Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ལོར་དེབ་ཐེར་དུ་བཀོད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ལུགས་གཉིས་དང་འབྲེལ་བའི་དངོས་སྤྱད་ཀྱི་དེབ་ཐེར་དཔག་བསམ་འདོད་འཇོ་དང་། ཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པའི་གླེགས་བམ་གྱི་ཆེ་བརྗོད་སྨོན་ལམ་གྱི་རིམ་པ་སོགས།
   
   


 
previousརབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ལོར་དེབ་ཐེར་དུ་བཀོད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ལུགས་གཉིས་དང་འབྲེལ་བའི་དངོས་སྤྱད་ཀྱི་དེབ་ཐེར་དཔག་བསམ་འདོད་འཇོ་དང་། ཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པའི་གླེགས་བམ་གྱི་ཆེ་བརྗོད་སྨོན་ལམ་གྱི་རིམ་པ་སོགས།next

རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ལོར་དེབ་ཐེར་དུ་བཀོད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ལུགས་གཉིས་དང་འབྲེལ་བའི་དངོས་སྤྱད་ཀྱི་དེབ་ཐེར་དཔག་བསམ་འདོད་འཇོ་དང་། ཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པའི་གླེགས་བམ་གྱི་ཆེ་བརྗོད་སྨོན་ལམ་གྱི་རིམ་པ་སོགས།


GLG017_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ལོར་དེབ་ཐེར་དུ་བཀོད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ལུགས་གཉིས་དང་འབྲེལ་བའི་དངོས་སྤྱད་ཀྱི་དེབ་ཐེར་དཔག་བསམ་འདོད་འཇོ་དང་། ཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པའི་གླེགས་བམ་གྱི་ཆེ་བརྗོད་སྨོན་ལམ་གྱི་རིམ་པ་སོགས། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ལུགས་གཉིས་དང་འབྲེལ་བའི་དངོས་སྤྱད་ཀྱི་དེབ་ཐེར་དཔག་བསམ་འདོད་འཇོ། (སྡེབ་སྦྱོར་མཉམ་པའི་པྲིཏྟ་ལས་རྒྱུན་ཆགས་གསུམ་པ་རྒྱ་མཚོ།) སཁིདཡབཔནདྷྭིནཎྱཥླཎཱུརྡྲེཎཔཱགྡྷརྨརཱུཔདྲུམོདོགྲཀཱམཱཤཔཱརཱཔྟབུདྡྷཤྲིཡོཧིགལཀཙསུཥཥྛིགཱིཏཱདྡིནིཏྱེནགཱཿཧཱིཏྲིཡནིཡུགཱདྱནྟཀཱནྟཤྴུབྷེསདྱདྷརྨཻརསཿ། ཤིས་པ་བརྗོད་པའི་སྒོ་དང་པོ། བྱམས་བརྩེའི་ས་བོན་ཚོགས་གཉིས་དྲོད་གཤེར་གྱིས་སྨིན་ཆོས་གཟུགས་ཡོངས་འདུ་ས་བརྟོལ་དར་དྲག་འདོད་པའི་རེ་བ་ཀུན་སྐོང་རྫོགས་སངས་རྒྱས། །དཔལ་གྱི་མགུར་ནས་དྲུག་ཅུའི་གླུ་ལས་བདེན་པ་གཉིས་ཀྱིས་འགྲོ་རྣམས་ཐེག་གསུམ་ལ་སྦྱོར་ཐོག་མཐའ་བར་དགེ་དམ་པའི་ཆོས་ཀྱི་རོ། །(༡༤༨བ)


GLG017_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སམབིཏལིཧབྷཱུམིཔབྠཱབྷིབུངྔྷེནསཱཀཔྲམུགྫཱཡཙཤྲཱུབཀས་ཝུརུཥྱཔྲསཾགྷེཥཔཱུབུངྷནལབྷསདཻཀཤཱརཏྲིབཱརཻྈྐརུརསཱུཪྻསཽཧིཏྱབྷཱནུཛྭལཱཀཱལལཀྵྨཱཏནནྟཏྶབཿ། ཚུལ་བཞིན་ལེགས་མྱངས་ས་དང་ལམ་གྱི་མངོན་པར་རྟོགས་པས་སྨིན་ཅིང་རབ་གྲོལ་རྒྱལ་བའི་སྲས་པོ་ཉན་རང་སྐྱེ་འཕགས་དགེ་བདུན་ཏེ། །བྱང་ཆུབ་བར་དུ་གཏན་གྱི་སྐྱབས་གཅིག་མཆོག་གསུམ་ཐུགས་རྗེ་རྟ་བདུན་པ་ཡིས་ཕན་བདེའི་འོད་འབར་དུས་ཀུན་ཕུན་ཚོགས་དགའ་སྟོན་སྩོལ། །ཤིས་པ་བརྗོད་པའི་སྒོ་གཉིས་པ། གདུལ་དཀའི་འགྲོ་མང་སྟོབས་ལྡན་ས་སྲུངས་ཉོན་མོངས་ཆུས་མྱོས་ལོག་ལམ་ཉེར་འཕྱན་དགེ་བཅུའི་པད་ཚལ་བརྫི་བའི་སྣར། །བདེ་གཤེགས་ཡོངས་ཀྱི་དབང་གི་འཕྲིན་ལས་ཨུཏྤལ་ལྕགས་ཀྱུའི་གཟུགས་ཅན་བཏབ་པས་བག་ཡོད་ར་བར་ལེགས་འཇུག་པ། །རྐེད་ཕྲ་ནུ་འབུར་ཆུ་འཛིན་མངོན་མཐོ་དཀྱུས་རིང་སྤྱན་གྱི་ཟུར་མདའ་འགོས་ཚེ་བརྟན་གཡོའི་དངོས་ཀུན་སྙིང་འབིགས་མ། །རྒྱལ་རྣམས་ཡུམ་གཅིག་(༡༤༩ན)


GLG017_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བྱེད་ལྷ་ཁྱོད་ཞབས་རྡུལ་གཙུག་བསྟེན་འདོད་པའི་རེ་འབྲས་ཆར་དུ་བསྙིལ་པའི་ཤིས་པ་སྩོལ། །ཤིས་པ་བརྗོད་པའི་སྒོ་གསུམ་པ། མཆོད་སྦྱིན་བརྒྱ་པའི་ཡན་ལག་བཞི་དཔུང་བདེ་བར་ངལ་གསོའི་མི་འཇིགས་སྟེར་བའི་བྱམས་ལྡན་ཡང་། །བཟོད་དཀའ་ལུས་ངན་འཕྲུལ་གྱིས་བཅུད་བྲལ་དོན་སྙིང་ལྐོག་མར་འབྱིན་ལ་གཏུམ་དྲག་བརྩེ་མེད་ཅན། །བརྒྱ་ཕྲག་ཉི་གོས་ཀྱིས་ཀླུབས་གསེར་སྦྱངས་ལྷུན་པོ་ཟིལ་གནོན་རྣམ་མང་ཐོས་སྲས་ཕྱག་སོར་གྱིས། །བཙིར་བའི་ནེའུ་ལེའི་མགྲིན་པ་ལས་སྐྱུགས་མི་ཟད་ནོར་བུའི་གྲུ་ཆར་འབེབས་པའི་དགེ་ལེགས་སྩོལ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་སྟོང་ཆེན་ཤེས་རབ་རང་སྣང་བཙུན་མོའི་ཨེ་དབྱིངས་རྣམ་དག་གཞལ་ཡས་ཆེར། །འཕོ་མེད་བདེ་བའི་བཅུ་དྲུག་ཆ་གང་ཀུནྡའི་ལང་ཚོ་དར་བབས་ཐབས་མཆོག་ཝཾ་ཡིག་ལྷ་ཡི་ཚོགས། །ཕྱག་འཚལ་བའི་སྒོ་དང་པོ། རང་ལས་གཞན་མིན་འཁོར་ལ་ངེས་གསང་ནཱ་དའི་དབྱངས་སུ་ལེན་པ་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཆེ། །ཐུན་མོང་གདུལ་བྱར་འཚམས་སྤྲིན་གོས་ཅན་ཤཱཀྱ་སེང་ཞབས་འཁོར་ལོས་རབ་བཀྲ་གཙུག་ཏུ་བཀོད་ཕྱག་འཚལ། །ཕྱག་འཚལ་བའི་སྒོ་གཉིས་པ། འོད་མཚན་སྟོང་འབར་མཛོད་སྤུའི་ཟེར་ལས་རྒྱ་གར་པཎ་གྲུབ་འཛམ་གླིང་ཆེ་བའི་རིག་སྔགས་འཆང་། །འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་རིགས་བརྒྱའི་བདག་པོ་དཔལ་ལྡན་ཀུན་བཟང་ཧེ་རུ་ཀཿ །དུས་གསུམ་རྒྱལ་བ་ཡོངས་ཀྱི་སྤྱི་གཟུགས་མཚོ་ལས་སྐྱེས་པའི་རྡོ་རྗེ་ཞེས་གྲགས་ཐོད་འཕྲེང་རྩལ། །ཞབས་སེན་མེ་ཏོག་བྱང་ཆེན་དེ་སྲིད་ཅོད་པན་ལ་འཆིང་ཡིད་སྲུབས་སྡེ་ལས་རྒྱལ་བྱིན་རློབས། །(༡༤༩བ)


GLG017_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བའི་སྒོ་གསུམ་པ། རིང་བསགས་བོད་འབངས་ལེགས་བྱས་ཕུང་པོ་ནོར་འཛིན་ལུས་ཕྲའི་མངལ་ཁུར་ཆུ་གཏེར་ཆེ། །རིགས་གསུམ་སྒྱུ་འཕྲུལ་གངས་ཅན་ལྷ་གཅིག་མེས་དབོན་ཐུགས་བསྐྱེད་རི་བོ་བསྒྲིལ་བ་ལས། །འཕགས་བོད་ལོ་པཎ་རིམ་པར་བྱོན་སོགས་བགྲངས་ཡས་མཁས་གྲུབ་བུམ་བཟང་བདུད་རྩིའི་གཏེར། །ཉེས་བརྒྱའི་ཟུག་རྔུ་དྲུང་འབྱིན་བསྟན་འགྲོའི་སྲོག་ཟུངས་གྱུར་ཏོ་ཅོག་ཀུན་ཕྱག་གི་གནས། །ཕྱག་འཚལ་བའི་སྒོ་བཞི་པ། ཕུལ་བྱུང་མཁྱེན་ཡངས་མེས་པོའི་ཐོད་ལས་སྐྱེས་བུ་གསུམ་གྱི་མཐོ་རིས་ཆབ། །བློ་གྲོས་ལྟོར་འཁྱིལ་དཔྱད་གསུམ་དག་པའི་གཟེགས་མ་ཕྱིར་སྐྱུགས་གངྒཱའི་རྒྱུན། །རྒྱལ་བསྟན་ལོག་རྟོག་དྲི་ཚོགས་འཁྲུད་ལ་དྷཱི༔ཡིག་བཞུན་མ་མི་ཡི་གཟུགས། །ཤེས་བྱར་སྲིད་ཀུན་གཟིགས་པའི་དབང་ཕྱུག་རྣམ་འདྲེན་བཙོང་ཁ་པ་ལ་འདུད། །ཕྱག་འཚལ་བའི་སྒོ་ལྔ་པ། ཆུ་ནང་ཟླ་ལྟར་རང་བཞིན་མེད་ཀྱང་མྱ་ངམ་ཐང་འཁྱམས་འགྲོ། །མ་འདྲིས་ཡོངས་ལ་ཐུབ་རྣམས་རྗེས་ཆགས་གཟུགས་སྣང་སྙིང་རྗེའི་ལྷ། །ཕྱག་ན་པད་དཀར་ལུས་ཅན་བསོད་ནམས་ཞིང་དུ་ངུར་སྨྲིག་གར། །བསྒྱུར་བའི་འཕྲིན་ལས་རྒྱ་མཚོའི་ཕ་མཐར་ཁྱབ་དེས་བདག་རྗེས་བཟུང་། །དངོས་པོ་ངེས་བསྟན་གྱི་སྒོ་དང་པོ། རྣམ་པར་གྲོལ་རྩེ་རྒྱལ་བའི་ས་བོན་ཆེད། །གཞན་ཕན་བདེ་འབྱུང་ལེགས་ལམ་བཤད་སྒྲུབ་ཀྱི། །རིགས་འཛིན་འདུས་གླིང་སྤྱད་བྱར་འོས་པའི་ཅ། །རྨུགས་འཛིན་དབང་པོའི་མཛོད་ལ་གཅིག་ཏུ་འགྲན། །དངོས་པོ་ངེས་བསྟན་གྱི་སྒོ་གཉིས་པ། སྙིང་མེད་ཨེརཎྜར་མཚུངས་ཟང་ཟིང་ནོར། །ཞི་ཁྲོ་རབ་འབྱམས་དམ་ཅན་སྲུང་མ་རྣམས། །མཆོད་པའི་རྫས་བསྒྱུར་བསོད་ནམས་ཉེར་(༡༥༠ན)


GLG017_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་གཟུགས། །སྣོད་དུ་འཇིག་རྟེན་ཁམས་ཀུན་བྱེད་པོས་བསྐྲུན། །དངོས་པོ་ངེས་བསྟན་གྱི་སྒོ་གསུམ་པ། བརྟུལ་ཞུགས་སྤྱོད་པའི་ཡན་ལག་གར་འཆམས་ཀྱི། །ཆས་གཞུག་རྒྱན་གོས་སྣ་ཚོགས་རོལ་མོ་སོགས། །རྒྱུད་འགྲེལ་མཁས་པའི་ཕྱག་བཞེས་རྗེས་འབྲངས་ལས། །སྣང་ཤས་ཟ་ཟི་མཁན་པོའི་མཆེད་ཟླ་མིན། །འདི་ཕྱིའི་བདེ་སྐྱིད་ཀཏྤུར་ཡི་ངད། །གཏོང་ཕོད་མ་ལ་ཡ་རླུང་གིས་དྲངས་དྲི། །དོན་མིན་གདུང་གཞིལ་བསྒྲུབས་འབྲས་བྱང་ཆུབ་བར། །མི་འཛད་རང་གཞན་སྒྲིབ་ལས་གྲོལ་བའི་རྒྱ། །དཀོན་ཅོག་རྙེད་པ་ལོག་འཚོར་ཉེར་སྦྱོར་ཟས། །ཟངས་བཞུན་ཁོལ་མར་འཐུངས་པའི་ས་བོན་གྱིས། །འགྲོ་མང་མནར་ནུས་མེ་ཏོག་མདའ་ཅན་གྱི། །ཆོ་ག་རྫོགས་ལས་ཕྱིར་བཟློག་འཕྲུལ་གྱི་སྒྱོགས། །བག་ཚ་སྡུམ་དུམ་སྲེག་བྱེད་འདོད་ཆེན་མེས། །སྙིང་གི་ཡོལ་གོར་རྐུ་སེམས་ཁོལ་བའི་ཆབ། །བཅིལ་ནུས་བརྗོད་པ་རྣམ་དག་དེབ་ཐེར་ངོས། །མིང་ཚིག་ཡི་གེའི་དྭངས་བསིལ་ཆུ་ཀླུང་སྦྲེང་། །ཐབས་མཁས་གཞན་སྣང་འདྲིད་ནུས་འདོད་པའི་ལྷ། །དངོས་དོན་འཁྲུལ་བྲལ་མགྲིན་བློན་མིག་གི་མེས། །བསྲེགས་ཚེ་ཁྱབ་མཇུག་གིས་ཀྱང་འཁྱོག་པོའི་འགྲོས། །མ་ནུས་ས་ཆེན་འདེགས་པའི་བརྫུ་ལ་བརྟེན། །ངོ་སྲུང་མཛེས་ཚིག་གཙོ་བོར་མ་བཏོན་པ། །གསོང་པོར་སྨྲས་པ་དགུ་ཚིགས་གནམ་གྱི་ཐིག །བསྐལ་པར་རྫོགས་མིན་རིང་པོའི་སྐ་རགས་ཀྱི། །རི་མོ་མིག་གསུམ་པས་ཀྱང་དབྱི་ནུས་སུ། །ལོང་ལོང་ཁོལ་བའི་སྙིང་གི་ཁྲག་དྲོན་གྱིས། །མ་ཚིམ་སྲིད་གསུམ་ཟ་ལ་རྔམས་པའི་ཞལ། །རབ་གདངས་བེག་ཙེ་ལྕམ་དྲལ་དམར་ཟླུམ་སྤྱན། །(༡༥༠བ)


GLG017_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ནས་མེལ་ཚེ་མཛད་ལ་མ་གཡེལ་ཀྱེ། །ཆེས་ཕྲའི་ཀ་ཅར་ཕྱིར་བསྙིགས་ཡུད་ཙམ་ལ། །ཉིན་ལམ་བཅོ་བརྒྱད་བྱ་རྒོད་འཕུར་བའི་བཤུལ། །མྱུལ་བའི་བཀའ་སྲུང་ལི་བྱིན་ཧ་ར་ཆེ། །ཡུམ་བློན་ཀིངྒ་རར་བཅས་མཐུ་དཔུང་བསྐྱེད། །བསྟན་འགྲོའི་རྩ་ལག་རིག་གྲོལ་གཉིས་ལྡན་སྡེ། །འདུ་རྫས་རྣམ་དཀར་ལས་རྒྱུན་སྤེལ་བའི་མཁར། །ལྷ་སྲིན་ལྕགས་རི་དུས་མཐའི་མེ་ལྟ་བུས། །གཤིན་རྗེའི་འདུན་ས་སྙིང་ལས་ཆུང་ངུར་མཛོད། །འཇམ་མཉེན་ཤོག་བུའི་ཁོ་ར་ཁོར་ཡུག་ནང་། །ཨ་འདུས་ཀ་འཕྲེང་ལྡན་པ་ཡི་གེའི་གཟུགས། །བརྡ་དང་བཀོད་པའི་ཁྱད་པར་རྣམ་བཀྲ་བ། །འཆི་མེད་བདག་པོའི་སྐྱེད་མོས་ཚལ་རྗེས་འགྲོ། །ཛཱ་ཏིའི་འཁྲི་ཤིང་ཀླུང་ནས་ཆུ་གཏེར་རླབས། །མཁའ་ལ་སྙེག་འདྲའི་བར་གྱི་ནོར་འཛིན་ལྟོར། །ཕུན་ཚོགས་འབྱོར་པའི་ཕུད་ཀུན་གཅིག་བསྡུས་པ། །དེབ་ཐེར་དཔག་བསམ་འདོད་པ་འཇོ་འདི་སྤེལ། །དེའང་བདག་ཉིད་ཆེན་པོ་འཇམ་མགོན་ས་སྐྱ་པཎྜི་ཏས། མཆོད་བསྟོད་འདུད་པའི་བདག་ཉིད་ཅན། །ཤིས་པ་བརྗོད་སོགས་མི་འགལ་ཏེ། །ཐམས་ཅད་དུ་ཡང་སྟོན་པ་ཡི། །ཆེ་བ་འབའ་ཞིག་བརྗོད་ཕྱིར་རོ། །ཞེས་མཆོད་བསྟོད་ཤིས་བརྗོད་སོགས་ཚིག་གི་སྦྱོར་སྡེ་དང་མིང་འདོགས་ཀྱི་ཁྱད་པར་ལས་དོན་དུ་བསྔགས་ཡུལ་གང་ཡིན་པ་དེའི་ཆེ་བ་ཁོ་ན་བརྗོད་པར་གསུངས་པ། སློབ་དཔོན་དཎྜིའི་ཞབས་ཀྱིས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ །ཞེས་པའི་དགོངས་དོན་དང་མཚུངས་པ་ཡིན་པས་འཕགས་བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྗེས་སུ་(༡༥༡ན)


GLG017_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཏེ་སྙན་ངག་གི་ཚིགས་སུ་བཅད་པས་སྔུན་བསུས་ནས་དངོས་དོན་གླེང་བར་བྱ་བ་ནི་སྙིང་རྗེ་པདྨ་དཀར་པོ་ལས་གསུངས་པ་ལྟར། འོ་ན་བསྐལ་པ་འདི་ལ་བཟང་པོ་ཞེས་བརྗོད་པ་ཅི་ཞེ་ན། འཇིག་རྟེན་འདི་ཆུས་འཇིག་པའི་ཚེ་མཚོ་ནས་གསེར་གྱི་པདྨ་སྟོང་བྱུང་བར་གྱུར་ཏེ། དེ་ལ་ལྷ་རྣམས་ཀྱིས་བརྟགས་པས་སངས་རྒྱས་སྟོང་འབྱུང་བའི་ལྟས་སུ་ཤེས་ཏེ། ཀྱེ་མ་བསྐལ་པ་འདི་ནི་བཟང་པོའོ་ཞེས་བརྗོད་པས་བསྐལ་པ་བཟང་པོ་ཞེས་གྲགས་པར་འགྱུར་རོ། །ཞེས་གྲགས་ཅན་གྱི་བསྐལ་པ་འདི་ལ་སངས་རྒྱས་སྟོང་བྱོན་པའི་ནང་ནས་འོ་སྐོལ་གྱི་འདྲེན་པ་ཟས་གཙང་སྲས་པོ་འོག་མིན་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་ཀྱང་། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ལས། འཛམ་བུའི་གླིང་ནི་ཆུང་ངུ་འདིར། །བདག་ནི་ཤཱཀྱའི་རིགས་རྗེས་འགྲོ། །ཞེས་དཔལ་དུས་ཀྱི་འཁོར་ལོ་དང་མཐུན་པར་འཛམ་གླིང་ཆེ་ཆུང་གཉིས་ལས་ཆུང་བ་ལྷོ་ཕྱོགས་ཀྱི་འཛམ་གླིང་འདིར་རིགས་ཕུན་སུམ་ཚོགས་པ་ཤཱཀྱའི་བརྒྱུད་དུ་བལྟམས་ནས་ཤིན་ཏུ་ངོ་མཚར་བའི་གནས་བཅུའི་ལྟེ་བ་མངྒ་དྷ་རྡོ་རྗེ་གདན་དུ་མཆོག་གི་སྤྲུལ་པའི་སྐུར་འཚང་རྒྱ་བའི་ཚུལ་བསྟན་པའི་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་ནས་ལུང་རྟོགས་ཀྱི་བསྟན་པ་ཕྱོགས་བཅུར་རྒྱས་པའི་ནང་ཚན་འཇམ་དཔལ་རྩ་བའི་རྒྱུད་ལས། ང་ཡི་དུས་ནས་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་མཚོ་བྲི་བའི་ཤུལ་དུ་རིམ་གྱིས་མིའི་འགྲོ་བ་ཆགས་པའི་ལྷ་གཅིག་ཆོས་ཀྱི་རྒྱལ་པོ་རྣམས་དང་སྔ་ཕྱིར་བྱོན་པའི་མཁས་གྲུབ་ལོ་པཎ་ཚོགས་ཀྱི་བཀའ་དྲིན་ལས་བཤད་སྒྲུབ་ཀྱི་བསྟན་པ་དར་བ་ནི། ཁྲུས་ཁང་(༡༥༡བ)


GLG017_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེས། ལར་དུས་གསུམ་རྒྱལ་བའི་ཐུགས་རྗེ་དང་། །རྒྱལ་སྲས་པད་དཀར་ཞབས་དྲིན་ལས། །བོད་ཀྱི་ཡུལ་ཁམས་འདི་ཉིད་ཀྱང་། །འཕགས་ཡུལ་དང་སྐལ་བ་མཉམ་པ་སྙམ། །ཞེས་གསུངས་པ་དོན་ལ་གནས་ཤིང་བསྟན་པའི་རྩ་བ་ནི་འདུལ་བའི་སྡེ་ལ་རག་ལུས་པའི་དགེ་འདུན་དེ་ལ་ཡང་ཉན་ཐོས་ཀྱི་དགེ་འདུན་དང་། ཐེག་ཆེན་གྱི་དགེ་འདུན་གཉིས་སུ་བྱུང་བའི་སྔ་མ་གཙོ་ཆེ་བའི་དབང་དུ་བཏང་སྟེ། སྡོམ་གསུམ་ལས། །ཉན་ཐོས་རྣམས་ཀྱི་བླ་མ་ནི། །བཟང་ཡང་གང་ཟག་ཁོ་ནར་བས། །ཞེས་དགེ་སློང་གྲངས་བཞིར་མ་ལོངས་པ་ལ་གང་ཟག་དང་ལོངས་པ་ནི། མཛོད་རང་འགྲེལ་ལས། སོ་སོ་ཐར་པའི་སྡོམ་པ་དེ་ཡང་དགེ་འདུན་ནམ། གང་ཟག་ལས་ཏེ། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མའི་སྡོམ་པ་ནི་དགེ་འདུན་ལས་སོ། །གཞན་རྣམས་གང་ཟག་ལས་སོ། །ཞེས་དམ་པའི་ཆོས་འདུལ་བ་དང་འབྲེལ་བའི་དགེ་འདུན་དུ་བྱེད་དགོས་པ་བསྟན་པ་གནས་མ་གནས་ཀྱང་སོ་ཐར་གྱི་སྡོམ་པ་ཡོད་མེད་ལ་རག་ལུས་པར་གསུངས་པས་གཙོ་ཆེ་ནའང་སྡོམ་གསུམ་ལས། ཕ་རོལ་ཕྱིན་པའི་བླ་མ་ནི། །བཟང་ཡང་དགེ་འདུན་དཀོན་ཅོག་ཡིན། །ཞེས་སྦྱོར་མཐོང་སྒོམ་གསུམ་ལ་གནས་པ་ཡིན་པར་གསུངས་པ་དེ་ལྟ་བུའི་གང་ཟག་ཀྱང་མཐའ་མ་བཀག་པས་ཐེག་པ་ཆེ་ཆུང་གི་འདུས་ཚོགས་རྣམས་ལུང་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པས་ཕྱུག་ཅིང་ལྷ་མིའི་བསོད་ནམས་ཀྱི་ཞིང་དམ་པར་གྱུར་པའི་ཕྱིར་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་འདི་ཉིད་དུའང་རྒྱ་ཧོར་བོད་དང་བོད་ཆེན་པོ་སོགས་སྐྱེ་རྒུ་མཐའ་ཀླས་པས་འདི་ཕྱིའི་བདེ་འབྲས་ཀྱི་ཆེད་དུ་སྲི་(༡༥༢ན)


GLG017_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཞུར་བསྐྲུན་པའི་བདོག་པ་གཞི་ལམ་བྱེས་ཚང་མར་དགོས་པ་ལུགས་གཉིས་དང་འབྲེལ་བའི་དཔྱ་ད་དངོས་རྣམས་དོན་མ་ཡིན་པར་ཆུད་འཛའ་བར་གྱུར་ན་མདོ་ཉི་མའི་སྙིང་པོ་ལས། ལྷུན་པོ་དང་ནི་འདྲ་བའི་མི། །བླང་བ་བྱས་ཏེ་ཟོས་པ་བླའི། ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱད་པར་ནི་མི་བྱའོ། །ཞེས་དང་། མེ་ལྕེ་འབར་མ་ལྟ་བུ་ཡི། །ལྕགས་ཀྱི་ཐུ་ལུམ་བླངས་པ་བླའི། །རབ་ཏུ་བྱུང་དང་ཁྱིམ་པ་ཡིས། །དབྱིག་ནི་བླང་བར་མི་བྱའོ། །ཞེས་དགེ་འདུན་གྱི་རྫས་ལ་འབགས་པའི་ཉེས་དམིགས་ཆེས་མང་དུ་གསུངས་པས་ལོག་འཚོ་དང་ཆོམ་རྐུན་གྱི་འཇིག་པ་ལས་སྐྱོབ་པའི་ཆེད་དུ་སྐུ་གསུང་ཐུགས་རྟེན། སྒྲུབ་མཆོད། ཆོ་ག །བསྐང་བ། མདོས་གཏོར། གར་འཆམས་སོགས་ལ་ཉེ་བར་མཁོ་བའི་ཡོ་བྱད། མཆོད་རྫས། སྤྱན་གཟིགས། གཞན་ཡང་ལུགས་གཉིས་ཀྱི་སྐབས་ཐོབ་དང་འབྲེལ་བའི་དངོས་པོའི་རིམ་པ་བརྗེད་བྱང་དུ་བྱ་བར། མཁའ་འགྲོ་རྒྱ་མཚོ་ལས། །རྣལ་འབྱོར་དག་པའི་སེམས་འཆང་བ། །དེ་ལ་གདུག་པའི་གཟའ་སྐར་དང་། །བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས། །གནོད་པར་མི་ནུས་རྟོག་མེད་ཕྱིར། །ཞེས་དེ་ཁོ་ན་ཉིད་རྟོགས་པའི་རྣལ་འབྱོར་ལ་ཚེས་གྲངས་གཟའ་སྐར་སོགས་རྩི་མི་དགོས་ཀྱང་ཀུན་རྫོབ་ཀྱི་ཆོས་ལ། རྡོ་རྗེའི་ཚིག་ཏུ། ཇི་ལྟར་ས་བོན་དེ་བཞིན་ཤིང་། །ཤིང་ཇི་ལྟ་བ་དེ་བཞིན་འབྲས། །འཇིག་རྟེན་ཀུན་ལ་དེ་མཐོང་བས། །འདི་ནི་རྟེན་ཅིང་འབྲེལ་འབྱུང་ངོ་། །ཞེས་པ་ལྟར་གཟའ་སྐར་སོགས་རྟེན་འབྲེལ་འགྲིག་པ་ལ་བལྟོས་དགོས་པ། འགྲེལ་ཆེན་དྲི་མེད་འོད་ལས། གཟའ་ཚེས་རྒྱུ་སྐར་སྦྱོར་བ་དང་བྱེད་པ་ཉིད་(༡༥༢བ)


GLG017_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུས་སྦྱོར་དང་། །གདུག་པའི་གཟའ་སྟེ་འདི་རྣམས་ནི། །བསོད་ནམས་བྱེད་པ་རྣམས་ལ་དགེ །ཞེས་གསུངས་པ་བཞིན་འཕགས་པའི་སྐད་དུ་སིངྒ་ལ་ཞེས་པ་ཕྱོགས་འདིར་དམར་སེར་ཅན་དུ་བསྒྱུར་ཅིང་རྒྱ་ནག་གཙུག་ལག་གི་གཞུང་ལས་ཏིང་ཟི་སྟེ་མེ་སྦྲུལ་གྱི་ལོ་ཆུ་སྟོད་ཟླ་བའི་གནམ་གང་ལྷའི་བླ་མ་རྒྱལ་སར་བྱོན་བའི་དུས་དགེ་བར་དེབ་ཐེར་དཔག་བསམ་འདོད་འཇོ་འདྲི་བའི་དབུ་བཙུགས་ཏེ་བཀོད་པ་ལ། སྤྲེལ་ཟླའི་ཚེས་བཅུ་ཆེན་མོར་ཉེ་བར་མཁོ་བའི་དེབ་ཐེར་འདྲེན་བྱེད་བདུད་རྩིའི་དཔལ་སྟེར། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) ཀཱརལེགོཛྭལཻཤྴསྟྲཏིཀྵྞ་ཏྱཏཱགྲཱསུར་གྲཱཧགཱཎཾནནིཏྱཔཐི། །ནྱཱསཀྲྀཏྶིནྷཱཧསྶཱརཤཱཏཾསགོརྡྷེཥུནོམཱརས་དྡྷི་རྨཧཱདྷིཥྛ་པཏྲ། མི་བཟད་རྡོ་རྗེ་འབར་བའི་མཚོན་རྣོན་པོ། །གདེངས་རྩེར་ལྷ་མིན་གདོན་ཚོགས་མི་རྟག་ལམ། །འགོད་མཛད་སིནྡུའི་རྒྱ་མཚོར་འདབ་བརྒྱའི་སྟེང་། །གར་བསྒྱུར་འཆི་མེད་གྲུབ་པས་བྱིན་ཆེན་ཕོབ། །(༡༥༣ན)


GLG017_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་པདྨའི་སྒྱུ་འཕྲུལ་ཁམས་གསུམ་ལ། །དབང་ཕྱུག་དཀར་མོར་རྗེས་ཆགས་དམར་འོད་མདངས། །སྲིད་ཞིའི་ཡིད་རྩ་གཡོ་བྱེད་འདོད་པའི་མེའི། །རྩེ་མོ་ཚངས་པའི་ཡུལ་ས་ལས་བརྒལ་སྒར། །མ་དང་མཁའ་འགྲོ་འདུ་བའི་ཚོགས་དཔོན་དུ། །རྒྱལ་ཀུན་རིགས་བདག་རྔ་ཡབ་གླིང་པའི་ཞབས། །ལེགས་འབྱིན་གར་འཆམས་ངོ་མཚར་བཀོད་པའི་དེབ། །འདྲེན་བྱེད་བདུད་རྩིའི་དཔལ་སྟེར་དེང་འདིར་འགོད། །ཅེས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པ་སྔོན་དུ་འགྲོ་བས། ཇི་སྐད་དུ། རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལས༔ རང་བྱུང་སྤྲུལ་པའི་སྐུ་རུ་བརྡ་ཡིས་འོངས༔ གང་ཞིག་ལས་ཅན་སྐྱེས་བུ་དད་པ་ཅན༔ བདག་ལ་གདུང་བའི་སེམས་ཀྱིས་གསོལ་འདེབས་ན༔ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས་༔ སངས་རྒྱས་གཞན་པས་བདག་ཉིད་ཐུགས་རྗེ་མྱུར༔ ཞེས་སྙིགས་མ་ལྔ་བདོ་བའི་སེམས་ཅན་ཐམས་ཅད་མངོན་མཐོ་དང་ངེས་ལེགས་ཀྱི་སར་བཀྲི་བའི་ཐུགས་བསྐྱེད་མངའ་ནའང་ཁྱད་པར་བོད་དང་བོད་ཆེན་པོའི་འགྲོ་བ་རྣམས་རྗེས་སུ་འཛིན་པར་ཐུགས་རྗེའི་མཐུ་ལྷག་པར་མྱུར་བ་ཞལ་གྱིས་འཆེས་ཤིང་དེར་མ་ཟད། རྒྱལ་པོའི་མངའ་བསྐྱེད་ནོར་བུའི་བང་མཛོད་ལས། ང་ཡི་(༡༥༣བ)


GLG017_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་གདུལ་བྱ་ཡིས༔ བོད་ལ་བདེ་སྐྱེད་འབྱུང་འདོད་ན༔ ཡར་ངོ་ཚེས་བཅུ་ནམ་ཤར་ཚེ༔ ཨྱོན་པདྨའི་སྤྲུལ་པ་འབྱུང༔ ཞེས་དང་། ཆོས་རྒྱལ་རཏྣ་གླིང་པའི་གཏེར་བྱོན་ཆོས་བཅུའི་བསྐུལ་བྱང་ལས། ང་ཉིད་སྲིན་ཡུལ་འགྲོ་བའི་ཚེ༔ བོད་ཀྱི་རྒྱལ་བློན་སྔགས་སློབ་ལ༔ བྱུང་ཅོག་ཟླ་བའི་ཚེས་བཅུ་ལ༔ ང་ཉིད་འབྱོན་པའི་དབུ་སྙུང་བཞེས༔ པདྨ་འབྱུང་གནས་གཞན་མི་བསླུ༔ ཐེ་ཚོམ་སྤོངས་ཤིག་རྗེས་འཇུག་རྣམས༔ ཞེས་ལྷག་པར་ཡར་ངོའི་ཚེས་བཅུར་དངོས་སུ་འབྱོན་པར་ཞལ་གྱིས་འཆེས་པའི་ནང་ཚན་སྤྲེལ་ཟླའི་ཚེས་བཅུ་ཆེན་མོ་མངའ་བདག་གསུང་གི་སྤྲུལ་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ལས་བྱང་ལེའུ་བརྒྱད་པ་དང་འབྲེལ་བའི་གར་འཆམས་ཕོ་བྲང་འཛམ་གླིང་རྒྱན་གཅིག་སྣེའུ་སྡོང་རྩེར་ཟི་ན་རིན་པོ་ཆེ་ཀུན་བཟང་རྩེ་བ་བསོད་ནམས་རྒྱལ་མཚན་ཡབ་སྲས་ཀྱི་ཕྱག་བཞེས་སུ་བསྟར་བའི་རྗེས་སུ་འབྲངས་པའི་ཞལ་བརྙན། ཕོད་ཀ །གར་གོས། པྲོག་ཞུ། རྟེན་ཁེབས། རྒྱན་དྲུག །ཕྱག་མཚན། གིང་རྔ། འཕན་གདུགས་སོགས་སྤྱན་གཟིགས་ཀྱི་རིམ་པའི་དེབ་འདྲེན་བྱེད་བདུད་རྩིའི་དཔལ་སྟེར་བཀོད་པ་ལ། རྩ་དེབ་དཔག་བསམ་འདོད་འཇོར་མ་འཐུས་པ་བེད་སྤྱད་འཕེལ་འགྲིབ་སྣ་ཚོགས་གཉེར་པར་རྩིས་སྤྲད་(༡༥༤ན)


GLG017_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དེབ་དངས་མཚོའི་ཟླ་གཟུགས། (སྡེབ་སྦྱོར་མཉམ་པའི་པྲི་རྟྟ་ལས་མེ་ཏོག་འཕྲེང་ཅན།) ཀོཊིསཱུཪྻཱ་བྷཱིབྷཱུཡེནབསྟྲསྱམཎྜལྱཧཱིཔཱཤམཏྲསྠཙཱལཱབྷབཿ། །ཀམྦཀཱརམཧཱདེབཀཱམསྱརཱཛྙོབྷབཻཪྴསུགཱཎཤསནྡཤཏུ། །འབུམ་ཕྲག་ཉི་མ་ཟིལ་གནོན་ཞལ་གྱི་ཁྱིམ། །མཐོང་བའི་མོད་ལ་བརྟན་གཡོའི་དངོས་པོ་ཀུན། །འདར་མཛད་ལྷ་ཆེན་ཊཀྐི་རཱ་ཛ་ཡིས། །སྲིིད་ཞིའི་ལེགས་ཚོགས་མ་ལུས་དབང་དུ་སྡུས། །རྒྱ་བལ་བོད་ཧོར་ཙི་ནའི་རྒྱལ་ཁམས་སོགས། །སྐད་རིགས་ཆ་བྱད་སྤྱོད་ཚུལ་མཐའ་ཀླས་པ། །བགྲང་ཡས་ཡུལ་གྲུའི་སྤྱད་དངོས་འདི་ཙམ་ཞེས། །གཅིག་ཏུ་འཛིན་པ་བྱིས་པའི་བློ་གྲོས་བཞིན། །དེ་ཕྱིར་རིན་ཅེན་ཕྱི་ནང་གོས་རས་ཇས། །ཉེར་མཚོན་ཚོང་འདུས་དུ་མར་བསྒྱུར་བ་དང་། །ལོངས་སུ་སྤྱད་པས་འཕེལ་འགྲིབ་སྣ་ཚོགས་དེབ། །རབ་འཆར་དྭངས་མཚོའི་ཟླ་གཟུགས་འདི་ནའོ། །ཞེས་ཚིགས་སུ་བཅད་པ་སྔོན་དུ་བཏང་སྟེ་གཉེར་པར་རྩིས་སྤྲོད་རྒྱུའི་གསེར་དངུལ་རིན་པོ་ཆེའི་རིགས། གོས་དར་ཇ་རས། ཐབ་གདན་ཆས། གོ་མཚོན། (༡༥༤བ)


GLG017_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ཆ། རྟ་དྲེལ། རུ་ཁག་གི་མཚོན་བདོག་པ་སྣ་ཚོགས་མཐའ་དག་གཅིག་ཏུ་བརྟན་མི་ཆགས་པར་འཕེལ་འགྲིབ་ཀྱི་དེབ་དྭངས་མཚོའི་ཟླ་གཟུགས་བཀོད་པ་ལ། གཞིས་བྱེས་གཉིས་ཀར་འཕྲལ་དགོས་ཀྱི་རིགས་རྩ་དེབ་དཔག་བསམ་འདོད་འཇོ་ལས་ཟུར་དུ་ཕྱུང་སྟེ་དཀོན་གཉེར་རྣམས་ལ་སྤྲད་པའི་དེབ་མུ་ཏིག་འཕྲེང་བ། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) བིདྱབཱལེམལཡྻཱཏྶུགདྒནྡྷདཱརིདྲཏཔྶེཏྠདྷེཪྪཱཡཀཱཤཱིཏཏཱ། །གཱམཤྴཱམཀྲྀདྲཱཀྟཛམྦྷལྱཱཧཱིཙཏྲིདྷཱཏཽསཀ་ལྱཔཏཱིཤེཀུརུ། མཐུ་སྟོབས་མ་ལ་ཡ་ལས་ལེགས་འོངས་དྲིས། །དབུལ་འཕོངས་གདུང་སེལ་འབྱོར་པའི་གྲིབ་བསིལ་བར། །འགྲོ་རྣམས་ངལ་གསོར་བྱེད་པ་ཛམ་ལ་དམར། ཁམས་གསུམ་མཐའ་དག་རང་གིར་དབང་དུ་མཛོད། །བསྙེན་སྒྲུབ་དམིགས་པའི་རྟེན་གྱི་བྲིས་འབུར་སྐུ། །མངོན་སྤྱོད་ལས་ལ་སྦྱོར་བ་དྲག་པོའི་ཆས། །རྩ་གསུམ་ཐུགས་དམ་སྐོང་ནུས་མཆོད་པའི་རྫས། །འཕྲལ་དུ་སྤྱད་བྱར་འོས་རྣམས་ཟུར་ཕྱུང་བ། །སྤེལ་ལེགས་མུ་ཏིག་འཕྲེང་མཛེས་ལྟར་བརྒྱུས་དེབ། །མཁའ་འགྲོ་ལྔ་ཚོགས་དགྱེས་བསྐྱེད་ཏམ་བུ་ར། །བརྗོད་པ་རྣམ་(༡༥༥ན)


GLG017_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཚིག་སྦྱོར་སྦར་མོའི་རྩེས། །བསྐུལ་བའི་སྒྲ་དབྱངས་རྣ་བའི་རྒྱན་དུ་དངར། །ཞེས་ཕུན་སུམ་ཚོགས་པའི་ཤིས་པ་བརྗོད་དེ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་བྱེས་སུ་འདེགས་དུས་འབྲས་སྤངས་སོགས་ཉེ་བར་མཁོ་ཞིང་གཞིས་སུའང་འཕྲལ་དུ་སྤྱོད་པའི་སྐུ་གསུང་ཐུགས་རྟེན་རྒྱུན་གཏོར། དུས་གཏོར་གློ་བུར་དུ་དགོས་པའི་མཆོད་ཆས་སོགས་མ་དེབ་ཆེན་མོ་དཔག་བསམ་འདོད་འཇོ་ནས་ཟུར་དུ་ཕྱུང་སྟེ་དཀོན་གཉེར་སྦྲེལ་པོར་རྩིས་སྤྲོད་ཀྱི་དེབ་མུ་ཏིག་འཕྲེང་བ་བཀོད་པ་ལ། བྱེས་བཞུགས་ཀྱི་ཉེར་སྤྱད་རྩ་དེབ་དཔག་བསམ་འདོད་འཇོ་ནས་ཟུར་དུ་ཕྱུང་བ་གཉེར་ཚང་སྦྲེལ་པོར་སྤྲད་པ་དང་གསར་བྱུང་རྩིས་ཐོག་ཏུ་འཁྱེར་རྒྱུའི་དེབ་རི་བོང་འཛིན་པའི་དཀྱིལ་འཁོར། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) སཱམཏེཛཻཏྒལཱདུནྡུབྷོཤཔྟཀོཏྒརྫབཱངྒཀཔེཏྲཤྭབྷེཧྲྀདྲུཔཿ། །མཱནཏཔྶེབཀཤྲཱིམཏོཛམྦྷལོཔེཤྲབེརྦྷཎྜརཽཔཱཏྲཀཡཙྪཏུ། །སྙན་བརྗིད་འགྲིན་རྔ་སྒྲོག་པ་གཡུ་འབྲུག་སྟེང་། །གངྒཱའི་ཡབ་གཅིག་མཛེས་པ་འཕྲོག་པའི་གཟུགས། །ཡིད་ཀྱི་གདུང་སེལ་དཔལ་ལྡན་ཛམ་བྷ་ལས། །རྣམ་ཐོས་བུ་ཡི་གན་མཛོད་དེང་འདིར་སྩོལ། །སྲས་བཅས་རྒྱལ་བ་ཞི་ཁྲོའི་བྲིས་ཐང་སྐུ། །དར་ཟབ་ལྡ་ལྡི་སྤེལ་ལེགས་(༡༥༥བ)


GLG017_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་གཞུ། །ཕྲ་མང་དུང་དཀར་སྦུབ་སིལ་སྤོས་ཕོར་དང་། །རྟེན་ཁེབས་གོ་མཚོན་བཟའ་བཏུང་གཡོས་འདྲེན་སྣོད། །འཕེལ་འགྲིབ་རྩིས་སུ་གདབ་འོས་བྱེས་ཆས་རིགས། །འཕྲལ་བདེ་མཛོད་གཉེར་སྣ་ཚོགས་ཀ་ཅའི་དེབ། །མ་འདྲེས་ཆ་གང་རི་བོང་འཛིན་པ་ཡི། །དཀྱིལ་འཁོར་གཉིས་སྐྱེས་དགའ་སྟོན་དེང་འདིར་ཤར། །ཞེས་ཚིགས་སུ་བཅད་པས་བསྔུན་བདར་ཏེ་རྩ་དེབ་ཆེན་མོ་དཔག་བསམ་འདོད་འཇོ་ནས་ཟུར་དུ་ཕྱུང་བ་གཙོ་བོར་བཏོན་ཏེ་གྲྭ་ཚང་བྱེས་སུ་བཏེགས་བཞུགས་ཀྱི་འཕྲལ་དགོས་དང་སྙན་དར་སོགས་སྤྱི་འབུལ་གྱི་རིམ་པ་གསར་བྱུང་རྩིས་ཁོག་ནས་བཏོན་པའི་གཞིས་སུ་བསྐུར་འོས་དང་འཕྲལ་བདེར་བེད་སྤྱོད་པའི་འཕེལ་འགྲིབ་སྣ་ཚོགས་གཉེར་ཚབ་སྦྲེལ་པོར་རྩིས་སྤྲོད་ཀྱི་དེབ་རི་བོང་འཛིན་པའི་དཀྱིལ་འཁོར་བཀོད་པ་ལ། རྩ་དེབ་ཆེན་མོ་དཔག་བསམ་འདོད་འཇོའི་ཞུ་ཡིག་ལག་འཛིན་དེབ་ཐེར་དབང་གི་རྒྱལ་པོ། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་ཟླུམ་པོ།) ཛྙོབཡདྭིབིཥྞུཀརྭིགཱཎཀོརྨམལནོནིརོདྷབྷོདྷིསཱརམཱཏཔཱངྒཏཻརྩཏུརྠཀཱཡཔཱཡསཱཏྲིལོཀགནྡྷསྣཱནནཀྵཎབྷྲམཱནྟཧདྦྷབཱཊུཌིཥུནིཏྱཔ་ནྡདཱིགསརྦབིཥྞུབུདྡྷཔཱདཤེཁཡགྲབནྡྷཀོམཡཱནུདྟཱར། །(༡༥༦ན)


GLG017_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་ཟུང་འཇུག་ཚོགས་གཉིས་རླབས་འཕྲེང་ཡོལ་མེད་བྱང་ཆུབ་སྙིང་པོའི་མཚོ། །མ་དྲོས་ལས་འོངས་སྐུ་བཞིའི་ཆུ་བོས་འཇིག་རྟེན་གསུམ་གྱི་དྲི་མ་རྣམས། །འཁྲུད་པར་མི་དལ་འཁོར་མཐའ་དེ་སྲིད་ཆད་མེད་རྟག་འབབ་འཕྲིན་ལས་རྒྱུན། །འགྲོ་ཀུན་ལ་འཇུག་ཉི་མའི་གཉེན་ཞབས་གཙུག་ཏོར་རྩེར་འཆིང་བདག་རྗེས་བཟུང་། །ཆེན་པོ་ཧོར་སོགས་འཛམ་གླིང་མ་ལུས་པར། །བཏུད་བྱ་བསོད་ནམས་གཞིར་གྱུར་འཕྲིན་ལས་ཀྱིས། །རྒྱ་མཚོའི་གོས་མཐའ་བཅིངས་མཐོང་བརྒྱ་བྱིན་ཀྱང་། །ཞབས་པད་འདུད་ལ་བྲེལ་ཁྱོད་བསྔགས་པའི་ཡུལ། །དཔལ་མགྲིན་སྲས་པོ་མི་བསྲུན་གཉིས་འཐུང་ཞལ། །འཇིག་རྟེན་དབང་ཕྱུག་ཐུགས་རྗེ་འཕྲུལ་པོ་ཆེས། །ཡེ་ཤེས་སྣང་བ་འབྱམས་ཀླས་ཚོགས་ཀྱི་བདག །བི་ནུ་རཱ་ཛས་མཁོ་རྒུའི་འབྱོར་པ་སྩོལ། །གདུལ་དཀའ་ཉི་མའི་དངོས་གྲུབ་དམར་ཆུང་སྙིང་། །ཟ་བའི་གཏུམ་དྲག་སྲིད་གསུམ་འདར་ནུས་ཀྱང་། ཁྲོ་ཆགས་པད་རག་མདངས་ལྡན་རྣམ་ཐོས་སྲས། །གནོད་སྦྱིན་བང་མཛོད་སྒོ་འཕར་དེང་འདིར་ཕྱེ། །ལྷ་མིའི་ལོངས་སྤྱོད་ཡོད་དོ་ཅོག་གི་གཏེར། །ཕྱུར་བུར་སྤུངས་པ་མིང་དོན་འཁྲུལ་མེད་དུ། །བརྡ་སྤྲོད་ཡིག་གཟུགས་དཀར་འཇམ་ཤོག་བུའི་ངོས། །ཡོངས་ཤར་དེབ་ཐེར་དབང་རྒྱལ་དེང་འདིར་དགོད། །ཅེས་པའི་ཤིས་པ་བརྗོད་པ་སྔོན་དུ་བཏང་ནས་རྩ་དེབ་ཆེན་མོ་དཔག་བསམ་འདོ་འཇོའི་བུ་ཡིག་གཉེར་པས་ལག་འཛིན་དུ་བྱེད་རྒྱུའི་དེབ་ཐེར་དབང་གི་རྒྱལ་པོ་བཀོད་པ་ལ།(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་ཟླུམ་པོ།) (༡༥༦བ)


GLG017_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལམྦྷཏསྶུཀཪྻཀདྭིགཱཎསཱདྷྱནོབིདུརུསྥཊཱིཀཤུཀླངཱཪྴཀསྱབཀྟཏཱསུབིཏྶཱརཱུཔནོཏལདྡི། །ཤབྷམཱཔྟཏིཥྛཀཱཔིཛམཱུདཱིལགཾམུཁེནིམིཏྟབཻམབྱདེཤྱཔཉྩམོདདཱིབཙཀྲབནྡྷུཨཱཪྠསིངྡྷཏེནཤུབྷྱཡཙྪ། །རིང་ནས་ལེགས་བྱས་ཚོགས་ཀྱིས་བསྒྲུབས་པའི་རྡུལ་བྲལ་ཤེལ་དཀར་མེ་ལོང་ངོས། །ཡེ་ཤེས་རང་གཟུགས་འགོག་མེད་ཡོངས་ཤར་འོག་མིན་ཞིང་གཙོར་འཁོར་བའི་མཐའ། །རྫོགས་མིན་བཞུགས་ཀྱང་འཛམ་གླིང་འགྲོ་ངོར་མཚན་དཔེའི་སྣང་བརྙན་མངོན་སུམ་དུ། །བསྟན་ཏེ་ལྔ་བདོའི་གླིང་དང་དཔུང་གཉེན་དོན་ཀུན་གྲུབ་དེས་དགེ་ལེགས་སྩོལ། །གཡས་འཁྱིལ་མཛོད་སྤུ་ནས་འཕྲོས་འོད་ཀྱི་ཟེར། །ཡོངས་ཁྱབ་འཇིག་རྟེན་སྣང་བའི་དགའ་སྟོན་གྱིས། །དུས་ཀྱི་མུན་པ་མཐར་བྱེད་ཚེ་མཐའ་ཡས། །འཆི་མེད་བུམ་བཟང་གཙུག་ཏུ་བཀོད་བྱིན་རློབས། །ཨུཏྤལ་རྒྱུད་ལས་དྲངས་པའི་འཇམ་མཉེན་མདས། །འཁོར་འདས་ཡིད་མྱོས་གཙུག་ཏོར་འདུད་པའི་རྩེར། །རྐང་སེན་ཟླ་བ་ཚེས་པའི་མཆོག་སྦྱིན་མཁན། །(༡༥༧ན)


GLG017_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བྱེད་ལྷ་མོས་འཇིག་རྟེན་གསུམ་དབང་སྡུས། །གངྒའི་ཀླུང་རྡུལ་སྙེད་ཀྱི་བགྲང་དཀའི་ཞིང་། །འགྲོ་འདུལ་སྤྲུལ་པ་ནམ་མཁའི་མཐའ་བསྙེག་དིང་། །འབོད་གྲོགས་མགོན་གཅིག་ཚུལ་དངོམ་སྒྱུ་ཐབས་ཅན། །པདྨ་ཐོད་འཕྲེང་ཞབས་པད་སྤྱི་བོས་ལེན། །ཐུབ་བསྟན་ཨུཏྤལ་བཞད་རྩེར་ལེགས་བཤད་ཀྱི། །རྣམ་དཔྱོད་རལ་གྲི་འོད་འཕྲོས་དཔུང་མཛེས་བརྒྱན། །སྐྱེ་རྒུའི་མིག་ངོར་སྒྱུར་མཛད་བཙོང་ཁ་པ། །འཇམ་དཔལ་རྡོ་རྗེར་ངེས་རྙེད་མགོས་ཕྱག་འཚལ། །ཐོག་མཐའ་བར་དགེ་ཆེད་འདུན་བརྩོན་པའི་འབྲས། །ལྷུན་གྲུབ་བསོད་ནམས་ཚོགས་ཆེན་ཡོན་ཏན་གྱི། །ཕུང་པོས་ནོར་འཛིན་རྔུལ་བའི་ཆུ་གཏེར་བཞི། །བྱང་ཆུབ་རྒྱ་མཚོར་བབས་དེར་འདུད་པར་སྤྲོ། །དང་པོའི་མགོན་པོ་གདུལ་བྱའི་བསོད་ནམས་ཞིང་། །འཚམས་སྤྲིན་གོས་ཀླུབས་རྣམ་ཀུན་མཆོག་ལྡན་པ། །ཨེ་ཝཾ་ཟུང་འཇུག་དགྱེས་མཛད་རྡོ་རྗེའི་སྐུར། །བཞེངས་ལ་དངོས་པོ་ཡོངས་ཀྱིས་སྐྱབས་སུ་སོང་། །འཁོར་འདས་ཆོས་ཀྱི་གནས་ལུགས་རླབས་ཀྱི་འཕྲེང་། །ཀ་དག་ཆུ་གཏེར་དབྱིངས་སུ་རོ་གཅིག་པས། །རང་རིག་ཀུན་བཟང་དོན་གྱི་བླ་མ་རུ། །ངོ་འཕྲོད་རྣམ་པར་གྲོལ་མཛད་རིགས་ཀྱི་བདག །ཐེག་ཆེན་སྐྱེ་འཕགས་སློབ་མར་བཅས་པ་ཡི། །སྐུ་གསུང་ཐུགས་རྟེན་སྤེལ་པའི་ལེགས་བྱས་ཚོགས། །འདྲེན་བྱེད་ཡུལ་གྱི་དངོས་མཐོང་གཟུགས་ཅན་དུ། །གྱུར་ན་ནམ་མཁའི་མཐའ་འཇལ་ངལ་བ་བཏང་། །སྐྱེ་མང་སྡིག་མུན་བརྩེགས་པའི་ཕུང་པོའི་ནང་། །དགེ་བའི་སྒྲོན་མེ་ཆུང་ངུ་བཏེགས་པའི་མོད། །སྒྲིབ་བྱེད་མངོན་སུམ་ལྟ་ཞོག་བག་ལ་ཞ། །གར་སོང་འཕགས་(༡༥༧བ)


GLG017_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱན་གྱིས་གཟིགས་ནུས་ཅི། །ཉེས་བརྒྱའི་གཉེན་པོ་མཐོ་རིས་ཆུ་གོས་རྩེར། །བློ་བརྩོན་ཏོག་གིས་རབ་མཛེས་མ་དག་དྲི། །བཀྲུས་པར་གནས་ངན་སྦྱིན་སྐྱེས་དོགས་བྲལ་ཞིང་། །ངེས་ལེགས་མིག་མི་འཛུམ་གྱི་དགའ་སྟོན་དཔྱིད། །བསོད་ནམས་བྱས་ཚོགས་གདང་བུ་སྦྲེལ་པའི་སྐས། །མ་རྨད་ཐར་པའི་བ་གམ་སྒོར་བཙུགས་པར། །འཛེགས་ནས་དགྱེས་དགུར་སྤྱོད་པ་གཏན་གྱི་འདུན། །སྒྲུབ་པའི་ཟློས་གར་དེ་ལ་སུ་ཞིག་བཤུང་། །དཀར་ནག་ཡོངས་བཏབ་ས་བོན་མ་འདྲེས་པར། །ལེགས་སྨིན་ཚུལ་ལ་དཔྱོད་པའི་མིག་ཡངས་པོས། །ཉེར་འབད་དགེ་ཚོགས་ཛམྦུའི་ལྗོན་ཤིང་འབྲས། །བྱང་ཆུབ་མཆོག་མཚོར་གསེར་དུ་བསྒྱུར་དེ་སྤྲོ། །བློ་གསལ་དཔལ་ལྡན་སྐལ་པ་བཟང་པོའི་མཐུ། །སྟོབས་ཀྱི་ཁོ་ལག་ཡངས་པོར་ལྷག་བསམ་གྱིས། །རང་གཞན་དོན་ཆེད་རྣམ་སྨིན་ཆེས་དཀར་ཟས། །འཚང་རྒྱའི་བར་དུ་མྱོང་ཚོར་རོ་བཅུད་མངར། །རིང་བསྲེལ་བཞི་ཡིས་ཕྱུར་བུར་སྤུངས་པའི་རྟེན། །ཐུབ་གསུང་འགྱུར་རོ་ཅོག་གི་པུ་སྟ་ཀཿ ། དཀོན་ཅོག་རིན་ཅེན་སྤེལ་ལེགས་གནྡོ་ལའི། །དཀར་ཆག་མུ་ཏིག་འཁྲི་ཤིང་འདོད་པ་འཇོ། །དེའང་མཁས་འཇུག་ལས། །བསྟན་བཅོས་རྩོམ་པའི་དམ་པ་ཡིས། །སྟོན་པ་ལ་ནི་མཆོད་བརྗོད་བྱ། །བསྟན་པ་སྤེལ་ཕྱིར་དག་པའི་ཚིག །འདི་ལ་འཐད་པ་བཟང་པོ་མཐོང་། །ཞེས་གསུངས་པ་ལྟར་སྔོན་རབས་དམ་པའི་རྣམ་པར་ཐར་པའི་རྗེས་སུ་འབྲངས་ཏེ་ཕུན་སུམ་ཚོགས་པའི་མཆོད་བསྟོད་འདུད་ཚིག་སྔོན་དུ་བཏང་ནས་སྐབས་སུ་གླེང་བར་བྱ་བ་ནི། རྒྱལ་བ་བཙོང་ཁ་པ་ཆེན་པོས། རེས་འགའ་རྒྱལ་(༡༥༨ན)


GLG017_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམིགས་པའི་དད་པ་དང་། །སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན། །གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང་། །ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང་། །བསྟན་པ་རིན་ཅེན་རིང་དུ་གནས་འདོད་པ། །འདི་དག་ཕན་ཚུན་འགྲན་ཅིང་འཕེལ་བར་འགྱུར། །ཞེས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱ་དཀའ་བ་བརྒྱ་ཕྲག་དུ་མའི་སྤྱོད་པ་རླབས་ཆེན་པོས་གྲངས་མེད་པའི་བསྐལ་པ་མང་པོ་སེམས་ཅན་རྣམས་ཀྱི་དོན་དུ་ཚོགས་བསགས་ཤིང་བྱང་ཆུབ་མཆོག་གི་བདུད་རྩི་བརྙེས་ནས་ཐབས་ལ་མཁས་པའི་མཛད་པ་དུ་མས་ཡིད་ཅན་རྣམས་འདྲེན་པར་མཛད་པ་ལ་རྒྱུ་མཚན་ཤེས་ནས་དད་པ། བསྐལ་པ་འདིའི་རྣམ་འདྲེན་བཞི་པ་ཤཱཀྱ་སེང་གེས་འཁོར་ལོ་རིམ་པ་གསུམ་སོགས་མདོ་རྒྱུད་ཀྱི་ཆོས་ཚུལ་མཐའ་ཀླས་པ་གསུངས་ནའང་རྗེས་འབྲངས་རྣམས་ཀྱིས་མ་རྟོགས་པ་དང་ལོག་རྟོག་གིས་འདམ་དུ་ཆུད་པར་འཁྲུལ་མེད་ཀྱི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་སྐུ་དྲིན་རྗེས་སུ་དྲན་པའམ། ཤིང་རྟ་ཆེན་པོའི་སྲོལ་བཟུང་ནས་གྲུབ་མཐའ་རྣམ་བཞིའི་ཆོས་ཚུལ་རྒྱས་པར་མཛད་པའི་པཎ་གྲུབ་དང་ལྗོངས་འདིར་སྐད་གཉིས་སྨྲ་བའི་འཇིག་རྟེན་གྱི་མིག་གཅིག་པུ་སོགས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་གཅིག་ཏུ་བཞོལ་བའི་བཤེས་གཉེན་རྣམས་ལ་དད་པ་ཆེན་པོས་གུས་པ། བདེ་བར་འདོད་ཀྱང་མ་རིག་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་ལ་ལོངས་སྤྱོད་པའི་ཉམ་ཐག་གི་སྐྱེས་བུའི་ཚོགས་ཕ་མར་ཤེས་ནས་སྙིང་བརྩེ་བ། འཕགས་པ་སྡུད་པ་ལས། འཛམ་(༡༥༨བ)


GLG017_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་རྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་སྐྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་པའི་དོན་བཞིན་གོང་དུ་སྨོས་པ་རྣམས་ཀྱི་འབྱུང་གནས། བསྟན་འགྲོའི་དགེ་ལེགས་ཐམས་ཅད་ཀྱི་རྩ་བ་ཐུབ་པའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་ན་ཅི་མ་རུང་སྙམ་པ་རྣམས་ཐུགས་རྒྱུད་ལ་ཕན་ཚུན་འགྲན་པ་བཞིན་དུ་འགྱུར་ཚུལ་གསུངས་པའི་ལུང་རྟོགས་ཀྱི་བསྟན་པ་ནི་ཕན་པ་དང་བདེ་བ་འབྱུང་བའི་སྒོ་དམ་པ་ཡིན་པ་དེའང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་ཡུལ་ཡོངས་སུ་སྤྱོད་པར། ཡུལ་དབུས་ནས་ལྷོ་ཕྱོགས་སུ་དར་བར་འགྱུར་རོ། །ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་འགྱུར་རོ། །བྱང་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་འགྱུར་རོ། །ཞེས་གསུངས་པའི་བྱང་ཕྱོགས་ཞེས་པའི་བྱང་ཕྱོགས་ནི་ཐུགས་རྗེ་ཆེན་པོ་དང་སྒྲོལ་མའི་སྤྲུལ་པ་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་འགྲོ་བ་འཕེལ་ཏེ་རུས་ཆེན་བཞིའམ་དྲུག་ཏུ་མཆེད་པར་ཐུགས་རྗེ་ཆེན་པོའི་བཀའ་འབུམ་སོགས་ནས་བྱུང་ཞིང་། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པའི་ཁུངས་བུ་སྟོན་ཆོས་འབྱུང་དུ་དྲངས་པར། སྐྱ་སེང་བུ་ལྔ་དང་དགྲ་ངན་དཔུང་ཚོགས་ཡན་ལག་བཅུ་གཉིས་འཐབ་པའི་ཚེ་རྒྱལ་པོ་རཱུ་པ་ཏི་(༡༥༩ན)


GLG017_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དམག་སྟོང་ཕྲག་གཅིག་དང་བཅས་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་རི་གངས་ཅན་གྱི་དབུས་སུ་བྲོས་པ་ལས་མཆེད་པ་དང་། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། །བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །ཞི་ཞིང་གསལ་བའི་གཟུགས་ཅན་ལ། །ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །རང་བྱུང་གི་ནི་སྐྱེ་གནས་ཅན། །ཞེས་ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་དུ་བགྲངས་པ་སོགས་བཤད་ཚུལ་སྣ་ཚོགས་ཀྱང་དོན་དུ་བོད་ཡིན་པ་མཐུན་ལ། ལྷ་གཅིག་ཇོ་བོ་ཨ་ཏི་ཤ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ན་འོད་དཔག་མེད་ཀྱི་ལྷ་ཁང་ཞིག་ཡོད་པའི་ནང་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཐུགས་དམ་ལ་བཞུགས་པས་ཇོ་བོ་སྤྱན་རས་གཟིགས་ཀྱི་ཞལ་མངོན་སུམ་དུ་བསྟན་པའི་ཞལ་ནས། །སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་སམ་འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ཁྱོད་ཀྱི་ཡི་དམ་ཇོ་མོ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱོད་ཀྱི་གདུལ་བྱ་མང་པོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་བོད་དུ་སོང་ཞེས་བོད་འདི་ཐུགས་རྗེ་ཆེན་པོ་རང་གི་ཞིང་ཁམས་མཆོག་ཏུ་ལུང་བསྟན་ཅིང་སྒྲོལ་མས་ཀྱང་། ས་གཞི་དང་སྐྱེ་འགྲོའི་རྒྱུད་བྱིན་གྱིས་བརླབ་པར་ཐ་མལ་གྱི་ཚུལ་བཟུང་ནས་རྒྱུན་བརྟན་པར་བཞུགས་པའི་ཕྱིར་འཕགས་པ་སྤྱན་རས་གཟིགས་ཀྱི་འཕྲིན་ལས་ཀྱི་འཇུག་པ་རྒྱུན་མི་ཆད་པའི་དབང་གིས་རྗེ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་རབས་ཉེར་(༡༥༩བ)


GLG017_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་བར་དངོས་སུ་དམ་པའི་ཆོས་ཀྱི་མིང་ཙམ་མི་གྲགས་ཀྱང་ཐབས་ཀྱི་སྒོ་ནས་ལེགས་པའི་ལམ་ལ་བཀྲིས་ཤིང་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་དུས་དམ་པ་ཆོས་ཀྱི་དབུ་བརྙེངས། དེ་ནས་རྒྱལ་རབས་ལྔ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སྲོལ་བཏོད། དེ་ནས་རྒྱལ་རབས་བཞི་སོང་ནས་རྗེ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་དམ་པའི་ཆོས་རྒྱས་པར་མཛད། དབོན་ཁྲི་ལྡེ་གཙུག་བརྟན་གྱིས་སྐད་གསར་བཅད་ཀྱི་གཏན་ལ་འབེབས་པ་སོགས་བསྟན་པ་སྔ་དར་དང་བར་སྐབས་སུ་འཕེལ་འགྲིབ་བྱུང་བ་འདུལ་བའི་བསྟན་པ་མདོ་སྨད་ཕྱོགས་ནས་མེ་རོ་གསོས་ཤིང་སྨྲྀ་ཏི་ཛྙ་ན་ཤྲཱི་དང་ཇོ་བོ་ཆེན་པོ་ཨ་ཏི་ཤ་སོགས་པཎ་གྲུབ་དུ་མ་དང་། སྤྲུལ་པའི་སྐྱེས་མཆོག་རིན་ཅེན་བཟང་པོ་དང་སྒྲ་སྒྱུར་ཆེན་པོ་ཤཱཀྱ་ཡེ་ཤེས་སོགས་སྐད་གཉིས་སྨྲ་བ་རྣམས་དང་། དེ་དག་གི་རྗེས་སུ་ཞུགས་པའི་མཁས་བཙུན་གྲུབ་པའི་དབང་ཕྱུག་ནམ་མཁའི་སྐར་ཚོགས་ལྟ་བུས་གནམ་གྱིས་ས་བཀབ་པ་བཞིན་གྱུར་ཏེ་ཐུབ་པའི་རིང་ལུགས་དྲི་མ་མེད་པ་དེང་སང་གི་བར་དུ་ཆད་པ་མེད་པར་བཞུགས་པ་ནི་ལུས་ཅན་ཀུན་གྱི་བསོད་ནམས་ཀྱི་ཞིང་དམ་པ་ཡིན་ལ། དེ་ཡང་སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་བྱུང་། །དེ་ལྟར་དགེ་བ་ཉམ་ཆུང་ཉིད་ལ་བརྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །ཞེས་སངས་རྒྱས་ཀྱི་བསྟན་པ་ནི་སྒྲོན་བསྐལ་དུ་གློག་འཁྱུག་པ་ཙམ་དང་སངས་རྒྱས་(༡༦༠ན)


GLG017_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱོན་པའི་མུན་བསྐལ་མཐའ་ཀླས་པར་བསྟན་པ་དང་མི་འཇལ་ཞིང་དགེ་བཅུའི་ལས་ལམ་ཚུལ་བཞིན་ལག་ཏུ་བསྟར་རྒྱུ་ཡོད་པ་ནི་ཆེས་སྐལ་པ་བཟང་ལ། །དེ་བསྒྲུབ་པའང་རང་ཉིད་གཅིག་པུའི་ཆེད་དུ་བྱ་བ་དམན་པར་གོལ་བས་བློ་དང་ལྡན་པ་རྣམས་ཀྱིས་བླང་བྱ་མ་ཡིན་ཅིང་དེ་ལས་ལྡོག་སྟེ་གཞན་དོན་སྤྱོད་པ་ནི། སློབ་སྤྲིངས་ལས། བདེར་གཤེགས་ལམ་བསྟན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་བདེ་བར་བཤེགས་པའི་ཐེག་པ་ཆེན་པོའི་ལམ་ལ་བརྟེན་ནས་འགྲོ་བ་ཐར་པར་འདྲེན་པར་བྱེད་པའི་ཁུར་ཁྱེར་བར་ནུས་པའི་རྟེན་གྱི་གཙོ་བོའང་དལ་འབྱོར་ཚང་བ་འདི་ཉིད་ཡིན་ཅིང་། དེ་ཉིད་ལས། །ཤིན་ཏུ་རྙེད་བླའི་རྩ་ཁམ་འགའ་ལྟ་ཕྱུགས་ཀྱང་རང་ཉིད་ཟ། །ཤིན་ཏུ་སྐོམ་པས་གདུངས་པའང་ཆུ་ཞིག་རྙེད་ན་དགའ་མགུར་འཐུང་། །འདི་ན་སྐྱེས་བུ་གཞན་དོན་བྱེད་པར་བརྩོན་པ་གང་ཡིན་པ། །དེ་འདིའི་བརྗིད་བག་ཡིན་ཏེ་དེ་བདེ་སྐྱེས་བུའི་རྩལ་དེ་འཕགས། །ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བ་སྣང་བྱེད་གང་ཡིན་དང་། ཁུར་ལ་མི་རྩག་ས་ཡིས་འཇིག་རྟེན་འདེགས་པ་གང་ཡིན་དེ། །རང་དོན་འགའ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ། །དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ། །ཞེས་རང་གི་ཟས་སྐོམ་འཚོལ་བ་སོགས་ཕན་ཐབས་ལྷུར་ལེན་པ་དུད་འགྲོ་ལའང་འབྱུང་བ་ལྟ་བུ་མ་ཡིན་པར་འདི་སྣང་གིས་ཕ་(༡༦༠བ)


GLG017_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཐོག་དྲངས་མཁའ་མཉམ་གྱི་སྐྱེ་རྒུ་རྣམས་ཀྱི་དོན་དུ་བསྒྲུབ་པ་ཉི་མས་མུན་པ་བསལ་བ་དང་ས་ཆེན་པོས་འཇིག་རྟེན་འདེགས་པ་དང་ཆོས་མཚུངས་པས་གཞན་དོན་བསྒྲུབས་པའི་ཞར་ལ་རང་དོན་ཤུགས་ལ་འབྱུང་བ། བྱང་ཆུབ་ལམ་རིམ་ལས། དེའི་ཕྱིར་རང་གཞན་གྱི་ལེགས་པ་ཐམས་ཅད་ཀྱི་འབྱུང་གནས་རྒུད་པ་ཐམས་ཅད་སེལ་བའི་སྨན། མཁས་པའི་སྐྱེ་བོ་ཀུན་གྱིས་བགྲོད་པའི་ལམ་ཆེན་པོ་མཐོང་ཐོས་དྲན་རེག་གིས་ཀྱང་འགྲོ་བ་ཀུན་གྱི་གསོས་སུ་གྱུར་པ། གཞན་དོན་དུ་ཞུགས་པས་རང་དོན་མ་ཚང་བ་མེད་པར་ཞར་ལ་འགྲུབ་པའི་ཐབས་མཁས་ཆེན་པོ་དང་ལྡན་པའི་ཐེག་ཆེན་ལ་འཇུག་ཏུ་ཡོད་པ་ནི་ཀྱེ་མའོ་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་བསམས་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་ཐེག་པ་མཆོག་འདིར་འཇུག་པར་བྱའོ། །ཞེས་འཕགས་ཆེན་དམ་པ་རྣམས་ཀྱི་རྣམ་པར་ཐར་པའི་རྗེས་སུ་ཞུགས་ཏེ་འབད་པས་བཞེངས་པའི་ཡུལ་ཡང་། སྔོན་གྱི་ཡིག་ཚང་ལས། དབུས་ཕྱོགས་ཙམ་དུད་འཁྱེར་ལུགས་ནི། །འབྲི་གུང་བོད་འབྲོག་གཉིས་པོ་ལ། །སུམ་སྟོང་དྲུག་བརྒྱ་སུམ་ཅུ་ཡོད། །ཚལ་པ་སུམ་སྟོང་བདུན་བརྒྱ་ཡིན། །ཕག་མོ་གྲུ་པ་ཉིས་སྟོང་དང་། །བཞི་བརྒྱ་སུམ་ཅུ་རྩ་བརྒྱད་དོ། །ཞེས་པའི་ཁུངས་ཀྱང་། དེ་ཕྱིར་ས་སྐྱའི་དཔོན་ཆེན་ནི། །ཟམ་གྲུ་གུང་མིང་དབན་ཧུ་ཡི། །མིང་ཐོབ་ཤཱཀྱ་བཟང་པོ་དེའི། །དེབ་ཐེར་ཤོག་དྲིལ་ཅན་བཞིར་ཡིན། །ཁྲི་སྐོར་དེ་བས་དབུས་གཙང་གི །འཇའ་མོ་འཛིན་ལུགས་དེ་ལྟར་ཡིན། །ཞེས་དབུས་གཙང་ཁྲི་སྐོར་བཅུ་གསུམ་ལེ་ལག་དང་བཅས་སོ་སོར་དབྱེ་བའི་ཆར་གཏོགས་ཤིང་གནམ་གྱིས་བསྐོས་(༡༦༡ན)


GLG017_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲུང་ཆེན་རིན་པོ་ཆེ་ཏཱའི་སི་ཏུས་གཞིས་ཆེན་བཅུ་གསུམ་བཏབ་པའི་ནང་ཚན་ཟངས་རི་ལྷུན་གྲུབ་རབ་བརྟན་དུ་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་འཕགས་པའི་ཡུལ་དུ་ཨ་ན་ལ་ཞེས་པ་ཕྱོགས་འདིར་མེར་འབོད་ཅིང་རྒྱ་ནག་གི་ཡུལ་ཁམས་སུ་སིང་ཞིང་ཞེས་པ་ལྗོངས་འདིར་མེ་ཕོ་འབྲུག་གི་ལོར་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་དམར་སེར་ཅན་ཞེས་པ་མེ་སྦྲུལ་རྟེན་བཞེངས་རྣམས་ཀྱི་དཀར་ཆག་བཀོད་པ་ལ་རྫོང་གསར་ཚོམས་ཆེན་གྱི་བྱང་རྒྱུད་ངོས་ཀྱི་ཆའི་དབུས་སུ་བདག་ཅག་གི་སྟོན་པས་ལན་ཅིག་མ་ཡིན་པར་ཆེས་ཆེར་བསྔགས་ཤིང་། མཐའ་ཡས་པའི་བསྐལ་པའི་སྔོན་རོལ་ནས་སྡུག་བསྔལ་གསུམ་གྱིས་མནར་བའི་ལུས་ཅན་རྣམས་ས་དང་ལམ་ལ་ཞུགས་པར་མ་བལྟོས་པར་རྣམ་པར་དག་པའི་སྨོན་ལམ་གྱིས་མཚམས་སྦྱར་བའི་མཐུས་སྲིད་པ་འཛིན་པར་ནུས་པའི་དག་པའི་གནས་མངོན་པར་འདུ་མཛད་པ་ནུབ་ཕྱོགས་བདེ་ལྡན་ཞིང་གི་བཀོད་པ་དང་སྙིགས་མའི་འགྲོ་འདྲེན་ཐུགས་བསྐྱེད་ཀྱི་དམ་བཅའ་ཕུལ་དུ་བྱུང་བ་མགོན་པོ་འོད་དཔག་མེད་སྲས་ཀྱི་ཐུ་བོ་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས་དང་བདུད་དཔུང་ཟིལ་གྱིས་གནོན་པ་མཐུ་ཆེན་ཐོབ་སོགས་མིག་གི་བདུད་རྩིར་གྱུར་པའི་སྟེང་གི་ཆའི་དབུས་སུ། འཇམ་དཔལ་རྡོ་རྗེ་ངུར་སྨིག་འཛིན་པའི་ཟློས་གར་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པ། དེའི་མདུན་སྨད་ཀྱི་ཆར་ངེད་རང་གི་འདྲ་འབག །གཡས་སུ་སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་མའི་ཟློས་གར། ལྔ་བརྒྱའི་གཙུག་རྒྱན་མར་མེ་མཛད། གཡོན་དུ་སྐྱེ་བ་ཉི་ཤུ་རྩ་ལྔར་(༡༦༡བ)


GLG017_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དབྱངས་མིའི་སྲིད་པ་གཟུང་ཞིང་སྐུ་ཚེ་ཕྱི་མ་མངོན་དགའི་ཞིང་དུ་བདེ་གཤེགས་དྲི་མ་མེད་པར་མངོན་སངས་རྒྱས་པ་ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན། དེ་ནས་རིམ་གྱིས་ཅུང་ཟད་དམའ་བར་ཇོ་བོ་ཆེན་པོར་སྒྲོལ་མས་སློབ་མའི་མཆོག་ཏུ་ལུང་བསྟན་པ་བཀའ་གདམས་ཀྱི་ཆུ་འགོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་དགེ་བའི་བཤེས་གཉེན་གསང་ཕུ་བ་ལེགས་པའི་ཤེས་རབ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ། དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོ། མཁྱེན་བརྩེ་ནུས་ལྡན་བསོད་ནམས་རྒྱ་མཚོ། བདེ་ཆེན་ཆོས་ཀྱི་རྒྱལ་པོ་ཡོན་ཏན་རྒྱ་མཚོ། བདེ་བ་ཅན་གྱི་ཞིང་གི་བཀོད་པའི་གཡས་གཡོན་གྱི་གླིང་གི་ཆར། ཡངས་པ་ཅན་གྱི་རོལ་མོའི་སྒྲ་ཅན་གྱི་ཤིང་ལྗོན་པའི་དྲུང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོས་ཐོག་མཐའ་བར་དུ་དགེ་བའི་ཆོས་གསུངས་པའི་ཚེ་འཕགས་པ་འཇམ་དཔལ་གྱིས་ལྔ་བརྒྱའི་ཐ་མ་ལ་གང་ཐོས་པ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་པ་དང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཡོན་ཏན་དང་ལྡན་པའི་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པ་ཞུ་བར་མཛད་པའི་དགོས་པ་བསྟན་པའི་མཐར་གྱུར་པ་ན། གསུང་རབ་སྤྱི་དང་གཟུངས་སྔགས་མཐུ་ཆུང་བར་འགྲོ་བ་བཤད་ཀྱང་། མདོ་འདི་ཉིད་ཆེས་ཆེར་བདོ་བའི་འགྲོ་ལ་ཆེད་དུ་བསྔགས་པས་ནུས་པ་ཆེར་འགྲོ་བ་སྨོན་ལམ་གྱི་ཁྱད་པར་ཡིན་ཞིང་སངས་རྒྱས་རྣམས་རིས་སུ་མ་ཆད་པའི་སེམས་ཅན་ལ་རྗེས་སུ་ཆགས་(༡༦༢ན)


GLG017_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཚུངས་ཀྱང་། ཞུ་ལན་ནོར་བུའི་འཕྲེང་བར། སྤྲུལ་པའི་ཆོས་རྒྱལ་དཔལ་ལྡན་མར་མེ་མཛད་བཟང་པོ་མ་དག་པའི་གདུལ་བྱ་ལ་དུས་དྲུག་ཏུ་གཟིགས་ཤིང་བཞུགས་པའི་ཚེ་སྙིགས་མའི་མགོན་པོ་རྒྱལ་བ་བདུན་དང་རང་གི་སྟོན་པ་ཤཱཀྱ་ཐུབ་པ། ཞེས་སོགས་གསུངས་པ་ལྟར་སྙིགས་མའི་དུས་འདིར་རྣམ་འདྲེན་གཞན་ལས་མཐུ་དཔུང་ལྷག་པར་ཆེ་ཞིང་བདེ་གཤེགས་བདུན་གྱི་མཆོད་པའི་ཕན་ཡོན་ཀྱང་། སེར་སྣ། ཚུལ་འཆལ། ང་རྒྱལ། ཕྲག་དོག །ཕྲ་མ་ལས་སྦྱོར་ངན་པ་བྱས་པའི་རྣམ་སྨིན་མྱོང་བ་དག་མཚན་ཐོས་པ་དང་དྲན་པས་སྡུག་བསྔལ་ལས་གྲོལ་བ། ལས་ཀྱི་སྒྲིབ་པ་དག་ཅིང་བདུད་སྡིག་ཅན་གྱིས་མི་བརྫི་བ་བུ་ནོར་ཚེ་དང་དབང་ཕྱུག་ཕུན་སུམ་ཚོགས་ཤིང་འཁོར་ལོས་སྒྱུར་རྒྱལ་དུ་སྐྱེ་བ་སོགས་ཕན་ཡོན་མཐའ་ཀླས་པའི་མདོའི་ཆོ་ག་ལས་བྱུང་བའི་ཞིང་བཀོད་གཙོ་འཁོར་གྱི་ལྷ་ཚོགས་ང་གསུམ། སྟེང་གི་ཆར་བརྒྱུད་པའི་བླ་མ་རིན་པོ་ཆེའི་འཕྲེང་བ་ལྟར་ཚར་དུ་དངར་བ། ནུབ་ཕྱོགས་ནས་རིམ་པ་བཞིན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡུལ་ཡངས་པ་ཅན་དུ་སྐུ་ཚེ་བྱིན་གྱིས་བརླབས་པའི་རྣམ་རྒྱལ་མཆོད་རྟེན་སྐུ་རྒྱུ་རིན་ཅེན་གཉིས་པ་དངུལ་དཀར་དང་། ཁྲི་སོགས་གསེར་ཟངས་ལས་གྲུབ་པ་བུམ་ནང་དུ་སྐུ་དང་། སེང་ཁྲི་རྒྱལ་ཆེན་བཞི་འཕྲུལ་མ་རིན་པོ་ཆེའི་རྒྱན་སོགས་བཟོ་བཀོད་ཕུན་སུམ་ཚོགས་པ། ཡུམ་ཆེན་མོ་ཤེར་ཕྱིན་མ། མཉམ་མེད་ཇོ་བོ་རྗེ་ཨ་ཏི་ཤ །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ། འདི་གའི་འདྲ་འབག །ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོ། གངས་ཅན་ལྷ་གཅིག་ཆོས་ཀྱི་རྒྱལ་པོ་(༡༦༢བ)


GLG017_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་བཙན་སྒམ་པོ། འཇམ་དཔལ་རྡོ་རྗེ་ཚངས་པ་ལྷའི་མེ་ཏོག །འཕགས་མཆོག་སྙིང་རྗེའི་གཏེར་ཆེན་འབྲོམ་སྟོན་རྒྱལ་བའི་འབྱུང་གནས། གནས་ལྔ་རིག་པའི་པཎ་ཆེན་དགེ་འདུན་གྲུབ་པ། ཐམས་ཅད་མཁྱེན་ཅིང་གཟིགས་པ་དགེ་འདུན་རྒྱ་མཚོ། ཧོར་བོད་སྐྱེ་རྒུའི་རྣམ་འདྲེན་བསོད་ནམས་རྒྱ་མཚོ། ཡོན་ཏན་རྒྱ་མཚོའི་འབྱུང་གནས་བདེ་ཆེན་ཆོས་རྒྱལ། དེ་འཕྲོས་དང་ནུབ་རྒྱུད་ཀྱི་སྟོད་ཆར་འདི་གའི་འདྲ་འབག་པར་དུ་བཏབ་པ་བཅུས་ལྷག་སུམ་སྟོང་དང་སྨད་ཆར་སྒྲོལ་དཀར་གྱི་སྐུ་མང་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། མདོ་སྡེ་གསེར་འོད་དམ་པ། པདྨ་བཀའི་ཐང་ཡིག །བཀའ་ཐང་སྡེ་ལྔ། མཉམ་མེད་ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་བཀའ་གདམས་གླེགས་བམ་རིན་པོ་ཆེ་ཆ་ལག་དང་བཅས་པ། བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་བཞི། དེའི་ཆ་ལག་བཅོ་བརྒྱད། ངེད་རང་གིས་བརྩམས་ཆོས་པར་དུ་འཁོད་པ་རྣམས། ཤར་ཕྱོགས་སུ་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་བུ་སྟོན་རིན་ཅེན་གྲུབ་ཀྱིས་མཛད་པའི་དཀར་ཆག་སོར་གནས་ལ་མཚལ་པ་བཀའ་འགྱུར་གྱི་རྙིང་རྒྱུད་པོ་ཏི་གསུམ་བསྣན་པའི་རྒྱལ་བའི་བཀའ་འགྱུར་རོ་ཅོག་སྐྱ་པོད་གསར་བཞེངས་ལ་ཆེ་བརྗོད་དཀར་ཆག་སྨོན་ལམ་དང་བཅས་པ་ལོགས་སུ་གསལ། མཆོད་རྫས་ས་རྒྱན་གནམ་རྒྱན་འཕན་མེ་དམ། མཆོད་སྐོང་། ཏིང་སོགས་མཆོད་པའི་བྱེ་བྲག་མཐའ་ཀླས་པ། གཞན་ཡང་ཨྱོན་ཕུག་ཏུ་དཔལ་ཨོ་ཌི་ཡ་ནའི་སློབ་དཔོན་ཆེན་པོ་ཟ་ཧོར་མའི་ཆོས་སྐུ་ཡུམ་ཆེན་མོའི་རྣམ་པར་སྤྲུལ་པ་མ་གཅིག་ལབ་ཀྱི་སྒྲོན་(༡༦༣ན)


GLG017_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གནས་ཁང་དམར་མཆོད་ཁང་དུ་དཔལ་མར་མེ་མཛད། རྒྱལ་བ་བཙོང་ཁ་པ། འདི་གའི་འདྲ་འབག །རྫོང་གི་ཀླུ་སྡིངས་སུ་སློབ་དཔོན་ཆེན་པོའི་སྐུ་རྒྱ་གར་ལུགས། གཟིམས་ཁང་འོག་ཨ་ལགས་དགོས་དགོས་ཀྱི་ཕྱི་རྟེན་དུ་ཨྱོན་ཆེན་པོ་གཙོ་འཁོར་གསུམ། སྤྲུལ་པའི་གུ་རུ་མཚན་བརྒྱད། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་རྣམ་པར་སྤྲུལ་པ་དང་འབྲེལ་བའི་འཁྲུངས་རབས་གྲ་ཚར་ཞལ་ཐང་བཅུ་བདུན་ལ་ཚང་བའི་ལྷ་མགྲོན་སོགས་ཕྱུག་པ་རྣམས། དམར་སེར་ཅན་ཞེས་པ་མེ་སྦྲུལ་གྱི་ལོ་རོང་ལྷ་རྒྱལ་མཚན་གྱིས་ངེད་རང་རིང་འཚོའི་རྟེན་འབྱུང་ལ་དམིགས་ནས་མི་ཚད་ཙམ་བཞེངས་ཏེ་ཟངས་རི་ཁང་དམར་དུ་བཞུགས་ན་ལེགས་པའི་ལུང་བསྟན་ལྟར་ཨྱོན་ཡབ་ཡུམ་གསུམ། གུ་རུ་མཚན་བརྒྱད་དང་བཅས་པ། དེ་སྟེང་སྐྱིད་གྲོང་ཐོད་པ་འབར། ཕ་ཐོས་སྨྱོན་བསམ་གྲུབ། མ་གཅིག་ལབ་ཀྱི་སྒྲོན་མ། ཕྱག་ན་རྡོ་རྗེ་རྣམས། གཞན་ཡང་ཐུབ་དབང་། གནས་བརྟན་བཅུ་དྲུག །དགེ་བསྙེན་དྷརྨ། རྒྱལ་ཆེན་བཞི། ཧ་ཤང་གུ་རུ་མཚན་བརྒྱད་ཆུང་གྲ་གཅིག །ཇོ་བོ་ཆེན་པོ་ཨ་ཏི་ཤ་གསུམ། རྒྱལ་བ་བཙོང་ཁ་པ་གསུམ། འདི་གའི་འདྲ་འབག་ཆེ་ཆུང་དྲུག །བྲིས་སྐུ་ཆོ་འཕྲུལ་མཆོད་པའི་ཞལ་ཐང་བཅོ་ལྔ་རྣམས་ལས། འབུར་སྐུ་དང་མཆོད་རྟེན་གྱི་གཟུངས་བཞུགས་ལ། རིང་བསྲེལ་རྣམ་པ་བཞི་ལས། སྐུ་གདུང་གི་རིང་བསྲེལ། སྐུ་བལ་གྱི་རིང་བསྲེལ། ཆོས་སྐུའི་རིང་བསྲེལ་རྣམས་ལས། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་རིང་བསྲེལ་རྩེ་ལྷ་སྒང་གི་ནང་རྟེན་དང་ཆོས་དབང་གི་གཏེར་(༡༦༣བ)


GLG017_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་སོགས་ལས་བྱོན་པ། གདུང་དང་སྐུ་བལ་སོ་སོར་ཕྱེ་བ་ལས། གང་ཟག་དེ་གའི་བྱིན་རླབས་རྣམས་ཕྱོགས་གཅིག་ཏུ་བསྡོམས་པ་བརྗོད་བདེ་བས། བསྟན་སྤྱིའི་སྐོར་ལ་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་། རང་སངས་རྒྱས་ཀྱི་གདུང་རྡོའི་ཁམས་སུ་བྱིན་གྱིས་བརླབས་པ། དགྲ་བཅོམ་པ་ཉི་མ་གུང་པའི་སྣམ་སྦྱར། དཔལ་ལྡན་ས་ར་ཧའི་རེག་འཇམ་སྦྲུལ་གྱི་པགས་པའི་སྒོམ་ཐག །པཎ་ཆེན་ནཱ་རོ་ཏ་པའི་རུས་རྒྱན། མངའ་བདག་མཻ་ཏྲི་པའི་རྡོ་རྒྱུས་སྒོམ་ཐག །དགེ་སློང་མ་དཔལ་མོས་བསྒྲུབས་པའི་ཐུགས་རྗེ་ཆེན་པོའི་བུམ་ཆུ་རིལ་བུ། །འཇིག་རྟེན་མཁའ་འགྲོས་རྒྱ་གར་ཕྱག་ན་ལ་གནང་བའི་རྡོ་རྒྱུས་སྒོམ་ཐག །བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་བ་སོའི་དབུ་རྒྱན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞབས་ཕྱགས། རྒྱ་མོ་བཟའ་ཨོང་ཇོའི་ཕྱག་བཟོའི་སངས་རྒྱས་བཏགས་སྐུ། །འཇིག་རྟེན་གྱི་མིག་གཅིག་པུ་ལོ་ཆེན་རིན་བཟང་གི་དབུ་སྐྲ། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཀྱི་གསོལ་ཞལ་ལ་རྗེ་མི་ལས་ཀྱང་བཞེས་པའི་ཐུན་མོང་གི་བཞེས་ཅན། རྗེ་བཙུན་མི་ལའི་སྒོམ་ཐག །མཁས་གྲུབ་ཁྱུང་པོ་དང་རྨོག་བཅོག་པ་རིན་ཅེན་བརྩོན་འགྲུས་ཀྱི་གདུང་ཐལ། བསྟན་པའི་རྩ་ལག་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱིའི་སྐུ་ཆོས། དབུ་ཞྭ། ལྷུང་བཟེད་ཀྱི་ཤུབས། གསིལ་བྱེད་ཀྱི་བར་ཤིང་བྱང་ཆུབ་ལྗོན་པ་ལས་གྲུབ་པ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ཞབས་ཕྱགས། སེམས་དཔའ་ཆེན་པོ་ཐོགས་མེད་བཟང་པོ་དཔལ་བའི་ན་བཟའ། གནུབས་ཆོས་ལུང་ཚོགས་པའི་རྟེན་འདམ། གཉགས་དབོན་བསོད་ནམས་(༡༦༤ན)


GLG017_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་དབུ་སྐྲ། མཁན་ཆེན་རྒྱལ་བ་ཕྱག་ནའི་དམ་རྫས། འཇམ་དབྱངས་དཀོན་ཅོག་བཟང་པོའི་དབུ་ལོ། ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་གྱི་སྒོམ་ཐག །ཙ་རི་དང་ཆོས་འཁོར་རྒྱལ་གྱི་བླ་མཚོའི་རིལ་བུ་རྣམས། བཀའ་གདམས་རིན་པོ་ཆེ་དང་མཉམ་མེད་ཞྭ་སེར་ཅོད་པན་འཆང་བའི་བྱིན་རྟེན་ལ། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ཇོ་བོ་རྗེ་ཨ་ཏི་ཤའི་བླ་གོས། དབུ་ཞྭ། གདུང་ནག །རྒྱ་དཔེ། བཤེས་གཉེས་ཆེན་པོ་པོ་ཏོ་བ་རིན་ཅེན་གསལ་གྱི་བླ་གོས། སྤྱན་སྔ་རིན་པོ་ཆེ་ཚུལ་ཁྲིམས་འབར་གྱི་དབུ་སྐྲ། མཆིམས་ནམ་མཁའ་གྲགས་ཀྱི་བེར་ཟླམ། མཁན་ཆེན་ལས་ཀྱི་རྡོ་རྗེའི་ཕྱག་མཛུབ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དབུ་ལོ། བླ་གོས། དབུ་ཞྭ། རྡུལ་གཟན། དགའ་ལྡན་ཁྲི་པ་འཇམ་དབྱངས་གཙང་པ་བདུན་བརྒྱུད་ཀྱི་དབུ་སྐྲ་ཕྱག་སེན་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་རིལ་བུ། རྒྱལ་ཚབ་ཐམས་ཅད་མཁྱེན་པ་དར་མ་རིན་ཅེན་གྱི་དབུ་སྐྲ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་ཞབས་ངར། བ་སོ་ཆོས་རྒྱལ་མཚན་གྱི་དབུ་སྐྲ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་དབུ་པཎ། པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་པར་རྒྱལ་བའི་ན་བཟའ། འཇམ་དབྱངས་སྨོན་ལམ་ལེགས་དཔལ་བློ་གྲོས་ཀྱི་ཤངས་ཕྱིས། འདར་སྟོན་བློ་བཟང་གྲགས་པའི་གདུང་རུས། དུས་ཞབས་ཆེན་པོ་མཁས་གྲུབ་ནོར་བཟང་རྒྱ་མཚོའི་དབུ་ལོ། བཞུགས་གདིང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་སྐུ་རགས། པཎ་(༦༤བ)


GLG017_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བསོད་ནམས་གྲགས་པ་རྣམ་དཔྱོད་མཆོག་གི་སྡེའི་དབུ་ལོ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དབུ་སྐྲ། ཞྭ་ཐུལ། པུར་རས། སྟན་དམར། ཆབ་མདོ་རྗེ་དྲུང་རིན་པོ་ཆེ་བསྟན་པ་རྒྱ་མཚོའི་ན་བཟའ། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་དབུ་ལོ། གསང་ཆབ། ཕྱག་འཕྲེང་། པུར་རས། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་ཀྱི་དབུ་སྐྲ། དབུ་ཀླད། གདུང་རུས། ངེད་རང་ནས་ཆུ་བྱི་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཆེན་གྱིས་ཐོག་དྲངས་གྲ་ཚང་ལ་དབང་མང་དུ་ཕུལ་བ་དང་གཞན་ཡང་སྔ་ཕྱིར་དབང་བསྐུར་ཚེ་ཆོག་སོགས་བགྱིས་པའི་བུམ་ཆུ་དང་ཚེ་ཆང་རིལ་བུ། སྒྲུབ་གཏོར། ཟུར་ཀུན་མཁྱེན་ཆེན་པོར་ཚེ་བདག་གི་དབང་ཞུས་སྐབས་ཀྱི་དཔུང་སྐུད་དང་བཅས་པ། དྭགས་པོ་གྲྭ་ཚང་ནས་མ་ཎི་དུང་ཕྱུར་བསྒྲུབས་པའི་རིལ་བུ། དགའ་ལྡན་གསང་སྔགས་གླིང་པས་བྱང་གཏེར་ཐུགས་རྗེ་ཆེན་པོའི་སྒོ་ནས་བསྒྲུབས་པའི་མྱོང་གྲོལ་རིལ་བུ་རྣམས། རྗེ་བཙུན་ས་སྐྱ་པ་རྗེས་འབྲངས་དང་བཅས་པའི་བྱིན་རྟེན་སྐོར་ལ་གྲུབ་པའི་འཁོར་ལོས་སྒྱུར་བ་དཔལ་ལྡན་བིཪྺ་པའི་རུས་རྒྱན། དེའི་བདུད་རྩི་རིལ་བུ། ཟུང་འཇུག་སྐུ་བརྙེས་ཞང་སྟོན་ཆོས་འབར་གྱི་ན་བཟའ། བླ་མ་གནམ་ཁའུ་པ་དར་མ་རྒྱལ་མཚན་ཚ་བ་བཞེས་སྐབས་མགོན་པོ་ཞལ་བཞི་དངོས་སུ་གཟིགས་པས་ཕྱག་ནས་ཤོར་བའི་བཞེས་ཅན། འཁོན་དཀོན་ཅོག་རྒྱལ་པོའི་ན་བཟའ། དེ་དང་རྗེ་ས་སྐྱ་པ་ཐུན་མོང་གི་རེ་ཕྲུག་གི་ན་བཟའ། རྗེ་བཙུན་བརྩེ་བ་ཆེན་པོའི་གར་གོས། རུས་རྒྱན། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་གར་གོས། རྗེ་བཙུན་(༡༦༥ན)


GLG017_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཕྱག་འཕྲེང་མེ་འབར་མ། གར་གོས། བེར་ཟླམ། ཁ་ཊྭཱཾ་གའི་འཕན་རྩེ། འཇམ་དབྱངས་ས་སྐྱ་པཎ་ཆེན་གྱི་ན་བཟའ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་ན་བཟའ། རྡོ་རྒྱུས་པང་ཁེབས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་བླ་གོས་དང་ཙར་མོ། སྔགས་འཆང་གཟུངས་ཀྱི་དཔལ་བའི་སྐུ་བེར། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་པུར་རས། ད་ལམ་བསྒྲུབས་པ་འདི་མྱངས་ན་སྐྱེ་བ་གསུམ་ན་མཁའ་སྤྱོད་གྲུབ་པར་མཁའ་འགྲོས་ལུང་བསྟན་ཐེངས་གསུམ་བྱུང་བ་ལྟར་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་བསྒྲུབས་པའི་བདུད་རྩི་རིལ་བུ། རྗེ་བཙུན་རྡོ་རིང་པ་ཆེན་པོ་ཀུན་བཟང་ཆོས་ཀྱི་ཉི་མས་བསྒྲུབས་པའི་ཚེ་ཟན། ས་ལེ་ཐམས་ཅད་མཁྱེན་པ་འཇམ་དཔལ་རྡོ་རྗེའི་ན་བཟའ། རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་དབུ་ལོ། གདུང་རུས། སྐུ་རག །ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་གདུང་རུས། དེས་བྱང་གཏེར་ཐུགས་རྗེ་ཆེན་པོའི་སྒོ་ནས་བསྒྲུབས་པའི་སྐྱེ་བདུན་རིལ་བུ། ན་བཟའ། དེས་བསྒྲུབས་པའི་སྐྱེ་བདུན་རིལ་བུ། རིན་པོ་ཆེ་བོད་མཁར་པ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་གྱི་དབུ་སྐྲ། མཁན་རིན་པོ་ཆེ་གཞོན་ནུ་བློ་གྲོས་ཀྱིས་བསྒྲུབས་པའི་རྟག་གཏོར། ཚར་ཆེན་དང་འཇམ་དབྱངས་མཁྱེན་བརྩེ་ཡབ་སྲས་ཀྱིས་བསྒྲུབས་པའི་བདུད་རྩི་རིལ་བུ། ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོ་དང་སྔགས་འཆང་དགོན་གསར་བ་བསོད་ནམས་ཆོས་འཕེལ་གྱི་གདུང་རུས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གདུང་རུས། ན་བཟའ། བདག་ཆེན་འཇམ་དབྱངས་བསོད་ནམས་དབང་པོའི་(༡༦༥བ)


GLG017_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ལོ། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན་གྱི་བླ་གོས། ས་སྐྱ་ཁྲི་ཆེན་ཨ་མི་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ས་ཞུ། སྐུ་ཤམ། དེས་བསྒྲུབས་པའི་བདུད་རྩི་རིལ་བུ། རིགས་ཀུན་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་གྱི་གདུང་རུས། བསྒྲུབ་པ་གནང་བའི་ཚེ་ཟན། འཁོན་རིགས་གོང་མ་སོགས་དང་སྔགས་གསར་མ་མང་པོའི་དམ་རྫས་ཕྱོགས་གཅིག་ཏུ་བསྡུས་པའི་རྟ་བརྒྱ་མཛོ་བརྒྱ་རི་བའི་རིལ་བུ་རིན་སྤུངས་པའི་ནང་རྟེན་གྲས་རྣམས། གསང་སྔགས་རྙིང་མའི་བྱིན་རྟེན་སྐོར་ལ། སློབ་དཔོན་ཆེན་པོའི་ན་བཟས་མཚོན་ཐོག་མར་འདྲི་འོས་ནའང་། གཏེར་ཁ་སོ་སོ་ནས་བྱུང་བའི་ན་བཟའ་ཤོག་སེར་སོགས་མང་བའི་གཏེར་སྟོན་གྱི་རྗེས་སུ་འབྲངས་པ་བརྗོད་བདེ་བར་མཐོང་སྟེ་བཀོད་པ་ལ། མཉམ་མེད་ཇོ་བོ་ཆེན་པོ་ཨ་ཏི་ཤས་བསྣམས་ཕེབས་པའི་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་གདུང་རུས། བཻ་རོ་ཙ་ནའི་རྒྱ་དཔེ། བསམ་ཡས་པར་ཁང་གི་རྒྱ་དཔེ། གཏེར་ཁ་གང་ཡིན་མ་ངེས་པའི་ཤོག་སེར་ཁུངས་བཙུན། ཨྱོན་ཆེན་པོའི་དབུ་སྐྲ །ཉང་ཏ་ཐཱ་ག་ཏའི་གདུང་རུས། མངའ་བདག་སྐུའི་སྤྲུལ་པ་ཉང་རལ་པ་ཅན་གྱི་གཏེར་བྱོན་བདེ་འདུས་ཤོག་སེར། མངའ་བདག་གསུང་གི་སྤྲུལ་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་སྐུ་ཤ །གཏེར་བྱོན་གྱི་ཁྲུས་ལུང་མ་ཎི་མའི་ཁྲུས་དར། ཤོག་སེར། དེས་བསྒྲུབས་པའི་ཆོས་སྨན། སྲས་པདྨ་དབང་ཆེན་གྱི་སྐུ་ཤ །བླ་མ་བྱ་ནག་ཆེན་པོ་རིན་ཅེན་འོད་ཀྱིས་དྲང་སྲོང་བསྒྲུབས་པའི་སྐྲ། མཐུ་ཆེན་(༡༦༦ན)


GLG017_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གངས་པ་ཤཱཀ་འབུམ་གྱིས་སྒྲུབ་པ་མཛད་པའི་ཕྱག་ཕྲེང་། སླར་རྒྱལ་བ་གཡུང་སྟོན་པས་ཀྱང་མཛད་པ་དང་རིང་བསྲེལ། རོག་སྙེ་མདོ་ཐམས་ཅད་མཁྱེན་པའི་དབུ་སྐྲ་དང་ཞབས་ཕྱགས། ཡབ་རྗེ་ཨྱོན་གླིང་པའི་གཏེར་བྱོན་ཁྲོས་ནག་ཤོག་སེར། དེའི་ཤོག་སེར་སློབ་དཔོན་གྱི་ཕྱག་རྗེས་མ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་པའི་ཕྱག་འཕྲེང་། སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་བྱོན་ཨྱོན་ཡབ་ཡུམ་གྱི་བྱང་སེམས་དཀར་དམར། གཏེར་སྟོན་རིན་ཅེན་གླིང་པའི་སྐུ་ཤ །གཏེར་སྟོན་དྲི་མེད་ལྷུན་པོའི་དབུ་ཞྭ་དེའི་གཏེར་བྱོན། མཁན་པོ་བོ་དྷི་ས་ཏྭ། སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། མཁའ་གྲོ་ཡེ་ཤེས་འཚོ་རྒྱལ་གསུམ་གྱི་ཤངས་མཚལ་སྐུ་རྒྱུར་བསྲེས་པའི་འབུམ་དམར། རིགས་འཛིན་རྒོད་ཀྱི་ལྡེམ་ཕྲུའི་གཏེར་མའི་རྣམ་སྣང་རྡོ་རྗེ་བདུད་འཇོམས་ཀྱི་དབུ་རལ། ཆོས་རྒྱལ་རཏྣ་གླིང་པའི་གདུང་རུས། སྐུ་རག །གཏེར་བྱོན་སློབ་དཔོན་ཆེན་པོའི་ཟབ་བེར་གཏེར་སྟོན་ཀུན་སྐྱོང་གླིང་པའི་གདུང་རུས། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བསྒྲུབས་པའི་ཚེ་རིལ། སླེ་བེམ། གཏེར་སྟོན་པདྨ་གླིང་པའི་སྐུ་ཤ་རིལ་བུ། གཏེར་བྱོན་གྱི་ཤོག་སེར། སློབ་དཔོན་ཆེན་པོའི་ཟབ་བེར། དེས་བསྒྲུབས་པའི་སྐྱེ་བདུན་རིལ་བུ། སེ་སྟོན་མགོན་པོ་བཟང་པོའི་དབུ་ཀླད། །སེ་སྟོན་རིན་ཅེན་རྒྱལ་མཚན་གྱི་དབུ་རལ། སྐུ་ཤམ། མངའ་རིས་པཎ་ཆེན་རིན་པོ་ཆེའི་གདུང་རུས། རིགས་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེའི་དབུ་སྐྲ། གདུང་རུས། ན་བཟའ། སྐྱེ་བདུན། དམ་རྫས་ཀྱི་ཕབས་(༡༦༦བ)


GLG017_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་གུང་པ་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ཀྱི་སྐུ་ཤ་རིལ་བུ། ཕྱག་འཕྲེང་། མཉམ་མེད་ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན་གྱི་གདུང་རུས། སྐུ་ཕོད། འཕྲེང་པོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་དམ་རྫས་རིལ་བུ། འབྲི་གུང་ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས་ཀྱིས་བདེ་འདུས་སྒོ་ནས་བསྒྲུབས་པའི་ཆོས་སྨན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་དབུ་རལ། བསམ་ཡས་ཨཱརྱ་པ་གླིང་ནས་གདན་དྲངས་པའི་མྱོང་གྲོལ་པདྨ་རཱ་ག །བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་སྒོ་ནས་བསྒྲུབས་པའི་བུམ་ཆུ་རིལ་བུ། ཆོས་སྨན། སྣང་གསལ་བ་རིགས་འཛིན་ཀུན་དགའ་ཚེ་མཆོག་གི་དབུ་ཞྭ། བཀྲ་བཟང་པ་སེ་སྟོན་པདྨ་དབང་ཆེན་གྱི་དབུ་རལ། བྱང་པ་རིགས་འཛིན་ངག་གི་དབང་པོའི་དབུ་སྐྲ། ན་བཟའ། ཞབས་ཕྱགས། འབྲི་གུང་པ་རིགས་འཛིན་ཆེན་པོ་ཆོས་ཀྱི་གྲགས་པའི་དབུ་སྐྲ། བདེར་འདུས་ཀྱི་སྒོ་ནས་བསྒྲུབས་པའི་ཆོས་སྨན། འཕྱོང་རྒྱས་ཞབས་དྲུང་ཧོར་ངག་དབང་བསོད་ནམས་གྲགས་པའི་གདུང་རུས། རླུང་ཆེན་གཞོན་ནུ་དོན་གྲུབ་ཀྱི་ན་བཟའ། ཡོལ་མོ་སྤྲུལ་པའི་སྐུ་བསྟན་འཛིན་ནོར་བུའི་དབུ་རལ། གདུང་རུས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེས་བསྒྲུབས་པའི་སྐྱེ་བདུན་དང་ཆོས་སྨན། ཀོང་པོ་རྫོགས་ཆེན་པ་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས་བསྒྲུབས་པའི་འགྲོ་དོན་ལས་སྦྱོར་ལྔ་པ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་དབུ་སྐྲ། ཆབ་སེར་རིལ་བུ། གདུང་རུས། ཕྱག་འཕྲེང་ཐག་པ། དེས་བསྒྲུབས་པའི་འགྲོ་དོན་ལས་སྦྱོར་ལྔ་པ་དང་། ཚེས་བཅོ་ལྔར་ཕྱག་གིས་དྲིལ་བ་འཕེལ་བའི་(༡༦༧ན)


GLG017_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་ཁྱད་མཚར། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེའི་དབུ་སྐྲ། དེས་བསྒྲུབས་པའི་གསང་རྫོགས་ཀྱི་ཆོས་སྨན་དང་། ཚེ་དཔག་མེད་བདུད་རྩི་འཁྱིལ་པའི་ཚེ་རིལ། དར་རྒྱས་ཆོས་སྡིངས་པ་རིགས་འཛིན་འཕྲིན་ལས་ལྷུན་གྲུབ་ཀྱིས་ཤེལ་བྲག་ཏུ་བསྒྲུབས་པའི་ཆོས་སྨན། ཆོས་རྒྱལ་གཏེར་བདག་གླིང་པའི་གཏེར་བྱོན་ཨ་ཐམ་མ། ཨྱོན་ཆེན་པོའི་སྐུ་རག །གཏེར་སྟོན་རང་ཉིད་ཀྱི་དབུ་སྐྲ། རིགས་འཛིན་ཐུགས་ཏིག་གི་སྒོ་ནས་བསྒྲུབས་པའི་ཚེ་རིལ། བདུད་རྩི་ཆོས་སྨན། རྡོ་རྗེ་བྲག་རིགས་འཛིན་སྤྲུལ་པའི་སྐུས་གསང་རྫོགས་སྒོ་ནས་བསྒྲུབས་པའི་ཆོས་སྨན། ཚེ་དཔག་མེད་བདུད་རྩི་འཁྱིལ་བ་དང་། སྐུ་གསུམ་རིགས་འདུས་ཀྱི་ཚེ་རིལ། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་ལ་བརྟེན་པའི་སྐྱེ་བདུན་རིལ་བུ། དཔལ་རི་སྤྲུལ་སྐུ་ངག་དབང་པདྨ་འཕྲིན་ལས་ཀྱི་འཆི་མེད་སྐུ་གསུམ་འདུས་པ་དང་། རིགས་འཛིན་སྲོག་སྒྲུབ་ཀྱི་སྒོ་ནས་བསྒྲུབས་པའི་རིལ་བུ་རྣམས། དྭགས་པོ་བཀའ་བརྒྱུད་ཀྱི་བྱིན་རྟེན་སྐོར་ལ། ཏེ་ལོ་ནཱ་རོ་སོགས་རྒྱ་བོད་ཀྱི་པཎ་གྲུབ་དུ་མའི་སྟེང་དུ་བཀའ་བརྒྱུད་ཀྱི་བླ་མ་རྣམས་བསྣན་པའི་བཀའ་བརྒྱུད་སྤྱིའི་རྟེན་འདུས་རིན་སྤུངས་པའི་ནང་རྟེན་ནས་བརྒྱུད་པ། སྒམ་པོ་ཟླ་འོད་གཞོན་ནུའི་ཞབས་ཕྱགས། དཔལ་ཕག་མོ་གྲུ་པའི་དབུ་སྐྲ། བེར་ཟླམ། སྒོམ་ཞྭ། ཞང་འགྲོ་བའི་མགོན་པོ་གཡུ་བྲག་པའི་ན་བཟའ། འབབ་རོང་པ་དར་མ་ཆོས་ཀྱི་དབང་ཕྱུག་གི་ཆིབས་ཡག །སྟག་ལུང་ཐང་པའི་ན་བཟའ། རྒྱལ་བ་ཐོག་སྡུགས་པ་ཆེན་པོའི་ཐོག་གཏུམ་པའི་ན་བཟའ། རྒོད་ཚང་པ་མགོན་པོ་རྡོ་རྗེའི་དབུ་སྐྲ། གྲུབ་ཆེན་(༡༦༧བ)


GLG017_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པ་ཤིའི་དབུ་ལོ། ཀུན་མཁྱེན་རང་བྱུང་རྡོ་རྗེའི་གདུང་རུས། སྤྱན་ལྔ་ལྷ་གཟིགས་རས་པའི་གདུང་། ཞྭ་དམར་བ་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པའི་ཤངས་མཚལ་ཏེ་གོང་གསལ་སོ་སོའི་ཆ་ཤས་རེ་རྟེན་རྣམས་ལ་ཚང་བར་བཞུགས་ཤིང་ཁྱད་པར་ངེད་རང་གིས་ཡུན་རིང་དུ་ལོངས་སྤྱོད་པའི་སྣམ་སྦྱར་ཚང་མ་འདྲ་འབག་ནང་དུ་བཅུག །ཆོས་སྐུའི་རིང་བསྲེལ་ལ་སྔགས་གསར་རྙིང་མང་པོའི་བླ་མ་བརྒྱུད་པའི་མཚན་གཟུངས། རིག་པ་ཆེན་མོ། གསང་སྔགས་གསར་རྙིང་གི་རྒྱུད་སྡེ་ནས་བྱུང་བའི་ཕ་རྒྱུད་མ་རྒྱུད་གཉིས་སུ་མེད་པ་སྟེ་བླ་མེད་ཀྱི་སྐོར། སྲོག་ཤིང་བརྟེན་པ། རྣལ་འབྱོར་རྒྱུད། གཟུངས་ཆེན་སྡེ་ལྔ་གཙོ་བོར་བཏོན་པའི་བྱ་སྤྱོད། མདོ་གཟུངས། ཆོས་སྐྱོང་། ནོར་ལྷ། བརྟན་བཞུགས། ཤིས་བརྗོད་རྣམས་པར་འདེབས་པ་ནས་འབུལ་བའི་བར་འཁྲུལ་པ་མེད་པའི་ཕྱག་ལེན་གྱིས་ཕྱུར་བུར་གཏམས་པ། འཕགས་བལ་རྒྱ་ནག་བོད་ཡུལ་སོགས་ཀྱི་གནས་ཆེན་གྱི་ས་སྣ་རྡོ་སྣ་མང་དུ་སྤུངས་པ། གཙོ་བོ་རྣམས་ལ་གནོད་སྦྱིན་འཁོར་ལོ་དཔའ་བོ་གཅིག་གྲུབ་ཀྱི་དགོངས་དོན་སོར་བཞག་ཚུལ་བཞིན་བསྒྲུབས་པར་ཟས་ནོར་ལོངས་སྤྱོད་ཀྱི་ཕུང་པོ་འབྱོར་བའི་རྟེན་འབྲེལ་དུ་སྤེལ་ཏེ་རྟེན་བཞེངས་སྔ་མ་རྣམས་ལ་དགེ་སློང་འཇམ་དབྱངས་གྲགས་པས་རྡོ་རྗེ་སློབ་དཔོན་བྱས་གྲ་པ་བཅུ་སྐོར་གྱིས་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་བཅུ་གཉིས་ལ་སྟ་གོན་དང་བཅུ་གསུམ་ལ་དངོས་གཞིའི་སྒོ་ནས་རབ་ཏུ་གནས་པ་ལེགས་པར་བསྒྲུབས། དེ་ཡང་། ལུང་གཞི་ལས། །མཁས་པ་གང་ཞིག་རབ་ཏུ་སེམས་དད་པས། །སངས་རྒྱས་མཆོད་རྟེན་(༡༦༨ན)


GLG017_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་གོམ་འདོར་ན། །ཛམཱུ་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་དང་། གང་ཞིག་རབ་དང་སེམས་ཀྱིས་སངས་རྒྱས་ཀྱི། །མཆོད་རྟེན་ལ་ནི་འཇིམ་གོང་འཇོག་བྱེད་ན། །ཛམཱུ་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་བདེ་བར་གཤེགས་པའི་སྐུ་གཟུགས་ལ་སོགས་པ་རྟེན་གྱི་ཞིག་གསོས་དང་དེ་དག་གི་ཆེད་གོམ་པ་འདོར་བ་ཙམ་གྱི་བསོད་ནམས་གྱི་ཚད་ཀྱང་མཐའ་ཀླས་ན་གསར་དུ་བསྐྲུན་པའི་ཕན་ཡོན་གྱི་ཚད་གཟུང་བར་དཀའ་ལ། དེ་བཞིན་དུ། འཕགས་པ་བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པར་བྱ་གཟུང་བར་བྱ་བཅང་བར་བྱ་བཀླག་པར་བྱ་ཀུན་ཆུབ་པར་བྱ་རབ་ཏུ་གདོན་པར་བྱ་བསྟན་པར་བྱ་ཉེ་བར་བསྟན་པར་བྱ་ལུང་འབོགས་པར་བྱ་ཁ་གཏོན་དུ་བྱ་བྲི་བར་བྱ། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ་མེ་ཏོག་དང་བདུག་པ་དང་དྲི་དང་འཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དང་ཁོ་ར་ཁོར་ཡུག་དུ་མར་མེའི་འཕྲེང་བ་དང་མཆོད་པ་རྣམ་པ་མང་པོས་བཀུར་སྟིར་བྱ་བླ་མར་བྱ་བརྗེད་པར་བྱ་མཆོད་པར་བྱ་རི་མོར་བྱ་བསྙེན་བཀུར་བྱ་སྟེ། ཀུན་དགའ་བོ་འདི་ནི་ངའི་རྗེས་སུ་བསྟན་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། མདོ་(༡༦༨བ)


GLG017_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་འདི་ལ་སུ་དགའ་བ། །དེ་དག་ཆོས་རྣམས་ཐམས་ཅད་ལ། །ཐེ་ཚོམ་དང་ནི་ནེམ་ནུར་མེད། །དེ་དག་མྱ་ངན་འདས་དང་ཉེ། །བྱ་རྒོད་ཕུང་པོར་དེ་བཞིན་གཤེགས། །དཔའ་བོ་ཆེན་པོ་དེ་ཡིས་མཐོང་། །ཐམས་ཅད་སངས་རྒྱས་ལུང་བསྟན་ཏེ། །རྒྱལ་བ་བྱམས་པ་མཐོང་བར་འགྱུར། །སངས་རྒྱས་བྱམས་པ་མཐོང་ནས་ནི། །བཟོད་པ་བཟང་པོ་འཐོབ་པར་འགྱུར། །ཞེས་བདེ་བར་གཤེགས་པའི་གསུང་རབ་ལ་འདྲི་ཀློག་སྲི་ཞུར་བགྱིས་པའི་ཕན་ཡོན་གཟུགས་སུ་གྲུབ་ན་ནམ་མཁའི་མཐོངས་སུའང་ཤོང་བར་དཀའ་ཞིང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། བློ་གྲོས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས་དད་པ་བསྐྱེད་དེ། པུས་མོ་གཉིས་ཀའི་ལྷ་ང་ས་ལ་བཙུགས་ནས་ཕྱག་འཚལ་ཞིང་ཕྱག་བྱེད་དེ། དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ་ཅི་འདྲ་བར་བདག་གི་ལུས་ཀྱང་དེ་འདྲ་བར་གྱུར་ཅིག་ཅེས་མོས་པ་བསྐྱེད་ན། བློ་གྲོས་རྣམ་པར་དག་པ། བསོད་ནམས་ཀྱི་ཕུང་པོ་དེའི་མཐའ་བརྗོད་པར་མི་ནུས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པའི་ཕྱིར་རོ། །བསོད་ནམས་ཀྱི་ཕུང་པོ་དེ་ནི་རྒྱལ་པོ་ཉིད་དམ། བརྒྱ་བྱིན་ཉིད་དམ། ཚངས་པ་ཉིད་དམ། རང་སངས་རྒྱས་ཉིད་དམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པས་ཀྱང་ཟད་པར་བྱ་བར་མི་ནུས་སོ། །ཞེས་དེ་བཞིན་(༡༦༩ན)


GLG017_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་དུ་གྱུར་པའི་མཆོད་རྟེན་བཞེང་བ་དང་བཀུར་སྟིར་བགྱིས་པས་གནས་སྐབས་དང་མཐར་ཐུག་གི་འཁོར་འདས་ཀྱི་ཡོན་ཏན་ཕུང་པོ་ནི་གང་གིས་ཀྱང་མཚུངས་ཟླར་མི་རུང་བ་སོགས་རྒྱ་ཆེར་བསྔགས་པའི་ཚུལ་ལ་བློ་དང་ལྡན་པ་རྣམས་ཀྱིས་སྒོ་གསུམ་གྱི་འབད་པ་ཆེན་པོས་ནན་ཏན་བསྒྲུབ་པ་ནི་ཕན་པ་དང་བདེ་བའི་འབྱུང་གནས་བླ་ན་མེད་པའོ། ཨ་ཧོ་འགྲོ་ཆེད་བསྐལ་མང་བྱ་དཀའ་སྤྱོད། །བརྩོན་པས་བྱང་ཆུབ་མཆོག་གི་བདུད་རྩིའི་བཅུད། །ཐུགས་གསང་ཟ་མ་ཏོག་འཁྱིལ་རྒྱལ་དྲིན་མཐའ། །འཕྲོག་བྱེད་མཁའ་ལྡིང་ཞོན་མྱུལ་མ་རྙེད་ངལ། །ཐུབ་རྣམས་གང་མཛད་སྐྱེ་རྒུར་རྩི་སྨན་གྱི། །ལྗོན་ཤིང་ཕང་ཕུང་འདབ་མའི་གྲིབ་བསིལ་ལ། །མཐའ་དག་འཇིག་རྟེན་ངལ་གསོས་དབང་པོ་ལྔར། །སིམ་པའི་ཚོར་མྱོང་སྔོན་བསགས་ལེགས་བྱས་མཐུ། །དཀོན་ཅོག་ཞིང་སར་སྲི་ཞུ་ས་བོན་ཆ། །ཕྲ་ཡང་བསྔོ་སྨོན་གཤེར་གྱིས་སྐྱེད་བསྲིངས་སྡོང་། །ཡལ་ག་ཐར་པའི་ལམ་སྙེག་དཔག་བསམ་འབྲས། །གཉིས་པ་ལྷ་དང་ཐུན་མོང་སྤྱད་བྱ་མིན། །བཟང་པོའི་བག་ཆགས་སྤྲིན་ལ་རྣམ་དཔྱོད་མིག །ཉེར་བལྟ་ལེགས་བྱས་འཁྱིལ་བ་དབྱར་རྔའི་སྒྲས། །བླང་དོར་མངལ་ཁུར་མདུན་མ་གྲུ་བཞིའི་སར། །བདེ་སྐྱིད་སྒྲོ་གཤོག་ཟླུམ་པོར་ཟློས་གར་སྒྱུར། །ཐེག་གསུམ་སྐྱེ་འཕགས་ཀུན་གྱིས་ཆེར་བསགས་ཚོགས། །སོ་ནམ་(༡༦༩བ)


GLG017_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་འགྲུས་ཞིང་ལ་ཆ་མཉམ་པར། །བཀྲམ་པའི་རྣམ་དཀར་དགེ་ཚོགས་སྙེ་མ་ལས། །བརྒྱགས་ཕྱེ་བྱང་ཆེན་དེ་སྲིད་མི་འཛད་ཤོག །དུས་མིན་མཚུན་དུ་འཁྲིད་པ་འཆི་བདག་གདོན། །དམར་བའི་མིག་རས་བཙའ་བཞིན་རིང་པོའི་ཚེ། །ཕ་མཐར་ཕྱིན་པའི་བྱེད་པོ་གར་དབང་ལྷའི། །བུམ་བཟང་བདུད་རྩི་སྲོག་གི་ཟུངས་གྱུར་ཤོག །ནག་པོའི་ལས་དང་དེས་བསྐྱེད་ཟུག་རྔུའི་ནད། །རྩུབ་ཚེར་འབྱུང་བའི་སྨན་པ་བཻ་ཌཱུཪྻའི། །འོད་ལྡན་རྣམ་འདྲེན་ཐུགས་རྗེས་འདུ་བ་རྣམས། །མ་འཁྲུགས་སྙོམས་པའི་ཚོར་བ་རྟག་མྱོང་ཤོག །ཡང་སྲིད་མང་པོར་གཏོང་བའི་བུ་ལོན་ཚོགས། །ཆུད་མི་འཛའ་བ་དབང་ཐང་ནེའུ་ལེའི་མགྲིན། །ཉེར་སྐྱུགས་འབྱོར་བའི་ཕུང་པོ་མཐོར་བརྩེགས་པ། །ངལ་གསོས་བུ་ཡི་གན་མཛོད་སྤུན་ཟླར་ཤོག །དར་དྲག་བཙན་པོའི་ལས་ཤུགས་རྐང་པའི་རྡུལ། །གཙུག་ཏུ་འགོད་ལ་འཇིག་རྟེན་ཆེ་རྒུ་ཡིས། །རྒྱགས་པའི་བསྙེམས་བཏང་པུས་མོའི་ལྷ་ང་སར། །བཙུགས་ནས་ལག་པད་སྙིང་གར་ཟུམ་པར་ཤོག །སྐྱེ་བར་སྐྱབས་མགོན་བཤེས་གཟུགས་ཡིད་སྨོན་མཚར། །འཆར་གེགས་དུག་བཅིལ་འདོད་དོན་སྨན་གྱི་རོར། །རབ་བསྒྱུར་བདེན་པའི་ཚིག་གི་ཆུ་ལྷའི་བུའི། །དཀྱིལ་འཁོར་མཆོག་གསུམ་མཐུ་ཡིས་གསལ་བར་ཤོག །ཆོས་དཀར་ཕུང་པོ་འདི་ཀོ་བསྒྲུབས་པའི་ཆེད། །གོམ་གཅིག་བོར་བས་མཐའ་བརྟེན་ལས་བྱེད་དང་། །(༡༧༠ན)


GLG017_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བདོག་པ་གཏོང་རྣམས་དེང་ནས་ཡང་སྲིད་ཀུན། །བདེ་སྐྱིད་དཔལ་འབར་རྣམ་མཁྱེན་མྱུར་ཐོབ་ཤོག །གཏིང་མཐའ་མི་དཔོགས་འཁོར་བའི་ཀློང་དུ་ཟོ་ཆུན་འཁྱུད་མོ་ལྟར་འཕྱན་པའི། །ཡང་སྲིད་བརྒྱུད་མར་བཏུངས་པའི་ནུ་ཞོ་རྒྱ་མཚོའི་ཚད་བརྒལ་བྱིན་པའི་མ། །དངོས་དང་དེས་སྐྱེད་སྡུག་བསྔལ་བསྒྲུབ་བརྩོན་ཡིད་ཅན་ཚོགས་རྣམས་གཏན་གྱི་བདེ། །མི་གནས་མྱ་ངན་འདས་པའི་རྒྱུ་རུ་བསགས་པའི་དགེ་ཚོགས་མ་ལུས་བསྔོ། །མིག་གི་བདུད་རྩིར་མཐོང་བའི་མོད་ལ་རྣམ་པར་གྲོལ་བའི་ས་ལ་ཡོངས་སྦྱོར་རྫོགས་སངས་རྒྱ྄ས། །སྒྲ་འཛིན་དབང་པོར་ཐོས་པ་ཙམ་གྱིས་སྲིད་ཞིའི་ཉེས་བརྒྱ་མཐའ་དག་གཞིལ་མཛད་དམ་པའི་ཆོས། །དད་དང་གཏོང་བས་རི་མོར་བགྱིས་ན་རླབས་ཆེན་ཚོགས་གཉིས་དབྱར་ལྟར་མཚོ་སྤེལ་དགེ་འདུན་གྱིས། །འཇིག་རྟེན་གསུམ་དུ་བཀྲ་ཤིས་དགའ་སྟོན་ཆར་གྱི་རྒྱུན་བབས་ཕན་བདེའི་མྱུ་གུ་དར་བར་ཤོག །ཅེས་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་སྐུ་གསུང་ཐུགས་རྟེན་སྔ་ཕྱིར་བཞེངས་པའི་དཀར་ཆག་ལེགས་བྱས་འདོད་འཇོ་འདི་ནི་རྒྱུ་སྦྱོར་བ་པོ་ཉིད་ཀྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་དམར་སེར་ཅན་ཞེས་པ་མེ་སྦྲུལ་ཆུ་སྟོད་ཟླ་བའི་ཤེས་རབ་ཀྱི་ཆའི་གནམ་གང་གི་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་གྱི་ཉིན་ཕོ་བྲང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་སརྦདཱཀྵྨབྷཝནྟུ། (༡༧༠བ)


GLG017_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་ཟླུམ་པོ།) ཨཱདིཏཱཧིམིཏྲདཱཡགརྒྷཙིཏྟྭཀོཪྠིཏསྱམཻགྷནཻལཀཙྩཀཥྚཥཌྒཙཱརབྷཪྵདྷརྨརཱུཔསཉྫརོདརུདྲ། ཨཱགམ་བྷྲམཱདྡཏར་དྲ་ཏཱརམཀྵརཻཪྶམཱཡགཾཡདཱཏིཀལྤཔཉྩམོདཀཱལཀཱརུཥསྱཙཀྲཤཱཀྱརཱཛ། །གཟོད་མ་ཉིད་ནས་བྱམས་བརྩེའི་སྙིང་པོ་ཐུགས་བསྐྱེད་སྤྲིན་སྔོན་འཁྲིགས་པ་ལས། །བྱ་དཀའི་ཕྱིན་དྲུག་སྤྱོད་པའི་ཆར་གྱིས་ཆོས་གཟུགས་སྙེ་མ་དར་དྲག་པས། །འགྲོ་ཀུན་འཁོར་འཁྱམས་ཕོངས་ལས་སྒྲོལ་བའི་མི་གཡོའི་དམ་བཅའ་གང་དུ་སོང་། །དེ་ཕྱིར་ཆེར་སྙིགས་ལྔ་བདོའི་དུས་འདིར་ཐུགས་རྗེའི་དཔུང་བསྐྱེད་ཟས་གཙང་སྲས། །དགྲ་གཉེན་བར་མ་ཀུན་ལ་ཆ་སྙོམས་པར། །ལྷག་བསམ་ག་བུར་རྡུལ་དཀར་བཀྲམ་པའི་ངད། །སྡུག་བསྔལ་ཚ་གདུང་བཅིལ་དེ་ཁྱོད་ཁོ་ནའི། ཁྱད་པར་མ་ཡིན་རྣམ་འདྲེན་ཡོངས་ཀྱི་སྲོལ། །འོན་ཏེ་གཅིག་ཏུ་གདུལ་དཀའ་ལྕགས་ཀྱི་ཁམས། །སྙིང་སྟོབས་རྩི་ཡིས་ངེས་ལེགས་གསེར་སྦྱངས་སུ། །བསྒྱུར་ལ་པད་དཀར་ལྟ་བུར་ལྷ་རྣམས་ཀྱིས། །བསྔགས་པའི་བདེན་གཏམ་འདི་ལ་གང་གིས་བསྙོན། །ཆུ་(༡༧༡ན)


GLG017_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ལྗིད་ལྡན་སྤྲིན་དབུས་དབྱར་རྔའི་སྒྲས། །མདོངས་མཐའ་སྒྲོ་གཤོག་ཟླུམ་པོར་གར་བྱེད་ན། །བསྐལ་བཟང་འདྲེན་པ་བཞི་པའི་རྣམ་ཐར་ལ། །མི་དད་བློ་དེ་ལྷ་མིན་གདོན་གྱིས་བཏབ། །ཟླ་བཞིན་དཀྱུས་རིང་མིག་གི་ཟུར་མདའ་ཅན། །འཇམ་མཉེན་ནུ་འབུར་གངས་རིའི་དཔལ་འཛིན་པ། །རྐེད་ཕྲ་སོར་མོའི་གདུབ་སིལ་འཁྲོལ་བའི་སྒྲས། །འོད་ལྡན་ཡིད་ཀྱི་བརྟན་པ་འཕྲོག་ལས་ཅི། །རིང་ནས་སྦོམ་པོར་སྐྱེད་བསྲིངས་སྡོང་པོ་ལ། །ཡལ་ག་ཕང་ཕུང་གཡོ་བའི་ལོ་འདབ་དབུས། །རོ་བདའི་འབྲས་བུ་སྨིན་པའི་དཔག་བསམ་ལྗོན། །སྤྱོད་པའི་མིག་མི་འཛུམ་ལ་ལྷག་པར་སྨོན། །སྔོ་འཇམ་དགེ་བའི་རྩྭ་ཡི་ཆུན་པོའི་སྟེང་། །སྐྱིལ་ཀྲུང་གཅིག་གིས་མངོན་པར་བྱང་ཆུབ་སྟེ། །རྩོད་ལྡན་འགྲོ་འདྲེན་ཚུལ་ལ་ཆུ་སྐྱེས་རྣམས། །དགའ་བའི་འཛུམ་གྱིས་ཕྱོགས་དེར་དགོད་པ་བཞིན། །བརྒྱ་པའི་བགྲང་བྱར་འཁོར་ལོ་རྣམ་གསུམ་གྱི། །འཇིགས་བྲལ་སེང་གེའི་ང་རོའི་སྒྲ་བསྒྲགས་ཚེ། །ལུས་མེད་ཅེ་སྤྱང་དུས་མིན་སྐད་འབྱིན་པའི། སྙིང་དེ་ལྐོག་མར་བྲོས་ཀྱང་དུམ་བུར་གས། །རྩིབས་བརྒྱད་རབ་ཏུ་བཀྲ་བ་ཞབས་ཀྱི་མཐིལ། །གཙུག་ཏུ་བཀོད་པའི་རི་མོ་བྱང་ཆུབ་བར། །མངོན་སུམ་གསལ་འདི་དབྱི་བར་དྲག་པོ་ཡིས། །བསྐལ་བརྒྱར་དཀའ་ཐུབ་བླངས་ཀྱང་ཅུང་ཟད་ངལ། །པུས་མོའི་ལྷ་ང་སར་བཙུགས་ལག་པ་ཟུང་། །སྙིང་གར་སྦྱར་ཏེ་མགོ་བོས་ཕྱག་འཚལ་ན། །སྲིད་ཞིའི་ཕུན་ཚོགས་དཔལ་གྱིས་འཇིག་རྟེན་གསུམ། ཁྱབ་པའི་དགེ་ལེགས་དེང་འདིར་སྩལ་དུ་གསོལ། །ཞེས་ཤིས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ནས།(༡༧༡བ)


GLG017_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འོ་སྐོལ་གྱི་སྟོན་པ་གྲངས་མེད་པའི་བསྐལ་པ་དུ་མ་ནས་སྒྲིབ་གསུམ་གྱི་འཆིང་རྒྱ་ལས་རྣམ་པར་གྲོལ་ཏེ་མ་ལུས་པར་སྤངས་པ། །ཆོས་གཟུགས་ཀྱི་སྐུ་གཉིས་སྔོན་དུ་གྱུར་ནས་ཡོན་ཏན་མཐའ་དག་ལ་བྱང་ཆུབ་པར་མཛད་པའི་མཉམ་མེད་བུ་རམ་ཤིང་པས་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས། ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་པ་ལ་གཡོ་བ་མེད་ནའང་། རྒྱུད་བླ་མར། ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་ནས་ནི་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པས་ཐུན་མོང་བའི་སེམས་ཅན་རྣམས་ཀྱི་ཆེད་དུ་དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོར་བསྟན་པས་རང་གི་ཅོད་པན་མི་ཕམ་མགོན་པོའི་དབུ་ལ་བཅིངས་ཏེ། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། འཛམ་བུ་གླིང་ནི་ཆེན་པོ་ཡི། །དུམ་བུ་བཅུ་གཉིས་ཀྱི་ནི་དབུས། །ཞེས་དང་། འཛམ་བུ་གླིང་ནི་ཆུང་ངུ་འདིར། །བདག་ནི་ཤཱཀྱའི་རིགས་རྗེས་འགྲོ །ཞེས་པ་ལྟར་རྒྱལ་པོ་ཟས་གཙང་མའི་རིགས་སུ་སྲིད་པ་བཟུང་སྟེ་མ་ག་དྷ་རྡོ་རྗེ་གདན་གྱི་སྤོར་མཆོག་གི་སྤྲུལ་པའི་སྐུའི་རྣམ་པར་(༡༧༢ན)


GLG017_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པས་འདུས་པ་རྣམ་པ་གསུམ་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཞིང་། གདུལ་བྱ་དབང་པོ་ཡང་རབ་ཏུ་གྱུར་པ་རྣམས་ལ་ངེས་གསང་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་གདམས་པ་རྒྱ་ཆེར་སྩལ་བ་སོགས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་གསུང་རབ་མཐའ་དག །ཇི་སྐད་དུ། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་ལ། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་དག་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་དངོས་དང་བརྒྱུད་པའི་སྒོ་ནས་གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པ་སེལ་བ་དང་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པའི་ཐབས་ཀྱི་གཙོ་བོ་དང་ཡན་ལག་གི་ཚུལ་དུ་གསུངས་པ་ཤ་སྟག་ཡིན་ལ། དེ་ཡང་འདུལ་མངོན་དུ་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་རྣམས་ལ་སོ་སོར་ཐར་པའི་སྡོམ་པ་སྐྱེ་བར་བཤད་པས་དམ་པའི་ཆོས་ཀྱི་སྣོད་ཡིན་ཀྱང་གཙོ་བོར། རྣམ་བཞག་རིམ་པ་ལས། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་ལོངས་སྤྱོད་ཆེན་པོ་དང་ལྡན་ཏེ། དེ་ལྟ་མོད་ཀྱི་བླུན་ཅིང་རྨོངས་པས་མི་སྤྱོད་ཅིང་མི་འབྱེད་དོ། །འཛམ་བུ་གླིང་པ་འདི་ནི་ལས་ཀྱི་ས་པ་ཡིན་ཏེ། སོགས་ནས། འོན་ཀྱང་འགོ་སྨོས་པས་གོ་བ་དང་། དབང་པོ་རྣོ་ཞིང་བསྒྲིན་པ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་རྣམས་འཛམ་བུ་གླིང་གི་སྐྱེ་བོའི་གནས་ཀྱི་དབུས་སུ་འཁྲུངས་ཤིང་ཆོས་སྟོན་པར་འགྱུར་རོ། །ཞེས་རྒྱལ་བའི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་གཙོ་བོ་དར་བ་ནི་འཛམ་བུ་གླིང་ཡིན་ལ། འཛམ་གླིང་ཡང་། དཔལ་(༡༧༢བ)


GLG017_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྒྱུད་ཀྱི་འཇིག་རྟེན་ཁམས་ལེར། གླིང་ནས་ཟླ་བ་འོད་དཀར་ཅན་དང་རབ་མཆོག་ཀུ་ཤ་དང་ནི་མིའམ་ཅི་དང་ཁྲུང་ཁྲུང་དང་། །དྲག་པོ་ཡང་ནི་ལོངས་སྤྱོད་ས་སྟེང་བདུན་པར་འཛམ་བུའི་མི་རྣམས་གནས་པ་དག་ནི་ལས་ཀྱི་ས། །ཞེས་རི་རབ་ཀྱི་རའི་འོག་གི་གླིང་དྲུག་ལོངས་སྤྱོད་ཀྱི་ས་དང་། བདུན་པ་ས་དུམ་བུ་བཅུ་གཉིས་ལ་ལས་ཀྱི་ས་པ་འཛམ་གླིང་ཆེན་པོར་གསུངས་པ་དང་ཕྱོགས་མཐུན་པར། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་སོགས་ལས་བཤད་ནའང་། མངོན་པ་གོང་འོག་གིས་མཚོན་པའི་གསུང་རབ་མང་པོར་ལྷོ་ཕྱོགས་ཀྱི་གླིང་འདི་ལ་འཛམ་བུ་གླིང་དུ་བཤད་པའི་ཐུབ་པའི་བསྟན་པ་དར་རྒྱས་སུ་གྱུར་པའི་གླིང་ཡང་འདི་ཉིད་དུ་ངོས་འཛིན་ཅིང་། གླིང་དེ་ལ། དུས་འཁོར་དུ། འཕགས་ཡུལ་བོད་ལི་རྒྱ་ནག་དང་། །ཀེ་ལ་ཤ་དང་གངས་ཅན་ཆེ། །ཞེས་ཡུལ་ཆེན་པོ་དྲུག་ཏུ་བཤད་པའི་ནང་ཚན། འདུལ་བ་ལུང་ལས། མཉན་ཡོད་གནས་བཅས་ཙམ་པ་ཀ །ཝ་ར་ཎཱ་སི་ཡངས་པ་ཅན། །རྒྱལ་པོའི་ཁབ་དང་དྲུག་པོ་སྟེ། །འདི་དག་གྲོང་ཁྱེར་ཆེན་པོར་གྲགས། །ཞེས་གྲོང་ཁྱེར་ཆེན་པོ་དྲུག་གིས་མཚོན་པའི་འཕགས་ཡུལ་ནི། ཤར་དུ་ལི་ཁ་རའི་ཤིང་ཚང་ཚིང་ཅན། ལྷོར་ཆུ་ཀླུང་འདམ་བུ་ཅན། ནུབ་ཏུ་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ། བྱང་དུ་ཨུ་ཤི་རིའི་རིའི་ས་མཚམས་དང་འཁོར་རྣམ་པ་བཞིའི་སྡོམ་རྒྱུན་སོགས། ས་ཚིགས་དང་ཆོས་ཚིགས་གཉིས་ཀའི་སྒོ་ནས་ཡུལ་དབུས་སུ་གྲགས་པར་བཀའ་བསྡུ་རིམ་པ་གསུམ་དང་། ཤིང་རྟ་ཆེན་པོ་གཉིས་སོགས་པཎ་གྲུབ་མཐའ་ཀླས་པས་བཀའ་རྣམས་འཆད་ཉན་གྱིས་གཏན་ལ་ཕབ་ཅིང་། དེའི་དགོངས་འགྲེལ་གྱི་(༡༧༣ན)


GLG017_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་མང་དུ་མཛད་ནས་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གྱུར་པ་ལས་རི་ཁ་བ་ཅན་གྱི་ཁྲོད་དུ་ཇི་ལྟར་དར་བའི་ཚུལ་ནི། འཇམ་དཔལ་རྩ་རྒྱུད་ལས། ང་ཡི་དུས་ནས་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་བོད་ཡུལ་འདི་མཚོས་གང་བ་རིམ་གྱིས་བྲི་ནས་ནགས་དང་མིའི་འགྲོ་བ་འབྱུང་བར་བཤད་ཅིང་། དེ་ཡང་ཐུགས་རྗེ་ཆེན་པོའི་བཀའ་འབུམ་སོགས་སུ་སྤྱན་རས་གཟིགས་དང་སྒྲོལ་མས་བྱིན་གྱིས་བརླབས་པའི་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་གདོང་དམར་ཤ་ཟན་གྱི་ཕྲུག་གུ་དྲུག་བྱུང་བ་ནས་རིམ་གྱིས་འཕེལ་བ་རུས་ཆེན་བཞིའམ་མིའུ་གདུང་དྲུག་བྱུང་ཚུལ་དང་། ལོ་རྒྱུས་ལ་ལར་རྒྱལ་པོ་རཱུ་པ་ཏི་དཔུང་བཅས་གཡུལ་འཕམ་སྟེ་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་འོངས་པ་ལས་མིའི་འགྲོ་བ་འཕེལ་བར་བཤད། མཁས་པའི་དབང་པོ་སྟག་ཚང་པ་སོགས་ནི་རྒྱ་གར་གྱིས་མཚོན་པའི་ཡུལ་ཁམས་གཞན་ལྟར་བོད་ཡུལ་དུའང་ཐོག་མ་ནས་ལྷན་ཅིག་པར་བཅུད་ཆགས་པར་བཞེད་པ་སོགས་རྣམ་གྲངས་མཐའ་ཡས་ཀྱང་། དོན་དུ་པུར་རྒྱལ་གྱི་རྒྱལ་ཁམས་འདིའི་འབངས་ཀྱི་རྗེ་བོ་རྒྱལ་ཕྲན་སིལ་མ་བཅུ་དྲུག་སོགས་མང་དག་བྱུང་བའི་མཐར་ཕྱག་ན་པདྨའི་སྤྲུལ་པ་གཉའ་ཁྲི་བཙན་པོ་མང་པོས་བཀུར་ཏེ་རྒྱལ་པོར་མངའ་གསོལ་བ་ནས་བཟུང་རྒྱལ་རབས་ཉེར་བདུན་གྱི་བར་དུ་རྒྱལ་སྲིད་སྒྲུང་དང་བོན་གྱིས་བསྐྱངས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་ཡུལ་ཡོངས་སུ་སྤྱོད་པར། ཡུལ་དབུས་ནས་ལྷོ་ཕྱོགས་སུ་དར་བར་འགྱུར་རོ། ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་འགྱུར་རོ། །(༡༧༣བ)


GLG017_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་འགྱུར་རོ། །ཞེས་དམ་པའི་ཆོས་རྒྱ་གར་ནས་རིམ་གྱིས་བྱང་ཕྱོགས་ཁ་བ་ཅན་དུ་དར་བར་ལུང་བསྟན་པ་ལྟར་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་དུས་དམ་པ་ཆོས་ཀྱི་དབུ་བརྙེངས། དེ་ནས་རྒྱལ་རབས་ལྔ་པ་རྗེ་སྲོང་བཙན་སྒམ་པོའི་དུས་དམ་ཆོས་ཀྱི་སྲོལ་བཏོད། དེ་ནས་གདུང་རབས་ལྔ་པ་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་གཉིས་དང་། མཁས་པའི་དབང་པོ་ཀ་མཱ་ལ་ཤཱི་ལ་སོགས་པཎ་གྲུབ་དུ་མ་སྤྱན་དྲངས་ཤིང་། ལོ་པཎ་ལ་བསྙེན་བཀུར་ནས་འདུལ་ལུང་ཤེར་ཕྱོགས་མདོ་སྡེ་སྣ་ཚོགས་ཀྱི་སྐོར་མང་དག་བསྒྱུར་ཞིང་ཐེག་པ་ཆེན་པོ་གསང་སྔགས་ནི་བཀའ་གཉན་པས་ལྐོག་ཆོས་སུ་མཛད་པར་གྲགས། དེ་ནས་དབོན་ཁྲི་ལྡེ་གཙུག་བརྟན་གྱིས་མེས་ཀྱི་དུས་བསྒྱུར་བའི་ཆོས་རྣམས་སྐད་གསར་བཅད་ཀྱི་གཏན་ལ་འབེབས་པའི་བདག་རྐྱེན་མཛད། བསྟན་པ་ཕྱི་དར་ལ་ཡང་སྨྲྀ་ཏི་ཛྙ་ན་ཤྲཱི། ཇོ་བོ་ཆེན་པོ་མར་མེ་མཛད། པཎ་ཆེན་གྷ་ཡ་དྷ་ར། ཀསྨི་ར་པའི་སྡོམ་བརྩོན་བསོད་སྙོམས་པ་ཆེན་པོ་སོགས་པཎ་གྲུབ་དུ་མ་དང་། ལོ་ཆེན་རིན་ཅེན་བཟང་པོ། འཇིག་རྟེན་གྱི་མིག་གཅིག་པུ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་མཚོན་པའི་སྐད་གཉིས་སྨྲ་བ་རྒྱུ་སྐར་གྱི་འཕྲེང་བ་ལྟར་སྤེལ་ལེགས་སུ་བྱོན་པ་རྣམས་ཀྱིས་མདོ་རྒྱུད་ཀྱི་བཀའ་དང་དགོངས་འགྲེལ་ཞུས་ཆེན་དང་བསྒྱུར་བཅོས་ཀྱིས་བསྟན་པ་རིན་པོ་ཆེར་བྱི་དོར་མཛད་པས། ཁྲུས་ཁང་ལོ་ཙྭ་བའི་གསུང་ལས། ལར་དུས་གསུམ་རྒྱལ་བའི་ཐུགས་རྗེ་དང་། །རྒྱལ་སྲས་པད་དཀར་ཞབས་དྲིན་ལས། །བོད་ཀྱི་ཡུལ་ཁམས་འདི་ཉིད་ཀྱང་། །འཕགས་(༡༧༤ན)


GLG017_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དང་སྐལ་བ་མཉམ་པ་སྙམ། །ཞེས་མཐའ་འཁོབ་ཀྱི་རྒྱལ་ཁམས་འདི་ཉིད་དུ་སྔོན་རྒྱ་གར་དུ་བསྟན་པ་དར་བ་དང་མཚུངས་པའི་བཀའ་དྲིན་ནི་འཛམ་གླིང་གསེར་གྱིས་བཀང་ཀྱང་གཞལ་བར་ག་ལ་ནུས། བོད་འདིར་འགྱུར་རོ་ཅོག་གི་ཐུབ་པའི་གསུང་རབ་ཀྱི་ཚོགས་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ནས་ཉེ་བར་བཟུང་དམ་པའི་ཆོས་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་རབ་ཏུ་བྱུང་བ་དང་ཁྱིམ་གྱི་བདག་པོ་འབྱོར་ལྡན་རྣམས་ཀྱིས་སྒྱུ་མའི་ནོར་ལ་སྙིང་པོ་ལེན་པའི་ཆེད་དུ་ཡི་གེར་འབྲི་བ་དང་ཀློག་པ་སོགས་རྒྱ་ཆེར་དར་བ་ཡང་། ཤེས་རབ་ཁྲི་པ་ལས། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་དེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། བཅོ་ལྔ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དང་། འཆད་པར་བྱེད་པ་ན་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད། གྲངས་མེད། ཚད་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད་པ་མང་པོ་དག་བསྐྱེད་པར་འགྱུར་ཞིང་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དང་། འཆད་པར་བྱེད་ན་ལྷའི་འཁོར་མདུན་དུ་གནས་པར་འགྱུར་རོ། །ཞེས་དང་། བརྒྱད་སྟོང་པ་ལས། ཀཽ་ཤི་ཀ་དེ་ལྟ་བས་ན། དེ་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མངོན་པར་དད་དེ་རྟོགས་ཤིང་མོས་ལ་སེམས་དང་བས་བྱང་ཆུབ་དུ་སེམས་བསྐྱེད་ནས་ལྷག་པའི་བསམ་པས་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་བར་བྱེད་པ་དང་། རབ་ཏུ་འདོན་པ་དང་། སྟོན་པ་དང་། ཉེ་བར་སྟོན་(༡༧༤བ)


GLG017_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། ཞེས་པ་ལྟར་ལུང་ནོད་པ་གཙོ་བོར་གསུངས་ནའང་། མདོ་མངས་ཀྱི་ལུང་རྒྱུན་ཆེས་དཀོན་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་དང་དགེ་བའི་བཤེས་གཉེན་གྲོ་ལུང་པ་ཆེན་པོ་སོགས་བསྟན་པ་རིན་པོ་ཆེ་གཅེས་པར་འཛིན་པའི་དམ་པ་དུ་མས་བརྩོན་པ་ཆེན་པོའི་མཐུ་ལས་དཀར་ཆའི་ཟླ་བ་ལྟར་འཕེལ་ཞིང་། དེར་མ་ཟད་འདུལ་ལུང་ཤེར་ཕྱོགས་རྒྱུ་དང་བཅས་པའང་བག་སྟོན་གཞོན་ཚུལ་དང་། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། གོང་དཀར་རྡོ་རྗེ་གདན་པ་ཀུན་མཁྱེན་ཀུན་དགའ་རྣམ་རྒྱལ་སོགས་བསྟན་འཛིན་དུ་མས་སྲོལ་ལེགས་པར་བཟུང་ཡང་། དུས་ཀྱི་བསྐལ་པས་འཇིག་རྟེན་གྱི་འདུ་བཀོད་དང་། བརྒྱ་བཤིག་སྟོང་འགུགས་ཀྱིས་མཚོན་པའི་རང་དོན་ལྷུར་ལེན་ལ་བསྟན་འགྲོའི་དོན་དུ་སྒྲོ་འདོགས་པའི་ཆུ་ཤིང་ལྟ་བུའི་སྐྱེ་བོས་ནོར་འཛིན་དཔལ་མོའི་ལྟོ་བ་ཡོངས་སུ་གཏམས་ཏེ་གལ་ཆུང་ཆོས་ལ་བྱས་པས་སྔོན་དུས་དམ་པ་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་སྤྱད་པའི་མཛད་པ་རྣམས་ཀྱང་བྱ་ལམ་རྗེས་མེད་དུ་འགྲོ་བར་ཉེ་བའི་ཚེ། དུས་གསུམ་རྒྱལ་བའི་སྤྱི་གཟུགས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་གནས་གསར་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་འཕྲིན་ལས་ཀྱི་ཆ་ཤས་ལས་དབུས་གཙང་རུ་བཞིའི་རྒྱལ་ཁམས་ཀུན་ཏུ་འཆད་ཉན་གྱིས་ཁྱབ་པར་གཟུར་གནས་རྣམས་དད་པའི་དབྱར་མཚོ་ཆེས་ཆེར་འཕེལ་བར་སྣང་མོད། གངས་རི་སྔོན་པོར་མཐོང་བའི་ལོག་ཤེས་ཅན་དག་སྔོན་བསགས་ལས་ཉོན་གྱི་བག་ཆགས་(༡༧༥ན)


GLG017_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྟུག་པོའི་མཐུ་བརྟས་པ་ལ་མཐའ་མ་བཀག་པས། ལེགས་བཤད་རིན་པོ་ཆེ་ལས། ལས་ཀྱི་ཤུགས་ཀྱིས་བདས་པ་ན། །བློ་ཅན་ལོག་པའི་ལམ་ངན་འགྲོ །མུ་སྟེགས་བྱེད་ཀྱི་སྟོན་པ་མཆོག །དབང་ཕྱུག་སྨྱོན་པའི་བརྟུལ་ཞུགས་འཛིན། །ཞེས་པའི་དོན་དང་མཚུངས་པར་མངོན། སྐབས་དོན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ། མེ་ཏོག་དང་། བདུག་པ་དང་། དྲི་དང་། འཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་དང་། ཁོ་ར་ཁོར་ཡུག་ཏུ་མར་མེའི་འཕྲེང་བ་དང་། མཆོད་པ་རྣམ་པ་མང་པོས་བཀུར་སྟིར་བྱ། བླ་མར་བྱ། བརྗེད་པར་བྱ། མཆོད་པར་བྱ། རི་མོར་བྱ། བསྙེན་བཀུར་བར་བྱ་སྟེ། ཀུན་དགའ་བོ་འདི་ནི་ངའི་རྗེས་སུ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་ཡི་གེར་བྲིས་ཏེ་མཆོད་པ་བྱས་པར་བསོད་ནམས་གཞལ་དུ་མེད་པ་འབྱུང་བས་མཚོན་ཏེ་རྒྱལ་བའི་གསུང་རབ་མཐའ་དག་ལ་རི་མོར་བྱས་པའི་འབྲས་བུ་ཤེས་པར་ནུས་ཤིང་། སངས་རྒྱས་རྣམས་ཀྱི་གསང་བ་གསུམ་གྱི་མཛད་པའི་ནང་ནས། ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །(༡༧༥བ)


GLG017_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་གསུང་གི་མཛད་པ་གཙོ་བོར་བཤད་པའང་། ཚོམས་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་སེམས་ཅན་གྱི་རྒྱུད་ལ་བགོས་པའི་ལས་ཉོན་རྣམས་དྲི་མ་ཆུས་བཀྲུ་བ་དང་། ཚེར་མ་ཆ་དཔྱད་ཀྱིས་དབྱུང་བ་ལྟ་བུ་མ་ཡིན་པར་མ་ཟད་ཐུགས་རྒྱུད་ཀྱི་སྤངས་པ་དང་རྟོགས་པའི་ཡོན་ཏན་རྣམས་དངོས་པོའི་གཏོང་ལེན་བཞིན་གཞན་རྒྱུད་ལ་སྤོ་ནུས་པ་མིན་ཡང་བདེན་པ་གཉིས་ཀྱི་རྣམ་བཞག་བཀའ་སྩལ་པ་ལ་བརྟེན་ནས་གྲོལ་པར་འགྱུར་བས་ན། དཔལ་ལྡན་ཟླ་བས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོ་དམ་བདེན་པ་ཐབས་བྱུང་གྱུར་པ་ཡི། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་པའི་ཤུགས་ལ། དེ་གཉིས་རྣམ་དབྱེ་གང་གིས་ལེགས་ཤེས་པ། །དེ་ནི་ཕྱིན་ཅི་མ་ལོག་ལམ་བཟང་ཞུགས། །ཞེས་འབྱུང་བ་ལྟར་བདེན་པ་གཉིས་ཀྱི་ཁྱད་པར་ཚུལ་བཞིན་དུ་ཤེས་པ་ལ་བརྟེན་ནས་འཁོར་བ་ལས་གྲོལ་བས་ཐུབ་པས་གདུལ་བྱ་དབང་རྟུལ་གྱི་རིགས་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་དང་། དེ་ཁོ་ན་ཉིད་དང་ཕྱིན་དྲུག་གི་སྤྱོད་པ་སྔོན་གོམས་ཀྱི་བག་ཆགས་སད་པའི་རིགས་ལ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྟན་ནས། དེ་གཉིས་སྒྲས་ཟིན་ལ་འགལ་བ་དེ་སྤོང་གི་ལན་འཁོར་ལོ་(༡༧༦ན)


GLG017_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མའི་དུས་བཀའ་སྩལ་བས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་འདི་མ་རྟོགས་ན་ཐར་པ་ཐོབ་པར་མི་ནུས་པས། འཇུག་པ་ལས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་ཉིད་ཀུན་རྫོབ་དོན་དམ་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་ཐོབ་ཡོད་མིན། །ཞེས་གཞུང་ཕྱི་མོའི་དབུ་མ་པ་འཕགས་པ་ཡབ་སྲས་ཀྱི་བཞེད་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་རྟོགས་པ་གལ་ཆེ་ནའང་། དེ་ཙམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པར་མི་ནུས་པས་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད། རྒྱལ་བའི་སྲས་ཀྱི་སྤྱོད་པ་སྟོན་པ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ལ་བསླབ་པའི་ཐབས་ཤེས་ཟུང་དུ་འབྲེལ་དགོས་པའི་ཕྱིར། མ་ཕམ་པས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་བྱུང་བ་ལྟར་སྡེ་སྣོད་གསུམ་གྱི་བརྗོད་བྱའི་སྙིང་པོ་འདི་ཉིད་ཡིན་ནའང་། དྲང་ངེས་ཀྱི་བཀའ་ཐམས་ཅད་ཀྱི་ནང་ནས་ལ་ལ་བྱང་ཆུབ་ཐོབ་པའི་རྒྱུའི་གཙོ་བོ་དང་། འགའ་ཞིག་དེའི་ཡན་ལག་སྟེ་མཐའ་དག་མི་འགལ་བར་སངས་རྒྱས་ཐོབ་པའི་ཐབས་ཀྱི་གདམས་པར་ཤར་དགོས་པས། ཇི་སྐད་དུ། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་ཤར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་། །ཞེས་གསུངས་པ་ལྟར་རྒྱལ་བའི་བཀའ་འགྱུར་(༡༧༦བ)


GLG017_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཅོག་ལ་འབྲི་ཀློག་ཁ་ཏོན་མཆོད་པར་བྱས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་བྱ་བ་བྱས་པར་འགྱུར་ཞིང་། སངས་རྒྱས་ནི། རིགས་པའི་དབང་ཕྱུག་གིས། ཙནྡན་སྟེའུར་མཚུངས་པ་ལ། །ཆགས་བྲལ་ཞེས་སུ་བརྗོད་པ་ཡིན། །ཞེས་གཡས་ནས་ཙནྡན་གྱིས་བྱུགས་པ་དང་། གཡོན་ནས་སྟེའུ་འཕྱར་ཏེ་བརྡེག་པར་བརྩམས་པ་གཉིས་ལ་ཆགས་སྡང་གི་རྟོག་པ་མི་མངའ་བས་འདིས་ང་ལ་བྱ་བ་བྱས་སོ་དགོངས་པའི་ཆགས་པ་མེད་ཀྱང་ཐུགས་རྗེ་ཆེན་པོའི་འཇུག་པ་དུས་ལས་མི་ཡོལ་བ་ཆོས་ཉིད་དེ། ཡིད་བཞིན་གྱི་ནོར་བུ་བེམས་པོ་ལ་ལེགས་ཉེས་ཀྱི་རྟོག་དཔྱོད་མེད་ཀྱང་གསོལ་བ་བཏབ་པས་རེ་འབྲས་གྲུབ་པའི་ཕྱིར་ན། སངས་རྒྱས་རྨ་ག་ཆད་ལས། ཇི་ལྟར་ནོར་བུ་རིན་ཅེན་བསམ་པ་ཀུན་བསྟེན་པ། །གང་རྣམས་ཅི་འདོད་དེ་ལ་དེ་དག་ཐམས་ཅད་འབྱིན། །དེ་ནི་བསོད་ནམས་གང་གིས་བྱས་པ་དེས་མཐོང་སྟེ། །རིན་ཅེན་དམ་པ་དེ་ལ་རྣམ་རྟོག་གང་ཡང་མེད། །དེ་བཞིན་སངས་རྒྱས་བདེ་གཤེགས་སྐུ་མཆོག་བསམ་པ་ཀུན་སྐོང་བ། །མཐོང་ནས་སྨོན་ལམ་སུ་འདེབས་དེ་དག་བསམ་པ་འགྲུབ། །སྙིང་རིང་དམའ་བའི་སེམས་ལྡན་འགྲོ་བས་ཐུབ་མི་མཐོང་། །བདེ་གཤེགས་རྣམ་རྟོག་མི་མངའ་སེར་སྣ་མི་མངའ་འོ། །ཞེས་གསུངས་པ་ལྟར་ཡུལ་ཁྱད་པར་ཅན་ལ་བརྟེན་ནས་ཚོགས་བསགས་པའི་ཕན་ཡོན་ནི། །ཐུབ་པས་བདུད་བཅོམས་ནས་མངོན་པར་སངས་རྒྱས་མ་ཐག་ཏུ། །བསོད་ནམས་རྣམ་སྨིན་བདེ་དེ་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་(༡༧༧ན)


GLG017_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམས་ནས་ནི་བྱང་ཆུབ་བར་དུ་རེག་པར་འགྱུར། །མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོ་ཐོབ། །ཅེས་དང་། རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་ལས། །རབ་རྩུབ་མྱ་ངམ་དུ་གསལ་འཁོར་བའི་ལམ་ནི་ཤིན་ཏུ་གདུང་བ་འདིར། །རྟག་པར་རྗེས་སུ་གདུང་ལྡན་སྡིག་པ་སྡིག་པ་བོར་ཞིག་སྐྱེ་བོ་དག །རྟག་ཏུ་བསོད་ནམས་མཛོད་ཅིག་བསོད་ནམས་བརྟེན་པ་རྣམ་དག་གི །བསོད་ནམས་བདུད་རྩིས་བྲན་པའི་བསོད་ནམས་གྲིབ་བསིལ་ཤིང་གི་ས་གཞི་བསིལ། །ཞེས་གསུངས་རབ་དགོངས་འགྲེལ་དང་བཅས་པ་ལས་འབྱུང་བར་དགོངས་ཏེ། འཇམ་དབྱངས་ས་སྐྱ་ལོ་ཙཱ་བས། སྔོན་ཀྱང་འདི་བཞིན་བྱས་རྣམས་བདེ། །ད་ལྟ་ན་ཡང་བདེ་བར་མཐོང་། །གཏན་ཚིགས་བཟང་པོ་འདི་ཡིས་ནི། །མ་འོངས་དུས་སུའང་ཕུན་ཚོགས་འགྱུར། །ཞེས་པ་ལྟར་ས་སྐྱོང་བློ་བཟང་སྦྱིན་པས་ཁུར་བཞེས་ནས་ཁམས་སྟོད་ཤོ་པ་མདོ་ལྷུན་གྲུབ་མི་འགྱུར་རབ་བརྟན་དུ་ཐུབ་གསུང་གླེགས་བམ་བརྒྱ་ཕྲག་ཏུ་བརྒལ་བ་བཞེངས་པའི་དོ་དམ་འཇུན་པ་ཆ་དཀར་བ་གཉིས་ཀྱིས་བྱས་པའི་ལེགས་བྱས་ཀྱི་འབྲས་བུ་ནམ་ཡང་བསླུ་བ་མེད་པ་ནི། མདོ་ལས། འདོད་དགུ་འབྱུང་བའི་དཔག་བསམ་ལྗོན་པ་དེ། །བསོད་ནམས་ཡིན་པས་ལྷ་ཡི་ཡུལ་དུ་སྨིན། ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །ལེགས་ལྡན་དཔྱིད་ཀྱི་བུ་མོ་བཞིན་དངོམ་ཚེ། །དབྱར་སྐྱེས་གཞོན་ནུའི་བརྟན་པ་འཕྲོག་པ་(༡༧༧བ)


GLG017_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །རྒྱུ་འབྲས་མི་བསླུར་ངེས་པ་ཚུལ་གསུམ་པོ། །ཚང་བའི་གཏན་ཚིགས་འདི་ཀོ་གང་གིས་འགོག །ཀུན་ལ་ཆགས་སྡང་བྲལ་བ་བཏང་སྙོམས་གཞིར། བྱམས་བརྩེའི་བརླན་གྱིས་སེམས་བསྐྱེད་ཨུཏྤ་ལ། །འཇམ་མཉེན་བདུད་སྙིང་རྩུབ་དེས་རིས་མེད་ཀྱི། །མགོན་དུ་ཞལ་འཆེའི་དམ་བཅའ་གང་དུ་ཐལ། །གློ་བུར་ཟུག་རྔུ་སྐྱེད་བྱེད་རོ་ནུས་སྨན། །ཞུ་རྗེས་ནད་བརྒྱ་བཀྲུ་བའི་ཆོ་ག་བཞིན། །གཅིག་ཏུ་ཆུ་སྲིན་རྒྱལ་མཚན་སྡེར་བཅས་ལ། །རྗེས་ཆགས་བྱང་ཆེན་ལ་སྦྱོར་འཕྲུལ་པོ་ཆེ། །འདིར་སྣང་ཞིང་སར་མི་མངོན་ས་བོན་ཚོགས། །བསྔོ་སྨོན་གཤེར་དྲོད་ཀྱིས་བསྐྱེས་མྱུ་གུའི་རྩེར། །བདེ་སྐྱིད་འབྲས་བུ་དུད་ལ་སྐྱེ་བ་ཀུན། །སྤྱོད་པའི་སྐལ་པ་བཟང་པོར་འགྱུར་བར་ཤོག །ཡངས་པའི་འཇིག་རྟེན་ཉ་ཕྱིས་ཁོག་པ་རུ། །ཞྭ་སེར་ཆོས་སྲིད་ཕྱུར་སྤུངས་མུ་ཐི་ལཿ། །ལུས་ཅན་ཡོངས་ཀྱི་སྲིད་མཚོར་རྒྱན་འཕྲེང་དུ། །བསྐལ་པའི་དར་གྱི་སྲད་བུར་རྟག་བརྒྱུ་ཤོག །ཁྲིམས་གཉིས་གསེར་གྱི་གཉའ་ཤིང་མངའ་འབངས་ཀྱི། །ཕྲག་པར་རབ་ལྕི་ནོར་འཛིན་སྐྱོང་བའི་རྗེ། སྐུ་ཚེ་དབང་ཐང་དར་དྲག་གྲིབ་བསིལ་དུ། །འགྲོ་རྣམས་བདེ་བའི་ངལ་གསོར་ལོངས་སྤྱོད་ཤོག །ཐུབ་གསུང་འདི་བསྐྲུན་བྱེད་པོར་རྟགས་ཀུན་གྱིས། །ཉེར་མཚོན་ནམ་མཁའི་སྐ་རགས་རིང་པོས་ཀྱང་། །འཆིང་བར་ནུས་མིན་མར་གྱུར་ཡིན་ནོ་ཅོག །བྱང་ཆེན་ཐོབ་རྒྱུར་དགེ་བའི་ཚིགས་རྣམས་བསྔོ། །ཞེས་སྨོན་ལམ་ཆེ་བརྗོད་དང་བཅས་པ་འདི་ནི་ས་སྐྱོང་བློ་བཟང་སྦྱིན་པའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེ་ཚངས་སྲས་བཞད་པའི་རྡོ་རྗེས་དམར་སེར་ཅན་གྱི་ལོ་གླུ་དབྱངས་ཀྱི་ཟླ་བའི་དབྱངས་ཨོ་འཆར་བའི་ཚེས་ལ་རྒྱལ་ཁབ་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བསམ་མཐོང་ངག་རིག་ཕུན་ཚོགས་དབང་པོས་བགྱིས་པ་ཛཡནྟུ། །


GLG017_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

(ལྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས་མེ་ཏོག་གཡོ་བའི་འཁྲི་ཤིང་།) ཀཱརུཎྱཻཤྩནྡྲིརུཔགབསརཾཀཱཤསཱརཔྲསེནྱཾཡདྭཱབྷྱཽདྨཱཧཱདིབནཡཡདཾཁཱནྟཏྲྀཏྟདྨརོདྷཿདཧྱལུརྦིཤྭིབྷགབནུཏརཾཡདྡཀརྨཱངྴཀཱཙཱགྲཾབརྡྷཱཡུནྱཾཏྲིཔརཏིགཡཱལོཀནནྡོཏྶཡཙྪ། །ཐུགས་རྗེའི་ཟླ་གཟུགས་འགྲོ་རྒྱུད་དང་མཚོར་པྲ་ཕབ་ཇི་བཞིན་མངོན་སུམ་དུ། །འཆར་ལ་བརྩེ་ཆེན་དཀྱུས་རིང་སྤྱན་ཟུར་མཁའ་མཐའ་བརྒལ་དེས་ཡོལ་མེད་པས། །ལུས་ཅན་སྣ་ཚོགས་མོས་ངོར་རྗེས་འཇུག་གང་འདུལ་འཕྲིན་ལས་དཀྱིལ་འཁོར་ཆ། །འཕེལ་འགྲིབ་དང་བྲལ་མཆོག་གསུམ་གཟི་ཡིས་འཇིག་རྟེན་ཀུན་སྣང་དགའ་སྟོན་སྩོལ། །སྒྲིབ་གསུམ་ཟུག་རྔུའི་འཆིང་རྒྱ་བཀྲོལ་བའི་ཞར། །བཞི་བརྒྱ་རྩ་བཞིའི་གདུང་སེལ་སྨན་གྱི་བླར། །སྲིད་ཞི་ཡོངས་ཀྱི་སྐྱབས་སོང་བཏུད་པའི་གཙུག །ཞབས་རྡུལ་འཁོར་ལོའི་རི་མོ་གཅིག་ཏུ་གསལ། །ལས་ཉོན་གྱིས་བསྐྱེད་མི་མཉམ་འདུ་འཁྲུག་ནད། །གཞིལ་ལ་ཚངས་པ་མགྲིན་སྔོན་འཁོར་ལོའི་ལག །ལྷ་དང་ཕྱི་ནང་དྲང་སྲོང་ཚེའི་རིག་བྱེད། །འཛིན་རྣམས་བཀྲ་(༡༧༨བ)


GLG017_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་མེ་ཏོག་ཆར་དུ་སྙིལ། །ཉི་བུའི་མཆེ་ཕྲག་ཕྱོགས་པའི་ཕྱུགས་སྲོག་ཀྱང་། །ལྡོག་པར་རིག་ན་དལ་རྟེན་རིང་འཚོ་བ། །བརྩོན་པའི་བསོད་ནམས་གྲུ་རྫིངས་ལ་བརྟེན་ནས། །ཐར་པའི་རིན་ཅེན་གླིང་དུ་བགྲོད་མིན་སུ། །མ་བྱས་མི་འཕྲད་གང་བསགས་ཆུད་མི་འཛད། །ཚད་མའི་བཀའ་དང་དཔང་གྱུར་གཞུང་ལུགས་བཞིན། །རྣམ་སྨིན་ཆེས་དཀར་འབྲས་བུའི་རོ་མྱོང་བའི། །བདེན་གཏམ་རླུང་བསྐུར་མ་ཡིན་སུ་ཞིག་བསྙོན། །ཆུང་ངུའི་བློ་གྲོས་རྨིག་པའི་ཁུང་བུ་རུ། །ཕྲ་མོའི་ཡོན་ཏན་ཉལ་འགྲོས་ཁེངས་མིན་པ། །མཁྱེན་དཔྱོད་རབ་རྒྱས་ཟླ་བའི་མ་མའི་འཇིང་། །གཙུག་ལག་བྱེ་བའི་ཆུ་གཉེར་མི་དོག་ཡངས། །ལྟོ་འགྲོར་མ་གི་ཏ་བཞིན་ཕྱོགས་ལྷུང་སྙིང་། །མ་རུངས་འབྱུང་པོའི་གདོན་གྱིས་མ་བཏབ་པའི། །གཟུར་གནས་བློ་ཡི་ལེགས་བཤད་བང་མཛོད་ཀྱི། །ཡིད་བཞིན་གཏམ་གྱིས་ཕྱུར་བུར་སྤུངས་འདི་ལོང་། དེ་ཡང་འཇིག་རྟེན་གྱི་མིག་གཅིག་པུ་མཁས་པའི་དབང་པོ་དཔང་ལོ་ཙཱ་བས། རྒྱལ་བའི་སྲས་ཀྱི་ཤེས་བྱ་ཐམས་ཅད་ལ། །བསླབ་པར་གསུངས་ཕྱིར་ཇི་སྙེད་མཁྱེན་པ་ཡི། །ཡེ་ཤེས་རྒྱུ་རུ་འགྱུར་བས་ཤེས་ལྡན་རྣམས། །བྱང་ཆུབ་དོན་གཉེར་བསམ་པས་འདིར་བླང་རིགས། ཞེས་དང་། ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེས། དེ་ཕྱིར་ཀུན་མཁྱེན་ལམ་དོན་གཉེར་བ་ཡིས། །ཕྱོགས་ལྷུང་མེད་པའི་ཡིད་ཀྱིས་ཐོས་པ་བཙལ། །ཞེས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱལ་བའི་སྲས་པོ་རྣམས་ཀྱིས་མི་བསླབ་པའི་གནས་ནི་གང་ཡང་མེད་ཅིང་དགོས་པའང་རང་གཞན་གྱི་དོན་གཉིས་སྒྲུབ་པ་ལ་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་(༡༧༩ན)


GLG017_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཤིང་ཆོས་ཐམས་ཅད་ཐོས་བསམ་གྱིས་གཏན་ལ་ཕབ་པ་ནི་ལ་ལ་རྒྱུའི་གཙོ་བོ་དང་། འགའ་ཞིག་ཡན་ལག་ཏུ་འགྱུར་བའི་ཕྱིར་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དང་དུ་བླང་བྱ་ཡིན་ལ། དེའང་ཤེས་བྱ་ཇི་ལྟ་ཇི་སྙེད་ཀྱི་གནས་མཐའ་དག་གཟིགས་པ་ནི་འཕགས་ཆེན་དམ་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ལ། རང་ཅག་ཚུར་མཐོང་གི་སྐྱེ་བོ་རྣམས་ཀྱིས་ཇི་ཙམ་རྟོགས་པ་རིག་པའི་གནས་ཆེན་བཅོ་བརྒྱད་སོགས་ངོས་འཛིན་གྱི་ཁྱད་པར་རྒྱ་ཆེ་ཆུང་རྣམ་གྲངས་མཐའ་ཡས་ཀྱང་སྙིང་པོར་དྲིལ་ན་མ་ཕམ་པས་མདོ་སྡེ་རྒྱན་དུ་གསུངས་པ་དང་མཐུན་པར། འཇམ་མགོན་ས་སྐྱ་པཎྜི་ཏས། གངས་རིའི་ཁྲོད་ཀྱི་བློ་གསལ་ཀུན་འདུས་ཀྱང་། །རིག་པའི་གནས་ལྔ་ཀུན་ལ་བློས་མི་ལྕོགས། །མཁའ་ལ་རྒྱུ་སྐར་བྱེ་བའི་འོད་འཁྲིགས་ཀྱང་། །ཚ་ཟེར་བྱེད་པོའི་འཕྲིན་ལས་འགྲུབ་པར་དཀའ། །འོན་ཀྱང་ལས་ཀྱི་འཕྲོ་འདུ་མི་བཟད་པས། །སྙིགས་མའི་དུས་འདིར་གངས་རིའི་ཁྲོད་དུ་སྐྱེས། །འོན་ཀྱང་སྔོན་གྱི་བག་ཆགས་མཐུ་སད་པས། །ཤེས་བྱ་ཕལ་ཆེར་འབད་པ་ཆུང་ངུས་ཤེས། །ཞེས་དང་། ས་བཟང་མ་ཏི་པཎ་ཆེན་གྱིས། ཀུན་མཁྱེན་ཐོབ་པར་འདོད་རྣམས་ཀྱིས། །རིག་པའི་གནས་ལྔ་ཤེས་བྱ་སྟེ། །ཞེས་གསུངས་པའི་གནས་ལྔ་པོ་ནི། རིན་སྤུངས་ས་སྤྱོད་དབང་པོ་ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པའི་རྡོ་རྗེས་མཛད་པའི་ས་པཎ་གྱི་རྣམ་ཐར་སརྒ་བཅུ་གཉིས་མར། སྒྲ་དང་ཚད་མའི་རིག་པ་གཏུམ་པོས་ལྟ་ངན་མ་ལུས་ཤེས་བྱའི་དབྱིངས་སུ་བསད། །བཟོ་དང་གསོ་བ་རྗེས་སུ་འཛིན་པའི་ཕན་པ་མངོན་སུམ་(༡༧༩བ)


GLG017_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་ཡང་དག་རྒྱུ། །ཆོས་ཀྱི་དྲ་བ་སྡོམ་པའི་ནང་གི་དེ་ཉིད་སྨྲ་བ་ཀུན་གྱི་རྒྱལ་པོ་ཆེ། །ལྔ་རིག་མཁས་དང་གྲུབ་པའི་འཁོར་ལོ་དུས་གསུམ་སྒྱུར་བ་རྣམས་ལ་དང་བས་བསྟོད། །ཅེས་ལོག་སྨྲ་ཚར་གཅོད་པ་སྒྲ་དང་ཚད་མ། གཞན་རྗེས་སུ་འཛིན་པ་བཟོ་དང་གསོ་བ། རང་ཉིད་ཀུན་ཤེས་པར་བྱ་བ་ནང་རིག་པ་སྟེ། རིག་གནས་ལྔར་བཤད་པའི་ནང་ཚན་གསོ་བ་རིག་པ་ནི། མཁས་མཆོག་དཔའ་བོས། ཚེ་ནི་རིང་བར་འདོད་པ་ཡིས། །ཆོས་དང་ནོར་དང་བདེ་བ་སྒྲུབ། །ཚེ་ཡི་རིག་བྱེད་ལུང་བཤད་པ། །རབ་ཏུ་གུས་པར་བྱ་བར་གྱིས། ཞེས་དང་། རིག་གནས་ཀུན་ཤེས་ལས། འགྲོ་ཀུན་ལུས་ནད་སྣ་ཚོགས་ཀྱིས་གཟིར་ཕྱིར། །གསོ་དཔྱད་དོན་དུ་མི་གཉེར་སྲིད་མཐའ་ཙམ། །དེ་ཕྱིར་རིག་གནས་གཉིས་པ་འདི་ཉིད་ནི། །དོན་གཉེར་རྗེས་སུ་འཛིན་པའི་མཆོག་ཏུ་གྲུབ། །ཅེས་ཐོག་མ་མེད་པ་ནས་ཉོན་མོངས་པ་དུག་ལྔས་གཟིར་ཅིང་ནག་པོའི་ལས་ཆེས་ཆེར་བརྩེགས་པའི་འབྲས་བུ་འདུ་བ་རྣམ་བཞི་འཁྲུགས་པའི་ནད་བཞི་བརྒྱ་རྩ་བཞི་ལ་མཇུག་དོན་ཡོངས་གཏད་ལས། ནད་ལ་བཞི་བརྒྱ་རྩ་བཞིར་གྲགས་པ་ལ། །བརྒྱ་དང་རྩ་གཅིག་ལྟར་སྣང་འཕྲལ་གྱི་ནད། །མ་བཅོས་རང་གར་བཞག་པས་འཚོ་བ་ཡོད། །འོན་ཀྱང་བཅོས་ན་མྱུར་དུ་བདེ་བ་སྟེར། །དཔེར་ན་འགྱེལ་བུབ་ལག་ནས་འཐེན་པ་འདྲ། །དང་པོ་སྔོན་ཚུལ་ཆེ་བར་བྱུང་གྱུར་ཀྱང་། །མ་བཅོས་རང་གར་ལམ་ནས་བཟློག་པ་ཡོད། །དཔེར་ན་མཁའ་ལ་སྤྲིན་འཐིབས་ཆར་འབབ་པ། །གློ་བུར་སངས་ནས་ཐན་པར་འགྱུར་བ་འདྲ། །བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་ཡིན་(༡༨༠ན)


GLG017_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དེ་མ་བཅོས་པར་སྨན་དཔྱད་ལེན་མི་འདོད། །གདོན་བཅོས་སྨན་མེད་གྱུར་ཀྱང་འཚོ་བ་ཡོད། །དཔེར་ན་དཔུང་པ་གཡར་བའི་བཙོན་བུ་འདྲ། །བརྒྱ་དང་རྩ་གཅིག་ཡོངས་གྲུབ་ཚེ་ཡི་ནད། །མ་བཅོས་འཆི་ལ་བཅོས་ན་འཚོ་བ་ཡོད། །དེ་ཡང་དང་པོ་བར་དང་ཐ་མ་གསུམ། །ཚ་བའི་སྔོན་ཚུལ་ལམ་ནས་མི་ཟློག་པ། །གཉེན་པོ་གྲོགས་ཀྱིས་ལེན་དུ་མི་སྟེར་ཕྱིར། །སྟོབས་ཆུང་གྲོགས་མེད་གསར་དུས་མི་ཟློག་མེད། །བར་དུ་ནད་རྒྱས་གཉེན་པོས་ཆོམས་པ་དཀའ། །དཔེར་ན་ཤྭ་ཡི་གདོང་དུ་རགས་བརྩིགས་པ། །ཞར་ལ་ཁྱེར་ཡང་ཞར་ལ་མནན་པ་ཡིས། །ཆུ་ཤུགས་ཟད་ནས་རགས་ཀྱིས་ཐུབ་པར་སྣང་། །དེ་བཞིན་ནད་རྒྱས་གཉེན་པོ་འཐབས་པ་ཡིས། །མི་ཆོམས་འདྲ་ཡང་བསྟུད་ན་ནུས་པ་ཐོབ། །གྲང་རྒྱས་ལྕི་བ་གཉེན་པོས་ཆོམས་དཀའ་སྟེ། །གོ་མཚོན་བཅས་པའི་ཚོང་པ་དཔུང་བཅས་འདྲ། །བརྒྱ་དང་རྩ་གཅིག་གཞན་དབང་སྔོན་གྱི་ལས། །བཅོས་ཀྱང་མི་ཐུབ་འཆི་བའི་ནད་ཡིན་པས། །དེ་ཡང་བསྡུ་ན་སྲོག་བཅོད་ནད་དགུར་འདུས། །ཚ་བ་ལ་ལ་བཟླས་དང་མ་བཟླས་གཉིས། །དཔེར་ན་མེ་ལོང་ཐབ་ཏུ་བཅུག་པ་འདྲ། །མ་ཞུ་ཆུས་སླེབ་ཞུ་ནས་དེས་མི་ཟློག །གྲང་བ་གཏིང་ནས་འཁར་དང་མི་འཁར་གཉིས། །དཔེར་ན་ལྡུམ་བུ་དང་ནི་སྡོང་རྒན་འདྲ། །དང་པོ་ཚོས་བླ་གཉིས་པ་ཚོས་མི་འགྱུར། །རླུང་ནད་སྲོག་རྟེན་ཆད་དང་མ་ཆད་གཉིས། །དཔེར་ན་སྐོན་པ་ནང་གི་བྱ་དང་འདྲ། །མ་ཤོར་ཟིན་ལ་ཤོར་ན་ཟིན་ཐབས་མེད། །ཟུངས་ཟད་ནད་ལ་དེ་སྲོག་གནས་པ་སྟེ། །ནད་བཅོམ་གྱུར་ན་སྲོག་ཀྱང་འཇིག་པའི་ཕྱིར། །དཔེར་ན་རྨང་གིས་མ་ཐུབ་རྩིག་(༡༨༠བ)


GLG017_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདྲ། །རྣམ་པར་འཚེ་བ་གདོན་གྱིས་བླ་ཁྱེར་བ། །འཚོ་བ་འདྲ་ཡང་ངེས་པར་འཆི་བ་སྟེ། །དཔེར་ན་རྒྱུ་མ་ཕུག་པའི་མི་དང་འདྲ། །འཚོ་བའི་ཚེ་ལས་བསོད་ནམས་གསུམ་ཟད་པ། །ནད་གྲོལ་རྩ་ཤོར་འབྱུང་བ་འགག་པའི་ཕྱིར། །དཔེར་ན་ནམ་གཞུག་ཆད་པའི་ཆར་པ་འདྲ། །གཤེད་དུ་བབས་པ་ཚ་གྲང་གཉིས་འདོམས་པས། །གཅིག་བཅོས་གཅིག་སྐྱེ་གཉེན་པོ་ཀུན་མི་ལེན། །དཔེར་ན་ཐག་ཆོད་མི་ལ་གྲོས་འདེབས་འདྲ། །སྦྱོར་བ་མཚུངས་པ་རྒྱུ་རྐྱེན་གཉིས་པོ་ལོག །གང་བཅོས་གྲོགས་ཀྱི་ཐོག་ཏུ་བབ་པ་སྟེ། །དུག་ཟིན་མི་ལ་བཙན་དུག་བླུད་པ་འདྲ། །གནད་དུ་བབས་པ་སྲོག་གནས་བཅོམ་པ་སྟེ། །སྲོག་རྩ་ཆད་པ་བཅོས་ཐབས་ཅི་ལ་རྙེད། །གྲོས་ཁ་བཙན་པོ་དགྲ་ལ་ཤོར་བ་འདྲ། །དྲང་སྲོང་ཆེན་པོ་ཐེ་ཚོམ་སྐྱེ་མི་རུང་། །གསོ་བྱས་མ་བྱས་མཉམ་པོར་བྱ་མི་རིགས། །འཚོ་འཆི་ཀུན་ལ་སྨན་ཡོད་མ་ཡིན་ཏེ། །ཀུན་ཏུ་སྨན་མེད་ཅེས་སྨྲ་དེ་མ་ཡིན། །མེ་སྟེང་ཆུ་སླུག་མི་གསོད་ག་ལ་སྲིད། །དེ་ཡང་སྨན་ན་སོད་པ་ཤིན་ཏུ་དཀའ། །རྩམ་པས་ལྟོགས་པ་མི་སེལ་ག་ལ་སྲིད། །ཆུ་ཡིས་སྐོམ་པ་མི་སེལ་ག་ལ་སྲིད། །གག་ལྷོག་གསོ་བ་མེད་པར་སུ་བདེར་འགྱུར། །ཆུ་འགགས་སྨན་དཔྱད་མེད་པར་ཅི་ལ་ཐོན། །གཉེན་པོ་མེད་པར་དུག་ཟ་སུ་ཡིས་ནུས། །མཆོག་སོགས་ནུས་པ་ལུང་ལས་གྲགས་བཞིན་སེལ། །དེ་ཕྱིར་གསོ་བ་ཐེ་ཚོམ་བཅས་མི་བྱ། །ཞེས་མ་བཅོས་ཀྱང་འཚོ་བ། གདོན་བཅོས་པས་འཚོ་བ། བཅོས་ན་འཚོ་ལ་མ་བཅོས་ན་མི་འཚོ་བ། །བཅོས་ཀྱང་མི་འཚོ་བ་སྟེ་མུ་བཞིར་གསུངས་པའི་སྨན་དཔྱད་སོགས་(༡༨༡ན)


GLG017_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འཆི་བདག་གཤིན་རྗེའི་ཞགས་པ་ལས་གྲོལ་བར་བྱེད་པའི་ཚུལ་འདིས་སྐྱེ་རྒུ་ཀུན་ལ་མི་འཇིགས་པ་སྦྱིན་པ་རླབས་པོ་ཆེས་གཞན་ཕན་གྱི་ཐབས་རྒྱལ་བའི་སྲས་ཀྱི་སྤྱོད་པའི་ཡན་ལག་ཏུ་ངེས་པར་འགྱུར་བ་ཤེས་ལྡན་རྣམས་ཀྱིས་གཅིག་ཏུ་གཞོལ་བའི་གནས་ཡིན་ལ། དེའང་ལྷ་ལས་དར་བ་ནི། ཇི་སྐད་དུ། སྙན་ཚིག་མཆོད་སྦྱིན་སྲིད་སྲུངས་དང་། །ངེས་བརྗོད་རིག་བྱེད་བཞི་ཞེས་བྱ། །བསླབ་དང་བརྡ་སྤྲོད་སྡེབ་སྦྱོར་དང་། །དེ་བཞིན་སྐར་རྩིས་ཐོས་པ་དང་། །རྟོག་པ་དང་ནི་ཡན་ལག་གོ །དྲན་པ་དང་ནི་ཆོས་དང་བཅས། །ཞེས་འབྱུང་བ་ལྟར་ཡན་ལག་དྲུག །ཉེ་བའི་ཡན་ལག་གཉིས་དང་བཅས་པ་ཀུན་ཀྱང་མེས་པོའི་ཞལ་བཞི་ལས་བྱུང་བའི་རྒྱུ་མཚན། གང་ཕྱིར་ཚངས་པ་ཡི་ནི་ཞལ། །དབུས་མ་ནས་ནི་ཚེའི་རིག་བྱེད། །སྙན་ཚིག་ངེས་བརྗོད་མཆོད་སྦྱིན་རྣམས། །ཞལ་གཞན་ནས་ནི་གསུང་བ་མཛད། །ཅེས་པས་ཤེས་ནུས་ཤིང་རིག་བྱེད་དེའང་སུས་ཀྱང་མ་བྱས་པས་རྟག་པ། བྱ་རྩོལ་གྱིས་མ་བསླད་པར་རང་བྱུང་། ཐམས་ཅད་བརྗོད་དུ་རུང་བས་ཚད་མ་ཡིན་པ་ཞིག་ཏུ་ངོས་འཛིན་ལ། ཀུན་ཤེས་ལས། སྒྲ་གཅན་འཁོར་ལོས་ཚངས་པའི་དཔྲལ་བ་སྣང་། །དེ་ཡི་རྐྱེན་གྱིས་ཚེ་ཡི་རིག་བྱེད་དྲན། །སྐྱེ་རྒུའི་བདག་ལ་བཤད་ཅིང་དེ་ཡིས་ཀྱང་། །ཐ་སྐར་བུ་གཉིས་བརྒྱ་བྱིན་ལ་སོགས་པ། །ཞེས་པའི་དོན་ལྟར། སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་བྱུང་གི་འགྲེལ་པར། དེ་ཡང་འདི་སྐད་ཐོས་ཏེ་ཚངས་པས་བསྐོས་པའི་ཕྱོགས་གཅིག་ན་ལྷ་གནས། ཕྱོགས་གཅིག་ན་ནི་ལྷ་མ་ཡིན་རྣམས་འདུག་(༡༨༡བ)


GLG017_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རི་བོ་མནྡ་རའི་སྟེང་ནས་ནི་ཁྱབ་འཇུག་གིས་བཟུང་། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་སྲུབ་ཐག་བྱས། འོག་ནས་ནི་རུས་སྦལ་གྱི་རྒྱབ་ཀྱིས་བརྟེན་ཏེ་འོ་མ་ཅན་གྱི་རྒྱ་མཚོ་ཆེན་པོ་བསྲུབས་པར་འགྱུར་ཏོ། །དེ་ནས་ཤིན་ཏུ་འཇིགས་སུ་རུང་བའི་དུག་གི་སྐྱེས་བུ་ནག་པོ་བརྩེགས་པ་ཞེས་བྱ་བ་ཞིག་བྱུང་བར་འགྱུར་པ་དང་། དེ་ཁྱབ་འཇུག་གིས་མིད་པར་གྱུར་བ་ན་དྲན་པ་གཏོར་ཏེ་ས་ལ་འགྱེལ་ནས་ཅང་མི་སྨྲ་བར་གནས་པ་དང་། ལྷ་ཆེན་པོས་དེ་ལས་དྲངས་ཏེ་མགྲིན་པར་བཞག་པར་གྱུར་ཏོ། །དེས་དེའི་མགྲིན་པ་སྔོན་པོར་གྱུར་ཏོ། །དེ་ནས་ཟླ་བ་ཚེས་པ་བྱུང་ན་ལྷ་ཆེན་པོས་བླངས་ཏེ་མགོ་ལ་བཞག་གོ །དེ་ནས་དཔལ་མོ་ཞེས་བྱ་བ་བྱུང་སྟེ། དེས་རང་ཉིད་ཀྱིས་ཁྱབ་འཇུག་བླངས་ནས་འདུས་སོ། །དེའི་འོག་ཏུ་རྟ་མགྲིན་རིང་དང་། ཤིང་ཡོངས་འདུ་ས་བརྟོལ་ལ་སོགས་པ་བྱུང་སྟེ། དེ་དག་ནི་བརྒྱ་བྱིན་ལ་སོགས་པ་ལྷ་གཞན་རྣམས་ཀྱིས་ཅི་རིགས་པར་ཁྱེར་རོ། །དེ་ནས་བུད་མེད་ཤིན་ཏུ་ཡིད་དུ་འོང་བ་ཞིག་བྱུང་བ་དང་དེ་ལ་ཁྱེད་སུ་ཡིན་ཞེས་དྲིས་པ་ན་ང་ནི་ཆང་ཞེས་བྱ་སྟེ་འཐུངས་ན་མྱོས་པ་དང་། བརྒྱལ་བ་དང་དྲེགས་པ་ལ་སོགས་པའི་རྣམ་པར་འགྱུར་བ་འབྱུང་བར་འགྱུར་རོ། །ཞེས་སྨྲས་པ་དང་། ལྷ་མ་ཡིན་རྣམས་འཇིགས་ནས་མ་འཐུངས་པ་ན་ལྷ་མ་ཡིན་ཞེས་བྱ་བར་འགྱུར། ལྷ་རྣམས་ཀྱི་འཐུངས་པས་ནི་ལྷ་ཞེས་བྱ་བར་གྱུར་ཏེ། དེ་ནས་དེའི་འོག་ཏུ་བདུད་རྩི་བྱུང་བ་ན་སྣོད་ཆེན་པོ་བརྒྱད་གང་བ་ལྷ་མ་ཡིན་རྣམས་ཀྱིས་ཁྱེར་བར་གྱུར་པ་ལས་ལྷ་རྣམས་ཤིན་ཏུ་ཡིད་མུག་ནས་ཁྱབ་འཇུག་གིས་ཤིན་ཏུ་ཡིད་(༡༨༢ན)


GLG017_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོང་ཞིང་གཟུགས་བཟང་བའི་བུད་མེད་ཀྱི་གཟུགས་སུ་བསྒྱུར་ཏེ་སོང་ཞིང་བརྒྱ་བྱིན་གྱིས་ཀྱང་མི་སྣང་བའི་གཟུགས་ཀྱི་ནམ་མཁའ་ལ་འདུག་གོ །དེའི་ཚེ་ལྷ་མ་ཡིན་རྣམས་ཀྱིས་འདི་ནི་ཁོ་བོ་ཅག་གི་བུད་མེད་ཡིན་ནོ་སྙམ་ནས་བདུད་རྩིའི་སྲུང་མར་བཞག་སྟེ་རང་ཉིད་རྣམས་ཁྲུས་ལ་སོང་ངོ་། །དེའང་ཆོས་ཀྱི་བསྟན་བཅོས་ལས། མ་བཀྲུས་དྲི་མ་སྦྱོང་གྱུར་བས། ཁྲུས་མ་བྱས་པར་ཟས་མི་ཟ། །ཞེས་སྨོས་པའི་དོན་གྱིས་དེ་དག་ཁྲུས་ལ་སོང་ངོ་། །སྐབས་དེར་ཁྱབ་འཇུག་དང་བརྒྱ་བྱིན་གྱིས་བདུད་རྩི་བརྐུས་ནས་བརྒྱ་བྱིན་གྱི་ཁང་པར་ཁྱེར་རོ། །དེ་རྣམས་ཁྲུས་བྱས་ནས་སླར་ལོག་པ་དང་། བདུད་རྩི་མ་མཐོང་ནས་དེ་འཚོལ་བ་ལ་བརྩོན་པ་ན་ལྷ་རྣམས་ཀྱིས་ཁྱེར་རོ། ཞེས་ཐོས་ནས་ལྷ་རྣམས་སྟེང་དུ་འགྲོ་བ་ན་བདེན་ནོ་སྙམ་མོ། །དེའི་ཚེ་ལྷ་རྣམས་བདུད་རྩི་ལ་ལོངས་སྤྱོད་པའི་ཕྱིར་འདུས་པ་ན་སྒྲ་གཅན་ཟིན་ལྷའི་ཆ་ལུགས་སུ་བསྒྱུར་ཏེ་དེར་ཞུགས་པས། བདུད་རྩིའི་སྐལ་བ་ཐོབ་པ་དང་དེ་ཉི་མས་མཐོང་སྟེ་ཁྱབ་འཇུག་ལ་སྦྲན་ནས་འདི་ནི་སྒྲ་གཅན་ཟིན་ནོ་ཞེས་སྨྲས་པ་དང་། དེའི་འཁོར་ལོས་མགོ་བཅད་པར་གྱུར་ལ། འོན་ཀྱང་བདུད་རྩི་ལ་ལོངས་སྤྱད་ཅིང་ལྷགས་པའི་མགོ་བོ་ནི་དེང་སང་ནའང་གསལ་ལ། ལུས་ལྷག་མ་ནི་ཤི་བར་གྱུར་ཏོ། །དེ་ནས་སྒྲ་གཅན་ཟིན་དང་ཉི་མ་ཞེ་འགྲས་པར་གྱུར་པས་གང་གིས་ཉི་མའི་དཀྱིལ་འཁོར་འགེབས་ཤིང་སྒྲིབ་པར་བྱེད་པ་ཡིན་ནོ། །ཞེས་གཏམ་དུ་གྲགས་སོ། །ཞེས་པ་ལྟར་བསྐལ་བ་རྫོགས་ལྡན་གྱི་མཇུག་ཏུ་ཁམས་ཀྱི་ཟས་རག་པ་ཟས་པ་ལ་བརྟེན་ནས་མ་ཞུ་བ་སོགས་ནད་བྱུང་བའི་དུས་དེར་གནས་རི་(༡༨༢བ)


GLG017_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་རྩེ་མོར་འཆི་མེད་གྱི་བདུད་རྩི་ལྷ་མ་ཡིན་སྒྲ་གཅན་ཟིན་གྱིས་རྐུ་ཐབས་ཀྱིས་བཏུངས་པར་ཁྱབ་འཇུག་གི་ལག་ན་ཞོ་འཐུང་གི་རུས་པ་ལས་བི་ཤྭ་ཀརྨས་བཟོས་པའི་ཉི་མ་བདར་བའི་འཁོར་ལོ་ཡོང་བ་དེ་འཕངས་པས་སྒྲ་གཅན་གྱི་མགྲིན་པ་བཅད་ཀྱང་བདུད་རྩིའི་མཐུས་མ་ཤི་བར་ཕྱིར་འཕངས་པས་ཚངས་པའི་དཔྲལ་བའམ་མཁུར་ཚོས་ལ་རྨ་བྱུང་བའི་ཟུག་རྔུ་དྲག་པོ་མི་བཟོད་པས་རིང་ཞིག་བརྒྱལ་བ་བསོས། དྲན་པ་རྙེད་ནས་ཕན་ཐབས་བསམ་པས་སྔོན་སངས་རྒྱས་ཤིག་ལ་སྨན་གྱི་རྒྱུད་ཐོས་པས་རྐྱེན་བྱས། རྨ་ནང་ནས་ཚེའི་རིག་བྱེད་ཀྱི་ཐོག་མ་ཨོཾ་ཨ་ཐ་ཞེས་བྱ་བ་ཐོན་པ་ལ་བརྟེན་ནས་ཚེའི་རིག་བྱེད་སོགས་རིག་བྱེད་བཞི་ཡན་ལག་དང་བཅས་པ་བྱུང་བ། ཟླ་ཟེར་ལས། ཡི་གེ་ཨོཾ་དང་ཨ་ཐའི་སྒྲ། །གཉིས་པོ་འདི་དག་སྔོན་ཚངས་པའི། །མཁུར་ཚོས་བརྟོལ་ནས་བྱུང་བ་སྟེ། །དེས་ན་འདི་དག་བཀྲ་ཤིས་ཡིན། །ཞེས་བཤད་ཅིང་། བཀླག་པའི་ཚེ་ཡང་ངེས་བརྗོད་ཀྱི་རིག་བྱེད་ཀྱི་ཨོཾ། སྙན་ངག་གི་ཨུ། སྲིད་སྲུང་གི་ཨེ། མཆོད་སྦྱིན་གྱི་ཨཱ་སྟེ། དེ་བཞི་པོའི་ཚད་དུ་འདོན་དགོས་པར་བཞེད། ཨ་བསྲུང་བ་ལ་སྟེ་སྐྱོད་པ་ལའོ་ཞེས་པའི་བྱིངས་བཞག །བའི་སྲོག་གི་ཨ་བརྗོད་དོན། མ་ནི་ནུ་འོས་མ་ནི་ནུ་བྱིན། ཨིན་རྗེས་འབྲེལ། ཨ་བ་ཏིའི་མཐའ་དབྱིའོས། མའི་སྲོག་དང་ན་དབྱི་ཚ་བ་དག་གི་ལྔ་པ་ལ་ཤ་ཨཱུ་ཊ྄་འོས། བྲ། ཨཱུ་ཊ྄་རུ། ཤི་བི་ཨི་བི་མ་བི་ཛྭ་རི་ཏྭ་ར་རྣམས་ཀྱི་དངོས་ཨུ་པངྷཱའི་ཨའང་ཨཱུཊ། ཨ་ཡིག་ལས་ཨཱུཊའི་འཕེལ་བ་འོས། ཊ་གཉིས་ཕྱིས། ཨཱུ་མཚུངས་འདྲ། ནཱ་མི་མཐའི་བྱིངས་དང་སོགས་ཀྱི་ཡོན་ཏན། མ་ད་རོར་བྱས་པས་ཨོཾ་(༡༨༣ན)


GLG017_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པས་སྲུང་བའི་དོན་ལ་འཇུག །རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་གཏེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་པ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་བཀྲ་ཤིས་པ་སོགས་དོན་མང་པོ་ལ་འཇུག་པར་གསུངས། ཐར་པ་ལོ་ཙཱ་བས་བསྒྱུར་བའི་ཉི་མའི་མདོར། ལྷའི་བུ་ཉི་མས་བཅོམ་ལྡན་འདས་རྗེས་སུ་དྲན་པ་ཡིད་ལ་བྱས་ཏེ། དེའི་དུས་སུ་ཚིགས་སུ་བཅད་པ་འདི་གསོལ་ཏོ། །སངས་རྒྱས་དཔའ་བོ་དེ་ལ་འདུད། །ཐམས་ཅད་མྱུར་དུ་སྒྲོལ་བར་གྱིས། །བདག་འདིའི་ཁ་རུ་བཅུག་པས་ན། །བདག་ནི་ཁྱེད་ལ་སྐྱབས་སུ་མཆི། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཉི་མའི་ཆེད་དུ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ལ་ཚིགས་སུ་བཅད་པ་བཀའ་སྩལ་པ། སངས་རྒྱས་འཇིག་རྟེན་ལ་བརྩེ་བ། །དགྲ་བཅོམ་དེ་བཞིན་གཤེགས་པ་ལ། །ཉི་མ་སྐྱབས་སུ་སོང་བས་ན། །སྒྲ་གཅན་འཛིན་གྱིས་ཉི་མ་ཐོང་། །གང་ཞིག་མུན་པ་སྣང་བས་གསལ་བར་བྱེད། །རྣམ་སྣང་དྲག་པོའི་གཟི་བརྗིད་དཀྱིལ་འཁོར་ཅན། །ནམ་མཁའི་ཉི་མ་སྒྲ་གཅན་སྒྲིབ་མ་བྱེད། །ཉི་མ་འདི་ནི་སྒྲ་གཅན་གྱིས་ཐོང་ཞིག །ཅེས་དང་། ཟླ་བའི་མདོར་ཡང་ཞུ་བ་ཞུ་ལན་འདི་དང་དབྱིབས་འདྲ་བ་ཡོད་པ་སྒྲ་གཅན་གྱིས་བདུད་རྩི་བརྐུས་པ་ཟླ་བས་བྱ་བཏང་བའི་འཁོན་འཛིན་གྱིས་བཅོ་ལྔའི་དུས་ཟིན་པའི་འཇིགས་སྐྱོབ་དེ་བཞིན་གཤེགས་པར་ཞུས་པར་བཤད་ཅིང་། གནམ་སྟོང་དུ་ཉི་མ་སྒྲིབ་པའམ་གཙོ་བོར་ཟླ་བར་ཡིན་རུང་ལྷན་ཅིག་ཏུ་གནས་པའི་(༡༨༣བ)


GLG017_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལས་ཡིན་པ་ལོ་རྒྱུས་ལ་ལར་བྱུང་བ་ཐུན་མོང་བའི་གདུལ་བྱའི་སྣང་ངོར་ཙམ་སྟེ་དོན་ཉི་ཟླ་ཁམས་ཀྱི་དྭངས་མའི་རྣམ་པར་སྒྲ་གཅན་བར་སྲིད་ཀྱི་ཚུལ་དུ་སྦྱོར་ཞིང་། གོ་ལའི་རྒྱུ་ལམ་དུ་ཆུ་ཤེལ་དང་མེ་ཤེལ་གྱི་དཀྱིལ་འཁོར་ཤིན་ཏུ་དྭངས་པའི་སྟེང་དུ་གདོང་མཇུག་ནོར་བུ་བཻ་ཌཱུཪྻའི་མདངས་ཅན་སྟེང་ནས་ཕོག་པའི་གྲིབ་མ་ལས་གནོད་པ་བྱས་པའི་ཐ་སྙད་མེད་ཅིང་དྷཱུ་ཏཱི་སྒྲ་གཅན་དང་རོ་རྐྱང་ཉི་ཟླ་བྱས་ནས་ཕྱི་ནང་གཞན་གསུམ་གྱི་སྦྱོར་ཚུལ་དང་པོའི་སངས་རྒྱས་གསུངས། དེར་མ་ཟད་སྨན་པ་ལ་སྔ་བ་ཚངས་པ། སྨན་ལ་སྔ་བ་ཆུ་སྐོལ། ནད་པ་ལ་སྔ་བ་ཤེད་བུ། ནད་ལ་སྔ་བ་མ་འཇུ་བ་བྱུང་ཞེས་གྲགས། མེས་པོས་སྐྱེ་རྒུའི་བདག་པོ་ཞེས་པ་ཚངས་པ་གཉིས་པ་ཞིག་ལ་བསྟན། དེས་ཐ་སྐར་གྱི་བུ་གཉིས་ཞེས་པ་སྔོན་གྱི་རྒྱལ་པོ་སྐྱ་སེང་གི་བུ་ལྔར་གྲགས་པའི་འཐབ་བརྟན་ཆོས་ཀྱི་བུ། འཇིགས་སྡེ་རླུང་གི་བུ། སྲིད་སྒྲུབ་དབང་པོའི་བུ། རིས་མེད་ལྷར་བཅས་གཉིས་ཏེ་ལྔའི་ནང་ནས་ཐ་མ་གཉིས་ཐ་སྐར་གྱི་བུ་ཡིན་པ་ལ་བཤད། དེ་གཉིས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བསྟན་པ་ལས་རྒྱ་ཆེར་འཕེལ་ལོ། །ལྷ་ཡུལ་དུ་མ་ཟད་འགྲོ་བ་མི་ལ་དར་རྒྱས་སུ་གྱུར་པ་བསྐལ་པ་བཟང་པོ་འདི་ལ་མཚོན་ན་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་སངས་རྒྱས་ཀྱི་བཀའ་སྩལ་པ་དང་གཞན་དག་གིས་བཤད་པ་སོགས་མེད་པའི་མཐའ་མ་བཀག་ཀྱང་དིང་སང་འདིའོ་ཞེས་གསལ་བར་བརྗོད་པའི་སྐབས་མ་འཚལ་ཞིང་། ཀུན་ཤེས་ལས། ཐུབ་པའི་དབང་པོས་རྒྱ་གར་ལྷོ་ཕྱོགས་སུ། །ཚངས་པས་ཞུས་ངོར་ཚེ་ཡི་རིག་བྱེད་ཀྱི། །སྨན་རྒྱུད་འབུམ་ཕྲག་གསུངས་པ་མཁས་ལ་གྲགས། །(༡༨༤ན)


GLG017_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་རྒྱུད་སྡེ་བཞི་དང་དུས་འཁོར་ལོ། །སྨན་གཞིའི་ལུང་དང་གསེར་འོད་སོགས་སུའང་གསུངས། །ཞེས་པ་ལྟར། འོ་སྐོལ་གྱི་སྟོན་པ་ཤཱཀྱ་སེང་གེས་འཁོར་ལོ་དང་པོའི་དུས་སུ་དགེ་སློང་ནད་པས་ནི་སྨན་པ་ལ་དྲིས་ཏེ་བྱའོ། །ཞེས་པ་ལྟ་བུའི་འཕྲོས་ལ་བརྟེན་ནས་འདུལ་བ་ལུང་གི་དུམ་བུ་གསུམ་པར་སྨན་དང་མས་བཏང་བའི་དཔྱད་ལ་སོགས་པ་ཉུང་ངུ་ཙམ་ཞིག་བཤད་ཅིང་གཙོ་བོར་སྨོས་པ་ནི། བཅོམ་ལྡན་འདས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ་དགེ་སློང་རྣམས་སྟོན་ཀའི་བྲོ་ནད་ཀྱི་སྐྱ་བོ་སེང་སེང་པོར་གྱུར་པའི་ཚེ་སྨན་སོ་སོར་བསྟེན་པར་གསུངས་ཀྱང་དུས་སུ་མ་གཏོགས་དེ་ལས་ཡོལ་བར་མི་བསྟེན་པས་སྐྱ་བོར་གྱུར་པ་ལ། ཀུན་དགའ་བོ་དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་རྣམས་ཀྱི་སྨན་རྣམ་པ་བཞི་པོ་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། ཇི་སྲིད་འཚོའི་བར་དུ་བཅང་བ་སོ་སོར་བསྟེན་པར་བྱའོ། །དེ་ལ་དུས་སུ་བཏུང་བ་ནི་ལྡེ་གུ་དང་། འབྲས་ཆན་དང་ཟན་དྲོན་དང་། ཤ་དང་། སྣུམ་ཁུར་རོ། ཐུན་ཚོད་དུ་རུང་བ་ནི་བཏུང་བ་རྣམ་པ་བརྒྱད་པོ་ཤིང་ཏོག་ཙོ་ཙའི་བཏུང་བ་དང་། ཆུ་ཤིང་གི་འབྲས་བུའི་བཏུང་བ་དང་། རྒྱ་ཤུག་གི་བཏུང་བ་དང་། ཨ་ཤྭ་ཏཱའི་བཏུང་བ་དང་། ཨུ་དུམ་ཝཱ་རའི་བཏུང་བ་དང་། ས་རུ་ཤ་ཀའི་བཏུང་བ་དང་། རྒུན་འབྲུའི་བཏུང་བ་དང་། འབྲ་གོའི་བཏུང་བའོ། །ཞག་བདུན་པ་ནི་མར་དཀར་དང་། ཏིལ་མར་དང་། བུ་རམ་གྱི་དབུ་བ་དང་། སྦྲང་རྩི་དང་། ཤ་ཁ་རའོ། །འཚོ་བའི་བར་དུ་བཅང་བ་ནི་རྩ་བའི་(༡༨༤བ)


GLG017_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་དང་། སྡོང་པོའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲུའི་སྨན་དང་། ཐང་ཆུའི་སྨན་ལྔ་དང་། ཐལ་བ་ལྔ་དང་། ལན་ཚ་ལྔ་དང་། བསྐ་བ་ལྔའོ། །ཞེས་བྱ་བ་ལ་སོགས་པ་བྱིན་གྱིས་བརླབ་ཚུལ་དང་བཅས་ཏེ་བཀའ་སྩལ། འཁོར་ལོ་བར་པའི་དུས་སུ་ལྷ་ཆེན་པོ་ཚངས་པ་ལ་གཅེར་མཐོང་རིག་པའི་རྒྱུད་ཆེན་པོ་ལེའུ་སུམ་སྟོང་ལྔ་བརྒྱ་པའམ་གསོ་དཔྱད་འབུམ་པར་གྲགས་པ་གསུངས་ཤིང་། ལ་ལར་ཀུན་དགའ་བོ་དང་བེ་ཏའི་ཡུལ་དུ་ཤཱ་རིའི་བུ་ལ་སྩལ་ཟེར་བ་སྣང་། འཁོར་ལོ་ཐ་མའི་དུས་སུ་ཚོང་དཔོན་གྱི་བུ་ཆུ་འབེབས་ལ་མདོ་སྡེ་གསེར་འོད་དམ་པ་བཀའ་སྩལ་པ་ལ། རྒྱས་འབྲིང་བསྡུས་གསུམ་འགྱུར་པའི་འབྲིང་པོར། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །ཞེས་སོགས་ཤློ་ཀ་དགུ་དང་། རྒྱ་ནག་འགྱུར་དུ་དེ་བཞིན་གཤེགས་པ་ཁྱེའུ་ཆུ་འབེབས་སུ་འཁྲུངས་པའི་ཚེ་རང་གི་ཡབ་ལས་བྱུང་བ་རྣམས་བསྐྱར་བའི་ཚུལ་གྱི་གསུངས་པ་དང་། མདོ་སྡེ་མྱང་འདས་སུ་གྲོང་ཁྱེར་ཞིག་ན་རྒྱལ་པོ་དང་སྨན་པ་གཉིས་ཀ་ཤེས་རབ་འཆལ་བ་འོ་མ་ཁོ་ན་སྨན་དུ་བཟུང་བས་སྐྱེ་བོ་མང་པོའི་སྲོག་འཕྲོག་པ་ན་ཡུལ་གཞན་ནས་སྨན་པ་ཚེའི་རིག་བྱེད་ཡན་ལག་ལ་མཁས་པ་ཞིག་གིས་ཐབས་ཀྱི་སྒོ་ནས་སྨན་པ་དེ་བསྐྲད་པ་དཔེར་མཛད་ནས་ཆོས་བསྟན། དེས་མཚོན་ནས། རྡོ་རྗེ་མཁའ་འགྲོ་ལས། འདས་པའི་དུས་སུ་སྔོན་བྱུང་བའི། །བདེ་ཆེན་བསྐལ་པ་དང་པོ་རུ། །རྡོ་རྗེ་སེམས་དཔའ་བདག་དང་དེར། །ལྷག་པ་ཡི་ནི་ལྷ་གཅིག་ཞུ། །གྲུབ་པ་ལྷ་མིན་མི་མ་ཡིན། །ལྷ་ཚོགས་ཀྱིས་ཀྱང་མཐོང་ནས་སྐྲག །སངས་རྒྱས་(༡༨༥ན)


GLG017_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འདུས་པ་ཡི། །བདག་ནི་མྱུར་དུ་བསྐུལ་བར་བྱེད། །བྱང་ཆུབ་སེམས་གྱུར་ལྷ་ཆེན་པོ། །བདུད་རྣམས་ཀུན་ནས་ཟིལ་མནན་བྱས། །ཐམས་ཅད་དེ་ཡིས་རྨོངས་པར་བྱེད། །དངུལ་ཆུ་ཞེས་ནི་བཤད་པ་ཡིན། །ཞེས་དངུལ་ཆུ་སོགས་བཅུད་ལེན་གྱི་སྦྱོར་བ་དང་། གཞན་ཡང་གསོག་ལྡང་ཞི་གསུམ་རགས་པ་ཙམ་གསུངས། དམ་པ་དང་པོའི་སངས་རྒྱས་ཀྱི་བསྡུས་པའི་རྒྱུད་དུ། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་རྣམས་མཐའ་དག་རོ་དྲུག་ཟོས་ཤིང་འཐུངས་པ་ལས། །ཞེས་སོགས་ལུས་ཆགས་ཚུལ་དང་། རླུང་འཇོམས་ལན་ཚ་སྐྱུར་བ་དག་ཏུ་རབ་ཏུ་འགྱུར་ཏེ་མངར་དང་བསྐ་བ་དང་ནི་མཁྲིས་པའི་དགྲ །བད་ཀན་འཇོམས་པས་ཁ་བ་ཀུན་དང་དེ་བཞིན་ཚ་བ་དག་ཀྱང་སྨན་རྣམས་སམ་ནི་ཁུ་བའམ། །བད་ཀན་འཇོམས་པ་ར་ཡི་འོ་མ་ཚ་བ་གསུམ་བཅས་དག་ནི་མ་ཧེའི་འོ་མ་མཁྲིས་པའི་དགྲ། །རླུང་འཇོམས་དག་ཀྱང་ལྔ་མོའི་འོ་མ་རྣམ་གསུམ་ནད་འཕྲོག་པ་ཡི་འོ་མ་དང་ནི་དེ་བཞིན་མར། །ཛཱ་ཏི་བསྐོལ་བའི་ཆུ་ནི་བྲོ་བས་ཁ་ནད་ཞི་བར་བྱེད་དེ་སོ་ཡི་ཟུག་རྔུ་ཉིད་ཀྱང་ངོ་། །ཏིལ་མར་དངོས་པོའི་ཆུས་བསྐོལ་ཚ་བ་གསུམ་དང་ལན་ཚ་དག་གིས་རྣ་བ་ཡི་ནི་ནད་དག་འཇོམས། །མར་དང་འོ་མ་བསྐོལ་བར་གྱུར་པ་ཀླུ་དང་དམར་པོ་དག་གིས་རྟག་ཏུ་སྣ་ཡི་ནད་དག་འཇོམས། །ཀ་རྐོ་ཊི་དང་ལངྒ་ལི་དང་ཨིནྡྲ་བོང་བུའི་ཆུར་བཅས་བྱུགས་པས་འབྲས་ཀྱི་འཕྲེང་བ་འཕྲོག །ཅེས་སོགས་ཕྱི་ནང་གི་སྨན་བསྟེན་ཚུལ་སྣ་ཚོགས་ཡུམ་དཀར་མོར་བརྟེན་ནས་རྡོ་རྗེའི་ཚེར་མ་གཞིལ་སྲུང་། འཆི་ལྟས། རིན་ཅེན་སྦྱོར་བ། (༡༨༥བ)


GLG017_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བླ་གནས་ཀྱི་འཕོ་ཚུལ་སོགས་ཀྱང་འདོད་པའི་བསྟན་བཅོས། རོ་བརྗོད་པའི་གཞུང་། སྲིད་སྲུང་སོགས་རིག་བྱེད་རྣམས་དང་སྒོ་བསྟུན་ནས་གསུངས་པས་ཤེས་ནུས་ཤིང་། ཀུན་ཤེས་ལས། ལྷ་ཡི་དྲང་སྲོང་རྣམས་ལ་བརྒྱུད་ནས་ནི། །ཞེས་ཕྱི་ནང་གི་སྟོན་པ་གཞན་དག་གིས་བཤད་པ་བརྒྱ་བྱིན་ལ་སྐྱ་སེང་གི་བུ་ལྟར་ཕ་ལྷའི་དྲང་སྲོང་རྒྱུན་ཤེས་སོགས་བུ་བདུན། མ་མའི་བུད་མེད་ལ་བརྟེན་ནས་རྒྱུན་ཤེས་ཀྱི་བུ་སོགས་ཀྱིས་རྒྱུད་ལ་འཇུག་པའི་འགྲེལ་པ་རྒྱ་ཆེ་བ་རེ་བརྩམས། དེ་དག་གི་སློབ་མ་དྲང་སྲོང་ལུག་ནག་སོགས་དང་ཤ་ལེ་ཧོ་ཏྲ་རྣམས་ཀྱིས་ཀྱང་གསོ་བ་རིག་པའི་གཞུང་ཇི་སྙེད་ཅིག་མཛད་པ་རྡོ་འཇོག་གི་སྨན་པ་རྒྱུན་ཤེས་ཀྱི་བུའི་བར་དུ་བྱུང་བར་གྲགས། སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཏུ་དོན་ཀུན་གྲུབ་པས་སྟོན་པ་སྨན་གྱི་བླའི་རྣམ་པར་བསྟན་ཏེ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་རྒྱུད་བཀའ་སྩལ་པའི་མཇུག་དོན་ཡོངས་གཏད་དུ། བདེ་གཤེགས་རྣམས་ཀྱིས་སྤྲུལ་པས་འགྲོ་དོན་དུ། །རྒྱ་གར་ཡུལ་དུ་སྨན་གྱི་སྦྱོར་བ་གསུངས། །རྒྱ་ནག་ཡུལ་དུ་མེ་བཙའ་རྩ་སྦྱོངས་གསུངས། །དོལ་པོའི་ཡུལ་དུ་གཏར་ཁ་གཙོ་བོར་བསྟན། །བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟག་པ་བསྟན། །ལྷ་ཡི་འཁོར་ལ་གསོ་དཔྱད་འབུམ་པ་གསུངས། །དྲང་སྲོང་འཁོར་ལ་ཙ་ར་ཀ་སྡེ་བརྒྱད། །མུ་སྟེགས་འཁོར་ལ་དབང་ཕྱུག་ནག་པོའི་རྒྱུད། །ནང་པའི་འཁོར་ལ་རིགས་གསུམ་མགོན་པོའི་སྐོར། །གསོ་དཔྱད་རྒྱུད་འདིར་ཐམས་ཅད་འདུས་པར་བསྟན། །འདིར་མ་འདུས་པའི་གསོ་དཔྱད་གཞན་མེད་དེ། །འཕགས་པའི་ཐུགས་རྗེ་ཕྱོགས་རིས་མེད་མོད་ཀྱང་། །(༡༨༦ན)


GLG017_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་མོས་པའི་མཐོང་སྣང་སོ་སོར་ཤར། །དཔེར་ན་མཁའ་ལ་ཟླ་བ་གཅིག་ཤར་ན། །ཆུ་ཡི་སྐྱོགས་རེར་ཟླ་བ་རེ་རེ་བཞིན། །གཅིག་ཏུ་གསུངས་ཀྱང་སོ་སོས་དུ་མར་གོ །ཞེས་གོང་དུ་སྨོས་པའི་ཕྱི་ནང་དྲང་སྲོང་གི་ཚེའི་རིག་བྱེད་ཀྱི་གཞུང་གི་རྩ་བ་ཀུན་སྟོན་པ་ཉིད་ཀྱི་གང་ལ་གང་འདུལ་གྱི་སྐུར་སྤྲུལ་ནས་ཕལ་ཆེར་བསྟན་པས་སངས་རྒྱས་རྣམས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཚད་རང་ཅག་སོ་སྐྱེ་རྣམས་ཀྱིས་གཞལ་བར་མི་ནུས་ཤིང་བརྗོད་པའི་གནས་མ་ཡིན་ལ། དེའང་ཀུན་ཤེས་ལས། སྟོན་པ་བཞུགས་དུས་རྒྱལ་པོ་པདྨ་ཡི། །སྙིང་པོ་ཞེས་བྱའི་ཡུལ་ལྗོངས་རྡོ་འཇོག་ཏུ། །མི་ཡི་དྲང་སྲོང་རྒྱུན་ཤེས་བུ་ལས་ནི། །གཟུགས་ཅན་སྙིང་པོའི་ཟུར་བུ་ཐ་ཆུང་པོ། །འཚོ་བྱེད་གཞོན་ནུས་གསོས་ཞེས་ཆེར་གྲགས་པ། །སྨན་པའི་རྒྱལ་པོར་ལན་མང་དབང་བསྐུར་ཞིང་། །ཐུབ་པ་སྙུན་གསོའི་སྨན་པའི་རྒྱལ་པོ་བྱུང་། །དེ་ལས་བརྒྱུད་པ་གསལ་བ་མ་མཐོང་ཡང་། །ཞེས་པ་ལྟར་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ཚོང་དཔོན་གྱི་ཆུང་མ་འདུས་པ་ལས་བྱུང་བའི་བུ་རང་གི་ཕུ་བོ་གཞོན་ནུ་འཇིགས་མེད་ཀྱིས་གསོས་པས་གཞོན་ནུས་གསོས་ཞེས་བྱ་བ་ལང་ཚོ་ལ་བབ་པར་ཉེ་བ་ན་གོས་དཀར་ཅན་མང་དུ་མཐོང་བ་ལས་སུ་ཡིན་དྲིས་པས། ཡབ་ན་རེ་འདི་རྣམས་ནད་ཀྱི་གདུང་བ་སེལ་བའི་སྨན་པ་ཞེས་བྱ་བ་ཤ་སྟག་ཡིན་ནོ་ཞེས་ཟེར་བ་ཐོས་པས་སྔོན་གྱི་བག་ཆགས་ཉིད་ཀྱིས་བདག་ཀྱང་འདི་རྣམས་ཀྱིས་རྗེས་སུ་བསླབ་པར་བགྱིའོ། །ཞེས་ཞུས་པས་གནང་སྟེ་སྨན་བསླབ་པར་བརྩམས་སོ། །དེའི་ཚེ་རྒྱུན་ཤེས་(༡༨༦བ)


GLG017_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུའི་རྗེས་སུ་སློབ་པར་འདོད་ནས་རྡོ་འཇོག་གི་རྒྱལ་པོ་པདྨའི་སྙིང་པོ་ལ་ཡབ་ཀྱི་ཡི་གེ་དང་བཅས་ཏེ་ཕྱིན། དེར་སློབ་དཔོན་གྱིས་ཉུང་ཤས་ཙམ་ལས་མ་བསྟན་ཀྱང་ཁྱད་པར་དང་བཅས་ཏེ་ལོབས། དུས་གཞན་ཞིག་ན་སློབ་དཔོན་གྱིས་འཚོ་བྱེད་ཁྲིད་ནས་ནད་པ་ཞིག་ལ་སྨན་བསླབས་ནས་ལོག་པ་ལ་འཚོ་བྱེད་ཀྱི་བསམ་པས་སྨན་དེ་མི་འཕྲོད་པར་མཐོང་ནས་སླར་ནད་པའི་རྩར་སོང་སྟེ་སློབ་དཔོན་ན་རེ་སྨན་སྔ་མ་དེ་མ་ཟ་བར་ཕྱི་མ་འདི་དང་འདི་ལྟ་བུ་ཟོ་ཞིག་ཅེས་གསུངས་སོ། །ཞེས་ཐབས་མཁས་ཀྱིས་བཟློག་གོ །ཇི་ཙམ་ན་སློབ་དཔོན་གྱིས་དྲིས་པས་གསོས་ཟེར། ད་དུང་སྨན་འདི་ཉིད་ཐོང་ཞིག་བྱས་པས་སྔ་ཕྱི་གང་ཡིན་ཟེར། ཁོ་བོས་གཉིས་ནི་མ་བསྟན་བྱས་པས། སྔ་མ་ནི་དངོས་སུ་དང་། ཕྱི་མ་ནི་འཚོ་བྱེད་ལས་སོ་ཟེར་བས། སློབ་དཔོན་གྱིས་བསམས་པ། བདག་གིས་ཉེས་ཏེ་འཚོ་བྱེད་ནི་མཁས་པའོ་སྙམ་ནས་འཚོ་བྱེད་ལ་དགའ་བ་སྐྱེས་ཏེ་ཤས་ཆེར་འཚོ་བྱེད་ཉིད་འཁྲིད་པར་བྱེད་དོ། །སློབ་མ་གཞན་རྣམས་ན་རེ་མཁན་པོ་ནི་འཚོ་བྱེད་ཁོ་ན་ལ་སྤྲོ་བས་སྟོན་གྱི་བདག་ཅག་རྣམས་ནི་མ་ཡིན་ནོ། །ཞེས་ཟེར་རོ། དེ་ལ་མཁན་པོས་འཚོ་བྱེད་ནི་ཤེས་རབ་ཆེ་བ་ཡིན་ཏེ། ངས་གང་བསྟན་པ་དེ་ལས་རྣམ་པར་འབྱེད་ནུས་ཀྱི་ཁྱོད་རྣམས་ཀྱིས་མ་ཡིན་ནོ། །དེ་ལྟར་མཁན་པོས་གང་ལས་མཁྱེན་འོ་ན་མངོན་སུམ་དུ་བྱའོ། །ཞེས་སྨྲས་ནས། ཁྱེད་ཅག་རྣམས་ལྷན་ཅིག་ཏུ་ཚོང་འདུས་སུ་སོང་ལ་སྨན་འདི་དང་འདི་འདྲ་བའི་རིན་ཐང་ཁྱོད་དང་ཁྱོད་ལྟ་བུ་རེ་རེས་དྲིས་ལ་ཤོག་ཅིག་ཅེས་བསྒོས་ནས་བཏང་སྟེ་སླར་འཁོར་ནས་དྲིས་པས་གཞན་རྣམས་ཀྱི་གང་སྨོས་པའི་སྨན་སྣ་རེའི་རིན་ཐང་མ་གཏོགས་(༡༨༧ན)


GLG017_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤེས། འཚོ་བྱེད་ཀྱིས་སྨན་སྣ་ཐམས་ཅད་ཀྱི་རིན་ཐང་འཆད་རྒྱུ་བྱུང་ངོ་། །ཡང་སོང་ལ་ཐང་ཤིང་གི་རི་ནས་སྨན་མ་ཡིན་པ་ལོང་ཞིག་བྱས་ནས་འཁོར་བའི་ཚེ། གཞན་རྣམས་ཀྱིས་སྨན་མ་ཡིན་པ་མང་པོ་ཁྱེར་བྱུང་ལ། འཚོ་བྱེད་ཀྱིས་སྨན་མ་ཡིན་པ་མ་རྙེད་ནས་དེས་འོན་ཀྱང་འདམ་བུ་མདའ་རྒྱུའི་རྩ་བ་དང་རྡོའི་དུམ་བུ་ཞིག་ཁྱེར་ནས་སོང་བའི་ལམ་དུ་ཕྱུགས་རྫི་མོས་ཞོའི་བུམ་པ་དང་ཕྲུམ་ཚུད་ཁྱེར་ནས་མཁན་པོའི་དྲུང་དུ་འགྲོ་བ་ལས་མིག་ཤིན་ཏུ་ན་བ་མཐོང་ནས་དེས་དེ་ལ་མདུན་དེ་ཉིད་ན་ཡོད་པའི་སྨན་ཞིག་བསྟན་པ་ལས་བསོས་ནས་དགའ་སྟེ་ཞོ་བུམ་ཁྱོད་སྣོམས་ཤིག །དེས་ཕྲུམ་ཚུད་བླངས་ཏེ་ཞོའི་བུམ་པ་དེ་ཉིད་ལ་གཏད་ནས་ཕྱིན་པ་ལས་བལ་གླང་གི་རྗེས་ཤིག་འདུག་པ་གྲོགས་རྣམས་བརྟག་པའི་ཆེད་དུ་དྲིས་པ། འདི་གང་གི་རྗེས་ཡིན། གཞན་རྣམས་ན་རེ་གླང་པོ་ཆེའི་རྗེས་སོ། །དེ་ནི་མ་ཡིན་ཏེ། འདི་ནི་བལ་གླང་མོའི་རྗེས་སོ། །དེ་ཡང་མིག་གཡས་པ་ཞར་བ། དེ་རིང་ཁོ་ནར་གླང་པོའི་ཕྲུག་གུ་སྐྱེ་བ། དེ་ལ་ཞོན་པའམ་བུད་མེད་ཡིན་པ། མིག་གཡས་ཞར་བ། དེ་རིང་ཉིད་དུ་བུ་ཕོ་བཙའ་བར་གྱུར་བ་ཞིག་གོ །ཞེས་སྨྲས་ནས་སློབ་དཔོན་གྱི་དྲུང་དུ་སླེབ་པ་ན་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་སྨན་མ་ཡིན་པར་བསྟན་པ་དང་། མཁན་པོས་འདི་ཐམས་ཅད་ཀྱང་སྨན་ཡིན་ཏེ། འདི་ལ་མིང་འདི་ཞེས་བྱ་བ་དང་ནད་འདི་དང་འདི་ལ་ཕན་ནོ་ཞེས་རེ་རེ་ནས་སྨྲས་སོ། །འཚོ་བྱེད་ཀྱིས་ཐམས་ཅད་སྨན་ལགས་ཏེ་སྨན་མ་ཡིན་པ་ཅི་ཡང་མ་མཆིས་སོ། །འོན་ཀྱང་འདི་གསུམ་ཁུར་རོ། །འདིས་ཅི་བྱ། དེ་ན་རེ། སྡིག་པས་ཟིན་(༡༨༧བ)


GLG017_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མདའ་རྒྱུའི་རྩ་བའི་དུད་པས་བདུགས་ནས་ཕྲུམ་ཚུད་བསླན་པས་ཕན་ཞིང་རྡོའི་དུམ་བུ་ནི་སྟོན་ཀ་ཞོའི་བུམ་པ་ཆགས་པར་འགྱུར་རོ། །ཞེས་སྨྲས་པ་ལས་མཁན་པོ་འཛུམ་བྱུང་བ་ན་གཞན་རྣམས་ཀྱི་བསམ་པ་མཁན་པོ་འཚོ་བྱེད་ལ་མ་མཉེས་སོ་སྙམ་ནས་སྨྲས་པ། མཁན་པོ་འདི་གཅིག་པུར་བས་དགོངས་སམ། ལམ་དུ་གླང་པོ་ཆེའི་རྗེས་ལ་རིགས་པ་མ་ཡིན་པ་འདི་ལྟར་སྨྲས་སོ། །ཞེས་ལོ་རྒྱུས་བསྐྱར་བས། འཚོ་བྱེད་བདེན་ནམ་བདེན་ལགས་སོ། །དེ་ཇི་ལྟར་ཤེས། དེས་མཁན་པོ་བདག་རྒྱལ་པོའི་རིགས་ལས་ཆེན་པོར་གྱུར་པ་ལགས་ཅི་སྟེ་མི་ཤེས། གླང་པོ་ཆེའི་རྗེས་ནི་ཟླུམ་མོ། བལ་གླང་མོའི་རྗེས་ནི་མཆུར་རིང་ངོ། མིག་གཡས་ཞར་བ་ནི་གཡོན་ཕྱོགས་སུ་རྩ་ཟོས་པ་ལས་ཤེས་སོ། །སྦྲུམ་མ་ནི་ལག་པ་བས་རྐང་རྗེས་གཏིང་རིང་བ་ལས། དེ་རིང་ཁོ་ནར་སྐྱེ་བ་ནི་གཅིན་བིའུ་སྣབས་ཅན་ལས། ཕྲུག་གུ་ཕོར་སྐྱེ་བ་ནི་རྐང་པ་གཡས་པའི་རྗེས་གཏིང་རིང་བ་ལས། དེ་ལ་བུད་མེད་ཞོན་པ་ནི་བབས་ནས་ཆུ་བཏང་བའི་རྗེས། དེའི་ཡང་མིག་གཡས་པ་ཞར་བ་ནི་གཡོན་ཕྱོགས་སུ་མེ་ཏོག་འཐུས་པ་ལས། དེ་སྦྲུམ་མ་ནི་རྟིང་པའི་རྗེས་ལྷག་པར་དོད་པ་ལས། དེ་རིང་ཁོ་ནར་བཙའ་བ་ནི་གཅིན་ལྗིན་ལྗིན་ཅན་ལས་ཤེས་ཏེ། ཐུགས་མཆེས་ན་དེ་ཉིད་དུ་དྲི་བར་མཛོད་ཅིག །ཅེས་སྨྲས་པ་ལྟར་དྲིས་པས་ཇི་ལྟ་བར་མཐོང་ནས་མཁན་པོས་གཞན་རྣམས་ལ་སྨྲས་པ་ཐོས་སམ། འཚོ་བྱེད་ནི་འདི་འདྲ་བའི་ཤེས་རབ་ཅན་ཡིན་ནོ། །ཞེས་སྨྲས་ཏེ་ཐོད་པ་དབྱེ་བའི་དཔྱད་མ་གཏོགས་ཐམས་ཅད་བསླབས་(༡༨༨ན)


GLG017_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཇི་ཙམ་ན་མི་ཞིག་ཀླད་ནད་ཀྱིས་ཐེབས་ནས་མཁན་པོ་ལ་ཞུས་པས། དེ་རིང་དོང་དང་ལྕི་བ་སྟ་གོན་གྱིས་ཤིག་པར་བྱའོ། །དེ་ཐོས་ནས་འཚོ་བྱེད་ཀྱིས་ནད་པའི་ཁང་པར་གབ་ནས་གནས་པའི་ཚེ། མཁན་པོས་ཐོད་པ་ཕྱེ་ནས་སྲིན་བུ་ལེན་པར་བརྩམས་པའི་ཚེ། འཚོ་བྱེད་ཐོན་ནས་ཐབས་བསྟན་པས་མགུ་སྟེ། ཁོ་བོ་ནི་འདིས་འཚོ་བ་ཡིན་ན་ཁྱེད་གཞན་དུ་སོང་ཞིག་སྨྲས་པས། ཕྱག་བྱས་ཏེ་རྒྱལ་པོ་པདྨའི་སྙིང་པོའི་གན་དུ་ཕྱིན་ནས་འགྲོ་བར་བརྩམས་པ་ན་ཁོ་བོ་དང་མི་མཐུན་པ་མཐའ་ཁོབ་སྐྱ་སེང་ཐུལ་ལ་སོང་ཞིག །དེས་ཁས་བླངས་ནས་ཡན་ལག་བཞིའི་དཔུང་གིས་ཕབ་གཏེའུ་བཟུང་། དཔྱའ་ཕུལ་བས་བྱ་དགའ་ཆེན་པོ་གནང་བ་ཐམས་ཅད་མཁན་པོ་ལ་ཕུལ་ནས་རིམ་གྱིས་གྲོང་ཁྱེར་བཟང་བྱེད་དུ་ཕྱིན་ནོ། །དེར་དབྱར་གནས་ནས་འབྱུང་པོ་ཐམས་ཅད་ཀྱི་སྐད་ཤེས་པའི་བསྟན་བཅོས་བསླབས་ནས་ཆས་པ་ན། ཤིང་ཁུར་བའི་མི་རུས་པ་དང་པགས་པའི་ལྷག་མ་ཅན་ཀུན་ནས་འཛག་པ་ཞིག་མཐོང་ནས་རྒྱུ་མཚན་དྲིས་པས། ཤིང་ཁུར་འདིས་བྱུང་སྟེ་གཞན་ཁོ་བོ་མི་ཤེས་ཟེར་བ་ལ། ཤིང་བརྟག་པའི་རིག་པས་འབྱུང་པོ་ཐམས་ཅད་དང་བར་བྱེད་པའི་ནོར་བུ་འདུག་པར་མཐོང་ནས། ཁུར་པོ་ཚོངས་ཤིག་རིན་ཇི་ཙམ། ཀཪྵ་པ་ཎི་ལྔ་བརྒྱའོ། །དེས་དེ་སྤྲད་ནས་ནོར་བུ་དེ་བླངས་སོ། །དེའི་ཡོན་ཏན་ནི་ཁྱིམ་ན་རྫས་ཅི་ཡོད་མར་མེ་བཏེག་པ་བཞིན་ནད་པའི་མདུན་དུ་བཞག་པ་ཙམ་གྱིས་ནད་ཇི་ལྟ་བ་ཤེས་པ་ཞིག་པས། རིམ་གྱིས་ཡུལ་ཨུ་དུམ་ཝཱ་རར་ཕྱིན་པས་བྲེ་མགོ་ལ་བསྣུན་པ་ཞིག་མཐོང་ནས་དྲིས་(༡༨༨བ)


GLG017_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀླད་པ་གཡའ་ཟེར། དེར་ནོར་བུ་ལ་བརྟེན་ནས་བརྟགས་པས་ཀླད་པ་ལ་སྲིན་བུ་མཐོང་ནས་སྔར་གྱི་དཔྱད་བྱས་པས་སོས་ཏེ་ཀཪྵ་པ་ཎ་ལྔ་བརྒྱ་ཐོབ་པའང་མཁན་པོ་ལ་བསྐུར་རོ། །དེ་ནས་ཡུལ་རོ་ཧེ་ཏ་ཀར་ཕྱིན་པས་ཁྱིམ་བདག་ཞིག་ལ་སྐྱེད་ཚལ་ངོ་མཚར་ཅན་ཞིག་ཡོད་པ་ལ་ལྷག་པར་ཆགས་ནས་ཤི་བ་དེ་ཉིད་དུ་མི་མ་ཡིན་དུ་སྐྱེས་པས་དེར་གནས་པ་མང་དུ་བསད་པ་ལས་ཚལ་དེ་སྤངས་སོ། །ཇི་ཙམ་ན་དམུ་ཆུས་ན་ནས་སྨན་པས་སྤངས་པ་ཞིག་ཚལ་དེར་འཆི་བར་ཕྱིན་པ་དང་། འཚོ་བྱེད་ཀྱང་ནུབ་མོ་དེ་ཉིད་དུ་བསྡད་པ་ལས། དེའི་ཚེ་མི་མ་ཡིན་དེས་ནད་པ་དེ་བསྡིགས་པ་ན་ནད་བདག་དེ་བྱུང་སྟེ་འདི་བདག་གིས་སྔར་ནས་བཟུང་ན་ཁྱོད་ཀྱིས་ཅི་ལ་སྡིག །ཁྱོད་ལ་ར་སྤུའི་དུ་བས་ནི་མ་བདུགས། དེ་བདུགས་ན་ཁྱོད་དཔག་ཚད་བཅུ་གཉིས་སུ་འབྲོས་དགོས་པར་མི་འགྱུར་རམ་ཟེར་བས། དེས་ཁྱོད་ལའང་ལ་ཕུག་གི་ས་བོན་མར་ཕྱུངས་པའི་དར་བ་དང་སྦྱར་ཏེ་འགའ་ཡང་མ་སྦྱིན། དེས་ནི་ཁྱོད་དུམ་བུ་དུམ་བུར་འཛག་པར་མི་འགྱུར་རམ། ཞེས་གླེང་བ་ཐམས་ཅད་འཚོ་བྱེད་ཀྱིས་རྟོགས་ནས་ནང་པར་ཁྱིམ་བདག་གི་བུ་དང་ནད་པ་གཉིས་ཀ་ལ་ཐབས་དེ་སོ་སོར་བྱས་པས་ཇི་ལྟ་བ་བཞིན་བྱུང་ནས་ཀཪྵ་པ་ཎ་ལྔ་བརྒྱ་ལྔ་བརྒྱ་བྱུང་བའང་མཁན་པོ་ལ་བསྐུར་རོ། །དེ་ནས་ཡུལ་བཅོམ་བརླག་ཏུ་ཕྱིན་ནས་ཤིང་དྲུང་ཞིག་ན་ངལ་གསོ་བ་ལས། གྱད་གཅིག་གིས་གཅིག་བརྡབས་ནས་ནང་ཁྲོལ་འཁྲུགས་ཏེ་ཤིའོ། །ཞེས་ཕྱིར་ཁུར་བྱུང་བ་ན། ཤིང་དེའི་རྩེ་ན་བྱ་རྒོད་མོ་ཕྲུག་གུ་དང་བཅས་པ་དག་ན་རེ། ཤ་དགོས། ག་ལ་ཡོད། གྱད་ཀྱི་རོའོ། །འདི་འཚོ་བྱེད་ཀྱིས་འཚོའོ། །(༡༨༩ན)


GLG017_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ཕྱེ་མས་རེག་ནའོ། །ཞེས་ཟེར་བ་རྟོགས་ནས་ནོར་བུས་བལྟས་ཏེ་གཅིའུས་ཕྱི་མ་ནང་ཁྲོལ་ལ་རེག་པས་སོས་ཏེ་ཀཪྵ་པ་ཎ་ལྔ་བརྒྱ་རྙེད་པའམ་མཁན་པོ་ལ་བསྐུར་རོ། །ཡང་དེ་ཉིད་དུ་ཁྱིམ་བདག་གཅིག་ཆུང་མ་ཤིན་ཏུ་མཛེས་པ་ལ་ཆགས་བཞིན་དུ་ཤི་བ་མངལ་གྱི་སྲིན་བུར་སྐྱེས་ནས་སྐྱེས་པ་སུས་སྤྱད་ཀྱང་འཆི་བར་བྱེད་དོ། །དེ་ན་སུས་ཀྱང་རེག་པར་མ་ནུས་པ་ལ་འཚོ་བྱེད་ལ་བསྟན་པས། སྒྲེན་མོར་ཕྱུངས་ནས་མོ་མཚན་གྱི་སྒོར་ཤའི་དུམ་བུ་བཞག་པ་ལས་སྲིན་བུ་ཤ་ལ་ཆགས་ནས་འོངས་པ་དོར་བས་སོས་སོ། །དེས་ཀྱང་ཀཪྵ་པ་ཎ་ལྔ་བརྒྱ་བྱུང་བ་དེ་ཡང་མཁན་པོ་ལ་བསྐུར་རོ། །དེ་ནས་རིམ་གྱིས་ཆུ་བོ་ཡ་མུན་ནར་ཕྱིན་པ་དང་། མི་རོའི་རྟིང་པ་ལ་ཉས་འཐེན་པས་མིག་འབྱེད་འཛུམ་བྱེད་པ་མཐོང་ནས་རྩ་ཕྲ་ཐམས་ཅད་བརྟགས་ཏེ་རིམ་པས་ཡངས་པ་ཅན་དུ་ཕྱིན་ནོ། །དེར་གྱད་གཅིག་གིས་གཅིག་གི་གདོང་ལ་ཐལ་མོ་བསྣུན་པས་མིག་དོན་པ་ལ་རྟིང་པའི་རྩ་ནས་དྲངས་པས་ཚུད་དོ། །དེས་ཀཪྵ་པ་ཎ་ལྔ་བརྒྱ་བྱུང་བ་ཐུ་བོ་འཇིགས་མེད་ཀྱི་མ་ཨ་མྲ་སྐྱོང་མ་ལ་བྱིན་ནོ། །ཡང་དེར་མི་ཞིག་གི་རྣ་བར་སྲིན་བུ་ཞུགས་ནས་ཕྲུག་གུ་བདུན་བརྒྱ་ཙམ་གནས་པས་ཉེན་པ་ལ་བསམས་པ། སྔར་ནི་མཁན་པོས་བསྟན་པ་ལྟར་བྱས། ད་ནི་རང་གིས་བསམས་ལ་བྱའོ་སྙམ་ནས་ལོ་མའི་སྤྱིལ་པོར་རས་སྔོན་པོས་གཡོགས། དེའི་འོག་ཏུ་རྔ་བཞག་ནས་ས་ཡང་དྲོ་བར་བྱས་ཏེ་མི་དེ་ས་ལ་བཀལ། ས་རྣམས་ཆུས་ཆག་ཆག་བཏབ་སྟེ་རྔ་བརྡུངས་པས་སྲིན་བུ་རྣམས་ཀྱི་དབྱར་ཞུའོ་སྙམ་ནས་ཕྱིར་ཐོན་པ་ལ་རྣའི་(༡༨༩བ)


GLG017_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རྩར་ཤའི་དུམ་བུ་བཞག་པས་དེ་ནང་དུ་སོང་ནས་ཐམས་ཅད་བོས་ཏེ་ཟ་བའི་ཚེ་དོར་བས་སོས་ཤིང་ཀཪྵ་པ་ཎ་ལྔ་བརྒྱ་རྙེད་པའང་ཨ་མ་སྐྱོང་མ་ལ་བྱིན་ནོ། །དེ་ནས་རིམ་པས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་ན་མ་སྐྱེས་དགྲས་སུས་ཀྱང་མ་ཕྲད་པར་སྒོ་གཞན་ནས་ཞུགས། དུས་གཞན་ཞིག་ན་སྐྱེ་བོ་མང་པོས་བསྐོར་ནས་སེམས་གཡེངས་ཤིང་སོང་བའི་ཚེ། བྲམ་ཟེ་མིག་ན་བ་ཞིག་གིས་སྨན་ཞུས་པ་ལ་ཞེ་སུན་ནས་ཐལ་བ་ཐོབ་བྱས་པ་ལྟར་བཏབ་པས་དེ་སོས་སོ། །ཕྱིས་དེ་དང་མི་གཞན་ཞིག་ཕྲད་པ་ལས་གར་འགྲོ་དྲིས་པས་འཚོ་བྱེད་ལ་སྨན་ཞུར་འགྲོ་ཟེར། དེས་འདིའི་སྨན་ནི་ཐལ་བའོ་ཞེས་སྔར་བཞིན་བཏབ་པས་ལོང་། དེ་ཙམ་ན་ཡབ་རྒྱལ་པོའི་སྤྱི་བོར་ཕོལ་མིག་བྱུང་བ་ལ་སྨན་པ་རྣམས་བསགས་ནས་དཔྱད་གྱིས་ཤིག་པར་བསྒོས་པས། ལྷ་ལགས་སྨན་པའི་རྒྱལ་པོ་འཚོ་བྱེད་ཡོད་བཞིན་དུ་བདག་ཅག་རྣམས་ཀྱིས་རྔོ་མི་ཐོགས་པར་ཞུས་པས། འཚོ་བྱེད་བཀུག་ནས་དཔྱད་བྱོས་ཤིག །དམ་ཞིག་བཅའ་ན་བྱའོ། །བདག་ཉིད་ཀྱིས་ཁྲུས་བགྱིད་ནའོ། །དེ་བཞིན་གྱིས་ཤིག་བྱས་དེས་སྐྱུ་རུ་ར་བཀུར་ཅིང་སྨན་རྫས་བཏབ་ནས་དེ་དང་བསྲེས་པའི་ཆུ་བུམ་པ་ལྔ་བརྒྱ་བླུག་ནས་སྨིན་པའི་ཚེ་སྤུ་གྲིས་རེག་པ་ཙམ་གྱིས་མ་ཚོར་བར་བརྟོལ། དེ་ནས་འཚོ་བའི་རྫས་བཏབ་ཅིང་དེ་དང་བསྲེས་པའི་ཆུ་བུམ་པ་ལྔ་བརྒྱ་བླུག་པས་སོས་ཏེ་སྐྲ་ཡང་མཉམ་པར་གྱུར་ཏོ། ཁྲུས་དེ་བྱས་མ་ཐག་དཔྱད་གྱིས་ཤིག །རེ་ཞིག་བཤོས་གསོལ་ཞིག །དེ་ནས་དཔྱད་ཀྱང་གྱིས་ཤིག །ལྷ་བགྱིས་ཟིན་ལགས་སོ། །དེ་ཡིད་མ་ཆེས་ནས་ལག་པས་སྙུལ་བས་མ་ཤེས། མེ་ལོང་(༡༩༠ན)


GLG017_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བལྟས་པས་ཀྱང་མ་མཐོང་། བཙུན་མོ་ལ་དྲིས་པས་ཀྱང་མ་ཤེས་ནས་ངོ་མཚར་སྐྱེས་ཏེ་བློན་པོ་རྣམས་ལ་འཚོ་བྱེད་སྨན་པའི་རྒྱལ་པོར་དབང་བསྐུར་ཞིག །ཐལ་བ་བཏབ་པས་ལོང་བ་དེས་སྨྲས་པ། ལྷ་སྲས་ལ་བྱམས་པས་སམ་མཁས་པས་དབང་བསྐུར། མཁས་པས་ཞེ་ན་ཁོ་བོའི་མིག་ལོང་བས་སོ་ཞེས་པ་ལ། འཚོ་བྱེད་ཀྱིས་ཁྱོད་མིག་གིས་ཀྱང་མ་མཐོང་ངོ་། །དེས་མེད་ཀྱང་ཁྱོད་ཀྱིས་བསྟན་པ་ལྟར་གཞན་གྱིས་སོ། །དེའི་ཁམས་ཀྱང་གཞན་ལ་ཁྱོད་ཀྱི་ཁམས་ཀྱང་གཞན་ཡིན་པས་སླད་ནས་འདི་ལྟ་བུ་ཞིག་གྱིས་ཞེས་བསྟན་པ་ལྟར་བྱས་པས་སོས་ནས་སྨྲས་པ། ལྷ་འདི་ནི་ལྷག་པར་མཁས་པས་དབང་བསྐུར་དུ་གསོལ། དེ་ནས་གླང་པོ་ཆེ་ལ་བསྐྱོན་ཏེ་དཔལ་གྱི་འབྱོར་པ་ཆེན་པོ་ནས་སྨན་པའི་རྒྱལ་པོ་ཆེན་པོར་དབང་བསྐུར་རོ། །ཡང་རྒྱལ་པོའི་ཁབ་ན་སྨན་པ་ཕལ་གྱིས་སྤངས་པའི་སྐྲན་ནད་པ་ཞིག་ཡོད་པ་དེས་འཚོ་བྱེད་དཔྱད་མཛད་དུ་གསོལ། དེས་སྨན་འདི་ནི་རྙེད་དཀའོ་བྱས་པས་འདིས་ཀྱང་སྤངས་སོ་སྙམ་ནས་དུར་ཁྲོད་དུ་སོང་བ་དང་དེ་ན་རོ་བསྲེགས་པའི་མེ་འབར་བའི་ནང་ན་ནིའུ་ལེ་དང་སྲོག་ཆགས་གོ་དྷ་ཙནྡན་འཐབས་པ་ལྷུངས་པའི་ཤ་ཟོས་ཏེ། དུར་ཁྲོད་ཀྱི་འོད་པའི་ཆུ་འཐུངས་ནས་གནག་ལྷས་ཀྱི་ཀོ་དྲའི་ཆང་དང་མར་ཕྱུང་བའི་ཞོ་འཐུངས་པས་སྐྲན་རྡོལ་ཏེ་འཁྲུ་སྐྱུགས་བྱུང་ནས་སོས་སོ། རེ་ཞིག་ན་བཙུན་མོ་ལུས་འཕགས་མ་དེ་གོས་ཅན་གྱི་འདོམས་སུ་ཕོལ་མིག་བྱུང་བ་ལ། རྒྱལ་པོས་མ་གཡར་མའི་དཔྱད་བྱོས་ཞིག །དེས་ཟན་སླ་མོའི་ཁར་འདུག་ཏུ་(༡༩༠བ)


GLG017_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་ལ་ཁུར་ཤོག་དེ་མཐོང་ནས་སྨིན་པའི་སྨན་བཏབ་སྟེ་ཟན་ལ་བཙག་བུ་བཙུགས་ནས་སྔར་བཞིན་སྡོད་དུ་བཅུག་པས་བརྡོལ་ཏེ་བསྐ་བའི་ཆུས་བཀྲུས་ནས་འཚོ་སྨན་བཏབ་པས་སོས་སོ། །རྒྱལ་པོས་དེ་ལ་དཔྱད་བྱས་སམ། ལྷ་བྱས་སོ། །གཅེར་མོར་མ་བལྟས་སམ། མ་བལྟས་ཏེ་རྒྱུ་མཚན་བཤད་པས་མགུ་ནས་ཡང་དབང་བསྐུར་ཞིག །སྐྲན་ནད་པས་སྔར་བཞིན་སྨྲས་པས། འཚོ་བྱེད་ཀྱིས་ངས་དཔྱད་ནས་མ་བྱས་སྨན་རྙེད་དཀའོ་བྱས་རྙེད་དཀའ་བ་གང་ཡིན། འཚོ་བྱེད་ཀྱིས་མར་ངོའི་ཚེས་བཅུ་བཞི་ལ་མི་སེར་སྐྱ་ཤི་བའི་རོ་དུར་ཁྲོད་དུ་བསྲེགས་པ་ལ་སོགས་སྔར་བཞིན་སྨྲས་པས་ཤིན་ཏུ་ལེགས་ཏེ་དེ་བཞིན་བགྱིས་སོ་ཞེས་མགུ་ནས་ལྷ་དེ་བཞིན་རྔོ་ཐོག་གི་དབང་བསྐུར་དུ་གསོལ། སླར་ཡང་སྔར་བཞིན་ནོ། །གང་གི་ཚེ་མ་སྐྱེས་དགྲ་ལྷས་བྱིན་གྱིས་བསྐུལ་ནས་ཕ་བསད་པའི་རྗེས་སུ་སྐྲན་ནད་ཀྱིས་ཐིབས་སོ། །སྨན་པ་ཀུན་བསགས་ཀྱང་དེ་རྣམས་ཀྱིས་རྔོ་མ་ཐོགས་ནས་འཚོ་བྱེད་ཀྱིས། གཞོན་ནུ་འཆར་བྱེད་བཟང་པོའི་ཤ་གསོལ་ནའོ། །དེས་ཁྱོད་རྒྱལ་སྲིད་འདོད་དམ། འདི་མིན་པའི་དཔྱད་མེད་དོ། །རང་ལས་འཕངས་པ་མེད་པས་ཁས་བླངས་སོ། །དེའི་ཚེ་བུ་སྦས་ནས་མི་ཤ་གཞན་བཙོས་ནས་བྱིན་པས་ཟ་བར་བརྩམས་པའི་ཚེ་འཕྲོགས་ནས་ཀླད་ལ་བརྒྱབ་སྟེ། སྔར་ཕ་བསད་དེ་བུ་ཤ་ཟ་བའི་གླེན་པ་ཞེས་སྨད་པས་མི་བཟོད་པ་སྐྱེས་པས་རྡོལ་ཏེ་འཁྲུ་སྐྱུགས་ཀྱི་སྒོ་ནས་སོས་ཤིང་བུ་གཏད་པས་ཆེས་དགའ་བས་དབང་གསུམ་པ་བསྐུར་རོ། །དེའི་ཚེ་ཁོ་བོ་དང་མཉམ་པའི་འཚོ་ཐབས་པ་མེད་སྙམ་པའི་(༡༩༡ན)


GLG017_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཁེངས་པ་སྐྱེས་ནས། ལུས་ཀྱི་དཔྱད་བྱེད་པའི་མཆོག་ནི་ཁོ་བོ་ཡིན་ལ། སེམས་ཀྱི་དཔྱད་བྱེད་པའི་མཆོག་ནི་སངས་རྒྱས་ཡིན་སྙམ་སྟེ་སངས་རྒྱས་ཀྱི་སྤྱན་སྔར་སོང་ངོ་། །དེ་ཅི་ཙམ་ཉན་ཡང་བདེན་པ་མ་མཐོང་། རྒྱུ་དེ་མཁྱེན་ནས་རིའི་རྒྱལ་པོ་གངས་ཅན་ལ་སོང་ལས་སྨན་ཅི་འདོད་པ་ལོང་ཞིག །འཇིགས་སོ་ཞེས་པ་ལ་ལག་ན་རྡོ་རྗེ་དང་སྙམ་དུ་སོང་ལ་ལོང་ཞིག །དེས་དེ་བླངས་ནས་དྲུང་དུ་སླེབས་པའི་ཚེ། འཚོ་བྱེད་འདི་ཅི་ཡིན་གསུངས་པ་ལ་ཕལ་ཆེར་ཤེས་ཀྱང་གཞན་མང་རབ་ཀྱི་མིང་ཙམ་ཡང་མ་ཤེས་པ་ལ། སངས་རྒྱས་ཀྱིས་མིང་དང་ཕན་ཡོན་སོགས་གསུངས་པས་བཅོམ་ལྡན་འདས་ཀྱིས་སྨན་དཔྱད་ཀྱང་མཁྱེན་ལགས་སམ། ཞེས་ཞུས་པས་བཀའ་སྩལ་པ། འཚོ་བྱེད་སྨན་པ་ཟུག་རྔུ་འབྱིན་པ་ཡན་ལག་བཞི་དང་ལྡན་པ་ནི་རྒྱལ་པོ་ལ་འོས་པ། རྒྱལ་པོ་ལ་མཁོ་བ་རྒྱལ་པོའི་ཡན་ལག་གི་གྲངས་སུ་འགྲོའོ། །བཞི་གང་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པ་ལ་མཁས་པ་ཡིན། ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན། ནད་བྱུང་བ་སྤངས་པ་ལ་མཁས་པ་ཡིན། སྤང་བ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ཏེ། ནད་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པས་ནད་ཤེས་ཤིང་། ནད་འདི་ནི་འདི་ལྟ་བུ་དང་འདི་ལྟ་བུ་ཡིན་ནོ་ཞེས་དེ་ལྟར་ནད་ལ་མཁས་པ་ཡིན་ནོ། །ནད་ཀུན་ནས་སློང་བ་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པས་ནད་ཤེས་ཤིང་འདི་ནི་རླུང་གིས་ཀུན་ནས་བསླང་བའམ། མཁྲིས་པས་ཀུན་ནས་(༡༩༡བ)


GLG017_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བསླང་བའམ། བད་ཀན་གྱིས་ཀུན་ནས་བསླང་བའམ། བདག་ལས་གྱུར་པའམ། གཞན་ལས་གྱུར་པའམ། འདུས་པ་ལས་གྱུར་པའོ། །ཞེས་དེ་ལྟར་ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན་ནོ། །ནད་བྱུང་བ་སྤོང་བ་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་ནད་འདི་ནི་མིག་སྨན་ནམ། བཀུ་མཉེའམ། སྐྱུགས་སྨན་ནམ། བཀྲུ་སྨན་ནམ། སྣར་སླུག་པའམ། དུ་བས་བདུག་པའམ། ནན་རྩིའི་ལས་ཀྱིས་སྤོང་བར་འགྱུར་རོ། །ཞེས་དེ་ལྟར་བྱུང་བ་སྤོང་བ་ལ་མཁས་པ་ཡིན་ནོ། །ནད་སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་ནད་འདི་ནི་འཕྲོད་པའི་ཆོག་འདི་ལྟ་བུ་དང་འདི་ལྟ་བུ་དག་བྱས་ཏེ་སྤངས་ན་ཕྱིས་མི་འབྱུང་ངོ་། །ཞེས་དེ་ལྟར་ནད་སྤངས་པས་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ནོ། །དེ་ལྟར་ན་སྨན་པ་ཟུག་རྔུ་འབྱིན་པ་ཡན་ལག་བཞི་དང་ལྡན་པ་རྒྱལ་པོ་ལ་འོས་པ་ཡིན་ནོ། །རྒྱལ་པོ་ལ་མཁོ་བ་ཡིན། རྒྱལ་པོའི་ཡན་ལག་གི་གྲངས་སུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་ཡན་ལག་བཞི་དང་ལྡན་པའམ་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱའོ། །འཚོ་བྱེད་བཞི་གང་ཞེ་ན། དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་(༡༩༢ན)


GLG017_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའོ།། ཞེས་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །འཚོ་བྱེད་སྨན་པ་ཟུག་རྔུ་འབྱིན་པས་ནི་སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མི་ཤེས་སོ། །རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་འཁྲུགས་པའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མི་ཤེས་སོ། །འཚོ་བྱེད་དེ་བཞིན་གཤེགས་པ་ནི་སྐྱེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མཁྱེན་ནོ། །རྒ་བ་ནས་འཁྲུགས་པའི་རྩ་བ་ཅན་གྱི་བར་གྱི་སྡུག་བསྔལ་རྣམས་སྤོང་བའི་སྨན་མཁྱེན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱ་བའོ། །ཞེས་པའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ལས་འཚོ་བྱེད་གཞོན་ནུས་བསྐྱེད། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་འཚོ་བྱེད་གཞོན་ནུ་བསྐྱེས་ཀྱིས་ཆོས་མཐོང་བ་དང་ཐོས་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་དང་ཐེ་ཚོམ་ལས་བརྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ། །བཅོམ་ལྡན་འདས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་(༡༩༢བ)


GLG017_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆིའོ། །བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་བསྡོས་ཏེ་སྐྱབས་སུ་མཆི་ལགས་སོ་ཞེས་གསོལ་ཏོ། །དེའི་ཚེ་རིའི་རྒྱལ་པོ་གངས་ཅན་རྟག་ཏུ་ཁ་བས་གཡོགས་ཤིང་ལྷག་པ་ཆེ་བས་བཅོམ་ལྡན་འདས་གྲང་ནད་ཀྱི་བསྙུན་གྱིས་ཐེབས་པ་དང་། འཚོ་བྱེད་ཀྱིས་བསམ་པ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བྱེད་པ་བཞིན་བཅོམ་ལྡན་འདས་ཀྱི་རིམ་གྲོ་བདག་ཉིད་ཁོ་ནས་བྱའོ་སྙམ་མོ། །དེ་ནས་མེ་ཏོག་ཨུཏྤ་ལ་སུམ་ཅུ་རྩ་གཉིས་བཀྲུ་སྨན་གྱི་རྫས་དང་སྦྱར་ནས་ཕུལ་ཏེ་འདི་རྣམས་ཤངས་ཀྱི་མནམ་དུ་གསོལ། བཅོམ་ལྡན་འདས་ཀྱིས་མནམས་པ་ལས་ཐེངས་སུམ་ཅུ་རྩ་གཉིས་ཁྲུས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཅི་དགར་ལེགས་པར་འཁྲུས་ལགས་སམ་། བཀའ་སྩལ་པ། འཚོ་བྱེད། སྐྱོན་གང་དག་གཡོས་ལ་མ་འཁྲུས་པ་དག་ཀྱང་ཡོད། འཁྲུས་ལ་མ་གཡོས་པའང་ཡོད། འཁྲུས་ལ་གཡོས་པའང་ཡོད། མ་འཁྲུས་མ་གཡོས་པ་དག་ཀྱང་ཡོད་དོ། །གསོལ་བ་དེ་ལྟ་ན། བུ་རམ་དང་ཨ་རུ་ར་གསོལ་ལ་འཁྲུ་བའི་རིམ་པ་ཡང་མཛོད་ཅིག །དེས་དེ་བཞིན་མཛད་པས་སྙུན་དངས་པར་གྱུར་ཏོ། །འཚོ་བྱེད་ཀྱི་ཀུན་ཏུ་སྤྱོད་པ་ནི་རྒྱལ་པོའམ་བློན་པོའམ་གང་སུའི་དཔྱད་བྱས་ཀྱང་རུང་སྟེ། དེས་དེ་ལ་གྲོང་ངམ་མཆོག་སྦྱིན་པར་བྱེད་པ་ཡིན་ནོ། །དེ་ནས་ཡུལ་འཕགས་རྒྱལ་གྱི་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་རབ་སྣང་ཞེས་བྱ་བ་དབང་པོ་ལྔ་དང་ཉེ་དབང་ལྔ་དང་མཆོག་ལྔ་ལ་སོགས་པ་ཕུན་སུམ་ཚོགས་ཀྱང་ནད་དུ་གཉིད་མེད་ཅིང་(༡༩༣ན)


GLG017_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལ་སྡང་ལ་ཆང་ལ་དགའ་བ་ཞིག་པས། དེ་ལ་སྨན་པ་རྣམས་ཀྱིས་རྫས་ཁྱད་པར་སྣ་ཚོགས་པ་མར་དང་སྦྱར་ཏེ་བླུད་པར་བརྩམས་པའི་ཚེ་མི་མཐུང་ཞིང་། མར་གྱི་མིང་ཙམ་སྨོས་པ་དེའི་མགོ་བོ་གཅོད་པར་བྱེད་པར་གཏུམ་པོ་རབ་སྣང་ཞེས་བྱ་བར་གྲགས་སོ། །དེ་གཉིད་མེད་པས་ཐམས་ཅད་ཀྱི་རེ་མོས་སུ་མེལ་ཚེ་བགྱིད་དགོས་པ་ལ། སྤོས་ཚོང་གི་ཁྱིའུ་ཞིག་ལ་བབ་པས་བསད་དོགས་ནས་ས་འཛིན་པ་ཞིག་བརྔན་ནས་ཚབ་ལ་བཏང་། དེ་མཁས་པ་ཞིག་པས། འུག་པ་ཁྲུང་ཁྲུང་མུཉྫ་དང་། །ནག་པོ་སྲེག་པ་བུམ་པ་དང་། །ལན་ཚ་ཕྱེ་དང་ཤི་བ་དང་། །དོང་ཐགས་རྫ་མ་སྡིག་པའོ། །ཞེས་པའི་བསྡོམས་དང་མཐུན་པའི་སྒྲུང་གིས་རྒྱལ་པོ་དགའ་བར་བྱེད་དོ། །མཇུག་ཏུ་དེ་ལྟར་ཁྱོད་ཀྱིས་ཐམས་ཅད་ཤེས་ན་ང་གཉིད་མེད་པའི་རྒྱུ་མཚན་ཅི་ཡིན། མི་འཇིགས་པ་སྩོལ་ནའོ། །སྦྱིན་ནོ། །སྡིག་པ་ལས་སྐྱེས་པའི་རྒྱུ་མཚན་གྱིས་སོ། །གང་ལས་ཤེས། མངོན་སུམ་དུ་བྱའོ་ཞེས་སྨྲས་ནས། ས་དོང་དུ་བ་ལང་གི་ལྕི་བ་སྐམ་པོས་བཀང་བའི་སྟེང་དུ་རྒྱལ་པོ་བཞག་མ་ཐག་གཉིད་ལ་སོང་ངོ་། སད་ནས་དེ་ལྟར་ཡིན་པ་ཤེས་ཀྱང་ཡུམ་ལ་དྲིས་པས་མི་འཇིགས་པར་སྩོལ་ཞིག །དེ་ལྟར་བགྱིའོ་གསུངས་ཤིང་། ཁྱོད་ཀྱི་ཡབ་བཙུན་མོའི་འཁོར་ཀྱང་ཆེན་པོ་དང་ལྡན་པས། བདག་ཟླ་མཚན་དང་ལྡན་པའི་དུས་སུ་ཁྲུས་བྱེད་པའི་ཚེ་སྡིག་པ་ཞིག་མཐོང་བ་ལ་བློ་སྐྱེས་པ་ལ་དེ་ཕོ་ཞིག་པས་འདོད་པ་སྤྱད་པས་ཁྱོད་སྐྱེས་སོ། །རྒྱལ་པོས་བསམ་པ། ས་འཛིན་པ་དེ་མཁས་པ་ཞིག་པས་དེས་གཞན་ལ་སྨྲ་འོང་། མི་འཇིགས་པ་བྱིན་པས་བསད་(༡༩༣བ)


GLG017_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་རུང་ཡང་གཞན་དུ་དབྱུང་ངོ་སྙམ་ནམ་པ་ཎ་ལྔ་བརྒྱ་བྱིན་ཏེ་བསྐྲད་དོ། །དེ་ནས་ནད་དེ་གཞི་ཆེར་གྱུར་པ་ལ་སྨན་པ་རྣམས་བསགས་ནས་དཔྱད་གྱིས་ཤིག་པར་བསྒོས་ཀྱང་། དེ་རྣམས་ན་རེ། ངེད་ཅག་རྣམས་ཀྱི་རྔོ་མ་ཐོགས་ཀྱི། རྒྱལ་པོའི་ཁབ་ན་གཟུགས་ཅན་སྙིང་པོའི་བུ་སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུས་གསོས་ཞེས་བྱ་བ་ཡོད་ཀྱི་དེས་རྔོ་ཐོགས་སོ། །དེས་ཡི་གེ་སྤྲིངས་ཏེ་འཚོ་བྱེད་འགྲོ་བར་བརྩམས་པ་ན། བང་ཆེན་པ་ལ་ན་ལུགས་དྲིས་ཏེ་ཆང་གི་དྲི་རོ་ཁ་དོག་ཡོད་པའི་མར་སྦྱར་ཏེ་ཁུར་ནས་ཕྱིན་ནོ། །ལམ་གྱི་ཡུལ་ཀ་ན་ཀུ་རྫར་སྨན་པའི་ཁྱེའུ་ཞིག་ཡོད་པ་དེ་དང་མཉམ་དུ་སོང་ངོ་། །སླེབ་པ་ན་བཀུར་སྟི་ཡང་དག་པས་ནང་དུ་བོས་ནས་དཔྱད་གྱིས་ཤིག་ཟེར་ཏོ། །དེ་ལ་འབྲོས་ས་གོམས་སུ་འཇུག་པའི་ཆེད་དུ་སྨན་དཀོན་པ་འཚོལ་བ་ལྟར་བྱས་ནས། ཉིན་ཞག་གཅིག་ལ་དཔག་ཚད་བརྒྱད་ཅུར་བགྲོད་པའི་གླང་མོ་བཟང་ལྡན་ལ་ཞོན་ཏེ་སྔ་ཕྱི་ཅི་རིགས་པའི་ཚུལ་གྱི་སླེབ་པར་བྱས་ནས་མཐར་སྨན་པའི་ཁྱིའུ་ལ་བརྡ་བྱས་ནས་ཁྲུས་མཛོད་ཅིག །གདུགས་ཚོད་གསོལ་ཞིག །བདག་གིས་འཁུར་བའི་སྐྱེམས་བཞེས་ཤིག་ཅེས་བྱས་ནས་བྲོས་སོ། །དེ་འཐུང་མ་ཐག་གཉིད་དུ་སོང་ནས་ནམ་ཕྱེད་ན་སད་པའི་ཚེ་མར་གྱི་སྒྲེག་པ་བྱུང་ནས་མི་དགའ་བས་གསོད་པར་བརྩམས་པ་ན་བྲོས་པར་ཤེས་ནས། འཕར་མ་པ་ཁ་ཞེས་པ་ཉིན་ཞག་གཅིག་ལ་དཔག་ཚད་ཉི་ཤུ་ཆོད་པ་དེ་ཉིན་ཞག་གཅིག་ལ་དཔག་ཚད་བརྒྱ་ཆོད་པའི་གླང་པོ་ཆེ་ལ་བསྐྱོན་ནས་ཁྲིད་ཤོག་བསྒོས་སོ། །ཟིན་ལ་ཁད་པ་ན་གླང་མོའི་ཆུ་བཏང་བའི་དྲིས་ཅུང་ཟད་ཐོགས་སོ། །དེ་ནས་(༡༩༤ན)


GLG017_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱུ་རུ་རའི་ཚལ་ཞིག་ཏུ་ཟིན་ནས་ཁྲིད་པར་བརྩམས་པ་ན། ཁ་ཅི་རིངས་རེ་ཞིག་སྐྱུར་རུ་ར་ཟོ་ཞིག །ལྷའི་གསུང་གིས་ཅི་བྱིན་ཀྱང་མ་ཟ་ཟེར་བས་སོ། །དེ་ལྟར་ན་ཕྱེད་ཕྱེད་ཟ་བོ་བྱས་ནས་སེན་མོ་འཁྲུ་སྨན་གྱིས་བཀང་བས་བཅད་ནས་བྱིན་པས་ཤིན་ཏུ་འཁྲུས་ནས་རི་འོར་ཞིག་ཏུ་བཞག་སྟེ། འདི་རྣམས་རྒྱལ་པོའི་མཆོག་གསུམ་ཡིན་པས་རིམ་གྲོ་འདི་དང་འདི་ལྟ་བུ་གྱིས་ལ་ཕུལ་ཞིག །གཞན་དུ་ཁྱོད་རྣམས་ཕུང་བར་འགྱུར་རོ་བྱས་ནས་རྒྱལ་པོའི་ཁབ་ཏུ་སོང་ངོ་། ཁ་དེ་མཛེ་ཅན་ཞིག་པས་སོས་ནས་ལོགས་པའི་ཚེ་རྒྱལ་པོའང་ནད་དེ་ལས་གྲོལ་ནས་དྲིས་པས། བྲོས་སོ། །མ་ལེགས། ལྷ་ཟིན་ན་ཅི་བགྱི་གསོད་དོ། །ཅི་ངེད་རང་གཉིས་ཀ་སོས་པར་བྱས་པ་མ་ཡིན་ནམ། འོ་ན་ཅི་བྱ། བྱ་དགའ་སྟེར་མོད། ལེགས་ཏེ་དེ་བཞིན་བགྱིའོ་ཞེས་བྱས་ནས་ནོར་མང་པོ་སྤྲིངས་པ་ན། འཚོ་བྱེད་ཀྱིས་ཁོ་བོ་ལ་ནོར་ཡོད་ཀྱི། སྨན་པའི་ཁྱེའུ་ལ་གནང་བའི་རིགས་སོ། །དེས་སྨན་པའི་ཁྱེའུ་ལ་བྱ་དགའ་ཆེན་པོ་བྱིན་ཞིང་། འཚོ་བྱེད་ལའང་བརྒྱ་སྟོང་རི་བའི་རས་ཡུག་པོ་ཆེ་བྱིན་ནོ། །དེའང་བཅོམ་ལྡན་འདས་ལ་ཕུལ་ནས་ཆོས་གོས་གསུམ་མཛད་དོ། །འཚོ་བྱེད་གཞོན་ནུས་གསོས་ཀྱི་སློབ་མ་ནི་དངོས་བསྟན་ཡིན་མིན་ལ་ཐེ་ཚོམ་གྱི་གཞིར་སྣང་ཡང་དེང་སང་ཡོངས་གྲགས་ལ་ངོས་འཛིན་པ་ལྟར། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །(༡༩༤བ)


GLG017_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱི་སངས་རྒྱས་ཉིད། །ངེས་པ་ཁོ་ན་ཡང་དག་ཐོབ་ཅེས་ལུང་བསྟན་པ་ལྟར་སངས་རྒྱས་གཉིས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྤྱིར་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་གནས་ཀུན་ལ་མཁས་པར་མ་ཟད་ཚེའི་རིག་བྱེད་ཀྱང་མཐར་ཕྱིན་པས་གསོ་རིག་གི་བསྟན་བཅོས་སྦྱོར་བ་བརྒྱ་པ། འཚོ་བའི་མདོ་ཚིགས་སུ་བཅད་པ། རྩ་ཨ་བའི་ཆོ་ག །སྨན་རིན་པོ་ཆེའི་རིམ་པ། དངུལ་ཆུའི་སྦྱོར་བ་རིན་ཅེན་འཕྲེང་བ་རྣམས་མཛད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་ནི། ཀུན་ཤེས་ལས། ལམ་འདིའི་ཤིང་རྟའི་སྲོལ་འབྱེད་ཤེས་རབ་ཅན། །ཕ་མའི་བྲན་མཛད་ཕ་ཁོལ་མ་ཁོལ་དང་། །དེ་གཉིས་ངག་བཅག་ལྷ་ཆེན་བསྒྲུབས་པ་ཡིས། །ཕ་གོལ་མ་གོལ་ཞེས་ཀྱང་མཚན་དུ་གྲགས། །ཕྱི་རོལ་རིག་བྱེད་མཁས་པའི་མཐར་སོན་པས། །མངལ་སྐྱེས་སུས་ཀྱང་མ་ཐུབ་རིག་སྨྲའི་མཆོག །རྫུས་སྐྱེས་འཕགས་པ་ལྷས་བཏུལ་སྟོན་པ་དང་། །བསྟན་ལ་དད་པའི་མཆོག་གྱུར་སྙན་ངག་པ། །ཕྱི་མོའི་དབུ་མ་པར་ངེས་དཔའ་བོ་ཡི། །ཕྱི་ནང་གཞུང་ལུགས་ཟླ་མེད་དུ་མ་བརྩམས། ཁྱད་པར་ཡན་ལག་བརྒྱད་པ་ཆེན་པོ་སོགས། །སྨན་དཔྱད་མཁས་པ་དགའ་བྱེད་བཞི་ཙམ་མཛད། །དེ་ཡི་ནང་ནས་ཡན་ལག་བརྒྱད་པ་ཡི། །སྙིང་པོ་བསྡུས་པ་ཞེས་བྱ་འདི་མཛད་ནས། ཞེས་པ་ལྟར། བདུད་རྩི་བུམ་པ། ཕ་ཁོལ་མ་ཁོལ། ཕ་གོལ་མ་གོལ། དཔལ་(༡༩༥ན)


GLG017_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དགེ་བ། རྟ་དབྱངས། དགའ་བྱེད། མ་ཏི་ཙི་ཏྲ། ཨ་ཤྭ་ཀ །ཐུབ་རྒྱལ་ནག་པོ་ཞེས་པར་གྲགས་ཤིང་ནང་པར་ཞུགས་ནས་དཀོན་ཅོག་འབངས། རབ་འབྱོར་སྐྱངས། བྷ་ཝི་ལྷ། མར་མེ་མཛད། ངོ་བོོ་གཉིས་མེད་པ། བཀོད་མ་འཛིན། བཙུན་པ་དཔའ་བོ། དགྲ་ལས་རྣམ་རྒྱལ། རྡོ་རྗེའི་མཚོན་ཆ། ལྷ་གསུམ་པ། བྷ་བ་བྷ། གཞན་ལ་ཕན་པའི་དབྱངས་ཏེ་མཚན་ཉི་ཤུ་རྩ་གཉིས་སུ་གྲགས་པའི་མཁས་མཆོག་དཔའ་བོ་ནི། འཇམ་དཔལ་རྩ་རྒྱུད་ལས། ཉམས་དགའ་གྲོང་ཁྱེར་རྒྱལ་པོའི་ཁབ། །འོད་མའི་ཚལ་གྱི་ས་སྟེང་དུ། །སློབ་མའི་ཚོགས་དང་ལྷན་ཅིག་ཏུ། །ཇི་ལྟར་བདེ་བར་ང་བཞུགས་ཚེ། །དེར་ནི་བྱ་རོག་གཅིག་ཡོད་པས། །ང་ལ་སེམས་ནི་དད་བྱས་ནས། །ལུས་ཞིག་ནས་ནི་མཐོ་རིས་སོང་། །ལྷ་རྣམས་ལས་ནི་ཤི་འཕོས་ནས། །མི་ཡི་ནང་དུ་སྐྱེས་ནས་ཀྱང་། །ང་ཡི་བསྟན་ལ་རབ་ཏུ་བྱུང་། །ཡོན་ཏན་ལྡན་ཞིང་ཚུལ་ཁྲིམས་ལྡན། །མང་དུ་ཐོས་ཤིང་ཆོས་ཀྱང་སྨྲ། །མ་ཁོལ་ཞེས་བྱའི་བརྟུལ་ཞུགས་ཅན། །དེ་ནི་དེ་ཚེ་འབྱུང་བར་གྱུར། །ང་ལ་ཇི་བཞིན་བསྟོད་པའི་མཆོད། །རྣམ་པ་སྣ་ཚོགས་དེ་དག་གིས། །ལེགས་པར་དཔྱད་ལ་རབ་བྱེད་པའོ། །བློ་ལྡན་དེ་ནི་མཐར་གྱིས་ཀྱང་། །ཐམས་ཅད་མཁྱེན་པ་བྱང་ཆུབ་ཐོབ། །ཅེས་པའི་དོན་བཞིན། ཐོག་མར་ཕྱི་རོལ་པའི་གྲུབ་མཐའ་རྒྱ་མཚོའི་མཐར་སོན་པ་རྗེས་སུ་ནང་པའི་བསྟན་པ་ལ་ཞུགས་ཏེ་སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་སྲས་ཀྱི་ཐུ་བོ། གཞུང་ཕྱི་མོའི་དབུ་མ་པ། ཕྱི་ནང་གི་(༡༩༥བ)


GLG017_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་གནས་མཐའ་དག་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་འདིས་ལས་འབྲས་ལ་སྐུར་པ་བཏབ་པའི་སྡིག་བཤགས་སུ་ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། ཡན་ལག་བརྒྱད་པ་བསྡུས་པ་སྟེ་བཞི། ངག་གི་སྡིག་བཤགས་ལ་སྐྱེས་རབས། ཡིད་ཀྱི་སྒྲིབ་པ་སྦྱང་ཕྱིར་རྩ་ལྟུང་། གཞན་ཡང་རིག་པའི་གནས་ལྔ་གར་བསྟན་བཅོས་མང་དུ་མཛད་ཅིང་དེའི་ནང་ནས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་རྩོམ་པའི་དུས་སུ། ས་གསུམ་དགེ་ལེགས་འགྱུར་བ་ཡི། །དགེ་བའི་ལྟས་ནི་སྣ་ཚོགས་འབྱུང་། །ཞེས་གསུངས་པ་ལྟར་ས་འོག་ཀླུའི་ཡུལ་དུ་འོད་སྣ་ཚོགས་ཀྱི་ཁུག་སྣ་སྤྲིན་དུ་ཆགས་པ། དེ་ལ་བདུད་རྩིའི་ཆར་འབབ་པ། ཤིང་རྣམས་ལས་དུས་མིན་དུ་འབྲས་བུ་སྨིན་པ་གསུམ། ས་བླ་ལྷའི་ཡུལ་དུ་བ་དན་དང་རྒྱལ་མཚན་གཡོ་བ། དེ་ལས་འོད་ཟེར་འཕྲོས་ཏེ་ཕྱོགས་ཀུན་ཁྱབ་པ། མེ་ཏོག་གི་ཆར་པ་འབབ་པ་གསུམ། ས་སྟེང་མིའི་ཡུལ་དུ་ས་གཡོ་བ། ཨུཏྤ་ལའི་ཆར་འབབ་པ། དུག་གི་མེ་ཏོག་རྙིངས་པ་། གསེར་གདུགས་རང་བཞིན་གྱིས་འཁོར་བ། དུང་རྣམས་རང་སྐད་འབྱིན་པ། ཤིང་གི་བཅད་མཚམས་ནས་འོ་མ་དང་སྦྲང་རྩི་འབབ་པ། ལུས་འཕགས་ཀྱི་རྒྱལ་པོ་ནོར་འཛིན་དམུས་ལོང་ལ་མིག་བྱུང་བ། ཡུལ་དབུས་འགྱུར་འཆང་གི་ཡམས་ནད་ཆད་པ། མུ་སྟེགས་ཀྱི་མཁན་པོ་ར་ལ་པ་ཏྲ་ང་རྒྱལ་ཆག་ནས་ལྟོ་བ་ས་ལ་སྦྱར་བ། རྫ་རྔ་ལས་རིག་སྔགས་ཀྱི་སྒྲ་འབྱུང་བ། དཀོན་ཅོག་གི་རྟེན་རྣམས་མདངས་དང་ལྡན་པ། ནང་པའི་པཎྜི་ཏ་རྣམས་ཀྱིས་ཤིས་པ་(༡༩༦ན)


GLG017_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་སྟེ་བཅུ་གཉིས་དང་བཅས་པ། དེ་ལྟར་ས་གསུམ་དུ་རྩོམ་པའི་རྣམ་འཕྲུལ་བཅོ་བརྒྱད་གསལ་བར་གྱུར་ཅིང་རིག་པའི་དབང་ཕྱུག་གིས། རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པའི་དྲིས་ལན་དུ། ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག །སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །ཞེས་བསྟན་བཅོས་རྩོམ་པ་ལ་ཕུལ་དུ་བྱུང་བར་བསྔགས། ཀུན་ཤེས་ལས། ཁ་ཆེ་ཟླ་དགའ་ལ་བཤད་དེ་ཡིས་ཀྱང་། །ཟླ་ཟེར་ཞེས་བྱའི་རྒྱ་ཆེར་འགྲེལ་པ་མཛད། །ཅེས་བྱུང་བ་ལྟར། དེའི་སློབ་མ་ཁ་ཆེ་ཟླ་བ་མངོན་དགའ་ཡིན་པར་གསོ་རིག་ཆོས་འབྱུང་དུ་མ་དང་བརྒྱུད་འདེབས་གསན་ཡིག་མང་པོར་བྱུང་ལ། སྒྲ་སྦྱོར་ངེས་པར། ཆགས་ལ་མངོན་པར་དགའ་བའི་བུ། །ཟླ་བ་མངོན་དགའ་ཞེས་བྱ་བས། །ཞེས་དང་། ཟླ་ཟེར་དུ། བདག་གི་མེས་པོར་གྱུར་པ་ནི། །དཔལ་ཆེན་དགེ་བ་ཞེས་གྲགས་ཡིན། །དེ་ནི་ད་ལྟའང་ས་གསུམ་ན། །གྲགས་པ་དྲི་མེད་སྒྲག་པར་བྱེད། །དེ་སྲས་ཆགས་པ་མངོན་པར་དགའ། །དེའི་བུ་ཟླ་བ་མངོན་དགའ་བདག །སློབ་དཔོན་བློ་གྲོས་ཆེན་པོ་ནི། །རྒྱུད་ཤེས་དོན་ལྡན་མིང་བཏགས་ལ། །དོན་དམ་ཞེས་བྱ་སྨན་པའི་མཆོག །ཁ་ཆེའི་ཡུལ་དུ་སྐྱེས་པ་ཡིན། །ཞེས་དཔལ་ཆེན་དགེ་བ་སློབ་དཔོན་དཔའ་བོ་དང་། དེའི་སྲས་ཆགས་པ་མངོན་དགའ། །དེའི་སྲས་ཁ་ཆེ་ཟླ་མངོན་ཡིན་ཀྱང་དུས་བསྒྲིགས་ན་ཡབ་ཀྱི་ཞབས་ལ་མ་ཐུག་པའི་ཉེས་པ་མི་འཇུག་ཅིང་ཡང་ན་མེས་དབོན་གྱི་བར་དུ་ཆགས་པ་མངོན་དགའ་དགོས་པ་བརྒྱུད་ཡིག་ཏུ་མ་ཆད་པའི་ངེས་པ་མི་སྣང་ཞིང་མེས་ཀྱི་ཡན་ལག་(༡༩༦བ)


GLG017_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་ཆེན་པོ། དེ་ལ་འཇུག་པ། བསྡུས་པ་རྣམས་དང་། ཙ་ར་ཀ་འབུམ་སྡེ་སོགས་གསོ་རིག་གི་གཙུག་ལག་མཐའ་ཀླས་པར་བརྟེན་ཅིང་། རང་ཉིད་ཀྱིས་རྣམ་པར་དཔྱོད་པའི་རིག་ལམ་ནས་དྲངས་ཏེ་སྙིང་པོ་བསྡུས་པ་རྒྱས་པར་འགྲེལ་བར་ཚིག་དོན་ཟླ་ཟེར། དེའི་སྨན་མིང་ཟུར་དུ་བཀོད་པར་ཚིག་དོན་སྒྲ་སྦྱོར་ངེས་པ་སོགས་མཛད་དེ་འཕགས་ཡུལ་གྱི་རིག་བྱེད་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར། འཕགས་ཡུལ་མ་ཟད་གངས་རིས་བསྐོར་པའི་ལྗོངས་འདིར་ཡང་མངའ་བདག་ཆོས་སྐྱོང་བ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་མཐའ་བཞིའི་སྨན་པ་རྣམས་བཀུག་ནས་གསོ་བ་རིག་པའི་གཞུང་ལུགས་རྒྱས་པར་སྤེལ་ཞིང་ཁྱད་པར་ཁ་ཆེའི་པཎྜི་ཏ་ཟླ་བ་མངོན་དགའ་དང་སྐད་གཉིས་སྨྲ་བའི་དབང་པོ་ལོ་ཆེན་བཻ་རོ་ཙ་ན་གཉིས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ། དུས་དེར་གསོ་བ་རིག་པའི་གཞུང་གཞན་མང་ཞིང་དར་ཆེ་བས་མ་འོངས་སྙིགས་མའི་དོན་དུ་ཡོན་མཆོད་རྣམས་བཀའ་བགྲོས་ཏེ་བསམ་ཡས་བར་ཁང་གི་ཀ་གཞུ་ལ་གཏེར་དུ་སྦས། ཨྱོན་ཆེན་པོ་པདྨ་ཐོད་འཕྲེང་གིས་ཞང་བློན་རྡོ་རྗེ་བདུད་འདུལ་ལ་ཆོས་སྐྱོང་དང་གནོད་སྦྱིན་ཤིང་བྱ་ཅན་ལ་གཏེར་གྱི་སྲུང་མར་བཀའ་བསྐོས། དེ་ནས་མི་ལོ་བརྒྱ་དང་ལྔ་བཅུར་ཉེ་བ་ན་དགེ་བཤེས་གྲ་པ་མངོན་ཤེས་ཀྱིས་གཏེར་ནས་སྤྱན་དྲངས། དེས་རོག་གི་བནྡེ་དཀོན་ཅོག་སྐྱབས་ལ་ཆིག་བརྒྱུད་ཀྱི་ཚུལ་དུ་གནང་། དེས་གཡུ་ཐོག་པ་ཆེན་པོ་ཡོན་ཏན་མགོན་པོ་ལ་གསུངས་པ་ནས་རྒྱ་ཆེར་འཕེལ་བར་གྲགས། མཁས་པ་དང་མི་མཁས་པ་མང་དག་བོད་མར་འདོད་པའི་ལུང་རིགས་ཕྱོགས་རེ་ཙམ་(༡༩༧ན)


GLG017_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་བསྒྲུབ་པའི་འདོད་པ་གཙོར་བཏོན་ལ་མཐའ་གཅིག་ཏུ་ངེས་བཟུང་དཀའ་ཡང་། ཀུན་ཤེས་ལས། དེ་ནས་ལེགས་བརྒྱུད་ལོ་ཆེན་སྐྱེས་བུ་མཆོག །རིན་ཅེན་བཟང་པོས་བསྒྱུར་བཤད་གཏན་ལ་ཕབ། །མཁས་པ་དུ་མར་སྤེལ་ནས་བོད་ཡུལ་དུ། །རྒྱ་ཆེར་སྤེལ་ལས་བོད་ཀྱི་ཤིང་རྟ་ཆེ། །གཡུ་ཐོག་སོགས་ཀྱིས་རྒྱུད་བཞིར་གྲགས་པ་སྤེལ། །ཞེས་བྱུང་བ། འཇིག་རྟེན་གྱི་མིག་གཅིག་པུ་སྟག་ཚང་ལོ་ཆེན་འདི་ལུང་རིགས་ཀྱི་དཔྱད་པ་ཤིན་ཏུ་བཟོད་ཅིང་དེས་མཛད་པའི་སྨན་དཔྱད་སྤྱིའི་རྣམ་བཞག་ཕྱོགས་གཅིག་ཏུ་བསྡུས་པའི་གཞུང་མཁས་པའི་ཡིད་འཕྲོག་དང་ལག་ལེན་གཅེས་བསྡུས་རེག་པས་ནད་སེལ་ཞེས་བྱ་བ་མཁས་རློམ་གཞན་ལས་ཁྱད་ཞུགས་པའི་ལེགས་བཤད་ཅིག་སྣང་བས་རྒོལ་བར་ག་ལ་སྤོབས། དེ་ལྟ་ནའང་ཕྱོགས་འདི་གའི་རང་སྐད་གཙོར་བཏོན་ལ་བླ་མ་གསང་འདུས་སོགས་གུ་རུ་ཞི་དྲག་གི་དཀྱིལ་འཁོར་གྱི་གཙོ་བོར་སློབ་དཔོན་ཆེན་པོ་ཉིད་རིགས་ཀྱི་བདག་པོའི་རྣམ་པར་བཞེངས་ནས་གསུངས་པ་དང་། བཀའ་གདམས་ཐིག་ལེ་བཅུ་དྲུག་ཇོ་བོ་ཡབ་སྲས་ཀྱི་ཡེ་ཤེས་སྒྱུ་དྲའི་རོལ་གར་ལས་ཤར་ནའང་དོན་གྱི་བརྒྱུད་པ་རྡོ་རྗེ་འཆང་ནས་རིམ་པར་བྱུང་བ་ལྟར་རྗེ་གཡུ་ཐོག་པ་རིགས་འདུས་སྨན་པའི་བདག་པོའི་དཀྱིལ་འཁོར་གྱི་གཙོ་བོར་བཞེངས་ནས་སྙིང་ཐིག་གི་ཆོས་སྐོར་རྣམས་གསུངས་ཤིང་སྤྲུལ་པའི་གྲོང་ཁྱེར་ཆེན་པོར་སྨན་པའི་རྒྱལ་པོའི་རྣམ་པས་རྒྱུད་གསུངས་པར་ཁས་བླངས་ཀྱང་དོན་རྒྱུད་གོང་མ་རྣམས་འབྱུང་བར་གོར་མ་ཆག་ཅིང་རྗེ་བཙུན་གཡུ་ཐོག་པ་སྨན་པའི་རྒྱལ་པོར་གཏིང་(༡༩༧བ)


GLG017_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ངེས་པ་རྙེད་པའི་གང་ཟག་ཚོར་དོན་ལ་ཁྱད་པར་མེད་པར་སེམས་སོ། །དེ་ལྟར་པུར་རྒྱལ་གྱི་ཡུལ་ཁམས་འདིར་འཇིག་རྟེན་མིག་གཅིག་པུ་ལོ་ཆེན་རིན་ཅེན་བཟང་པོས་བསྒྱུར་བ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་སྔོན་ཆོས་རྒྱལ་གྱི་དུས་མཐའ་བཞིའི་སྨན་པས་གཏན་ལ་ཕབ་པ་རྣམས་དཔེ་དང་མིང་ཙམ་དུ་ལུས་ནའང་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དུ་གྲགས་པ་རྩ་བཤད་མན་ངག་ཕྱི་མ་སྟེ་རྒྱུད་བཞི། ཆ་ལག་བཅོ་བརྒྱད། གཞན་ཡང་བྲང་ཏི། བྱང་པ་རིགས་ལྡན་ཆེན་པོ། ཟུར་མཁར་བ་ཁུ་དབོན་སོགས་མཁས་པ་མང་པོས་མཛད་པའི་འགྲེལ་བཤད། མན་ངག་གཅེས་སོ་འཚལ་ཕྱོགས་གཅིག་ཏུ་བསྒྲིགས་པའི་བེའུ་བུམ། བདུད་རྩིའི་བུམ་པ་སོགས་གཏེར་ཁ་སྣ་ཚོགས་པའི་མན་ངག་རྣམས་ཀྱང་གལ་ཆུང་ཆོས་སུ་བྱེད་པའི་དུས་ཀྱི་བསྐལ་པས་ནམ་མཇུག་སྡུད་ཀའི་ཆུ་ཕྲན་ལྟར་ཇེ་ཕྲར་གྱུར་པའི་དུས་འདིར་གསར་བྱུང་གི་གཙུག་ལག་གྲོག་མཁར་དང་སྦྲང་མའི་སྦྲང་རྩི་ལྟ་བུ་ལ་རྣམ་པ་གཅིག་ཏུ་དགོས་པ་མེད་པ་འདྲ་ཞིག་མཆིས་ཀྱང་། ལེགས་བཤད་རིན་པོ་ཆེའི་གཏེར་ལས། །རིག་པ་ནང་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་དེ་ཉིད་འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །མཁས་པ་ཡོན་ཏན་ཀུན་བསླབ་པ། །མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། །བློ་ངན་(༡༩༨ན)


GLG017_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་མང་ན་ཡང་། །རྒྱུ་སྐར་བཞིན་དུ་གསལ་མི་ནུས། །མཁས་པ་ཡོན་ཏན་དཔག་མེད་ཀྱང་། །གཞན་གྱི་ཡོན་ཏན་ཆུང་ངུ་ལེན། །དེ་ལྟར་རྒྱུན་དུ་སྤྱད་པ་ཡིས། །མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ། །ཞེས་པ་ལྟར་རིག་པའི་གནས་རྣམས་ལ་ཐོས་བསམ་བགྱིས་པས་འདི་ཕྱི་ཀུན་ཏུ་རང་གཞན་གྱི་དོན་རྒྱ་ཆེན་པོར་འགྱུར་བའི་ཕྱིར་ན་དུས་ངན་སྐྱེ་བོའི་ངང་ཚུལ་ལ་སྒྱིད་མ་ལུག་པར་སྔོན་བྱོན་དམ་པའི་རྣམ་ཐར་གྱིས་ཡིད་དྲངས་པར་མ་ཟད། མཁས་པའི་དབང་པོ་དཔང་ལོ་ཆེན་པོས། དིང་སང་བསྟན་པ་ཉམས་དམའ་བས། །འདི་འདྲའི་ཚུལ་ལ་མཐུན་འཇུག་དང་། །འཇུག་པ་ཤིན་ཏུ་དཀོན་མོད་ཀྱི། །ཤེས་ན་མཁས་པའི་གོ་འཕང་ཐོབ། །གང་ཞིག་མཁས་པར་བྱ་འདོད་ཀྱི། །གང་ཞིག་མཁས་པར་བྱེད་འདོད་ན། །འདི་དང་འདི་འདྲ་ཚུལ་མི་སློབ། །དེ་དག་བློ་ནི་བེམ་པོའམ་ཅི། །ཞེས་པ་ལྟར། ལ་ལ་དག་རང་ཉིད་བློ་གྲོས་རྨོངས་པའི་སྒྲིབ་གཡོགས་སུ་ནང་རིག་པ་ལ་ཐོས་བསམ་བྱར་ཡོད་བཞིན་དུ་ཐ་སྙད་ཀྱི་རིག་པ་རྣམས་ལ་དགོས་པ་མེད་པ་སྐད་དུ་ཟོག་རྫུ་འུག་པ་སྤྲོས་པ་ལྟར་འགྱིད་ནའང་། ཇི་སྐད་དུ། །སྨན་པས་ཟས་སུ་སྒྲོ་བཏགས་ནས། །སྨན་གྱིས་ནད་ཆེན་གསོ་བ་ལྟར། །འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས། །བདག་གིས་དམ་པའི་ཚུལ་འདི་བཤད། །ཅེས་པ་ལྟར། ཕྱི་ནང་མཐུན་མོང་བའི་གཙུག་ལག་རྣམས་ཀྱང་རང་ཉིད་གནས་སྐབས་སུ་མཁས་པར་གྱུར་པ་ཙམ་དུ་མ་ཟད་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཀྱིས་རྩིས་ཟིན་ན་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱས་(༡༩༨བ)


GLG017_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེའི་གྲིབ་བསིལ་དུ་སེམས་ཅན་ཐམས་ཅད་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་ཅི་དགར་ལོངས་སྤྱོད་པས་ན། ཇི་སྐད་དུ། དེ་ཉིད་གཟིགས་པ་དངར་དང་རབ་ཏུ་རྒྱས་པའི་འཁྲི་ཤིང་ཀུན་དགའི་དཔྱིད། །ཡ་མཚན་ཡལ་ག་སྟོང་གིས་དྲེས་པའི་ཡོན་ཏན་སྐལ་པ་བཟང་པོའི་མཐའ། །རྒྱལ་བ་རྣམས་ཀྱིས་སྤོང་བ་མིན་པའི་གནས་ལ་བྱང་ཆུབ་གྲིབ་བསིལ་བ། །རིགས་ཚོགས་ཁ་བའི་འཛུམ་ལྡན་གངྒཱའི་དཔལ་མོ་སྤྲོ་བའི་རྒྱུན་འཛིན་སྙིང་གི་དཔལ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་སྔར་སྨོས་པའི་ཕྱི་ནང་དྲང་སྲོང་གི་ཚེའི་རིག་བྱེད་རྒྱ་མཚོ་ལྟ་བུའི་ནང་ནས་མང་དག་ཡུལ་དབུས་འགྱུར་འཆང་དུ་གཙུག་ལག་གཉིས་པ་ཤེས་པའི་མཁས་མང་ལ་བརྟེན་ནས་དར་རྒྱས་སུ་ཡོད་པའི་སྨན་དཔྱད་ལ་མཁས་པ་ཁ་བ་ཅན་གྱི་ལྗོངས་འདིར་དུ་མ་ཞིག་འོངས་ཚོད་དུ་འདུག་རུང་པཎྜི་ཏ་སྨྲྀ་ཏི་ཕན་ཚུན་སྐད་ཀྱི་བརྡ་མ་འཕྲོད་པས་རྟ་ནག་ཏུ་ལུག་རྫི་མཛད་པའི་ལོ་རྒྱུས་ལྟར་ཅི་ཡིན་ཆ་མ་འཚལ་བར་རང་ཡུལ་དུ་ཕྱིར་ལྡོག་སྟེ་གཞན་ཕན་གྱི་འཕྲིན་ལས་མ་བྱུང་བ་དང་། ལ་ལས་ཚེའི་རིག་བྱེད་ཤེས་པའི་རྣ་ཐོས་ཙམ་གོ་ཡང་བོད་ཀྱི་གསོ་རིག་པས་ཆོག་ཤེས་ནས། ལེགས་བཤད་རིན་པོ་ཆེར། ཙནྡན་གསེར་ལས་རིན་ཆེ་བ། །བླུན་པོས་སོལ་བར་བྱས་ལ་ལྟོས། །ཞེས་པ་ལྟར་ཤེས་བཞིན་ཁྱད་གསོད་ཀྱིས་དོར་བའམ་མཆིས་རུང་རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག་གི་ལོར་ཤཱཀྱ་མུ་ནེའི་ཕོ་བྲང་ཆེན་པོའི་མདུན་ཕྱོགས་རྒྱ་གར་བའི་མི་རིགས་དུ་མ་ཚོགས་ཁྲོད་དུ་སྨན་པ་མཁས་པ་ཞིག་ཡོད་དམ་ཟེར་བའི་གཏམ་ཐོས་པས་རྐྱེན་བྱས་འདར་པ་ལོ་ཆེན་དྲི་མལ་བྱེད་དུ་བཅུག་པ་འཕགས་ཡུལ་(༡༩༩ན)


GLG017_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཕྱོགས་མ་ཧཽ་རའི་སའི་ཆར་བྲམ་ཟེ་གཙང་མའི་རིགས་སུ་སྐྱེས་པ་སིནྱ་སི་གོ་ད་ར་རཉྪོ་ར་སྟེ་ཁྱིམ་སྤངས་ས་སྤྱོད་ཅེས་བྱ་བས་རྒྱ་གར་དབུས། ཤར་ནུབ་ལྷོ་བྱང་། ནཻ་པཱ་ལ་དང་བཅས་པ་ཆུ་བཞིན་མྱུལ་ནས་སློབ་དཔོན་གོ་ཏ་མབྷརྠི། ཨུཏྟ་མ་གི་རི། ཨུ་ཀཱ་ར་བྷཪྠིསོགས་གུས་པས་བསྟེན་པའི་མཁས་པ་ཆེན་པོར་རྟོགས་ཏེ་འདར་པ་པཎ་ཆེན་གྱིས་ལོ་ཙཱ་བགྱིས་དར་མོ་སྨན་རམས་པ་བསླབ་ཏུ་བཅུག་པར་གསོ་རིག་གི་ལག་ལེན་ངོ་མཚར་བ་དུ་མ་བྱུང་རུང་ཕྱོགས་འདི་མི་རྙེད་པའི་སྨན་གྱི་རིགས་འཚོལ་བར་རྒྱ་བལ་ཕྱོགས་སུ་ཕྱིར་བཏེག་བལ་པོ་ཡམ་བུའི་རྒྱལ་བློན་ལ་རོགས་དན་དགོས་ཚུལ་གྱི་སྡེ་པའི་ཧུང་རྒྱའི་མཚམས་སྦྱོར་སོང་བ་ལ་བརྟེན་སྨན་གྱི་རིགས་རྣམ་གྲངས་ཤིན་ཏུ་མང་བ་བཅས་མེ་མོ་སྦྲུལ་ལོའི་དབྱར་འབྱོར་བའི་རྒྱ་བལ་གྱི་སློབ་དཔོན་མཁས་པ་རྣམས་ཀྱི་ཞལ་གྱི་བདུད་རྩི་ལས་འོངས་པའི་ཚེའི་རིག་བྱེད་ཀྱི་མན་ངག་གནད་ཀྱི་སྙིང་པོ་བསྡུས་པ་འདི་ཉིད། མི་ཆོས་གནད་འཕྲེང་ལས། སྔོན་དུས་བོད་འདི་སྲིན་པོའི་རྒྱལ་ཁམས་འདྲ། །དིང་སང་དུས་སུ་རྒྱ་གར་འཕགས་ཡུལ་འདྲ། །བསམས་ཀྱིན་ལོ་ཙཱ་བོད་ལ་བཀའ་དྲིན་ཆེ། །ཞེས་དང་། ས་པཎྜི་ཏས། །བདེ་བར་གཤེགས་པའི་གཞུང་ལུགས་བླ་ན་མེད། །ཞུ་མཆན་སྒྱུར་བྱེད་མཆན་བུའི་གནས་ཐོབ་པ། །སྐད་གཉིས་སྨྲ་མཁས་ལོ་ཙཱ་དེ་དག་ནི། །དེ་དག་བདག་ཅག་རྣམས་ཀྱི་མིག་བཞིན་གྱུར། །ཞེས་གསུངས་པ་ལྟར། པཱ་ཎི་བྱཱ་ཀ་ར་ཎ་སོགས་སྒྲ་མདོ་ཆེན་པོ་བཞི་ལ་བློ་གྲོས་ཀྱི་ལང་ཚོ་མཆོག་ཏུ་རྒྱས་པ་སེ་(༡༩༩བ)


GLG017_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་རིགས་ཀྱི་ཐིག་ལེ་འདར་པ་ལོ་ཙཱ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་ཞུ་ཆེན་དང་གསོ་བ་རིག་པའི་གཞུང་ལུགས་ལ་སློབ་དཔོན་མཁས་པ་བཅུ་ཕྲག་ཙམ་བསྟེན་ནས་སྦྱངས་པའི་ཡར་སྟོད་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་འབད་པ་ཆེན་པོས་གཏན་ལ་ཕབ་པའི་པུ་སྟ་ཀ་འདི་ཉིད་ཀྱི་ཐོག་མར་ནད་ཀྱི་མཚན་ཉིད་བསྟན་པ། རྩའི་སྒོ་ནས་ངོས་བཟུང་སྟེ་གཏན་ལ་འབེབས་པ། དངུལ་ཆུ་བཙོ་བཀྲུ། གསེར། ཞ་ཉེ་དཀར་ནག །ཏི་ཚ། ཟངས། ལྕགས་རྣམས་འདུལ་ལུགས་དང་། དེ་དག་ལ་བརྟེན་པའི་སྦྱོར་བ། རླུང་མཁྲིས་བད་ཀན། ནད་གློ་བུར་བ་རྣམས་སོ་སོར་གཏོང་རྒྱུའི་ཐད། ཟླ་བའི་དུས་དང་སྦྱར་ནས་སྦྱོངས་གཏོང་ལུགས། མུ་ས་ལི། རིམས་འཕྲོག་ལྕགས་ཀྱུ། གོ་ཡུའི་བཅུད་ལེན་གྱིས་མཚོན་སྤྱི་འཇོམས་དང་སྒོས་སྨན་སོགས་ཤིན་ཏུ་གཅེས་པའི་སྦྱོར་སྡེ་དང་ཁ་བསྒྱུར་བསྡོམས་པ་སུམ་བརྒྱ་ལྷག་བཅས། འཁོར་ལོ་དང་སྔགས་ལ་བརྟེན་པ་བཅུ་ཕྲག་ལྔ་བརྒལ་བ། མེ་བཙའི་སྐོར་ཀརྐོ་ཊའི་བཅུད་ལེན་ལ་བརྟེན་པའི་ཚེ་ཉི་ཟླ་དང་མཉམ་ཞིང་ལུས་རྡོ་རྗེ་ལྟར་བརྟེན་པ་རྣམས་ཀྱི་ཕྱག་ལེན་མན་ངག་མཐའ་དག་ཉམས་འོག་ཏུ་ཆུད་པའི་ཐོས་བསམ་གྱི་མཐུ་ལ་བརྟེན་ནས་འགྲོ་བ་མང་པོ་བཟོད་དཀའ་ཟུག་རྔུའི་འཕྲང་ལས་རྣམ་པར་གྲོལ་ཏེ་བདེ་ཞིང་སྐྱིད་པའི་དཔལ་ལ་སྦྱོར་བར་གདོན་མི་ཟའོ། །ཆུ་གཏེར་སླར་ཡང་མ་བསྲུབས་སྔོན་མེད་པའི། །རིག་བྱེད་བདུད་རྩིའི་བུམ་པ་ཐོབ་པའི་ཚེ། །མེས་པོས་དྲན་པའི་གསོ་དཔྱད་དབྱར་སྐྱེས་ཀྱི། །རྔ་བསངས་དེ་ལ་མོས་པ་ཅུང་ཟད་ལྷོད། །ཏེ་སེའི་མདངས་ལྟར་རབ་དཀར་ལྷག་པའི་ཡིད། །(༢༠༠ན)


GLG017_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་ཚོགས་ལ་རྗེས་ཆགས་ཀུནྡའི་ཚལ། །འཛུམ་པའི་ཆོ་ག་གཏོང་མིན་སེམས་བསྐྱེད་ཀྱི། །བསིལ་སྦྱིན་མཁན་པོའི་ཆ་ཤས་ཉེ་བར་གང་། །ཕྱོགས་བརྒྱར་གཟེགས་མ་འཐོར་བ་ཀཏྤུ་རའི། །ངད་པ་ཚ་གདུང་གཅིལ་ལ་མཚར་འཛིན་པ། །ཡོངས་གྲུབ་བརྒྱ་དང་རྩ་གཅིག་བྲོ་ནད་གཉེན། །སྨན་གྱི་དཔག་བསམ་འཁྲི་ཤིང་འདི་སུས་བསྐྲུན། །རིས་སུ་མ་ཆད་འགྲོ་ལ་འཇིགས་བྲལ་བའི། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་ལ་འཇུག་རྣམས་སངས་རྒྱས་ཞེས། །གྲགས་ཅན་བགྲོད་དཀའི་ས་དེ་མི་རིང་སྙམ། །བཟོད་མིན་ཚོར་བ་དྲག་པོའི་ནད་གདོན་དང་། །དེ་རྒྱུ་སྒྲིབ་གཉིས་ལུས་པ་མེད་བཅས་པ། །འཇོམས་པའི་སྨན་པ་ཆེ་མཆོག་རྫོགས་སངས་རྒྱས། །འགྲུབ་པའི་སྐལ་བ་བཟང་པོར་བདག་གྱུར་ཤོག །ཙནྡན་འབྱུག་དང་སྟེའུས་རྡེག་པ་ལ། །སྙོམས་པར་ཞལ་འཆེས་ཐུགས་རྗེ་སྙིགས་དུས་འདིར། །བསྐུལ་ན་འཇིག་རྟེན་གསུམ་གྱི་དུཿཁ་རྣམས། །མཁྱེན་བརྩེ་ནུས་པས་ཕ་མཐའ་མཛད་དུ་གསོལ། །འགྲོ་མང་སྲོག་ཟུངས་བཅུད་ལེན་བདུད་རྩིའི་གཏེར། །མྱངས་པའི་འབྲས་བུ་ནམ་མཁས་གཞལ་དཀའ་བའི། །དགེ་ཚོགས་མ་ལུས་མཐའ་བྲལ་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །ཞེས་ཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པའི་གླེགས་བམ་གྱི་ཆེ་བརྗོད་སྨོན་ལམ་གྱི་རིམ་པ་འདི་ནི་ཟ་ཧོར་གྱི་བནྡེ་ཚངས་སྲས་བཞད་པའི་རྡོ་རྗེས་དམར་སེར་ཅན་གྱི་ལོ་ཁྲུམས་ཀྱི་ཟླ་བའི་དཀར་ཆའི་རྒྱལ་བ་དང་པོའི་ཚེས་ལ་རྒྱལ་ཁབ་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པས་བགྱིས་པ་ཛ་ཡནྟུ། ཉན་བྲན་གྲོང་སྨད་པའི་གཞིས་ཀ་མཚོ་སྨད་ཁང་གསར་དང་སྨོན་གྲོང་གཉིས་(༢༠༠བ)


GLG017_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བོགས་ཤས་ཀྱི་དེབ་ཐེར་འགོ་བརྗོད་ཕུན་ཚོགས་འདོད་འཇོ། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) མཉྫུམཱཏྤཱུཏྤལཱངྒུཤྱཧོཧོཏྲིལོཀཱནུཔཱཀཪྵྱལཀྵྨཻཥྚཀཱནྡྷཻནབཿ སཽ་མི་རེཀོཙྩསཱ་མཱརྒཧཱིཏེཥྭཏིཥྱཻཀུཊཱབྡྷིབྷགྷཱལཱུཤྩགོཀྲྀཏྶུརཿ །འཇམ་མཉེན་ཨུཏྤལ་ལྕགས་ཀྱུས་འཇིག་རྟེན་གསུམ། །ཉེར་བཀུག་ཕུན་ཚོགས་འདོད་དགུ་འཇོ་བའི་འབྲས། །ལྷུན་པོའི་སྤོ་དང་མཉམ་པའི་ཕྱུར་བུ་རུ། །ཆེས་ཆེར་སྤུངས་ཤིག་བཅོམ་ལྡན་རིག་བྱེད་ལྷ། །གསེར་སྦྱངས་རི་བོ་ལྟར་བརྗིད་ཛམ་བྷ་ལའི། །ཕྱག་གི་ནིའུ་ལེས་རབ་སྐྱུགས་ཡིད་བཞིན་གཏེར། །ནོར་རྒྱུན་སྒེག་མོའི་སྙེ་མ་ལས་འོངས་པའི། །བགྲང་ཡས་འབྲུ་ཡིས་དབྱིག་འཛིན་ལྕི་བར་མཛོད། །ཚངས་རིས་སྲིད་གསུམ་མགོན་གྱུར་དྲི་ཟའི་རྒྱལ། །རྒྱས་པའི་ལས་ཀུན་བསྒྲུབས་པ་འབར་བ་རྩལ། །འཇིག་རྟེན་ཀུན་གྱི་མཁོ་དགུའི་དཔལ་འབྱོར་རྣམས། །རང་གིར་དབང་དུ་བྱེད་པར་མཐུ་དཔུང་བསྐྱེད། །བསམ་དོན་ལྷུན་གྲུབ་བཀྲ་ཤིས་གཡང་ཆགས་ཁང་། །བྲེ་འབོར་འཇལ་(༢༠༡ན)


GLG017_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟོན་ཀའི་རྩེ་འཇོ་ལ། །ཀུན་དགའ་ཁོང་ན་རྒོད་པ་གསར་པའི་མགྲོན། །འཆི་མེད་ཡུལ་གྱི་འབྱོར་བར་ཅོ་འདྲི་ཞིང་། །གང་ལ་མངའ་སྒྱུར་ས་ཡི་དྲུག་ཆའི་ཁྲལ། །རྗེ་འབངས་སོ་སོར་དྲང་པོའི་ཐིག་འདེབས་པ། །འགྱུར་མེད་ཡི་གེའི་འཕྲེང་བར་ཡོངས་སྤེལ་བ། །དེབ་ཐེར་མེ་ལོང་གདོང་གི་རྣམ་ཐར་བཞིན། །ཞེས་ཤིས་པ་བརྗོད་པས་སྔུན་བསུས་ཏེ་དམར་སེར་ཅན་ཞེས་པ་མེ་སྦྲུལ་གྱི་ལོ་སྟོད་ལུང་མཚོ་སྨད་ཁང་གསར་དང་སྨོན་གྲོང་གི་བོགས་དེབ་གསར་སྒྲིགས་བཀོད་པ་ལ། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) མཱནསཾཧཱརརཏྣཱཙྩསིདྡྷཻརྦིམཱནཏྲིཀཱུཊྚནསཽཛསྦུརཱཔཪྤཏཿ ཤཱཏསཱུཪྻསྱབཱསྟྲེཎཧིཔྲཱབིབྷཱུཥིཊབཻཤྲཱམཱཎཻརྦྷཱུཏིབྷཪྵཏྷཏུ།ཡིད་འཕྲོག་རིན་ཅེན་ལས་གྲུབ་གཞལ་མེད་ཁང་། །གསུམ་བརྩེགས་ལྟེ་བར་འཛམ་བུའི་གསེར་ཞུན་རི། །བརྒྱ་ཕྲག་ཉི་མའི་གོས་ཀྱིས་རབ་ཀླུབས་པ། །རྣམ་མང་ཐོས་སྲས་འབྱོར་བའི་གྲུ་ཆར་ཕོབ། ཁྱོད་འཁོར་དཔལ་ལྡན་གནོད་སྦྱིན་ཆེན་པོ་བརྒྱད། །(༢༠༡བ)


GLG017_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་ཤེས་རྟ་ཆོག་ཞོན་རྣམས་སྲིད་གསུམ་ཡོངས། །མྱུར་ཏེ་རིན་ཅེན་གཞོང་པར་སྲིད་ཞིའི་དངོས། །རབ་བསྡུས་ཕྱུར་བུར་གཏམས་ལ་རིངས་པ་བཞིན། །འདོད་འཇོའི་བ་དང་མི་ཟད་གཏེར་གྱི་བུམ། །དཔག་བསམ་ལྗོན་ཤིང་དབང་གི་རྒྱལ་པོ་ལྟར། །མཁོ་དགུའི་ལོངས་སྤྱོད་རྨུགས་འཛིན་བང་མཛོད་སྒོ། །བརྒྱ་ཕྲག་འབྱེད་ནུས་དངོས་གྲུབ་ལྡེ་མིག་སྦྱིན། །ཅི་བསམ་དོན་གྱི་རེ་འབྲས་མ་ལུས་པ། །འབད་བརྩོན་མེད་འགྲུབ་བདེ་སྐྱིད་ཁང་གསར་དུ། །རྣམ་མང་འབྲུ་རིགས་ཕུན་སུམ་ཚོགས་པའི་དཔྱ། །ཉེར་སྡུད་བླ་ནས་བླར་མཐོར་ཉེར་བརྩེགས་འགྲོ། །དཀར་འཇམ་ཤིང་གི་མ་མའི་ཡོལ་གོ་རུ། །ནོར་བུ་གཡས་འཁྱིལ་མིང་ཚིག་ཡི་གེའི་གཟུགས། །རྣམ་དག་བརྗོད་པའི་དེབ་ཐེར་རྫིང་བུའི་ངོགས། །དོན་བཟང་ངང་མོའི་མགྲིན་ལས་དབྱངས་སྙན་སྒྲོགས། །ཞེས་ཤིས་པ་བརྗོད་དེ་མཚོ་སྨད་བསམ་གྲུབ་ཁང་གསར་དང་སྨོན་གྲོང་གི་ཤས་དེབ་མེ་མོ་སྦྲུལ་ལོ་གསར་དུ་སྒྲིགས་པ་ལ། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་རྨ་བྱ་མྱོས་པ།) ཉྫུཤྲཱིཧཱིཤཏཀཱུལཔྲསྲྀཏཱཔྲོཏྠངྐཱལེཤཏྲིནྡྲམཧཱིཪྵསྱམུཁོཧཱི།བཻཀུཏྤནྡྲཡོདཤཙཀྲཔྲཏིབིམྦཛྙཱནཾསཏྭོབྷཱབཏཐཱབྟགརཱཤ །(༢༠༢ན)


GLG017_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་རྡོ་རྗེ་རིགས་བརྒྱའི་ཁྱབ་བདག་ཏུ། །རབ་བཞེངས་དུས་དགྲའི་དབང་པོ་མ་ཧེའི་ཞལ། །བཅུ་གསུམ་འཁོར་ལོའི་སྣང་བརྙན་འཕྲུལ་པོ་ཆེར། །ཡེ་ཤེས་སེམས་དཔའ་དངོས་སུ་གཞུ་བླུབས་བཞིན། །ཕྱོགས་འདིར་རྒྱ་བོད་མཁས་གྲུབ་བཞེད་པའི་སྲོལ། །སྐར་ཚོགས་དབུས་ན་ཆུ་ཤེལ་དབང་པོ་ལྟར། །རཱ་ཆེན་ལོ་ཙཱའི་དགོངས་དོན་མ་འཁྲུལ་བ། །གཟུར་གནས་དཔྱོད་ལྡན་ཡིད་ཀྱི་གདུང་སེལ་དཔྱིད། །མགོན་དེའི་ཕྲ་རགས་བསྐྱེད་རིམ་ཏིང་ངེ་འཛིན། །རྩེ་གཅིག་ཐུགས་དམ་རྟེན་གྱི་བྲིས་སྐུ་དངོས། །མཁའ་འགྲོའི་སྙན་བརྒྱུད་ཇི་བཞིན་གཏན་ཚིགས་འདིས། །འཁྱོག་བཤད་སོམ་ཉིའི་དྲ་བ་ཅི་ཡང་གཅོད། །དེ་ཕྱིར་རྭ་ལུགས་འཇིགས་མཛད་རྡོ་རྗེ་ལ། །ངེས་པར་མཁས་ཤིང་གྲུབ་བརྙེས་ཚར་ཆེན་ཞེས། །ཡབ་སྲས་སྨིན་གྲོལ་བརྒྱུད་པའི་གདམས་པ་ཆེར། །དབང་རྣོན་ཆོས་རྗེས་འབྲངས་ནས་གཅིག་ཏུ་དད། །འདི་སྒྲུབ་ཆེད་དུ་ངལ་བ་བསྟེན་པ་ཀུན། །བགྲང་ཡས་སྐྱེ་བར་ཟུར་ཕུད་ལྔ་ལྡན་དེ། །སྙིང་གི་པདྨར་བཞུགས་ནས་སྲིད་དང་ཞིའི། །འདོད་པའི་རེ་བ་མ་ལུས་སྐོང་བར་ཤོག །ཅེས་རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་ཐུགས་དམ་རྟེན་བྲིས་ཐང་ཤིན་ཏུ་ཧྲུལ་བ་ཞིག་ལག་ཏུ་སོན་པ་རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་དགོངས་པ་དང་མཐུན་པའི་ཕན་ཚུན་གཅིག་གིས་གཅིག་ལ་གཏན་ཚིགས་ཡང་དག་ཏུ་འགྱུར་བར་མཐོང་ནས། རྭ་ལུགས་རྣམ་པར་དག་པ་འདིའོ་ཞེས་ས་དགེ་ཞལ་གསུམ་གྱི་འདྲེན་བྱེད་དུ་གཟིགས་མོར་འབུལ་བའི་ཆེད་དམར་སེར་ཅན་གྱི་ལོར་ཟུར་གྱི་སྔགས་འཆང་འཕྲིན་ལས་རྣམ་རྒྱལ་དང་(༢༠༢བ)


GLG017_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་བསྟན་པ་ཚུལ་ཁྲིམས་གཉིས་བྲིས་ཤུས་བྱེད་བཅུག་པའི་ཚེ་རྒྱབ་ཡིག་ཏུ་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ངེས་གསང་ཐེག་པའི་མ་དྲོས་མཚོ་ཆེན་ལས། །སྨན་གྲོལ་གདམས་པ་བཤད་དཀའི་ཆུ་བོ་བཞི། །རིན་ཅེན་ལྟ་བུའི་གདུལ་བྱ་ཟླ་འཕེལ་ནང་། །འབབ་འདི་སྐལ་བཟང་གདེངས་ཅན་རྣམས་ཀྱི་དཔྱིད། བགྲང་ཡས་རྒྱུད་སྡེའི་རྩེར་སོན་འདུས་པའི་གཞུང་། །སྙིང་པོ་རིམ་པ་ལྔར་དྲིལ་ཡོངས་རྫོགས་ལམ། །སྙིགས་དུས་ཚེ་ཐུང་གཅིག་ལ་མི་སློབ་པའི། །ཟུང་འཇུག་ཁང་པར་བགྲོད་བྱེད་མན་ཤེལ་སྐས། །མཐའ་གཉིས་འཁྱོག་འགྲོར་འཕྱན་མིན་དབུ་མ་རུ། །སྲིད་སྒྲུབ་ཉག་ཕྲན་ལྟར་དྲང་འཕགས་པ་མཆོག །ཤིང་རྟ་ཆེན་པོའི་བཞེད་སྲོལ་འཛིན་པ་ལ། །ནཱ་རོ་ཏ་པ་པཎ་གྲུབ་འཁོར་ལོས་སྒྱུར། །འཇིག་རྟེན་མིག་གཅིག་ཆོས་ཀྱི་བློ་གྲོས་ཀྱི། །ཟླ་མེད་སློབ་མའི་མཆོག་གྱུར་རྔོག་སྟོན་ནས། །མཐའ་ཡས་ཡོན་ཏན་རྒྱ་མཚོ་ཆེན་པོའི་བར། །སྙན་ནས་སྙན་བརྒྱུད་འཆི་གསོོས་བདུད་རྩིའི་བཅུད། །འཇམ་དབྱངས་བསོད་ནམས་རྒྱལ་མཚན་གསུང་ཟེར་གྱིས། །ཀུན་མཁྱེན་བུ་སྟོན་སྒྲ་འཛིན་ཨུཏྤལ་ཁ། །ཕྱེ་ལས་ཟབ་དོན་དམར་ཁྲིད་ཟ་མ་ཏོག །ཚེ་གཅིག་ཐར་འདོད་ཡོངས་ཀྱི་གཅེས་པའི་མཛོད། །ཕྲ་རགས་བསྐྱེད་རིམ་ཚུལ་ལ་ངེས་རྙེད་དེ། །དབེན་གསུམ་སྒྱུ་ལུས་འོད་གསལ་ཟུང་འཇུག་གི །ཁ་སྦྱོར་བདུན་ལྡན་སར་བགྲོད་ལམ་པོ་ཆེ། དུས་གསུམ་སངས་རྒྱས་ཀུན་གྱི་གཤེགས་པའི་བཤུལ། །མར་ལོའི་རྗེས་འཇུག་ཡིན་ཞེས་ཞལ་འཆེས་(༢༠༣ན)


GLG017_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རྒྱུད་རྒྱལ་སྙིང་པོའི་གནད་གསང་མ་ཐོས་པར། །ཆད་ལྟར་གནས་ལུགས་ཕྱག་རྒྱའི་སྒྲོ་འདོགས་ཀྱིས། །སྨིག་རྒྱུས་ཕལ་ཆེར་སྐོམས་པའི་གྲི་རུ་འཆི། །ཡིད་བཞིན་ནོར་ལས་ཆེས་དཀོན་ཟ་མ་ཏོག །མཁས་རློམ་མང་དག་རི་མོའི་མར་མེ་ལྟར། །གྱུར་ཚེ་ཚར་པ་ཆོས་རྗེའི་གསུང་རྒྱུན་ལ། །ཀུན་མཁྱེན་མཁྱེན་བརྩེས་ཁ་འབྱེད་ལྡེ་མིག་མཛད། །ཤེས་བྱའི་མཐའ་འཇལ་ལོ་ཆེན་བྱང་རྩེ་དང་། །རྒྱལ་བ་མཆོག་གྲུབ་འཇམ་དཀར་ལ་སོགས་པའི། །འཁྲིད་ཡིག་སོ་སོར་བྱུང་ལས་ཟུར་བརྒྱན་ན། །གངས་ཀྱི་རི་བོར་ཟླ་འོད་ཤར་རྗེས་འགྲོ། །རྩ་བཤད་རིམ་ལྔའི་གཞུང་དང་སྤྱོད་བསྡུས་སོགས། །བཀའ་དང་བསྟན་བཅོས་ལུང་གི་ཁུངས་སྦྱར་བར། །འཁྲུལ་མེད་རིགས་པ་སྤྲད་པའི་རྒྱས་བཤད་ན། །གསེར་སྦྱངས་རྒྱན་ལ་རིན་ཅན་ཕྲ་ཚོམ་འདྲ། །བློ་གྲོས་ནོར་འཛིན་ལྟོ་བར་བརྗོད་བྱེད་ཚིག །མང་སྤེལ་རི་གླིང་མཚོ་ཡིས་མཛེས་བྱེད་མོད། །བྱང་གླིང་བཀྲ་ཤིས་རྒྱལ་མཚན་གསུང་རབ་ཀྱིས། །དང་པོའི་ལས་ཅན་འཁྲིད་པར་གཅིག་ཏུ་སྨན། །སོ་སོའི་རྟགས་རྣམས་ཉམས་མྱོང་ཚད་མ་བཞིས། །རང་གི་རྒྱུད་ལ་ཡིད་ཆེས་རྙེད་མིན་པར། །ཏིང་འཛིན་ངང་དུ་སྒོ་གསུམ་ཉེར་གཞོལ་བ། །བརྒྱུད་ལྡན་བླ་མའི་ཕྱག་ལེན་གཙོ་བོར་བཞེད། །འོན་ཏེ་སྔ་བདོའི་དབང་གིས་སྔོན་བྱོན་པ། །དམ་པའི་རྣམ་ཐར་འཁྱོངས་པར་སྒྲུབ་དཀའ་ཡང་། །མ་འཁྲུགས་དམིགས་རྐང་སོ་སོར་ནན་ཏན་གྱིས། །ཐུན་དུ་བཅད་དེ་བསྟར་བ་ལུགས་འདིའི་སྲོལ། །བཀླགས་ལུང་ཙམ་གྱིས་འཁྲིད་ཀྱི་གོ་བཅོད་ཅིང་། །སྦྱོར་བ་སྐྱབས་སེམས་བོར་བའི་ཉམས་ཁྲིད་མཁན། །(༢༠༣བ)


GLG017_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྒོམས་མྱོང་འབྲས་སྨྲ་བའི་སྟོང་བཤད་སོགས། །འཕྱོན་མའི་གར་གྱིས་གངས་ཅན་སྨན་ལྗོངས་ཁེངས། །དལ་འབྱོར་རྟེན་བཟང་ཐོབ་ཀྱང་འདི་འདྲའི་ཆོས། །སྒྲ་འཛིན་བུ་གར་མ་གྱུར་མཐའ་ཀླས་ན། །ཐོས་བསམ་སྒོམ་པར་བྱེད་པ་བསྐལ་མང་ནས། །བསགས་པའི་བསོད་ནམས་ལས་རྙེད་ད་གདོད་འཁུམས། །ཡང་ཡང་འཇལ་དཀའ་ཐབས་རྒྱུད་ཡོངས་ཀྱི་རྩེ། །ཟབ་ཟབ་སྙིང་གི་ཐིག་ལེར་འཆང་བའི་ཆོས། །གསལ་གསལ་རྗེན་པར་སྟོན་པའི་བླ་མ་ལ། །དུང་དུང་དད་པ་དབྱར་གྱི་མཚོ་ལྟར་འཕེལ། །རྒྱལ་ཀུན་བགྲོད་ལམ་གཅིག་གྱུར་གནད་ཀྱི་མདུད། །རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཀྱིས་བཀྲལ་གཞུང་། །རྒྱལ་བའི་རྣམ་སྤྲུལ་བུ་སྟོན་རིན་ཅེན་གྲུབ། །རྒྱལ་ཚབ་ཚར་ཆེན་ཡབ་སྲས་དྲིན་ལས་དར། །རྡོ་རྗེ་འཆང་ནས་མཚུངས་བྲལ་བླ་མའི་བར། །བར་མ་ཆད་དུ་བྱོན་པའི་ནོར་བུའི་འཕྲེང་། །འཕྲེང་མཛེས་ཞལ་ལུང་སྲད་བུར་བརྒྱུད་འདི་འདྲ། །འདྲ་བཅོས་རྒྱས་བཀབ་མཁན་གྱི་སྤྱོད་ཡུལ་མིན། །འདིར་འབད་ལེགས་བྱས་ས་བོན་དར་དྲག་པ། །རབ་སྨིན་མྱུ་གུ་བསྐྱེད་དུ་བསྲིངས་པའི་རྩེར། །ཟུང་འཇུག་སྐུ་བཞིའི་འབྲས་བུ་གཡུར་ཟ་བ། །བརྒྱ་ཕྲག་ལྗགས་དཀྱིལ་སྐྱེ་བར་རོ་མྱོང་ཤོག །རྒྱ་བོད་མཁས་གྲུབ་ཐུགས་དམ་སྙིང་པོའི་མཐིལ། །རིམ་ལྔའི་ཉམས་ལེན་ཟབ་མོ་དམར་ཁྲིད་དུ། །འཆད་ཉན་ཉི་མའི་གཉེན་གྱི་བསྟན་པའི་རྒྱུན། །མ་ནུབ་དེ་སྲིད་དར་ཞིང་རྒྱས་པར་ཤོག །རྒྱལ་ཀུན་ངོ་བོ་མཁན་ཆེན་ཞ་ལུ་པ། །ཚེ་དབང་ལྷུན་གྲུབ་རབ་ཏུ་བརྟན་པར་ཤོག །རིང་ལུགས་འདི་འཛིན་ཚོགས་རྣམས་རྡོ་རྗེའི་ཁྲིར། །མི་འགྱུར་(༢༠༤ན)


GLG017_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་བསྐོར་བའི་རྒྱུ་རུ་བསྔོ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་རིམ་ལྔའི་དམར་ཁྲིད་ཡིད་བཞིན་ནོར་བུའི་ཟ་མ་ཏོག་ལ་ཀུན་མཁྱེན་མཁྱེན་བརྩེའི་ཞབས་ཀྱི་ཁ་འབྱེད་ཀྱི་ལྡེ་མིག་གནང་བའི་མཛད་བྱང་འཕྲོད་ལུས་པ་རྩོམས་ཤིག་ཅེས་རིགས་ཀུན་བདག་པོ་ཞ་ལུ་པ་ཆེན་པོ་བཀའ་སྩལ་པ་ལྟར་ཕྱོགས་འདི་ལ་བག་ཆགས་ཀྱི་མཐུ་ཅུང་ཟད་བརྟས་པ་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་ཀྱིས་དམར་སེར་ཅན་གྱི་ལོར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པའོ། །དྷཱིཿཡིག་བཞུ་བླུགས་མི་ཡི་གཟུགས་ཅན་དུ། །ཉེར་ཤར་མཁྱེན་པའི་སྲང་ལ་ཤེས་བྱའི་ཁྱོན། །གཞལ་ཀྱང་དོག་མིན་རྗེ་བཙུན་བཙོང་ཁ་པ། །འཇམ་དཔལ་རྡོ་རྗེ་དངོས་ལས་གཞན་ན་ཅི། །གང་གི་གསུང་རབ་ཆ་ལ་ཉེས་པའི་དྲི། །གངྒཱའི་ཀླུང་རྡུལ་ཙམ་ཡང་རྣམ་མཁྱེན་གྱིས། །མ་རྙེད་དེ་ཚེ་ཚངས་པ་རྒན་པོ་སོགས། །འཇིག་རྟེན་བྱེད་པོ་ཕལ་ཆེར་གཉིད་དུ་གཡུར། །འཁྲུལ་པའི་ལྷད་བྲལ་ལེགས་བཤད་ས་ལེ་སྦྲམ། ཁོ་ནར་ངེས་ཀྱང་ཛམྦུ་ཆུ་བོའི་གསེར། །ཇི་བཞིན་རིམ་པ་ལྔ་ཡི་གནད་གསང་ཀུན། །གསལ་བྱེད་སྒྲོན་མེས་འཇིག་རྟེན་གསུམ་མུན་སེལ། །འཛམ་གླིང་གཡས་སུ་བཞག་པ་ནོར་བུའི་དཔྱ། །ཕུང་པོར་སྤུངས་པ་བཙལ་ཡང་རྙེད་དཀའ་བ། །རྣམ་དག་བརྗོད་པའི་རྒྱུད་ལས་ཉེར་དྲངས་གང་། །དོན་བཟང་པི་ཝང་སྒྲ་དབྱངས་རྣ་བའི་རྒྱན། །རིས་འབྲལ་ཀུན་ལ་ཆོས་ཀྱི་སྦྱིན་པའི་སྒོ། །ཕྱེ་བས་(༢༠༤བ)


GLG017_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དྲུག་ཚུལ་བཞིའི་དཀའ་གནད་ཀྱི། །དབུལ་ཕོངས་སྡུག་བསྔལ་རྙེད་ཡུལ་དམིགས་མེད་དུ། །འཚོལ་འདོད་འཁྱོག་པོའི་བློ་དེ་ད་ག་རེ། །བསོད་ནམས་བྱས་འདིས་ངེས་པ་ལྔ་ལྡན་སྐུར། །རྫོགས་སངས་རྒྱས་མིན་བར་དེར་མགོན་ཁྱོད་ཀྱི། །ལེགས་བཤད་རོ་བརྒྱ་མྱོང་བའི་བློ་གྲོས་ཀྱི། །འབུམ་ཕྲག་ཟད་མི་ཤེས་པའི་སྐལ་བཟང་ཤོག །འདི་སྒྲུབ་ཆེད་དུ་སྒོ་གསུམ་འབད་པ་རྣམས། །བློ་བཟང་གྲགས་སྙན་འབར་བའི་བསྟན་པ་ལ། །ཡང་སྲིད་ཀུན་ཏུ་ཞུགས་ནས་གནས་སྐབས་དང་། །གཏན་མདུན་འགྲུབ་པའི་བདེན་ཚིག་འབྲས་སྨིན་ཤོག །ཅེས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་གྱི་གནད་དོན་འགྲེལ་པ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་རིམ་ལྔ་གསལ་བའི་སྒྲོན་མེ་ཆོས་སྦྱིན་མི་འཛད་པའི་པར་འདི་གསར་བརྐོའི་འདུན་པ་ཡོད་སྟེང་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བསྐུལ་མའི་མཚམས་སྦྱར་བ་དང་བཅས་དམར་སེར་ཅན་གྱི་ལོ་དགའ་ལྡན་ཕུན་ཚོགས་གླིང་དུ་བརྐོས་པའི་ཞུ་ཆེན་དང་དོ་དམ་གཉིས་ཀ་བྱེད་མི་ཡར་འབྲོག་པ་དགེ་སློང་བློ་གྲོས་བརྟན་པ། རྩེ་སྐོར་བ་དགེ་སློོང་བློ་གསལ་མཁས་པ། བཀྲ་ཤིས་གླིང་པ་དགེ་སློང་སྨྲ་བའི་དབང་ཕྱུག་གསུམ་དང་། ཡིག་མཁན་བློ་བཟང་དམ་ཆོས། བློ་བཟང་ཉི་མ་དགའ་ལྡན་བསྟན་འཛིན། ཀུན་དགའ་རྣམ་རྒྱལ། རྐོས་མཁན་དབུ་མཛད་དགོས་སླེབས། དབུ་ཆུང་རྒྱལ་བཀྲ་ཤིས། བྱིངས་གྲས་རབ་བརྟན། ཚངས་འཕེལ། གཞུང་རྡོར། ནམ་མཁའ་རབ་བརྟན། རྒྱལ་མཚན། གྲགས་པ། ནོར་བུ་(༢༠༥ན)


GLG017_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྐྱབས། ཨ་གཅེས། སུམ་འཕེལ། རབ་རྒྱས། དཔལ་ཁང་དཔལ་འབར། སྒྲོལ་བ་དབང་རྒྱལ། ཡར་འཕེལ། ཚེ་རིང་དཔལ་འབྱོར། འོམ་སྦུག་དཔལ་འབར། དཔུང་སོགས། གསུམ་པ། བྲག་སྣ་དབང་རྒྱལ། རྡོ་རྗེ་དབང་རྒྱལ། ཀུན་དགའ་ཚེ་བརྟན། ནོར་བུ་ཚེ་བརྟན། ཚངས་སྐྱིད། དཀར་པོ། ཕུན་ཚོགས། ཚེ་རིང་དར་རྒྱས། ཀུན་དགའ་ཚུལ་ཁྲིམས། འཇམ་དབྱངས་རྒྱ་མཚོ། སྙིང་པོ། ཚེ་དབང་དཔལ་ལྡན། ཚངས་པ། འབྱོར་རྒྱས། ཚངས་ཆེན་ཟམ་རྒྱལ། རྡོ་རྗེ་བཀྲ་ཤིས། རྒྱ་མཚོ། ཀུན་དགའ་ཚེ་དབང་། ཤིང་བཟོ་བ་ཨ་དཀར། དབུ་ལྷ་འདྲི་མི་བཞད་པ་ཀུན་དགའ་མཐའ་ཡས་རྣམས་ཀྱིས་ཆེད་དུ་བསྒྲུབས་པའི་དཀར་ཆག་འདི་ནི་ཟ་ཧོར་གྱི་རིགས་ལས་ཤཱཀྱའི་བཙུན་པ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་པ་སརྦ་ཛ་ཡནྟུ། གདུལ་བྱའི་དྭངས་མཚོར་རྟེན་དང་བརྟེན་པའི་ཟླ། །ཤར་ཀྱང་མཁྱེན་བརྩེ་ནུས་མཐུའི་རི་བོང་ཅན། །ཐུགས་རྗེའི་འོད་ཀྱི་ཕན་བདེའི་ཀུ་མུ་ད། །བཞད་པས་འགྲོ་བ་ཀུན་སྒྲོལ་པད་དཀར་འཆང་། ཨྱོན་རྣོག་ཆོས་མཛད་ལྔ་འདུས་པའི་གཏེར། །སྙིང་པོའི་ཡང་ཞུན་འཕགས་མཆོག་དཀྱིལ་འཁོར་ཆེ། །མཐོང་ཐོས་དྲན་རེག་སྲིད་ཞིའི་རྒྱ་མཚོ་ལས། །སྒྲོལ་བའི་གྲུ་ཆེན་སྔོན་མེད་ལེགས་པའི་ལམ། །འདིས་མཚོན་ངེས་གསང་འདུས་སྡེའི་ཉེར་སྤྱད་རྫས། །སྟོན་མཚན་ཟླ་འདྲའི་ལྷག་བསམ་གྱིས་དྲངས་ཏེ། །སྒོ་གསུམ་འབད་པའི་བསོད་ནམས་གངྒཱའི་རྒྱུན། །ཡང་སྲིད་ལམ་བརྒྱུད་(༢༠༥བ)


GLG017_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་མཚོར་འབབ་ཤོག །ཅེས་པ་འདིའང་མེ་འབྲུག་དང་མེ་སྦྲུལ་གཉིས་ཀྱི་ལོར་སྔགས་རམས་པ་བློ་བཟང་ཀུན་དགའ། སྔགས་རམས་པ་བློ་བཟང་ཆོས་ལྡན། ལྷ་ས་བ་ངག་དབང་དཀོན་ཅོག་གསུམ་གྱིས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་དཀོན་གཉེར་གྱི་ལས་ཐོག་བྱས་སྐབས་སྤྱི་རྫས་ཀྱི་འཇོག་ལ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་དཀྱིལ་ཐང་མཐའ་འཇག་ཞལ་ཁེབས་ཅན། འཇམ་དཔལ་ཚེ་བདག་རྩ་བའི་ལྷ་དྲུག་གི་ཙཀ་ལི། བུམ་པའི་མགུལ་ཆིངས་རྒྱ་གོས་གསེར་མ་དཀར་དམར་ལྗང་གསུམ་བརྩེགས་པ་གཅིག །ཧོར་གོས་བུམ་གདན་མ་གཞི་དམར་མཐོངས་འཁོར་ལོ་ཟུར་བཞིར་སྣ་ཚོགས་རྡོ་རྗེ། མཐར་རྡོ་རྗེ་གསང་ལམ་ཡོད་པ་གཅིག །ཡང་རྒྱུ་གོང་མཚུངས་མཐོངས་འཁོར་ལོ་མེ་ཏོག་ཟླུམ་འཁོར་དང་བཀྲ་ཤིས་རྟགས་བརྒྱད་ཡོད་པ་གསུམ། ཧོར་གོས་ཏཱ་སི་མེ་ཏོག་རིས་ལེགས་པའི་མཆོད་ཁེབས་གཅིག །དངུལ་གྱི་པད་སྡེར་བཅུ་ཐམ་པ། ཚོགས་འཁོར་བཞེང་བའི་ལྗང་སེར་གྱི་པད་སྡེར་ཆེ་ངེས་གཉིས་དང་མེ་ཏོག་གི་ཕོར་པ་ཁེབས་བཅས་བཞི། སྦྲོན་སྐྱོགས་གཅིག །ལིང་རོ་གཏོར་མར་འབུལ་སྣོད་ཀྱི་ཐོད་པ་ཟངས་ཀྱི་ནང་ཤ་ཅན་གསུམ། ལྕགས་ཀྱི་མར་ལྕུགས་འཐེན་ཆས་ཆ་གཅིག །ཏིང་ཤག་རྣམས་ཀྱི་ཤུབས་མཚལ་རྩི་གསེར་རིས་ལྗང་སེར་གྱི་པར་བཀབ་མཛོ་སྣ་ཨ་ལུང་རྒྱབ་བཟུང་བ་དཀྲི་ལྕགས་བཟུང་གདན་དང་བཅས་པ་སུམ་ཅུ་སོ་གཅིག །སྤོས་མདོང་གཞི་ནག་ཚོན་ཁྲ་གསེར་ཤོག་ཤིང་ལོ་འབྲུག་རིས་ལྗང་སེར་གྱི་ཤན་བསྡམས་བཞི་དང་


GLG017_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

(༢༠༦ན)རྒྱབ་ལག་བཟུང་བ་དཀྲི་ལྕགས་སྒོ་ལྕགས་ལྡེ་བཅས་ཁུར་ཐག་བཟུང་བ་ཨ་ལུང་དང་བཅས་པ་གསུམ་འབྱར་ཆ་གཅིག །ཆོག་གྲའི་དུས་རྡོ་རྗེ་སློབ་དཔོན་གྱི་ཉེར་སྤྱད་རྣམས་འཇོག་སྟེགས་ཀྱི་ཆ་སྒྲོམ་མཚལ་རྩི་གསེར་ཤོག་གི་པདྨ་ནོར་བུ་རྡོ་རྗེ་སྒོ་ཁྱེམ་མཐའ་འཇའ་སོགས་ཡོད་ཅིང་ཡོད་བྱད་རྣམས་འཇུག་སྣོད་ཞར་ལ་ཡོང་རྩིས་ཀྱི་སྒོ་ལ་ལྗང་སེར་གྱི་མཛོ་སྣ་དཀྲི་ལྕགས་སྒོ་ལྕགས་ལྡེ་བཅས་ཡོད་པ་ཆ་གཉིས། སྒམ་ཚོན་རྩི་ཁྲ་གསེར་ཤོག་གི་ཟུར་དགག་པ་ཏྲ་ནོར་གཞོང་མཐའ་འབྱེད་སོགས་ཡོད་པར་ལྕགས་ཤན་རྒྱབ་ལག་མཛོ་སྣ་དཀྲི་ལྕགས་སྒོ་ལྕགས་ལྡེ་བཅས་རེ་འབྱར་བ་ལྕགས་གདན་དང་བཅས་པ་ཆེ་བ་ཆ་བཞི། གཏོར་མ་རྫི་སྣོད་གཞོང་སྒོར་ཆེ་ལེགས་གཅིག །སྐྱི་སྒམ་དམར་པོ་ལྕགས་ཤན་རྒྱབ་ལག་མཛོ་སྣ་དཀྲི་ལྕགས་དང་བཅས་པ་གཅིག །བསེ་ཊོ་ར་མཚལ་རྩི་གསེར་ཤོག་དང་ལྡན་པ་ཆ་གཉིས། དྲིལ་དམངས་གཏོང་དུས་ཀྱི་སྣོད་ཤིང་ཁྲོལ་མཚལ་རྩི་ཚོན་ཁྲ་ལྕགས་ཤན་མ་ཆ་གཉིས། ཨན་དར་རྣམས་འཇོག་པའི་ཁྲི་སྒོམ་ཆེ་བ་གཅིག། ཞུན་མར་འཇུག་སྣོད་སྒམ་ལྕོག་གཟུགས་གཅིག །གདན་ཁྲི་རིང་བ་ཆ་གཉིས། ཚེ་དཔག་མེད་དངས་མ་བཅུད་འདྲེན་གྱི་བུམ་གདན་པདྨ་འདབས་བརྒྱད་དང་བཅས་པའི་རྒྱུ་སོང་ལ་དགེ་སྐོས་ཐེངས་ཟིན་རྣམས་ཚོགས་ཐོག་ནས་ཡས་བསུ་མས་སྐྱེལ་གྱི་གོང་དངུལ་ཐོག་ཏུ་ཕབ་པར་སྲང་ཉིས་བརྒྱ་ལྔ་བཅུ་ང་གཅིག་ཞོ་བདུན་སྐར་ཕྱེད་གསུམ་བྱུང་འདུག་པ་འཇོག་དཔངས་མཐོ་ངེས་བྱས་པའི་དུས་དཀྱིལ་ཐང་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་པའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །


previousརབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ལོར་དེབ་ཐེར་དུ་བཀོད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ལུགས་གཉིས་དང་འབྲེལ་བའི་དངོས་སྤྱད་ཀྱི་དེབ་ཐེར་དཔག་བསམ་འདོད་འཇོ་དང་། ཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པའི་གླེགས་བམ་གྱི་ཆེ་བརྗོད་སྨོན་ལམ་གྱི་རིམ་པ་སོགས།next