྲོང་སྨད་གཞིས་ཕྲན་འབྲུ་མང་དབྱར་མཚོ་ལྟར། །གྱེན་ནས་གྱེན་དུ་འཕྱུར་ཚེ་ཚངས་རིས་ཀྱི། །ཡུལ་སར་སྙེག་ལ་རིངས་སུ་ཆས་སམ་སྙམ། །དྲང་སྲོང་ཆུ་ལྷའི་བུ་ཡིས་ཉལ་འགྲོ་ཀུན། །དུག་བྲལ་སྨན་དུ་བསྒྱུར་བའི་དུས་ཀྱི་ཚེ། །མྱུ་གུའི་ལང་ཚོ་སྨིན་པའི་འབྲུ་ཁལ་གྲངས། །མི་བསྒྱུད་དེབ་ཐེར་འཕྲེང་བ་འདི་ན་སྤེལ། །ཞེས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བས་གོང་དཀར་སྐྱི་ནག་གི་དེབ་གསར་དུ་བཀོད་པ་ལ། །(༡༡༩བ)


GLG017_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) ནིཏྱཏནྟྲེཎསེནཱསུརཻརྒརྦཌཱིམཱཏྲཧྲྀཏྵཱསབཀྟྲོཤྞཏཔཱ་ཤྲཱཀཿསུ ཁྱབིསྟཱརཌཱཀཽཔཏཱཛྙཱཏཧཱིདེབིཀཤྴཱིཥྚརཛྙཱསདཱཔཱལཏུ། ངེས་གསང་རྒྱུད་སྡེའི་བཅུད་ཀྱི་ཉིང་ཁུ་ལ། །མ་དང་མཁའ་འགྲོའི་སྲོག་སྙིང་ཞལ་དྲོད་རླངས། །བདེ་བ་རྒྱས་བྱེད་ཌཱ་ཀིར་བཀའ་བབས་ལྷ། །དཔལ་ལྡན་འདོད་པའི་རྒྱལ་མོས་རྟག་ཏུ་སྐྱོངས། ཁྱོད་ཞལ་དྲན་པའི་མོད་ལ་རྒུད་པའི་སྨག །མཐར་བྱེད་སྟོབས་འབྱོར་ཉི་མ་སྐྱིད་པའི་གུང་། །འཆར་བཞུད་སྤངས་པའི་སྣང་བའི་འོད་པོ་ཆེ། །ནམ་ཡང་ནུབ་པ་མེད་དེ་ཕན་བདེའི་དཔྱིད། །མི་བཟད་ལྕགས་ཀྱུ་རྣོན་པོ་གདེངས་ཙམ་གྱིས། །འཁོར་འདས་ཀུན་གྱི་བསྟན་པ་ཡོངས་འཕྲོག་ན། །ལྷ་མིའི་འདོད་དགུ་རང་གི་དབང་བྱེད་ལ། །འབད་མེད་འགྲུབ་པའི་སྒྱུ་ཐབས་རྨད་པོ་ཆེ། །མཐོ་རིས་གྲོང་ཁྱེར་ས་ལ་རབ་འཕོས་པ། །(༡༢༠ན)


GLG017_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་སྨད་ནོར་འཛིན་དཔལ་མོའི་མངལ་གྱི་ཁུར། །ལེགས་ལྕི་སྣ་ཚོགས་འབྲུ་རིགས་དར་དྲག་འཇུན། །ཀུན་བཟོད་བཅུད་ཀྱི་སྙིང་པོའི་རྗེས་སུ་འགྲོ །ཤོག་དཀར་དྲི་མ་མེད་པར་ཡི་གེའི་གཟུགས། །མངོན་པར་བཀྲ་བའི་དེབ་ཐེར་ཡོལ་གོའི་ནང་། །ཕུན་ཚོགས་འབྱོར་པའི་མཁོ་དགུ་སྤུངས་པའི་གཏམ། །སྙན་པོ་རྣ་བའི་དཔྱིད་དུ་འདི་ན་ལེན། །ཞེས་ཚིགས་སུ་བཅད་པའི་འཕྲེང་བ་སྔུན་དུ་བཏང་སྟེ་སྐྱིད་སྨད་འཇུན་གཞིས་ཀ་རྩེ་ཞོལ་གྱི་ཡོང་དེབ་བཀོད་པ་ལ། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) དེབནིཏྱེསུཁཤྴརྨཀཱསཱནཡཀྵཀྱསརྦསྱཔཱཏྷཱཧནེབཻཤྲཝཿཏྲཱིཡདྷཱཏྭཱབྷིབྷབེནཏེཛཱགིཥཎཤྲེཡཏོམངྒལཾབྷདྷཪྵྱཡཾཔཱཏཏུ། ལྷ་རྣམས་རྟག་ཏུ་བདེ་བའི་ངལ་གསོའི་སྟེགས། །གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་རྣམ་ཐོས་སྲས། ཁམས་གསུམ་ཟིལ་གྱིས་གནོན་པའི་གཟི་བྱིན་གྱིས། །འཛད་མེད་དགེ་བའི་བཀྲ་ཤིས་ཆར་དུ་ཕོབ། །(༡༢༠བ)


GLG017_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡོན་སོར་མོས་ལེགས་བཙིར་ནེའུ་ལེ་ཡིས། །མགྲིན་ནས་སྐྱུག་པའི་ཡིད་བཞིན་ནོར་བུའི་དཔྱ། །བསོད་ནམས་བྱས་པའི་རབ་ཡངས་སྣོད་ཆེན་པོར། །ཕྱུར་བུར་སྤུངས་པའི་དགའ་སྟོན་ཨེ་མ་མཚར། །གངས་ཀྱི་ར་བས་བསྐོར་བའི་ཁོར་ཡུག་འདིར། །ཕོ་བྲང་ལྕང་ལོ་ཅན་གྱི་འབྱོར་པའི་མཛོད། །འདྲེན་པའི་བྱེད་པོ་སྐྱེ་མང་གོམས་པ་ཡི། །ཆོས་དཀར་ཕུང་པོ་དེ་ལ་གཅིག་ཏུ་རངས། །དགེ་བཅུའི་དཔལ་འབར་ལྷོ་རྒྱུད་གཡོ་རུའི་ཆ། །བཟང་ཡུལ་གྲོང་གསར་བཀྲ་ཤིས་རྒྱས་པའི་སྟེང་། །འབྲུ་བཅུད་ལང་ཚོའི་བཞིན་རས་དངོམ་པ་ན། །སྐབས་གསུམ་ལུས་ཕྲའི་ཁེངས་པ་བག་ལ་ཞ། །འཛིན་མའི་ཡོན་ཏན་འབྲས་བུ་ཡོངས་དུད་པ། །བརྗེད་ངས་དྲི་མ་འཁྲུད་པའི་ཉལ་འགྲོའི་རྒྱུན། །ལྷུང་ལྷུང་སྙན་པའི་སྒྲ་དང་ཆབས་ཅིག་པར། །དེབ་ཐེར་རྫིང་བུའི་ངོགས་སུ་བབས་འདི་མཚར། །ཞེས་ཕུན་སུམ་ཚོགས་པའི་ཚིག་གི་འཕྲེང་བ་སྔོན་དུ་བཏང་སྟེ་བཟང་ཡུལ་ཕུ་མདའི་དེབ་གསར་དུ་སྒྲིགས་པ་ལ། སྭ་སྟི་པྲ་ཛ་བྷྱཿ རྒྱལ་ཀུན་འདུས་པ་རྔ་ཡབ་གླིང་པ་དང་། །དབྱེར་མེད་ཟུར་ཆེན་ཆོས་དབྱིངས་རང་གྲོལ་རྗེའི། །ཞབས་ཀྱི་པདྨར་གུས་པས་ཕྱག་བྱས་ཏེ། །མདོ་རྒྱུད་པུ་སྟ་ཀ་འཕྲེང་དེབ་ཐེར་དགོད། །ཅེས་ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱི་ཕྱག་དཔེ་དཀར་ཆག་གི་མཆོད་བརྗོད། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་བྱང་ཆུབ་ལམ་རིམ་ལྷ་ཁང་དང་སྔགས་ཁང་གི་མཆོད་རྫས་མེ་འབྲུག་དེབ་བསྒྲིགས་ཀྱི་(༡༢༡ན)


GLG017_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འགོ་བརྗོད་ཀུན་བཟང་ཆོས་སྤྲིན། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) ཨལྤམདྷྱཻརྨཏཏྤནྠཏསྐྲམྱཙཏྟྱཏྭམུཀྟསྱཧཱིདྭཱིཔཏཱརཱུབཀཿ ནཱཡཀསྱཔྲནཽཀཱདྷརཏྣསྱསྲིམིཀྴལུགུརྦཱསཏསྠཏྱགནྡྷོལཏ༔ ཆུང་འབྲིང་ཆེན་པོའི་ལམ་གྱི་རིམ་པ་ལ། །བརྟེན་ནས་ཐར་པའི་གླིང་དུ་ལུས་ཅན་རྣམས། །འཁྲིད་པའི་དེད་དཔོན་ཡོངས་འཛིན་རིན་ཅེན་འཕྲེང་། །དཔལ་ལྡན་བླ་མའི་བཞུགས་གནས་གནྡྷོ་ལ། །འཇམ་དཔལ་དྲག་པོར་ཁྲོས་པ་མ་ཧེའི་ཞལ། །སྤྱན་རས་གཟིགས་སྤྲུལ་མྱུར་མཛད་ཡེ་ཤེས་མགོན། །བཀའ་སྡོད་ལས་ཀྱི་གཤིན་རྗེའི་དཔུང་ཚོགས་རྣམས། །ཤུགས་དྲག་གར་གྱིས་རོལ་པའི་གཞལ་མེད་ཁང་། །རབ་བཀྲ་སྣ་ཚོགས་མཆོད་པའི་སྤྲིན་ཕུང་ཚོགས། །རབ་ཡངས་ནམ་མཁའ་མཛོད་ལྟར་ཟད་མི་ཤེས། །རབ་དངས་མོས་པས་ཉེར་དབུལ་མཁོ་དགུའི་རྫས། །རབ་བརྟན་གཡུང་དྲུང་ལྟ་བུ་མི་འགྱུར་ཆེད། །རྒྱ་བལ་ཌི་ལི་ཨ་ཀར་ས་ཅ་དང་། །པུ་རྡྷུ་ཀ་བ་སྟོད་(༡༢༡བ)


GLG017_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་ཧོར་དང་རྒྱ། །སྣ་ཚོགས་ཡུལ་གྱི་ཀ་ཅ་མ་འདྲེས་པར། །རྣམ་པར་བརྟགས་ཤིང་དཔྱད་ནས་ངོས་བཟུང་གང་། །ཤིང་གི་མ་མའི་དོ་ར་ཡངས་པའི་ནང་། །སྡེབས་གཟུགས་སྤེལ་ལེགས་ཡི་གེའི་ཟློས་གར་ཚོགས། །སོར་མོའི་འཕྲུལ་གྱིས་བསྒྱུར་བའི་རྣམ་དཔྱོད་ལ། །འདྲེན་བྱེད་ཡངས་པ་མེད་པར་ལྟོས་ཤིག་གུ། །ཞེས་དཔལ་ལྡན་འབྲས་སྤུངས་ཀྱི་བྱང་ཆུབ་ལམ་རིམ་ལྷ་ཁང་དང་སྔགས་ཁང་གཉིས་ཀྱི་མཆོད་རྫས་མེ་འབྲུག་ཆུ་སྟོད་ཟླ་བའི་ཡར་ཚེས་ལ་དེབ་ཐེར་དུ་བཀོད་པ་ནི། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) མརྒཏགཱཾཌབཻདུཪྴཏཾསཱུཪྻརསྨཉྩལིཔྟུརྣམིཤྴནྟབྷཱབཱདྲཌྷཿ། །ཧཱརཀཱརཡཱརུཔེཔརྦརྟེརྩེདཡེཙེདམཱབྷོཊཏཝཛྱཔུནྱནུ་བྷུ། །མར་རྒད་རྡུལ་བརྩེགས་བརྒྱ་ཕྲག་ཉི་མའི་འོད། །བྱུགས་པས་མཚོན་མིན་སྲིད་ཞིའི་བརྟན་པ་ཀུན། །འཕྲོག་བྱེད་འཕགས་མའི་སྣང་བརྙན་ས་འཛིན་དུ། །ཤར་འདི་སྤུར་རྒྱལ་སྐྱེ་རྒུའི་བསོད་ནམས་མཐུ། །(༡༢༢ན)


GLG017_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་གཉིས་དྲང་པོར་སྲོང་བ་ཁྲིམས་ཀྱི་ཐིག །མི་གཡོའི་བཀའ་བཙན་དཀྱེལ་ཆེ་སྒམ་པོའི་ཐུགས། །ལག་ན་པདྨ་གངས་ཅན་ལྷ་གཅིག་པུར། །ཡོངས་བསྟན་འཁོར་ལོས་མཚན་པའི་ཞབས་བཀོད་པ། །སྒེག་ལྡེམ་ལང་ཚོའི་འཁྲི་ཤིང་གཞོན་ནུ་མ། །མཛེས་སྡུག་འཆི་མེད་བུ་མོའི་ཁེངས་པ་བསྙིལ། །ཕན་བདེའི་ལོ་འབྲས་དུད་པའི་དཔག་བསམ་ལྗོན། །མོང་བཟའ་ཁྲི་ལྕམ་ཐུགས་དམ་གནྡྷོ་ལ། །ནང་མཐའ་འོད་ཟེར་གཙང་བྱེད་པདྨའི་སྦུབས། །བརྟུལ་ཞུགས་གྲུབ་པའི་གར་སྒྱུར་སྲིད་གསུམ་ན། །ཆེ་བའི་སྔགས་འཆང་རྔ་ཡབ་གླིང་པ་ཞེས། །རྒྱལ་བ་ཀུན་འདུས་དེ་ཡིས་བྱིན་རླབས་ཡུལ། །བརྩེ་ཆེན་མར་མེས་བྱང་ཕྱོགས་སྨག་གི་རུམ། །སེལ་མཛད་སྲས་ཀྱི་ཐུ་བོ་ཁུ་རྔོག་སོགས། །ཕ་ཆོས་བདུན་ལྡན་བཀའ་གདམས་མུ་ཏིག་འཕྲེང་། །ནོར་འཛིན་དཔལ་མོའི་མགུལ་པར་མཛེས་པའི་རྒྱན། །སྣང་སྲིད་དྲེགས་པའི་ཚོགས་རྣམས་ཀིངྐ་རར། །བྱེད་པའི་ནུས་ཅན་ཀུ་མ་རཱ་ཛའི་ཞབས། །ཆོས་རྣམས་ཀློང་ཆེན་མཁར་གྲོལ་རབ་འབྱམས་རྗེ། །སྔ་འགྱུར་བསྟན་པའི་ཉི་འོད་བརྡལ་བའི་གཞི། རིས་མེད་སྐྱེ་རྒུའི་ལེགས་བྱས་འབྲས་བུ་དིང་། །རབ་སྨིན་དགའ་ལྡན་གསང་སྔགས་ཡང་རྩེ་ཞེས། །རྒྱལ་བ་བློ་བཟང་གྲགས་པའི་རིང་ལུགས་ཚོགས། །ཆེས་དར་(༡༢༢བ)


GLG017_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭ་སེར་འཆང་བ་འདུས་པའི་གླིང་། །ཀུན་དགའ་ར་བའི་ཁོར་ཡུག་དུས་གསུམ་གྱི། །བདེར་གཤེགས་སྲས་དང་སློབ་མར་བཅས་པའི་སྐུ། །ངོ་མཚར་མིག་གི་བདུད་རྩི་ཉེར་བསྐྲུན་པས། །སྒྱུ་མ་མཁན་གྱི་ཁེངས་པ་ཐུང་ངུར་བྱས། །འདི་དོན་སྒྲུབ་ལ་སྒོ་གསུམ་ཡོངས་འབད་དང་། །ཆུ་ཐིགས་ཙམ་གྱི་མཐའ་བརྟེན་དངོས་པོ་ཡིས། །ཕན་པར་བྱེད་རྣམས་འཕྲལ་ཡུན་བདེ་དང་སྐྱིད། རང་མིན་བླ་མེད་བྱང་ཆུབ་འཐོབ་པར་ཤོག །སྤྱི་དང་ཁྱད་པར་སཱ་ལའི་སྨན་ལྗོངས་འདིར། །དུས་ཀྱི་ཆད་པའི་ཟུག་རྔུ་མིང་རྗེས་ཀྱང་། །མི་གྲག་རྫོགས་ལྡན་ལ་སྤྱོད་འགྲོ་བ་ཡི། །སིམ་པའི་ཚོར་བ་ལྷན་ཅིག་མྱོང་བར་ཤོག །ཁྱད་པར་ཐམས་ཅད་མཁྱེན་པ་བཙོང་ཁ་པའི། །ཕུལ་བྱུང་བསྟན་པ་ཡིད་བཞིན་ནོར་བུ་མཆོག །སྲིད་ཞིའི་རྒྱལ་མཚན་རྩེ་མོར་རབ་བཀོད་ནས། །དོན་གཉིས་འདོད་དགུའི་ཆར་ཆེན་བསྙིལ་བར་ཤོག །ཅེས་ཡེར་པ་དགའ་ལྡན་གསང་སྔགས་ཡང་རྩེའི་འདུ་ཁང་གི་ལྡེབས་རིས་བླ་གཉེར་གྲྭ་རིས་རྣམས་ཀྱིས་འབད་པས་བསྒྲུབས་པའི་ཚེ་དཀར་ཆག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པས་བགྱིས་པ་ཛ་ཡནྟུ། །(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) (༡༢༣ན)


GLG017_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཔྲསཉྩནིམིཏྟཤྩཔཪྻསྱཔེདྭིཤྭཀོནིརྨལཻརྨཱཡཧཱ རཱཾནྲྀཏཿཛཱཧྞབཱཡོདདདིདཱིབཻདུརཱདཤཱཤུསཾཁྱེནཤཱཤྴཀྱཀཾཏྭཾསུསཾཝརྣཀཿ། །སྤྲོས་པའི་མཚན་མ་ཀུན་དང་ཡོངས་བྲལ་ཡང་། །སྣ་ཚོགས་སྤྲུལ་པ་སྒྱུ་འཕྲུལ་དྲ་བའི་གར། །གངྒཱའི་ཀླུང་གི་རྡུལ་གྱིས་ཆ་ཙམ་དུ། །བགྲང་བར་ནུས་མིན་ཉི་མའི་གཉེན་ཁྱོད་བསྔགས། །རིན་ཅེན་ཅོད་པན་མ་ཕམ་མགོན་པོའི་དབུར། །བཅིངས་ཏེ་ཞིང་འདིའི་འགྲོ་ཆེད་ཤཱཀྱའི་རིགས། །ཉེར་བལྟམས་རྡོ་རྗེའི་གདན་སྟེང་བདུད་བཞིའི་དཔུང་། །རབ་བཅོམ་མཆོག་གི་སྤྲུལ་སྐུར་མངོན་འཚང་རྒྱས། །གྲངས་མེད་སྡིག་པའི་མགལ་དུམ་ཆེར་སྤུངས་པར། །ཐོག་མེད་ནས་འབར་དུག་གསུམ་བྱིན་ཟའི་དབལ། །ཞི་བྱེད་ཡན་ལག་བཅུ་གཉིས་ཉལ་འགྲོའི་རྒྱུན། །ཆོས་ཉིད་བདེན་པ་བསྟན་ན་གཅིག་ཏུ་མཚར། །ཕྱོགས་ལྷུང་ཆར་གྱི་སྤྲིན་ལ་མིག་ལྟ་ཞིང་། །(༡༢༣བ)


GLG017_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་དབྱར་རྔས་སྒྲ་ཚད་མངལ་འཛིན་པ། །ཕྱི་རོལ་སྟོན་པར་ཁས་འཆེས་མདོང་མཐའ་ཕལ། །ལོག་སྦྱོར་སྒྲོ་གཤོག་ཟླུམ་པོར་བསྒྱུར་ནས་མནར། །དེ་ཕྱིར་བཟོད་དཀའི་ཟུག་རྔུ་ཆུ་སྲིན་གྱི། །འབྱུང་གནས་འཁོར་བ་ཟླ་བའི་མ་མ་ཆེ། །སྒྲོལ་བའི་གྲུ་ཆེན་གཉིས་མེད་གསུང་བ་ལས། །སྟོན་གཞན་འཚོལ་རྣམས་འཁྲུལ་པའི་དྲ་བས་བཅིངས། །འཁོར་ལོའི་རི་མོས་མཚན་ཞབས་མ་བཀོད་པའི། །སཱ་ལའི་སྨན་གྱི་ལྗོངས་སོགས་ཡུལ་མང་པོར། །དགེ་སྡིག་འདོར་ལེན་ཉམས་སུ་བསྟར་བྱེད་པ། །མགོན་ཁྱོད་འཕྲིན་ལས་འཇུག་པ་ཁོར་ནར་མཆིས། །རྒྱུན་མཐའི་བྱང་སེམས་ཚུན་བློའི་ར་བ་ལས། །ཡོངས་བརྒལ་མཚན་དཔེའི་སྣང་བརྙན་ཀུན་མཁྱེན་པའི། །ཡོན་ཏན་བརྗོད་ནུས་མིན་ཡང་སེམས་ཅན་རྣམས། །འདྲེན་བྱེད་གསུང་གི་མཛད་པ་ཕུལ་དུ་བྱུང་། །ཆུ་ཤེལ་བུ་མོའི་རྡུལ་མངས་མཐོར་བརྩེགས་རིའི། ཁོར་ཡུག་ཡོངས་བསྐོར་ཞིང་འདིར་རྒྱལ་བའི་བཀའ། །རབ་འགྱུར་རྒྱལ་བློན་ལོ་པཎ་ཕྱག་གི་རྗེས། །རི་མོ་ཁྱབ་མཇུག་ངེས་ཀྱང་དབྱེ་ནུས་མིན། །ལེགས་བྱས་དབུ་འཕྲེང་དཀར་འཁྲིགས་འོ་མའི་མཚོར། །ཕན་བདེའི་འདབ་གཤོག་རྐྱོང་བ་འཁོར་ལོའི་ལག །གཏན་མདུན་མགྲིན་པའི་དྲིལ་ཆུང་ཡོངས་འཁྲོལ་བ། །སྙན་པོ་ཡིད་ཀྱི་ངལ་གསོའི་གཏམ་འདི་གླེང་། །ཞེས་ཚིགས་སུ་བཅད་པས་སྔུན་བསུས་ཏེ། ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོས། རེས་འགའ་རྒྱལ་ལ་དམིགས་པའི་དད་པ་སྐྱེ། །སྐབས་འགར་ཤིང་(༡༢༤ན)


GLG017_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ཆེན་པོའི་སྐུ་དྲིན་དྲན། །གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང་། །ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང་། །བསྟན་པ་རིན་ཅེན་རིང་དུ་གནས་འདོད་པ། འདི་དག་ཕན་ཚུན་འགྲན་བཞིན་འཕེལ་བར་འགྱུར། །ཞེས་གསུངས་པའི་བསྟན་པ་རིན་པོ་ཆེ་ནི་འཇིག་རྟེན་གསུམ་གྱི་སྒྲོན་མེ་གཅིག་པུ་པ་ཡིན་ལ། །དེའང་སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་ལུང་རྟོགས་གཉིས་སུ་བཤད་པའི་མངོན་པར་རྟོགས་པའི་རིམ་རྒྱུད་ལ་སྐྱེ་བར་བྱེད་པ་ལ་དེ་སྟོན་པར་བྱེད་པའི་ལུང་གི་བསྟན་པར་རག་ལུས་ཤིང་། དེ་ཡང་། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་བཀའ་དང་དགོངས་འགྲེལ་གཉིས་སུ་བྱུང་བའི་རྗེས་འབྲངས་མཁན་པོ་རྣམས་ཀྱིས་འགྲེལ་པ་མཛད་པའི་བཤད་གཞི་ཡང་ཐུབ་པའི་བཀའ་ཡིན་ལ། དེ་ཡི་ཚད་ཀྱང་ཆོས་མངོན་པར། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་གདུལ་བྱ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སྤྱོད་པའི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས། དེ་བསྡུ་ན་དགུ། དེ་བསྡུ་ན་སྡེ་སྣོད་གསུམ་དུ་འདུ་བ་རྣམས་(༡༢༤བ)


GLG017_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་མྱ་ངན་ལས་འདས་རྗེས་བཀའ་བསྡུ་རིམ་པ་གསུམ་གྱི་སྒོ་ནས་གླེགས་བམ་དུ་བཀོད་པ། ལུང་ལས། མཉན་ཡོད་གནས་བཅས་ཙམ་པ་ཀ །ཝ་ར་ཎཱ་སི་ཡངས་པ་ཅན། རྒྱལ་པོའི་ཁབ་དང་དྲུག་པོ་ནི། །དེ་དག་གྲོང་ཁྱེར་ཆེན་པོར་གྲགས། །ཞེས་ཡུལ་ཆེན་པོ་དྲུག་གིས་མཚོན་པའི་རྒྱ་གར་གྱི་ཕྱོགས་ཀུན་ཏུ་འདྲི་ཀློག་འཆད་ཉན་བསྙེན་བཀུར་བ་སོགས་དར་རྒྱས་ཆེ་ལ། འཇམ་དཔལ་རྩ་རྒྱུད་ལས། ང་ཡི་དུས་ནས་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བ་འགྱུར། །ཞེས་བོད་ཀྱི་རྒྱལ་ཁམས་མཚོས་གང་བ་ཀོང་ཆུ་ལག་ཏུ་སོང་སྟེ་སཱ་ལའི་ནགས་ཆགས་པ་ནས་རིང་ཞིག་ན་ཐུགས་རྗེ་ཆེན་པོ་དང་སྒྲོལ་མས་བྱིན་གྱིས་བརླབས་པའི་སྤྲེའུ་དང་བྲག་སྲིན་མོ་ལས་མིའི་འགྲོ་བ་འཕེལ་བར་མ་སངས་སྤུན་དགུ། རྒྱལ་ཕྲན་ཉེར་ལྔ། བཅུ་གཉིས། སིལ་མ་བཞི་བཅུས་རིམ་བཞིན་དབང་བྱས་ཤིང་། དེ་རྗེས་འཕགས་པས་བྱིན་གྱིས་བརླབས་པའི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་རབས་ཉེར་བརྒྱད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་སྤྲུལ་པ་ལྷ་ཐོ་ཐོ་རིའི་སྙན་ཤལ་ཡར་ཀླུངས་ཀྱི་སའི་ཆ་ཕོ་བྲང་ཡོམ་བུ་གླ་སྒང་གི་རྩེར་བཞུགས་པའི་ཚེ་དཔང་སྐོང་ཕྱག་རྒྱ་པ། སྙིང་པོ་ཡི་གེ་དྲུག་པ། གསེར་གྱི་མཆོད་སྡོང་། ཚིནྡྷ་མ་ཎིའི་རྐོས་ཕོར་རྣམས་བབས་པར་མཚན་གཉན་པོ་གསང་བར་གསོལ་ཏེ་བསྟན་པའི་དབུ་བརྙེངས། དེ་ནས་རྒྱལ་རབས་ལྔ་ན། བཀའ་གདམས་གླེགས་བམ་རིན་པོ་ཆེར། འདི་ནས་སྐྱེ་བ་གཞན་(༡༢༥ན)


GLG017_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མ་ཆོད་པར། །བོད་ཁམས་མགོན་མེད་ཡུལ་དུ་ཐུགས་རྗེས་སོང་། །བོད་འདི་རྒྱལ་པོ་དག་ལ་ཚད་མར་བྱེད། །མི་དབང་མཛོད་ལས་བོད་ཁམས་བདེ་བར་སྐྱོངས། །ཞེས་རྗེ་དཀོན་ཅོག་འབངས་ཀྱི་ཡང་སྲིད་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པས་ལས་ལྡན་རྣམས་ཀྱིས་ཨ་མི་དེ་ཝ་དངོས་སུ་མཐོང་། བོད་དུ་ཡི་གེའི་སྲོལ་བཏོད། རྒྱ་བལ་གྱི་སྲས་མོ་ཁབ་ཏུ་བཞེས་པར་བརྟེན་ཇོ་ཤཱཀྱ་གཉིས་སོགས་སྤྱན་དྲངས་སྲིན་མོའི་ལུས་དབྱིབས་ཀྱི་སའི་མེ་བཙའ་བཅུ་གཉིས་ལ་ལྷ་ཁང་བརྩེགས། ར་ས་དང་ར་མོ་ཆེའི་གཙུག་ལག་ཁང་དུ་ཇོ་བོ་རྣམ་གཉིས་བཞུགས་སུ་གསོལ་ཞིང་རང་བྱོན་ལྔ་ལྡན་སོགས་བརྟེན་པ་ལྷའི་ཚོགས་གྲངས་མེད་པ་སྤེལ་ཏེ་འགྲོ་བའི་བསོད་ནམས་ཀྱི་མཆོད་སྡོང་དམ་པ་མཛད། རྒྱལ་རབས་ལྔ་སོང་བ་ན་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གིས་ཨཱ་ཙཪྻ་བོ་དྷི་ས་ཏྭ་གདན་དྲངས་ནས་དམ་པའི་ཆོས་དར་བར་མཛད་བཞེད་པ་ལ་ཐང་ལྷས་དམར་པོ་རིར་ཐོག་ཕབ། ཤམ་པོས་ཕང་ཐང་གི་ཕོ་བྲང་ཆུ་ལ་བསྐུར། བསྟན་མ་བཅུ་གཉིས་ཀྱིས་མི་ནད་ཕྱུགས་ནད་སོགས་ལྷ་མ་སྲིན་གྱི་ཚོགས་ཀྱི་ལྷོངས་ཆེ་བར་བྱུང་བ་ན་སྔགས་མཁན་པདྨ་སམྦྷ་ཝ་སྤྱན་དྲངས་ཏེ་ལྷ་འདྲེ་བཏུལ་ཞིང་ས་གཞི་བརླབས་ནས་ཟན་གཡང་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བརྩེགས། སད་མི་མི་བདུན་རབ་ཏུ་བྱུང་བ་སོགས་དགེ་འདུན་གྱི་སྡེ་བཙུགས་ཤིང་ལོ་པཎ་རྣམས་ཀྱིས་མདོ་རྒྱུད་ཀྱི་ཆོས་མང་དུ་བསྒྱུར། དབོན་(༡༢༥བ)


GLG017_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་གསང་བའི་བདག་པོའི་སྤྲུལ་པ་ཁྲི་སྲོང་ལྡེ་བཙན་གྱིས་འོན་ཅང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་ཕོ་བྲང་དུ་བཞུགས་ནས། ཛི་ན་མི་ཏྲ་སོགས་པཎྜི་ཏ་མང་པོ་དང་ཡེ་ཤེས་སྡེ་སོགས་ལོ་ཙཱ་བ་རྣམས་ལ་ཡབ་མེས་ཀྱི་དུས་བསྒྱུར་བའི་གསུང་རབ་གོ་དཀའ་བ་དང་ཆོས་ཀྱི་བརྡ་དང་མི་མཐུན་པ་རྣམས་ལེགས་པར་བཅོས་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕོབ་ཅེས་པའི་བཀའ་གནང་། རྒྱལ་པོའི་དབུ་སྐྲ་ལ་དར་ཡུག་བཏགས་པའི་སྟེང་དུ་དགེ་འདུན་གྱི་ཚོགས་བཞུགས་སུ་གསོལ་བ་དང་རབ་བྱུང་རེ་ལ་མི་ཁྱིམ་བདུན་རེ་འབུལ་བ་སོགས་བསྟན་པའི་ཞབས་ཏོག་འདི་ལྟ་བུ་རྒྱ་གར་དུའང་མ་བྱུང་བར་གྲགས། བསྟན་པ་ཕྱི་དར་ལ་དཔལ་མར་མེ་མཛད་དང་པཎ་ཆེན་གྷ་ཡ་དྷ་ར་སོགས་པཎ་གྲུབ་ཁུངས་བཙུན་དུ་མ་བྱོན་ཞིང་ལོ་ཆེན་རིན་བཟང་དང་འབྲོག་མི་གཉིས་ནས་བཟུང་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་བར་དུ་བྱོན་པའི་འཇིག་རྟེན་གྱི་མིག་གཅིག་པུ་རྣམས་ཀྱིས་བཀའ་བསྟན་བཅོས་བསྒྱུར་བ་དང་བསྒྱུར་ཟིན་འཆོས་པས་མཚོན་ཐུབ་པའི་བསྟན་པ་ལ་བྱི་དོར་རྨད་དུ་བྱུང་བ་མཛད། མངའ་བདག་སད་ན་ལེགས་ཀྱི་དུས་སྐ་ཅོག་རྣམ་གཉིས་ཀྱིས་ཐོག་དྲངས་པས་ཕོ་བྲང་ཕང་ཐང་དུ་རྒྱུད་སྡེ་འོག་མ་གསུམ་དང་མདོ་འདུལ་ཤེར་ཕྱོགས་ཀྱི་གླེགས་བམ་རྣམས་ཕྱོགས་གཅིག་ཏུ་མཛད་པ་བཀའ་འགྱུར་བསྒྲིག་པའི་ཐོག་མ་ཡིན། དེ་རྗེས་དཀར་ཆག་ལྡན་དཀར་མ། དབུས་པ་བློ་གསལ་སངས་རྒྱས་འབུམ་སོགས་ཀྱིས་དཔལ་སྣར་ཐང་དུ་བསྒྲིགས་(༡༢༦ན)


GLG017_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅོམ་ལྡན་རལ་གྲིས་དཀར་ཆག་ཉི་མའི་འོད་ཟེར་མཛད། སི་ཏུ་དགེ་བའི་བློ་གྲོས་ཀྱིས་དཀར་ཆག་ཏུ་བཀོད་པར་ཚལ་པ་བཀའ་འགྱུར་ཞེས་དབུས་ཕྱོགས་སུ་གྲགས་ཆེ། དེ་དང་དུས་མཚུངས་པར་ཉང་སྨད་ཞ་ལུ་གསེར་བཀང་དུ་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་བུ་སྟོན་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་བསྒྲིགས་པར་བརྟེན་བཀའ་འགྱུར་ཐེམ་སྤངས་མ་ཞེས་བྱུང་། དེ་དག་ལས་ཕྱི་མོར་བྱས་ཏེ་འབྱོར་ལྡན་རྣམས་ཀྱིས་རྒྱ་ཆེར་སྤེལ་བའི་ཕན་ཡོན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མ་གྱུར་ཅིག །དམ་པའི་ཆོས་ནུབ་པར་མ་གྱུར་ཅིག །ཅེས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང་། ཚུལ་དང་མ་བྲལ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་གདགས་པ་བསྒྲུབ་པ་བྱས་པར་འགྱུར་པ་ཆུང་ངུ་ན་གླེགས་བམ་དུ་ཆུད་བར་བྱས་ཏེ་འཆང་ངམ་བཞག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་མེ་ཏོག་དང་བདུག་པ་དང་དྲི་དང་འཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དག་དང་ཁོ་ར་ཁོར་ཡུག་ཏུ་མར་མེའི་འཕྲེང་བ་དག་དང་མཆོད་པ་རྣམ་པ་མང་པོ་དག་གིས་མཆོད་པར་བྱེད་དེ་བཀུར་སྟིར་བྱེད། བླ་མར་བྱེད། བརྗེད་པར་བྱེད། མཆོད་པར་བྱེད། རི་མོར་བྱེད། བསྙེན་བཀུར་བྱེད་ན། ཀཽ་ཤི་ཀ་བསོད་ནམས་མངོན་པར་འདུ་བྱེད་པ་དེ་ལ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དེ་བཞིན་གཤེགས་(༡༢༦བ)


GLG017_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིང་བསྲེལ་གྱི་ཕུང་པོ་ཅན་ལ་བཀུར་སྟིར་བྱེད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། སྟོང་གི་ཆར་ཡང་། བྱེ་བའི་ཆར་ཡང་། བྱེ་བ་བརྒྱའི་ཆར་ཡང་། བྱེ་བ་སྟོང་གི་ཆར་ཡང་། བྱེ་བ་བརྒྱ་སྟོང་གི་ཆར་ཡང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་ཉེ་བར་མི་འགྲོའོ། ཆར་ཡང་། བགྲང་བར་ཡང་། དཔེར་ཡང་། དཔེས་བསྟན་པར་བྱ་བ་ཡང་། རྟེན་དུ་ཡང་། རྒྱུར་ཡང་མ་བཟོད་དོ། །ཞེས་རྣམ་སྨིན་དཀར་པོར་འཛག་པར་གསུངས་ཤིང་། སྔར་ཐོས་བསམ་གྱི་གྲ་བཟང་བས་རྒྱུད་འདུལ་ལུང་ཤེར་ཕྱོགས་དཀོན་བརྩེགས་སངས་རྒྱས་རྨ་ག་ཆད་སོགས་ཀྱི་རྒྱུན་ཅུང་ཟད་དར་ནའང་མདོ་མངས་རྣམས་དཀོན་པར་བརྟེན་དགེ་བའི་བཤེས་གཉེན་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱིས་སྟེང་པ་ལོ་རྩྭ་བ་རྒྱ་གར་དུ་ཆོས་འཚོལ་དུ་བཏང་བས་པཎྜི་ཏ་པུ་ཎྱ་ཤྲཱི་ལ་མདོ་སྣ་སུམ་བརྒྱ་དང་ཉེར་དགུའི་ལུང་གསན། ས་གསུམ་གྱི་མགོན་པོ་འཕགས་པ་རིན་པོ་ཆེས་སྟག་སྟོན་ཤེས་རབ་འོད་ཟེར་ལ་བཀའ་གནང་བ་བཞིན་སྨྲྀ་ཏི་ཛྙཱ་ནཤྲཱི་ནས་བརྒྱུད་པ་ཤངས་པ་གྲགས་སེང་ལ་གསན། དེ་ནས་རིང་ཞིག་ལོན་པ་ན་བག་སྟོན་གཞོན་ནུ་ཚུལ་ཁྲིམས་ཀྱིས་བརྒྱུད་པ་མི་གཅིག་པ་བཞི་ལ་གསན་པས་མདོ་མངས་ལ་བཀའ་དྲིན་མཆོག་ཏུ་ཆེ། རིམ་གྱིས་ཉག་ཇེ་ཕྲར་སོང་བ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་གྱི་བཀའ་དྲིན་ལས་མེ་རོ་གསོས་པ་དུས་དབང་གིས་འཇིག་རྟེན་གྱི་འདུ་འཛི་ལས་གལ་ཆུང་ཆོས་སུ་བྱས་(༡༢༧ན)


GLG017_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱོན་གྱིས་མདོ་འདུལ་ཤེར་ཕྱོགས་ཀྱི་རྒྱུན་ཤིན་ཏུ་ཉག་ཕྲ་བའི་ཚེ་རྒྱལ་ཀུན་ངོ་བོ་གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་མཁས་གྲུབ་ཆེན་པོ་ཉང་སྟོན་བློ་མཆོག་རྡོ་རྗེ་ལུང་རྒྱུན་ཁུངས་བཙུན་པ་འཚོལ་བར་མངགས་ཏེ་གསན་པ་དང་རྒྱུད་འབུམ་ངོར་དང་འདུལ་ལུང་གོང་དཀར་དུ་གསན་ཟིན་པ་ནས་བཀའ་འགྱུར་ཡོངས་སུ་རྫོགས་པ་ཆུ་འབྲུག་གོང་དཀར་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་གནང་བས་དིང་སང་སྟོད་སྨད་ཀུན་ཏུ་ཁྱབ་སྟེ་ཤཱཀྱ་སེང་གེའི་བསྟན་པ་རིན་པོ་ཆེའི་སྲོག་གི་ཟུངས་སུ་གྱུར་པ་ནི་བཀའ་དྲིན་ཟླ་མེད་པའོ། །དེ་ཡང་དབུ་མཛད་བློ་བཟང་ཡོན་ཏན་གྱིས་འདི་གའི་རིང་འཚོའི་རྟེན་འབྱུང་དང་རང་གི་སྒྲིབ་སྦྱོངས་སུ་དམིགས་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པའི་འདི་ཕྱི་ཀུན་ཏུ་དགེ་བའི་ཕན་ཡོན་ནི། སྤྱན་རས་གཟིགས་ཀྱི་མདོ་ལས། གང་གི་རྒྱལ་བའི་སྐུ་ནི་རབ་འབར་ཞིང་། ཁྱད་པར་འཕགས་པའི་གཟུགས་དང་སེམས་འདྲ་བ། །ཛམ་ཀླུང་གསེར་ལྟར་རབ་མཛེས་ལྟ་ན་སྡུག །མཚན་གྱི་མེ་ཏོག་རྒྱས་པས་མངོན་དུ་གང་། །མངོན་པར་ཤེས་པ་ཐོབ་ཅིང་དབང་ཆེན་གྲགས། །བྱང་ཆུབ་སྤྱོད་མཆོག་དམ་པ་ཞི་བ་སྤྱོད། །དེ་ནི་ནམ་ཡང་ལོངས་སྤྱོད་འགྲིབ་མི་འགྱུར། །ལྷས་ཀྱང་བསྟི་སྟང་བྱ་ཞིང་མཆོད་པར་འོང་། །བསྟན་པ་འདོད་པའི་ལོངས་སྤྱོད་གཞར་མི་དགའ། །ཚུལ་(༡༢༧བ)


GLG017_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་རྣམ་དག་རབ་མཁས་ཚངས་པར་སྤྱོད། །ཡི་དམ་བཅས་ནས་ནགས་དང་ནགས་འདབས་སོང་། །མངོན་ཤེས་འཐོབ་ཅིང་ཁྱད་པར་འཐོབ་པར་འགྱུར། །ཞེས་དང་། ཤེས་རབ་ཁྲི་པ་ལས། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨས་པ་དེ་བཞིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། ཚེས་བཅོ་ལྔ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དང་། འཆད་པར་བྱེད་པ་ན་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད། གྲངས་མེད། ཚད་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད་པ་མང་པོ་དག་བསྐྱེད་པར་འགྱུར་ཞིང་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དང་འཆད་པར་བྱེད་པ་ན་ལྷའི་འཁོར་མདུན་དུ་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིན་པོ་ཆེ་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལ་རིན་པོ་ཆེ་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་དམྱལ་བར་འགྲོ་བ་ལས་ཡོངས་སུ་ཐར་པར་བྱེད་པ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་དབུལ་པོ་དང་། གནོད་སྦྱིན་དབུལ་པོ་དང་། ཀླུ་དབུལ་པོ་ལས་ཡོངས་སུ་ཐར་བར་བྱེད་པ་ཡིན་ནོ། ཞེས་དང་། དམ་ཆོས་པད་དཀར་ལས། གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། །གང་(༡༢༨ན)


GLG017_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཨ་ཀ་རུ་དང་ཙན་དན་ནམ། །གང་གིས་ཐང་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་ངམ་གཞན་ལས་བྱས་པ་དང་། །ས་དང་སོ་ཕག་ལས་ནི་བརྩིགས་པ་ཡི། །རྒྱལ་བའི་མཆོད་རྟེན་དགའ་ཞིང་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངམ་དགོན་པ་གང་དུ་བྱས་པ་དང་། །བྱིས་པ་རྩེ་མོར་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར། །ཞེས་རྒྱ་ཆེར་བསྔགས་པ་རིག་བྱེད་ཀྱི་གཞུང་ལྟར་སྒྲོ་བཏགས་པ་མ་ཡིན་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ནམ་ཡང་སླུ་བ་མེད་པའི་གནས་སོ། །རྣམ་དག་དད་པའི་རི་བོང་འཛིན་འོད་ཀྱིས། །ཆོས་དཀར་ཕུང་པོ་སྤུངས་པ་ཀུནྡའི་ཚལ། །བཞད་པས་ཐུབ་བསྟན་སྤྱི་དང་བཙོང་ཁ་པའི། །རིང་ལུགས་གེ་སར་ཟེའུ་འབྲུ་རྒོད་པར་ཤོག །རྣམ་གསུམ་སྡེ་སྣོད་ཀློག་དང་དེ་དོན་རྣམས། །བསམ་པའི་བཤེས་གཉེན་མ་ལ་ཡར་སྐྱེས་ལྗོན། །ཕྱོགས་རྣམས་ཀུན་ཏུ་འཕེལ་ཞིང་རབ་བརྟན་ལས། །འགྲོ་ལ་ཕན་བདེའི་དྲི་བསུང་སྤྲོ་བར་ཤོག །ཤཱཀྱ་སེང་གེའི་གསུང་ངག་སྡེ་སྣོད་གསུམ། །ཀློག་དང་སྤོང་བར་དབང་བས་བློ་ལྡན་ཚོགས། །བཟང་པོའི་སྐལ་པར་ཡོངས་སྦྱོར་འཕྲིན་ལས་རྒྱུན། །རྒྱ་མཚོའི་གོས་ཅན་གཞི་འདིར་གཡོ་མེད་ཤོག །མཐུན་པའི་(༡༢༨བ)


GLG017_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་སྦྱོར་གཞན་གྱིས་ཕན་པ་བསྒྲུབས། །འདྲི་དང་ཞུས་དག་གཡོས་མཁན་སྒོ་གསུམ་གྱིས། །ལས་བྱེད་བཅས་པའི་ཚེ་དཔལ་བསོད་ནམས་སོགས། །དཀར་ཆའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །ཐོག་མེད་སྲིད་འཁྱམས་ནས་བཟུང་ད་ལྟའི་བར། །བསགས་པའི་ཀུན་འབྱུང་དེས་བསྐྱེད་སྡུག་བསྔལ་རྣམས། །ཉི་མའི་འོད་ཀྱིས་དྲོས་པའི་བ་མོ་བཞིན། །དམིགས་མེད་སྟོང་པའི་དབྱིངས་སུ་རྒྱས་འདེབས་ཤོག །འཁོར་བའི་བདེ་བ་ཙམ་ལ་ཐོབ་བྱ་རུ། །འཛིན་དང་དམན་ལམ་ཆེད་དུ་བསྒྲུབས་པའི་དགེ །ཨེ་རཎྜ་ལ་སྙིང་པོར་མི་བཟུང་བར། །འགྲོ་ཀུན་བྱང་ཆེན་ཐོབ་པའི་རྒྱུ་རུ་བསྔོ། །རྐང་གཉིས་རྣམས་ཀྱི་གཙོ་བོ་རྫོགས་སངས་རྒྱས། །ཞི་བ་འདོད་ཆགས་བྲལ་བ་དམ་པའི་ཆོས། །ཚོགས་མཆོག་ཐེག་གསུམ་དགེ་འདུན་བྱིན་རླབས་ཀྱིས། །སྨོན་པའི་རེ་འབྲས་གྲུབ་པར་བདག་རྗེས་ཟུངས། །སྒྲིབ་གཉིས་དགྲ་ལས་རྣམ་པར་རྒྱལ་བའི་ལྷ། །བྱང་སེམས་ཐོས་སྒྲོག་སློབ་མར་བཅས་པའི་འཁོར། །བདེན་ཚིག་བརྗོད་པའི་དབྱངས་སྙན་མེ་ཏོག་ཆར། །ཉེར་ཕོག་འཇིག་རྟེན་ཁམས་ཀུན་ཤིས་གྱུར་ཅིག །ཅེས་མེ་ཕོ་འབྲུག་གི་ལོ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གཙོ་བོར་གྱུར་པའི་རྟེན་གསུམ་བཞེངས་པའི་ཚེ་ཆེ་བརྗོད་སྨོན་ལམ་དང་བཅས་བ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་པ་བྷ་ཝནྟུ། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་ཟླུམ་པོ།) (༡༢༩ན)


GLG017_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མཱརྡམོགབཱསྤིཙཽཀུཤསྱགཉྫཀིརྞམཱརྡནེཀཡཾཀསཱཡམཱརཀོཔབྷཱགྨདྷཽསམཱཔནཱནྟནཻརྨཀཱཡབཽདྷ། །དཱིཔྶུཀཱལྤཡཾསཧསྲབུབྡྷམདྷྱྀཧྲདྭལཱཏིཤསྟིཛཱནལཱདིཀཱརུསཱུདམདྷྱཤཱཀྱམུནྱཀྵྨི ཡཥྩཤུབྷྱཡཙྪ། གཞོམ་གཞིག་དང་བྲལ་རྡོ་རྗེའི་གདན་ལ་འཇམ་མཉེན་ཀུ་ཤའི་ཕུང་པོ་བཀྲམ་སྟེང་མི་ཤིགས་སྐྱིལ་མོ་ཀྲུང་གཅིག་གིས། །སྲོད་ལ་ཡིད་སྲུབས་སྡེ་བཅས་ཉེར་བཅོམས་གུང་ལ་མཉམ་པར་བཞག་པའི་ཐུན་མཐར་མཆོག་གི་སྤྲུལ་སྐུར་སངས་རྒྱས་པས། །སྒྲོན་མེའི་བསྐལ་བཟང་འདི་ལ་སྟོང་ཕྲག་འདྲེན་པ་རྒྱུ་སྐར་དབུས་ན་སྙིང་སྟོབས་འོད་ཟེར་འབར་བས་ཁྱད་ཞུགས་པ། །ཐུགས་རྗེའི་ཉི་མ་འཇིག་རྟེན་གསུམ་གྱི་གུང་ནས་ལེགས་འཆར་ཟས་གཙང་སྲས་ཀྱིས་ཕུན་སུམ་ཚོགས་པའི་དགེ་ལེགས་སྩོལ། །སྒྲིབ་གསུམ་འཆིང་རྒྱ་ལས་གྲོལ་མཁྱེན་བརྩེ་ནུས་ལྡན་དོན་གཉིས་གྲུབ་པའི་སྐྱེ་རྒུའི་མགོན་པོ་རྫོགས་སངས་རྒྱས། །འགྲོ་བའི་དུག་ལྔའི་ནད་ཀུན་ཉེར་ཞི་ལྷ་མིའི་བསོད་ནམས་ཞིང་གྱུར་བདེན་གཉིས་ལྡན་པ་དམ་པའི་ཆོས། །ཚུལ་བཞིན་ཐོས་(༡༢༩བ)


GLG017_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་སྒོམ་པའི་ནོར་གྱིས་རབ་ཕྱུག་འཁོར་བའི་དབུལ་སེལ་རིག་གྲོལ་གཉིས་ལྡན་དགེ་འདུན་ལ། །བྱང་ཆེན་དེ་སྲིད་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཡན་ལག་མཆོག་གིས་བཏུད་དེ་གུས་ཕྱག་འཚལ། །སྟོབས་བཅུའི་རྩལ་གསུམ་ཡོངས་སུ་རྫོགས་པས་འཇིགས་པ་མེད་པ་སེང་གེའི་རྒྱུད་ཀྱི་ང་རོ་ལས། །ཀུན་རྫོབ་དོན་དམ་བདེན་པའི་གནས་ལུགས་ལེགས་སྙན་གླུར་འབབ་ཐུབ་དབང་གསུང་རབ་ཆོས་ཕུང་ཆེ། །སྲིད་ཞིའི་གདུང་བ་ཅན་གཟན་ངར་སྐད་སྙེམས་པ་རབ་འཕྲོག་འཇིག་རྟེན་ཁམས་སུ་ཁྱབ་པའི་སྒྲ། །རྣམ་འདྲེན་མགུར་ནས་ཡན་ལག་དྲུག་ཅུའི་ཟླ་མེད་ཟིལ་དངར་ལུས་ཅན་ཀུན་གྱི་རྣ་བའི་དཔྱིད། །འོད་སྲུངས་ལ་སོགས་ཉན་ཐོས་ཚོགས་ཀྱིས་བཀའ་རྣམས་རིམ་བསྡུས་པུསྟ་ཀཿ །འཕགས་ཡུལ་ནོར་འཛིན་ལུས་ཕྲའི་མངལ་ཡངས་གཅིག་ཏུ་ལྕི་བའི་ཁུར་ཆེན་ལས། །སཱ་ལའི་ལྗོངས་འདིར་ཐུབ་གསུང་གཞོན་ནུ་འཁྲུལ་མེད་ཟླ་བཞིན་ཉེར་བཙས་པ། །རྒྱལ་བློན་ལོ་པཎ་མ་མའི་བཀའ་དྲིན་ཨ་ཧོ་བསམས་གྱིན་གཞལ་དཀའི་གནས། །གྲངས་མེད་བསྐལ་པར་ཐུགས་བསྐྱེད་ས་བོན་རྣམས། །ཚོགས་གཉིས་དྲོད་གཤེར་གྱིས་བསྐྲུན་ཆོས་གཟུགས་སྐུའི། །མཚན་དཔེའི་དཔག་བསམ་ལྗོན་པ་དར་དྲག་རྩེར། །ཕན་བདེའི་འབྲས་བཟང་སྨིན་པའི་ཆོ་ག་མཁན། །གཟོད་མ་ཉིད་ནས་སྟུག་པོ་བཀོད་ཞིང་གཙོར། །འཚང་རྒྱ་ཁྱོད་མིན་སངས་རྒྱས་སྤྱི་ཡི་སྲོལ། །མ་འདྲིས་འགྲོ་ཆེད་ཟས་གཙང་སྲས་འཁྲུངས་པ། །འདུལ་དཀའི་གདུལ་བྱར་གཅིག་ཏུ་བརྩེ་འདི་མཚར། །ཛམྦུའི་གསེར་གྱི་ལྷུན་པོར་ཉིན་བྱེད་(༡༣༠ན)


GLG017_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གོས། །འབུམ་གྱིས་དཀྲིས་པས་ཆ་ཙམ་སྒྲུན་མིན་པ། །མཐོང་ན་མི་མཐུན་མེད་པ་མཚན་དཔེའི་སྐུ། །དྲན་པའི་མོད་ལ་འཁོར་བའི་དུཿ ཁ་འཇིག །བགྲང་ཡས་སྐྱེ་རྒུའི་བསམ་པར་འཚམ་པའི་དོན། །མཐའ་ཀླས་སྐད་དུ་འཚར་བའི་འཕྲུལ་པོ་ཆེས། །ཆོས་ཉིད་བདེན་པ་བསྟན་པས་སེམས་ཅན་ཀུན། །གྲོལ་བའི་སྒྱུ་ཐབས་གཞན་གྱི་སྤྱོད་ཡུལ་ཅི། །ཇི་ལྟའི་མཉམ་གཞག་ནམ་མཁའ་ལྟ་བུའི་ངང་། །ཇི་སྙེད་གནས་ལུགས་ཕྲ་རབ་རྡུལ་ཕྲན་ཡང་། །མ་འདྲེས་གཟིགས་ཚུལ་བསམ་ཚེ་མགོན་ཁྱོད་ལས། །སྟོན་པ་གཞན་འཚོལ་ལྷ་མིན་གདོན་གྱིས་བཏབ། །རིང་ནས་བྱ་དཀའི་སྤྱོད་པ་མཐའ་ཀླས་པས། །གྲངས་མེད་བསྐལ་པར་བསྒྲུབས་པའི་ཚོགས་ཆེན་ཡང་། །སེམས་ཅན་རྣམས་དང་ལྷན་ཅིག་ལོངས་སྤྱོད་པར། །བཞེད་པ་བརྩེ་བའི་ཞགས་པས་མཁའ་གོས་བཅིངས། །ཇི་སྲིད་བརྒལ་དཀའ་འཁོར་ཀླུང་མ་བསྐམས་བར། །ཐུགས་རྗེའི་རྫིངས་ཀྱི་འཇུག་པ་མ་ཆད་པའི། །བཀའ་དྲིན་གཞལ་བའི་བྲེ་རུ་སྟོང་གསུམ་གྱི། །འཇིག་རྟེན་འདི་ཡང་ཁབ་ཀྱི་མིག་བུར་ཟད། །གསུང་རབ་འདྲི་ཀློག་འཆད་དང་ཉན་པ་ཡི། །བསོད་ནམས་རི་བོ་དངོས་སུ་རྒྱུ་འདྲ་བའི། །སླུ་མེད་གཏམ་གྱིས་ཡིད་དྲངས་མཛའ་ན་མོ། །སྙིང་ལ་མི་ཕྱེད་འཁྱུད་པའི་རྩེ་དགའ་རྒོད། །དེ་ཕྱིར་ལེགས་བྱས་ཛམྦུ་ཏྲི་ཤའི་འབྲས། །གཏན་མདུན་གསེར་གྱི་སྙེ་མར་ཡོངས་གྱུར་པ། །བྱང་ཆུབ་ཆེན་པོའི་བར་དུ་མི་འཛད་པའི། །རྣམ་དག་བརྗོད་པའི་ཏམྦུ་ར་འདི་འཁྲོལ། །ཞེས་ཤིས་པ་བརྗོད་པ། ཕྱག་བྱ་བ། དངོས་པོ་ངེས་པར་བསྟན་པ་གསུམ་(༡༣༠བ)


GLG017_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒོ་ནས་ཚིགས་སུ་བཅད་པ་སྔོན་དུ་བཏང་སྟེ་སྐབས་སུ་གླེང་བར་བྱ་བའང་། འཕགས་པ་སྡུད་པ་ལས། །འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་བརྟན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་མ་དྲོས་པའི་མཚོ་ཆེན་པོར་གནས་པའི་ཀླུའི་དབང་པོའི་མཐུ་ལ་བརྟེན་ནས་ཛམ་བུའི་གླིང་གི་ཆུ་ཀླུང་རྩི་ཤིང་ནགས་ཚལ་མེ་ཏོག་འབྲས་བུ་སོགས་སྣོད་ཀྱི་ཡོན་ཏན་འཕེལ་བ་ལྟར་བྱང་སེམས་ཉན་རང་སྐྱེ་འཕགས་རྣམས་ཀྱིས་དམ་པའི་ཆོས་སྟོན་པ་དང་དེ་དོན་ཉམས་སུ་བསྟར་བས་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་འབྲས་བུ་སྨིན་པའང་དེ་བཞིན་གཤེགས་པའི་མཐུ་ལ་བརྟེན་ནས་འབྱུང་བར་གསུངས་ཤིང་སངས་རྒྱས་ཀྱི་འཕྲིན་ལས་ཀྱང་མ་ཕམ་པས། །དེ་བཞིན་འཁོར་བ་ཇི་སྲིད་བར། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པའི་འཇུག་བྱ་སེམས་ཅན་གྱི་ཁམས་ལ་ཚད་བཟུང་བར་མི་ནུས་ཤིང་འགྲོ་བའི་ལས་ཀྱི་མཐུས་སྣོད་ཀྱི་འཇིག་རྟེན་གྲུབ་པའང་། མཁས་པའི་གསུང་ལས། ཇི་ལྟར་མེ་ལོང་ངོས་ལ་བཞིན་སྣང་ལྟར། །འཇིག་རྟེན་ཞེས་བྱ་ཕྱི་ན་ཡོད་མིན་ཀྱང་། །བྱིས་རྣམས་(༡༣༡ན)


GLG017_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྣང་བ་དེ་ཙམ་ལ། །བདེན་པར་ཞེན་ཏེ་སོ་སོར་ཨ་ཐང་ཆད། །ཇི་ལྟར་རྨི་ལམ་སྣང་བ་སྣ་ཚོགས་དེ། །སྣང་དང་མི་བདེན་གཉིས་ཀའི་ཡིན་པ་ལྟར། །འཁོར་འདས་སྣང་བ་སྣ་ཚོགས་ཐམས་ཅད་ཀྱང་། །བདེན་རྫུན་བྲལ་བ་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས་པ་བཞིན་ཐེག་པ་འོག་མ་དང་ཕྱི་རོལ་པ་སོགས་འཇིག་རྟེན་གྱི་ཁམས་ཕྱི་ན་ཡོད་པར་འདོད་པ་དོན་ལ་གནས་པ་མ་ཡིན་པའི་རྒྱུ་མཚན་མདོ་སྡེ་པ་དང་སེམས་ཙམ་པ་སོགས་ཀུན་གཞི་རྣམ་ཤེས་འཁྲུལ་རྒྱུས་བསླད་པ་མ་གཏོགས་དོན་ལ་ཕྱི་རོལ་ཏུ་མ་གྲུབ་པར་བཞེད་ལ། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང་། །དེས་ན་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་མི་དགེ་བའི་ལས་བསགས་པའི་ཡིད་ངོར་ངན་སོང་གི་གནས་ཤར་བར་བསྟན་པའི་ཤུགས་ལ་དགེ་བའི་ལས་བསགས་པའི་ངོར་བདེ་འགྲོའི་གནས་དང་ལོངས་སྤྱོད་འཆར་བར་བསྟན་ཅིང་དེར་མ་ཟད་ཕ་རོལ་ཏུ་ཕྱིན་པའི་ཡང་དག་མཐའི་སྐབས་སངས་རྒྱས་ཀྱི་ཞིང་དུ་དག་པ་རབ་འབྱམས་ཀྱང་རང་རང་གི་ཚོགས་ཀྱིས་སྒྲུབ་དགོས་པར་བཤད་པས་དིང་སང་བླུན་པོ་མཁས་པའི་ཁུར་འཛིན་པ་མང་པོ་དག་འོག་མིན་དུ་འཚང་རྒྱ་ཞེས་པ་གནས་བྱེ་བྲག་པར་ངོས་བཟུང་ནས་བླ་མ་བསྐོ་བཞག་ལྟར་གནས་ཐེར་ཟུག་ཅིག་ཏུ་འགྲོ་བ་ལྟ་བུར་སྨྲ་བ་ནི་ལོག་རྟོག་གི་སྒྲིབ་པ་ཁོ་ནར་ཟད་ཅིང་། དྲི་མེད་འོད་ཀྱི་འཇིག་རྟེན་ཁམས་ལེར། འཇིག་རྟེན་ཀུན་རྫོབ་ཏུ་མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་ཀྱི་(༡༣༡བ)


GLG017_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པའི་དབང་གིས་འཇིག་རྟེན་གྱི་ཁམས་ལ་ཚད་སྣ་ཚོགས་གསུངས་ཤིང་། དོན་དམ་པའི་བདེན་པས་འཇིག་རྟེན་གྱི་ཁམས་ལ་ཚད་མེད་དེ། སེམས་ཅན་གྱི་བསོད་ནམས་དང་སྡིག་པའི་དབང་གིས་འཇིག་རྟེན་གྱི་ཁམས་ལ་ཚད་སྣ་ཆོགས་སུ་སྣང་བ་ཡིན་ཞེས་སེམས་ཅན་གྱི་ལས་སྣང་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཀྱང་འདི་ཙམ་མོ་ཞེས་ཁ་མཚོན་གཅོད་པར་དཀའ་མོད། འོན་ཀྱང་དཔལ་ལྡན་ཟླ་བས་འཇིག་རྟེན་གྱི་གྲགས་པ་མི་འགོག་པར་གསུངས་པ་བཞིན་མངོན་པ་གོང་འོག །འཇིག་རྟེན་གདགས་པ། དྲན་པ་ཉེར་བཞག །སངས་རྒྱས་ཕལ་པོ་ཆེ། མཁའ་འགྲོ་རྒྱ་མཚོ། དུས་འཁོར། རྙིང་མའི་མགོན་པོ་བདེ་རྒྱུད་སོགས་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་ལུགས་སྲོལ་མི་མཐུན་པ་མང་དུ་སྣང་བའི་ཆོས་མངོན་པ་ལྟར་ན་གླིང་བཞི་རི་རབ་ཚངས་གནས་དང་བཅས་པ་ཕྱིའི་རྒྱ་མཚོའི་ཕྱི་རོལ་ཁོར་ཡུག་ཅིག་གིས་བསྐོར། འོག་གཞི་རླུང་གི་དཀྱིལ་འཁོར་ལ་ཐུག་པ། མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་པ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་འཇིག་རྟེན་གྱི་ཁམས་གཅིག་ཏུ་ངོས་འཛིན་ལ། ཆུ་ཞེང་དེ་ལས་འདས་པའི་ཕྱི་རོལ་ཏུ་འཇིག་རྟེན་ཁམས་དེ་དང་མཚུངས་པ་སྟོང་གི་བར་དུ་བགྲངས་པ་རྒྱ་མཚོ་གཅིག་གིས་བརྟེན་ཁོར་ཡུག་གཅིག་གིས་བསྐོར་བ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་(༡༣༢ན)


GLG017_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས། དེ་འདྲ་སྟོང་དུ་ཚང་བ་རྒྱ་མཚོ་གཅིག་ལ་བརྟེན་ཁོར་ཡུག་གཅིག་གིས་བསྐོར་བ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས། དེ་ལྟ་བུ་སྟོང་གི་གྲངས་ཚང་བ་གངས་ཆེན་མཚོའི་རྒྱ་མཚོ་ཆེན་པོར་བརྟེན་ཁོར་ཡུག་གཅིག་གིས་བསྐོར་བ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྣམས་ཆགས་འཇིག་དུས་གཅིག་ཏུ་འབྱུང་བ་འདི་ནི་མཆོག་གི་སྤྲུལ་སྐུའི་ཞིང་དུ་འདོད་ལ། ཐེག་ཆེན་ལྟར་ན། སྟོང་གསུམ་གྱི་འཇིག་རྟེན་དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་མཚམས་སྦྱོར། དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་རྒྱུད་གཅིག །དེ་བྱེ་བ་ཕྲག་བརྒྱར་རབ་འབྱམས་རྒྱ་མཚོའི་བར་མའི་རྒྱུད་གཅིག །དེ་བྱེ་བ་ཕྲག་བརྒྱར་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་སྤྲུལ་སྐུ་གཅིག་གི་ཞིང་ཡིན་པ་ཆགས་འཇིག་གནས་སྟོང་བཞི་ཅིག་ཅར་དུ་བྱེད་པ་དེའང་རྣམ་སྣང་གངས་ཅན་མཚོའི་བ་སྤུའི་ཁུང་བུ་རེ་དང་ཞིང་གི་རྡུལ་རེར་ཡང་བྱེ་བ་ཕྲག་བརྒྱར་གནས་ཤིང་རྣམ་སྣང་གངས་ཅན་མཚོ་དེ་བདག་ཅག་གི་སྟོན་པ་ལོངས་སྤྱོད་རྫོགས་སྐུར་བཞེངས་པ་ཡིན་ལ། སྔར་བཤད་པའི་ཞིང་ཁམས་གཅིག་ཏུ་བསྡོམས་པ་དེ་ལོངས་སྤྱོད་རྫོགས་པའི་སྐུ་རེ་རེའི་ཞིང་དུ་གསུངས་ཚུལ་འདི་ཡིས་ནམ་མཁའ་ཇི་སྲིད་ཁྱབ་པར་གྱུར་པ་དེ་སྙེད་རྒྱལ་བའི་ཞིང་དང་སྐུའང་གནས་སོ། །རང་རེའི་ཞིང་འདི་ནི་རྣམ་སྣང་གངས་ཅན་མཚོའི་ཕྱག་གི་ལྷུང་བཟེད་ནས་པདྨའི་སྡོང་པོ་ཉེར་ལྔ་ཡོད་པའི་བཅུ་གསུམ་པའི་སྟེང་ན་གནས་པ་དབུས་མའི་སྙིང་པོ་མེ་ཏོག་གིས་བརྒྱན་ཅིང་དེ་ལས་དབུས་ཀྱི་(༡༣༢བ)


GLG017_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས། རབ་འབྱམས་རྒྱུད། རབ་འབྱམས་མཚམས་སྦྱོར། དེ་དབུས་གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱས་བརྒྱན་པ་ནི་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་སྟོན་པ་ཐུབ་པའི་དབང་པོ་སོགས་སངས་རྒྱས་སྟོང་འབྱོན་ས་ཡིན། འགྲོ་བ་རྣམས་ཉོན་མོངས་པ་ལས་མི་མཇེད་པའི་ཕྱིར་ཞིང་གི་སྐྱོན་གྱི་སྒོ་ནས་སྨད་ལ། ཞིང་འདིའི་བྱང་ཆུབ་སེམས་དཔའི་ཚོགས་ནི་ལྷག་པར་ཡང་བཟོད་པ་དང་ལྡན་པའི་ཡོན་ཏན་ལ་བསྔགས་པས་ན་འཇིག་རྟེན་གྱི་ཁམས་འདི་མི་མཇེད་ཅེས་བརྗོད་པའི་ནང་ཚན་ཛམ་བུའི་གླིང་ཞེས་བྱ་བ་ཛ་ན་སྐྱེ་བ་ལའོ་ཞེས་པའི་བྱིངས་བཞག །ནའི་ཨ་བརྗོད་དོན་ཡིན་པས་ཕྱིས། བུ་ཀ་རྐྱེན་དུ་བྱིན། ཀ་ལ་ཡན་བཞིན་འང་སོགས་ཀྱིས་ཀ་ཕྱིས། སི་བྱིན་པ། མི་ཟད་པས་ཕྱིས་པས། དེའི་སྡེ་པ་ལ་སྡེ་པའི་མཐའོས། ན་མར་བསྒྱུར་བའི་ཛམྦུ། ཞེས་པ་ལུས་ཅན་སྐྱེ་བའི་གནས་ཞེས་བྱ་བའམ། མཚོ་མ་དྲོས་པའི་འགྲམ་དུ་ཛམྦུ་ཏྲི་ཤའི་འབྲས་བུ་རྫམ་ཙམ་པ་མཚོར་ལྷུང་པའི་སྒྲ་ལ་བརྟེན་ནས་ཤིང་དང་གླིང་གཉིས་ཀར་དེ་ལྟར་གྲགས། དཔལ་ལྡན་རྒྱུད་ཀྱི་འཇིག་རྟེན་ཁམས་ལེར། གླིང་ནས་ཟླ་བ་འོད་དཀར་ཅན་དང་རབ་མཆོག་ཀུ་ཤ་དང་ནི་མིའམ་ཅི་དང་ཁྲུང་ཁྲུང་དང་། དྲག་པོ་ཡང་ནི་ལོངས་སྤྱོད་ས་སྟེ་བདུན་པར་ཛམྦུའི་མི་རྣམས་གནས་པ་དག་ནི་ལས་ཀྱི་ས། ཞེས་ལས་དང་ལོངས་སྤྱོད་ཀྱི་སའི་གླིང་བདུན་ག་ལ་ཛམྦུའི་གླིང་དུ་གྲགས་ཤིང་དུས་ཀྱི་འཁོར་ལོའི་རི་རབ་རྡོ་རྗེའི་རྣམ་པའི་རྭ་འོག་ན་ཡོད་པའི་ཟླ་བ་སོགས་ཀྱི་གླིང་དྲུག་ནི་ལོངས་སྤྱོད་ཀྱི་ས་དང་། ཡེ་ཤེས་ལེའུར། ཕྱི་རོལ་ཏུ་ནི་རྒྱུ་སྐར་འཁོར་(༡༣༣ན)


GLG017_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྣམས་ཏེ་ལས་ཀྱི་ས་ལ་ས་བཞི་ལ་ནི་མི་རྣམས་སོ། །ཞེས་ཕྱི་རོལ་གྱི་གླིང་ཕྲན་མཐའ་དག་ལ་ལས་ཀྱི་ས་པ་སྟེ་འཛམ་གླིང་ཆེན་པོར་བཤད་ལ། ཆོས་མངོན་པ་སོགས་སུ་འཛམ་བུ་གླིང་ཞེས་བྱེ་བྲག་ཏུ་བསྟན་པ་ལྷོ་གླིང་འདི་ནི་འཛམ་གླིང་ཆུང་ངུ་སྟེ་གླིང་གཞན་ལས་ཁྱད་དུ་འཕགས་པའི་རྒྱུ་མཚན་བསྐལ་པ་ཆགས་འཇིག་གི་ཚེའང་འཇིག་པར་མི་ནུས་པ་རྡོ་རྗེ་གདན། མདྷྱ་ག་ཏ་དྷ་ར་ཞེས་དབུས་འགྱུར་འཆང་བའི་དོན། ཙནྡྲ་པར་པྲྀ་ཥོ་དྷ་ར་ལ་སོགས་པ་རྣམས་སོ། །ཞེས་མ་ག་དྷར་བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་ནས་འདས་པ་དང་མ་བྱོན་པ་དང་ད་ལྟའི་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་དང་ལྔ་ལ་སོགས་པ་བྱོན་དང་འབྱོན་འགྱུར་མཐའ་དག་བདུད་རྩི་བརྙེས་ཤིང་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་གནས་ཡིན་ཅིང་དེར་མ་ཟད། རྒྱ་ཆེར་རོལ་པ་ལས། གནས་དེར་ང་ཡིས་མཆོད་སྦྱིན་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་བཞི་བཅུ་བྱས། །དེར་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དྲུག་ཅུ་དེ་དག་མཆོད། །ཝ་ར་ཎཱ་སི་དམ་པ་དེ་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱི་གནས། ཞེས་དང་། ངས་ནི་སྔོན་ཆད་སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཅིག་དྲན། །དེ་དག་དྲང་སྲོང་ཞེས་བྱ་ནགས་མཆོག་འདིར་ནི་འཁོར་ལོ་དམ་པར་རབ་ཏུ་བསྐོར། །ཞེས་ཕུག་རལ་ཅན་ནམ་འཁོར་མོ་འཇིག་སྟེ་བསྒྱུར་ལུགས་གཉིས་སུ་ཡོད་པའི་ཡུལ་ཝ་ར་ཎཱ་སིར་འོ་སྐོལ་གྱི་སྟོན་པས་སློབ་ལམ་གྱི་སྐབས་སུ་མཆོད་སྦྱིན་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་བཞི་བཅུ་མཛད་ཅིང་སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་(༡༣༣བ)


GLG017_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཅུ་མཆོད་པ་དང་སྟོན་པ་ཉིད་ཀྱིས་ཐུགས་ཀྱི་དྲན་པར་སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཅིག་གིས་ཆོས་འཁོར་བསྐོར་བའི་གནས་སུ་གསུངས། མཛོད་ལས། དེ་ནི་འཛམ་གླིང་ཕོ་གྱུར་ཉིད། །ཅེས་གླིང་བཞི་ལ་དབང་སྒྱུར་བའི་འཁོར་ལོས་སྒྱུར་རྒྱལ་ཡང་ཐོག་མར་འཛམ་བུ་གླིང་དུ་འབྱུང་ཞིང་། རྒྱ་ཆེར་རོལ་པ་ལས། དགེ་སློང་དེ་ལྟར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ན་འདུག་པ་ནི་རྣམ་པར་ལྟ་བ་ཆེན་པོ་བཞི་ལ་རྣམ་པར་ལྟ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། དུས་ལ་རྣམ་པར་ལྟ་བ་དང་། གླིང་ལ་རྣམ་པར་ལྟ་བ་དང་། །ཡུལ་ལ་རྣམ་པར་ལྟ་བ་དང་། རིགས་ལ་རྣམ་པར་ལྟ་བའོ། །དགེ་སློང་དག་བྱང་ཆུབ་སེམས་དཔའི་གླིང་ལ་རྣམ་པར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཐའ་འཁོབ་ཀྱི་གླིང་དུ་མི་སྐྱེ། ཤར་གྱི་ལུས་འཕགས་པོར་མི་སྐྱེ། ནུབ་ཀྱི་བ་ལང་སྤྱོད་དུ་མི་སྐྱེ། བྱང་གི་སྒྲ་མི་སྙན་དུ་མི་སྐྱེ། ལྷོའི་འཛམ་བུ་གླིང་ཉིད་དུ་སྐྱེའོ། །དགེ་སློང་དག་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཡུལ་ལ་རྣམ་པར་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཐའ་འཁོབ་ཀྱི་ཡུལ་གང་ན་མི་རྣམས་དབང་པོ་རྟུལ་ཞིང་བླུན་ལ་ལུག་ལྟར་ལྐུགས་པའི་རང་བཞིན་ཅན་ལེགས་པར་བསྟན་པའི་དོན་ཤེས་པར་བྱ་བའི་སྐལ་པ་མེད་པ་དག་ཏུ་མི་སྐྱེའི་བྱང་ཆུབ་སེམས་དཔའ་ནི་ཡུལ་གྱི་དབུས་ཉིད་དུ་སྐྱེའོ། །ཞེས་སངས་རྒྱས་རྣམས་འོག་མིན་གྱི་གནས་སུ་བྱང་ཆུབ་མངོན་དུ་མཛད་ནས་ཐུན་མོང་བའི་གདུལ་བྱ་འདུལ་ཆེད་མཆོག་གི་སྤྲུལ་པའི་སྐུའི་རྣམ་པར་སྟོན་པའང་ཛམྦུའི་གླིང་ཉིད་དུ་སྐྱེ་བ་འཛིན་པར་བཤད་(༡༣༤ན)


GLG017_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དེ་དང་མཚུངས་པར། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་ལེའུ་གསུམ་པར། འཛམ་བུ་གླིང་ནི་ཆེན་པོ་ཡི། །དུམ་བུ་བཅུ་གཉིས་ཀྱི་ནི་དབུས། །ཤར་གྱི་ཡུལ་ན་གནས་ལྷ་མོ། །ཞེས་དང་བཞི་པར། འཛམ་བུ་གླིང་ནི་ཆུང་ངུ་འདིར། །བདག་ནི་ཤཱཀྱའི་རིགས་རྗེས་འགྲོ །ཞེས་རྒྱལ་བ་ཉི་མའི་གཉེན་ཤཱཀྱའི་རིགས་ཟས་གཙང་གི་སྲས་སུ་འཁྲུངས་པར་གསུངས་པའི་འཛམ་གླིང་ཆུང་ངུ་འདི་ཉིད་ཀྱི་དབུས་སུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འབྱུང་བའི་གནས་རྡོ་རྗེ་གདན། ཤར་ཕྱོགས་ཙཱི་ནའི་རྒྱལ་ཁམས་ན་འཕགས་པ་འཇལ་དཔལ་གྱི་གནས་རི་བོ་རྩེ་ལྔ། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ན་ཡེ་ཤེས་སེམས་དཔའ་མ་བསྡུས་པར་རང་བཞིན་འདུ་བའི་དཀྱིལ་འཁོར་དང་དེའི་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་སྤྱན་རས་གཟིགས་ཀྱི་གནས་རི་བོ་གྲུ་འཛིན། ནུབ་ཕྱོགས་ན་གསང་སྔགས་ཀྱི་མཛོད་ཨྱོན་རྡོ་རྗེ་འཆང་ཆེན་པོའི་ཕོ་བྲང་རང་བྱུང་གི་གཙུག་ལག་ཁང་། བྱང་ཕྱོགས་ལེགས་པའི་ཆ་ཀུན་བསགས་པ་རིགས་ལྡན་གྱི་གྲོང་ཁྱེར་ཤམྦྷ་ལ། དེའི་བྱང་ན་རིམ་བཞིན་གངས་ལྡན་དང་སྤོས་ངད་ལྡན། དེ་གཉིས་ཀྱི་བར་ན་མཚོ་མ་དྲོས་པ་ཛམྦུའི་ཤིང་དང་བཅས་པ། མ་དྲོས་པ་ལས་གངྒཱ་སིནྡྷུ་པཀྵུ་སཱི་ཏ་སྟེ་ཆུ་བོ་བཞི་དལ་གྱིས་འབབ་པ། སྤོས་ངད་ལྡན་ནས་རིམ་བཞིན་བྱང་ངོས་སུ་བྲག་གསེར་གྱི་བྱ་སྐྱིབས་དང་ཤིང་སཱ་ལ་རབ་བརྟན། དེའི་ཤར་ངོས་སུ་རྫིང་བུ་དལ་གྱི་འབབ་པ་སོགས་ཡོན་ཏན་ཆེས་མང་བ་མཐའ་དག་བརྗོད་པ་ག་ལ་ནུས། དེའང་འཇམ་དཔལ་རྩ་(༡༣༤བ)


GLG017_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། ང་ཡི་དུས་ན་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་བོད་ཀྱི་རྒྱལ་ཁམས་འབྱུང་བར་ལུང་བསྟན་པའི་ཡུལ་འདི་ཉིད་དམ་པའི་ཆོས་འདུལ་བའི་སྐབས་ཤར་དུ་ལི་ཁ་རའི་ཤིང་ཚང་ཚིང་ཅན་སོགས་ཀྱི་ཁོངས་ལས་བརྒལ་ཅིང་དགེ་སློང་མའི་སྡོམ་རྒྱུན་མེད་པར་བརྟེན་ས་ཚིགས་དང་ཆོས་ཚིགས་གཉིས་ཀའི་སྐབས་སུ་མཐའ་འཁོབ་ཏུ་བཤད་ནའང་དུས་དབང་གིས་འཕགས་ཡུལ་སོགས་སྔར་བསྟན་པ་དར་བ་རིམ་གྱིས་འགྲིབ་ཅིང་རྒྱལ་བློན་ལོ་པཎ་གྱི་དྲིན་ལས་ཐུབ་པའི་ལུགས་ཆེས་ཆེར་འཕེལ་བར་བརྟེན་ཁྲོ་ཕུ་ལོ་ཙཱ་བས་བཻ་ཌཱུརྱའི་ཚོང་འདུས་ནས་ཁ་ཆེ་པཎ་ཆེན་ལ་ཕུལ་བའི་ཞུ་ཡིག་ཏུ། མ་ག་དྷ་སོགས་རིག་འབྱུང་གནས་ཀྱང་སྡིག་ཏོ་ཡི། །དམག་ཚོགས་ཀྱིས་བཅོམས་ཨྱོན་ཁ་ཆེ་བལ་ཡུལ་ཡང་། །ལོག་སྤྱོད་ཀྱིས་ཁེངས་དིང་སང་བསྟན་སྲོག་ལེགས་གནས་ནི། །བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་ཕྱོགས་ཞབས་བསྐྱོད་ཞུ། །ཞེས་དང་། ཇོ་བོ་ཆེན་པོ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་འོད་དཔག་མེད་པའི་ལྷ་ཁང་དུ་བྱང་ཆུབ་ཀྱི་སེམས་ལ་ཐུགས་སྦྱོང་བའི་ཚེ་སྤྱན་རས་གཟིགས་ཀྱིས་ཞལ་བསྟན་ནས། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་སམ་འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ཁྱོད་ཀྱི་ཡི་དམ་ཇོ་མོ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱོད་ཀྱི་གདུལ་བྱ་མང་པོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་བོད་དུ་སོང་ཞིག །ཅེས་ལུང་(༡༣༥ན)


GLG017_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་སོགས་དོན་གྱི་ཡུལ་དབུས་དང་ཁྱད་པར་མེད་ཅིང་། བདེ་མཆོག་རྩ་རྒྱུད་ལས། བོད་ཀྱི་ཡུལ་དང་དེ་བཞིན་དུ། །མ་ལ་ཝ་དང་པུ་ལི་སོགས། །ཉི་ཤུ་རྩ་བཞིའི་ཡུལ་ཡིན་ནོ། །ཞེས་བོད་འདི་སྲུང་འཁོར་གྱི་གནས་བརྒྱད་ཀྱི་ཟླ་ཚད་དང་ཀྱེ་རྡོར་དུ་གནས་དང་ས་སྦྱར་བའི་ས་བཅུ་གཉིས་པར་བཤད། མི་ཆོས་ནས་གཞལ་ཀྱང་བཟང་བར་གཏོགས་པས། བལ་ཡུལ་ཁོ་ཁོམ་ཀླུའི་ཕོ་བྲང་གི་རྒྱལ་པོ་དེ་ཝ་ལྷས་སྲས་མོ་ཁྲི་བཙུན་ལ་གསུངས་པ། ང་ཡི་སྙིང་དང་འདྲ་བའི་བུ་མོ་ཁྱོད། །བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ། །རི་མཐོ་ས་གཙང་གངས་རི་གཉན་གྱི་མགུལ། །བསིལ་ལ་མཛེས་པ་ལྷ་གནས་གཞལ་ཡས་ཁང་། །ངོ་མཚར་རྨད་བྱུང་ཕན་བདེ་འབྱུང་བའི་གཞི། །ཆུ་བོ་བཞི་འབབ་རྩི་ཤིང་ནགས་ཀྱིས་མཛེས། །འབྲུ་སྣ་ལྔ་འཁྲུངས་རིན་ཅེན་སྣ་ཚོགས་འབྱུང་། །ཞེས་རྒྱ་ཆེར་བསྔགས་ལ། མཁས་པ་ལ་ལ་བོད་ཀྱི་ཡུལ་ཡང་གཞན་དག་དང་འདྲ་བར་མི་གྲོང་སོོགས་ཆགས་པ་ལས་མཚོ་དང་ནགས་ཚལ་མིའི་འགྲོ་བ་སོགས་རིམ་གྱིས་འབྱུང་བ་མི་འཐད་པའི་ཕྱོགས་གསུང་ནའང་གོང་དུ་དྲངས་པའི་འཇམ་དཔལ་རྩ་རྒྱུད་ཀྱིས་ཀྱང་ཤེས་ནུས་ཤིང་སྤྱིར་བོད་དུ་མ་ཟད་འཛམ་བུ་གླིང་པའི་མི་རིགས་ལ། རྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས་དམངས་རིགས་ཏེ་ཕྱིའི་རིགས་བཞི། རྒྱ་གར་ལྷ། རྒྱ་ནག་ཀླུ། ཧོར་ལྷ་མ་ཡིན། བོད་སྤྲེའུ་དང་བྲག་སྲིན་མ་སྟེ་བར་གྱི་རིགས་བཞི། སེ། དམུ། ལྡོང་། སྟོང་སྟེ་ནང་གི་མི་རིགས་ཀྱི་ཕྱི་མ་བཅུ་གཉིས་སུ་བཤད་ཅིང་བུ་སྟོན་ཆོས་འབྱུང་(༡༣༥བ)


GLG017_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྐྱ་སེང་བུ་ལྔ་དགྲ་ངན་དཔུང་ཚོགས་བཅུ་གཉིས་དང་འཐབས་པའི་དུས་སུ་རྒྱལ་པོ་རུ་པ་ཏི་ཞེས་པ་དམག་སྟོང་ཕྲག་གཅིག་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་རི་ཁ་བ་ཅན་གྱི་ཁྲོད་དུ་བྲོས་པ་ལས་འཕེལ་བར་བཤད་ནའང་། ཡོངས་སུ་གྲགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྤྲེའུ་དང་བྲག་སྲིན་མོ་གཤོས་པ་ལས་རིགས་དྲུག་ནས་ཚེ་འཕོས་པའི་སྤྲེལ་ཕྲུག་དྲུག་བྱུང་ཞིང་། དེའང་ཀ་ཁོལ་མར་བཞི་བརྒྱར་འཕེལ་བ་ཚན་པ་བཞིར་འཐབས་པ་དང་མེས་པོས་བར་མཚམས་བྱས་ཏེ་ཞིང་ལ་ཚན་པ་བཞིར་བགོས་གཅིག་ལ་གཅིག་འཇིགས་ཤིང་ཚན་བཞིར་གྱེས། དྲུག་ཏུ་ཕྱེ་ན་བོད་མི་ཁྲི་ཐོ་ཆེན་པོ་བྱ་བ་དེ་ལ་དགྲ་འབྲུ་ལྡོང་ལྒ་དང་ནུ་བོ་དཔའ་རྡ་སྟེ་དྲུག་ཏུ་བཤད་ཅིང་། རུས་ཆེན་བཞི་ལས་གྱེས་པ་ཡེ་སང་དཀར་པོ་གནམ་གྱི་འཇུ་ཐག་ཅན། ཡེ་སྨོན་ནག་པོ་ཁྲོ་ཆུའི་ཕ་བོང་འདྲ་བ། སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ། མོན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་དང་བཞི་བྱུང་པ་ལས་འཕེལ་བ་ཤས་ཆེ། ཚལ་པ་ཐམས་ཅད་མཁྱེན་པའི་ཧུ་ལན་དེབ་ཐེར་དུ་སྤྲེའུ་དང་བྲག་སྲིན་མོ་ལས་མཆེད་པ་མ་སངས་སྤུན་དགུ། རྒྱལ་ཕྲན་ཉེར་ལྔ། བཅུ་གཉིས། སིལ་མ་བཞི་བཅུས་རིམ་བཞིན་དབང་བྱས་པ་ལས་རིང་ཞིག་ནས་རྒྱལ་བའི་འཕྲིན་ལས་ཀྱི་འཇུག་པ་དུས་ལ་བབས་པའི་རིགས་གསུམ་མགོན་པོ་སོགས་འཕགས་ཆེན་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཐོག་མར་རྒྱ་གར་རྒྱལ་པོ་དམག་བརྒྱ་པའི་རིགས་ལས་རྗེ་གཉའ་ཁྲི་བཙན་པོ་ལྷ་རི་ཞོལ་པོའི་རྩེར་བྱོན་པ་བོན་གྱི་ལུགས་ལ་དམུ་ཐག་ལས་བབས་ཟེར། ཡོན་ཏན་ཅན་གྱི་མི་(༡༣༦ན)


GLG017_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ཀྱིས་མཐོང་སྟེ་གང་ནས་འོངས་དྲིས་པས་མཁའ་ལ་མཛུབ་མོ་ཀེར་བས་ལྷ་ལས་ཆད་པར་གོ་ནས་གཉའ་བར་ཁྲི་བྱས་ཏེ་སྤྱན་དྲངས་འབངས་ཐམས་ཅད་མགྲིན་གཅིག་པར་རྒྱལ་པོར་མངའ་གསོལ་བས་བོད་སྤྱི་ལ་དབང་བའི་རྒྱལ་པོའི་ཐོག་མ་ཡིན། དེ་ནས་བརྩིས་པའི་གནམ་གྱི་ཁྲི་བདུན། བར་གྱི་སྟེང་གཉིས། སའི་ལེགས་དྲུག །ལྡེ་བརྒྱད་ཀྱི་རྗེས་སུ་བཙན་ལྔར་གྲགས་པའི་ཁྲི་ཐོག་རྗེ་བཙན་རྒྱལ་རབས་ཉེར་བདུན་གྱི་བར་ཆབ་སྲིད་སྒྲུང་དང་ལྡེའུ་བོན་གྱིས་བསྐྱངས། ཉེར་བརྒྱད་པ་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་ལྷ་ཐོ་ཐོ་རི་སྙན་ཤལ་ཕོ་བྲང་ཡུམ་བུ་བླ་མཁར་གྱི་རྩེར་བཞུགས་པའི་ཚེ་ནམ་མཁའ་ནས་དཔང་བཀོང་ཕྱག་བརྒྱ་པ། ཚིནྡྷ་མ་ཎིའི་རྐོས་ཕོར་གསེར་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ་རྣམས་བབས་ཏེ་དེ་ནས་མི་རབས་ལྔ་ན་འདིའི་དོན་ཤེས་པ་འབྱུང་ངོ་ཞེས་མཁའ་ལས་སྒྲ་བསྒྲགས་ཏེ་བསྟན་པ་རིན་པོ་ཆེའི་དབུ་བརྙེངས། དེ་ནས་རྒྱལ་རབས་བཞི་པ་གནམ་རི་སྲོང་བཙན་གྱི་དུས་རྒྱ་ནས་རྩིས་དང་སྨན་བྱུང་ཞིང་བྱང་ནས་ཚ་ཁ་རྙེད། དེའི་སྲས་ཕྱག་ན་པདྨའི་རྣམ་པར་སྤྲུལ་པ་སྲོང་བཙན་སྒམ་པོ་ནི་འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། གངས་ཅན་རི་ཡི་ནང་གནས་པའི། རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བཱི་རྣམས་རིགས་སུ་འབྱུང་། །དེ་ཡང་སྔགས་ཀྱི་དོན་སྒྲུབ་སྟེ། །ལོངས་(༡༣༦བ)


GLG017_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཚེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །མི་ཡི་བདག་པོས་དེ་ཡང་གྲུབ། ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱ། །ཞེས་དང་། འཇིག་རྟེན་སྒྲོན་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་མོ་དང་ནི། །དཀར་མོ་ཆེན་མོ་གཞན་ཕན་བརྩོན། །ཞེས་རྒྱལ་པོ་འདི་ཉིད་ཀྱི་རིང་ལ་ཐུ་མི་སམྦྷོ་ཊས་ལོ་ཙཱ་བསླབས་ནས་རྒྱ་ཡིག་ལྔ་བཅུ་ཐམ་པ་བོད་ཡིག་སུམ་ཅུར་གཏན་ལ་ཕབ་སྟེ་ཡི་གེའི་སྲོལ་གཏོད། རིན་པོ་ཆེ་ཏོག་གི་གཟུངས། ཤེར་ཕྱིན་འབུམ་པ། སྤྱན་རས་གཟིགས་གྱི་མདོ་རྒྱུད་ཉེར་གཅིག་པ་སོགས་བསྒྱུར། རྒྱ་བལ་ནས་སྒྲོལ་མ་དང་ཁྲོ་གཉེར་ཅན་གྱི་སྤྲུལ་པ་ཨོང་ཇོ་དང་ཁྲི་བཙུན་གཉིས་བཙུན་མོར་བསུས་པའི་རྟེན་སྐལ་དུ་ཇོ་བོ་རྣམ་གཉིས་དང་བྱམས་པ་ཆོས་འཁོར་སོགས་གདན་དྲངས། བོད་སྲིན་མོ་གན་རྒྱལ་དུ་བསྒྱེལ་བ་ལྟ་བུའི་ས་གནད་གནོན་ཕྱིར་མཐའ་འདུལ། ཡང་འདུལ། རུ་གནོན་གྱི་གཙུག་ལག་ཁང་བཅུ་གཉིས་བརྩེགས། ཕན་བདེའི་འབྱུང་གནས་འཕྲུལ་སྣང་དང་ར་མོ་ཆེའི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་བཞེངས། བསྟན་པ་རིན་པོ་ཆེའི་སྲོག་ཤིང་དམ་པ་འདི་ཉིད་སྲི་ཞུ་མཛད་པ་པོ་ཆེས་མང་མོད་གཙོ་བོར་གྱུར་པ། བཀའ་ཆེམས་ཀ་ཁོལ་མར། དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པའི། །གསང་སྔགས་འཆང་ཞིང་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་ཅན་སྐྱེས་ཆེན་དམ་པ་ཡིས། །ཞལ་ཡང་བསྒྱུར་ཞིང་སྙེད་བཀུར་དམ་པ་མཛད། །ཅེས་ཐམས་ཅད་མཁྱེན་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ལོངས་སྐུ་ཇི་སྲིད་འཁོར་བ་མ་སྟོངས་གྱི་བར་དུ་བཞུགས་པ་དང་(༡༣༧ན)


GLG017_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པའི་རྟེན་འབྲེལ་དུ་རིན་པོ་ཆེའི་དབུ་རྒྱན་སྒྲོན། མཉན་ཡོད་མཆོད་པའི་དུས་སྟོན་བཙུགས་པ་སོགས་བསྟན་འགྲོའི་ཕན་བདེ་གྱེན་ནས་གྱེན་དུ་འཕྱུར་བ་བློའི་ར་བ་ལས་ཡོངས་སུ་བརྒལ་བར་མཛད། ཆོས་རྒྱལ་གྱིས་ལས་ཅན་ལ་ཐུགས་རྗེ་ཆེན་པོའི་གདམས་པ་བསྟན་ནས་ཐོས་བསམ་བྱེད་པ་དང་། གཙུག་ལག་ཁང་བཞེངས་པ་ཆོས་བསྒྱུར་བ་སོགས་ཀྱི་བསྟན་པའི་སྲོལ་གཏོད། དེ་ནས་རྒྱལ་རབས་བཞི་པ་མེས་ཨག་ཚོམ་གྱིས་མེས་སྲོང་བཙན་གྱི་དུས་ཟངས་ཀྱི་བྱང་བུ་ལས་གྲུབ་པའི་ལུང་བསྟན་རྙེད་པ་རང་ཉིད་དུ་འཁྲུལ་ནས་པཎྜ་ཏ་སངས་རྒྱས་གསང་བ་དང་སངས་རྒྱས་ཞི་བ་གཉིས་གདན་མ་འདྲོངས་ཀྱང་ཕོ་ཉ་བས་ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བློར་བཟུང་བ་གླེགས་བམ་དུ་བཞེངས་པའི་བཞུགས་གནས་ལ་མ་ས་གོང་སོགས་ལྷ་ཁང་ལྔ་བཞེངས་པས་མཚོན་དཀོན་ཅོག་གསུམ་ལ་གུས་པར་མཛད། འདིའི་སྲས་འཇང་ཚ་ལྷ་དབོན་ལ་རྒྱ་ནག་ནས་བཙུན་མོ་བསུས་ཀྱང་སྲས་གཤེགས་པས་ཡབ་དང་ཨོང་ཇོ་འདུས་པ་ལས་སྲས་འཇམ་དཔལ་དབྱངས་ཀྱི་རྣམ་པར་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་སྐུ་བལྟམས། སྔོན་གྱི་བག་ཆགས་བཟང་པོའི་མཐུས་བསྟན་པ་སྤེལ་བར་བཞེད་དེ་མཁན་པོ་བོ་དྷི་ས་ཏྭ་གདན་དྲངས་དགེ་བ་བཅུ་དང་ཁམས་བཅོ་བརྒྱད་ལས་བརྩམས་པའི་ཆོས་གསུངས་ཀྱང་ཐང་ལྷ་ཤམ་པོ་བསྟན་མ་བཅུ་གཉིས་སོགས་ལྷ་སྲིན་གདུག་པ་ཅན་རྣམས་འཁྲུགས་ཏེ་མཛད་དུ་མ་སྟེར་བར་བརྟེན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས། ས་གཞི་བཏུལ་ནས་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་(༡༣༧བ)


GLG017_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། མཁན་པོ་ཞི་བ་འཚོས་སད་མི་མི་བདུན་ལ་སོགས་པ་རབ་ཏུ་བྱུང་ཞིང་དགེ་འདུན་གྱི་སྡེ་བཙུགས། བོད་ཕྲུག་རིག་པ་རྣོ་བ་རྣམས་ལ་ལོ་ཙཱ་བསླབས་རྒྱ་བལ་ནས་པཎྜི་ཏ་མང་དུ་གདན་དྲངས་ཏེ་དམ་པའི་ཆོས་བསྒྱུར་ཞིང་འཆད་ཉན་གྱིས་གཏན་ལ་ཕབ་པའི་རླངས་ཁམས་པ་གོ་ཆས་འབུམ་ཐུགས་ལ་བཟུང་ནས་བསྒྱུར་བས་ཐུགས་འགྱུར་མ། རྗེའི་སྐུ་མཚལ་དང་ར་དཀར་གྱི་འོ་མ་བསྲེས་ཏེ་བྲིས་པའི་དུམ་པ་བཞི་ལ་རེག་ཟིག་དམར་པོ། དབུ་སྐྲའི་གཞོབ་ར་དཀར་གྱི་འོ་མ་དང་སྦྱར་ནས་བྲིས་པའི་རེག་ཟིག་སྔོན་པོ་དུམ་པ་བཞི་པར་ལྕགས་ཐུར་བརྒྱུས་པས་ལྕགས་ཐུར་མ་སྟེ་གཉིས་པོ་ལ་བླ་འགྱུར་ཆུང་བའང་ཟེར། སྦས་དང་ཉང་གཉིས་ཀྱིས་བླངས་པའི་རྒྱ་དཔེའི་སྟེང་ནས་འཚོ་རྫས་རྣམས་འབངས་ལ་བསྡུས་ཏེ་བསྒྱུར་བས་དཔྱ་འབུམ་དུ་གྲགས། སླར་ལོ་ཆེན་བཻ་རོས་རྒྱ་དཔེ་དང་བསྟུན་ཞུ་ཆེན་མཛད་པར་དུམ་བུ་དྲུག་ལ་བླ་འགྱུར་འབྲིང་པོ། འབྲོམ་བཟའ་བྱང་ཆུབ་སླན་གྱིས་སད་མི་མི་བདུན་སོགས་དགེ་འདུན་སུམ་བརྒྱ་ལ་བསྙེན་བཀུར་བའི་ཚེ་བམ་པོ་རེ་ལ་ཤོག་དྲིལ་རེ་བྱས་པའི་སྟེང་ནས་གདུགས་ཚོད་ཐོན་པ་དང་ཚར་རེ་སྒྲོགས་པའི་སྣོད་ལ་བརྟེན་ནས་ཤ་སྒྲོ་ཅན། གཞན་ཡང་འདུལ་ལུང་། མདོ་སྡེའི་སྐོར་མང་དུ་བསྒྱུར། རྒྱུད་སྡེ་རིན་པོ་ཆེ་ནས་སངས་རྒྱས་མཉམ་སྦྱོར་དང་གསང་འདུས་རྩ་རྒྱུད་ཙམ་མ་གཏོགས་ཕྱིས་འགྱུར་དུ་གྲགས་པའི་བླ་མེད་ཀྱི་རིགས་བསྒྱུར་བ་མེད་ཅིང་དཀར་ཆག་ལྡན་དཀར་མ་དང་ཕང་ཐང་མ་སོགས་སུ་གསང་སྔགས་ཕྱིའི་རྒྱུད་(༡༣༨ན)


GLG017_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཞིབ་མོར་བཀོད་རྗེས། གསང་སྔགས་ནང་གི་རྒྱུད་རྣམས་ནི་ཆེས་གཉན་པས་རེ་ཞིག་འདིར་མ་བཀོད། ཅེས་པའི་ཤུགས་ལ་ནང་གི་རྒྱུད་སེམས་ཕྱོགས། མདོ་སྒྱུ་སྒྲུབ་སྡེ་བརྒྱད་སོགས་སྔ་འགྱུར་གྱི་རྒྱུད་ཕལ་ཆེར་འགྱུར་བར་བརྟེན། རྒྱལ་པོ་འདིའི་སྲས་ཆུང་བ་སད་ན་ལེགས་མཇིང་ཡོན་གྱི་སྲས་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་རལ་པ་ཅན་ནམ་ཁྲི་ལྡེ་གཙུག་བརྟན་དུ་གྲགས་པ་ནི། སྒྲ་སྦྱོར་བམ་པོ་གཉིས་པ་ལས། རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་སྐྱི་སྨད་འོན་ཅང་རྡོ་ན་བཞུགས། སྟོད་སྨད་ཀྱི་དམག་གསར་རྙིང་བརྗེ་བ་དང་རྐུན་ཆེན་བཏུལ། གར་ལོག་གི་ཕོ་ཉས་ཕྱག་བཙལ་བློན་ཆེན་པོ་བྱང་ཁྲི་ཟུར་རམ་ཤགས་དང་། མང་རྗེ་ལྟ་འདོད་ལ་སོགས་པས་རྒྱ་ལས་སྲིད་གཅིག་མང་པོ་བཅད་དེ། སྔ་རྟ་དང་བ་མར་ཕལ་མོ་ཆེ་ཕྱག་ཏུ་ཕུལ། ཞང་བློན་ཆེན་པོ་མན་ཆད་སོ་སོར་བྱ་དཀའ་བཙལ་བའི་ལན་ལ་ཉི་འོག་གི་མཁན་པོ་ཨཱ་ཙརྱ་ཛི་ན་མི་ཏྲ་སོགས་ཞེས་པ་ལྟར། རྒྱ་གར་ནས་སུ་རེནྡྲ་བོ་དྷི། ཤཱི་ལེནྡྲ་བོ་དྷི། དཱ་ན་ཤཱི་ལ་སོགས་པཎྜ་ིཏ་མང་པོ་སྤྱན་དྲངས། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ། དྷརྨ་ཏ་ཤཱི་ལ། ལོ་ཙཱ་བ་ཛྙཱ་ན་སེ་ན་སོགས་ལ་སྔོན་ཡབ་མེས་ཀྱི་དུས་ལོ་པཎ་རྣམས་ཀྱིས་ཆོས་བསྒྱུར་བའི་ཚེ་བོད་ཀྱི་སྐད་ལ་མ་གྲགས་པ་མིང་དུ་བཏགས་པའི་ཁྲོད་ནས་ཆོས་ཀྱི་གཞུང་དང་བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་པ་དང་གོ་དཀའ་བ་དག་སྐད་ཀྱི་མིང་གཅེས་སོ་ཚལ་ནས་ཀྱང་བསྣན་ཏེ་ཐེག་པ་ཆེ་ཆུང་གི་གཞུང་དང་མཐུན་པར་འགྱུར་བཅོས་གྱིས་ཤིག་ཅེས་བཀའ་སྩལ་པ་ལྟར་དབུས་ཀྱི་འཕན་ཡུལ་ཀ་བ་ན་མོ་ཆེར་ཡུམ་རྒྱས་པ་ལ་འགྱུར་(༡༣༨བ)


GLG017_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ནས་དུམ་པ་བཅུ་དྲུག་ཏུ་མཛད། དེས་མཚོན་ཕ་མེས་ཀྱི་དུས་འགྱུར་བའི་གསུང་རབ་ཕལ་ཆེར་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། རྙིང་རྒྱུད་རྣམས་ནི་བཀའ་ཤིན་ཏུ་གཉན་པས་སྣོད་ལྡན་མ་གཏོགས་གནོད་མིན་རྣམས་ཀྱིས་སྤྱོད་ཡུལ་དུ་མ་གྱུར། རྒྱལ་པོ་དར་མས་བསྟན་པ་བསྣུབས་པས་འདི་ཡན་ལ་སྔ་དར་དང་། དེ་རྗེས་བསྟན་པའི་མེ་རོ་བླང་བར་ཕྱི་དར་དུ་གྲགས་ཤིང་ཕྱི་དར་ལའང་པཎྜི་ཏ་ལཱ་བ་དམར་པོ། སྨྲྀ་ཏི། ཇོ་བོ་ཨ་ཏི་ཤ །གྷ་ཡ་དྷ་ར། པཎ་ཆེན་ཤཱཀྱ་ཤྲཱི། ནགས་རིན་སོགས་པཎ་གྲུབ་ཚད་ཐུབ་ཀྱང་ཁ་ཡར་བྱོན་ཅིང་གཙོ་བོར་ཉི་ཟླ་ལྟ་བུའི་ལོ་ཆེན་རིན་ཅེན་བཟང་པོ་དང་འབྲོག་མི་རྣམ་གཉིས། གཞན་ཡང་མལ། མར་དོ། མར་འགོས། རྭ་གཉན། ས་རྔོག་ཤོང་དཔང་སོགས་ནས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཞྭ་ལུ་ལོ་ཙཱ་བ་རིན་ཅེན་ཆོས་སྐྱོང་བཟང་པོ་བྱོན་པའི་བར་འཇིག་རྟེན་གྱི་མིག་གཅིག་པོ་རྣམས་ཀྱིས་བཀའ་དང་བསྟན་བཅོས་བསྒྱུར་བ་དང་བསྒྱུར་ཟིན་འཆོས་པས་མཚོན་བསྟན་པ་རིན་པོ་ཆེ་རྨ་མེད་པར་སྲོལ་བཏོད་པའི་ཕྱག་རྗེས་ཀྱི་ཚད་ནི་ནམ་མཁའི་མཐས་ཀྱང་བཟུང་བར་མི་ནུས་ལ། དེ་ཡང་བོད་ཡུལ་དུ་སྔ་ཕྱིར་འགྱུར་པའི་གསུང་རབ་ཕལ་མོ་ཆེ་ཕྱོགས་གཅིག་ཏུ་བཞུགས་པར་བཀའ་འགྱུར་རིན་པོ་ཆེ་ཞེས་གྲགས་པ་ལྷ་སྲས་མུ་ཏིག་བཙན་པོའི་དུས་བནྡེ་དཔལ་བརྩེགས་སོགས་ཀྱིས་ཕང་ཐང་ཀ་བ་མེད་པའི་གཙུག་ལག་ན་བཞུགས་པའི་གསུང་རབ་རྣམས་ལ་བམ་གྲངས་བརྩིས་ཏེ་དཀར་ཆག་བཀོད་པ་བཀའ་འགྱུར་ཕྱོགས་གཅིག་ཏུ་བསྒྲིག་པའི་ཐོག་མ་ཡིན། སྐ་ཅོག་གཉིས་(༡༣༩ན)


GLG017_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྟོང་ཐང་ལྡན་དཀར་ན་བཞུགས་པའི་གསུང་རབ་རྣམས་བསྒྲིགས་པར་དཀར་ཆག་ལྡན་དཀར་མ། བསྟན་པ་ཕྱི་དར་ལ་འཇམ་དགག་པ་ཤེས་རྒྱ་ནས་ཆས་རྐྱེན་བསྐུར་བར་བརྟེན་མཆིམས་ཀྱིས་བཞེངས་པའི་ལུང་སྡེ་བཞི། མདོ་མང་ཆོས་ཀྱི་རྒྱལ་པོ་འཕགས་པའི་ཐུགས་དམ་ལྷ་མིའི་རྒྱན་མཆོག །འདར་ཕྱར་བས་བཞེངས་པའི་ཆུ་མིག་ཏུ་བཞུགས་པ། གྲུ་སྤང་རྩའི་ཐུགས་དམ་འཛམ་གླིང་རྒྱན། མཆིམས་ཀྱི་གསེར་གཞུང་མ། ཞྭ་ལུ་གསེར་ཁང་དུ་བཞུགས་པ་སོགས་མདོ་སྣ་ཆེས་མང་བ་བསྡུས་ཏེ་དབུས་པ་བློ་གསལ་སངས་རྒྱས་འབུམ། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་སོགས་མང་པོ་གོ་བསྡུར་ནས་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞེངས་པར་བཅོམ་ལྡན་རལ་གྲིས་དཀར་ཆག་ཉི་མའི་འོད་ཟེར་མཛད། མ་ཕྱི་དེ་ཉིད་ལ་སླར་ཡང་བསྣོན་མ་དང་བཅས་སི་ཏུ་ཐམས་ཅད་མཁྱེན་པ་དགེ་བའི་བློ་གྲོས་ཀྱིས་བཞེངས་པར་ཚལ་པ་བཀའ་འགྱུར་ཞེས་གྲགས། ཐམས་ཅད་མཁྱེན་པ་བུས་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་དུ་དཔྱད་པ་གསུམ་གྱིས་དག་པའི་དཀར་ཆག་བསྒྲིགས་པར་ཐེམས་སྤང་མ་ཟེར་བའི་ཕྱི་མོ་རྣམས་ལས་སྟོད་སྨད་དུ་འཕེལ་བ་མང་ངོ་། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། ཀཽ་ཤི་ཀ་དེ་ལྟ་བས་ན་དེ་ལྟར་རིགས་ཀྱི་བུའང་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མངོན་པར་དད་དེ་རྟོག་ཅིང་མོས་ལ་སེམས་དང་བས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ལྷག་པའི་བསམ་པས་ཉན་པ་དང་འཛིན་པ་(༡༣༩བ)


GLG017_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་། རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་དུ་བྱེད་པ་དང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་འདིའི་དོན་རྣམ་པར་འགྲེལ་བ་དང་། ཡིད་ཀྱིས་རྗེས་སུ་རྟོག་པ་དང་ཇི་ལྟ་བུར་གྲུབ་པའི་ཤེས་རབ་ཀྱིས་འདིར་ཡོངས་སུ་དཔྱོད་པར་བྱེད་པ་དང་། སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མ་གྱུར་ཅིག །དམ་པའི་ཆོས་ནུབ་པར་མ་གྱུར་ཅིག །ཅེས་དང་། དེའི་ཕན་ཡོན་ནི་ཀཽ་ཤི་ཀ་བསོད་ནམས་མངོན་པར་འདུ་བྱེད་པ་དེ་ལ། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་ཕུང་པོ་ཅན་ལ་བཀུར་སྟིར་བྱས་པའི་བསོད་ནམས་མངོན་པར་འདུ་བྱས་པ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང་། བྱེ་བ་ཆར་ཡང་། བྱེ་བའི་བརྒྱའི་ཆར་ཡང་། བྱེ་བ་སྟོང་གི་ཆར་ཡང་། བྱེ་བ་བརྒྱ་སྟོང་གི་ཆར་ཡང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་ཉེ་བར་མི་འགྲོའོ། །ཆར་ཡང་། བགྲང་བར་ཡང་། དཔེར་ཡང་། དཔེས་བསྟན་པར་བྱ་བ་ཡང་། རྟེན་དུ་ཡང་། རྒྱུར་ཡང་མི་བཟོད་དོ། །ཞེས་འཆད་ཉན་གྱིས་གཏན་ལ་འབེབས་པས་ནི་ཆེས་ཁྱད་པར་འཕགས་ཤིང་ལུང་སྡེ་བཞི་པཎྜི་ཏ་ཤྲཱི་ལ་མི་ཏྲ་ལ་དབུས་པ་བློ་གསལ་སངས་རྒྱས་འབུམ་གྱིས་ཞུས་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་ལ་ཕུལ་བ་ལས་འཕེལ་བའི་རྒྱུན། ཤེར་ཕྱོགས་སྐོར་དཔེར་ན་ཡུམ་རྒྱས་པའི་ལུང་རྒྱུན་ཁ་ཆེ་དྷརྨ་ཤྲཱི་ལ་བ་རེག་ལོ་ཙཱ་བས་གསན་པ། དཀོན་བརྩེགས་རྡོ་རྗེ་གདན་པ་ལ་བ་རི་ལོ་ཙཱ་བས་གསན་(༡༤༠ན)


GLG017_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཆིམས་བརྩོན་སེང་ལ་བརྒྱུད་པ། སངས་རྒྱས་ཕལ་པོ་ཆེ་རྒྱ་ནག་གི་མཁན་པོ་གྱིང་ཇུ་ལ་དབུས་པ་བློ་གསལ་སངས་རྒྱས་འབུམ་གྱིས་གསན་ནས་ལོ་མཆོག་པར་གནང་བ། གསར་མ་རྒྱུད་འབུམ་ནི་བསྡུས་རྒྱུད་རྭ་འགྲོ །བརྟག་གཉིས་འབྲོག་མི། གསང་འདུས་མར་འགོས་སོགས་ལ་བརྒྱུད་པས་མཚོན་ཏེ་དར་སོ་ཆེ་ནའང་མདོ་སྣ་ཚོགས་པའི་ལུང་ཁུངས་ཤིན་ཏུ་དཀོན་པ་དར་རྒྱས་སུ་མཛད་པ་པོ་གྲོ་ལུང་པ་དང་འཕགས་པ་རིན་པོ་ཆེ་གཉིས་ཡིན་ཅིང་གྲོ་ལུང་པས་སྟེང་པ་ལོ་ཙཱ་བར་གསེར་མང་དུ་བསྐུར་ནས་རྒྱ་གར་དུ་བརྫངས་པས་རྡོ་རྗེ་གདན་པ་ཆུང་བའི་སློབ་མ་ཤྲཱི་རྣམ་གཉིས་ལ་མདོ་སྣ་སུམ་བརྒྱ་ཉེར་དགུ་ཙམ་གྱི་ལུང་ཡོད་པའི་ཛྙ་ན་ཤྲཱི་ལས་ཀྱང་པུཎྱ་ཤྲཱི་དག་ཅིང་རྒྱ་ཆེ་བའི་སྙན་པ་ལ་བརྟེན་ནས་ཚང་བར་ཞུས། བོད་དུ་བྱོན་ནས་སོ་ཐམས་ཅད་མཁྱེན་པ་སོགས་ལ་གནང་སྟེ་འཕེལ། ཆོས་ཀྱི་རྒྱལ་པོ་འཕགས་པས་སྤྱིལ་བུ་བ་སྟག་སྟོན་ཤེས་རབ་འོད་ཟེར་ལ་ལུང་ཁུངས་དག་པ་ཞིག་འཚོལ་བའི་བཀའ་གནང་བ་ལྟར་པཎྜི་ཏ་སྨྲྀ་ཏིས་རོང་ཟོམ་ལ་གནང་བ་རིམ་བཞིན་མངའ་བདག་ཉང་ནས་བརྒྱུད་པ་ཤངས་པ་གྲགས་སེང་ལ་གསན། དེས་ས་སྐྱ་ཡང་དགོན་བློ་ཆེན་སངས་རྒྱས་སྲས་ལ་གནང་བ་བར་སྐབས་སུ་བསྟན་པའི་སྲོག་འཐུད་པ་པོ་བག་སྟོན་གཞོན་ནུ་ཚུལ་ཁྲིམ་ཀྱིས་རོང་པ་ཤེར་སེང་ལ་དཔྱལ་ནས་བརྒྱུད་པ་གསན་ཡང་བརྒྱུད་པར་ཧོར་ཁོངས་ཀྱི་དོགས་པ་བྱུང་ནས་ས་སྐྱ་ཡང་དགོན་པ་ཀུན་དགའ་འོད་ཟེར་ལ་ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་གསན་ཀྱང་པཎ་ཆེན་ལ་ལྷོ་པས་གསན་མ་གསན་གྱི་ཐེ་ཚོམ་(༡༤༠བ)


GLG017_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་བྱུང་བས་སླར་རྩད་བཅད་པ་ནས་ས་སྐྱ་བློ་ཆེན་པར་ཁུངས་གཙང་བ་ཡོད་པར་རྟོགས་ནས་ཞུས། སྟེང་པ་ལོ་ཙཱ་པར་ལྷོ་པས་གསན་པའི་བརྒྱུད་པ་ངེས་ཏིག་སྲང་ཕག་ཁུར་པར་ཡོད་ཅེས་ཟེར་བ་ལྟར་ཚར་གཅིག་སྟེ་དྲིལ་བའི་བཞི་གསན། དེ་ནས་ཀྱང་བླ་མ་བདུན་ཙམ་གྱི་བར་བརྒྱུད་པ་མ་ཆད་ཙམ་ཡོད་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་ལ་ཐུ་བཙུན་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོས་གསན་ཏེ་རྒྱ་ཆེར་སྤེལ་ནའང་རྒྱུད་འབུམ་དང་འདུལ་ལུང་ཙམ་མ་གཏོགས་ཕལ་ཆེར་དགུན་གྱི་ཆུ་ཕྲན་ལྟར་ཇེ་ཕྲར་གྱུར་ཅིང་ཡོད་སྐད་དུ་སྨྲ་བ་ཕལ་ཆེར་ཡང་ཐོག་མཐའ་བར་གསུམ་ཙམ་དང་འགའ་ཞིག་མ་ཐོབ་བཞིན་དུ་རྫུན་ལ་སྐྱབས་སུ་འཚོལ་བའི་ཚེ་རྡོ་རྗེ་འཆང་གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་མདོ་མངས་ཤེར་ཕྱོགས་ཁུངས་བཙུན་འཚོལ་བར་ཁྱབ་བདག་ཁྲ་ཚང་པ་ཆེན་པོ་མངགས་ཏེ་འབད་པས་གསན་ནས་བཀའ་འགྱུར་རོ་ཅོག་དགའ་བའི་ལོ་གོང་དཀར་རྡོ་རྗེ་གདན་དུ་སྤེལ་བའི་མཐུ་ལས་འཛིན་མའི་ཁྱོན་ཀུན་དམ་པའི་ཆོས་ཀྱི་ཕོངས་པ་དང་བྲལ་བ་ནི་ཟང་ཟིང་གི་འདུ་འཁོད་ཙམ་ལ་བསྟན་པ་བཟུང་བའི་ཁ་ཁྱེར་མཐོན་པོར་བྱེད་པ་རྣམས་ཀྱི་ཆ་ཙམ་གྱིས་བསྒྲུན་དུ་མི་ནུས་པས་བློ་ལྡན་གྱི་ཚོགས་རྣམས་ལག་པད་སྙིང་གར་སྦྱོར་བར་རིགས་སོ། །དེའང་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཐོགས་མེད་ནས་བསགས་པའི་སྒྲིབ་སྦྱོང་དང་གནས་སྐབས་མཆིས་བྲང་ལ་བརྟེན་པའི་སྡིག་ལྟུང་དམ་ཚིག་གི་ཉམས་ཆགས་སེལ་འདོན་དང་(༡༤༡ན)


GLG017_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ཀུན་ཏུ་ངེད་རང་དང་མི་འབྲལ་བའི་སྨོན་ལམ་འགྲུབ་བྱེད་དུ་དམིགས་ཨཱ་ན་ལ་ཞེས་པ་མེ་འབྲུག་ཧོར་ཟླ་གསུམ་པའི་ཚེས་བཅུ་གསུམ་ནས་དབུ་བཙུགས་ཏེ་བཟང་རི་ལྷུན་གྲུབ་རབ་བརྟན་གླིང་དུ་སྐུའི་རྟེན་ལ་སྙིགས་མའི་དུས་སུ་བྱིན་བརླབས་ཀྱི་གཟི་བྱིན་ལྷག་པར་ཆེ་བ་སྨན་བླ་བདེ་བར་གཤེགས་པ་བརྒྱད་ཀྱིས་ཐོག་དྲངས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྐྱོང་སོགས་ཀྱི་སྐུ་བྲིས་འབུར་བཞེངས་པའི་བསོད་ནམས་ནི། བདེ་མཆོག་སྡོམ་འབྱུང་ལས་སྔགས་པ་ལས་ནི་དང་པོ་པས། གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་བསྒྲུབས་ན་མྱུར་བ་ནི། །དངོས་གྲུབ་རྒྱ་ཆེར་ཐོབ་པར་འགྱུར། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། གང་གིས་རྒྱལ་བའི་སྐུ་ནི་རབ་འབར་ཞིང་། ཁྱད་པར་འཕགས་པའི་གཟུགས་དང་སེམས་འདྲ་བ། །ཛམ་ཀླུང་གསེར་ལྟར་རབ་མཛེས་ལྟ་ན་སྡུག །མཚན་གྱི་མེ་ཏོག་རྒྱས་པས་མངོན་དུ་གང་། །མངོན་པར་ཤེས་པ་འཐོབ་ཅིང་དབང་ཆེན་གྲགས། །བྱང་ཆུབ་སྤྱོད་མཆོག་དམ་པ་ཞི་བ་སྤྱོད། །དེ་ནི་ནམ་ཡང་ལོངས་སྤྱོད་འགྲིབ་མི་འགྱུར། །ལྷས་ཀྱང་བསྟི་སྟང་བྱ་ཞིང་མཆོད་པར་འོང་། །བསྟན་པ་འདོད་པའི་ལོངས་སྤྱོད་གཞར་མི་དཀའ། །ཚུལ་ཁྲིམས་རྣམ་དག་རབ་མཁས་ཚངས་པར་སྤྱོད། །ཡི་དམ་བཅས་ནས་ནགས་དང་ནགས་འདབས་སོང་། །མངོན་ཤེས་འཐོབ་ཅིང་ཁྱད་པར་འཐོབ་པར་འགྱུར། །ཞེས་དང་། དམ་ཆོས་པད་དཀར་ལས། ལ་ལས་དེ་བཞིན་རིན་ཅེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་འཁར་བ་ལས། །བདེ་བར་(༡༤༡བ)


GLG017_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །རོ་ཉེ་དང་ནི་ལྕགས་སམ་ས་ཡང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །ལྟ་ན་སྡུག་པ་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །གང་གིས་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་བརྒྱ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འདྲི་རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། རྐང་གཉིས་དམ་པ་སྟོན་པ་ཡི། །སྐུ་གཟུགས་མཆོད་རྟེན་དག་ཀྱང་བྱ། །སྤོས་དང་དྲི་དང་བྱུག་པ་ཡིས། །མཆོད་བྱ་བསྙེན་བཀུར་བྱ་བ་དང་། །རྣམ་པ་སྣ་ཚོགས་གོས་མཆོག་དང་། གཞན་ཡང་ནོར་བུའི་གདུབ་ཀོར་རྒྱན། །རྣམ་པ་སྣ་ཚོགས་བཟའ་དང་བཅའ། །ཡང་དག་སྦྱར་བ་དབུལ་བར་བྱ། །རྣམ་པ་སྣ་ཚོགས་ཕུན་སུམ་ཚོགས། །ཅི་འདོད་ཁ་ཟས་བྱས་པ་ལ། །དེ་བཞིན་སྔགས་ནི་བཟླས་བྱས་དབུལ། །སེམས་ཅན་དགེ་བའི་སྐྱེ་གནས་འགྱུར། །དམ་པའི་འགྲོ་བའི་སྐྱེ་གནས་སུ། །གྲོང་མཆོག་དག་ཏུ་སྐྱེ་བར་འགྱུར། །མཐར་ནི་བྱང་ཆུབ་གཞོལ་འགྱུར་ཞིང་། །ཕྱིས་ནས་ཞི་བར་ཡང་དག་འགྲོ །ཞེས་གསུངས། རྒྱལ་བའི་གསུང་བཀའ་འགྱུར་རོ་ཅོག་བཞེངས་པའི་ཕན་ཡོན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། ཀུན་དགའ་བོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འདོད་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་འདི་ལ་སྤྱད་(༡༤༢ན)


GLG017_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པར་བྱ། གཟུང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ། རབ་ཏུ་གདོན་པར་བྱ། བསྟན་པར་བྱ། ཉེ་བར་བསྟན་པར་བྱ། ལུང་འབོགས་པར་བྱ། ཁ་ཏོན་དུ་བྱ། བྲི་བར་བྱ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ་མེ་ཏོག་དང་བདུག་པ་དང་དྲི་དང་འཕྲེང་བ་དང་། བྱུག་པ་དང་ཕྱེ་མ་དང་། ན་བཟའ་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དང་ཁོ་ར་ཁོར་ཡུག་ཏུ་མར་མེའི་འཕྲེང་བ་དང་མཆོད་པ་རྣམ་པ་མང་པོས་བཀུར་སྟིར་བྱ། བླ་མར་བྱ། བརྗེད་པར་བྱ། མཆོད་པར་བྱ། རི་མོར་བྱ། བསྙེན་བཀུར་བྱ་སྟེ། ཀུན་དགའ་བོ་འདི་ནི་ངའི་རྗེས་སུ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། འཕགས་པ་སྡུད་པ་ལས། ལ་ལས་གངྒཱའི་ཀླུང་གི་ཇི་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་གྱིས་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་ཡིག་འདི་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། ཞེས་དང་། ཤེས་རབ་ཁྲི་པ་ལས། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། ཚེས་བཅོ་ལྔ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དང་། འཆད་པར་བྱེད་པ་ན་བསོད་ནམས་ཀྱི་ཕུང་(༡༤༢བ)


GLG017_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དཔག་ཏུ་མེད་གྲངས་མེད། ཚད་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད་པ་མང་པོ་དག་བསྐྱེད་པར་འགྱུར་ཞིང་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དང་འཆད་པར་བྱེད་པ་ན་ལྷའི་འཁོར་མདུན་དུ་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིན་པོ་ཆེ་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལ་རིན་པོ་ཆེ་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་དམྱལ་བར་འགྲོ་བ་ལས་ཡོངས་སུ་ཐར་བར་བྱེད་པ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་མི་དབུལ་པོ་དང་གནོད་སྦྱིན་དབུལ་པོ་དང་ཀླུ་དབུལ་པོ་ལས་ཡོངས་སུ་ཐར་བར་བྱེད་པ་ཡིན་ནོ། །ཞེས་གསུངས། རིན་ཅེན་དངུལ་ལས་ཆོས་སྐུའི་རྟེན་བཞེངས་པའི་ཕན་ཡོན་ནི། མཆོད་རྟེན་བསྐོར་བའི་ཕན་ཡོན་ལས། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་འཇིམ་གོང་གཅིག་བོར་བ། །ཛམྦུའི་ཆུ་ཀླུང་གསེར་གྱི་ཕོ་བྲང་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་ཞིག་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་སིལ་མ་སྤུངས། །ཛམྦུའི་ཆུ་ཀླུང་གསེར་སྣོད་འབུམ་བཞག་པ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་ཞིག་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་འཕྲེང་བ་ཐོགས། །ཛམྦུའི་ཆུ་ཀླུང་གསེར་ཁལ་བྱེ་བ་གཉིས། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་དང་། དམ་ཆོས་པད་དཀར་ལས། གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། །གང་གིས་ཨ་ཀ་རུ་དང་ཙན་དན་ནམ། །གང་(༡༤༣ན)


GLG017_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཐང་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་ངམ་གཞན་ལས་བྱས་པ་དང་། །ས་དང་སོ་ཕག་ལས་ནི་བརྩིགས་པ་ཡི། །རྒྱལ་བའི་མཆོད་རྟེན་དགའ་ཞིང་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངམ་དགོན་པ་གང་དུ་བྱས་པ་དང་། །བྱིས་པ་རྩེད་མོར་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། མཆོད་རྟེན་སྐོར་བ་བྱས་ན་ནི། །སྐྱེ་བ་ཐམས་ཅད་ཀུན་ཏུ་ཡང་། །དབང་ཆེན་གྲགས་པའི་ཁྱིམ་བདག་དང་། །དཔལ་དང་གཟི་བརྗིད་ལྡན་པར་འགྱུར། །བྲམ་ཟེ་སཱ་ལེ་ཆེ་འདྲ་དང་། །ཚུལ་ཁྲིམས་ལྡན་ཞིང་མང་ཐོས་དང་། །རྒྱལ་རིགས་སཱ་ལ་ཆེ་འདྲ་དང་། །ཕྱུག་ཅིང་ནོར་ཆེར་ལྡན་པར་འགྱུར། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་གང་སྨོན་པ། །གླིང་བཞི་དག་ནི་དབང་ཕྱུག་བླ། །རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །ཞེས་པ་ལྟར་ཡིན་ལ། དེ་ཡང་བཟོ་བོ་དོ་དམ་ལས་བྱེད་སོགས་ནི། ཞུ་ཆེན་མངའ་རིས་གྲ་ཚང་ནས་དཀའ་བཅུ་བསོད་ནམས་ཡར་འཕེལ། དཀའ་བཅུ་བློ་བཟང་རབ་རྒྱས། རབ་འབྱམས་བ་བློ་བཟང་ཆོས་གྲགས། རབ་འབྱམས་པ་སངས་རྒྱས་རྒྱལ་མཚན། རབ་འབྱམས་པ་བཟང་པོ་དཔལ་གྲུབ། རབ་འབྱམས་པ་རིན་ཅེན་རྒྱལ་མཚན། ཡིག་མཁན་ཨེ་ནས་ལྟོ་དཀར་བ་དབོན་དཔལ་འབར། དཔོན་ལྷ་མགོན་དར་རྒྱས། སྒྲོལ་མ་ཚེ་རིང་། བྱིངས་གྲས་བག་གྲོ། ཚེ་བརྟན། འཇམ་དབྱངས་བཀྲ་ཤིས། (༡༤༣བ)


GLG017_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དར་རྒྱས་བཀྲ་ཤིས། ནོར་བུ། ཀུན་དགའ་ནོར་བུ། བསམ་གྲུབ། བློ་བཟང་ཀུན་དགའ། རྒྱས་དཀར། དགྲ་འདུལ། བུ་མོ་ཨ་བར། ཁྱི་ཕྲུག །བཀྲ་ཤིས་འཛོམ་པ། བཞི་དར། རབ་བརྟན། ལྷ་མགོན་རྒྱལ་པོ། ནམ་མཁའ་སྲི་ཆོད། ཐུབ་དབང་། དགྲ་འདུལ། ཆོས་དར། འཇམ་དབྱངས་ནོར་འཛིན། དངོས་གྲུབ་ནོར་བུ། ཚེ་རྒྱལ། ཨྱོན་ནོར་བུ། རྒྱ་མོན་ནོར་བུ། བསམ་གྲུབ་དགོས་པ། འཇམ་དབྱངས་བཀྲ་ཤིས། འབའ་ལྷུག །བསམ་གྲུབ་དར་རྒྱས། སྤེན་མོ་འཇམ་དབྱངས། དགོས་པ་བཀྲ་ཤིས། ལྷུན་གྲུབ། ནོར་བུ་བསྟན་འཛིན། གྲོ་ནང་འཇམ་དབྱངས། ལྔ་འཛོམ། རྒྱ་མོན་བསོད་ནམས། བསམ་གྲུབ་བཀྲ་ཤིས། ཨ་བར་རྒྱལ་པོ། སྤུན་དྲུག །བསམ་གྲུབ་དགོས་པ། ཚེ་རིང་དོན་གྲུབ། བསམ་གྲུབ་དགོས་སྐྱེས། སྐྱའོ་ལྔ་འཛོམ། ཚེ་རིང་དར་རྒྱས། བསྟན་འཛིན། ཚེ་དབང་དཔལ་འབར། བསྟན་འཛིན། རྒྱ་མོན་རབ་འཕེལ། བསམ་གྲུབ་ནོར་བུ། འདམ་ཆོས་འཛོམ། དབང་རྒྱལ། ནོར་བུ་དོན་གྲུབ། རྒྱ་མོན་བཀྲ་ཤིས། ལྔ་འཛོམ། བུ་མོ་བསམ་གྲུབ། དགོས་པ་བསྟན་འཛིན། ཚེ་རིང་ཕུན་ཚོགས། ལྷ་དབང་ཚེ་རིང་། རྒྱ་མོན་བསྟན་འཛིན། ནོར་བུ་དར་རྒྱས། ཚེ་རིང་དཔལ་འབྱོར། ལྷ་མགོན་བསམ་གྲུབ། བསོད་ནམས་དར་རྒྱས། ཚེ་རིང་བསམ་གྲུབ། ལྷ་བྱིན་ནོར་བུ། བསམ་གྲུབ་དགོས་པ། བསམ་གྲུབ་ལྷ་རྒྱལ། རྒྱ་མོན་བསམ་གྲུབ། བློ་བཟང་། འཚོམ་གྲོལ་ནོར་བུ། ཚེ་རིང་དཔལ་འབྱོར། དཔོན་འཇམ་དབྱངས། རྒྱ་མོན་ནོར་བུ། ལྷ་མགོན་(༡༤༤ན)


GLG017_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ། སྒམ་པོ་དར་རྒྱས། ཁྱུང་ཕྲུག །བསྟན་པ་དར་རྒྱས། རྒྱ་མཚོ་ནོར་བུ། ཨྱོན་ཕྱག་རྡོར། འཇམ་དབྱངས་འཚོམ་གྲོལ། ཚེ་བརྟན། འཇམ་དབྱངས་བཀྲ་ཤིས། བསམ་གྲུབ་དགོས་འཛོམ། ནོར་བུ། རྟ་མགྲིན་རྡོ་རྗེ། བསོད་ནམས་རབ་བརྟན། ནོར་འཕེལ། སྲི་ཆོས་དར་རྒྱས། བསམ་པ་དོན་གྲུབ། བསོད་ནམས་ནོར་བུ། དགོས་པ་ཚེ་རིང་། ཆོས་མཛད། རྒྱ་མོན་བཀྲ་ཤིས། བཀྲ་ཤིས། སུམ་དགའ། བཀྲ་ཤིས་རབ་བརྟན། བུ་མོ་བཀྲ་ཤིས། དགོས་དགོས་དར་རྒྱས། དཔལ་འབྱོར་བཀྲ་ཤིས། བསོད་ནམས་བསྟན་འཛིན། རྒྱལ་པོ་བསམ་གྲུབ། དངོས་གྲུབ། རྒྱ་མོན་དོན་གྲུབ། བག་གྲོ །བཀྲ་ཤིས། སྨེར་རྒྱ་མོན། རྒྱ་མོན་དར་རྒྱས། ཚེ་རིང་བསྟན་འཛིན། རྒྱ་མོན་ཆོས་མཛད། མགོན་པོ་རྡོ་རྗེ། ལྷ་མགོན་བསྟན་འཛིན། ཆོས་བཀྲ་ཤིས། ཤོག་སྦྱོར་བ་ཨེ་ནས་ཡོན་བདག་ཨྱོན་ཕྱག་རྡོར། ནོར་བུ་བཀྲ་ཤིས། དངོས་གྲུབ་བཀྲ་ཤིས། བཀྲ་ཤིས། སུམ་དགའ། ནོར་བུ་བསམ་གྲུབ། ལྔ་འཛོམ། དགོས་པ་དོན་གྲུབ། ནོར་བུ་དར་རྒྱས། དར་རྒྱས། ཤེས་རབ་བསྟན་འཛིན། བསྟན་འཛིན་རྣམ་རྒྱལ། སྙེ་མོ་སྐྱིད་འཇམ། དཔལ་འབྱོར་རྣམས། གོས་བཟོ་བ་བསོད་ནམས། ལྷ་བྱིན། བསོད་ནམས་དོན་གྲུབ། དོ་དམ་ཆོས་ལུང་པ་རྡོ་རྗེ་དང་། དོན་གྲུབ། ལྷ་བྲིས་དབུ་མཛད་ཕོ་བྲང་ཕུན་ཚོགས། རྣམ་རྒྱལ་ཚིང་བཀྲས། བྱིངས་གྲས་ཕོ་བྲང་འདོད་ཡོན། རབ་བརྟན། དར་འབག་གྲགས་པ། འཕྲང་འགོ་དཀོན་ཅོག །དོལ་པ་ཧོར་(༡༤༤བ)


GLG017_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲིས། ཆད་དཀར་ཁྲ་རི། འཇིམ་བཟོ་དབུ་མཛད་བག་དྲོ། བྱིངས་གྲས་ཨྱོན་ཆོས་རྒྱལ། འཛོམ་ཕྲུག །ལྔ་འཛོམ། བཙུན་ཆུང་། དཔལ་འཛིན། ཨ་བར་དར་རྒྱས། ཨ་བར་འཛོམ་ཕྲུག །གོང་འཁོད་བྲིས་འབུར་གཉིས་ཀྱི་དོ་དམ་འབྲེལ་སྔ་བ་ཨ་ཚོགས། མཆོད་རྟེན་གྱི་ས་འཛིན་ཡན་ནོར་བུའི་ཏོག་མན་གྱི་དཔངས་ལ་རྒྱུག་མཐོ་བདུན་དང་ཚོན་གསུམ། ས་འཛིན་གྱི་ཞེང་ལ་རྒྱུག་མཐོ་བཞི་ཡོད་པའི་བཟོ་བོ། བལ་པོ་བརྡུངས་པ་དྷ་ལམ། ཕུལ་པ་དེ་ཝི་ཙནྡྲ། ཕྲ་བ་ཀཱ་ན། གོང་འཁོད་བལ་པོའི་དོ་དམ་རྩེས་དང་ཤན་གྲོང་པ་བསྟན་འཛིན་ཕུན་ཚོགས་དང་། རྒྱལ་གྲོང་དངོས་གྲུབ་བསྟན་འཛིན། མཆོད་རྟེན་དང་གླེགས་ཤིང་གི་ཤིང་བཟོ་བ་ཚེར་བསེབ་དབང་ཕྱུག །ཁང་གཉེར་བསམ་གྲུབ། ཧོར་ཕྲུག །རྩེས་དང་བརྟན་བརྟན། བསྟན་འཛིན། བཞུགས་ཁྲིའི་ཤིང་བཟོ་བ་དཔོན་པདྨ་དང་། ཕོ་བྲང་བཀྲ་ཤིས་དར་རྒྱས། ཤིང་བཟོ་བྱིངས་ཀྱི་དོ་དམ་གསུམ་གྲོང་པ་དགོས་རྡོར། བཟོ་བྱིངས་ཀྱི་དགོས་ཆ་གྲ་སྒྲིག་སོགས་ཀྱི་དོ་དམ་ལ་ཚོགས་རྒྱལ་གླིང་པ་ཚེ་འཛིན། ཚ་རུ་བ་རྒྱ་ཕུར། ཁྲི་སྨོན་པ་རྡོ་རྗེ་མགོན་པོ་ཚེ་རིང་། ཇ་མ་རྡོ་རྗེ་བརྟན་པ། ཆང་མ་ནོར་བུ། ལས་བྱེད་ཕུན་ཚོགས་བཀྲ་ཤིས། བཀྲ་ཤིས་བཅས་པས་བགྱིས་ཤིང་། སྐུ་གསུང་ཐུགས་རྟེན་བཞེངས་པ་དང་དེ་ལ་ཕྱག་དང་སྐོར་བ་མཆོད་བསྟོད་སོགས་སྲི་ཞུར་བགྱིས་པའི་ཕན་ཡོན་མདོ་རྒྱུད་དུ་མ་ནས་ལན་ཅིག་མ་ཡིན་པར་བྱུང་བ། ལུང་ཕྲན་ཚེགས་ལས། ཟླ་བ་སྐར་མའི་ཚོགས་བཅས་ས་ལ་ལྷུང་ཡང་སྲིད། །ས་འདིར་རི་དང་ནགས་ཚལ་མཁའ་ལ་འགྲོ་(༡༤༥ན)


GLG017_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་བསྐམས་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོ་རྫུན་གསུང་འགྱུར་བ་སྲིད་པ་མིན། །ཞེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མི་བདེན་པའི་ཚིགས་གསུང་བ་ནམ་ཡང་མི་སྲིད་པས་རྣམ་དཀར་གྱི་དགེ་བའི་འབྲས་བུ་ཇི་སྐད་བཤད་པ་མཐའ་དག་ཡོན་སྦྱོར་གྱི་སྦྱིན་པའི་བདག་པོར་མ་ཟད་འདིའི་ཆེད་དུ་ལུས་ངག་ཡིད་ཀྱི་ངལ་བ་ཅུང་ཟད་བསྟེན་པ་རྣམས་ཀྱང་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་སྤྱོད་པར་གདོན་མི་ཟ་ཞིང་བློ་གྲོས་མི་ཟད་པའི་མདོར་ཚིག་ལྷུག་ཏུ་ཡོད་པ་བཀའ་གདམས་པ་ཞིག་གིས་ཚིགས་བཅད་དུ་བསྡེབས་པར། དགེ་བ་རྒྱ་མཚོའི་ནང་གི་ཆུ་ཐིགས་བཞིན། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་པའི་དོན་ལྟར་བསྔོ་སྨོན་གྱི་རྒྱས་འདེབས་པ་ནི། སེམས་ཅན་བསམ་པའི་ཁྱད་པར་དེ་སྙེད་དང་། །འཚམ་པར་ཐུབ་པས་ལེགས་གསུངས་ལུང་རྟོགས་ཆོས། །ནམ་མཁའ་རང་གི་ངོ་བོ་གཏོང་མིན་པར། །ལེགས་བྱས་ཞིང་དུ་ནུབ་པ་མེད་པར་ཤོག །གསེར་མདོག་ཅོད་པན་འཆང་བའི་ཆོས་སྲིད་བསྟན། །ཛཱ་ཏིའི་དྲི་ངད་འཐུལ་བ་ཆུ་གཏེར་ཆེའི། །སྐ་རགས་རབ་བཅིངས་ཀུན་བཟོད་ཡངས་པའི་ཁྱོན། ཁྱབ་པའི་གྲིབ་མར་འབངས་རྣམས་ངལ་གསོར་ཤོག །དུཿཁས་ཉེར་མནར་གནས་ངན་སྣོད་བཅུད་ཚོགས། །ལྷ་མིའི་རྗེས་འགྲོའི་སིམ་པའི་ཚོར་བ་ཡིས། །དཀར་མིན་རྒྱུ་དང་དེས་བསྐྱེད་འབྲས་བུ་ལ། །དེང་ནས་ནམ་ཡང་ལོངས་སུ་མི་སྤྱོད་ཤོག །འདོད་གཟུགས་གཟུགས་མེད་(༡༤༥བ)


GLG017_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་མཐོའི་རྟེན་རྙེད་ཀུན། །ཡང་སྲིད་གཞན་དུ་ཉིང་མཚམས་མི་སྦྱོར་བར། །སྐྱེ་འདིར་ཐར་པའི་ཐེམ་སྐས་ལ་འཛེགས་ཏེ། །བླ་མེད་ཡེ་ཤེས་གྲོང་དུ་འཇུག་པར་ཤོག །ཁྱད་པར་བོད་དང་ཆེན་པོའི་རྒྱལ་ཁམས་སུ། །རྩོད་དུས་ཉེས་བརྒྱ་བསགས་པའི་སྨག་གི་རུམ། །ལྷག་བསམ་སྐྱ་རེངས་མ་ཡིས་རབ་དྲངས་པའི། །བདེ་ལེགས་རྫོགས་ལྡན་སྣང་བས་མཐར་བྱེད་ཤོག །བློ་ཅན་བསོད་ནམས་བཟང་པོའི་མཐུ་བརྟས་པས། །སྟོབས་འབྱོར་ཕུན་སུམ་ཚོགས་པ་སྦྱིན་པའི་བདག །རིང་པོའི་ཚེ་དང་མངའ་ཐང་ལོངས་སྤྱོད་རྣམས། །རྣམ་ཐོས་བུ་ཡི་མཆེད་ཟླར་འགྲན་ནུས་ཤོག །ཐོག་མ་མེད་ནས་དེང་བར་བསགས་སྡིག་དྲི། །ལེགས་བྱས་ཉེར་བསྒྲུབ་གངྒཱས་རབ་བཀྲུས་ཏེ། །མཐོ་རིས་ཡོན་ཏན་བདུན་ཚང་དལ་བའི་རྟེན། །ཆད་མེད་སྐྱེ་བ་ཀུན་ཏུ་ཐོབ་པར་ཤོག །ཕྲ་རྒྱས་སྐྱོན་གྱི་ཁུང་བུར་རྟག་ཉལ་བ། །སྨིན་ཁྱོད་ལྟོ་འགྲོའི་རླབས་ཀྱིས་བབས་པའི་དུག །ཆེས་དཀར་ཆིག་དུག་སྨན་གྱིས་དྲུང་ཕྱུངས་ཏེ། །སིམ་པའི་ཚོར་བ་རྒྱུན་དུ་མྱོང་བར་ཤོག །ཆགས་ཉམས་སེལ་གྱི་ལང་ལོང་རྙོག་མའི་ཆུ། །སླུ་མེད་རྟེན་འབྲེལ་ཀེ་ཏ་ཀས་བསྒྲུངས་པས། །ཡང་སྲིད་བརྒྱུད་མར་དམ་པའི་མགོན་གྱི་གཟུགས། །འཆར་བའི་གཟིགས་མོ་ཚར་དུ་ཆེ་བར་ཤོག །རྩ་གསུམ་འཁོར་ལོར་མེ་ཏོག་འཕོག་པའི་ལྷས། །རྗེས་བཟུང་ཧེ་རུ་ཀཿདཔལ་གྲོང་ཁྱེར་དུ། །སྨིན་གྲོལ་ལམ་གྱི་ཟུང་འཇུག་རྡོ་རྗེ་འཛིན། །མངོན་འགྱུར་ཡིད་ཅན་མཐའ་དག་འདྲེན་པར་ཤོག །མཚན་དཔེ་རྫོགས་པའི་སངས་རྒྱས་ས་ཆེན་པོར། །བགྲོད་མིན་བར་གྱི་ཡང་སྲིད་མཐའ་དག་ཏུ། །ངག་དབང་བློ་གསལ་སྐལ་བཟང་རྒྱ་མཚོ་དང་། །འབྲལ་མེད་བརྩེ་བས་རྗེས་སུ་འཛིན་པར་ཤོག །དེ་དོན་ཉེར་བཏབ་ས་བོན་ཡོངས་སྨིན་པར། ཁས་འཆེ་ཇི་བཞིན་འགྲུབ་པར་མཆོག་གསུམ་གྱི། །ཐུགས་རྗེ་(༡༤༦ན)


GLG017_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད་ཀྱི་དྲོད་གཤེར་ལས་བསྐྲུན་པའི། །རེ་འབྲས་ཡོངས་འདུའི་ལྗོན་པ་དར་བ་ཤོག །སྐུ་གསུང་ཐུགས་རྟེན་བཞེང་བ་འདི་ཆེད་དུ། །ཨ་མྲའི་ཚིག་གུ་ཙམ་གྱི་བདོག་པ་དང་། །གོམ་གཅིག་འདེགས་པས་མཐའ་བྱས་ངལ་བསྟེན་ཀུན། །བདེ་འགྲོ་རིམ་བརྒྱུད་ངེས་ལེགས་མྱུར་ཐོབ་ཤོག །འདྲེན་པ་སྲས་དང་སློབ་མར་བཅས་པ་ཡི། །ཐུགས་དམ་བསྐུལ་ཚིག་དབྱར་རྔ་སྙན་པོའི་སྒྲས། །བྱིན་རླབས་མངལ་ཁུར་བཟུང་ནས་བྱང་ཆེན་བར། །དགའ་བའི་སྒྲོ་གཤོག་ཟླུམ་པོར་བསྒྱུར་བར་ཤོག །སྤྱད་ཀྱང་མི་འཛད་དགེ་ཚོགས་ཡོངས་འདུའི་འབྲས། །མ་སྨད་གཏན་བདེའི་རོ་བརྒྱ་བདའ་བའི་བཅུད། །རང་ཆེད་ཁོ་ནར་མི་བསྒྲུབ་མ་རྒན་འགྲོའི། །གཞལ་དཀའི་དྲིན་ལན་བསབ་པའི་རྒྱུ་རུ་བསྔོ། །རྩ་བརྒྱུད་བླ་མ་ཞི་ཁྲོ་རབ་འབྱམས་གསང་གསུམ་འཁོར་ལོའི་ཆུ་འཛིན་ལས། །མ་དང་མཁའ་འགྲོ་དམ་ཅན་སྲུང་མའི་ཐོགས་མེད་འཕྲིན་ལས་ཆར་རྒྱུན་གྱིས། །འདི་དང་གཏན་མདུན་ཕན་བདེའི་ལོ་འབྲས་རབ་སྨིན་ཁུར་གྱིས་ཡོངས་དུད་པའི། །དགའ་སྟོན་མཆོག་ལ་རྟག་ཏུ་སྦྱོར་བར་རྩ་གསུམ་ལྷ་ཡིས་བདག་བྱིན་རློབས། །ནམ་ཡང་སླུ་མེད་དཀོན་ཅོག་རིན་ཅེན་ཐུགས་རྗེའི་མཐུ་དཔུང་བརྗོད་པ་དོན་དང་ལྡན་པའི་དབྱངས། །ལེན་དང་ལྷན་ཅིག་ལྷ་དང་རིག་འཛིན་བདེན་ཚིག་གྲུབ་རྣམས་མགྲིན་པ་གཅིག་ཏུ་རབ་བཏེག་ནས། །སྭ་སྟི་ཀ་ཡི་རྒྱུད་མངས་སྒྲ་ལས་ཉེ་བར་དྲངས་པའི་བཀྲ་ཤིས་གླུ་རུ་བླངས་པ་བཞིན། །བསམས་པའི་རྒྱལ་མཚན་རྩེ་མོར་བཀོད་པའི་ཡིད་བཞིན་ནོར་བུས་འདོད་པའི་རེ་འབྲས་ལྷུན་གྲུབ་ཤོག །ཨ་ན་ལ་ཞེས་མེ་ཕོ་འབྲུག་གི་ལོ་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱིས་རྟེན་(༡༤༦བ)


GLG017_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པའི་ཚེ་ཆེ་བརྗོད་དང་འབྲེལ་བའི་བསྔོ་སྨོན་ཚིགས་བཅད་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པས་བགྱིས་པ་སིདྡྷི་རསྟུ། །(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) མཱུནྟཀཱགཱམྱཤཱརཱཎྱཀྲྀཏྟསྱཝཱཀྵཱདྷུདྷཱཤེཥྱིཀཔཱདམཱུགྲཏཱ། བྻཱུཧརཏྣཱཉྩསིདྡྷཔྲབིམྦསྱམཏྲཱལཱབྱཀཾསཱརིཏཱཀྵཱརམལེབུཥཾ། རིས་མེད་འགྲོ་ཀུན་སྐྱབས་མཛད་དེ་ཡི་གསུང་། །ལེགས་འཛིན་སློབ་མར་བཅས་ཞབས་གཙུག་ཏོར་རྩེར། །བཀོད་ནས་རིན་ཅེན་ལས་གྲུབ་སྣང་བརྙན་གྱིས། །དཀར་ཆག་མདོ་ཙམ་ཡི་གེའི་འཕྲེང་བར་སྤེལ། །ཚངས་སྲས་ལྷ་མོས་ཉེར་སྩལ་དངོས་གྲུབ་ཏུ། །ཐེ་ཚོམ་བྲལ་བས་བྲན་མོའི་ལ་དུ་ཡིས། །སྐད་ཅིག་གནས་ལྔ་རིག་བསྒྱུར་མོས་བློའི་ངོར། །རྒྱལ་རྣམས་ཉེར་འབྱོན་བྱིན་རླབས་དངོས་པོའི་གཤིས། །དེ་ཕྱིར་གདན་གསུམ་ཚང་བའི་རྡོ་རྗེ་སེམས། །བཤེས་གཉེན་གཟུགས་(༡༤༧ན)


GLG017_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ངེས་པའི་འདྲ་འབག་ལ། །གར་དབང་པད་དཀར་འཛིན་དང་འབྲོམ་རྗེའི་སྐུ། །རྨད་བྱུང་གཟིགས་མོར་ཚར་དུ་དངར་ནུས་གྱུར། །འཇོན་དམར་ཀླུ་མཚོ་གྲངས་ཀྱི་ཉ་ག་ལ། །རིན་ཅེན་གཉིས་པ་ཚེས་ཞོར་ལོངས་པ་ཡིས། །གཞལ་བའི་ཏི་ཚ་དངུལ་ཆུ་སྐུ་རྒྱུའི་གསེར། །བརྒྱད་ཀྱི་སེ་བས་ལྷག་པའི་བཅུ་གཉིས་ཞོ། །མ་ཧན་ཙེ་དར་བཅོ་བརྒྱད་ཁར་ལོངས་པའི། །མན་ཤེལ་སོལ་ཤིང་ཉེར་མཁོའི་ཡོ་བྱད་བསྒྲུབས། །གྲང་གསེར་སེ་བ་གསུམ་དང་བཟོ་རིག་གི །ཟས་ཡོན་ཞོ་འཁོར་བདུན་ལྡན་ས་ལེ་སྦྲམ། །ནས་ཁལ་མཁའ་མིག་ཁ་བཏགས་ཆེ་ཆུང་བརྒྱད། །དཀར་ཤ་ཁོག་ཟུང་ཕྱེད་བཅས་ཟས་སྣའི་རིགས། །ལོངས་སུ་སྤྱོད་བྱའི་བདོག་པ་འཇུངས་བློ་དང་། །ཉེར་བྲལ་སྙིང་སྟོབས་བརྩོན་པས་ཨཱ་ན་ལ༔། །མེ་འབྲུག་བགྲང་བྱར་དཔལ་གྲོང་སྔགས་རམས་པས། །ཡོན་སྦྱར་མཁས་པ་དྷ་ན་ཞེས་པ་ཡི། །རྣམ་དཔྱོད་སོར་རྩེའི་འཕྲུལ་གྱིས་རབ་བསྐྲུན་པར། །ཉི་མའི་གཉེན་གྱི་འཕེལ་གདུང་ཡིད་བཞིན་ནོར། །ཨ་ཏི་ཤ་ཡི་རྣམ་སྦྱར་དབུ་ཞྭ་གདུང་། །རྒྱ་དཔེ་མི་ཏྲ་ཛོ་ཀིའི་རྡོའི་སྒོམ་ཐག །འབྲོམ་གྱི་ལྕང་ལོ་གདུང་ཐལ་བཞུགས་པའི་སྟན། །རྔོག་ལོ་ཁུ་དབོན་ན་བཟའ་དགོན་པ་བའི། །སྐུ་རེག་པོ་ཏོའི་ན་བཟའ་དེ་ཉིད་དང་། །སྤྱན་མངའི་དབུ་སྐྲ་སྣེ་ཟུར་མནབས་པའི་གོས། །པཎ་ཆེན་སྒྲེ་པ་ཤ་བོ་སྒང་པའི་གདུང་། །བྱ་འདུལ་དབུ་ལོ་ལས་ཀྱི་རྡོ་རྗེའི་ཕྱགས། །ཀུན་མཁྱེན་བཙོང་ཁ་པ་ཡི་དབུ་སྐྲ་ཞྭ། །སྣམ་སྦྱར་རྡུལ་གཟན་ཕྱག་ནས་སྐུའི་སྙེས་འབོལ། །རྒྱལ་ཚབ་བ་སོ་སྨོན་ལམ་དཔལ་གསུམ་གྱི། །དབུ་ལོ་དགེ་ལེགས་དཔལ་བའི་སྨན་གྱི་འཕྲེང་། །གཙང་པ་བདུན་བརྒྱུད་བྱིན་རྟེན་འཇམ་རྒྱམ་གདུང་། །དགེ་འདུན་གྲུབ་གྱི་དབུ་སྐྲ་བླ་གོས་ཞྭ། །འདར་སྟོན་བློ་བཟང་གྲགས་དང་ཀུན་བཟང་པ། །མདུང་རས་གསུམ་གྱི་དབུ་སྐྲ་ནོར་བཟང་པའི། །(༡༤༧བ)


GLG017_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སླར་སྐྱེས་གདིང་བ་གསང་ཆབ་རིལ་བུར་བཅས། །པཎ་ཆེན་དགེ་འདུན་རྒྱ་མཚོའི་དབུ་སྐྲ་ཞྭ། །ཤངས་མཚལ་པུར་རས་སྔགས་རམས་གསང་གནས་ཆབ། །བསོད་གྲགས་ན་བཟའ་དེ་དང་བསྟན་དར་བའི། །དབུ་སྐྲ་བསོད་ནམས་རྒྱ་མཚོའི་ཞ་ཐུལ་བེར། །པུར་རས་དབུ་ལོ་གསང་ཆབ་འཕྲེང་ཐག་ཕྱགས། །སྐུ་རག་དར་དང་ན་བཟའ་སྐུ་གསུམ་གྱི། །རིགས་འཛིན་བླ་མ་བསྒྲུབས་པའི་རིལ་བུར་བཅས། །སྒོམ་སྡེའི་བླ་གོས་དེ་དང་ན་ཁ་བའི། །དབུ་ལོ་བློ་བཟང་ཆོས་རྒྱན་སྣམ་སྦྱར་སྐྲ། །ཡོན་ཏན་རྒྱ་མཚོའི་དབུ་ལོ་གསང་ཆབ་ཞྭ། །པུར་རས་དཀོན་ཅོག་ཆོས་འཕེལ་སླར་སྐྱེས་དང་། །ཕ་བོང་ཁ་པའི་དབུ་སྐྲ་ཕྱག་གི་སེན། །མེ་ཁྱེར་རྒྱུ་སྐར་གྲལ་བཞིན་སྐྲ་མཚལ་ཟུང་། །ཡོན་སྦྱོར་འདོད་ལྟར་སྤེལ་ལེགས་འཕྲེང་བར་བསྒྲིགས། །བླ་བརྒྱུད་བྱ་སྤྱོད་རྣལ་འབྱོར་བླ་མེད་དང་། །པད་གཟུངས་མཐའ་རྟེན་རིང་བསྲེལ་རྣམ་པ་བཞི། །གནོད་སྦྱིན་འཁོར་ལོར་བཅས་པའི་གཟུངས་འབུལ་རྣམས། །ལོ་དེའི་ཟླ་སྐར་རྒྱལ་གྱིས་ཉ་བ་ཡི། །གང་བ་དང་པོའི་གཟའ་སྐར་འཕྲོད་དགེའི་དུས། །ངོས་ཀྱི་གཙོར་བཏོན་གཟུངས་འབུལ་ལག་ལེན་ཀུན། །འཁྲུལ་མེད་མཁས་པའི་ཕྱག་ལེན་ལྟར་བསྐྲུན་ནས། །རྒྱལ་བ་གཉིས་པར་དམ་ཡེ་དབྱེར་མེད་པར། །རབ་ཏུ་གནས་ཏེ་བཀྲ་ཤིས་མེ་ཏོག་སྙིལ། །ཆོས་དཀར་འབྲས་བུ་འདིའི་ཆེད་འབད་པ་ཀུན། །ཚེ་དཔལ་དབང་ཐང་ལུང་རྟོགས་ཡོན་ཏན་རྣམས། །བླ་ནས་བླར་འཕེལ་མཐོ་རིས་ལམ་བརྒྱུད་ནས། །རིང་མིན་རྣམ་པ་ཐམས་ཅད་མཁྱེན་ཐོབ་ཤོག །ཅེས་རྩེས་དང་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་ངེད་རང་གི་འདྲ་འབག་བཞེངས་པའི་དཀར་ཆག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པའང་སྔགས་རམས་པ་ཉིད་དོ། །(༡༤༨ན)
སྒོ་མང་གྲྭ་ཚང་གི་ཚོགས་ཁྲོའི་ཁ་བྱང་རོ་བརྒྱའི་དཔལ་འཛིན། བཀྲ་ཤིས་སྒོ་མང་རྣམ་ཕྱེའི་འདུས་སྡེ་ལ། །སྲི་ཞུར་བསྐྲུན་སྣོད་ཁམས་གསུམ་འབྱོར་པ་ཀུན། །ཛཧྣུའི་ལྟོར་ལམ་གསུམ་ལས་འབབ་ལྟར། །ལེགས་འཁྱིལ་རོ་བརྒྱའི་དཔལ་འཛིན་འདི་ཀོ་མཚར། །ལོངས་སྤྱོད་སྲོག་གི་ཟུངས་གྱུར་བཏུང་བའི་སྣོད། །བདུད་རྩིའི་བུམ་པར་འགྲན་པའི་ཟ་མ་ཏོག །ཐོས་བསམ་སྒོ་མང་རྣམ་བཀྲའི་འདུས་སྡེའི་ཚོགས། །དགྱེས་དགུར་རོལ་པའི་ལེགས་བྱས་གཟུགས་ཅན་བཞིན། །


previousརབ་བྱུང་བཅུ་གཅིག་མེ་འབྲུག་ལོར་དེབ་ཐེར་དུ་བཀོད་པའི་དགའ་ལྡན་ཕུན་ཚོགས་གླིང་དུ་དྲི་མེད་བཤགས་རྒྱུད་དཔར་དུ་བསྐྲུན་པའི་སྨོན་ཚིག་དང་། རྒྱལ་བའི་བཀའ་འགྱུར་སོགས་རྟེན་མཆོད་གསར་བཞེངས་ཀྱི་དཀར་ཆག་སོགས།next