Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
རབ་བྱུང་བཅུ་གཅིག་པའི་ས་རྟ་ལོར་དེབ་ཐེར་དུ་བཀོད་པའི་མཚོ་སྨད་བསམ་གྲུབ་ཁང་གསར་དང་སྨོན་གྲོང་གཉིས་ཀྱི་གཞིས་ཀའི་ཁང་ཐོ་དང་ཆོས་རྒྱལ་གཏེར་བདག་གླིང་པས་ཨོ་རྒྱན་སྨིན་གྲོལ་གླིང་དུ་སྐུ་གསུང་ཐུགས་རྟེན་ལེགས་བསྐྲུན་གྱི་དཀར་ཆག་སོགས།
   


 
previousརབ་བྱུང་བཅུ་གཅིག་པའི་ས་རྟ་ལོར་དེབ་ཐེར་དུ་བཀོད་པའི་མཚོ་སྨད་བསམ་གྲུབ་ཁང་གསར་དང་སྨོན་གྲོང་གཉིས་ཀྱི་གཞིས་ཀའི་ཁང་ཐོ་དང་ཆོས་རྒྱལ་གཏེར་བདག་གླིང་པས་ཨོ་རྒྱན་སྨིན་གྲོལ་གླིང་དུ་སྐུ་གསུང་ཐུགས་རྟེན་ལེགས་བསྐྲུན་གྱི་དཀར་ཆག་སོགས། next

རབ་བྱུང་བཅུ་གཅིག་པའི་ས་རྟ་ལོར་དེབ་ཐེར་དུ་བཀོད་པའི་མཚོ་སྨད་བསམ་གྲུབ་ཁང་གསར་དང་སྨོན་གྲོང་གཉིས་ཀྱི་གཞིས་ཀའི་ཁང་ཐོ་དང་ཆོས་རྒྱལ་གཏེར་བདག་གླིང་པས་ཨོ་རྒྱན་སྨིན་གྲོལ་གླིང་དུ་སྐུ་གསུང་ཐུགས་རྟེན་ལེགས་བསྐྲུན་གྱི་དཀར་ཆག་སོགས།


GLG017_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྨད་བསམ་གྲུབ་ཁང་གསར་དང་སྨོན་གྲོང་གཉིས་ཀྱི་གཞིས་ཀའི་ཁང་ཐོ། རི་ཀླུངས་ཀྱི་རྩ་ཤིང་བདག་ཐོབ་ལག་འདེབས་ཀྱི་ཞིང་དང་། སོན་འགྲོ་མི་སེར་བསྡད་གྲོང་ཁྲ་སོགས་གཏན་འབེབས་ཀྱི་དེབ་ཐེར་མུ་ཏིག་གི་འཁྲི་ཤིང་། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།) དེཝམཱནབྱབྷོཏེརྨཎཤྩནྟསཱཀལྱབེརཻཿདུརནྟཏྣདྷ་རྦྷཉྫན། གྲཻ་ཝསཱུརྒཱིཪྞཔཱཌཱངྐུལིཀྱཀརཱབཻཤྲབཎྻཻཤྭརཻརྨཀྵཏཪྤཱལཙ། ལྷ་མིའི་འབྱོར་པ་མ་ལུས་ཡིད་བཞིན་གྱིས། །ནོར་བུའི་ཕུང་པོ་གཟུགས་ཅན་མཛོད་གཞོང་གང་། །ལེགས་སྐྱུག་མགྲིན་པ་བཙིར་ནས་འཛིན་མཛད་པའི། །གནོད་སྦྱིན་དབང་ཕྱུག་ངལ་གསོས་པོ་དེས་སྐྱོངས། །ཅི་བསམ་དོན་རྣམས་འགྲུབ་པར་བྱེད་པའི་ཁང་། །མེས་པོས་གསར་དུ་བསྐྲུན་པ་མཐོང་བའི་མོད། །གཞན་ཡང་རབ་སྨོན་དགའ་བདེ་འབྱུང་གནས་གྲོང་། །འཆི་མེད་བདག་པོའི་ཚལ་གྱི་སྤུན་ཟླ་བཞིན། བགྲང་བྱའི་འཕྲེང་བར་གཡུར་ཟ་སྙེ་མ་ལ། །ཡོངས་(༢༠༧ན)


GLG017_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་འབྲུ་སྣའི་ཕུང་པོ་ཆེར་དུད་པའི། །ཕུན་ཚོགས་འདོད་དགུ་གཡང་དུ་ལེགས་འཁྱིལ་ཚེ། །མ་རྨོས་ལོ་ཏོག་ཁེངས་པ་ཕྲོགས་ཀྱིས་དོགས། །ཅི་ཙམ་བྲེ་འབོར་བཅལ་ཀྱང་འཛད་མེད་ཀྱི། །བདོག་པ་ཕྱུར་བུར་ཉེར་སྤུངས་འཛམ་གླིང་འདིར། །ཤོང་མིན་སྣོད་གཞན་འཚོལ་ལ་འཁོར་ལོའི་ལག །མཁའ་ལྡིང་ཞོན་ནས་ཕྱོགས་བྲལ་མྱུལ་བ་བཞིན། །མཐོར་བརྩེགས་བ་གམ་ཡུལ་གྲོང་འབངས་ཀྱི་གྲངས། །གཤིན་པོའི་ས་ཞིང་བསྐྱེད་བྱེད་ས་བོན་ཚད། །རི་ཀླུངས་རྐང་འཐུང་འཕྲེང་དང་ལྗང་སྔོན་རྩ། །ཐེ་ཚོམ་མུན་སེལ་ཉི་མའི་གཟི་བྱིན་འབར། །བཟང་གོས་རྒྱབ་ལྡན་རས་དཀར་ཤོག་བུའི་ངོས། བརྡ་དག་གཟུགས་མཛེས་ཡི་གེའི་གཡས་སུ་འཁྱིལ། །བརྗོད་དོན་སྒྲ་དབྱངས་རྣ་བའི་གསོས་འཇེབས་པ། །སྐྱེ་བ་ལྔ་པའི་དུང་དཀར་འདི་ན་སྙན། །ཨཱ་ལི་ཀཱ་ལི་གསང་སྔགས་འཕྲུལ་པོ་ཆེ། །འཇིག་རྟེན་གསུམ་གྱི་དངོས་ཀུན་ལྕགས་ཀྱུ་ཡིས། །དེབ་ཐེར་ཉ་ཕྱིས་ཁོག་པར་མུ་ཐི་ལ། །ཕྱུར་བུར་སྤུངས་ཤིག་ལྷ་ཆེན་འདོད་པའི་རྒྱལ། །ཞེས་ཤིས་པ་བརྗོད་པའི་ཚིག་སྔོན་དུ་བཏང་སྟེ་རྒྱ་ནག་པོའི་ཡུལ་གྲུར་ཨུ་འུར་འབོད་པ་འབྱུང་བ་སུམ་ལྡན་ས་ཕོ་རྟའི་ཧོར་ཟླ་དང་པོའི་ཡར་ཚེས་དགེ་བར་མཚོ་སྨད་བསམ་གྲུབ་ཁང་གསར་དང་སྨོན་གྲོང་གཉིས་ཀྱི་གཞིས་ཀའི་ཁང་ཐོ། རི་ཀླུངས་ཀྱི་རྩ་ཤིང་བདག་ཐོབ་ལག་འདེབས་ཀྱི་ཞིང་དང་སོན་འགྲོ་མི་སེར་བསྡད་གྲོང་གི་སྒོ་ཁྲ་སོགས་གཏན་འབེབས་ཀྱི་དེབ་ཐེར་མུ་ཏིག་འཁྲི་ཤིང་བཀོད་པ་ལ། བླ་མེད་ཡེ་ཤེས་རིགས་ཀྱི་དར་དཀར་ཁམས། །(༢༠༧བ)


GLG017_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གཉིས་ཚོན་གྱིས་དམ་པའི་སྐྱེས་བུ་རུ། །བསྒྱུར་ནུས་ཙམ་ལ་མོས་བློའི་མཚོ་རྫིང་ནང་། །རྒྱལ་དང་དེ་སྲས་ཟླ་བར་སྒྲོ་བཏགས་གཞི། །ངག་དབང་ལྷ་མོའི་བློ་གྲོས་སྐལ་ཐོབ་པས། །ཉེར་མཁས་བག་ཡོད་ཀྱིས་བཙུན་བཟང་པོའི་སེམས། །པད་རྩའི་རྗེས་འགྲོ་རྡོ་རྗེའི་རྣལ་འབྱོར་མ། །རྒྱ་མཚོའི་རླབས་བཞིན་ཡོལ་མེད་གཙོར་བྱས་ཏེ། །ངེས་པར་འཕགས་ཆེན་དུ་མའི་སྣང་བརྙན་འཕྲེང་། །བླ་མ་ཡི་དམ་ཆོས་སྲུང་ནོར་ལྷའི་རིགས། །སྤེལ་ལེགས་མགྲོན་ཐབས་ཚུལ་དུ་རབ་བཀོད་ཚེ། །སྒྱུ་མའི་ཁེངས་དང་དྲེགས་པ་བག་ལ་ཞ། །དགེ་འབྲས་འཇིག་རྟེན་ཡོངས་བདེ་ཐུབ་བསྟན་དར། །དེ་འཛིན་སྐྱེས་བུ་ཞབས་བརྟན་འདུས་ཚོགས་འཕེལ། །བཟོ་སོགས་ལས་བྱེད་རིགས་སུ་གཏོགས་པ་ཀུན། །འདི་ཕྱིའི་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །བསམ་གྲུབ་རྒྱལ་པོ་མངོན་པར་མཐོ་བའི་རྟེན། །རིམ་བགྲོད་མི་འཇིགས་བཞི་ལྡན་མྱུར་ཐོབ་ཅིང་། །ཤུལ་མཆིས་བརྒྱུད་བཅས་ལྷ་མིའི་བདེ་སྐྱིད་ལ། །རབ་སྤྱོད་བྱང་ཆེན་གྲོང་དུ་ཉེར་འཇུག་ཤོག །འཁོར་བའི་མཐའ་བརྒལ་སྤྱན་གྱི་དཀྱུས། །རིང་པོས་བསམ་གྲུབ་རྒྱལ་པོ་ལ། །གཟིགས་ནས་གྲུ་འཛིན་ཕོ་བྲང་དུ། །དྲོངས་ཤིག་འཇིག་རྟེན་དབང་ཕྱུག་ཀྱེ། །བསླུ་མེད་དཀོན་ཅོག་གསུམ་གྱི་འབངས། །བདེ་ལྡན་ཞིང་གི་མགོན་པོ་ཡིས། །བསམ་འགྲུབ་རྒྱལ་པོ་ཨྱོན་ཡུལ། །མ་དང་མཁའ་འགྲོའི་གནས་སུ་ཁྲིད། །དྲང་པོར་སྲོང་བའི་བཙན་པོའི་ཁྲིམས། །དགེ་བཅུར་གངས་ཅན་འགྲོ་འགོད་པར། །སྒམ་པོའི་བློ་ལྡན་མིའི་དབང་གིས། །བསམ་འགྲུབ་རྒྱལ་པོའི་རྗེས་སུ་བཟུང་། །ཚངས་པ་(༢༠༨ན)


GLG017_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་མེ་ཏོག་དཔལ། །མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས། །འཇམ་དཔལ་རྡོ་རྗེའི་ས་ཆེན་པོར། །བསམ་འགྲུབ་རྒྱལ་པོ་ཉེ་བར་སྦྱོར། །ཀསྨི་ར་ཡི་གྲུབ་ཐོབ་ཀྱི། །འཁོར་ལོས་སྒྱུར་བ་དགོན་པ་བས། །རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེ་ཡི། །ངོ་བོར་བསམ་འགྲུབ་རྒྱལ་པོ་སྒྱུར། །རབ་འབྱམས་རྒྱལ་བ་མ་ལུས་པའི། །འབྱུང་གནས་འབྲོམ་སྟོན་ཆེན་པོ་ཡིས། །བསམ་འགྲུབ་རྒྱལ་པོ་ཚེ་རབས་ཀུན། །རླབས་ཆེན་སྤྱོད་པ་མཆོག་ལ་སྦྱོར། །འཁོན་རིགས་འཇམ་མགོན་ས་སྐྱ་པས། ཁམས་འདུས་གསུམ་གྱི་འཕྲང་གེགས་ལས། །བསམ་འགྲུབ་རྒྱལ་པོ་ཉེར་བསྒྲལ་ཏེ། །ཟུང་འཇུག་གོ་འཕང་ཐོབ་བྱིན་རློབས། །ཞང་སྟོན་བརྩོན་འགྲུས་གྲགས་པ་ཡི། །སྤྲུལ་སྒྱུར་སྣ་ཚོགས་སྒྱུ་འཕྲུལ་གྱིས། །བསམ་འགྲུབ་རྒྱལ་པོ་སྲིད་ལམ་དུ། །དུབ་ལས་བདེ་བའི་ངལ་གསོར་མཛོད། །མངའ་བདག་ཐུགས་རྗེའི་ཉི་མ་ཡི། །འོད་ཟེར་བཀྱེ་བས་འཁོར་བའི་མུན། །བསལ་ཏེ་བསམ་འགྲུབ་རྒྱལ་པོ་གང་། །སྣང་བ་ལོངས་སྐུའི་ཞིང་དུ་དྲོངས། །དགེ་འབུམ་སྤྲུལ་པའི་འཚོ་བྱེད་ཀྱི། །དམ་ཆོས་རྩི་སྨན་ལྗོན་པ་ཡིས། །བསམ་འགྲུབ་རྒྱལ་པོ་དུག་ལྔའི་ནད། །མནར་ལས་དྲུང་ནས་འབྱིན་པར་མཛོད། །བགྲང་ཡས་ཐེག་གསུམ་དགེ་འདུན་གྱི། །དབང་ཕྱུག་མཁས་དང་གྲུབ་པ་ཡིས། །བསམ་འགྲུབ་རྒྱལ་པོ་སྐྱེ་བ་ཀུན། །ལེགས་པའི་ལམ་ལ་རྟག་འགོད་མཛོད། །རབ་དཀར་དགེ་ལ་འདུན་པའི་ཐུགས། །རྒྱ་མཚོ་ལྟ་བུར་གཏིང་ཟབ་པས། །བསམ་འགྲུབ་རྒྱལ་པོ་ཡང་སྲིད་ཀུན། །རྣམ་དག་བསྟན་པར་འཇུག་བྱིན་རློབས། །ལུས་ཅན་མཐའ་(༢༠༨བ)


GLG017_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཀླས་བསོད་ནམས་ཚོགས། །དབྱར་གྱི་རྒྱ་མཚོ་ལྟར་འཕེལ་བས། །བསམ་འགྲུབ་རྒྱལ་པོ་ས་བཅུ་ཡི། །ཐེམ་སྐས་གོང་ནས་གོང་འཛེག་ཤོག །ཟག་མེད་བདེ་བ་ཆེན་པོའི་དཔལ། །ཆོས་ཀྱི་རྒྱལ་པོ་མཐུ་སྟོབས་བདག །བདུད་བཞིའི་འཇིགས་པ་མ་ལུས་ལས། །བསམ་འགྲུབ་རྒྱལ་པོ་སྐྱབ་ཏུ་གསོལ། །ལྷས་བྱང་གླིང་པའི་མ་གཉིས་ཆོག་དང་། ཇུས་ཡགས། བློ་བཟང་ལྷུན་གྲུབ། དུང་སྐྱོང་བཀྲ་ཤིས་སྤུན་ཁྱོ་ཤུག་རྣམས་ཀྱི་རྒྱ་བོད་ཀྱི་རྒྱལ་བློན་པཎ་གྲུབ་ལ་འདོད་ལྷ་སྣ་ཚོགས་ཀྱིས་བསྐོར་བའི་བྲིས་ཐང་གྲ་ཚར་བཞེངས་པའི་གཙོ་བོ་སྨིག་རྒྱུ་ཆུར་སྒྲོ་བཏགས་ཀྱིས་ངེད་རང་གི་འདྲ་འབག་བྲིས་པའི་རི་མོ་པ་དབུ་མཛད་ལྷུན་པོ། བསོད་ནམས་རྒྱལ་པོ། དགེ་བསྙེན་རྒྱལ་པོ། མང་བསྐུར་རྒྱལ་པོ། སྙེ་མོ་ཀརྨ། དན་འབག་རིན་ཅེན་རྡོ་རྗེ། རྟ་མགྲིན། དགོས་བསམ། ཨ་ལྐུག །ལྷ་བྱིན་བདུད་བཙན། འཕྲིན་ལས། ལམ་རྙེད། གོང་ཤམ་པ་དབུ་མཛད་ཨྱོན། ནོར་བུ་ཡར་འགྲོ། གྲོ་ལྷུག་རྣམས་ཀྱི་མིང་ཐོ་ས་བོན་དང་བཅས་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་ཛ་ཡནྟུ། སིནྡྷཱུ་ཝཱ་རའི་རྡུལ་བརྩེགས་དྷཱིཿཡིག་ཁམས། །ཞུན་མའི་དངས་ཆ་འཇོ་སྒེག་མཚན་དཔེའི་གཟུགས། །ཟུར་ཕུད་ལྔ་པ་མི་ཡི་རོལ་གར་མཁན་། །ཤེས་བྱ་ཀུན་གཟིགས་བློ་བཟང་གྲགས་པ་ལ། །བླ་མ་ཡི་དམ་ཆོས་སྲུང་ཚོགས་རྣམས་ཀྱིས། །ལེགས་བསྐོར་ལྷ་ལམ་ངོས་སུ་དབང་གཞུ་ལྟར། །རབ་བཀྲ་སྨོན་འདུན་ལྷུན་གྲུབ་རྒྱ་མཚོ་ཡིས། །མི་ཕྱེད་དད་པའི་རྟེན་དུ་ཡོངས་བཞེངས་འབྲས། །དགེ་ཚོགས་གངྒཱའི་ཡབ་གཅིག་རྩེ་མོ་ནས། །ཆད་(༢༠༩ན)


GLG017_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འབབ་པའི་བདེ་སྐྱིད་ལྷུང་ལྷུང་སྒྲ། །སྙན་པོ་བྱང་ཆེན་བར་གྱི་རྣ་རྒྱན་ཅན། །སྐུ་བཞིའི་ཆུ་གཏེར་ཀློང་དུ་རོ་གཅིག་ཤོག །ཅེས་པ་འདིའང་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོས་གསར་བཞེངས་བྲིས་ཐང་གི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །ཚངས་པའི་ཡུལ་ས་མན་གྱི་འབྱོར་པ་ཀུན། །གཅིག་ཏུ་འཁྱིལ་བའི་རྦ་རླབས་སྲིད་པའི་རྩེར། །རབ་ཕྱུར་རིན་ཅེན་སྣ་ཚོགས་ཡོངས་འདུས་སྣོད། །ནོར་འཛིན་ལྟོ་བ་དོག་པོར་འགེང་བྱེད་འདི། །མཆོག་དམན་ཀུན་གྱི་བསོད་ནམས་བྱེ་བའི་གཏེར། །བགྲང་ཡས་སྒོ་འཕར་ཕྱེ་ནས་ལུས་ཅན་རྣམས། །འདི་དང་གཏན་མདུན་འགྲུབ་པར་འདུས་པའི་སྡེའི། །ཕུལ་བྱུང་ཐུགས་རྗེའི་བྱིན་རླབས་དེ་རྨད་བྱུང་། །ས་རྟ་སྤྱི་སོས་དཔལ་ལྡན་འབྲས་སྤུངས་ཀྱི་ཚོགས་ཁྲོ་གསར་དུ་བླུག་པའི་ཁ་བྱང་བསོད་ནམས་ཟླ་བའི་འཁྲི་ཤིང་འདི་ཉིད་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་སིདྡྷི་རསྟུ། ཕུན་ཚོགས་རོ་བརྒྱ་བདའ་བའི་བཅུད་བཟང་ངད། །ནམ་ཡང་ཟད་པའི་མཐའ་དང་བྲལ་འབབ་པས། །ས་གསུམ་ཕུང་པོ་ལྟོ་བར་དོག་མིན་པ། །ངོ་མཚར་བཀོད་པས་ཁྱད་འཕགས་ཡོལ་གོ་འདི། །གངས་ཅན་དང་པོའི་འབྲས་སྤུངས་ཆོས་ཀྱི་སྡེར། །ཐོས་དང་བསམ་པའི་ཕྱིར་འདུས་སྡོམ་བརྩོན་རྣམས། །ངོམས་མེད་ལོངས་སུ་སྤྱད་པས་ཡོན་སྦྱོར་ཚོགས། །ཆོས་དཀར་རྡུལ་བྲལ་སྟོན་ཟླ་ལྟར་གྱུར་ཅིག །ས་རྟ་སྤྱི་སོས་དཔལ་ལྡན་འབྲས་སྤུངས་ཀྱི་ཚོགས་ཁྲོ་གསར་དུ་བླུག་པའི་(༢༠༩བ)


GLG017_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བྱང་བསོད་ནམས་སྒོ་བརྒྱ་ཡོངས་འབྱེད་འདི་ཉིད་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམ་པས་བགྱིས་པ་སིདྡྷི་རསྟུ། །གསེར་སྦྱངས་རྩིབས་བརྒྱད་འཁོར་ལོའི་ལྟེ་བ་རུ། །སྐྱེ་བ་ལྔ་པའི་བཀྲ་ཤིས་གཡས་སུ་འཁྱིལ། །དྲུག་དཀར་གཡུ་ཡི་ཕྲ་ཚོམས་བཀོད་ལེགས་ཅན། །དཔྱོད་ལྡན་ཡོངས་ཀྱི་འདྲེན་བྱེད་གཟིགས་མོར་མཚར། །རྒྱ་ལྗངས་བཟོ་ཡི་རིག་བྱེད་འཕྲུལ་པོ་ཆེའི། །ས་ཟླ་སྣ་ཚོགས་གཟུགས་ངོས་རིན་པོ་ཆེ། །མཐའ་ཀླས་པིར་གྱིས་བྲིས་པའི་ཤེལ་ཚོན་བཞིན། ཁྱད་འཕགས་མཛེས་བྱེད་རྒྱན་དུ་ལེགས་སྤུད་འབྲས། །ཆོས་སྲིད་ཟུང་འཇུག་སྟོབས་ཀྱི་འཁོར་ལོ་ཡི། །དབང་ཕྱུག་དམ་པའི་དཔལ་ལ་མངའ་འབྱོར་ཞིང་། །བྱེད་པོར་རྟོགས་ཀུན་རྫུ་འཕྲུལ་རྐང་པར་བརྟེན། །སྐལ་བརྒྱར་འགྲོ་རྣམས་ཐར་པར་འདྲེན་གྱུར་ཅིག །ཅེས་ས་སྐྱོང་བློ་བཟང་སྦྱིན་པས་ཁུར་བཞེས། དོ་དམ་པ་དབུ་མ་བསོད་ནམས་དབང་རྒྱལ། གཏིང་སྐྱེས་ཚེ་དབང་ལྷུན་པོ། བལ་པོ་ཚེ་རིང་། ཤཱཀྱ་མུ་ནི། བྷ་གི་ཤིང་། ཀ་ཎ་ཛ་ཏི། དེའུ་ཛ་ཏི། གོས་བཟོ་དབུ་མཛད་མཚན་ལྡན་རྣམས་ཀྱིས་བྱས་ཏེ་ཤཱཀྱ་མུ་ནིའི་མགུལ་རྒྱན་གསར་བཞེངས། རྙིང་པའི་སོ་བྲན་གྱི་ཚེ་ཁ་བྱང་དུ་ཟ་ཧོར་གྱི་བནྡེས་སྦྱར་པའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་མཾ་ག་ལབྷ་བནྟུ། །ཨོཾ་ཨ་ཐཱ། རིས་མེད་འགྲོ་བའི་སྲོག་སོང་བདུད་རྩིའི་རྒྱུན། །བཅུད་ཀྱི་ཉིང་ཁུ་རྒྱུད་བཞིའི་ཟ་མ་ཏོག །ཡོངས་འཁྱིལ་དཀའ་གནད་འགྲེལ་ལ་ལེགས་བཤད་ཚོགས། །འཚོལ་དེ་གྲགས་(༢༡༠ན)


GLG017_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པ་དོན་ལྡན་ཟུར་མཁར་བ། །རྩ་བཤད་ཕྱི་མའི་སརྒ་དང་པོ་ཡན། །གངས་ཅན་གསོ་རིག་འཛིན་ཀུན་སྙིང་དབུས་སུ། །གཅེས་ནོར་ཆོས་སྦྱིན་མཛད་པ་མེད་པའི་བར། །ནམ་མཁའི་མཛོད་སྒོ་དབྱེ་བའི་དོ་ཟླ་བྲེལ། །རྡུལ་བྲལ་སྟོན་ཟླར་འགྲན་པའི་ལྷག་བསམ་ཅན། །ཡར་སྟོད་དར་མོ་བློ་བཟང་ཆོས་གྲགས་ཀྱིས། །བསྐུལ་པའི་ཞུས་ཆེན་རྣམ་གླིང་པཎྜི་ཏ། །གཙུག་ལག་བྱེ་བར་མིག་དཀྱུས་རིང་དེས་སོ། །སྐྱེ་བར་དུག་ལྔའི་མལ་དུ་འབྱར་བའི་འབྲས། །བཞི་བརྒྱ་རྩ་བཞིའི་བྲོ་ནད་གཉིད་པོ་ཆེར། །གཡུར་རྣམས་འབོད་པའི་གསོ་རིག་སྐྱ་རེངས་མས། །ཕན་བདེ་ཉི་མའི་སྣང་བ་རྟག་འདྲེན་ཤོག །ལྷ་དང་དྲང་སྲོང་ཕྱི་ནང་རིག་བྱེད་རྣམས། །རྒྱས་བཤད་སྙིང་པོར་དྲིལ་ཀུན་ཐོས་བསམ་གྱིས། །ཆོལ་ཁ་གསུམ་གྱི་ཡངས་པའི་ས་ཆེན་པོར། །ཡོངས་ཁྱབ་འགྲོ་བའི་གཉེན་དུ་འགྱུར་བར་ཤོག །ཅེས་ལུས་ཅན་ཀུན་ལ་རིགས་སུ་མ་ཆད་པའི་སྤྱི་ནོར་ཆེན་པོ་རྒྱུད་བཞིར་གྲགས་པའི་རྩ་རྒྱུད། བཤད་རྒྱུད་ཡོངས་རྫོགས་དང་། ཕྱི་མའི་རྒྱུད་ཀྱི་རྩ་མདོ་ཡན་གྱི་རྣམ་བཤད་ཟུར་མཁར་བ་ལེགས་བཤད་འཚོལ་གྱིས་མཛད་པའི་མེས་པོའི་ཞལ་ལུང་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བསྐོས་པའི་ཚེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སིདྡྷི་རསྟུ། ཨོཾ་སཱ་སྟི་པྲ་ཛ་བྷྱཿ འགྲོ་འདྲེན་སེམས་ཀྱི་རྩ་བ་རབ་བརྟན་པར། །རླབས་ཆེན་སྡོང་པོའི་ཡལ་འདབས་རྒྱས་པའི་རྩེར། །སྐུ་བཞིའི་རོ་བརྒྱ་(༢༡༠བ)


GLG017_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བདའ་བའི་འབྲས་བཟང་ཅན། །འདྲེན་མཆོག་ཡོངས་འདུའི་དབང་པོས་ཤིས་པ་སྩོལ། །རྣམ་གསུམ་འཁོར་ལོའི་གཟུགས་བརྙན་མགོན་ཁྱོད་བསྟན། །དྲི་བྲལ་མེ་ལོང་ངོས་འཆར་དགེ་བའི་བཤེས། །འཇམ་ཞིང་ཆེས་དུལ་ལེགས་བཤད་དབྱངས་བདུན་རྩལ། །རབ་རྫོགས་སྙན་པའི་གྲགས་པ་ཉེར་འབར་བ། །འདིར་སྣང་སྲིད་འཁྲུལ་རོལ་གར་བཀྲག་པོ་ཆེ། །ཕྱི་མའི་ཉིང་མཚམས་དམར་འོད་སྤྲིན་རུམ་ཕག །ཉལ་ཚེ་བསླབ་གསུམ་ཡོན་ཏན་བླ་ནས་བླར། །འཕེལ་ཕྱིར་ཉེ་བར་གནས་པས་མང་བསྒྲུབས་ལས། །ས་ཟླ་མཁའ་མཚོའི་གྲངས་སུ་རབ་ལོངས་ཞོ། །ཉེར་ལྔས་ལྷག་པའི་དངུལ་དཀར་ཉིས་བརྒྱའི་སྲང་། །མེས་བསྒྱུར་འབྱུང་བའི་ཉ་གར་ལེགས་སྦྲེལ་ཟངས། །མུཀྟ་ཀ་དང་དྲུག་དཀར་དྲུག་དམར་གཡུ། །བྱུ་རུ་སྦུར་ལེན་མན་ཤེལ་གྱིས་མཚོན་པ། །སྣ་ཚོགས་རིན་ཅེན་ཕྲ་ཚོམ་ཀུན་གསལ་ངོས། །དབང་པོའི་གཞུ་རིས་ལྟ་བུར་རྣམ་བཀྲ་བར། །ཡོངས་གྲུབ་བཀྲ་ཤིས་སྒོ་མང་མཆོད་རྟེན་ལ། །ཐུབ་དབང་མཆོག་ཟུང་གནས་བརྟན་བཅུ་དྲུག་དང་། །དྷརྨ་ཏ་ལ་ཧ་ཤང་རྒྱལ་ཆེན་བཞི། །སངས་རྒྱས་ཀུན་འདུས་རྗེ་བཙུན་བཙོང་ཁ་པ། །འཇམ་དབྱངས་གྲགས་པའི་སྣང་བརྙན་ལེགས་འཕུལ་བར། །ཡུངས་འབྲུ་ལྟ་བུའི་རྣམ་འདྲེན་རིང་བསྲེལ་གསུམ། །སྲོང་བཙན་ཕུལ་བྱུང་བློ་བཟང་གྲགས་པའི་ཞབས། །འཇམ་དཔལ་རྒྱ་མཚོ་དབྱངས་ཅན་བཞད་པའི་སྡེ། །མཐའ་ཡས་བསོད་ནམས་མཆོག་གི་རྒྱ་མཚོའི་དཔལ། །བསྟན་པའི་མངའ་བདག་བློ་བཟང་ཆོས་རྒྱལ་མཚན། །དམ་ཆོས་རྣམ་རྒྱལ་རྟ་ཚག་སྤྲུལ་སྐུ་དང་། །རྗེ་དྲུང་སྐུ་(༢༡༡ན)


GLG017_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་དགེ་བདུན་དབང་ཕྱུག་སོགས། །དུ་མའི་སྐུ་བལ་སྐུ་གདུང་ཆེས་མང་བ། ཁྱད་པར་ཡོངས་འཛིན་ཉིད་ཀྱི་སྣམ་སྦྱར་ཚེམས། །ཕྱག་འཕྲེང་མགུལ་དུ་བཅངས་པའི་སྲུང་བར་བཅས། །རྒྱ་བོད་མཁས་དང་གྲུབ་པའི་ཚོགས་རྣམས་ཀྱི། །དམ་རྫས་མཐའ་ཀླས་གཅིག་ཏུ་ལེགས་བསྡེབས་པ། །འཕགས་པ་གསུམ་དང་པཎ་གྲུབ་འཇིག་རྟེན་མིག །རིས་སུ་མ་ཆད་ཐུབ་པའི་རིང་ལུགས་ལ། །བཟང་པོའི་ཕྱག་གི་རི་མོ་བཀྲ་མང་དང་། །མྱོང་བས་རྣམ་གྲོལ་བདུད་རྩི་ཆོས་ཀྱི་སྨན། །སྐྱེ་འདུན་བྲམ་ཟེའི་ཤ་རིལ་བསྒྲུབས་ཤིང་འཕེལ། །དགྱེས་མཛད་རྡོ་རྗེའི་རྒྱུད་ཀྱི་དགོངས་དོན་བཞིན། །བདུད་རྩི་རིལ་བུ་རྟེན་འདམ་དཔེ་བྲལ་མ། །ས་སྐྱའི་འཇམ་མགོན་ལས་བརྒྱུད་བྱིན་རྟེན་རྒྱུན། །དགེ་ཞལ་དྭགས་ཤངས་ཞི་བྱེད་ལ་སོགས་པའི། །རྟེན་འདམ་བསྡུས་པའི་རིལ་བུ་བགྲངས་སུ་ཡས། །རྭ་སྒྲེང་ཤུག་པའི་རྒྱུར་གྲུབ་སྲོག་ཤིང་ངོས། །བྲི་བྱའི་གཟུངས་སྔགས་མཐོང་བའི་བརྒྱུད་ལྟར་བྲིས། །བླ་མའི་མཚན་སྔགས་གསང་འདུས་གཤེད་སྐོར་རིགས། །བདེ་དགྱེས་དུས་འཁོར་གྱིས་མཚོན་བླ་ན་མེད། །ཡོ་ག་བྱ་སྤྱོད་ཁྱད་པར་གཟུངས་ཆེན་ལྔ། །མདོ་ལས་བྱུང་བའི་གཟུངས་སྔགས་ཇི་སྙེད་པ། །ཆོས་སྐུའི་རིང་བསྲེལ་ཚོགས་ཀྱིས་ཕྱུར་བུར་གཏམས། །ཐུབ་དབང་རྗེ་བཙུན་བློ་བཟང་གྲགས་པའི་དཔལ། །ཚེ་དཔག་མེད་དང་རྡོ་རྗེ་འཇིགས་བྱེད་སོགས། །བླ་མ་རྒྱལ་བ་སྲས་བཅས་སྐུའི་སྣང་བརྙན། །འཁོར་ལོ་བར་པའི་ཡང་སྙིང་བརྒྱད་སྟོང་པ། །མདོ་སྔགས་གཉིས་ཀྱི་ལས་རིམ་པད་སྤུངས་བཙོས། །སྐུ་གསུང་ཐུགས་རྟེན་རིགས་མང་ཇི་སྙེད་བསྐྲུན། །(༢༡༡བ)


GLG017_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ཁྲིར་ཆོས་སྐྱོང་སྲུང་མ་ནོར་ལྷའི་སྔགས། །གནོད་སྦྱིན་ཕོ་དགུ་མོ་དགུ་འཁོར་ལོ་སྦྱར། །ཏོག་ནས་རྨང་བར་སོ་སོའི་གནས་རྣམས་སུ། །གཞུག་བྱ་གོ་རིམ་འཁྲུལ་བ་དང་བྲལ་བར། །ཚས་དང་དྲི་བཟང་རིན་ཅེན་འབྲུ་སྣ་ཇ། །གང་ལ་འོས་པའི་བདོག་པ་ཕྱུར་བུར་སྤུངས། །ལག་ཏུ་ཉེར་བསྟར་རི་ཁྲོད་དགའ་ལྡན་པའི། །སློབ་དཔོན་བློ་བཟང་རྣམ་པར་རྒྱལ་བ་དང་། །གཉུག་མར་གནས་པ་འདུས་པའི་ཚོགས་རྣམས་ཀྱིས། །བཅུ་གསུམ་ལྷ་ཡི་འཁོར་ལོ་ལ་བརྟེན་ནས། །དུས་ཀྱི་ཕོ་ཉར་ཡོངས་གྲགས་ས་ཕོ་རྟ། །ནག་ཟླའི་རྒྱལ་དང་གང་བ་གསུམ་པའི་ཉིན། །དམ་ཚིག་སེམས་དཔར་ཡེ་ཤེས་དངོས་བཅུག་སྟེ། །རབ་ཏུ་གནས་པའི་མེ་ཏོག་ཆར་དུ་བསྙིལ། །ཚུལ་འདིའི་ཆེད་དུ་སྒོ་གསུམ་ངལ་བའི་ཁུར། །དད་དང་བརྩོན་པས་ཕྲག་པར་ཉེར་ལེན་པ། །བླ་མའི་མཆེད་པོ་བློ་བཟང་མཁས་མཆོག་ཅེས། །བཅུ་ཕྲག་དཀའ་གནས་འཛིན་པ་གང་དེས་སོ། །ལྷག་བསམ་གངྒཱའི་ཡབ་གཅིག་ལས་བབས་པའི། །མ་ཟད་དགེ་བ་སྐལ་ལྡན་ཤིང་རྟའི་ཀླུང་། །འགྲོ་རྣམས་བྱང་ཆེན་རྒྱུ་ཚོགས་ཆུ་གཏེར་དང་། །དབྱེར་མེད་གྱུར་ཏེ་འཛད་བྲལ་འཕེལ་བར་ཤོག །ཡོན་སྦྱོར་བཟོ་བོ་ཚིག་གི་མཐའ་བརྟེན་པའི། །ཕན་པར་སྒྲུབ་བཅས་འདི་སྣང་བདེ་སྐྱིད་རྒྱས། །ཡང་སྲིད་ཀུན་ཏུ་མཐོ་རིས་ལམ་རྒྱུད་ནས། །རྣམ་མཁྱེན་མཆོག་གི་གྲོང་དུ་འཇུག་པར་ཤོག །ཅེས་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡབ་ཡུམ་གསུམ་གྱིས་རིགས་གསུམ་མགོན་པོ་བསྒྲུབས་ནས་ཡི་དམ་ལྷའི་ལུང་བསྟན་ལྟར་བོད་སྲིན་མོ་གན་རྒྱལ་དུ་བསྒྱེལ་བ་འདྲ་བའི་(༢༡༢ན)


GLG017_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སའི་མེ་བཙའ་རྣམས་བཏབ་སྟེ་ཕན་བདེའི་འབྱུང་གནས་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེང་བར་མཛད་པའི་གནས་ཀྱི་ཐོག་མ་ཕ་བོང་ཁ་བྱང་ཆུབ་ཤིང་གི་གདན་ས་པ་ཆོས་རྗེ་འཇམ་དབྱངས་གྲགས་པའི་ཕྱི་རྟེན་དུ་དཀའ་བཅུ་པ་བློ་བཟང་མཁས་མཆོག་གིས་ཁུར་བླངས་ནས་བཀྲ་ཤིས་སྒོ་མངས་ཀྱི་མཆོད་རྟེན་རྒྱུག་མཐོ་བརྒྱད་པ་བཞེངས་པའི་ཚེ་དཀར་ཆག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་འགྱིས་པ་སིདྡྷི་རསྟུ། (སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་ཟླུམ་པོ།) དྭཻགཎཔྲགཉྫཀཱུཊཏཱཔྡ་ཀཱ་ཎྜཀཱནནཱལམུདྲཙཱབྷིམུཀྟཀཱཏིརབྷྲམཻཪྻམཱ་ནྻ་པཻཙྩཏུརྣསམྱགོམུཁཏྭ། ཚོགས་གཉིས་ཕུང་པོ་ཡོངས་སྤུངས་དྲོད་ཀྱིས་ཆོས་སྨིན་གསེར་གྱི་སྒོང་སྦུབས་རྒྱ། །མངོན་པར་གྲོལ་ལས་འཁོར་འདས་སྤྱི་མེས་ཚད་མེད་བཞི་ལྡན་ཞལ་སྒོ་ནས། (༢༡༢བ)


GLG017_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱབཤནྟཤུབྷྱགརྦྷཡུརྒཏཀྱདྷརྨདྷཱནཀཱམམོཙསེནཡཛྱཙཽཌིཡཱནཧཱིརུཔདྷྱཤཱཏནནྡཡཱཤིཡཙྪ། སྲིད་ཞིའི་དགེ་ལེགས་སྙིང་པོར་ཕྱུར་བ་ཆོས་ནོར་འདོད་དང་ཐར་པའི་སྡེ། །མཆོན་སྦྱིན་ཨཽ་ཌི་ཡཱ་ནའི་མཁན་པོ་དགའ་བ་བརྒྱ་པས་ཤིས་པ་སྩོལ། །སཱ་སྟི་ཀ་ཡི་སྒྲར་དྲངས་རབ་སྙན་གླུ། །མིག་མི་འཛུམ་རྣམས་མགྲིན་མཚོར་རྟག་ལེན་དང་། །ལྷན་ཅིག་མཁའ་ལ་གོམ་བཀོད་མནྡ་རའི། །ཆར་འབེབས་ཕུན་སུམ་ཚོགས་པའི་རྔ་ཆེན་རྡུངས། །ཆུ་སྐྱེས་འདབ་མའི་རེག་བྱསབསྐྲུན་མིན་པ། །འཇམ་མཉེན་ཡིད་ཀྱི་བརྟན་འཕྲོག་མཚན་དཔེའི་སྐུ། །འདོད་ལྷའི་སྙིང་ལ་རྩུབ་པའི་ཚེར་རྣོན་ཅན། །རྫོགས་སངས་རྒྱས་ཞབས་རྡུལ་དམར་འགྲོ་གཙུག་བསྟེན། །ཐོག་མཐའ་བར་དགེའི་ཚངས་དབྱངས་ཛམ་བུའི་འབྲས། །འགྲོ་རྒྱུད་དབང་པོ་དང་འཚམ་མཚོར་ལྷུངས་མོད། །(༢༡༣ན)


GLG017_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་གསེར་གྱི་སྙེ་མ་འཛད་མེད་མཛོད། །རྣམ་བྱང་བར་དུ་སྤྱད་བྱ་དམ་པའི་ཆོས། །དེ་དོན་ཉམས་བསྟར་བློ་གྲོས་གོམ་པ་ཡིས། །མཐོན་པོར་བཏེག་ནས་ས་ལམ་བཤུལ་རིང་པོར། །རིང་བགྲོད་གཞན་དག་དེར་ཁྲིད་དགེ་འདུན་ཞེས། །མཆོག་གསུམ་གཏན་གྱི་སྐྱབས་སོང་ཕྱག་བྱའི་གནས། །ཀུན་ཁྱབ་ཀུན་ཏུ་བཟང་པོའི་མཁའ་དབྱིངས་ནས། །རྡོར་སེམས་ཆུ་ལྷའི་བུ་ཡི་འོད་སྣང་གིས། །སྒྲིབ་གཉིས་དུག་གཞིལ་རིག་འཛིན་རྣམས་ཀྱི་ཐུགས། །དངས་མཚོར་ཐེག་མཆོག་གཟའ་སྐར་རི་མོ་བཀྲ། ཁྱད་པར་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་། །བི་མཱ་མི་ཏྲའི་ཞལ་ལུང་ཕབ་རྩི་ཡི། །ལངས་པའི་བཀའ་གཏེར་ཆང་མྱོས་རིག་པ་འཛིན། །ཟབ་དོན་རྒྱང་གླུ་ལེན་པས་ལྗོངས་འདི་ཁེངས། །རྨ་གཉགས་སོ་ཟུར་གནུབས་སོགས་ཧེ་རུ་ཀཿ གོས་དཀར་ལྕང་ལོའི་ཟོལ་གྱི་མི་གཟུགས་ཅན། །སྐལ་བཟང་གདུལ་བྱ་མངོན་སུམ་སངས་རྒྱས་པར། ཁྲིད་འདིས་རྣམ་འདྲེན་ལྷག་པོ་གཞན་ན་མེད། །མ་དང་མཁའ་འགྲོའི་ཞལ་ལུང་མངར་པོའི་གཏེར། །སྒོ་འབྱེད་གོང་འོག་གླིང་པ་བཅུ་གཅིག་སོགས། །བརྒྱ་ཕྲག་བོད་འབངས་བདེ་སྐྱིད་སྲོག་ཟུངས་སུ། །ཉེར་སོང་ནོར་བུའི་འཕྲེང་བ་འཛད་མེད་རིང་། །བྱེ་བྲག་ལོ་ཆེན་བཻ་རོ་ཙ་ན་ཡི། །ཡང་སྲིད་རཀྵ་རྡོ་རྗེ་ཀུན་སྐྱོང་མཚན། །འཛིན་སོགས་སྐྱེས་རབས་མང་བརྒྱུད་ཆོས་ཀྱི་རྒྱལ། །གཏེར་བདག་གླིང་པར་གྲགས་འབར་དབྱངས་དེ་སྙན། །གང་དེའི་ཟབ་གཏེར་ལུང་བཞིན་ཨྱོན་རྗེའི། །སྨིན་གྲོལ་རྒྱུད་བཤད་འཛིན་པ་རིག་སྔགས་འཆང་། །འདུ་བའི་(༢༡༣བ)


GLG017_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གནྡྷོ་ལ་ཡི་བཀོད་པའི་དཔྱིད། །འཛམ་གླིང་མཛེས་བྱེད་རྒྱན་གྱི་རྩེ་མོར་སོན། །ཞེས་ཤིས་བརྗོད་ཕྱག་བྱ་དངོས་པོ་ངེས་བསྟན་གྱི་སྒོ་ནས་ཚིགས་སུ་བཅད་པས་སྔུན་བསུས་ཏེ་སྐབས་དོན་གླེང་པར་བྱ་བ་ནི། །ཇི་སྐད་དུ། །འགྲོ་བའི་བླ་མ་འཇིག་རྟེན་ལ། །བུ་གཅིག་བཞིན་དུ་གཟིགས་པ་ལགས། །ཇི་ལྟར་ཆུ་འཛིན་འཁྲིགས་པ་ཡང་། །རིང་ནས་ལོ་ཏོག་འཕེལ་བ་ལྟར། །དམ་པའི་ཐུགས་རྗེས་མི་འདོར་བས། །བདག་ཅག་མགོན་དང་བཅས་པ་ལགས། །ཞེས་འགྲོ་བ་མཐའ་དག་གི་མ་འདྲིས་པའི་སྐྱབས་དང་མགོན་དང་དཔུང་གཉེན་རྣམ་འདྲེན་ཡང་དག་པར་རྫོགས་པའི་སངས་རྒྱས་སྲས་དང་སློབ་མར་བཅས་པ་རྣམས་ཀུན་ལ་གཟིགས་པ་ལྷུར་མཛད་པ་སྤྲིན་གྱི་ཕུང་པོ་ལས་བབས་པའི་ཆར་གྱི་ལོ་ཏོག་འཕེལ་བ་དང་དཔེར་གསུངས་པ་བཞིན། སྐྱེ་རྒུ་མཐའ་དག་གི་ཕན་པ་དང་བདེ་བ་མ་ལུས་པ་བསྟན་པ་རིན་པོ་ཆེ་བསོད་ནམས་ཀྱི་ཞིང་དུ་བྱས་པ་ལ་བརྟེན་ནས་འབྱུང་བས་ན། མདོ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམས་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོ་ཐོབ། །ཅེས་སྲིད་པ་དང་ཞི་བའི་ཡོན་ཏན་ཐམས་ཅད་ལེགས་བྱས་ཀྱི་མཐུ་ཁོ་ན་ལས་འབྱུང་ཞིང་། དེ་འཕེལ་བའང་རྒྱལ་བའི་བསྟན་པ་ལ་རག་ལུས་པའི་ཕྱིར་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་སྒྲོན་མེའི་བསྐལ་བ་དང་། མ་བྱུང་བའི་ཚེ་མུན་པའི་བསྐལ་པར་བཤད་ཅིང་། སྒྲོན་བསྐལ་གྱི་ནང་ནས་(༢༡༤ན)


GLG017_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་ངམ་སྟོང་དང་ལྔ་སོགས་བཤད་ཚུལ་མི་འདྲ་བ་འགའ་ཞིག་བྱུང་ཡང་། བཞི་པ་འོ་སྐོལ་གྱི་སྟོན་པ་ཀུན་མཁྱེན་བུ་རམ་ཤིང་པ་ཡིན་པར་མཐུན་ཞིང་། དེའི་མདོ་སྔགས་ཀྱི་བསྟན་པའི་དབྱེ་བ་མཁས་གྲུབ་རྣམས་ཀྱི་བཞེད་སྲོལ་མང་ཡང་སྐབས་འདིར་གླེང་བར་འོས་པ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། མདོ་སྡེ་ཐམས་ཅད་ཀྱི་ཟ་མ་ཏོག །ཐེག་པ་ཀུན་གྱི་རྩེ་རྒྱལ། གསང་ཆེན་རྙིང་མར་གྲགས་པའི་ལུགས་ལ་མཁའ་འགྲོའི་གཙོ་མོ་ཡེ་ཤེས་འཚོ་རྒྱལ་གྱིས། ཕྱི་རྒྱུད་དག་པ་སྤྲུལ་སྐུས་བསྟན་པ་འཛིན། ནང་རྒྱུད་དག་པ་ལོངས་སྐུས་བསྟན་པ་འཛིན། །གསང་རྒྱུད་དག་པ་ཆོས་སྐུས་བསྟན་པ་འཛིན། །ཅེས་པ་ལྟར། སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པས་གསུངས་པའི་ཐེག་པ་གསུམ་ནི། ཉན་ཐོས། རང་རྒྱལ། བྱང་སེམས་ཀྱི་ཐེག་པ། ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་སེམས་དཔའ་གསུངས་པ་ལ། ཀྲྀ་ཡ། ཨུ་པ། ཡོ་ག་གསུམ་སྟེ་གསང་སྔགས་ཕྱིའི་ཐེག་པ། ཆོས་སྐུ་ཀུན་ཏུ་བཟང་པོས་གསུངས་པ་ལ། བསྐྱེས་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་གསང་སྔགས་ནང་གི་ཐེག་པ་བླ་ན་མེད་པ་དང་བཅས་པས་ཐེག་པ་རིམ་པ་དགུར་འཆད་ཅིང་། ཡང་ཕྱིའི་རྒྱུད་སྡེ་དང་། ནང་གི་རྒྱུད་སྡེ་གཉིས་ལས། ཕྱི་རྒྱུད་ཀྲྀ་ཡའམ་བྱ་རྒྱུད་རྣམས་སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། ཨུ་པའམ་སྤྱོད་རྒྱུད་དང་ཡོ་ག་སྟེ་རྣལ་འབྱོར་གྱི་རྒྱུད་རྣམས་ནི་རྣམ་པར་སྣང་མཛད་ཀྱིས་གསུངས། ནང་བླ་མེད་ཀྱི་རྒྱུད་རྣམས་ནི་རྡོ་རྗེ་འཆང་ཆེན་(༢༡༤བ)


GLG017_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཆོས་འབྱུང་ཡངས་པའི་ཞིང་ཁམས་སུ་གསུངས་པར་བཤད། དེས་ན་སངས་རྒྱས་ཀྱི་ཞིང་ཁམས་དང་འཇིག་རྟེན་གྱི་ཁམས་ཀྱང་བསམ་གྱིས་མི་ཁྱབ། འཁོར་བའི་སེམས་ཅན་དང་ཉོན་མོངས་པ་ཡང་བསམ་གྱིས་མི་ཁྱབ། དེ་དག་ཐམས་ཅད་འདུལ་བའི་གཉེན་པོར་བྱོན་པའི་སྤྲུལ་པའི་སྐུ་ཡང་བསམ་གྱིས་མི་ཁྱབ། གྲངས་མེད་བརྗོད་དུ་མེད་པ་སྤྲུལ་ཞིང་། ཆོས་རྫོགས་པ་ཆེན་པོའི་ཀློང་དགུ། བམ་པོ་ཉི་ཁྲི་ཆིག་སྟོང་། ལེའུ་འབུམ་ཕྲག་ལྔ་ལ་སོགས་པའི་སྒོ་མཐའ་ཡས་པ་དག་དང་། རྫོགས་པ་ཆེན་པོའི་དགོངས་འདུས་རྩ་བའི་རྒྱུད་དྲུག་ལ་སོགས་པ་བྱ་རྩོལ་ལས་འདས་པའི་ཆོས་ཐེག་པའི་རྩེ་མོའི་ཡང་རྩེ་མུ་མེད་པ་དག །སྟོན་པས་ཞལ་ནས་མ་གསུངས་པར། །འཁོར་གྱི་རྟོག་དཔྱོད་བློ་ལ་སྣང་། །ཞེས་གཙོ་འཁོར་ཐ་དད་པ་མ་ཡིན་པ་དེའི་ཕྱིར། ཟླ་བའི་དཀྱིལ་འཁོར་ཆུ་ནང་དུ་གསལ་བའམ། མེ་ལོང་ལ་བཞིན་རས་ཤར་བ་ལྟ་བུའི་དགོངས་པ་ལ་དུས་འདའ་བ་ཉིད་དོ། །དེ་ཡང་ནུབ་ཕྱོགས་ཨྱོན་དང་། རྒྱ་གར་གྱི་ཡུལ་དབུས་ཤར། ལྷོ་ནུབ། ནཻ་པ་ལ་སོགས་སུ་རྡོ་རྗེ་ཐེག་པའི་ཆོས་རྒྱ་ཆེར་དར་ནའང་གསང་སྔགས་གསར་རྙིང་དུ་ཚིག་ལ་བཏགས་པ་མེད་ཀྱང་། དོན་གྱི་ཆ་ལ་མདོ་རྒྱུད་སེམས་གསུམ། བཀའ་བརྒྱད་སྤྱི་བྱེ་བྲག །ཐེག་པ་རིམ་པ་དགུར་དབྱེ་ཚུལ་སོགས་བརྗོད་བྱའི་སྒོ་ནས་ཐོབ་ཅིང་དེ་དག་ལས་ཕྱོགས་འདིར་དམ་པའི་ཆོས་དར་བའི་ཐོག་མར་མིའི་འགྲོ་བ་ཆགས་ཚུལ་ལ། མཁས་པའི་དབང་པོ་སྟག་ཚང་ལོ་ཙཱ་བ་སོགས་བོད་ཀྱང་རྒྱ་བལ་སོགས་ཡུལ་གྲུ་གཞན་དང་འདྲ་བར་ཐོག་མ་ནས་མིའི་(༢༡༥ན)


GLG017_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཆགས་པར་བཞེད་པ་རིག་པ་བཅུག་ན་འཐད་པར་མངོན་མོད། འོན་ཀྱང་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་བསྒྱུར་པ་འཇམ་དཔལ་རྩ་རྒྱུད་ལེའུ་སོ་དྲུག་པའི་བདག་ཉིད་ཅན་ལས། ང་ཡི་དུས་ནས་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་ཐོག་མར་མཚོས་གང་བ་རིམ་གྱིས་བྲི་ནས་ཤུག་པ་ལ་སོགས་པའི་ནགས་ཆགས་པས་སཱ་ལའི་ལྗོངས་སུ་གྲགས། ཡུལ་ཉི་ཤུ་རྩ་བཞིའི་ཡ་རྒྱལ་དུ་བྱེད་པ་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ལས། བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །ཞི་ཞིང་གསལ་བའི་གཟུགས་ཅན་མ། །ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །རང་བྱུང་གི་ནི་སྐྱེ་གནས་ཅན། །ཞེས་གསལ་བར་ཡང་བསྟན། སློབ་དཔོན་ཤེས་རབ་གོ་ཆས། སྐྱ་སེང་བུ་ལྔ་དང་། དགྲ་ངན་དཔུང་ཚོགས་ཡན་ལག་བཅུ་གཉིས་འཐབས་པའི་ཚེ། རྒྱལ་པོ་རཱུ་པ་ཏི་ཞེས་དམག་སྟོང་ཕྲག་གཅིག་དང་བཅས་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་རི་གངས་ཅན་གྱི་དབུས་སུ་བྲོས་པ་ལས་མཆེད་པར་བཤད་ཅིང་། ཡོངས་སུ་གྲགས་པ་སྤྱིར་འཛམ་བུ་གླིང་པའི་མི་རིགས་ལ་ཕྱི་བར་ནང་གསུམ་ལས། རྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས། དམངས་རིགས་ཏེ་ཕྱི་རིགས་བཞི། རྒྱ་གར་ལྷ། རྒྱ་ནག་ཀླུ། ཧོར་ལྷ་མ་ཡིན། བོད་སྤྲེའུ་སྟེ་བར་གྱི་རིགས་བཞི་ཞེས་བྱུང་བའི་ཐུགས་རྗེ་ཆེན་པོ་དང་སྒྲོལ་མས་བྱིན་གྱིས་བརླབས་པའི་སྤྲིའུ་དང་བྲག་སྲིན་མོ་འདུས་པ་ལས་འགྲོ་བ་རིགས་དྲུག་ནས་ཚེ་འཕོས་པའི་གདོང་དམར་ཤ་ཟན་གྱི་ཕྲུག་གུ་མདོག་(༢༡༥བ)


GLG017_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་བྱ་སྤྱོད་སོགས་མི་འདྲ་བ་དྲུག་བྱུང་ཞིང་། དེ་དག་ལས་མང་དུ་འཕེལ་བར་ཟས་དཀོན་པའི་ཚེ་སྤྲེའུ་བྱང་ཆུབ་སེམས་དཔས་རི་བོ་པོ་ཏ་ལར་འཕགས་པ་ལ་ཞུས་པའི་འབྲུ་སྣ་མང་པོ་སྩལ་བ་རྣམས་བཏབ་ནས་སྟོན་ཐོག་བྱུང་བའི་ཚེ། ཟོ་དང་བྱས་པས་ཟོ་དང་གོང་པོ་རིར་གྲགས། ཇོ་བོ་ཆེན་པོ་དཔལ་མར་མེ་མཛད་ཀྱིས་འཕྲུལ་སྣང་ཀ་གཞུ་ནས་སྤྱན་དྲངས་པའི་བཀའ་ཆེམས་ཀ་ཁོལ་མར། སྤྲེལ་ཕྲུག་སྤུན་བཞི་རྒྱལ་པོ་དེ་ཚན་པ་བཞིར་འཐབས་པ་དང་མེས་པོས་བར་མཚམས་བྱས་ཏེ་ཞིང་ལ་ཆ་བཞིར་བགོས། གཅིག་ལ་གཅིག་འཇིགས་ནས་ཚན་བཞིར་ཆད་པས་ས་དང་། རྨུ་དང་། ལྡོང་དང་། སྟོང་སྟེ་ནང་མིའུ་རིགས་བཞི་དང་བཅུ་གཉིས་པོ་རིགས་ཀྱི་ཕྱི་མོར་གྲགས། ལ་ལར་མིའུ་གདུང་དྲུག་ཟེར་བ་ངོས་འཛིན་མི་འདྲ་བ་འགའ་ཞིག་སྣང་བ་སྤྱན་སྔ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ཡིག་ཚང་དུ། དགའ་ལྡོང་འབྲུ་གསུམ་དགྲ་དང་བཞི། ནུ་བོ་དཔའ་མདའ་གཉིས་ཏེ་དྲུག་ཏུ་བཟུང་ཞིང་། སི་ཏུ་ཐམས་ཅད་མཁྱེན་པས་དེབ་དམར་དུ། མ་སངས་སྤུན་དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། བཅུ་གཉིས། སིལ་མ་བཞི་བཅུས་རིམ་གྱིས་དབང་བྱས་པར་བཤད་པ་ལྟར་རྒྱལ་ཕྲན་སིལ་མ་སྣ་ཆོགས་བྱུང་ཡང་སྤྱི་ལ་དབང་སྒྱུར་བ་ཞིག་མ་བྱུང་ན་སངས་རྒྱས་ཀྱི་བསྟན་པ་འཕེལ་བའང་ཆེས་དཀའ་བའི་ཕྱིར་རིགས་གསུམ་མགོན་པོ། སྒྲིབ་པ་རྣམ་སེལ། ཀུན་བཟང་སོགས་འཕགས་ཆེན་དམ་པའི་རྣམ་འཕྲུལ་གྱི་རྒྱལ་པོ་བྱོན་ཞིང་། གླེགས་བམ་རིན་པོ་ཆེའི་ལྷའི་རྒྱལ་པོའི་ལེའུར། ད་ཧྲིལ་ཏེ་དྲིལ་ན། སྔོན་(༢༡༦ན)


GLG017_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་དག་རིགས་གསུམ་མགོན་པོའི་སྤྲུལ་པར་གྲགས་ཏེ། རལ་པ་ཅན་ལ་སོགས་པ་གཅིག་གཉིས་འཇམ་དཔལ་རིགས། གཞན་ཕྱག་རྡོར་ཡིན་གྱི། ཕལ་ཆེར་ནི་མགོན་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྒྱལ་བའི་འབྱུང་གནས་ཉིད་ཡིན་ལ། མཁན་རྒྱུད་བྱང་ཆུབ་སེམས་དཔའ་དེ་རྣམས་ནི་ང་ཁོ་ན་ཉིད་ཡིན་གྱི་གཞན་དུ་མ་སེམས་ཤིག་གསུངས་ནས་སྤྱན་ཧུར་མཛད་ཅེས་པ་ལྟར། བོད་ཀྱི་ལྷ་བཙན་པོ་རིམ་བྱོན་རྣམས་འཕགས་པ་ཕྱག་ན་པདྨོའི་སྤྲུལ་པ་ཁོ་ནར་གསུངས་མོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པར་སྤྲུལ་པ་ནི་མཐའ་ཀླས་པས་གཅིག་ཏུ་གཏན་ཚིགས་ཀྱིས་བསྒྲུབ་པར་དཀའ། འོན་ཏེ་རྒྱལ་བའི་འཕྲིན་ལས་ཀྱི་སྒོ་འཕར་འཇུག་པའི་རྟེན་འབྲེལ་དུ་བོད་སྤྱི་ལ་དབང་བའི་རྒྱལ་པོའི་ཐོག་མར་རྒྱ་གར་གྱི་རྒྱལ་པོ་དམག་བརྒྱ་པའི་སྲས་མིག་མས་འགེབས་གཡུའི་སྨིན་མ་དང་དུང་སོ་འཁོར་མ་ལག་པའི་མཐིལ་དུ་འཁོར་ལོའི་རི་མོ་ཡོད་པའི་མི་ལས་འདས་པ་ཞིག་བཙས་པ། ལྷ་འདྲེའི་སྤྲུལ་པ་ལྟ་བུར་དོགས་ནས་སྤྱུགས་པ་ལྷ་རི་གྱང་ཐོའི་རྩེར་བྱོན་ནས་གཟིགས་པ་ན་ཡར་ཀླུངས་ཡུལ་གྱི་དགེ་མཚན་ཕུན་སུམ་ཚོགས་པ་དང་། ཤམ་པོའི་གངས་རི་དཔྱད་བཟང་བར་མཁྱེན་ཅིང་། ལྷ་རི་རོལ་པོའི་སྟེང་ནས་ལྷ་སྐས་བརྒྱུད་བཙན་ཐང་སྒོ་བཞིར་བྱོན་པས་ཕྱུགས་སྐྱོང་བ་སོགས་འགའ་ཞིག་གིས་མཐོང་སྟེ་དྲིས་པ་ན་གནམ་ལ་མཛུབ་མོ་ཀེར་བས་ལྷར་ངོས་བཟུང་ནས་གཉའ་བར་ཁྲི་བྱས་གདན་དྲངས་པས་གཉའ་ཁྲི་(༢༡༦བ)


GLG017_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་པོར་གྲགས། བོན་རྣམས་དམུ་ཐག་ལས་བརྒྱུད་ནས་འོངས་ཟེར། གང་ལྟར་བོད་སྤྱི་ལ་དབང་བའི་རྒྱལ་པོའི་ཐོག་མ་ཡིན། དེ་ནས་རྒྱལ་རབས་ཉེར་བདུན་འདས་པ་ན་ལྷ་ཐོ་ཐོ་རི་གཉན་བཙན་ཕོ་བྲང་ཡུམ་བུ་བླ་སྒང་ན་བཞུགས་པའི་ཚེ། དཔང་སྒོང་ཕྱག་རྒྱ་པ། གསེར་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ། ཚིནྡྷ་མ་ཎིའི་རྐོས་ཕོར་རྣམས་ཕོ་བྲང་གི་ཡང་ཐོག་ཏུ་བབས་པ་ན་དམ་པ་ཆོས་ཀྱི་དབུ་བརྙེས། གང་ཡིན་མི་ཤེས་ཀྱང་བཟང་པོར་གོ་སྟེ། གཉན་པོ་གསང་བར་བཏགས་ནས་མཆོད་པ་རྒྱ་ཆེར་མཛད་པས་རྒྱལ་པོ་སླར་ཡང་གཞོན་ཤ་ཅན་དུ་གྱུར་ནས་ལོ་བཞི་བཅུ་འཕར་བས་ཀུན་དྲིལ་ལོ་བརྒྱ་ཉི་ཤུ་ཐུབ། དེ་ཡང་། རྒྱལ་པོ་ཛའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབས་ཚེ་མདོ་ཟ་མ་ཏོག་རླུང་གིས་ཁྱེར་ནས་ཡུམ་བུ་བླ་སྒང་གི་རྩེར་བབས་པས་བོད་དུ་ཆོས་དར་བའི་རྟེན་འབྲེལ་འགྲིག་ཟེར། དེ་ནས་རྒྱལ་རབས་ལྔ་ན། འཇམ་དཔལ་རྩ་བའི་རྒྱུད་ཆེན་ལས། དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་གྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བཱི་རྣམས་རིགས་སུ་འབྱུང་། །དེ་ཡང་སྔགས་ཀྱི་དོན་སྒྲུབ་སྟེ། །ལོངས་སྤྱོད་ཚེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །མི་ཡི་བདག་པོས་དེ་ཡང་གྲུབ། །ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱེད། །ཅེས་དང་། འཇིག་རྟེན་སྒྲོན་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་(༢༡༧ན)


GLG017_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དང་ནི། དཀར་མོ་ཆེན་མོ་གཞན་ཕན་བརྩོན། །ཞེས་པའི་དོན་བཞིན་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས་ཆོས་བློན་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་བརྫངས་ཏེ་བོད་དུ་ཡི་གེ་མེད་པ་ལ་འབྲི་ཀློག་གི་སྲོལ་བཏོད་གླེགས་བམ་རིན་པོར་ཆེར། རྗེ་དཀོན་ཅོག་འབངས་ནི་བོད་དུ་འགྲོ །བོད་གློ་བུར་རྒྱལ་པོ་ཆོས་ལ་སྤྱོད། །བོད་མཐའ་འཁོབ་ཡུལ་རྣམས་འདུལ་བར་བྱེད། ང་རྒྱ་ནག་ཡུལ་ནས་དེར་དྲངས་ཏེ། །མི་ཁོ་ལ་ཉོན་མོངས་མི་མངའ་ཡང་། །ང་འཇིག་རྟེན་སྒྲོན་མ་ཟག་མེད་ལ། །མི་ཁོ་བོའི་བཙུན་མོ་བྱེད་དོ་སྐད། །རྒྱ་ནག་པོའི་མཆོད་གནས་བོད་དུ་འདྲེན། །བོད་ཡུལ་གྱི་དབུས་སུ་བྱེད་དོ་སྐད། །ཅེས་འོ་སྐོལ་གྱི་སྟོན་པ་དགུང་ལོ་བརྒྱད་པ་དང་བཅུ་གཉིས་པའི་སྐུ་ཚད་སངས་རྒྱས་དངོས་ཀྱི་ཞལ་བཀྱིན་གདན་འདྲེན་པའི་ཆེད་འཇིག་རྟེན་མཐུན་འཇུག་གི་ཚུལ་དུ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་མོ་བཟའ་ཁྲི་བཙུན་དང་། སྒྲོལ་མའི་རྣམ་སྤྲུལ་རྒྱ་མོ་བཟའ་ཨོང་ཇོ་ཞེས་མཚོ་ནང་གི་པདྨར་གྲགས་པ་གཉིས་ཁབ་ཏུ་བསུས། འཕྲུལ་སྣང་གི་གཙུགས་ལག་ཁང་བརྩིག་པར་མི་མ་ཡིན་གྱིས་འཚེ་བ་ལ་བརྟེན་སྐྱིད་གཤོད་ཉང་བྲན་ཕ་བོང་ཁ་ཕོ་བྲང་མ་རུར་གྲགས་པར་རྒྱལ་པོ་ཡབ་ཡུམ་གསུམ་སྐུ་མཚམས་མཛད་ནས་ཡི་དམ་གྱི་ལྷ་བསྒྲུབས་པས་འགྲུབ་སྟེ། ལུང་བསྟན་ལྟར་བོད་སྲིན་མོ་གན་རྐྱལ་ཏུ་བསྒྱེལ་བའི་མེ་ཙ་རྣམས་སུ་མཐའ་འདུལ་ཡང་འདུལ། རུ་གནོན་གྱི་གཙུག་ལག་ཁང་རྣམས་བརྩིགས་ཤིང་། ས་དགྲ་ངན་པ་རྣམས་བཅོས། འཕྲུལ་སྣང་ར་མོ་ཆེའི་རྟེན་བརྟེན་པར་བཅས་པ་རྣམས་བཞེངས། ཀ་(༢༡༧བ)


GLG017_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཁོལ་མར་ཆོས་རྒྱལ་འདིའི་རིང་ལ། རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤ་ཀ་ར་བལ་པོའི་དཔོན་སློབ་དཔོན་ཤཱི་ལ་མཉྫུ། རྒྱ་ནག་གི་སློབ་དཔོན་ཧྭ་ཤང་མ་ཧཱ་ཡ་ན་ལ་སོགས་པ་སྤྱན་དྲངས་ནས་སྡེ་སྣོད་གསུམ་དང་། རྒྱུད་ཀྱི་ཆ་ལག་མང་རབ་སྒྱུར་ཞིང་བསྟན་པའི་སྲོལ་བཏོད། དངོས་སུ་འཆད་ཉན་མ་བྱུང་ཡང་རྒྱལ་པོ་རང་གིས་སྐལ་ལྡན་མང་པོར་ལྐོག་ཆོས་སུ་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་གདམས་པ་ཕོག་སྟེ་ཉམས་སུ་བླངས་ཤིང་། སད་མི་མི་བདུན་རབ་ཏུ་མ་བྱུང་ཕན་ཉང་བྲན་ཕ་བོང་ཁར་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་སྤྱོད་པའི་རལ་པ་ཅན་བརྒྱ་ཕྲག་ཙམ་རྒྱུན་དུ་བྱུང་བར་བཤད། དུས་དེར་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པ་གཏེར་ཁ་གསུམ་དུ་བྱས་པ། གྲུབ་ཐོབ་དངོས་གྲུབ། མངའ་བདག་ཉང་། ཤཱཀ་འོད་གསུམ་གྱིས་གཏེར་ནས་གདན་དྲངས་པའི་དེང་སང་མ་ཎི་བཀའ་འབུམ་ཞེས་གྲགས་ཆེ་བ་འདི་ཡང་གསང་སྔགས་རྙིང་མའི་ཟབ་ཆོས་སུ་གཏོགས་པ་ཁོ་ན་ཡིན། དེ་ནས་རྒྱལ་རབས་ལྔ་ན་རྗེ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནི་མེས་སྲོང་བཙན་གྱིས། ད་སྟེ་གདུང་རབས་ལྔ་ན་ངའི་དབོན་སྲས་རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ཆོས་འབྱུང་བའི་ལུང་བསྟན་ཟངས་ཀྱི་བྱང་བུ་ལ་བྲིས་ནས་དེའི་ཕྱག་སྦལ་དུ་བཅུག་པའི་དོན་ཐོག་ཏུ་བབས་ཏེ་དམ་པའི་ཆོས་དར་བར་མཛད་པའི་ཐུགས་བསམ་བསྐྱེད་ནས་ཟ་ཧོར་གྱི་མཁན་པོ་ཤནྟ་རཀྵི་ཏ་སྤྱན་དྲངས། འགའ་ཞིག་ལ་ཡན་ལག་བརྒྱད་པའི་ཁྲིམས་ཕབས། དགེ་བ་བཅུ་དང་ཁམས་བཅོ་བརྒྱད་དང་མཐུན་པའི་ཆོས་གསུངས་པར་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་ཁྲོས་ཏེ་(༢༡༨ན)


GLG017_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ལྷས་དམར་པོ་རིར་ཐོག་ཕབ། །ཤམ་པོས་ཡར་ཀླུངས་ཕན་ཐང་ཆུ་ལ་བསྐུར། །བསྟན་མ་བཅུ་གཉིས་ཀྱིས་མི་ནད་ཕྱུགས་ནད་བཏང་བས་བོན་བློན་སོགས་མང་པོས་ཆོས་བྱས་པས་ལན་ཞེས་སྒྲོ་སྐུར་བྱས། མཁན་པོས་བཙད་པོ་ལ་ཁོ་བོས་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་སྦྱངས། བྱང་ཆུབ་ཀྱི་སེམས་དང་ལྡན་ཡང་ལྷ་སྲིན་རྣམས་མི་ཐུལ་བར་འདུག་པས་འཛམ་བུ་གླིང་ན་ཆེ་བའི་རིག་སྔགས་གྲུབ་པ་ཨྱོན་གྱི་སློབ་དཔོན་པདྨ་འབྱུང་གནས་བྱ་བ་གདན་དྲངས་ན་བཞེད་པ་འགྲུབ་པ་ལྐོག་ཏུ་ལུང་བསྟན་པ་མནལ་ལམ་དུ་བྱུང་བ་ལྟར་མཛད་ནས། ཕོ་ཉ་མངགས་པ་བཞིན་སློབ་དཔོན་ཆེན་པོས་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ནས་ཟུང་མཁར་མདར་བཙད་པོ་དང་མཇལ། བྲག་དམར་མགྲིན་བཟང་དུ་བཞུགས། སྐབས་ཤིག་དུས་ཀྱི་དགའ་སྟོན་ཆེན་པོ་ཞིག་ལ་རྗེའི་དབུ་སྐྲ་འཁྲུ་བར་བརྩམས་པའི་ཚེ་མཁན་ཆེན་ཞི་བ་འཚོས་རི་རབ་གྱི་བྱང་ངོས་ན་ཆུ་མིག་རྟག་ཏུ་སྣང་བ་བྱ་བ་ཡོད་པ་ནས་ཆུ་བླངས་ན་སྐུ་ཚེ་རིགས་བརྒྱུད་འཕེལ་ཞིང་མངའ་ཐང་ཆེ་བས། ལེན་པའི་རྔོ་སུས་ཐོགས་གསུངས་པར། བློན་པོ་རྣམས་ཀྱིས་སློབ་དཔོན་སྔགས་མཁན་གྱིས་ནུས་སམ་ཞེས་གསོལ་བ་ལྟར་ཞལ་གྱིས་བཞེས་ནས་དར་དཀར་གྱིས་ཁ་བཅད་པའི་གསེར་གྱི་བུམ་པ་མཁའ་ལ་བསྐྱུར་བས་ཇེ་མཐོར་སོང་ནས་མི་སྣང་བ་ལས། རེ་ཞིག་ན་ཉི་ལོགས་སུ་དཀྲོང་གི་བྱུང་བ་ཕོ་ཉ་བར་གནང་བ་མདོག་སྐྱ་ཉོག་གེ་བ་འདུག་པ་མོན་གྱི་སྨྱོ་ཆུར་དོགས་ཏེ་ཕོ་བས་དོན་མེད་ཆེན་པོ་བྱས་སྐད། སློབ་དཔོན་ཆེན་པོས་རྫུ་འཕྲུལ་གྱིས་བར་སྣང་(༢༡༨བ)


GLG017_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ནས་སྦྲང་ཁམ་པའི་རྔ་མ། གྲུ་གུའི་རྒྱལ་པོའི་མཛོད་ནས་ཡུམ་གྱིམ་ཤིང་ཨོང་ཇོའི་བསེའི་མེ་ལོང་བལྟས་པས་མངོན་ཤེས་འཆར་བ། ཝ་ར་ཎཱ་སིའི་མཆོད་རྟེན་ནས་སངས་རྒྱས་ཀྱིས་འཕེལ་གདུང་མང་པོ་སྐད་གཅིག་ལ་བླངས་ཏེ་རྒྱལ་པོ་ལ་གཏད་པ་སོགས་དཔག་དཀའི་མཛད་པ་བརྗོད་ཀྱིས་མི་ལང་། བསམ་ཡས་མཆོད་རྟེན་དཀར་པོ་ན་རིང་བསྲེལ་མང་དུ་བཞུགས་པ་ཡང་འདི་ཡིན་པར་མངོན། བློན་པོ་ཁྱུང་ཚེ་སྟག་ཙེའི་བློར་བྲག་དམར་མགྲིན་བཟང་མེར་བསྲེགས་ན་སྔགས་མཁན་འདི་གསོད་ཐུབ་སྙམ་པ་ཤར་བ། ལན་ཅིག་སློབ་དཔོན་གྱིས་ཁྱོད་འདི་ལྟར་བསམས་གསུངས་པར་ཁ་སྐྱེངས་ཏེ་སྔགས་མཁན་འདིས་ཅི་ཡང་ཤེས་པར་འདུག་ཟེར། ཆོས་ལ་ཤིན་ཏུ་བརྣག་པ་སྦས་གདོང་གཟིགས་བྱ་བ་བློན་ཆེན་དུ་གྱུར་ན་ཆོས་ལ་བར་དུ་གཅོད་པར་མཁྱེན་ནས་ཡུག་གཅིག་དགོངས་པ་ལ་བཞུགས་པ་ན་ཁོའི་ལུས་ནས་ཁྲག་ཟགས་ཏེ་གུམ་པ་སོགས་སློབ་དཔོན་གྱི་མཐུ་སྟོབས་ལ་བདུད་བློན་རྣམས་བག་དོག་པའི་ཚེ། ལན་ཅིག་བཙད་པོ་ལ་སློབ་དཔོན་ཆེན་པོས། ཁྱོད་ཀྱིས་ཡུལ་འདི་བཟང་པོར་བྱ་དགོས་པས་ངམ་ཤོད་ཀྱི་བྱེ་མ་ཚལ་དང་ནེའུ་སིང་དུ་བསྒྱུར། གྲ་དོལ་དང་སྟག་ལ་ཤར་ནུབ་དང་ཡུལ་པོ་ཆེ་ཚུན་གྱི་ཆབ་མེད་པ་རྣམས་སུ་འབྱུང་བ། འཚོ་ཐབས་སུ་གྲམ་པ་ཀུན་ཞིང་སར་བསྒྱུར། རྣམ་ཐོས་སྲས་ལ་ནོར་བླངས་ནས་འཛམ་བུ་གླིང་གི་དཀོར་ནོར་ཡོད་དོ་ཅོག་གི་འབྱུང་ཁུངས་བོད་དུ་ཡོད་པར་བྱ། གཙང་པོ་འདི་ལས་ཆེ་བ་ཞིག་ཁོ་བོས་རྒྱ་གར་དུ་སྦུབས་སུ་བཅུག་པས་འདི་ཡང་སྦུབས་སུ་འཇུག །(༢༡༩ན)


GLG017_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཧོར་སོགས་མཐའི་རྒྱལ་པོ་མཐའ་དག་དབང་དུ་འདུ་བ་སོགས་བྱེད་པའི་བཀའ་སྩལ་པས་ཉམས་སད་ཆེད་མཛད་པར་གསོལ་བ་ན། དཀྱིལ་འཁོར་བཞེངས་ནས་སྔ་དྲོ་ཞིག་དགོངས་པ་མཛད་པས་བྲག་དམར་གྱི་སྐམ་ས་ཞིག་ཏུ་ཆུ་ཆེན་པོར་བརྡོལ་བར་མིང་ཀླུ་རྫིང་དུ་བཏགས། ད་དུང་མཛད་དགོས་ཞུས་པས། བྲག་དམར་འཚོ་མོ་མགུལ་སྔར་བྱེ་མར་ཡོད་པ་ལ་ནེའུ་གསིང་དུ་སྔོ་ཕྱམས་ཀྱི་སོང་། དེའི་ཕྱི་དྲོ་བྲག་གླ་བའི་གདོང་དུ་ནགས་ཆེན་པོ་སྐད་ཅིག་ལ་བྱུང་བ་ལ་མིང་གླ་བའི་ཚལ་དུ་བཏགས། ཡང་དེའི་སང་སྔ་དྲོ་དགོངས་པ་མཛད་པ། སྔར་ཟུང་མཁར་ལ་ཕུ་ཆུ་མེད་པ་ལ་ཕུ་ཆུ་ཆེན་པོ་ནར་གྱིས་བྱུང་། ད་ཞིང་ས་གང་དུ་བྱ་གསུང་། སྟག་ལ་ཤར་གྱི་ཡུལ་རྐེད་དུ་ཆུ་བྱུང་ནས་མཛེ་ཕོ་ཞིག་གིས་བརྒལ་བས་མཛེ་ཕོ་རབ་ཏུ་གྲགས། དེའི་ཡུལ་གྱི་ཕུ་ཞིག་ཏུ་གཙང་ཆུ་སྦུབས་ལ་དྲངས་པའི་བྲག་འོག་ཅིག་ཏུ་ཐོན། སློབ་དཔོན་གྱི་དགོངས་པ་ལ་བློན་པོ་ངན་པས་བར་དུ་བཅད་པས་ཆུ་མ་བྱུང་ཡང་། ད་ལྟ་བྲག་འོག་གི་ཆུ་དེ་གཙང་པོའི་མདོག་གང་བྱུང་དེར་ཡོང་བ་ཞིག་ཡོད། དེ་ལ་བརྟེན་ནས་ཡུལ་གྱི་མིང་ལ་ཆུ་སྦུབས་གཞུང་དུ་གྲགས། ཡུལ་པོ་ཆེ་ནི་ལུང་པ་ཆུང་བས་ཆུ་འབད་མེད་དུ་བྱུང་། དེ་ལྟར་དགོངས་པ་གང་བསྟད་འབད་མེད་དུ་འགྲུབ་པར་ཤེས་ནས་བློན་པོ་རྣམས་ཀྱིས་མདུན་ས་ཆུང་བར་གྲོས་བྱས་ནས་ཞིང་དར་ན་ཡར་ཀླུངས་ཀྱིས་ཆོག །ཡུལ་འདི་བཟང་པོར་བཏང་ནས་རྒྱ་གར་དུ་གཏོད་འདོད་པ་ཡིན་ཏེ་འོང་ཞེས་སོགས་བསྙད་མང་དུ་བཏགས། དོན་དུ་སྡིག་བློན་རྣམས་སྤྱོད་པ་ངན་པའི་(༢༡༩བ)


GLG017_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གནོང་གིས་སློབ་དཔོན་ཆེན་པོའི་རྫུ་འཕྲུལ་དང་མངོན་ཤེས་མ་བཟོད་པས། ད་བྱ་བའི་འཕྲོས་རྣམས་བཤོལ་ལ་སྔགས་མཁན་འདི་རང་ཡུལ་དུ་བཏང་བ་འཐད་པར་བློན་པོ་དབང་ཆེ་བ་ཕལ་ཆེར་ཁ་མཐུན་ཏེ་བཙད་པོ་ལ་རྒྱུ་མཚན་ཞུས་པས་རྗེ་ཐུགས་མ་བདེ་བར་སློབ་དཔོན་ལ་ལྐོག་ཏུ་གསེར་ཕྱེ་བྲེ་གང་ཕུལ་ནས་ལོ་རྒྱུས་རྣམས་གསོལ་བས། བྱེ་མ་དང་རྡོ་ལ་ཕྱག་རེག་པ་རྣམས་གསེར་དུ་སོང་བ་བསྟན་ཏེ་ཁོ་བོ་ལ་གསེར་གྱི་དགོས་པ་མེད་ཆོས་དར་བའི་ཆེད་དུ་འོངས་པ་ཡིན་ཏེ། བཟང་སེམས་བྱུར་གྱི་སྣ་འདྲེན་ཡིན། །སྙིང་རྗེ་རྒས་པ་ཞེ་སྡང་རྒྱུ། །རྗེ་ཡི་ཁ་ལོ་བློན་གྱིས་བསྒྱུར། །བོད་ཀྱི་འདྲེ་བློན་གདུག་པ་ཆེ། །སེམས་ཅན་ལས་ངན་སྤྱོད་པ་ལ། །རྒྱལ་བ་རྣམས་ཀྱི་ནུས་པའང་བརྡུགས། །ཞེས་འབྱོན་པར་བཞེད་དེ། །མན་ངག་ལྟ་འཕྲེང་སོགས་ཟབ་ཆོས་མང་པོ་རྒྱལ་བློན་ལ་གསུངས། མ་འོངས་པ་མཁྱེན་ནས་བསྟན་པ་བསྲུང་བའི་དྲག་སྔགས་མང་པོ་སྐལ་ལྡན་རྣམས་ལ་གནང་ཞིང་། །ཆོས་སྨན་རྩིས་སོགས་གཏེར་གྱིས་ས་སྟེང་བཀང་། ལྷ་འདྲེ་དམ་བཞག་དང་སྦྱིན་སྲེག་ལན་གསུམ་འགྲུབ་ན་རྒྱལ་པོ་སྐུ་ཚེ་དང་ཆབ་སྲིད་འཕེལ་རྒྱུར་གསུམ་པ་མ་འགྲུབ་པ་བོད་སྤྱིའི་བསོད་ནམས་ལ་མ་དབང་སྐད། བློན་པོ་རྣམས་ཀྱི་འདོད་པ་ལྟར་ཟླ་བ་དྲུག་གམ་ཟླ་བ་བཅོ་བརྒྱད། ལོ་གསུམ་མམ་ལོ་དྲུག་གང་རུང་ལས་མ་བཞུགས་པས་བསམ་ཡས་ཀྱི་རབ་གནས་ཀྱང་མཛད་ལོང་མེད་པར་གུང་ཐང་ལ་ཐོག་ནས་གཤེགས་པའི་དུས་ཞབས་སྐྱེལ་བར་ལྷ་འདྲེ་སྐྱར་འདུལ་གསུམ་པ་མ་འགྲུབ་པ་ཐུགས་ལ་གཅགས་ཤིང་ཆོས་(༢༢༠ན)


GLG017_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཞིག་ཀྱང་བྱོན་ནས་འོངས་ཏེ། དེར་འཁྲུལ་པ་ཆེན་པོ་ཞིག་ཀྱང་འོང་། ཆོས་ལ་རྐེད་ཉག་བག་རེ་འོང་། ཀླུ་དེ་ཡང་རྒྱལ་པོ་ལ་ཕུགས་ཞེ་བརྣག་པར་འདུག །རྒྱལ་བརྒྱུད་ཀྱང་སིལ་བུར་འགྲོ་གསུང་བ་སོགས་ཀྱི་ལོ་རྒྱུས་བྱུང་བ་ལས་ཡུན་རིང་མ་བཞུགས་པའི་སྐོར་མྱང་འདས་རྒྱ་གར་འགྱུར་ལས། རེས་འགའ་ནི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་གྲོངས་སོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། དེ་གཞིན་གཤེགས་པ་ནི་དུས་ཐམས་ཅད་དུ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པ་ནི་སངས་རྒྱས་རྣམས་ཀྱིས་ཆོས་ཉིད་དོ། །འཛམ་བུ་གླིང་ལ་ལར་ནི་སྐྱེ་བར་སྟོན་པ་སྟེ། སེམས་ཅན་རྣམས་ཀྱིས་སྐྱེས་སོ་སྙམ་དུ་ཡང་དག་པར་ཤེས་སོ། །ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་བྱ་བ་བྱས་ཟིན་མོད་ཀྱི་དེར་ཡང་གོ་འཕང་ཐམས་ཅད་ཀྱི་དོན་ཐོབ་པའི་མཐར་ཐུག་པར་བསྟན་ཏེ་འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ། །འཛམ་བུའི་གླིང་ལ་ལར་ནི་ངས་ཚུལ་ཁྲིམས་འཆལ་བ་ཕམ་པ་བྱུང་བ་ལྟ་བུར་བསྟན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་ཕམ་པ་བྱུང་བའོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི་ང་ནི་སྔོན་ཆད་གཡེལ་བར་གྱུར་པ་མེད་དོ། འཛམ་བུ་གླིང་ལ་ལར་ནི་ངས་བདག་ཉིད་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་དང་། དགྲ་བཅོམ་པ་གསོད་པ་དང་། ཕ་མ་གསོད་པ་དང་། བདག་ཉིད་དགེ་འདུན་གྱི་དབྱེན་བྱེད་པར་བསྟན་ཏེ་སེམས་ཅན་རྣམས་ཀྱིས་ཀྱེ་མ་སེམས་ཅན་འདི་མཚམས་མེད་པ་ལྔའི་ལས་བྱེད་པ་(༢༢༠བ)


GLG017_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། ང་ཡང་དེ་ལྟ་བུའི་ལས་བྱེད་པ་མ་ཡིན་ལ། ལྷ་དང་བཅས་པའི་འཇིག་རྟེན་ན་ཡང་སུས་ཀྱང་དགེ་འདུན་འབྱེད་མི་ནུས་སོ། །ཞེས་པ་ལྟར། དེ་བཞིན་གཤེགས་པ་ལ་ཡང་མཐོང་ཚུལ་སྣ་ཚོགས་ཤིང་། མཛངས་བླུན་དུ་མཉན་ཡོད་ཀྱི་ཆོ་འཕྲུལ་ཉིན་བཅོ་ལྔར་བཤད་ཀྱང་། འདུལ་ལུང་སོགས་ཐེག་དམན་གྱི་ལུགས་ལ་ཚེས་བརྒྱད་ཀྱི་མཛད་པ་ལྟ་བུ་ལས་མ་བྱུང་བས་མཚོན་པ་བཞིན་བོད་འབངས་ལས་མ་དག་པའི་སྣང་ངོར་དེ་ལྟར་མ་བྱུང་བའི་མཐའ་ཅི་བཀག །ངེས་དོན་དུ། ཉོན་ཅིག་པད་འབྱུང་བཀའ་ལ་ལྷ་འདྲེ་ཉོནཿ འཇིག་རྟེན་ཁམས་ན་མཚུངས་མེད་སྤྲུལ་པའི་སྐུ༔ མངལ་ཀྱིས་མ་གོས་མཚོ་སྐྱེས་རྡོ་རྗེ་ཡིན༔ ལུས་ལ་གང་གིས་མི་ཚུགས་འཆི་མེད་ཐོབ༔ འགྲོ་དྲུག་འཁོར་བའི་སྡུག་བསྔལ་འཇིགས་སུ་རུང་༔ དམུ་རྒོད་སེམས་ཅན་ཚེ་ཐུང་གཡེང་བ་ཆེ༔ ཁྲི་སྲོང་ལྡེའུ་བཙན་ལྷ་ཁང་བཞེངས་པ་འདི༔ རྒྱལ་མཚན་རྩེ་ལ་ནོར་བུ་འཕྱར་བ་འདྲ༔ བོད་དུ་དམ་ཆོས་བསྟན་པ་ཚུགས་པ་ན༔ ལྷ་འདྲེ་སུ་མ་མགུ་ཡང་རག་མ་ལུས༔ མགྲོན་པོར་རྒྱ་གར་པཎ་ཆེན་འབོད་པ་འདི༔ མུན་པའི་དཀྱིལ་དུ་སྒྲོན་མེ་ཁྱེར་བ་འདྲ༔ བོད་དུ་བདེ་སྐྱིད་དམ་ཆོས་དར་བ་ན༔ ལྷ་འདྲེ་ཡུལ་བུད་སོང་ཡང་རག་མ་ལུས༔ དེ་བས་ཡོན་བཞེས་ས་གཞི་གནང་བ་བྱིན༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བསམ་པ་འགྲུབ༔ ལྷ་ཁང་བརྩིགས་ཤིང་ལྷ་འདྲེ་ལས་ལ་འདུ༔ སྔགས་འཆང་པདྨ་འབྱུང་གནས་བཀའ་མ་བཅག༔ ཅེས་སོགས་གསུངས་ཤིང་ནམ་མཁའ་ལ་རྡོ་རྗེའི་འགྲོས་མཛད་པའི་གྲིབ་མ་ལ་(༢༢༡ན)


GLG017_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་ཁྲིད། ཨོ་ཏནྟ་པུ་རིའི་བཙུག་ལག་ཁང་ལ་དཔེ་བྱས་ཉིན་མོ་མི་དང་མཚན་མོ་མི་མ་ཡིན་གྱིས་བརྩིགས་ནས་བཞེངས་པའི་བསམ་ཡས་ཀྱི་ལྷ་ཁང་ཇོ་མོའི་གླིང་གསུམ་དང་བཅས་པ་རིང་པོར་མི་འཐོགས་པར་འབྱོངས་པས། བཀའ་ཐང་ལས། བཅུ་གསུམ་ལོན་ནས་ཡབ་ཀྱིས་བོར་བའི་བུཿ གདོང་དམར་བོད་ཀྱི་རྒྱལ་པོ་ཡུས་མི་ཆེཿ བཅོ་ལྔ་ལོན་ནས་རྒྱལ་སྲིད་དམག་ཇག་བཟུངཿ ལས་ཐབས་བྱ་ཕྱིར་བློན་པོར་གདམ་ག་བསྐུར༔ བཅུ་བདུན་ལོན་ནས་ཆོས་ཀྱི་བསམ་པ་སྐྱེས༔ ལྟོ་དཔྱད་བྱས་པས་མཁན་ཆེན་གདན་འདྲོངས་ཟེར༔ བསོད་ནམས་མ་ཆུང་མཁན་ཆེན་བོད་དུ་ཁུགས༔ ས་འདུལ་མཛད་པས་བགེགས་ཀྱིས་བསྒྲུབ་མ་སྟེར༔ སློབ་དཔོན་སྤྱན་འདྲོངས་འགྲུབ་ཅེས་ལུང་བསྟན་བྱུང་༔ ལས་འཕྲོ་མི་ཞན་སློབ་དཔོན་བོད་དུ་བྱོན༔ བསམ་ཡས་བརྩིགས་པ་མི་འདྲ་སྐྱེས་པ་འདྲ༔ སྐུ་དྲིན་ཡོད་དོ་བཙད་པོས་བརྗོད་མ་ཟད༔ ཅེས་གསུངས་པ་ལྟར་ལ། རབ་ཏུ་གནས་པའི་ཚེ་ལྟས་ངོ་མཚར་བ་མཐའ་ཀླས། མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོས། ཐམས་ཅད་ཡོད་སྨྲའི་དགེ་སློང་བཅུ་གཉིས་ཀྱི་ཁ་སྐོང་དང་བཅས་སད་མི་མི་བདུན་སོགས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་བསྟན་པའི་རྩ་བ་སོ་སོར་ཐར་པའི་གཞི་བཙུགས། པཎ་ཆེན་བི་མཱ་ལ་མི་ཏྲས་ཐོག་དྲངས་རྒྱ་གར་མཁས་པ་མང་པོ་དང་། ལོ་ཆེན་བཻ་རོ་ཙ་ནས་མཚོན་སྐད་གཉིས་སྨྲ་བ་མཐའ་དག་བསགས་ཏེ་ཐེག་པ་གོང་འོག་གི་ཆོས་(༢༢༡བ)


GLG017_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྒྱུར་བའི་བཤད་ཉན་གྱིས་གཏན་ལ་ཕབ། སློབ་དཔོན་ཆེན་པོས། རྗེ་འབངས་ཉེར་ལྔས་གཙོས་སྣོད་ལྡན་མང་པོར་བླ་རྫོགས་ཐུགས་གསུམ། བཀའ་བརྒྱད་སྤྱི་བྱེ་བྲག་སོགས་ཐེག་དགུའི་ཆོས་ཀྱི་སྨིན་གྲོལ་ལ་བཀོད་དེ་མདོ་སྔགས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པ་ནས་བཟུང་གླང་དར་མས་བསྟན་པ་མ་བསྣུབས་པ་ཡན་ཆོད་ཀྱི་བཤད་སྒྲུབ་མཐའ་དག་གི་སྔགས་ཕྱོགས་ནི་གསང་སྔགས་རྙིང་མ་དང་། མདོ་ལུགས་ཀྱང་བསྟན་པ་སྔ་དར་གྱི་ཁོངས་སུ་བསྡུ་ཞིང་། ཕྱི་འགྱུར་ལས་སྔ་འགྱུར་ཕྱོགས་དུས་གནས་སྐབས་ཐམས་ཅད་ནས་ཁྱད་པར་འཕགས་ཚུལ་ལོ་ཙཱ་བ་ཆེན་པོ་རོང་ཟོམ་ཆོས་བཟང་གི་གསུང་ལས། གསང་སྔགས་རྙིང་མ་ལ་ཁྱད་པར་དུ་འཕགས་པའི་ཆེ་བ་ལྔ་ལྡན་ཡོད་པར་གསུངས་ཏེ། དང་པོ་སྤྱན་འདྲེན་ཡོན་བདག་གི་ཆེ་བ་ནི། རིགས་གསུམ་མགོན་པོའི་སྤྲུལ་པ་མངའ་བདག་མེས་དབོན་རྣམ་གསུམ་གྱི་སྐབས་སུ་སྤྱན་དྲངས་པ་ཡིན་ལ། ཡོན་བདག་དེ་རྣམས་ཀྱི་སྨོན་ལམ་དད་པའི་མཐུ་ཤུགས་ཀྱིས་བོད་དུ་གཙུག་ལག་ཁང་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པ་སོགས་དང་། རབ་ཏུ་བྱུང་བའི་སྡེ་སོ་སོ་དང་། ལྷ་སྲིན་སྡེ་བརྒྱད་སོགས་དམ་ལ་བཏགས་པས་ཆོས་དར་བ་སྐྱེ་འགྲོར་བདེ་སྐྱིད་བྱུང་བ་རྙིང་མའི་བཀའ་དྲིན་ཡིན་ནོ། །གཉིས་པ་སྒྱུར་བྱེད་ལོ་ཙཱ་བའི་ཆེ་བ་ནི། སྔོན་སྤ་གོར་བེ་རོ་ཙ་ན། འཁོན་ཀླུའི་དབང་པོ་སྲུང་། གཙང་ལེགས་གྲུབ། སྔ་ཅོག་ཞང་གསུམ། དེ་དུས་ཀྱི་ལོ་ཙཱ་བ་སྟོང་རྩ་བརྒྱད་སོགས། དེ་སྐབས་སུ་སྒྱུར་བའི་ཆོས་རྙིང་མ་ཡིན་(༢༢༢ན)


GLG017_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསམ་ཡས་ན་བསྒྱུར་བའི་རྒྱ་དཔེའི་ཚོགས་དང་སྒྱུར་ཟིན་བོད་ཡིག་ཏུ་ཕབ་ཡོད་པའི་ཚོ་གཉིས་སུ་བཞུགས་ཡོད་པ་བསྒྱུར་ཟིན་པ་ལ་གཟིགས་པས་སྔོན་གྱི་ལོ་ཙཱས་བསྒྱུར་བར་ཐུགས་ཡིད་ཆེས་ཤིང་། སྔོན་གྱི་བཀའ་འགྱུར་དཀར་ཆག་མཆིམས་ཕུ་མ་དང་། ལྡན་དཀར་མ་དང་། འཕང་ཐང་མར་གཟིགས་པས་ཀྱང་ཡིད་ཆེས་སྐྱེ་བར་འགྱུར་རོ། །པཎྜི་ཏའི་ཁྱད་པར་གྱི་ཆེ་བ་ནི། པཎྜི་ཏ་པདྨ་འབྱུང་གནས། ཤཏྣིཾ་གརྦྷ། བི་མཱ་ལ་མི་ཏྲ། སངས་རྒྱས་གསང་བ། ཙནྡྲ་ཀཱིརྟི། པཎྜི་དྷ་ནཱ་ཏ་ལ་འདི་རྣམས་སྐུ་དངོས་ཀྱིས་བོད་ལ་ཕེབས་རྙིང་མའི་ཆོས་ལུགས་དར་རྒྱས་སུ་མཛད་པ་ནི་ཡོངས་ལ་གྲགས་ཤིང་། པཎྜི་ཏ་དེ་ཚོ་རིག་པ་འཛིན་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གིས་རྒྱ་གར་ནས་སྤྱན་དྲངས་པའི་ཆོས་རྙིང་མ། བླ་རྫོགས་ཐུགས་གསུམ་ཡོངས་རྫོགས་དང་བཅས་པ་བོད་དུ་ཕེབས་པ་ཡིན་ནོ། །དབང་དང་ཆོས་ཞུ་བའི་རྟེན་ནམ་ཡོན་མེ་ཏོག་གི་ཁྱད་པར་གྱི་ཆེ་བ་ནི། སྔོན་གསེར་ཕྱེ་བྲེ་ལ་འཇལ། གསེར་ཤ་བའི་རླིད་བུ་བཀང་ནས་ཕུལ། གསེར་རྟ་ཁལ་དང་དྲེལ་ཁལ་ཕུལ་ནས་ཞུས་པའི་ཆོས་རྙིང་མ་ཡིན། ད་ལྟ་མཆན་ཁུང་ནས་གསེར་ཞོ་རེ་རེ་གཉིས་གཉིས་ཉུག་ཉུག་བྱས་ནས་ཞུས་པ་དང་མི་འདྲའོ། །བརྗོད་བྱ་ཆོས་ཀྱི་ཁྱད་པར་གྱི་ཆེ་བ་ནི། ཐེག་པ་རིམ་པ་དགུ་དང་། སྒྲུབ་ཆེན་བཀའ་བརྒྱད། མདོ་སྒྱུ་སེམས་གསུམ་དང་། སེམས་སྡེ་ལ། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ། རྫོགས་ཆེན་ཨ་རོ། རྫོགས་ཆེན་རྡོ་རྗེ་ཟམ་པ། རྫོགས་ཆེན་ཀློང་སྡེ། མན་ངག་གི་ཆོས་སྐོར་ལ། བི་(༢༢༢བ)


GLG017_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་ལའི་སྙིང་ཐིག །རྫོགས་ཆེན་འོད་གསལ་སྒྲོན་མ་དྲུག་སྐོར། ས་སྐྱ་གོང་མའི་ཐུགས་དམ་ཉམས་བཞེས་ཡང་ཕུར་རྫོགས་རིམ། རྫོགས་ཆེན་ཨ་ཏི་སོགས་རྫོགས་པ་ཆེན་པོའི་རྣམ་གྲངས་ཤིན་ཏུ་མང་བར་ཡོད་པ་རྣམས་ནི་བརྗོད་བྱ་ཆོས་ཀྱི་ཁྱད་པར་གྱི་ཆེ་བ་ཡིན་ནོ། །གཞན་ཡང་བརྗོད་བྱ་ཆོས་ཀྱི་ཆེ་བ་ནི། སྤྱིར་བསྐལ་པ་ལ་ཡང་དུས་བཞི་ཡོད། ཁྱད་པར་སངས་རྒྱས་ཀྱི་བསྟན་པ་ལ་ཡང་དུས་བཞི་ཡོད་པས། སངས་རྒྱས་ཀྱི་བསྟན་པའི་རྫོགས་ལྡན་གྱི་སྐབས་ཀྱི། སྔོན་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས། ལྷད་མ་ཞུགས་པའི་དུས་སུ། སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ན་སོགས་ཀྱིས་གཏན་ལ་ཕབ་ནས་བསྒྱུར། ཤེས་བྱ་དངོས་པོའི་འདུག་ཚུལ་སྒྲ་ཇི་བཞིན་པར་བཤད། དེར་རྟོགས་བྱེད་ཐབས་དུ་མ་དང་ཟབ་མོས་བརྒྱན་པའི་ཆོས་དང་། མཆོག་དང་ཐུན་མོང་བཞི་དངོས་གྲུབ་ཐམས་ཅད་བདེ་བླག་འབྱུང་ངེས་པ། ཆོས་བཀའ་སོ་སོའི་བླ་མ་བརྒྱུད་པའི་ལོ་རྒྱུས་ལ་ལྟོས་ཤིག་ཡིད་ཆེས་པར་འགྱུར་རོ། །ཞེས་གསུངས་པ་ནི་གཟུར་གནས་ཀྱིས་བརྟགས་ན་ཤིན་ཏུ་མང་བར་བྱུང་། གླང་དར་གྱིས་བསྟན་པ་ལ་བར་ལྷད་ཅུང་ཟད་བཅུག་ཀྱང་དཔལ་ཨྱོན་ཆེན་པོས་ལྷ་འདྲེ་བཏུལ་ཞིང་ས་གཞི་བྱིན་གྱིས་བརླབས་པས་བསྟན་པ་ཕྱི་དར་དང་། གསར་མར་གྲགས་པའི་བཤད་སྒྲུབ་ཀྱང་ཅི་དགར་སྤྱད་ཆོག་པའི་བཀའ་དྲིན་མཐའ་ཀླས་ཤིང་། ཐུབ་པའི་ལུགས་འཛིན་འཕགས་ཡུལ་དང་སྐལ་པ་མཉམ་པ་དགོངས་ཏེ་ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེས། ལར་དུས་གསུམ་རྒྱལ་བའི་ཐུགས་རྗེ་དང་། །རྒྱལ་སྲས་པད་དཀར་ཞབས་དྲིན་(༢༢༣ན)


GLG017_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །བོད་ཀྱི་ཡུལ་ཁམས་འདི་ཉིད་ཀྱང་། །འཕགས་ཡུལ་དང་སྐལ་པ་མཉམ་པ་སྙམ། །ཞེས་གསུངས་པས་ཤེས་ནུས། སྔོན་གྱི་མཁས་པ་ལོ་ཆེན་རིན་བཟང་གིས་རྒྱུད་དོན་སྒྲ་ཇི་བཞིན་དུ་བཟུང་བའི་ནོར་པ་གསལ་བ། ཕོ་བྲང་ཞི་བ་འོད། ཙ་མི་ཆག་ལོ་སོགས་ཀྱིས་གསར་རྙིང་འདྲེས་མར་དཔྱད་པ། འགོས་ཁུག་པ་ལྷས་བཙས་དང་། དཔལ་འཛིན་གཉིས་ཀྱིས། རང་གི་སློབ་དཔོན་དང་མཐུན་པའི་ཞེ་ནད་ཀྱིས་སྡང་བར་སྨྲ་བ། མཁས་གྲུབ་ཆེན་པོ་དགེ་ལེགས་དཔལ་བཟང་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཚོན་ཆོས་ཀྱི་སྤྱན་ལྡན་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེ་སོགས་མཁས་རློམ་མང་པོས་འབྱམ་ཡིག་རྙིང་པ་རྣམས་ལ་གཞོགས་ཟུར་པའི་རི་བོང་ཅལ་སྒྲོག་གི་སྐུར་འདེབས་ལ་བརྟེན་འགྲོ་བ་མང་པོ་ཆོས་སྤོང་གི་སྒྲིབ་པ་ལ་སྦྱོར་བར་སྣང་མོད། སྔ་འགྱུར་ལོག་ཆོས་ཡིན་ན་དེ་བཞིན་གཤེགས་པ་ནི་ཤེས་བྱ་གང་ལ་ཡང་ཆགས་ཐོགས་མི་མངའ་བས། བོད་ཡུལ་འདི་ཙམ་ཁྱབ་པའི་བསྟན་སེལ་ལ་འདྲ་མིན་བཤན་འབྱེད་ཀྱི་ཚུལ་དུ་ལུང་སྟོན་དགོས་པ་བཀའ་འགྱུར་རོ་ཅོག་གི་མགོ་མཇུག་གང་དུ་ཡང་མི་གསལ། རྒྱ་གར་དུ་དགེ་སློང་ལྷ་ཆེན་པོས་ལོག་བསྟན་བཙུགས་པ་རིང་པོར་མི་ཐོགས་པར་ནུབ་ནས་མ་འཕེལ། ལོ་ཆེན་རིན་བཟང་གིས་སངས་རྒྱས་སྐར་རྒྱལ་བཏུལ་བཞིན་མཐུ་ལྡན་གྲུབ་ཐོབ་རྣམས་ཀྱིས་སོ་ཟུར་གནུབས་གསུམ་སོགས་འདུལ་དགོས་རྒྱུ་ལ། ཟུར་པས་འགོས་ལྷས་བཙས་ཚུར་འདུལ་གྲབས་བྱུང་བ་དགོངས་དགོས་ཤིང་། སྡོམ་གསུམ་དུ། བཀའ་གཏེར་(༢༢༣བ)


GLG017_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དམིགས་མེད་དུ་འགྲོ་བའི་དགག་པ་མཛད་ཡོད་ཡང་། གསང་སྔགས་རྙིང་མ་འགའ་ཞིག་ལས། གྲུ་གསུམ་དབང་ཕྱུག་ཆེན་པོའི་སྙིང་། །དེ་ཡི་ཤ་དང་ཁྲག་གིས་བརྒྱན། །མཐེབ་སྒྱུ་མགོ་བོའི་ཐོད་པས་བསྐོར། །ཆང་སོགས་བདུད་རྩིས་དེ་བཀང་ནས། །ཧེ་རུ་ཀ་ལ་མཆོད་ཅེས་ཟེར། །གསང་སྔགས་གསར་མ་གྲུ་གསུམ་གྱི། །གཏོར་མ་གཞུང་ནས་བཤད་པ་མེད། །ཅེས་དང་། ལ་ལ་ཐེག་པ་རིམ་དགུ་ལ། །ལྟ་བ་ཐ་དད་ཡོད་ཅེས་ཟེར། །ཞེས་དོགས་སློང་ཙམ་ལས། ཤློ་ཀ་གསུམ་ལ་ལོངས་པའི་ཚིག་འབྲུ་གནོན་རྒྱུ་མེད་ཅིང་གསར་མའི་གཏོར་མ་ལ་གྲུ་གསུམ་མེད་པར་ཞལ་གྱིས་བཞེས་ཚེ། ས་དགེ་དྭགས་ཤངས་ཀྱི་ཆོས་སྐྱོང་གི་གཏོར་མའི་རྣམ་གཞག་ཐམས་ཅད་དམིགས་པ་མེད་པའི་དབྱིངས་སུ་རྒྱས་འདེབས་པ་ལས་འོས་ཅི་འཆི། བེའུ་བུམ་རྣམས་ཀྱང་རྡུལ་དང་མུན་པའི་ཁྲོད་དུ་གཟིམ་ནས་བཞུགས་པ་ཚུལ་དེ་ལ་དགོངས་པ་འདྲའོ། །དེ་ནས་ཆོས་རྗེ་ས་སྐྱ་པ་ཆེན་པོ་བཞུགས་པ་ཡན་ཆད་དུ། །ཆོས་ལོག་སྤྱོད་པ་ཉུང་ཞེས་ཐོས། །ཞེས་པ་ས་ཆེན་གྱི་ཡབ་འཁོན་དཀོན་མཆོག་རྒྱལ་པོ་བླ་ཆེན་འབྲོག་མིའི་དངོས་སློབ་དང་། བླ་ཆེན་ཚོས་བཀའ་དམ་པར་འགོས་མ་རངས་པའི་སེལ་བྱུང་བ་མ་གཏོགས། ཐོག་མར་རྗེ་འབྲོག་ལ་ཐུགས་པས་འགོས་དང་ས་ཆེན་གྱི་བར་དུ་མི་རབས་ཀྱིས་ཆོད་པའི་རྒྱུན་ཧ་ཅང་རིང་བ་ནི་མ་སོང་། ལོ་ཆེན་རིན་བཟང་གིས་དུས་ལ་མ་བབས་པར་སྦྱོར་སྒྲོལ་སྒྲ་ཇི་བཞིན་པ་འགོག་པ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་མཛད་(༢༢༤ན)


GLG017_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཨྱོན་པ་རིན་ཆེན་དཔལ་གྱིས་ཡབ་མེས་བྱང་ཆུབ་རྒྱལ་མཚན་མཆེད། ཨར་ཚོ་བནྡེ་བཅོ་བརྒྱད་ཀྱིས་ཕུར་བཞི་ལ་བརྒྱངས་ནས་མཁའ་འགྲོ་མཆོད་པའི་རྫས་སུ་གསོད་ཟེར་བས་མཚོན། བརླང་སྤྱོད་སྣ་ཚོགས་བྱུང་བ་བཀག་པ་ལས་རྙིང་མའི་རྒྱུད་འགྲེལ་ལ་དམིགས་སུ་ཕུག་པ་མ་བྱུང་ཞིང་། ཞི་བ་འོད། ལྷས་བཙས། ཙ་མི། ཆག་ལོའི་སྤྲིངས་ཡིག་རྔོག་གི་གཟེ་མ་སོགས་སུ་སྔགས་གསར་རྙིང་མང་པོར་དྲི་བཅས་དང་། ཁྱད་པར་གྷ་ཡ་དྷ་རའི་གསེར་ཆོས་སོགས་རྒོལ་པ་པོ་ཉིད་རྣམ་དག་ཏུ་བཞེད་པ་དུ་མ་བསུན་དབྱུང་བ་ཐུགས་བློར་མ་ཤོང་། དཔལ་འཛིན་གྱི་དེར་མཇུག་ཏུ་གསར་མ་ཐོར་བུ་འདུག་པར་དོ་མ་གལ་ཞིང་། རྙིང་མ་གཙོ་བོར་བཀག་པར་བརྟེན་འབྱམས་ཡིག་ཟངས་མར་བྲིས་མོད། འདི་ལ་བདེན་ཁ་སྟེར་བ་དང་། རྒྱུད་གསར་སྙིང་རྒྱུད་དང་མཐུན་པར་སྦྱར་བའི་བསྟན་བཅོས་རྣམ་དག་ཏུ་འཆད་ན། རྒྱུད་དང་བསྟན་བཅོས་ཀྱི་མིང་གི་ཁྱད་པར་མ་གཏོགས་དོན་གྱི་ཆ་ལ་དྲི་བཅས་སུ་ག་ལ་འགྱུར། སྡོམ་གསུམ་དུ། འབྱམས་ཡིག་གི་ཁུངས་དྲངས་པ་དྲི་མ་ཅན་གསར་རྙིང་གང་ལ་ཡོད་ཀྱང་ནད་ཐོག་གི་སྨན་ལས་གཅིག་ལ་དཀར་བ་དང་ཅིག་ཤོས་ལ་ནག་པའི་ཐ་སྙད་མ་བྱུང་། གཞན་ཡང་གསང་སྔགས་གསར་རྙིང་ལ། །བོད་ཀྱིས་སྦྱར་བའི་རྒྱུད་སྡེ་མང་། །ཞེས་རྫུས་རྒྱུད་གཉིས་ཀ་ལ་བྱུང་བ་བསྟན་པ་ལས་དམིགས་བསལ་མེད་ཅིང་། འགྲེལ་པ་ལ་ལར། ངོས་བཟུང་བ་དག་ས་ལོའི་དགོངས་བཞེད་ཡིན་པའི་གཏན་ཚིགས་དཀའོ། །ས་སྐྱ་པ་ཆེན་པོའི་རྗེས་སུ་བྱུང་བ་ནི། ཕྱི་ནས་ཕག་མོའི་བྱིན་རླབས་(༢༢༤བ)


GLG017_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཞེས་སོགས་གསར་མ་རང་གི་ཐོག་ཏུ་འབབ་པས་ཀུན་སློང་སྐྱོན་ཅན་གྱི་འཁྱོག་བཤད་ལ་ཡིད་བརྟན་ག་ལ་རུང་། ཕུར་པ་རྩ་དུམ་གྱི་རྒྱུད། ཤངས་སྲེག་ཤིང་ནས་རྙེད་པར་འཇམ་དབྱངས་ས་ལོས་འགྱུར་མཛད། བཅོམ་ལྡན་རལ་གྲིས། གསང་སྙིང་སྒྲུབ་པ་རྒྱན་གྱིས་མེ་ཏོག་བརྩོམ་པ་མཛད། དབུས་པ་བློ་གསལ་གྱིས་བཀའ་བསྟན་འགྱུར་གཉིས་ཀའི་དཀར་ཆག་དང་ཁྱད་པར་དུ་རྒྱུད་འབུམ་རྩ་བ་སྒྱུ་འཕྲུལ་སྡེ་བརྒྱད་དང་། མདོ་དགོངས་འདུས། རྔམ་གློག་ཀུན་འདུས། ཀུན་བྱེད་རྒྱལ་པོ་རྒྱུད་སྔ་ཕྱི་གསུམ་དང་བཅས་པ་སོགས་ལ་འགྱུར་བྱང་དང་བཅས་ཏེ་བཞེངས་ནས། དཀར་ཆག་གི་མཚན་ལ་དྲི་མ་མེད་པ་ཞེས་འདོགས་པར་མཛད། ཀུན་མཁྱེན་བུས། རང་ཉིད་ཀྱི་མེས་པོ་ལ་རྫོགས་པ་ཆེན་པོ་སེམས་སྡེའི་སྐོར་དང་། མདོ་སྒྱུ་འཕྲུལ་ལ་སོགས་པ་བཀའ་གཏེར་མང་པོ་གསན་ནས་བསྙེན་སྒྲུབ་མཛད་ཅིང་། གསུང་ལས། ཁོ་བོའི་བླ་མ་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དང་། རིག་རལ་ལ་སོགས་བླ་མ་གོང་མས་བལ་ཡུལ་དང་བསམ་ཡས་སོགས་ནས་རྒྱ་དཔེ་རྙེད་པའི་རྒྱུད་ལེགས་ཞེས་གསུངས། ཀུན་མཁྱེན་འཕགས་འོད་ཡོན་ཏན་རྒྱ་མཚོས། རྫོགས་ཆེན་ལ་ཐུགས་དམ་མཐིལ་དུ་མཛད་ནས་རྣམ་ཐར་ལས་ཟབ་མོ་ལྟ་བ། ཉམས་ལེན་སྒོམ་པ། རྒྱ་ཆེན་སྤྱོད་པ། འབྲས་བུ་རྫོགས་ཆེན་རྒྱལ་ཐབས་སྤྱི་ལུགས། སྙན་བརྒྱུད་ཀྱི་འཕྲེང་བསལ་བ་རྫོགས་ཆེན་གསང་སྐོར་སོགས་བརྒྱུད་པ་སྡེ་བཞིའི་སྐོར་རྣམས་གསན་ནས་ཐུགས་ཉམས་སུ་བཞེས། ཀུན་མཁྱེན་རང་བྱུང་རྡོ་རྗེར། ཤར་སྒམ་པོ་གངས་རིར་བི་མཱ་ལ་མཛོད་སྤུར་ཐིམ་པའི་དག (༢༢༥ན)


GLG017_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཤར་བའི་རྐྱེན་གྱིས་རྫོགས་ཆེན་གྱི་དོན་ཐུགས་སུ་ཆུད། འོན་ཀྱང་བརྒྱུད་པ་ཟམ་མ་ཆད་པ་དགོས་པར་དགོངས་ཏེ་བླ་མ་སྙིང་ཏིག་གིས་གཙོས་པ་རིགས་འཛིན་ཀུ་མ་རཱ་ཛར་གསན། སློབ་དཔོན་པདྨའི་སྙིང་ཏིག་ཅིག་ཀྱང་ཡོད་ཐང་དགོངས་པར་ལྷ་སར་ཕེབས་སྐབས་ཤིག་གཏེར་སྟོན་ཚུལ་རྡོར་གྱིས་མཁའ་འགྲོ་སྙིང་ཏིག་སྤྱན་དྲངས་པའི་ཤོག་སེར་ཕུལ་བ་ཆོས་བདག་ཡིན་ཀྱང་རྟེན་འབྲེལ་ཅུང་ཟད་མ་འགྲིགས་པས་སླར་རྒྱལ་སྲས་ལེགས་ལྡན་ལ་རྫོགས་པར་གསན། ཟབ་མོ་ནང་དོན་གྱི་རྩ་དབུ་མ་ཆོས་ལྔ་ལྡན་ངོས་འཛིན་པའི་སྐབས་སུ། སྔགས་རྙིང་མའི་གཞུང་ལས་སྙིང་གར་དངས་མ་ལྔ་འདུས་ཀྱི་སེམས་ཞེས་པ་ཡང་འདི་ཁོ་ན་སྟེ། ཤའི་དངས་མ་རྩ་དབུ་མ། ཁྲག་གི་དངས་མ་ཨ་ཐུང་། རུས་པའི་དངས་མ་ཨེ་ཧཾ། རླུང་གི་དངས་མ་སྲོག་རླུང་། དངས་མའི་དངས་མ་ནི་ཀུན་གཞིའི་སེམས་སོ། །ཞེས་དང་། རྩ་འཁོར་རྣམས་ལ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱང་སྦྱོར་བར་མཛད། རྩ་གསུམ་དྲིལ་སྒྲུབ་ཏུ་གྲགས་པའི་དག་སྣང་གི་ཆོས་ལ་ཨྱོན་རིན་པོ་ཆེའི་མཚན་སྔགས་ཡོད་པར་མི་བསྐྱོད་རྡོ་རྗེས་ཨཀྵྱོ་བྷྱ་སོགས་ཀྱི་སྔགས་བསྒྱུར་ནས་བཟོ་བཅོས་ཀྱང་མཛད་པར། ཀར་ལུགས་རྣམས་དྲིལ་སྒྲུབ་གསར་མ་ཟེར། རྗེ་རོལ་པའི་རྡོ་རྗེ། གཡུང་སྟོན་གྱི་ཞལ་སློབ་ཡིན་པས་རྒྱ་ནག་ཏུ་རྒྱུད་གསང་སྙིང་དང་། གཡུང་འགྲེལ་གཉིས་ཁྲོ་བར་དུ་བླུག་ནས་སྟོང་ཕྲག་ཙམ་བཏབ་སྐད། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་སློབ་མ། ཅོག་རོ་ཟངས་དཀར་མཛོད་ཕུར། དེས་པདརྔོག་ལེགས (༢༢༥བ)


GLG017_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་རབ །དེས་དགེ་སློང་ཆོས་ཀྱིས་ཤེས་རབ། པོ་ཏོ་བ་རིན་ཅེན་གསལ། དེའི་སློབ་མ་གྲ་པ་བྲག་དཀར་བ་སོགས་ཆེས་མང་བས་རྫོགས་ཆེན་སྙན་བརྒྱུད་ལ་ཐོས་བསམ་སྒོམ་གསུམ་མཛད། ཇོ་བོ་ཆེན་པོ་ཨ་ཏི་ཤས་བསམ་ཡས་སུ་རྒྱ་དཔེའི་དཀོར་མཛོད་ཅིག་ཁ་ཕྱེ་ནས་གཟིགས་པས། སྔར་གསན་གཟིགས་མེད་པའི་རྒྱུད་ཤིན་ཏུ་མང་བར་གཟིགས་ཏེ། ངས་འཛམ་གླིང་ན་གྲགས་པའི་རྒྱུད་རྣམས་སུ་མ་ཟད་མཁའ་འགྲོ་མས་བསྟན་པ་ཁོ་ན་ཡང་མཐའ་ཡས་པར་མཐོང་སྟེ། དེ་ཀུན་ལ་ཡང་རྒྱུད་འདི་རྣམས་མི་གདའ། ཕལ་ཆེར་སློབ་དཔོན་པདྨས་རྫུ་འཁྲུལ་གྱིས་སྲིན་པོའི་ཡུལ་ནས་བླངས་པ་ཡིན་མཆི། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མཐའ་མངོན་རྒྱུ་ཡོད་ཡོད་མི་འདྲ་ཞེས་སྔགས་ལ་མཁས་པའི་ཐུགས་རྒྱལ་དེར་ཆག །སྙེ་ཐང་དུ་ཇོ་བོ་ལ་བོད་སྟོན་རྣམས་ཀྱིས་དང་པོ་བོད་དུ་བརྩམས་པའི་བསྟན་བཅོས་འགའ་ཞིག་གཟིགས་ཕུལ་བས། གཞན་མ་ལ་མཉེས་ཚོར་མ་མཛད། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་མཛད་པའི་ཐེག་ཆེན་རྣལ་འབྱོར་བྱ་བའི་བསྟན་བཅོས་ལ་ཤིན་ཏུ་མཉེས་ནས། དག་ཆ་ཆེ། ལས་འབྲས་ཞིབ། དོན་ཟབ་ལ་རྒྱ་ཆེ་བ་འདུག་གསུང་། མ་གཅིག་ལབ་སྒྲོན་གྱིས་ཀྱང་རྫོགས་ཆེན་ལ་ཐུགས་དམ་མཛད་པས། གསུང་ལས། ཕྱག་ཆེན་བློ་ལས་འདས་པར་རིག །རྫོགས་ཆེན་ཡེ་དག་ཆེན་པོར་རིག །ཅེས་དང་། སྲས་ཀྱིས་ཡུམ་ལ་བསྟོད་པར། མ་རྟག་ཆད་གཉིས་ཀྱི་མཐའ་ལ་མི་འཇིགས་པའོ། །བཀའ་རྫོགས་པ་ཆེན་པོའི་སྒོ་རུ་ཞུགས། །ཐེག་དམན་ལྟ་ལོག་ཟིལ་གྱིས་གནོན། །ཆོས་(༢༢༦ན)


GLG017_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་ཕུ་ཐག་ཆོད་པའི་མ། །ཞེས་བསྟོད། རྗེ་བཙུན་མི་ལས། རོང་སྟོན་དང་ལྷ་དགའ་ཡན་ཆད་དུ། །སྤྱིར་དྲིན་ཅན་གྱི་བླ་མ་བཅུ་ཙམ་བཞུགས། ཁྱད་པར་ལྷ་རྗེ་གནུབས་ཆུང་ལ། །དྲག་སྔགས་གཟའ་གདོང་དམར་ནག་ཞུས། །ཞེས་ཐོག་མའི་འཇུག་སྒོ་སྔགས་རྙིང་མ་ཡིན་ཤིས་རྫོགས་ཆེན་ལ་ཐུགས་དམ་མཛད་པས། མགུར་ལས། རྫོགས་པ་ཆེན་པོས་མདུན་ནས་གཟེར། །ཕྱག་རྒྱ་ཆེན་པོས་རྒྱབ་ནས་གཟེར། ཁ་ནས་གདམས་ངག་ཁྲག་ཏུ་སྐྱུག །ཅེས་སོགས་དང་། དེས་མཛད་པའི་བདེ་མཆོག་སྙན་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་དུ། སེམས་གསལ་སྟོང་ཕྱག་རྒྱ་ཆེན་པོ་འདི་ལ། ཕྱག་རྒྱ་ཆེན་པོ་རྟོག་བྲལ་ཟེར། །རྫོགས་པ་ཆེན་པོས་ཆོས་ཉིད་ཟེར། །ཕར་ཕྱིན་པ་ནི་སྟོང་ཉིད་ཟེར། །ཞེས་གསུང་། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ་ཐུགས་དམ་གྱི་ཞེ་ཕུགས་གཏོད་ས་རྫོགས་ཆེན་ཡིན་པ། གསུང་མགུར་ལས། ཆོས་ཐམས་ཅད་ནི་ཐམས་ཅད་དུ་བདེན་མོད་ཀྱང་། རྫོགས་ཆེན་ཞེས་པའི་སྒྲ་བོ་ཆེ། །སྤྲང་གོ་བའི་ལེན་ཕྱོགས་ཀྱང་དེ་ལ་བགྱིས། །ཅིག་ཅར་གྱི་རྟོགས་པའང་དེ་ལ་འཁྲུངས། །ཞེས་དང་། གནས་ལུགས་ཉམས་སུ་ལེན་པའི་ཕྱག་རྒྱ་ཆེན་པོ་དང་གཅིག །ལམ་ཁྱེར་རྐྱེན་ལ་བྱེད་པའི་ཕ་རོལ་ཕྱིན་པ་དང་གཉིས། །སྣང་རྐྱེན་ལམ་དུ་བླངས་པའི་སྡུག་བསྔལ་ཞི་བྱེད་དང་གསུམ། །མཐར་ཐུག་ཟད་པར་སྐྱེལ་པའི་རྫོགས་པ་ཆེན་པོ་དང་བཞི། །འདི་བཞི་རྣལ་འབྱོར་བདག་གི་དམ་ཆོས་(༢༢༦བ)


GLG017_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པས། །ཆོས་གཞན་གང་ལ་ཡང་འགྲམ་ཆུ་མི་ལྡང་བ་ལགས་སོ། །ཞེས་གསུངས། མ་གཅིག་ཞ་མར་རྩ་རླུང་གི་གེགས་ཐུ་བོ་བྱུང་བར་ཕ་དམ་པས་གེགས་སེལ་མཛད་པས་ལོ་གཅིག་གི་བར་བསྙུན་སངས་ཡང་སླར་ཁམས་འདུས་པར་དམ་པ་ལ་ཞུས་པས། མདོ་རྒྱུད་འདྲ་ལྟོས། རྒྱལ་ཁམས་འདྲ་བསྐོར་གསུངས། དེར་མཚམས་བྱས་མདོ་རྒྱུད་དུ་མ་བལྟས་པས་ཕན་རྒྱུ་མ་བྱུང་། རྒྱལ་ཁམས་ལ་བྱོན་པས་རོང་གི་ཁུ་ལུང་མདའི་ཆུ་ཁ་ན་གནུབས་པའི་གྲ་པ་བན་ཆུང་ཁ་ཅིག །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསུང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེ་བ་ཉིད་ན་སྐྱེ་བ་མེད། །ཅེས་སྒྱུ་འཕྲུལ་གྱི་ཨེ་མ་ཚར་ལྔ་མའི་དབྱངས་ཐེན་པས་ཐུགས་ཐོག་ཏུ་འགྱུར་བ་ཆེན་པོ་ཞིག་བྱུང་བས་ཕན། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཡེ་བཟང་རྩེ་པས། གསང་སྔགས་རྙིང་མ་ཞེས་གྲགས་པའི་ཕྱོགས་ལ་ལྷག་པར་མོས་པ་ཐོབ་ཅིང་། ཆོས་སྤོང་བའི་སྒྲིབ་པས་མ་སྦགས་ཙམ་མོ། །ཞེས་གསུང་བ་རང་ཉིད་ལེགས་སོ་འདོད་པ་རྣམས་ཀྱི་ཡིད་ལ་བཅར་བའི་གནས་སོ། །སློབ་དཔོན་ཆེན་པོ་དང་བི་མཱ་ལ་མི་ཏྲ། བཻ་རོ་ཙ་ན། གཉགས་ཛྙ་ན་ཀུ་མཱ་ར། གནུབས་སངས་རྒྱས་ཡེ་ཤེས་སོགས་རྒྱ་བོད་ཀྱི་མཁས་གྲུབ་མང་པོས་བསྒྱུར་བཤད་གཏན་ལ་དབབ་པའི་སེམས་མེད་བཅོ་བརྒྱད། མདོ་དགོངས་འདུས། སྒྱུ་འཕྲུལ་སྡེ་བརྒྱད། བཀའ་བརྒྱད་ཁྲོ་མཁར་རྫོང་ཕྲང་སོགས་རྙིང་མ་བཀའ་མའི་རྒྱུད་བཤད་མན་ངག་བསམ་གྱིས་མི་ཁྱབ་པ་གནུབས་ཡོན་ཏན་རྒྱ་མཚོ།(༢༢༧ན)


GLG017_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཡེ་ཤེས་དབང་ཕྱུག་སོགས་ནས་རིམ་པར་ལྷ་རྗེ་ཟུར་ཆེ་ཆུང་ལ་བཀའ་བབས་པས་སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོ་ཞེས་འགྲན་ཟླ་དང་བྲལ་བས་མཚོན། རྙིང་མ་བཀའ་མའི་བསྟན་འཛིན་ནམ་མཁའི་སྐར་ཚོགས་ལྟར་འགྲང་ཡས་པར་མ་ཟད་སྙིགས་མ་ལྔ་མདོའི་དུས་ཀྱི་འགྲོ་བ་སྡུག་བསྔལ་གྱིས་མནར་བ་རྣམས་སྐྱོབ་པའི་ཕྱིར་དུ་ཟབ་གཏེར་མཐའ་ཡས་པ་སྦས་ཤིང་སྤྱན་དྲངས་པ་རྣམས་ལ། བླུན་པོ་བློ་ཆུང་དང་། འབྱུང་པོའི་གདོན་གྱིས་ཡིད་བསྲུབས་པའི་མཁས་རློམས་མང་པོས་གཏེར་ཞེས་བྱ་བ་རྫུན་ཡིན་ཟེར་བ་དང་། ལ་ལར་དཔེ་ཧར་སོགས་བོད་ཀྱི་འབྱུང་པོ་མཐུ་བོ་ཆེ་རྣམས་དང་བལ་པོ་པད་འབྱུང་བྱ་བ་ཞིག་གྲོས་བྱས་ནས་སྦས་པས་འདོན་རྒྱུ་ཡོད་ཀྱང་ཆོས་དེ་ཉམས་སུ་བླངས་པའི་འབྲས་བུ་མཛེ། སྙིང་རླུང་། སྨྱོ་འབོག་སོགས་འབྱུང་ངོ་ཞེས་སྨྲ་བ། ཤོག་སེར་ཉུང་ཟད་ཙམ་ཞིག་ཡིན་ན་རྫུན་མ་བཟོ་ཐུབ་པའི་དབང་དུ་བྱས་ཀྱང་། བཀའ་བརྒྱད་བདེ་འདུས་ཀྱི་ཤོག་སེར་རྒྱལ་པོའི་བླ་དཔེ་པོ་ཏི་དགུ་ཉང་གིས་སྤྱན་དྲངས་ནས་སྨྲ་བོ་ལྕོག་ཏུ་བཞུགས་པའི་སྟེང་ནས་མངའ་བདག་ཀུན་དགའ་ལྷུན་གྲུབ་ཀྱིས་མངའ་རིས་པཎ་ཆེན་རིན་པོ་ཆེར་ལུང་གསན། ཨྱོན་གླིང་པས་ཤེལ་བྲག་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་པོ་ཏི་བརྒྱ་སྐོར་སྤྱན་དྲངས་པའི་ཚང་མ་འབེབས་མ་ཐུབ་པར་ཤོག་སེར་སྟེང་ནས་དབང་ལུང་མཛད་པ་སོགས་རྣམ་གྲངས་ཆེས་མང་བ་དེ་ཙམ་གྱི་གཏོས་ཆེ་བའི་ཤོག་སེར་གསང་ཐབས་སུ་མི་གཅིག་གིས་ཇི་ལྟར་འདྲི་ནུས། ཆོས་དབང་རིན་པོ་ཆེ་བྲག་རྟ་མགྲིན་(༢༢༧བ)


GLG017_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་དང་ཆོས་རྒྱལ་རཏྣ་གླིང་པས་གནམ་སྐས་ཀྱི་བྲག་གཤགས་ནས་ཁྲོམ་གཏེར་བཞེས་པ་གཏེར་བྱུང་གཉིས་སུ་གསལ་ཞིང་། དེ་དང་མཚུངས་པ་གཏེར་སྟོན་གཞན་དག་གིས་ཀྱངམཛད། པདྨ་གླིང་པས་མེ་འབར་མཚོ་ལ་མཆོངས་ནས་གཏེར་སྒྲོམ་སྤྱན་དྲངས་པ་སོགས་རྩོད་མེད་ཡོངས་གྲགས་ཡིན། མཛེ་དང་སྨྱོ་འབོག་རེ་གཉིས་ལ་མཐའ་ཅི་བཀག །གཏེར་སྟོན་གཏེར་སློབ་ཕལ་མོ་ཆེ་ལ་མ་བྱུང་། བྱུང་བ་ཙམ་ལ་ངན་པར་འཛིན་ན་གསར་མ་བའི་བླ་མ་མང་པོའི་རྣམ་ཐར་དུ་དེ་རིགས་སྣང་། གཏེར་རྙིང་མར་མ་ཟད་གསར་མ་ཕྱོགས་ལ་ཡང་ཡོད་པ་ཆུ་ཀླུང་རོལ་པའི་མདོ་ལས་ཀྱང་། ང་ཡི་བསྟན་པ་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས། །ཡང་ན་ས་ཡི་སྙིང་པོར་བྱ། །ཞེས་དང་། དཔལ་བདེ་མཆོག་ཉུང་ངུ་ལས། རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་གང་། །ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། །གཏེར་ནས་གཏེར་དུ་ཕྱུང་སྟེ་སྩལ། །ཞེས་གསུངས། ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤས་བཀའ་ཆེམས་ཀ་བཀོལ་མ་དང་། སངས་རྒྱས་ཀྱི་ཆོས་དང་ཤཱ་རིའི་བུས་འགོག་པ་རིའི་ཆུ་མཚམས་སུ་སྦས་པ་རྒྱལ་བ་བཙོང་ཁ་བ་ཆེན་པོས་སྤྱན་དྲངས། ཕ་དམ་པ་སངས་རྒྱས་ཀྱིས་ཆོས་ཟབ་མོ་ཞི་བྱེད་ཀྱི་ཆུ་ཀླུང་རོལ་པའི་མདོ་རྒྱུད་རྣམས་དང་། ཆུ་ཀླུང་ཆེན་པོའི་གསང་རྒྱུད་དང་། མཁའ་འགྲོ་མའི་གསང་རྒྱུད་ལ་སོགས་པ་རྣམས། དུར་ཁྲོད་དཔལ་གྱི་རྒྱུ་སྐར་རོལ་པ་ན་མཁའ་འགྲོ་མའི་གསང་མཛོད་སྒོ་ཉིས་རིམ་བཅད་པའི་ནང་ན་ལྕགས་ཀྱི་སྒྲོམ་བུ་དགུ་གླིང་ནས་གཏེར་ནས་བཏོན་ནས་ཡི་གེར་བཏབ་པར་བཞེད་ཅིང་། ད་ལྟ་བོད་དུ་ཡང་ཞི་བྱེད་ཀྱི་(༢༢༨ན)


GLG017_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་རྒྱུད་ཕལ་ཆེ་བ་རྣམས་ལྷོ་བྲག་བན་པ་ན་གཏེར་དུ་སྦས་ནས་ཡོད་པར་ཞི་བྱེད་པ་ཆེན་པོ་རྣམས་གསུང་ཞིང་ཡི་གེ་འཁོད། རྗེ་བཙུན་རས་ཆུང་པ་རྡོ་རྗེ་གྲགས་ཀྱིས། ནཱ་རོ་པཎ་ཆེན་གྱི་རོ་སྙོམས་སྐོར་དྲུག་ལྷོ་བྲག་མཁར་ཆུར་བྲག་རྒན་མོ་འཛུམ་ཤོར་འདྲ་བའི་ནང་ན་གནུབས་ནམ་མཁའི་སྙིང་པོའི་ཞབས་རྗེས་ཀྱི་བྱང་ཤར་མཚམས་སུ་སྦས། ཕྱིས་གཙང་པ་རྒྱ་རས་ཀྱིས་གཏེར་ནས་བཏོན་ནས་དར་རྒྱས་སུ་མཛད་ཅིང་། ཏི་པུ་པའི་ཞལ་ནས། རྒྱ་གར་འོ་མའི་རྒྱ་མཚོ་ནས། །གདམས་ངག་མར་གྱི་ཡང་ཞུན་འདི། །རྒྱུད་སྡེ་རྣམས་ལ་གབ་ནས་ཡོད། །པཎ་ཆེན་རྣམས་ཀྱི་ལོང་གཏམ་ཚུལ། །གྲུབ་ཐོབ་རྣམས་ཀྱི་ཁོང་སྙིང་ཚུལ། །རི་ཁྲོད་འགྲིམ་པའི་གོ་ཆ་ཡིན། །ཀུ་སཱ་ལི་པའི་སྨན་སྦྱོར་ཡིན། །པཎ་ཆེན་ནཱ་རོ་མ་གཏོགས་པ། །པཎྜི་ཏ་དང་ཀུ་སཱ་ལི། །གཞན་ལ་གདམས་པ་འདི་འདྲ་མེད། །སྣོད་ལྡན་ཁྱོད་ལ་བསྟན་པ་ཡིན། །གདམས་ངག་བཤད་ལ་དུས་ཚོད་དགོས། །ད་ལྟ་བསྟན་པའི་དུས་མིན་པས། ཁྲོ་བོའི་ཆ་བྱད་འདྲ་བའི་བྲག །མཁའ་འགྲོ་འདུ་བའི་གནས་ཤིག་ཏུ། །མཁའ་འགྲོ་ལྷ་འདྲེ་ཐམས་ཅད་ལ། །གཏད་གཉེར་གྱིས་ལ་གཏེར་དུ་སྦོས། །མི་རབས་གསུམ་གྱི་འོག་རོལ་དུ། །སྣོད་ལྡན་གང་ཟག་ལེན་དུ་འོང་། །དེ་ཡི་ལག་ཏུ་གཏོད་ཅིག་གྱིས། །སྨོན་ལམ་ཐོབ་ལ་སྦོས་ཤིག་གསུངས། །ཞེས་དང་། སློབ་དཔོན་ཆེན་པོས། པུ་ཏྲ་སྐོར་བསམ་ཡས་སུ་སྦས་པ། ཕྱིས་ཇོ་བོ་ཨ་ཏི་ཤ་མཇལ་བར་ལྷ་བཙུན་བྱང་ཆུབ་འོད་ཕེབས་སྐབས། བླ་མ་མཁའ་འགྲོས་ལུང་(༢༢༨བ)


GLG017_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ལ་བརྟེན་གཏེར་ནས་བཞེས་པས་པུ་ཏྲ་ཀ་བཀོལ་མར་གྲགས་པ་ལོ་ཆེན་རིན་བཟང་གིས་ཁ་ཆེ་དྷརྨ་པ་ལར་ཞུས་པའི་བཀའ་མ་དང་ཞུས་དག་ཕེར། ལྷོ་བྲག་མར་པས་ཆོས་དྲུག་སྲས་མཁར་གྱི་གྱང་ལ་སྦས་པ། ཕྱིས་ཆོས་དབང་རིན་པོ་ཆེས་གདན་དྲངས་པ་ཆོས་དྲུག་སྲས་མཁར་མ་ཟེར། ཕྱག་རྒྱ་ཆེན་པོའི་སེམས་འཁྲིད། །དགས་པོ་ལྷ་རྗེས་དགས་ལྷའི་ཉེ་ཞོགས་སུ་གཏེར་དུ་སྦས་ནས། དུང་མཚོ་རས་པས་གཏེར་ནས་བཏོན་པས་མཚོན་པ་རྣམས་ཀྱང་མ་དག་པར་ཁས་ལེན་དགོས་པར་འགྱུར་རོ། །དེ་ཡང་རིགས་འཛིན་ཆེན་པོ་རཏྣ་གླིང་པས་གནམ་སྐས་བྲག་ནས་སྤྱན་དྲངས་པའི་ཞལ་གདངས་གསལ་བའི་སྒྲོན་མེ་ལས། མངའ་བདག་ཁྲི་སྲོང་གི་གདུང་བརྒྱུད་དྲུག་བདུན་ཙམ་ན་ཡར་སོང་དུས། བོད་ཐམས་ཅད་ལོ་ཙཱ་བར་གྲགས་ཏེ་མི་ཕྱེད་རྒྱ་གར་དང་ཐགས་བྲན། ཐམས་ཅད་རང་རང་གི་ཆེ་བ་ནི་འདོད། ཆགས་སྡང་དང་འགྲན་སེམས་ནི་རླུང་ལྟར་འཚུབ། རྒྱ་གར་གྱི་པཎྜི་ཏ་གསེར་འདོད་རྣམས་ཀྱང་བོད་ན་གང་དར་བའི་ཆོས་ལ་འདོད་བཅོས་འཆོས། །དེ་ཡང་རྒྱ་གར་གྱི་སྡེ་སྣོད་གསུམ་ལ་སོགས་པ་སྔགས་མཚན་ཉིད་ཡོངས་སུ་གྲགས་པ་རྣམས་ནི་ད་ལྟ་བསྒྱུར་ཟིན། རྒྱུད་དང་མན་ངག་མ་གྲགས་པ་རྣམས་ནི་ཨྱོན་མཁའ་འགྲོའི་གསང་མཛོད་རྣམས་ན་ཡོད་དེ། རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཐོབ་མིན་པས་མི་ཐོབ། དེ་དུས་བོད་རྣམས་ཀྱིས་ཨྱོན་ཡུལ་དུ་ནི་མི་བརྟོལ། དབུས་འགྱུར་རྡོ་རྗེའི་གདན་མཐིལ་དུ་ནི་ཡུག་རེ་ལས་ཚ་བས་མི་ཚུགས། རྒྱ་གར་ཤར་ཕྱོགས་བལ་ཡུལ་ཁ་ཆེ་རྣམས་ལ་ཆུ་ལྟར་རྒྱུག །ལོ་ཙཱར་གྲགས་པ་རྣམས་(༢༢༩ན)


GLG017_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཆེ་མཁས་པས་གཅིག་སྐྱོན་གཅིག་ལ་འགེལ། སྔར་འགྱུར་ཟིན་པ་རྣམས་ལ་རྒྱུད་ཁུངས་དང་བཅོས་ཆུང་རེ་བྱས་ནས་ངའི་འགྱུར་བཟང་ཟེར། ད་ལྟའི་སྤྲུལ་པའི་ལོ་པཎ་རྣམས་མི་བཟང་ན། མ་འོངས་བོད་ཕྲུག་སོ་སོ་སྐྱེ་བོ་བྱིས་པ་རྣམས་མི་མཁས་གསུང་། དེར་བོད་ཕྲུག་ལོ་ཙཱ་བར་གྲགས་པ་རྣམས་རུ་ཁྲོལ་ནས་མན་ངག་ཅུང་ཟད་བཅོས་ཆུང་དང་། གབ་སྦས་དང་། འདྲ་མན་མང་པོ་འཆོས། རྒྱ་གར་གྱི་ཁུངས་དང་། བརྒྱུད་པ་གང་ལེགས་ནས་འགྲན། བོད་རྣམས་གསར་ངས་ནི་ཆེ། རྒྱུ་མཚན་ནི་མ་རིག་པར། རང་རང་གི་ལོ་ཙཱ་བའི་ཁ་འཛིན་ཆོས་སྲིད་དང་ཕྱོགས་དྲེགས་བྱེད། ལོ་ཙཱ་བ་ཁ་ཅིག་སྔར་མ་གྲགས་པའི་ཆོས་ནི་མ་རྙེད། དེར་སྔགས་ལ་སྒྲ་བཅོས་བྱེད། འགྱུར་ལ་རང་བཅོས་བྱེད། ལྷ་དཔའ་བོ་གཅིག་པ་ལ་ཡུམ་འཆོས། ཞལ་ཕྱག་མང་པོ་ལ་ལྷན་སྐྱེས་འཆོས། ལྷན་སྐྱེས་ལ་ཞལ་མང་ཕྱག་མང་འཆོས། སྐུ་མདོག་ལ་རིགས་ལྔ་མང་པོ་བྱེད། །དཀྱིལ་འཁོར་ལ་འདོད་བཞེད་ཀྱིས་དཀྲུག །མངོན་ན་གཞན་དང་མི་འདྲ་བ་ཞིག་ལ་གཙོ་བོར་འདོན། མཁས་པ་དེ་འདྲའི་རིགས་མང་པོ་འོང་ཞེས་པ་ལྟར། བསྟན་པ་ཕྱི་དར་ལ་ལོ་པཎ་མཁས་ཤིང་གྲུབ་པ་བརྙེས་པ་བསྟན་པའི་སྲོག་འཐུད་པ་མང་དུ་བྱུང་ནའང་པཎྜི་ཏ་གསེར་འདོད་དང་། ལོ་ཙཱ་བ་མཁས་འདོད་མང་པོས་རྒྱུད་ལུང་མན་ངག་རྣམས་དཀྲུགས་ཏེ་གཞན་དང་མི་འདྲ་བ་གཙོ་བོར་སྟོན་པས་རྡོ་རྗེ་འཆང་ནས་བཟུང་སྟེ་བརྒྱུད་པའི་བཀའ་ཆད་པས་བྱིན་རླབས་ཀྱི་ངད་ཡལ་ཏེ་གྲུབ་ཐོབ་མི་འབྱུང་བས་ལྷད་མེད་ཀྱི་ཆོས་ཟབ་(༢༢༩བ)


GLG017_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་མཁའ་འགྲོའི་ཁ་རླངས་ཅན་རྣམས་ཀྱིས་དངོས་གྲུབ་བརྙེས་པའི་རྒྱུ་མཚན་བོད་ཀྱི་སློབ་དཔོན་ཤེས་ཆུང་གིས། མ་དག་པ་ལ་དག་པར་འདོད། མ་ཡིན་པ་ལ་ཡིན་ཟེར། བྱར་རྒྱུ་མ་རྙེད་པའི་བརྗོད་བྱ། རང་ཆེ་འདོད་པའི་ལོ་ཙཱ་བ་མང་པོ་མ་འོངས་པ་ན་ཁྱུ་འཁྲེལ་བ་འབྱུང་སྟེ། མ་ངེས་པའི་སྒྲ་དང་བསྒྱུར་བཅོས་མང་པོ་འབྱུང་བས། རང་རང་གི་འདོད་ཕྱོགས་ནས་སྤུ་གཟིངས་པས། སངས་རྒྱས་ཀྱིས་ཀྱང་བསྒྱུར་དཀའ། དེ་འདྲའི་དུས་སུ་ཁ་འཛིན་དང་ཕྱོགས་ཆ་མ་བྱེད་པདྨ་ངའི་རྗེས་སུ་འཇུག་པ་རྣམས་ངའི་གཏེར་ཡིག་སེལ་མེད་ཁོ་ན་ལྟར་ཉམས་སུ་ལོང་། རང་དྲེགས་ཅན་རྣམས་ཅི་དགར་སྨྲར་ཆུག །ཆོས་གང་ཟབ་ཀྱི་སྒྲུབ་རྟགས་བསལ་ནས་འོང་། ཞེས་གསུངས་པས། བཀའ་མ་རྣམས་ཚོང་དུས་ཀྱི་འོ་མ་ལྟར་ལྷད་ཞུགས་ཏེ་འཆལ་བའི་དུས་སུ་ལས་འཕྲོ་སད་པའི་སྐལ་ལྡན་རྣམས་གཏེར་ཆོས་ཀྱིས་རང་གཞན་གཉིས་ཀའི་དོན་ཆེན་འགྲུབ་པར་དགོངས་ཏེ་རྒྱུད་ལུང་མན་ངག་གི་བཅུད་ཐམས་ཅད་སྒྲོམ་བུར་རྒྱས་བཏབ་ནས་བོད་ཡུལ་གྱིས་རི་བྲག་མཚོ་གསུམ། གཙུག་ལག་ཁང་སོགས་སུ་སྦས་པའི་དགོས་ཆེད། ཇི་སྐད་དུ། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང་༔ སྙིགས་མའི་འགྲོ་བ་ལྷག་པར་སྙིང་རྗེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ལས་ཅན་བུ་དང་ཕྲད་པའི་སྨོན་ལམ་བཏབ༔ མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན༔ སྒོམ་ཆེན་ལ་སོགས་ཕྱོགས་དང་རིགས་དྲེད་ཅན༔ རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་(༢༣༠ན)


GLG017_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་༔ སྙིང་མའི་ཆོས་བྱེད་ཕལ་གཅིག་གཏེར་གྱིས་འདྲེན༔ ཟབ་ལ་ཁ་ཚར་མི་བསྒྲིབས་མཐའ་རྒྱས་ཤིང་༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན༔ འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོང་༔ ཚེ་གཅིག་ཐར་ལམ་ཐོབ་པ་རྗེས་འཇུག་རྣམས༔ ཞེས་གསུངས་པ་ལྟར་སྙིགས་མའི་དུས་ཀྱི་འགྲོ་བ་སྤྱི་དང་། བྱེ་བྲག་སྐོར་གསུམ། རུ་བཞི། སྒང་དྲུག་སྟེ་བོད་ཡུལ་གྱི་སྐྱེ་རྒུ་རྣམས་ཀྱི་ཕན་བདེའི་རྩ་ལག་ཨཽ་ཌྜི་ཡ་ནའི་ཨཱ་ཙཪྻ་རྒན་པོའི་ཟབ་ཆོས་ལ་རག་ལུས་པའི་གཏེར་ཁ་རྣམས་ཞལ་འབྱེད་པ་པོ་ཐང་ཡིག་ཏུ། སངས་རྒྱས་བླ་མ་ནས་བཟུང་། བདེ་ཆེན་གླིང་པའི་བར་གྱི་གཏེར་སྟོན་ཆེས་མང་བ་དུས་རྟགས་དང་བཅས་ལུང་བསྟན་ཡང་ཤོག་སེར་ནས་འབེབས་སྐབས་ཆད་པ་བཞིན་ཡིན་ནམ་གསལ་བར་མི་སྣང་བ། ཁྲི་སྲོང་རྣམ་སྤྲུལ་ཆོས་རྒྱལ་བྱང་པ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས། རང་ཉིད་ཀྱི་གཏེར་ཆོས་ཇི་ལྟར་གསན་པའི་གཏེར་བྱོན་རྣམས་ཕྱོགས་གཅིག་ཏུ་སྒྲིགས་པ་གཏེར་སྟོན་བརྒྱ་རྩའི་གསོལ་འདེབས་སུ་སྔོན་བྱོན་ཕལ་ཆེར་ཚང་ཞིང་། དེ་ཡང་། མངའ་སྐྱོང་ཁྲི་ལྡེ་སྲིན་སྦར་གནས་སོགས་ནས། །ཟབ་གཏེར་སྒོ་འབྱེད་དོན་དུ་བསྟན་པའི་བདག །ཉང་རིགས་སྐུ་བལྟམས་རལ་པའི་ཅོད་པན་ཅན། །གོང་མ་ཉི་མ་འོད་ཟེར་ལ་གསོལ་བ་འདེབས། །དེ་འོག་ཞིང་འདིར་དཔང་སྟོན་གྲུབ་པའི་སྲས། །བོད་ཡུལ་གཏེར་གཅིག་གནམ་སྐས་ཁར་ཆུ་སོགས། །བཅོ་བརྒྱད་སྒོ་འབྱེད་གུ་རུ་ཆོས་དབང་ཞེས། །འབྲེལ་ཚད་(༢༣༠བ)


GLG017_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལྡན་ཆེན་པོ་ལ་གསོལ་བ་འདེབས། །ཞེས་གོང་འོག་གཉིས་ནི་ཉི་ཟླ་ལྟར་གྲགས་པའི་གཏེར་སྟོན་གྱི་རྒྱལ་པོ་ཡིན་ལ། ཆོས་རྒྱལ་དབང་པོའི་སྡེས་མྱོང་གྲོལ་པདྨ་རཱ་ག་དང་ལྷན་ཅིག་ཏུ་བསམ་ཡས་ཨརྻཱ་པ་ལོའི་གླིང་ནས་གདན་དྲངས་པའི་རང་གཏེར་ལས། ད་ལྟའི་མགོ་ནག་སྤྱི་ཡི་རྒྱལ་པོ་ཁྱོད༔ སྨོན་ལམ་དག་པའི་སྐྱེ་བ་རྣམ་ལྔས་འདོན་༔ ཞེས་པའི་སྐུ་སྤྲུལ་ཉང་ཉི་མ་འོད་ཟེར། གསུང་སྤྲུལ་གུ་རུ་ཆོས་ཀྱི་དབང་ཕྱུག །ཐུགས་སྤྲུལ་རིགས་འཛིན་ཡོངས་འདུས་ཀྱི་ཕྱི་སྒྲུབ་ཡོན་ཏན་གཏེར་མཛོད་ལས། འདི་ནས་ཚེ་ལོ་ལྔ་བཅུ་ཁ་རལ་དུསཿ ང་ཡི་ཐུགས་རྗེས་སྤྲུལ་པའི་རིགས་འཛིན་ནིཿ པདྨ་རྒྱལ་པོ་ཡེ་ཤེས་རོལ་བ་རྩལཿ ཕྱི་ལྟར་རབ་བྱུང་སྔགས་པའི་ཆ་ལུགས་ཅནཿ ནང་ལྟར་སེམས་བསྐྱེད་བསྟན་པའི་བྱ་བར་བརྩོན༔ གསང་བ་གཉིས་མེད་རྫོགས་ཆེན་དོན་དང་ལྡན༔ ཆོས་རྒྱལ་ཡབ་སྲས་འཚོ་རྒྱལ་སྨོན་ལམ་གྱིས༔ སྤྲུལ་པའི་གཟུགས་གྱིས་མ་འགགས་སྤྱོད་པ་སྐྱོང་༔ དེ་འདྲའི་གང་ཟག་ནུབ་ཀྱི་ཕྱོགས་ནས་འོངས༔ ཞེས་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེ། ཡོན་ཏན་གྱི་སྤྲུལ་པ་བྱང་བདག་རིགས་འཛིན་ཉིད་ཀྱི་རང་གཏེར་དུ། དམ་རྫས་དེ་དང་ཕྲད་པའི་སྐྱེས་བུ་དེ༔ སྐྱེ་བ་དུ་མར་ཟབ་གཏེར་ལ་སྤྱོད་པའི༔ སྐུ་ཡི་གཟི་བརྗིད་མཚན་རྟགས་བཅུ་གསུམ་ལྡན༔ བདེན་པའི་ངག་འགྲུབ་སྒྲ་དབྱངས་ཚངས་པའི་གསུང་༔ ཐུགས་ཀྱི་བྱིན་རླབས་དགོངས་པའི་གཏིང་དཔག་དཀའ༔ བདག་དང་རྒྱལ་པོའི་ཡོན་ཏན་སྤྲུལ་པ་སྟེ༔ ཞེས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་དང་། འཕྲིན་ལས་ཀྱི་སྤྲུལ་པ་ནི། (༢༣༡ན)


GLG017_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སླད་ནས་དུས་བབས་སུ་འབྱུང་འགྱུར་ཡིན་ཞིང་། གཞན་ཡང་རིགས་འཛིན་རྒོད་ལྡེམ། ཚེ་བརྟན་རྒྱལ་མཚན། མུང་པོ་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན། གླིང་པ་བཅུ་གཅིག །དྲི་མེད་གསུམ་སོགས་རྒྱ་ཆེར་བྱོན་པའི་ནང་ནས། རྡོ་རྗེ་ཆོས། འཕགས་པ་ཀུན་དགའ་བོ། རྒྱལ་པོ་ཛ། སློབ་དཔོན་ཤནྟིཾ་གརྦྷ། ཐུ་མི་ས་མྦྷོ་ཊ། ལོ་ཆེན་བཻ་རོ་ཙ་ན་སོགས་རིམ་གྱིས་བྱོན་པའི་དབང་ཕྱུག་འབར་ནི། ཐང་ཡིག་ལས། ཏའི་ཏུས་བརྩིགས་པའི་རྩིག་པ་སྡུག་པ་འོང་༔ ཇིང་དང་རྒྱ་རྣམས་གྲོག་མའི་ཚང་བཤིག་འདྲ༔ ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་གྲྭ་པ་མངོན་ཤེས་བྱ་བ་འབྱུང་༔ ས་སྟེང་གནས་གཞི་བརྒྱ་དང་རྩ་བརྒྱད་འགེངས༔ གྲ་མདའ་འདི་ལ་གཙུག་ལག་ཁང་ཞིག་འབྱུང་༔ རྒྱལ་པོས་བཞེངས་པའི་ལྷ་ཁང་བདག་པོ་བྱེད༔ ཅེས་རྒྱུད་བཞི་སོགས་སྨན་དཔྱད་ཀྱི་སྐོར་མང་པོ་དང་ཆོས་སྐྱོང་ཞང་བློན་གྱིས་ལས་ཚོགས། གོང་འོག་སོགས་གཏེར་ཁ་དུ་མའི་ཁ་བྱང་བཏོན་ཞིང་གྲ་ཐང་གིས་གཙོས་གནས་གཞི་བརྒྱ་དང་རྩ་བརྒྱད་བཞེང་བས་མཚོན་བཤེས་གཉེན་ཞིག་ལ་འཕྲིན་ལས་ཆེ། འདིའི་རྣམ་སྤྲུལ། ཐང་ཡིག་ཏུ། ཨྱོན་ང་ཉིད་གཉལ་སྨད་ལྷ་རྗེར་སྤྲུལཿ དྭགས་སྒམ་སྙིང་པོའི་དོན་སྒོམ་ཁྱུ་གཅིག་འབྱུང་༔ མཆིམས་ཕུ་ཁོ་མཐིང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟེན་ནས་བྱུང་༔ ར་ཤག་གཏེར་སྟོན་མདོས་ལ་མཁས་པ་འབྱུང་༔ ཞེས་མ་མོ་སྒང་ཤར་སོགས་མདོས་གཙོ་བོར་གྱུར་པའི་(༢༣༡བ)


GLG017_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་གཏེར་སྟག་སྒྲོ་གང་ཐོན། དེའི་སྐྱེ་བ་རྡོ་རྗེ་གླིང་པ་ནི། རང་གཏེར་ཏུ། མ་འོངས་ལྔ་བཅུ་ཁ་རལ་ཚེ༔ བསམ་ཡས་འདི་ཡི་ལྷོ་ནུབ་མཚམས༔ ལུང་པ་དོར་མ་བརྒྱངས་འདྲའི་ནང་༔ གྲ་ཞེས་བྱ་བའི་ཕུ་མདའ་རུ༔ རིགས་ལྡན་སྔགས་འཆང་བྱ་ཁྱི་ལོ༔ ཆུ་ཁམས་པདྨ་རྡོ་རྗེ་གླིང་༔ ཨྱོན་ང་རང་དངོས་གཅིག་འབྱུང་༔ སྐལ་ལྡན་དེ་དང་འདི་ཕྲད་ཤོག༔ ཅེས་པ་ལྟར་གནམ་ལྕགས་བྲག །སྤ་གྲོ་སྟག་ཚང་། སྒྲགས་ཡང་རྫོང་། བསམ་ཡས་མཆིམས་ཕུ་སོགས་གནས་མང་པོ་ནས། རྫོགས་པ་ཆེན་པོ་ལྟ་བ་ཀློང་ཡངས་། གུ་རུ་ཞི་དྲག །བཀའ་བརྒྱད། བོན་རྫོགས་ཆེན་གསེར་གྱི་ཡང་ཞུན། བླ་མ་རྒྱལ་བ་རྒྱ་མཚོ། ཡི་དམ་རྒྱལ་བ་རྒྱ་མཚོ། ཆོས་སྐྱོང་རྒྱལ་བ་རྒྱ་མཚོ། དཔའ་བོ་རྒྱལ་བ་རྒྱ་མཚོ། གཏེར་བདག་རྒྱལ་བ་རྒྱ་མཚོ། བསྟན་མ་རྒྱལ་བ་རྒྱ་མཚོ་སོགས་གཏེར་ཆོས་ཤིན་ཏུ་རྒྱ་ཆེ། འདིའི་སྐུ་སྐྱེས་ཀུན་སྐྱོང་གླིང་པ་ནི། རང་གཏེར་ལས། བཻ་རོ་ཁྱོད་ཀྱི་སྤྲུལ་པ་ནི༔ ཆུ་ཁམས་བྱའམ་ཁྱི་ལོ་པ༔ ཡབ་མེད་ཡུམ་བྲལ་སྔགས་འཆང་རིགས༔ ཨྱོན་མིང་འཛིན་ཤེས་རབ་ཅན༔ མ་ངེས་སྤྱོད་པས་འགྲོ་བ་འདུལ༔ གནས་མེད་རླུང་བཞིན་ཀུན་ཏུ་རྒྱུ༔ མོན་བལ་རྩེ་ལྔ་ཕྱོགས་སུ་འདའ༔ ཐུགས་གཏེར་དགོངས་གཏེར་མང་ཞིག་འབྱེད༔ ཅེས་ཟབ་ཕུ་མེ་ཚོར་ནས་རྡོར་སེམས་སྙིང་ཐིག །ཨྱོན་ཆེན་པོའི་ཟངས་སྐུ། བསམ་ཡས་མཆོད་རྟེན་དཀར་པོ་ནས་བྲམ་ཟེ་དྲི་མེད་བཤེས་གཉེན་གྱི་དབུ་ཐོད་སོགས་ཆོས་དང་དམ་རྫས་ཤིན་ཏུ་མང་། འཕྱོང་རྒྱས་རྩེར་མེ་ཤོར་བའི་དུས་ཟངས་སྐུས་མེ་ཐུབ་(༢༣༢ན)


GLG017_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཅུང་ཟད་གནས་ཡར་བྱུང་བའང་མིའི་རྨ་རྗེས་ལྟར་སོས་པའི་ཡ་མཚན་ཆེ། རྡོ་རྗེ་གླིང་པའི་གཏེར་ཁ་རྣམས་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པར་གྲགས། འདིའི་སྐུ་སྐྱེ་ཐང་ཡིག་ཏུ། ཉང་སྨད་ཉི་མ་མདོ་རུ་རྫོང་ཞིག་འབྱུང་༔ དམག་དཔོན་བརྒྱད་དང་བཅུ་དྲུག་ཕྱ་ལུང་འཚོག༔ གཡས་རུ་གཙང་འགྲམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང༔ ཨྱོན་མདོ་སྔགས་གླིང་པ་ཞེས་བྱ་འབྱུང་༔ ཞེས་པ་སྤྲུལ་སྐུ་མཆོག་ལྡན་མགོན་པོ་ཡིན་ནའང་། ཀུན་སྐྱོང་གླིང་པའི་དུས་བདུད་མོ་ཞིག་གི་རྐྱེན་གྱིས་ལུང་བསྟན་ངན་པ་ཞིག་བཟང་པོར་བསྒྱུར་བས་རྟེན་འབྲེལ་འཕྱུགས་ནས་གཏེར་འདོན་རྒྱུ་མ་བྱུང་། འོན་ཀྱང་མངའ་རིས་གུང་ཐང་རྒྱལ་པོའི་ཏི་ཤྲིར་སྐུར། སློབ་དཔོན་ཆེན་པོས་རབ་ཏུ་གནས་པའི་རྟ་མགྲིན་གྱི་སྐུ་འཇོན་དམར་ལས་གྲུབ་པ་ལྷོ་བྲག་ལུང་གསུམ་ལས་དགའ་བར་གྲགས་པ་དེ་ཕུལ། ཧོར་དམག་བཟློག་པའི་ཕྱིར་དུ་ཕོ་བྲང་སྣེའུ་སྡོང་རྩེ་ནས་བཀུར་སྟི་མཛད་པ་སོགས་འཕྲིན་ལས་རྒྱ་ཆེ། དམ་པ་དེ་དག་གི་སྐུའི་སྐྱེ་བ་རིམ་པར་བརྒྱུད་དེ། ཐང་ཡིག་ལས། ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང་༔ ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ༔ ཤ་འུག་སྟག་སྒོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨྱོན་གཏེར་བདག་གླིང་པ་ཞེས་བྱ་འབྱུང་༔ ཞེས་དེང་སང་གི་འགྲོ་བའི་སྤྱོད་ཚུལ་དང་དུས་རྟགས་མཐུན་པར་ཆེས་ཆེར་སྙིགས་མ་ལྔ་བདོ་བའི་སྐྱེ་རྒུ་རྣམས་མི་བཟད་པའི་དུཿཁ་ལས་ཉེ་(༢༣༢བ)


GLG017_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྐྱབས་ཏེ་ཕན་བདེའི་དབུགས་རིང་པོར་འབྱིན་པར་མཛད་པའི་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའམ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་དུ་གྲགས་པ་དེ་ནི་རང་གཏེར་གབ་རྒྱ་ཅན་ལས། བཻ་རོ་ཁྱོད་ནི་སྐྱེ་མཐའི་བྱང་སེམས་ཏེ༔ ཁྱོད་ཀྱི་འདི་གོང་སྐྱེ་བ་འདས་པ་ནི༔ སྨྲ་བསམ་བརྗོད་འདས་ཡེ་ཤེས་སྙིང་པོའི་དོན་༔ སེམས་ཅན་སངས་རྒྱས་མཉམ་ཉིད་ཁྱབ་བརྡལ་ཡང་༔ ཁམས་གསུམ་འགྲོ་བའི་འདྲེན་པ་རྡོ་རྗེ་ཆོས༔ ཤཱཀྱའི་ཉེ་གནས་ཨཱ་ནནྟ་ཞེས་དང་༔ རྒྱལ་པོ་ཛ་དང་ཤནྟིཾ་གརྦྷ་དང་༔ བོད་འདིར་སམྦྷོ་ཊ་སོགས་དག་པ་ཡི༔ སྐྱེ་བ་དེ་ཙམ་སྣང་གི་མ་དག་པའི༔ སྐྱེ་ཚུལ་བརྗོད་དུ་ལང་བའི་གནས་མ་ཡིན༔ དེ་ལྟར་དག་པའི་སྐྱེ་བ་དེ་དག་གི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་ཐུགས་བསྐྱེད་པས༔ བཻ་རོ་ཁྱོད་དུ་སྐྱེ་བ་བླངས་པ་ཡིན༔ ཁྱོད་ཀྱང་ཤྲཱི་སིངྷ་ཡེ་ཤེས་མདོ༔ པདྨ་བདག་སོགས་གཙུག་གི་བླ་མར་བསྟེན༔ གདམས་པའི་གནད་རྣམས་ཕུ་ཐག་དཔྱད་བྱས་ནས༔ ཆོས་སྐུའི་རང་ཞལ་མངོན་སུམ་རྟོགས་གྱུར་པས༔ ལས་འཕྲོ་མ་དག་སྐྱེ་བ་ལེན་མི་སྲིད༔ འོན་ཀྱང་སེམས་བསྐྱེད་སྨོན་ལམ་བཟང་པོ་ཡིས༔ མཚམས་སྦྱར་མཐའ་ཡས་འགྲོ་བའི་དཔལ་ཉིད་དུ༔ དབང་ཕྱུག་འབར་དང་རཀྵ་རྡོ་རྗེ་གླིང་༔ ཀུན་སྐྱོང་གླིང་དང་མདོ་སྔགས་གླིང་པ་སོགས༔ པདྨ་བདག་གི་ཟབ་གཏེར་བདག་པོ་དང་༔ གཞན་ཡང་ཐེག་པ་ཆེ་ཆུང་སྣ་ཚོགས་ལ༔ དེ་དང་མཐུན་པའི་ངོ་མཚར་སྐྱེ་བའི་གྲངས༔ བཅུ་ཕྲག་གཅིག་དང་གསུམ་ཙམ་འདས་པའི་མཐར༔ སུམ་ཅུ་ཁ་རལ་སྙིགས་མ་ལྔ་བདོའི་དུས༔ བསམ་ཡས་(༢༣༣ན)


GLG017_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ནུབ་གྲ་ཞེས་གཡོ་རུའི་སར༔ ལུང་པ་བྱང་ལྟ་དོར་མ་བརྐྱང་འདྲའི་ཚིགས༔ སྲིན་མོ་འཛེག་འདྲའི་དགེ་བསྙེན་སྔགས་ཞོལ་དུ༔ བུདྡྷ་ཛྙཱ་ནའི་སྤྲུལ་པ་ཚེ་མིང་ཕ༔ ཤེལ་དཀར་འཚོ་སྒྲོན་སྤྲུལ་པ་དབྱངས་མིང་མས༔ བསྐྱེད་པའི་རྣལ་འབྱོར་སྔགས་ཀྱི་བརྟུལ་ཞུགས་ཅན༔ མེ་ཁམས་ཁྱི་ཡི་ལོ་པ་པདྨའི་མིང་༔ གཟུགས་བྱད་ཧ་ཅང་མི་རིང་མི་ཐུང་བ༔ མདངས་སྣུམ་རིན་ཆེན་རིགས་ཀྱི་རྟགས་འཆང་བ༔ པདྨ་ང་ལ་མོས་པ་ལྷག་པར་བྱེད༔ བཅོ་བརྒྱད་ལོ་ལ་གཏེར་ཁ་དང་པོ་འབྱེད༔ ཅེས་པའི་དོན་བཞིན། སྔར་ལྷ་སྲས་མུ་རུག་བཙན་པོས་བློན་པོ་ཞང་རྒྱ་ཚ་ལྷ་སྣང་གི་བུ་བཀུམ་པའི་སྟོང་ལ་གྲ་དོལ་གཞུང་གསུམ་སྤྲད་པའི་ཡུལ་གྲུ་དེ་དག་བློན་པོའི་བརྒྱུད་པས་བཟུང་བ་བརྒྱུད་ཀྱི་མཐའ་རྫོགས་པའི་མག་པར་ཉང་རིན་པོ་ཆེའི་ཆོས་བདག་མཁའ་འགྲོའི་བཀའ་བབས་ཅན་མཐིང་མ་བ་གཉོས་ཞིག་ཆེན་པོའི་གདུང་འཛིན་ཞིག་བྱོན་པའི་མི་རབས་དུ་མའི་མཐར་སྔགས་བོན་སྦྲགས་མ་ཚེ་དབང་དོན་གྲུབ་ཀྱི་སྲས་སྤྲུལ་སྐུ་མདོ་སྔགས་བསྟན་འཛིན་གྱིས་བསམ་ཡས་ནས་བརྩིས་པའི་ལྷོ་ནུབ་གྲ་ནང་དགེ་བའི་གླིང་ཞེས་བྱ་བའི་དར་རྒྱས་ཆོས་སྡིང་གི་གནས་སུ་འོད་གསལ་ལྷ་གཉོས་ཀྱི་གདུང་སྔགས་རྙིང་མའི་གྲུབ་བརྙེས་རིམ་པར་བྱོན་པའི་བརྒྱུད་ལས་ཕྱགས་ཕབས་པའི་སྲས། མཉམ་མེད་ལྷ་བཙུན་ཆེན་པོའི་རིགས་འཛིན་སྲོག་སྒྲུབ་ཀྱི་ལུང་བསྟན་དུ་དྲན་པ་ནམ་མཁའ་དང་། གཏེར་གསར་དུ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པར་བཤད་པ། དམ་པ་དེ་དག་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པས་ཟླ་བ་གཅིག་(༢༣༣བ)


GLG017_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྫིང་བུ་མང་པོར་གཟུགས་བརྙན་འཆར་བ་བཞིན་ཡབ་རིགས་འཛིན་ཆེན་པོ་འཕྲིན་ལས་ལྷུན་གྲུབ་དང་ཡུམ་ཤེལ་དཀར་བཟའ་འཚོ་སྒྲོན་གྱི་སྤྲུལ་པ་ལྷ་འཛིན་དབྱངས་ཅན་སྒྲོལ་མའི་སྲས་སུ་རིགས་འཛིན་ཆེན་པོ་འདི་མེ་ཕོ་ཁྱིའི་ལོ་ལ་སྐུ་བལྟམས་པའི་ངོ་མཚར་གྱི་མཛད་པ་གསང་བ་བསམ་གྱིས་མི་ཁྱབ་པ་དག་གླེང་བར་བྱ་བ་དུས་སུ་མ་བབས་པས་རེ་ཤིག་བཏང་སྙོམས་སུ་བཞག །གདུལ་བྱ་ཐུན་མོང་བ་དང་གོ་མཚུངས་པའི་རོལ་རྩེད་དང་། ཡིག་ཀློག །ཐོས་བསམ་གྱི་ཚུལ་རྣམས་ཚེགས་ཆུང་ངུས་ཐུགས་སུ་ཆུད་ཅིང་། ཁྱད་པར་ཡབ་རིགས་འཛིན་ཆེན་པོ། ཟུར་ཐམས་ཅད་མཁྱེན་པ། རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ། དཔལ་ས་སྐྱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། མཁན་ཆེན་ཆོས་ཀྱི་རྒྱལ་པོ་ཞ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ། རིགས་འཛིན་སྒྲུབ་པའི་སྐུ་མཆོག་པདྨ་འཕྲིན་ལས། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། མཁས་གྲུབ་ཁྲ་ཚང་བ་ཆེན་པོ་བློ་མཆོག་རྡོ་རྗེ། སེ་སྟོན་ཐུགས་མཆོག་འོད་འབར། ཟུར་ངག་དབང་ཕུན་ཚོགས། རྗེ་བོན་ལུང་པ་གར་དབང་ཚུལ་ཁྲིམས་རྒྱལ་མཚན། ཐུགས་སྲས་སྤྲུལ་སྐུ། སྔགས་འཆང་ཆེན་པོ་མངའ་རིས་པ་དཀོན་ཅོག་ལྷུན་གྲུབ། འོད་མཆོག་སྤྲུལ་སྐུ་སོགས་དམ་པ་དུ་མ་ཡོངས་འཛིན་དུ་བསྟེན་ནས་སྔགས་གསར་རྙིང་གི་དམ་པའི་ཆོས་ཀྱི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་ཤིང་ངེད་རང་ནས་ཀྱང་སྔགས་གསར་རྙིང་གི་ཆོས་བཀའ་རྒྱ་མི་ཆུང་བ་ཕུལ། (༢༣༤ན)


GLG017_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྔགས་ཡེ་ཤེས་ཀྱི་རྣལ་འབྱོར་མཐར་ཕྱིན་པས་མཁྱེན་བརྩེ་ནུས་པའི་ཐུགས་ཀྱི་ཀློང་རང་བརྡོལ་དུ་གྱུར། གོང་སྨོས་ཀྱི་བླ་མ་དྲུག་ཙམ་མ་གཏོགས་གཞན་རྣམས་དང་། གངས་ཅན་གྱི་ལྷ་གཅིག་དཔལ་ཕག་མོ་གྲུ་པ་ཡབ་སྲས། སྒམ་འབྲུག་སྤྲུལ་སྐུ་གཉིས་སོགས་བླ་ཆེན། མཁན་པོ། སྤྱན་ལྔ། སློབ་དཔོན། ལུང་དང་རིགས་པ་སྨྲ་བའི་བཤེས་གཉེན། རྣལ་འབྱོར་སྤྱོད་པ་ཀུ་སཱ་ལི་ལ་སོགས་ཆོས་ཀྱི་རྗེས་སུ་འབྲངས་པའི་མཆོག་དམན་མང་པོས་དམ་པའི་ཆོས་ཀྱི་སྒོ་སྐལ་ཉེ་བར་ནོས་ཤིང་། དཔལ་ལྡན་ས་སྐྱ་པ་དང་འབྲི་གུང་སྤྲུལ་པའི་སྐུ་སོགས་མང་པོས་ཚུལ་དེ་ལྟ་བུ་བཞེད་པའི་སྙན་གསན་ལན་ཅིག་མ་ཡིན་པར་གསོལ། གནམ་དང་སའི་དབང་ཕྱུག་བློ་བཟང་མཐུ་སྟོབས་དང་བློ་བཟང་སྦྱིན་པ། འོད་གསལ་ལྷ་རིགས་འཛིན་པ་ས་སྐྱོང་རྒྱ་རི་བ། ཡར་འབྲོག་ཁྲི་དཔོན་སོགས་དཔོན་ཆེན། དཔོན་སྐྱ། མདུན་ན་འདོན། རྫོང་གཉེར་སྣ་བོར་གཏོགས་པ་སོགས་མཆོག་དམན་མཐའ་དག་གི་གུས་པས་བཏུད་ཅིང་། སྐབས་དོན་གྱི་གཙོ་བོ་དགུང་ལོ་བཅོ་བརྒྱད་དུ་སླེབས་པ་ཆུ་མོ་ཡོས་ཀྱི་ལོ་ལ་བྲག་དམར་གཡའ་མ་ལུང་ནས་རིགས་འཛིན་ཐུགས་ཐིག་གི་སྐོར། ཉེར་གཉིས་པ་མེ་མོ་ལུག་གི་ལོར་ཡར་ཀླུངས་ཤེལ་བྲག་ནས་འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད། སོ་གཅིག་པ་མེ་འབྲུག་ལ་གནམ་ལྕགས་བྲག་ནས་རྫོགས་ཆེན་དང་དྲག་དམར་གྱི་སྐོར་སོགས་སྤྱན་དྲངས་ཤིང་། །སླར་ཡང་འདྲེན་པར་འགྱུར་བ་སོགས་འཁོར་ལོ་གསུམ་གྱི་མཛད་པའི་ཆ་ཤས་ལས་རང་གཏེར་དུ། །ཁྱད་པར་གཡུ་རུ་གཙང་མའི་སར༔ (༢༣༤བ)


GLG017_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་འཆད་ཅིང་སྒྲུབ་པའི་སྡེ༔ ཚོམ་བུ་གཅིག་ཏུ་འདུས་པ་དག༔ བརྩོན་པས་བསྒྲུབས་ནས་འགྲུབ་གྱུར་ཅིང་༔ མ་འོངས་བསྟན་པ་ཆེར་འཕེལ་ཏེ༔ བོད་ཀྱི་བདེ་སྐྱིད་གོང་དུ་སྤེལ༔ ཞེས་པའི་དོན་ལྟར། ཟབ་གཏེར་འདི་ཉིད་ལ་ཐོས་བསམ་སྒོམ་གསུམ་བྱ་བའི་རིགས་འཛིན་འདུས་གྲ་ཞིག་དགའ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་སྲིད་ཟུང་དུ་འཇུག་པའི་སྟོབས་ཀྱི་འཁོར་ལོ་བླ་ནས་བླར་འཕགས་པ་ཆབ་སྲིད་གདུགས་དཀར་པོ་གཅིག་གི་གྲིབ་བསིལ་ལ་པུར་རྒྱལ་བོད་ཀྱི་རྒྱལ་ཁམས་ཐམས་ཅད་རྫོགས་ལྡན་གྱི་དགའ་སྟོན་ལ་སྤྱོད་པ་དང་། རིགས་འཛིན་ཆེན་པོ་ཉིད་མཐོང་ཐོས་དྲན་རེག་གི་སྐྱེ་རྒུ་མཐའ་དག་རྣམ་བྱང་གི་གོ་འཕང་ལ་འགོད་པའི་དགོས་པ་དུ་མའི་ཆེད་དུ་འཛུགས་པར་བཞེད་པའི་གནས་མལ་གྱི་གཞི་དང་། ལྷ་འབངས་དང་། ཚོན། གསེར་ཤོག །འབྲུ། ཤ །ཤིང་གིས་མཚོན་པའི་ཉེར་སྤྱད་ངེད་རང་དང་སྡེ་པ་སྔ་ཕྱི་ནས་རིམ་པར་ཕུལ་ཞིང་། དཀར་ཕྱོགས་ལ་དགའ་བའི་གཞི་བདག་རྣམས་ཀྱིས་ས་རྡོ་ཆུ་སོགས་སྦྱར་བས་མཚོན་རིས་བྲལ་འཕྲིན་ལས་ཀྱི་འཇུག་པའི་འབྱོར་པ་ལྷུན་གྱིས་འགྲུབ་པར་བརྟེན། སྤེལ་པའི་ཡུལ་དཔལ་དང་པོའི་སངས་རྒྱས་དུས་ཀྱིས་འཁོར་ལོའི་བསྡུས་པའི་རྒྱུད་ལས། གླིང་ནི་ཟླ་བ་འོད་དཀར་ཅན་དང་རབ་མཆོག་ཀུ་ཤ་དང་ནི་མིའམ་སྤྱི་དང་ཁྲུང་ཁྲུང་དང་། དྲག་པོ་ཡང་ནི་ལོངས་སྤྱོད་ས་སྟེ་བདུན་པར་འཛམ་བུའི་མི་རྣམས་གནས་པ་དག་ནི་ལས་ཀྱི་ས། ཞེས་རི་རབ་རྡོ་རྗེའི་རྣམ་པ་ཅན་གྱི་རྭ་འོག་ཏུ་ཆུད་པར་ལོངས་སྤྱོད་ཀྱི་ས་དང་། གླིང་བཞི་གླིང་ཕྲན་བརྒྱད་ནི་ལས་ཀྱི་ས་སྟེ་འཛམ་གླིང་ཆེན་པོ། (༢༣༥ན)


GLG017_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ནང་ཚན་ལྷོ་གླིང་འདི་འཛམ་གླིང་ཆུང་ངུར་བཤད་པའི་དབུས་སུ་ས་གཞི་ལ་གྱེན་དུ་འབུར་དོད་དཔག་ཚད་སྟོང་ཕྲག་བརྒྱད་ཀྱིས་མཐོ་བ་ཟུར་གསུམ་མེའི་ཁམས་སུ་ཡོད་པས། བསྡུས་རྒྱུད་ལས། ཤར་དུ་རླུང་ནི་ཤིན་ཏུ་ཟླུམ་པོར་འགྱུར་ཏེ་མི་ཡི་བདག་པོ་ལྷོ་རུ་མེ་ནི་གྲུ་གསུམ་མོ། །ཞེས་པའི་ལྟེ་བ་མ་ག་དྷ་དུས་གསུམ་གྱི་བདེར་གཤེགས་ཐམས་ཅད་མཆོག་གི་སྤྲུལ་སྐུར་སངས་རྒྱས་ཤིང་རྒྱ་བའི་གནས།ཤར་དུ་འཕགས་པ་འཇམ་དཔལ་གྱིས་རྩིས་ཀྱི་གཙུག་ལག་བརྒྱད་ཁྲི་བཞི་སྟོང་བསྟན་པའི་གནས་རི་བོ་རྩེ་ལྔ། ལྷོར་འཇིག་རྟེན་དབང་ཕྱུག་གི་གནས་པོ་ཏ་ལ། ནུབ་ན་གསང་སྔགས་ཐམས་ཅད་ཀྱི་འབྱུང་ནས་ཨྱོན་དྷུ་མ་ཐ་ལའི་གཙུག་ལག་ཁང་། བྱང་ན་ཀ་ལཱ་པ་རིགས་ལྡན་གྱི་གྲོང་ཁྱེར་སོགས་ཡུལ་གྲོང་། ཆུ་བྲག་ལྗོན་ཤིང་སོགས་ངོ་མཚར་བའི་དགེ་མཚན་དུ་མས་གཏམས་པའི་བྱང་ཕྱོགས་ན་ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་ཁ་བ་ཅན་གྱི་ལྗོངས་འདི་རིན་སྤུངས་ས་སྤྱོད་དབང་པོས་ས་པན་གྱི་རྣམ་ཐར་སརྒ་བཅུ་གཉིས་མར། ནོར་འཛིན་མ་འདིའི་རྒྱན་དུ་སྲིད་པ་ཡིས། །བྱིན་པའི་གངས་རི་དཔལ་གྱི་དོ་ཤལ་ཅན། །ལྟོ་བར་ཆོས་ཀྱི་རྒྱལ་སྲིད་བླ་ན་མེད། ས་སྐྱར་གྲགས་པའི་རི་མོ་ཕྱོགས་སུ་རིང་། །ཞེས་པའི་ཚིག་རྐང་བཞི་པ་པཎ་ཆེན་སྨོན་གྲོ་པ་རིག་གནས་རྒྱ་མཚོའི་འཕྲེང་བ་འཛིན་པས་དོན་ཐོག་ཏུ་བསྒྱུར་བ། གླིང་རྣམས་ཀུན་གྱི་གཙུག་ཏོར་འདི་ཡིན་ནོ། །ཞེས་གསུངས་པ་(༢༣༥བ)


GLG017_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གླིང་ཤིང་ཏུ་མང་བར་བཤད་ཀྱང་། གླིང་དང་ཡུལ་ལྗོངས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་གཙུག་ཏོར་ལྟ་བུ་བོད་ཡུལ་འདི་རི་མཐོ་བ། ས་གཙང་བ། བསིལ་ལ་མཛེས་པ་ལྷ་གནས་གཞལ་ཡས་ཁང་དང་འདྲ་བ། ཕྱོགས་བཞིར་ཆུ་བོ་ཆེན་པོ་བཞི་འབབ་པ། མི་དཔའ་ཞིང་རྟ་མགྱོགས་པ། གངས་རིའི་རྒྱུད་ཀྱི་ར་བ། རིན་པོ་ཆེའི་འབྱུང་ཁུངས། རྩི་མཆོག་དྲི་ཞིམ་ལ་བཅུད་ཆེ་བ། འབྲུའི་རྣམ་པ་མང་ཞིང་བཟང་བ། རིགས་གསུམ་མགོན་པོའི་རྒྱལ་ཁམས། བསྐོས་པའི་རྒྱལ་པོ་སྡེ་བཞིས་ཀྱང་འགྲན་ཟླ་མེད་པའི་བོད་ཡུལ་འདི་སྔོན་ཆོས་སྐྱོང་བའི་རྒྱལ་པོ་མེས་དབོན་གྱི་དུས་སྤུ་རངས། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག །ལི་དང་། གྲུ་ཤ །སྦལ་སྡེ་གསུམ་སྐོར་གཅིག །ཞང་ཞུང་ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག་སྟེ། སྟོད་མངའ་རིས་སྐོར་གསུམ། མདོ་ཁམས་ལ་སྨད་ཁམས་བཏགས་པ་ཁམས་གཅིག །མདོ་སྨད་ལ་གཡར་མོ་ཐང་བཏགས་པ་ཁམས་གཅིག །བཙོང་ཁ་ལ་གྱི་ཐང་བཏགས་པ་ཁམས་གཅིག་སྟེ་སྨད་མདོ་ཁམས་སྒང་གསུམ། དབུས་ན་དབུ་རུ་དང་། གཡོ་རུ་གཉིས། གཙང་ན་གཡས་རུ་དང་། རུ་ལག་གཉིས་ཏེ་བར་དབུས་གཙང་རུ་བཞི་ལས་གཡོ་རུའི་ཆ། ཚེ་རིང་གནམ་གྱི་ཤེ་མོང་གི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཇིང་གིར་ཧོར་གྱི་ལུང་གིས་དཔལ་ས་སྐྱ་པར་ཆོལ་ཀ་གསུམ་གནང་བའི་དབུས་གཙང་ཁྲི་སྐོར་བཅུ་གསུམ་དུ་ཕྱེ་བ་ལས་ཚལ་པ་ཁྲི་སྐོར་དུ་གཏོགས་པ། གྲ་ཕུན་ཚོགས་དགེ་བའི་གླིང་གི་གྲ་ཕྱི་ཞེས་བྱ་བའི་ལྟེ་བ་སྔོན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་(༢༣༦ན)


GLG017_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞབས་ཀྱིས་བཅགས་ཤིང་གླུ་མེས་ཚུལ་ཁྲིམས་ཤེས་རབ་སློབ་རྒྱུན་དང་བཅས་པའི་གནས་ཀྱི་ཤུལ། རྒྱུད་སྡེ་དང་དཀྱིལ་འཁོར་གྱི་ཆོ་ག་རྣམས་ལས་ཇི་ལྟར་བཤད་པའི་གནས་ཀྱི་མཚན་ཉིད་ཐམས་ཅད་ཡོངས་སུ་ཚང་བའི་གཞི་དེར་འོག་མིན་ཨྱོན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་གྲགས་པའི་འདུས་སྡེའི་གནྡྷོ་ལ་འཕགས་ཡུལ་དུ་ཨཱ་ན་ལར་གྲགས་པ་རྒྱ་ནག་གཙུག་ལག་པ་མེ་འབྲུག་ཏུ་འབོད་པའི་ཟླ་བ་དང་པོའི་ཉེར་དགུ་གཟའ་པ་སངས་དང་། སྐར་མ་མོན་གྲུ་འཕྲོད་པའི་ཉིན་རིགས་འཛིན་ཆེན་པོ་ཉིད་འཁོར་ལོའི་མགོན་པོར་བཞེངས་ཏེ་དཔལ་ཆེན་རྡོ་རྗེ་ཕུར་བུ་འཕྲིན་ལས་དྲག་པོའི་དཀྱིལ་འཁོར་ཆེན་པོའི་ལས་རིམ་དང་འབྲེལ་བར་སའི་ཆོ་གས་བཀྲ་ཤིས་པར་མཛད་དེ་ཟླ་བ་གཉིས་པའི་ཚེས་གསུམ་དམག་དཔོན་ཐ་སྐར་གྱི་འགྲུབ་སྦྱོར་ཐོག་མཁར་ལས་ཀྱི་འགོ་བཙུགས་ནས་རྟེན་གཞལ་ཡས་ཁང་ལོ་དེ་ནང་དུ་གྲུབ་པའི། ལོ་ཕྱི་མ་གཉིས་སུ་རིམ་པར་བསྐྲུན་པའི་བརྟེན་པ་ལྷ་ལ་དྲི་གཙང་ཁང་དུ་སྟོན་པ་ཐུབ་པའི་དབང་པོ། ཉན་ཐོས་མཆོག་ཟུང་། བྱང་སེམས་ཉེ་བའི་སྲས་བརྒྱད། སྒོ་སྲུང་རྟ་མགྲིན་དང་ཕྱག་རྡོར་རྣམས་འབུར་དུ་བཞུགས་ཤིང་། རི་མོར་དུས་གསུམ་སངས་རྒྱས། སངས་རྒྱས་རབས་བདུན། སྨན་བླ་དང་འོད་དཔག་མེད། སྒོ་འགྲམ་ན་ཚངས་པ་དང་བརྒྱ་བྱིན། འདུ་ཁང་གི་གཡས་ན་ལྷ་ཁང་བཞལ་ཡས་ཁང་ན་འབུར་དུ་སྒྱུ་འཕྲུལ་དྲ་བའི་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ། རིགས་དྲུག་པ་ཀུན་བཟང་། རྣམ་སྣང་། མི་བསྐྱོད། རིན་འབྱུང་། སྣང་(༢༣༦བ)


GLG017_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ། དོན་གྲུབ་རྣམས་འབུར་དུ་བཞུགས་ཤིང་། རི་མོར་གཡས་ངོས་ལ་སྒོ་འབྱེད་ཕྱག་རྡོར་ནས་བཟུང་། ཨ་ཏིའི་དཀྱིལ་འཁོར་བར་གྱི་མདོ་དབང་གི་དཀྱིལ་འཁོར་གཙོ་བོ་ཕལ་ཆེར་བྲིས་པ་ལ་བཀའ་མ་རགས་པ་ཚང་བ། གཡོན་ལ་བཀའ་བརྒྱད་སྤྱི་བཀའ། སྒོས་དཀའ། ཚེ་བདག །རྟ་མགྲིན། ཡང་གསང་། གཏེར་མའི་ཡི་དམ་རགས་བསྡུས་རྣམས། འདུ་ཁང་གི་གཡོན་ངོས་མགོན་ཁང་དཔལ་ཆེན་ལྷ་ཁང་གི་གཙོ་བོར་དཔལ་ཆེན་ཆེ་མཆོག་དབུ་དགུ་ཕྱག་བཅོ་བརྒྱད་པ། ཕྱག་བཞི་པ། མ་ནིང་། སྔགས་སྲུང་མ། གཟའ། རྣམ་སྲས། དུར་ཁྲོད་མ་མོ། འདོད་ཁམས་དབང་ཕྱུག །གཏེར་གསར་མགོན་པོ་རྣམས་དང་། རི་མོར་ཆོས་སྐྱོང་། དེ་རྣམས་ཀྱི་འཁོར་ཚང་མ་དང་། སྡེ་དཔོན་སུམ་ཅུ། ཕུར་སྲུང་བཅུ་གཉིས་སོགས་ཀྱི་གཏོར་ཚོགས་རྟེན་རྫས་ཚང་མ། དེའི་སྦུག་གསང་བའི་མགོན་ཁང་ན་བསྟན་སྲིད་རིན་པོ་ཆེའི་སྲོག་མཁར་གྱི་རྟེན་བཅས་པའི་ཆོས་སྐྱོང་དེ་རྣམས་ཀྱི་བླ་རྡོ་རྟེན་གཏོར་དང་བཅས་ཡོད་པ་དམ་འབྱར་མ། གཙང་ཁང་གི་ཐོག་འོག་མིན་ཆོས་དབྱིངས་ལྷ་ཁང་གི་རྟེན་གཙོར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། དངུལ་དཀར་ལས་གྲུབ་པའི་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད། བཀའ་གཏེར་བརྒྱུད་པའི་བླ་མ་རགས་བསྡུས་བརྒྱད་ཙམ་དང་། རྩ་བའི་བླ་མ་རྣམ་གཉིས་ཀྱི་སྐུ་བརྙན། རི་མོར་བཀའ་གཏེར་གྱི་ཆོས་རྒྱུན་གཙོ་ཆེ་བ་ཕལ་ཆེར་གྱི་བླ་མ་རྣམས། བསྟན་སྲིད་དང་འདི་གའི་རིམ་གྲོ་ཁོ་ནར་དགོངས་པ་བསྟད་དེ་ལྷ་ཁང་པདྨོ་བཀོད་ན་ངེད་རང་གི་གཟུགས་བརྙན་(༢༣༧ན)


GLG017_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་ཀྱི་ཕྱག་རྒྱ་ཅན་དངས་མ་བཅུད་འདྲེན་དང་། ཡང་སྙིངཀུན་འདུས་ཀྱི་གཙོ་བོ། རི་མོར་དེ་གཉིས་ཀྱི་འཁོར་དང་བོད་འབངས་བདེ་ཐབས་ལུང་བསྟན་ཚོར་འབྱུང་བའི་རིགས་གསུམ་སོགས་ལྷ་རགས་བསྡུས། ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ཆོ་གའི་རྒྱུན་འཛུགས་མི་ཆད་པའི་ཐུགས་རྩིས་དང་། འདུ་ཁང་གི་སེང་གདོང་གཡས་ཀྱི་གཙོ་བོ་སྔགས་ཀྱི་སྟོན་པ་དཔལ་ཀུན་ཏུ་བཟང་པོ། དེའི་གཡས་སུ་རྡོ་རྗེ་སེམས་དཔའ་དང་། གཡོན་དུ་ཕྱག་ན་རྡོ་རྗེ་གསུམ་གཙོ་བོའི་ཚུལ་དུ་བཞུགས་པའི་འཁོར་གཡས་སུ་རྫོགས་ཆེན་གྱི་བརྒྱུད་པའི་ཆུ་འགོ་རགས་བསྡུས་ལ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཛྙཱ་ན་སཱུ་ཏྲ། བི་མཱ་ལ་མི་ཏྲ། བཻ་རོ་ཙ་ན། ཏིང་འཛིན་བཟང་པོ། གཡུ་སྒྲ་སྙིང་པོ། གཡོན་དུ་སྒྱུ་འཕྲུལ་གྱི་བརྒྱུད་པའི་ཆུ་འགོ །དགེ་ལོང་ཀུ་ཀུ་རཱ་ཛ། རྒྱལ་པོ་ཛ། ཨིནྡྲ་བྷཱུ་ཏི། སངས་རྒྱས་གསང་བ། སྒེག་པ་རྡོ་རྗེ། རྨ་རིན་ཅེན་མཆོག །སེང་གདོང་གཡོན་གྱི་གཙོ་བོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། གཡས་སུ་མཁན་པོ་ཞི་བ་འཚོ། གཡོན་དུ་པཎ་ཆེན་བི་མ་ལ་མི་ཏྲ་གསུམ་གཙོ་བོའི་ཚུལ་དུ་བཞུགས་པའི་འཁོར་དུ་གུ་རུ་མཚན་བརྒྱད། ལས་ཅན་དག་པའི་འཁོར་ལྔ། ཀ་མ་ལ་ཤཱི་ལ། ཇོ་བོ་རྗེ། འདུ་ཁང་གི་གྱང་དང་ཤར་གྱི་སྐྱ་ལ་སྟག་མོ་ལུས་སྦྱིན་ནས་བཟུང་བྱ་ཤིང་རྟ་མོའི་བར་འཁྲུངས་རབས་སོ་བཞི་པ། ལྷོའི་སྐྱ་ལ་བཅོམ་ལྡན་འདས་ཀྱི་སྐུ་ཚེ་འདིའི་མཛད་པ་བཅུ་གཉིས་དང་། སློབ་དཔོན་ཆེན་པོའི་རྣམ་ཐར་སིནྡྷུ་རྒྱ་མཚོ་མ་རྒྱས་ཙམ་སོགས་ཤིང་རྩ་དང་བཅས་པ་བསྒྲུབས་པའི་རྡོ་ཤིང་གི་བཟོ་བོ། ལྷ་བཟོ་བ་སོགས་ལ་རྒྱུན་གྱི་བཟའ་བཏུང་ཐོག་མཐའ་བར་གྱི་སྟོན་མོ་དང་མཚར་ཁ་ཡོན་གྱི་དངོས་པོ་བཅས་པས་མཉེས་པར་མཛད་(༢༣༧བ)


GLG017_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། བར་གཅོད་ཀྱི་ཉེར་འཚེ་གང་གིས་ཀྱང་མ་རེག་པར་སྟོད་འགྲེལ་དུ་ཀཱ་ལ་དཱུ་ཏིར་བཤད་ཅིང་། གཙུག་ལག་སྤོར་ཐང་པའི་ས་ཕོ་རྟའི་ལོ། ཧོར་གྱི་ཟླ་བ་དྲུག་པའི་ནང་དུ་གྲུབ་པ་མདོ་དྲན་པ་ཉེར་བཞག་ལས། རྟེན་དང་བརྟེན་པར་ལེགས་བསྐྲུན་དང་། །དགེ་འདུན་གནས་མལ་བཅའ་བ་སོགས། །དགེ་ནས་དགེ་བར་རྟག་ཏུ་འགྱུར། །བསྐལ་པ་བྱེ་བ་སྟོང་དུ་ཡང་། །དགེ་བ་ཡོངས་སུ་ཆུད་མི་ཟ། །ཞེས་དགེ་འདུན་གྱི་ཀུན་དགའ་ར་བ་གནས་མལ་བརྩིགས་པའི་ཕན་ཡོན་བསྐལ་པ་སྟོང་དུ་ཆུད་མི་ཟ་བ་སོགས་མཐའ་ཀླས་ཤིང་། སྙིང་རྗེ་པད་དཀར་ལས། སྟོན་པ་འདས་ནས་བསྟན་པ་སུས་འཛིན་ཞུས་པའི་ལན་གྱི་ནང་ཚན། བྱང་ཕྱོགས་ཀྱི་བརྒྱུད་གྲོང་ཁྱེར་རྡོ་མཆོག་ཅེས་པར་ཁྱིམ་བདག་རལ་པ་ཅན་ཞེས་པ་འབྱུང་། དེས་ངའི་ལུས་དང་ཉན་ཐོས་རྣམས་མཆོད་ཅིང་རྟེན་དང་བརྟེན་པ་བཞེང་བར་འགྱུར་ཏེ། བསྐལ་པ་སྟོང་ནས་བསྐལ་པ་བཟང་བྱེད་ལ་བཀོད་པ་ཆེན་པོས་ལེགས་པར་བརྒྱན་པའི་འཇིག་རྟེན་དུ་སངས་རྒྱས་ཀུན་ཏུ་སྣང་བ་ཞེས་བྱ་བར་འགྱུར་རོ། །བྱང་ཕྱོགས་སུ་དགེ་སློང་འཚོ་བྱེད་ཅེས་པ་ཐེག་ཆེན་པ་ཞིག་འབྱུང་སྟེ། དེས་སངས་རྒྱས་ཀྱི་མཆོད་རྟེན་ཞིག་ལ་འཆོས་ཤིང་གསེར་གྱིས་བརྒྱན་པ་ལ་སོགས་བྱེད་ཅིང་བདེ་བ་ཅན་དུ་སྐྱེའོ། །ཞེས་པ་བོད་དུ་འབྱུང་བར་འཆད་མཁན་ཡང་སྣང་མོད། རྒྱ་གར་གྱི་ཕྱོགས་སུ་བྱུང་བར་མཁས་པ་ཕལ་ཆེར་བཞེད་ཅིང་དོན་ལ་གནས། མངོན་འཚང་རྒྱ་བ་དང་བདེ་བ་ཅན་དུ་སྐྱེ་བ་སོགས་ཀྱི་ཡོན་ཏན་དང་ཆ་འདྲ་བ་ཚུལ་དེ་ལྟ་བུ་གཞན་དག་ལ་ཡང་འབྱུང་བས་ཕན་ཡོན་མཐའ་ཀླས། དེར་མ་ཟད་སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པའི་ཁྱད་པར་འཕགས་བསྟོད་ལས། གཅེར་བུ་ཀུན་དགའ་ར་བ་སོགས། །བརྩིགས་པ་སྡིག་པའི་རྒྱུ་(༢༣༨ན)


GLG017_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར། །ཐམས་ཅད་མཁྱེན་པ་ཁྱོད་ཀྱིས་ནི། །དེ་ཉིད་བསོད་ནམས་རྒྱུ་ཞེས་གསུངས། །ཞེས་པའི་ཚིག་འདི་ལ། པཎ་ཆེན་ཝ་ན་རཏྣའི་གསུང་ལས། མུ་སྟེགས་པ་ཐབས་ལ་མཁས་པ་ཡིན་པས་སངས་རྒྱས་ཀྱིས་གསུངས་པའི་འདུལ་བ་མདོ་སྡེ་ནང་དུ་གསལ་བ་ལྟར་ཡིན་ཞིང་བདེ་བར་གཤེགས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་བཞུགས་པའི་དྲི་གཙང་ཁང་དང་གཙུག་ལག་ཁང་དང་གནས་མལ་བཞེངས་པ་ལྟ་ཅི་སྨོས། ཐ་ན་དེ་རྣམས་ཀྱིས་སྒོ་ཁྱམས་དང་། གཡོས་མལ་བྱེད་པའི་ཁང་ཕྲན་ཙམ་བཞེང་བའི་ཆེད་དུ་གོམ་པ་བདུན་བརྒྱབ་ན་ཡང་ངན་སོང་དུ་མི་འགྲོ་ཞིང་ལྷ་ལུས་ཐོབ་བོ། །དཀོན་མཆོག་གསུམ་བཞུགས་པའི་གནས་གཞི་བཟོ་བ་དེ་ལ་དམིགས་པའི་བཟའ་བཏུང་གི་སྦྱོར་བའི་དུ་བ་ཕོག་པའི་སེམས་ཅན་དང་། ལས་མིའི་རྐང་འོག་སོགས་སུ་སྲོག་ཆགས་ཤི་བ་རྣམས་ཀྱང་ངན་སོང་གསུམ་གྱི་གནས་སུ་མི་ལྟུང་། ཕ་ལ་ཕ་ལ་ཞེས་གསུངས་སོ། དེ་བཞིན་གཤེགས་པའི་གཟུགས་བརྙན་གཞག་པའི་ཕན་ཡོན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས། དགེ་སློང་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་འདི་ལྔ་ཡོད་དེ། ལྔ་གང་ཞེ་ན། གཞལ་མེད་ཁང་ཆེན་པོར་གནས་པ་དང་བོང་སྟེང་བཟང་པོར་གྲགས་པ་དང་སྤྲོ་བ་མང་བ་དང་ཚེ་རིང་བ་དང་གྲགས་པ་དང་ལྡན་པ་དང་བདེ་བ་མང་བ་སྟེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་དང་པོ་ཡིན་ནོ། གཞན་ཡང་ཕྱུག་པ་དང་ནོར་མང་བ་དང་ལོངས་སྤྱོད་ཆེ་བ་དང་ནོར་རྫས་དང་ཡོ་བྱད་མང་བ་དང་བདག་དབང་བདག་གིར་བྱ་བ་མང་བ་དང་ནོར་དང་འབྲུ་(༢༣༨བ)


GLG017_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབྱིག་དང་མཛོད་དང་བང་བའི་ཚོགས་མང་བ་དང་རྟ་དང་གླང་པོ་ཆེ་དང་བ་ལང་དང་ལུག་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་མང་བ་དང་བློན་པོ་དང་མཛའ་ཤེས་དང་གཉེན་དང་སྣག་གི་གཉེན་མཚམས་མང་པོར་འགྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གཉིས་པ་ཡིན་ནོ། །དགེ་སློང་དག་གཞན་ཡང་གཟུགས་བཟང་པོ་དང་ལྟ་ན་སྡུག་པ་དང་མཛེས་པ་དང་མདོག་གསེར་ལྟར་བཟང་བ་དང་མགོ་གདུགས་ལྟར་ཟླུམ་པ་དང་ལག་པ་རིང་བ་དང་དཔྲལ་བ་དབྱེས་ཆེ་བ་དང་སྨིན་མཚམས་བར་མ་ཆད་པ་དང་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་ཏེ། དགེ་སློང་དག་འདི་དག་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གསུམ་པ་ཡིན་ནོ། །དགེ་སློང་དག་གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་བུ་སྟོང་གིས་བསྐོར་བར་འགྱུར་ཏེ། དེའི་བུའམ་ཆུང་མའམ་བྲན་ནམ་ཉེ་བར་འཚོ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་ལ་གུས་པས་ཉན་པ་དང་བཀའ་ཉན་པར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་བཞི་པ་ཡིན་ནོ། །དགེ་སློང་དག་གཞན་ཡང་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ན་ལྷའི་རྒྱལ་པོ་ཁྱད་པར་ཅན་ལྷ་དང་ལྷའི་བུ་དང་ལྷའི་བུ་མོ་རྣམས་གྱི་རྟེན་དུ་འགྱུར་ལ། གནས་བཅུ་པོ་ལྷའི་ཚེ་དང་ལྷའི་མདོག་དང་ལྷའི་སྟོབས་དང་ལྷའི་བདེ་བ་དང་ལྷའི་དབང་ཕྱུག་ལ་དབང་བྱེད་(༢༣༩ན)


GLG017_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྷའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཀྱིས་དགའ་བར་བྱེད་དེ།དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ལྔ་པ་ཡིན་ནོ། །ཞེས་རྒྱ་ཆེར་བསྔགས་ཤིང་། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། ཚར་དུ་དངར་བ་བསྒྲིགས་པར་མ་ཟད་སྲི་ཞུར་བསྐྲུན་པའི་ལེགས་བྱས་ཀྱང་གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པའི་ཁྱད་པར་ཅི་འདོད་ཅི་འབྱོར་བ། །འཚམ་པར་འབུལ་བྱེད་དེ་དག་དྲི་མེད་ཅིང་། །མྱ་ངན་མེད་པའི་བླ་མེད་བྱང་ཆུབ་འཐོབ། །མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོས་བཏུགས་གུས་ཕྱག་འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་ཆེ་བ་བཀུར་བའི་གནས་སུ་འགྱུར། །སུ་ཞིག་དད་པས་སྒྲུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་སྐོར་བ་བྱེད་པ་དེ། །ཕྱི་མའི་ཚེ་ལ་དགྲ་ཆེན་རྣམས་ཀྱིས་བཏུད། །བཟང་པོའི་རྣམ་འགྱུར་ཡོན་ཏན་རྣམས་དང་ལྡན། །མི་རྣམས་སུ་དག་དགའ་ཞིང་གྲུབ་པ་ཡིས། །བླ་མེད་མཆོག་རྟེན་རྣམས་དང་སྐུ་གཟུགས་ལ། །ལུས་ཀྱི་ལས་རྣམས་བྱེད་པ་དེ་དག་ནི། །སྲིད་པ་ཀུན་ཏུ་མཛོད་རྣམས་ཤིན་ཏུ་རྒྱས། །ཞེས་སོགས་འོ་སྐོལ་གྱི་སྟོན་པ་ཤཱཀྱ་སེང་གེས་ལྗགས་ཀྱི་དབང་པོ་ལས་ལན་ཅིག་མ་ཡིན་པར་བཀའ་སྩལ་བ་ནི། ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མར་བཅས་པ་གནས་ལྷུང་ཞིང་། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང་། །ཞེས་ནམ་ཡང་སླུ་བ་མེད་པའི་བཀའ་ཚད་མའོ། །(༢༣༩བ)


GLG017_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཁྱབ་མཁའ་ཡི་རྡོ་རྗེ་སྙིང་པོ་གཞོན་ནུ་བུམ་སྐུར་འགགས་མེད་གདངས། །ལོངས་སྐུའི་ཞིང་ཁམས་གངྒཱའི་རྡུལ་སྙེད་དུ་མར་འཆར་བ་གཅིག་པུའི་གར། །འགྲོ་བློ་མཐའ་བསྙེག་རྣམ་པར་འཕྲུལ་དིང་ཆེར་སྙིགས་ལུས་ཅན་ཉེར་འཚོ་རུ། །གཙང་བྱེད་ཆུ་སྐྱེས་སྦུབས་ལ་བལྟོས་མིན་པད་འབྱུང་དངོས་བྱོན་གཏེར་བདག་གླིང་། །འཕྲིན་ལས་ལྗིད་ཀྱིས་ཀུན་གསལ་ལྟོ་བྲལ་བར། །སོམ་ཉིས་ཚངས་པས་དགུ་ཚིགས་སྐུད་པ་ཡིས། །ཚེམས་ལ་ལྟ་ཆེད་སྤྲུལ་པའི་གདོང་པ་དེ། །རིག་བྱེད་བཞི་འབྱུང་ཁུངས་སུ་ལྷ་རྣམས་གླེང་། །གཅིག་ཏུ་དཀར་བའི་ཐུགས་བསྐྱེད་ཆ་གང་ཟླས། །རྩོད་པའི་སྨག་རུམ་ཉེར་སངས་སྣང་བ་ལ། །གཉིས་སྐྱེས་ཕལ་ཆེར་དབང་པོའི་ཕྱོགས་བལྟས་ཏེ། །སྙན་ཚིག་བསྟོད་བསྔགས་ཀྱིས་བྲེལ་བྱིས་བློ་བཞིན། །དགེ་བཅུའི་ཉལ་འགྲོ་གཡོ་རུའི་སྤྲིན་རུམ་ནས། །རྟེན་དང་བརྟེན་པའི་དབྱར་རྔ་ཆེར་སྒྲོགས་མོད། །གངས་ཅན་བསྟན་སྲིད་རྨ་བྱ་དགེ་ལེགས་མངལ། །གཟུང་ནས་སྒྲོ་གཤོག་ཟླུམ་པོར་བསྒྱུར་དེ་མཚར། །ས་གཞི་ལྷ་ལམ་རྒྱ་མཚོ་གནས་གཞན་དུ། །འགྱུར་མཐའ་མ་བཀག་ནམ་ཡང་མི་སླུ་བ། །དུས་གསུམ་ཀུན་མཁྱེན་རྔ་ཡབ་གླིང་པ་ཡི། །རྡོ་རྗེའི་ཚིག་གི་མདུད་རྒྱ་གང་གིས་འགྲོལ། །བསྐལ་མང་རབ་གོམས་ལེགས་བྱས་ཕུང་པོ་དང་། །ལྷན་ཅིག་བསགས་པའི་བདོག་པ་མུ་ཐི་ལ། །འབད་མེད་བསྙིལ་བ་འཁྲི་ཤིང་མཛེས་མ་ཡི། །མཆེད་པོར་སྐྱེ་རྒུ་མཐའ་དག་འགྱུར་བར་ཤོག །བཀའ་གཏེར་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན། །ཐེག་མཆོག་བསྟན་པའི་མཁར་འཕགས་པདྨའི་གདུང་། །ཉེར་འཚོབ་གར་དབང་འགྱུར་མེད་མང་བཀུར་ལྷ། །རྡོ་རྗེ་ཕ་ལམ་རྩལ་དུ་ལྷུན་གྲུབ་ཤོག །སྣ་བདུན་རིན་ཆེན་བཙུན་མོའི་རྗེས་འགྲོ་མ། །ཌཱ་ཀཱི་དྷུ་ཏཱིའི་རྒྱ་གྲོལ་པད་འབྱུང་གིས། །མཐའ་ཀླས་གཏེར་གྱི་མཛོད་ཕྱེ་ཡིད་བཞིན་ནོར། །(༢༤༠ན)


GLG017_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་ཕན་བདེའི་རྒྱལ་མཚན་རྩེར་བགོད་ཤོག །ས་ལ་འོག་མིན་ཨྱོན་མཁའ་འགྲོའི་གནས། །གཉིས་པ་སྨིན་ཅིང་སྒྲོལ་གླིང་ཨ་ཏིའི་ལམ། །ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོ། །སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་ཤོག །སོ་ཟུར་གནུབས་དང་ཉང་རལ་ཆོས་དབང་སོགས། །སྔ་འགྱུར་བཀའ་གཏེར་བསྟན་པ་འཛིན་མཁས་རྣམས། །བཞེད་དགོངས་ལེགས་རྫོགས་ཐེག་མཆོག་ཐོས་བསམ་དང་། །སྒོམ་པས་གངས་ལྗོངས་གསེར་ལྡན་ལྕི་བར་ཤོག །འཇིག་རྟེན་ཡོངས་ཀྱི་བསོད་ནམས་བྱ་བའི་ཞིང་། །དོན་ཀུན་གྲུབ་པའི་རྗེས་ཞུགས་རིས་མེད་བསྟན། །དེ་འཛིན་བཅས་པའི་བཤད་སྒྲུབ་ཨུཏྤ་ལ། །གསར་པ་སྤེལ་ལེགས་འགྲོ་རྣམས་ཐོད་འཆིང་ཤོག །འཇམ་དཔལ་ཡེ་ཤེས་བརྒྱ་ཕྲག་ཉི་མའི་དངོས། །འཁོར་འདས་ཕྱག་རྒྱ་ཟླ་སྐར་ཟིལ་གནོན་པ། །བསྐྱེད་རྫོགས་རྫོགས་ཆེན་ཀློང་དུ་བཞད་པའི་རྩལ། །དུས་ཀྱི་དགྲ་བོར་རྟག་ཏུ་གར་སྒྱུར་ཤོག །གནམ་གྱི་ཤེ་མོང་དཔུང་པས་རྒྱ་ཧོར་བོད། །ཕྲག་པར་དགའ་ལྡན་རྣམ་རྒྱལ་ཕོ་བྲང་ཆེའི། ཁྲིམས་གཉིས་གསེར་གྱི་གཉའ་ཤིང་འཛིན་རི་ཅན། །དབང་ཕྱུག་ལྷ་གཅིག་བསོད་ནམས་དཔལ་འབར་ཤོག །ས་འོག་ས་སྟེང་ས་བླར་གནས་སོ་ཅོག །ཡོངས་བདེ་བྱེ་བྲག་བསིལ་ལྡན་སྨན་ལྗོགས་ལྟོར། །ནད་རིམས་འཐབ་རྩོད་དབུལ་ཕོངས་སྐལ་ངན་གྱི། །ནན་ཏུར་འཚེ་བའི་ཆད་པ་དམིགས་མེད་ཤོག །མཐའ་ཡི་ལས་སྒོ་ཀུན་འདུ་ཁེ་སྤོགས་ཚོང་། འབྲུ་སྨན་རྩི་བཅུད་འབྱུང་བཞིའི་ཡོན་ཏན་དར། །དུས་མིན་འཆི་བྲལ་ལྷ་དང་སྐལ་མཉམ་པའི། །དབང་ཐང་ཆེན་པོ་རྩེ་དགའ་རྒོད་པར་ཤོག །མཚོ་སྐྱེས་རྡོ་རྗེའི་ངོ་བོར་བླ་མ་ཀུན། །ཚེ་མཆོག་འཁོར་ལོའི་ཡི་དམ་ཡོངས་འདུས་སོ། །བསྟན་སྲུང་ཚོགས་རྣམས་དཔལ་མགོན་(༢༤༠བ)


GLG017_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནིང་ནག །རྩ་གསུམ་མཐུ་ཡིས་འདོད་པའི་དངོས་གྲུབ་རྣམས། །མར་གད་ཞུན་མས་རི་ཀླུང་ལེགས་བྱུགས་རྐང་འཐུང་མཐའ་དག་ལོ་འབྲས་དུད་། །སྣ་ཚོགས་མེ་ཏོག་ཟེའུ་འབྲུ་གཡུར་ཟ་བུང་བ་རྣམས་ཀྱང་གླུ་དབྱངས་ལེན། །དབྱར་གྱི་མཛེས་མ་བཞིན་རས་ཉེར་ངོམ་ལང་ཚོར་སྤྱོད་ཚེ་མཆོག་གསུམ་དང་། །འཆི་མེད་དྲང་སྲོང་རིགས་འཛིན་ཚོགས་ཀྱིས་དུས་ཀུན་ཤིས་པའི་དགའ་སྟོན་སྩོལ། །ཞེས་རིགས་ཀུན་ཁྱབ་བདག་སྤྲུལ་སྐུ་རིགས་འཛིན་ཆེན་པོ་ཆོས་རྒྱལ་གཏེར་བདག་གླིང་པས་འོག་མིན་ཨྱོན་སྨིན་གྲོལ་གླིང་ངེས་དོན་དགའ་བའི་ཚལ་གྱི་བསྟི་གནས་གྲ་ཕྱི་ཐར་པ་གླིང་དུ་དྲི་གཙང་ཁང་ཤག་སྐོར་སྐུ་གསུང་ཐུགས་རྟེན་དང་བཅས་པ་ལེགས་པར་བསྐྲུན་པའི་དཀར་ཆག་ངོ་མཚར་རྒྱ་མཚོ་ཞེས་པ་འདི་ནི་རྗེ་ཉིད་ཀྱིས་རྩོམས་ཤིག་པར་བཀས་བསྐུལ་བ་བཞིན་ཤཱཀྱའི་དགེ་སློང་སྡེ་སྣོད་གསུམ་པ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་རབ་བྱུང་བཅུ་གཅིག་པ་འཕགས་པའི་ཡུལ་དུ་ཀཱ་ལ་དཱུ་ཏི་ཞེས་པ་དུས་ཀྱི་ཕོ་ཉར་གྲགས་ཤིང་ཤར་ཕྱོགས་མང་བཀུར་ཁབ་ཏུ་ཧ་ཨུ་འུ་ཞེས་དབང་ཐང་དང་བསྟུན་པ་ས་ཕོ་རྟའི་ལོ་ནམ་མཁའི་ནོར་བུ་འཁྲིག་པའི་ཁྱིམ་དུ་སྤྱོད་པ་སྣྲོན་གྱི་ཟླ་བའི་ཤེས་རབ་ཀྱི་ཕྱོགས་ཀྱི་གང་བ་དང་པོ། དུས་འཁོར་བའི་ཡ་ཎའི་དབྱངས་ཨཱ། གསལ་བྱེད་ཀ་འཆར་ཞིང་། ཁམས་རླུང་། མུན་པའི་མུན་པ་འཇུག་པའི་ཆུང་ངུའི་རྒན་མོ། དབྱངས་འཆར་བའི་དཀར་ཕྱོགས་ཀྱི་གང་བ་དང་པོ། དབྱངས་ཨཻ་གསལ་བྱེད་གྷ། ཁམས་རླུང་། འདོད་ཡོན་རེག་བྱ་འཆར་བའི་ཚེས་ལ་ཕུན་ཚོགས་ལུགས་བརྒྱའི་འདུན་ས་རྒྱལ་ཁབ་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམ་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སརྦྦ་དཱ་ཤྲེ་ཡཱསྟུ། །(༢༤༡ན)


GLG017_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་སྦྱོར་མཉམ་པའི་པྲྀ་ཏྟ་ལས་ཟླུམ་པོ། ཨུབྷྱགཱན་ཀྲྀཙྪཀོདམཏྲམེགྷཡཱནྟཀོཊིཧཻཏྱརསྨིཀོཥདྲྀཥྚཏྲྀ བིནམིཏྟབཉྫརཱབིརོཔཔུཎྱཁོཏྠིཀཎྵ། ཨུབྷྱསཏྱཀེསརེཥུདྷརྨགཉྫགཽཏྱརམྱདྷཱཏུགུཔྟཤེཏཀཱཛྙབྷཱནུབནྟུཏོགུཎོཀྟཊཀྱགམྱདྷིཥྛཎནྟུ། ཚོགས་གཉིས་འཆར་ཀའི་འཚམས་སྤྲིན་སྦུབས་ནས་འབུམ་ཕྲག་ཕན་བདེ་སྣང་བའི་མཛོད། །ལྟ་ན་མི་ངོམས་མཚན་དཔེའི་ཉི་མ་ལུས་ཅན་བསོད་ནམས་མཁར་འཕགས་མགྲིན། །བདེན་གཉིས་ཟེའུ་འབྲུར་ཆོས་ཕུང་གླུར་ལེན་གདུལ་བྱའི་ཁམས་དང་བག་ལ་ཉལ། །ཀུན་མཁྱེན་བུ་རམ་ཤིང་པའི་ཡོན་ཏན་ཕུང་པོར་མཐོ་བས་འགྲོ་བྱིན་རློབས། །སྔོན་གོམས་ཉོན་མོངས་སྟུག་པོའི་ཁུང་བུ་རུ། །ཆེར་སྙིགས་རྟག་ཉལ་འཁྱིལ་བ་རླངས་སྤྱོད་ལྕེ། །གཉིས་སྐྱོང་སྲོག་མཐར་བྱེད་པ་བདེ་གཤེགས་བདུན། །འདབ་བཟང་དབང་པོའི་ཐུགས་རྗེས་ཉེར་བཟུང་ཀྱེ། །ཀུན་ཁྱབ་མཛོད་སྤུའི་འོད་ཟེར་མཚོན་རྣོན་པོས། །གཤིན་རྗེའི་ཞགས་པ་བཅད་ནས་བདུད་རྩིའི་སྨན། །སྲོག་ཟུངས་བཅུད་ལེན་རྩེ་(༢༤༡བ)


GLG017_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཁོག་རྒོད་པ། །ཚེ་མཐའ་ཡས་ཞལ་འཛུམ་པས་འགྲོ་འདི་གསུས། །ལི་ཁྲིའི་རྡུལ་དམར་བརྩེགས་པ་གར་གྱི་དབང་། ཡེ་ཤེས་སྒྱུ་མའི་རྣམ་པར་འཕྲུལ་པོ་ཆེ། །ཀུན་རྟོག་ཤེས་ཚོན་ཁྱད་པར་དབྱི་བའི་མཚན། །འོད་དཔག་མེད་སྤྱན་མཁའ་མཉམ་འགྲོར་གཟིགས་ཤིག །སྐད་ཅིག་ཙམ་ཡང་མཐའ་ཀླས་ལུས་ཅན་ཚོགས། །ཡལ་ཡོལ་བཏང་སྙོམས་མི་མངའ་དམ་བཅའི་གཟུངས། །རྡོ་བའི་རི་མོ་མ་ཕམ་མགོན་ཞལ་གྱིས། །འཆེས་དེ་མིག་གསུམ་པས་ཀྱངཅི་ཞིག་དབྱི། གནས་ངན་གདུང་མེའི་ཚ་རེག་འབར་བའི་དཔལ། །ཐུགས་རྗེ་ཉ་རྒྱས་ག་པུར་གཟེགས་མའི་རྡུལ། །སྙིང་ལ་སིམ་པས་བདེ་སྟེར་བཅོམ་ལྡན་འདས། །མི་འཁྲུགས་རྣམ་པར་འདྲེན་པས་འགྲོ་དབུགས་ཕྱུངས། །གཟོད་མ་ཉིད་ནས་ཀུན་ཁྱབ་ཀུན་བཟང་འོག་མིན་ཞིང་གཙོར་རྡོ་རྗེ་འཆང་། །གཅིག་པུ་ལས་ནི་དུ་མའི་གར་གྱིས་ཞི་དང་ཁྲོ་བོའི་རོལ་གར་མཁན། །འཛམ་གླིང་ཆེ་བའི་བརྟུལ་ཞུགས་གྲུབ་དབང་རྒྱ་གར་པཎ་ཆེན་ཐོད་ཕྲེང་རྩལ། །གངས་ཅན་སྐྱེ་རྒུའི་བསོད་ནམས་མགྲོན་སྤྱོད་དངོས་གྲུབ་ཡིད་བཞིན་ཆར་དུ་བསྙིལ། །མདའ་ཡི་སྡེར་བཅད་དུས་མེའི་གྲངས་ཁམས་སྒྲིབ་མཚན་རྡུལ་བྲལ་སྟོང་ཆེན་ཡི་གེ་ལྔ་འདུས་ཝཾ་ཡིག་དང་། །རོ་ཡིག་རྣམ་པར་དབྱི་བའི་སྡེ་ཚན་ཆ་ཕྲའི་དྲི་བྲལ་ཐིག་ལེ་སྟོང་པ་ཡི་གེ་དྲུག་འདུས་ཨ། །ཟུང་འཇུག་མཆོག་ཏུ་འགྱུར་མེད་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་སྟོང་གཟུགས་དགའ་མར་རྗེས་ཆགས་མཚམས་སྤྲིན་མདངས། །དམན་ངོར་བླ་གོས་གསར་པའི་འོད་གཟིས་འདུལ་འཛིན་ཡོངས་ཀྱི་གཙུག་ཏོར་རྩེར་འཛེགས་བཙོང་ཁ་པ་(༢༤༢ན)


GLG017_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདུད། །ཚོགས་ཀྱིས་བསྒྲུབས་པ་དག་པའི་ཞིང་གཙོར་རང་རིག་དཔལ་ལྡན་རྡོ་རྗེ་སེམས། །མངོན་འགྱུར་སྐལ་པ་གཉིས་འཛིན་གྱིས་ཕྲ་འཁོར་འཁྱམས་དམ་པར་སྒྲོ་བཏགས་ཀྱང་། །ངག་དབང་ལྷ་མོས་བློ་གྲོས་སྐལ་བཟང་རྒྱ་ཆེན་ལ་སྦྱར་མགྲིན་པའི་མཚོར། །ལེགས་བཤད་སྐད་སྙན་སྒྲོག་ལ་སྤོབས་མཐོ་འཇམ་དབྱངས་དགའ་བའི་བཤེས་གཉེན་རྒྱལ། །གངས་ཅན་ཕན་བདེའི་ཉེར་འཚོར་སྲོང་བཙན་རྗེས། །ཡོངས་བཞེངས་གཡུ་རུ་ཁྲ་འབྲུག་གནྡྷོ་ལར། །གསར་བསྐྲུན་སྣང་བརྙན་ངོ་མཚར་དམ་ཚིག་པར། །ཡེ་ཤེས་སེམས་དཔའ་རབ་འབར་བཞུ་བླུགས་འཁྱིལ། །དགེ་ལེགས་ཡོངས་འདུ་ས་བརྟོལ་ཡལ་འདབ་རྩེར། །ཕན་བདེའི་ལོ་འབྲས་ཡོངས་དུད་རྟེན་བརྟེན་པ། །བསོད་ནམས་མགྲོན་དུ་སླར་ཡང་ཉེར་བོས་པའི། །དེབ་གཏེར་དབྱངས་བདུན་རྣ་བའི་སོས་སུ་འཛིན། །དེ་ཡང་མདོ་སྡེ་བསྐལ་བཟང་ལས། །དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་ངག་མཁན་ཚེ་བདེ་གཤེགས་ཙ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་། །བྱང་ཆུབ་ཏུ་ནི་དང་པོར་སེམས་བསྐྱེད་དོ། །ཞེས་པ་ལྟར་ལེགས་བྱས་ཀྱི་ཕུང་པོ་བླ་ནས་བླར་སྤེལ་བའི་ཆེད་དུ་སྙན་ཚིག་གི་ལམ་ནས་དྲངས་པའི་བསྟོད་བསྔགས་སྔོན་དུ་འགྲོ་བས་སྐབས་སུ་གླེང་བར་བྱ་བ་ནི། །འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པ་ཡོངས་སུ་རྫོགས་པ་གང་དེ། མགོན་པོ་མ་ཕམ་(༢༤༢བ)


GLG017_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པ་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གཟོད་མ་ཉིད་ནས་འོག་མིན་གྱི་གནས་སུ་ངེས་པ་ལྔ་དང་ལྡན་པའི་གཟུགས་སྐུ་མཐར་ཐུགས་པ་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་རྫོགས་པར་སངས་རྒྱས་ཀྱང་། དེ་ལས་ཞིང་ཁམས་གངྒཱའི་རྡུལ་གྱི་གྲངས་ལས་འདས་པར་སྤྲུལ་པའི་སྐུར་བསྟན་པ་ལས་བྱེ་བྲག་དགའ་ལྡན་གྱི་ལྷའི་ཚོགས་ཀྱི་སྟོན་པར་དམ་པ་ཏོག་དཀར་པོ་བཞུགས་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱི་མཐུས་སིལ་སྙན་གྱི་སྒྲ་ལས། བསོད་ནམས་རྒྱ་ཆེན་ཚོགས་མང་དྲན་རྟོགས་ཤིང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱི་ལུང་བསྟན་དགོངས་པར་མཛོད། །ཅེས་བསྐུལ་བའི་རྐྱེན་གྱིས་སྐྱེ་སྲིད་འཛིན་པའི་གླིང་། རྒྱ་ཆེ་རོལ་པ་ལས། དགེ་སློང་དེ་ལྟར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ན་འདུག་པ་ནི། རྣམ་པར་བལྟ་བ་ཆེན་པོ་བཞི་ལ་རྣམ་པར་བལྟ་སྟེ་(༢༤༣ན)


GLG017_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གང་ཞེ་ན། འདི་ལྟ་སྟེ། དུས་ལ་རྣམ་པར་བལྟ་བ་དང་། །གླིང་ལ་རྣམ་པར་བལྟ་བ་དང་། །ཡུལ་ལ་རྣམ་པར་བལྟ་བ་དང་། རིགས་ལ་རྣམ་པར་བལྟ་བའོ། །དགེ་སློང་དག་བྱང་ཆུབ་སེམས་དཔའ་གླིང་ལ་རྣམ་པར་བལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཐའ་འཁོབ་ཀྱི་གླིང་དུ་མི་སྐྱེ། །ཤར་གྱི་ལུས་འཕགས་པོར་མི་སྐྱེ། ནུབ་ཀྱི་བ་ལང་སྤྱོད་དུ་མི་སྐྱེ། བྱང་གི་སྒྲ་མི་སྙན་དུ་མི་སྐྱེ། ལྷོའི་འཛམ་བུའི་གླིང་ཉིད་དུ་སྐྱེའོ། །དགེ་སློང་དག་ཅིའི་ཕྱིར། །བྱང་ཆུབ་སེམས་དཔའ་ཡུལ་ལ་རྣམ་པར་བལྟ་ཞེ་ན་བྱང་ཆུབ་སེམས་དཔའ་ནི། །མཐའ་འཁོབ་ཀྱི་ཡུལ་གང་ན་མི་རྣམས་དབང་པོ་བརྟུལ་ཞིང་བླུན་པ། །ལུག་ལྟར་ལྐུགས་པའི་རང་བཞིན་ཅན། ལེགས་པར་བསྟན་པ་དང་། ཉེས་པར་བསྟན་པའི་དོན་ཤེས་པར་བྱ་བའི་སྐལ་བ་མེད་པ་དག་ཏུ་མི་སྐྱེའི་བྱང་ཆུབ་སེམས་དཔའ་ནི་ཡུལ་གྱི་དབུས་ཉིད་དུ་སྐྱེའོ། །ཞེས་པའི་འཛམ་བུའི་གླིང་གི་ནང་ཚན། ཡུལ་གྲོང་ཁྱེར་སེར་སྐྱ། རིགས་རྒྱལ་པོ། རུས་བུ་རམ་ཤིང་པ། ཆོ་འབྲང་བུད་མེད་ཀྱི་སྐྱོན་དང་བྲལ་བ་སྒྱུ་མ་ལྷ་མཛེས། །དུས་སྙིགས་མ་སྟེ་གཟིགས་པ་ལྔ་ལ་གཟིགས་ནས་མ་ཕམ་པའི་དབུ་ལ་རིན་པོ་ཆེའི་ཅོད་པན་བཅིངས་ཏེ། གྲོགས་པོ་དག །ཁྱེད་རྣམས་ལ་མི་ཕམ་པས་ཆོས་སྟོན་པར་འགྱུར་གྱི་བག་ཡོད་པར་སྤྱོད་ཅིག །ཁོ་བོ་ནི་འཛམ་བུའི་གླིང་དུ་གདུལ་བྱ་འདུལ་བའི་དུས་ལ་བབ་སྟེ། མུ་སྟེགས་ཀྱི་ལྟ་བ་ངན་པ་ཚར་བཅད་ནས་ཡང་དག་པའི་ལྟ་བ་ལ་ཅི་ནས་ཀྱང་འགོད་དགོས་པའི་ཕྱིར། ཞེས་གསུངས་པའི་དོན་ཡང་རྒྱ་ཆེ་རོལ་པ་ལས། སེང་གེ་གཅིག་གིས་གཅན་(༢༤༣བ)


GLG017_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གཟན་ཚོགས་རྣམས་དུ་མ་རྣམ་པར་སྐྲག །རྡོ་རྗེ་གཅིག་གིས་བྲག་གི་རྩེ་མོ་དུ་མ་རྣམ་པར་འཇིག །བརྒྱ་བྱིན་གཅིག་གིས་ལྷ་མིན་ཚོགས་རྣམས་དུ་མ་རྣམ་པར་འཇོམས། །ཉི་མ་གཅིག་གིས་མུན་པའི་ཚོགས་རྣམས་དུ་མ་རྣམ་པར་སེལ། །ཆོས་ཀྱི་དུང་གིས་མུ་སྟེགས་ངན་པའི་ལྟ་བ་གཞོམ་བྱས་ནས། །ཡང་དག་ལྟ་བའི་ཚོགས་རྣམས་ཀུན་ནས་རབ་ཏུ་རྒྱས་པར་བྱེད། །ཅེས་འབྱུང་ལ། དམ་པ་དང་པོའི་སངས་རྒྱས་བསྡུས་པའི་རྒྱུད་ལས། འདི་རྣམས་སྒྲོལ་བའི་སླད་དུ་སྲས་དང་བཅས་པ་རྒྱལ་བའི་བདག་པོ་ལས་ཀྱི་སར་ནི་རབ་ཞུགས་ཏེ། མངལ་ནི་རབ་ཏུ་བཟུང་བ་མཛད་ཅིང་མཆོག་གི་ཐུགས་རྗེ་དག་གི་བྱང་ཆུབ་བསྐྱེད་པ་མཛད་ནས་ནི། ཉོན་མོངས་དང་ནི་བདུད་རྣམས་བཅོམ་ནས་ས་ཡིས་སྟེང་གི་གནས་སུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏོ། །སྤྲུལ་པ་སྒྱུ་མ་མཛད་ནས་སླར་ཡང་བཅོན་ལྡན་འདས་ནི་དག་པའི་སྐུ་ཅན་དེ་ཉིད་ཁོ་ནའོ། །ཞེས་པ་ལྟར་གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་ལྡན་གྱི་རྣམ་པར་ས་མོ་ལུག་གི་ལོ་དབྱར་འབྲིང་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔའི་མཚན་གྱི་ཆར་ཡུམ་གསོ་སྦྱོང་ལ་གནས་པའི་དུས་གློ་གཡས་པ་ནས་ལྷུམས་སུ་ཞུགས་ཙན་དན་གྱི་ཁང་བུ་བརྩེགས་པར་བྱིས་པ་ཟླ་དྲུག་ལོན་པའི་ཚད་ཙམ་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་ན་བཟའ་དང་བཅས་པ་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ་ཚངས་པས་ཕུལ་བའི་ཟིལ་དངར་བཞེས་པས་སྐུ་ལུས་བརྟས་པར་མཛད་དེ་ཟླ་བ་བཅུ་རྫོགས་པ་ལྕགས་ཕོ་སྤྲེའུའི་ལོ་ས་ག་ཟླ་བའི་ཚེས་བདུན་རེས་བཟའ་སྤེན་པ་ཟླ་སྐར་རྒྱལ་ལ་བབས་པའི་ཚེ་ཡུམ་གྱི་གློ་གཡས་པ་ནས་བལྟམས་པ་ན། ལྷ་རྣམས་(༢༤༤ན)


GLG017_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རིན་པོ་ཆེ་སྣ་ལྔའི་མེ་ཏོག་ཚོགས་ཀྱིས་གཏོར། ཚངས་པ་དང་བརྒྱ་བྱིན་གྱིས་ཀ་ཤི་ཀའི་རས་ཀྱིས་བླངས། །དགའ་བོ་དང་ཉེ་དགའ་བོ་གཉིས་ཀྱིས་ཁྲུས་གསོལ་བ་དང་། འདི་ནི་ངའི་སྐྱེ་བ་ཐ་མ་སྟེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་མཐར་དབྱུང་ངོ་། །ཞེས་སོ། དེའི་ཚེ་རིན་པོ་ཆེའི་ཆར་དང་ཕྱོགས་ཀུན་འོད་ཟེར་གྱིས་གང་བ་སྐྱེ་འགྲོ་རྣམས་སྡུག་བསྔལ་དང་བྲལ་ཞིང་དགའ་བདེས་ཁྱབ་པས་གཞོན་ནུ་དོན་ཀུན་གྲུབ་པ། ཤཱཀྱ་གཏུམ་པོའི་ཚོགས་རྣམས་འདིས་ཐུབ་པ་བཞིན་དུ་གྱུར་པ་དང་། རང་ཉིད་ཐུབ་པ་བཞིན་ཞི་བར་གནས་པས་ཤཱཀྱ་ཐུབ་པ། ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་སོགས་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་འདིའི་ཞབས་ལ་ཕྱག་བྱས་པས་ལྷའི་ཡང་ལྷ་ཞེས་པ་རྣམས་སུ་བཏགས། རི་བོ་གངས་ཅན་དྲང་སྲོང་ནག་པོའི་མངོན་ཤེས་ཀྱིས་རིག་ནས་སེར་སྐྱའི་གྲོང་དུ་གཤེགས་ཏེ། བཙས་གྱུར་གཞོན་ནུ་ཡི་ནི་མཚན་ལྟས་ལ། །སུམ་ཅུ་རྩ་གཉིས་མཚན་གྱིས་བརྒྱན་པ་མཐོང་། །འདི་ནི་གཉིས་སུ་འགྱུར་གྱིས་གཞན་དུ་མིན། ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་རྒྱལ་ལམ། །ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་གྱུར་ན། །འཇིག་རྟེན་འདིར་ནི་མངོན་རྫོགས་བྱང་ཆུབ་འགྱུར། །ཞེས་རྩོད་དུས་འཁོར་ལོས་སྒྱུར་བ་མི་འབྱུང་བའི་ཕྱིར་སངས་རྒྱས་སུ་ལུང་བསྟན། དགུང་ལོ་དྲུག་པ་ལ་གསེར་གཞོང་དུ་འབྲས་ཆེན་བཞེས་པ་མ་མས་བཀག་ཀྱང་མ་ཐུབ་པས་སྣོད་དེ་གླང་པོ་ཆེ་ལྔ་བརྒྱར་བཏགས་ཏེ་འཕྲོག་པར་བརྩམས་པ་མཛུབ་མོས་དེ་དག་ཚུར་དྲངས་པས་འདིའི་མཛུབ་མོས་གླང་པོ་སྟོང་ཐུབ་(༢༤༤བ)


GLG017_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གླང་ཆེན་སྟོང་ཐུབ་ཏུ་གྲགས། ཡི་གེ་རྩིས་ཕོངས་སོགས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་ཚེགས་མེད་པར་བྱང་ཞིང་གཞན་གྱིས་འགྲན་ཟླ་དང་བྲལ་བས། ལྷས་སྦྱིན་གྱིས་ནི་གླང་པོའི་དབང་པོ་བསད། །དགའ་བོ་ཡིས་ནི་གོམས་པ་བདུན་དུ་ཁྱེར། །བྱང་ཆུབ་སེམས་དཔའི་ཞབས་ཀྱིས་བར་སྣང་ལ། །རྡོ་བ་བཞིན་དུ་ཕྱི་རོལ་བར་སྣང་འཕངས། །ཞེས་རློམ་སེམས་ཅན་མང་པོའི་ཁེངས་པ་རྨེག་མེད་པར་བཅོམས། གཞན་གྱིས་འཕྱ་བ་སྤངས་པ་སོགས་འཇིག་རྟེན་གྱི་ཆོས་དང་སྒོ་བསྟུན་ཏེ་ས་འཚོ་མ། གྲགས་འཛིན་མ། རི་དགས་སྐྱེ་མ་སོགས་བཙུན་མོར་བཞེས་པའི་ས་འཚོ་མ་བུད་མེད་བརྒྱད་ཁྲི་བཞི་སྟོང་གི་གཙོ་མོར་དབང་བསྐུར་ནས་རང་ལོ་ཉེར་དགུའི་བར་ཁབ་ཏུ་བཞུགས། དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་སིལ་སྙན་གྱི་སྒྲ་ལས། འཆི་མེད་མྱ་ངན་མེད་པ་སངས་རྒྱས་ཏེ། །སྒོམ་པས་ཉམ་ཐག་བདུད་རྩིས་ཚིམ་བྱས་ཤིང་། ཁྱོད་ཀྱི་སྔོན་སྨྲས་ཚིག་མཆོག་དྲན་བྱས་ཏེ། །གྲོང་ཁྱེར་དམ་པ་འདི་ནས་མྱུར་དུ་ཕྱུངས། །ཞེས་ལུང་བསྟན་དང་མཐུན་པར་གྲོང་ཁྱེར་གྱི་སྒོ་བཞིར་རྒ་བ་ན་བ་འཆི་བ། ཡིད་དུ་འོང་བའི་དགེ་སློང་རྣམས་རིམ་པར་གཟིགས་པས་རྐྱེན་དང་། ད་ནི་ཞག་བདུན་ནས་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ་ཐོས་པས་ཡབ་ལ་རབ་ཏུ་བྱུང་བར་གསོལ་ཡང་མ་གནང་བར་ཤཱཀྱ་རྣམས་ཀྱིས་མེལ་ཚེ་བྱས་པ་ན་ཉའི་ནུབ་མོ་གྲགས་འཛིན་མའི་མངལ་དུ་སྲས་སྒྲ་གཅན་འཛིན་བསྐྲུན། །བརྒྱ་བྱིན་(༢༤༥ན)


GLG017_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཐུས་སྲུང་མཁན་རྣམས་གཉིད་སྟུག་པོ་ལ་གཡུར་དུ་བཅུག་སྟེ། སྟོབས་དང་བརྩོན་འགྲུས་འཕགས་པ་མྱུར་དུ་བཞེངས། །སྡུག་བསྔལ་ཉེན་པའི་སེམས་ཅན་སྒྲོལ་བ་དང་། །བླ་མེད་བྱང་ཆུབ་མངོན་དུ་བྱ་བའི་ཕྱིར། །ད་ནི་མངོན་པར་འབྱུང་བའི་དུས་ལ་བབ། །ཅེས་བསྐུལ་ནས་ཆིབས་ཀྱི་རྨིག་པ་ལྷའི་བུ་བཞིས་བཏེག་ནས་རྫུ་འཕྲུལ་ཀྱིས་མཁའ་ལ་འཕགས་ཏེ་མཆོད་རྟེན་རྣམ་དག་གི་དྲུང་དུ་རང་ལོ་ཉེར་དགུ་པ་ས་ཕོ་བྱི་བའི་ལོར་གྲོགས་གཞན་ལ་མ་བལྟོས་པར་རང་ཉིད་ཀྱིས་དབུ་སྐྲ་བཅད། བརྒྱ་བྱིན་གྱིས་གོས་ངུར་སྨྲིག་ཕུལ་བ་བཞེས་ནས་རང་བྱུང་གི་སྒོ་ནས་བསྙེན་པར་རྫོགས། དེ་ཉིད་དུ་རིང་འཕུར་ལ་ཅི་ཡང་མེད་པ་དང་། གངྒཱའི་ཕ་རོལ་ཏུ་མ་ག་དྟར་ལྷག་སྤྱོད་ལ་སྲིད་རྩེའི་སེམས་དག་མངོན་དུ་མཛད་པས་དགེ་སྦྱོང་གཽ་ཏ་མར་མཚན་ཐོགས། དེ་ནས་དཀའ་ཐུབ་ཀྱི་གནས་སུ་གདུང་བ་ལྔའི་སྦྱོར་བས་བཞུགས་པས་དྲང་སྲོང་རྣམས་ཀྱིས་དགེ་སྦྱོང་ཆེན་པོར་མཚན་གསོལ། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ཐོག་མར་ཏིལ། རྒྱ་ཤུག་འབྲས་རྣམས་འབྲུ་རེ་གསོལ། དབུགས་རྒྱུ་བ་བཅད་དེ་ལོ་དྲུག་གི་བར་དུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཕྱིན་ཀྱང་ཟས་རགས་པ་མེད་པས་སྐུ་ལུས་སྐེམས་པ་དང་ཤི་བ་ལྟ་བུ་ཡབ་རྒྱལ་པོ་སོགས་ཀྱིས་གཟིགས་པས་མྱ་ངན་དུ་གྱུར་པའི་ཚེ། ཉི་ཟླ་སྐར་ཚོགས་ས་ལ་ལྷུང་མི་སྲིད། །སོ་སོ་སྐྱེ་བོ་ཡིན་ཡང་ང་མི་འཆི། །དེ་ཕྱིར་འདི་ལ་མྱ་ངན་ཁྱོད་མ་བྱེད། །རིང་པོར་མི་ཐོགས་བྱང་ཆུབ་སངས་རྒྱས་མཐོང་། །(༢༤༥བ)


GLG017_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ནས་དབུགས་དབྱུང་། དེ་ཡང་གསང་སྔགས་ལྟར་ན་རང་ལོ་སོ་ལྔ་པར་ཕྱོགས་བཅུའི་སངས་རྒྱས་ནམ་མཁའ་གང་བ་བྱོན་ནས་སེ་གོལ་གཏོགས་ཏེ། བསམ་གཏན་འདི་ནི་རྣམ་དག་མིན། །མཐར་ཐུག་ཐོབ་བྱེད་ཀྱང་འདི་མིན། ཁྱོད་ཀྱིས་འོད་གསལ་དམིགས་བྱ་སྟེ། །ནམ་མཁའི་ངོས་ལྟ་མཆོག་ཡིན་ནོ། །ཞེས་དབྱངས་གཅིག་གིས་གསུངས་པས། ཏིང་ངེ་འཛིན་དེ་བཏང་ནས་བཞེངས་ཏེ་རྣམ་སྨིན་གྱི་ལུས་དེར་བཞག་ནས་ཡེ་ཤེས་ཀྱི་ལུས་འོག་མིན་དུ་མངོན་བྱང་ལྔས་སངས་རྒྱས་ཏེ། རི་རབ་ཀྱི་རྩེ་མོར་རྣལ་འབྱོར་གྱི་རྒྱུད་གསུངས་པར་བཞེད། སླར་རྣམ་སྨིན་གྱི་ལུས་ལ་ཞུགས། གྲོང་པའི་བུ་མོ་ལེགས་སྐྱེས་མས་བ་སྟོང་གི་འོ་མ་ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་ནས་ཕུལ་བ་བསྟེན་པའི་མོད་ལ་སྐུ་མཚན་དཔེའི་སྣང་བ་མངོན་པར་བཀྲ་ཞིང་འོད་ཟེར་འདོམ་གང་བ་འཕྲོ་བར་གྱུར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་པ། ས་ཕལ་པ་རྣམས་ཀྱིས་བསྟེན་པར་མི་བཟོད་པར་དགོངས་ནས་མ་དྷྱ་ག་ཏ་དྷ་ར་ལ་ཙནྡྲ་པར་པྲྀ་ཥོ་ད་ར་ལ་སོགས་པ་རྣམས་སོ་ཞེས་པའི་བསྡུ་བ་བྱས་པས་མ་ག་དྷ་ཞེས་དབུས་འགྱུར་འཆང་དུ་གྲགས་པ་གང་དུ་གནས་པའི་ཕྱོགས་ཀྱང་དུས་འཁོར་དང་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་སོགས་སུ་འཛམ་གླིང་ཆེ་ཆུང་གཉིས་སུ་བཤད་པའི་ཆུང་བ་འདི་རི་རབ་ཀྱི་ལྷོ་ཕྱོགས་ཀྱི་ངོས་བཻ་ཌཱུཪྻ་སྔོན་པོའི་འོག་ཁྱིམ་འཁོར་ལོས་སྒྱུར་བའི་རྒྱལ་ཁམས་ཀྱི་སྙིང་པོ་རྩེ་མོ་རྡོ་རྗེ་གདན་བྱང་ཆུབ་ཀྱི་སྙིང་པོ་ཅན་ཤིང་ཛམྦུ་ཏྲི་ཤའི་གྲིབ་བསིལ་དང་ལྡན་པ་ཀླུའི་རྒྱལ་པོ་མ་དྲོས་(༢༤༦ན)


GLG017_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚོ་འགྲམ་གླིང་གཞན་ལས་ཁྱད་པར་དུ་འཕགས་པ་ཆོས་མངོན་པ་ལྟར་ན་ཤིང་རྟའི་དབྱིབས་དང་ལ་ལར་སོག་པའི་དབྱིབས། དུས་ཀྱི་འཁོར་ལོར་གྲུ་གསུམ་དུ་གནས་པའི་ལྟེ་བ་རྡོ་རྗེ་གདན། དེའི་ཕྱོགས་མི་འགྱུར་བའི་གཟེར་ཆེན་ཤར་ཕྱོགས་རྒྱ་ནག་གི་རྒྱལ་ཁམས་ན་འཕགས་པ་འཇམ་དཔལ་དབྱངས་ཀྱིས་རྩིས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་གནས་རི་བོ་རྩེ་ལྔ། ལྷོ་ཕྱོགས་ན་གཉིས་མེད་དུས་འཁོར་རྩ་རྒྱུད་གསུངས་པའི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ན་ཡེ་ཤེས་སེམས་དཔའ་མ་བསྡུས་པར་བཞུགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཡོངས་རྫོགས་དང་རྒྱ་མཚོའི་གླིང་ན་རྩེ་མོར་ཕྱག་ན་པདྨོའི་ཕོ་བྲང་པོ་ཏ་ལ། རྩ་བར་འཕགས་མ་སྒྲོལ་མའི་བཞུགས་གནས་ཡོད་པ། ནུབ་ཕྱོགས་ན་རྒྱུད་ཐམས་ཅད་ཀྱི་གསང་མཛོད་མཁའ་འགྲོ་སྤྲིན་ལྟར་འདུས་པའི་ཨྱོན་རྡོ་རྗེ་འཆང་ཆེན་པོའི་ཕོ་བྲང་ཧེ་རུ་ཀ་རང་བྱུང་གི་གཙུག་ལག་ཁང་ཞེས་བྱ་བ་རིག་པ་འཛིན་པ་རྣམས་ཀྱི་གནས། བྱང་ཕྱོགས་ན་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དང་པོའི་སངས་རྒྱས་ཀྱི་སྨིན་གྲོལ་རྣམས་ཆོས་རྒྱལ་རིགས་ལྡན་རིམ་པར་བྱོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཀ་ལཱ་པའི་གྲོང་ཁྱེར། གཞན་ཡང་ཀྱེ་རྡོར་བདེ་མཆོག་སཾ་བྷུ་ཊི་སོགས་ནས་ཡུལ་ཉེར་བཞི་དང་དུར་ཁྲོད་བརྒྱད་སོགས་གནས་སུམ་ཅུ་རྩ་གཉིས་གླིང་ཆུང་ངུ་འདིར་ཡོད་པར་བཤད། ཆོས་མངོན་པ་ལས། རྡོ་རྗེ་གདན་ནས་རི་བརྒྱུད་དགུ་འདས་པ་ན་གངས་རི་དཔལ་དང་ལྡན་པ། དེའི་(༢༤༦བ)


GLG017_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ན་རི་སྤོས་ངད་ལྡན། དེ་གཉིས་ཀྱི་བར་ན་ཡན་ལག་བརྒྱད་དང་ལྡན་པའི་མཚོ་མ་དྲོས་པ། དེའི་ཤར་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས་གངྒཱས་དངུལ་གྱི་བྱེ་མ། དེ་བཞིན་དུ་ལྷོར་བྲག་ཁྱུ་མཆོག་གི་ཁ་ནས་སིནྡྷུས་བཻ་ཌཱུཪྻའི་བྱེ་མ། ནུབ་ཕྱོགས་བྲག་རྟའི་ཁ་འདྲ་བ་ནས་པཀྵུས་ཤེལ་གྱི་བྱེ་མ། བྱང་ཕྱོགས་སུ་བྲག་སེང་གེའི་ཁ་འདྲ་བ་ནས་སཱི་ཏཱས་གསེར་གྱི་བྱེ་མ་དྲངས་ཏེ་བཞི་ཀར་ཆུ་ཕྲན་ལྔ་བརྒྱ་དང་བཅས་མ་དྲོས་པ་ལ་གཡས་སྐོར་ལན་བདུན་བྱས་ནས་ཤར་ལ་སོགས་པའི་ཕྱོགས་བཞིའི་རྒྱ་མཚོར་འབབ་དེར་ཤིང་ཛམྦུ་ཏྲི་ཤར་འབྲས་བུ་དམར་པོ་རྫ་མ་ཙམ་པ་ཆུར་ལྷུང་བའི་སྒྲར་ཛམ་ཞེས་པའི་སྒྲས་གླིང་གི་མིང་ཡང་དེར་ཐོགས་ཤིང་། ཀླུའི་རྒྱལ་པོ་རྣམས་ཉར་སྤྲུལ་ནས་འབྲས་བུ་མྱོང་བའི་ལྷག་རྣམས་མ་དྲོས་པའི་ཆུའི་ནུས་པས་གསེར་དུ་འགྱུར་བར་ཛམྦུ་ཆུ་བོའི་གསེར་དུ་གྲགས། སྤོས་ངད་ལྡན་གྱི་བྱང་ཕྱོགས་དཔག་ཚད་ཉི་ཤུ་འདས་པར་བྲག་སེར་གྱི་བྱ་སྐྱིབས་ཅན་ལྷ་མ་ཡིན་གྱི་ངོས་ཞེས་བྲག་གཡོག་བརྒྱ་སྟོང་དང་བཅས་པ། དེའི་བྱང་དཔག་ཚད་ཉི་ཤུ་བགྲོད་པ་ན་ཤིང་སཱ་ལའི་རྒྱལ་པོ་རབ་བརྟན་འདོམ་བཞི་བཅུ་ཐུར་དུ་ཟུག་པ། བརྒྱད་བཅུ་གྱེན་དུ་འཕགས་པ། སྡོང་ཕྲན་རིམ་པ་བདུན་ཀྱིས་བསྐོར་བ། དེའི་ཤར་དུ་དཔག་ཚད་ཉི་ཤུ་ན་རྫིང་བུ་དལ་གྱིས་འབབ་པར་རྫིང་གཡོག་བརྒྱད་སྟོང་དང་བཅས། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའི་ནང་ན་པདྨའི་འདབ་མ་བ་ལང་གི་ཀོ་བ། སྡོང་བུ་གཤོལ་མདའ། མེ་ཏོག་ཤིང་རྟའི་ཕང་ལོ་ལྟར་ཡོད་པ་ལ་རོ་སྦྲང་རྩི་དང་འདྲ་བ། བརྒྱ་བྱིན་གྱི་གླང་པོ་ཆེ་རབ་བརྟན་(༢༤༧ན)


GLG017_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གླང་གཡོག་བརྒྱད་སྟོང་དང་བཅས་དགུན་ཟླ་བཞི་བྲག་གསེར་གྱི་བྱ་སྐྱིབས། དཔྱིད་ཟླ་བཞི་སཱ་ལའི་རྒྱལ་པོ། སྟོན་ཟླ་བཞི་རྫིང་བུ་དལ་གྱིས་འབབ་པར་རྒྱུ། རྨ་བྱ་ཆེན་མོ་སོགས་ནས་བཤད་པའི་ཡུལ་འཁོར་ལྔ་བརྒྱ་དང་ལྗོངས་ཆེན་པོ་བཅུ་དྲུག་དང་། ཡུལ་ཕྲན་སྟོང་དང་། འདུལ་བ་ནས་འབྱུང་བའི་འཕགས་ཡུལ་གྱི་གྲོང་ཁྱེར་ཆེན་པོ་དྲུག་དང་གཞན་ཡང་མི་རིགས་མི་གཅིག་པ་སུམ་བརྒྱ་དྲུག་ཅུ། སྐད་རིགས་མི་གཅིག་པ་བདུན་བརྒྱ་ཉི་ཤུ་སོགས་ཀྱང་མ་བཀག་པ་ཉིད་ལས་ཡོད་པ་ངོ་མཚར་བའི་ཞིང་གི་གཙོ་བོ་རྡོ་རྗེ་གདན་དུ་རྩྭ་འཚོང་གི་ཁྱེའུ་བཀྲ་ཤིས་ལས་བླངས་པའི་རྩྭའི་རྩེ་མོ་རྣམས་ནང་དུ་བསྟན་པའི་སྟེང་ཞལ་ཞལ་ཤར་དུ་ཕྱོགས་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ནས་སྐུ་ལུས་དྲང་པོར་བསྲངས། མཉམ་བཞག་མཛད་ནས་སྟན་འདིར་བདག་གིས་ལུས་འདི་སྐམས་ཀྱང་རུང་། །རུས་པ་པགས་པ་ཤ་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅས་ནས་རྗེས་འཇུག་གི་གདུལ་བྱ་རྣམས་ཀྱིས་འབྲས་བུ་ཁྱད་པར་ཅན་མངོན་དུ་བྱེད་པ་ལ། བར་ཆད་སྣ་ཚོགས་འབྱུང་ཞིང་དེ་དག་གིས་མི་ཚུགས་པར་ལམ་མཐར་ཕྱིན་པར་བྱེད་དགོས་པར་ཤེས་པའི་ཕྱིར་དུ་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་བཀྱེ་སྟེ། བདུད་ཀྱི་གཞལ་མེད་ཁང་ལ་སོགས་པའི་ཕྱོགས་ཀུན་སྣང་བར་མཛད་པས་དེ་དག་གིས་རང་གི་འཁོར་མི་སྡུག་པ་དཔག་ཏུ་མེད་པ་དང་བཅས་ལག་ཆ་སྣ་ཚོགས་ཀྱིས་བརྡེག་པ་མེ་ཏོག་གི་ཆར་དུ་གྱུར་པས་དྲག་པོས་གནོད་པར་མི་ནུས་པ་ཤེས་ནས་བུད་(༢༤༧བ)


GLG017_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྣམས་མཛེས་པའི་རྣམ་འགྱུར་ཀྱིས་འདྲིད་པ་དེ་དག་རྒན་མོར་བྱིན་གྱིས་བརླབས་པས་བསླུ་བར་མ་ནུས། བདུད་སྡིག་ཅན་གྱིས་ཁྱོད་ཀྱི་བསོད་ནམས་འདི་ཙམ་གྱིས་ཐར་པ་ཐོབ་པར་ག་ལ་འགྱུར་སྨྲས་པས་ལན་དུ། ཁྱོད་ཀྱི་གཏན་པ་མེད་པའི་མཆོད་སྦྱིན་གཅིག་གིས་འདོད་པའི་དབང་ཕྱུག་ཏུ་གྱུར་ན་ཁོ་བོས་དེ་འདྲ་བ་གྲངས་མེད་པ་བྱས་པས་ཅིའི་ཕྱིར་མི་འགྱུར་གསུངས་པར། ཁོ་བོའི་མཆོད་སྦྱིན་གྱི་དཔང་པོར་ཁྱོད་ཡོད་མོད། ཁྱོད་ཀྱི་དེ་ལ་སུ་ཡོད་སྨྲས་པ་ན་བྱང་ཆུབ་སེམས་དཔས་ཕྱགས་ལ་བསྣུན་ཏེ། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་མཉམ་ཞིང་ཉེ་འཁོན་མེད། །འདི་ནི་བདག་གི་དཔང་སྟེ་བདག་རྫུན་མེད། །འདི་ལ་ཁྱོད་ཀྱིས་བདག་གི་དཔང་བྱོས་ཤིག །ཅེས་གསུངས་པས་ས་རྣམ་པ་དྲུག་ཏུ་གཡོས་པའི་གསེབ་ནས་སའི་ལྷ་མོ་བརྟན་མ་གསེར་གྱི་མདོག་ཅན་ལུས་ཕྱེད་ཕྱུང་ནས་ཐལ་མོ་སྦྱར་ཏེ་སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མོ། །འོན་ཀྱང་བཅོམ་ལྡན་ཉིད། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་དཔང་དུ་གྱུར་པ་ལགས་སོ། །ཞེས་མི་སྣང་བར་གྱུར། ཉི་མ་ནུབ་པ་ན་གཤིན་རྗེ་གཤེད་ཀྱི་སྐུར་བསྟན་ནས་སྡིག་ཅན་མ་ཧེ་ལ་ཞོན་པ་བརྫིས་ཏེ་བཏུལ་ནས་ཁ་མཐུན། ཟིལ་གནོན། ཁྲོ་འདུས། དགྲ་ནག་གཤེད་དམར་སོགས་ཀྱི་རྒྱུད་གསུངས་པ་གཤེད་སྐོར་གྱི་ཆོས་འབྱུང་རྣམས་སུ་གསལ། ནམ་གྱི་ཆ་སྟོད་ལ་བསམ་གཏན་བཞི་དང་གུང་ལ་མངོན་ཤེས་ལྔ་སྐྱེད། གསང་སྔགས་ལྟར་ན་སྔར་ནམ་(༢༤༨ན)


GLG017_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་གང་བའི་སངས་རྒྱས་ཀྱིས་བསྟན་པའི་རྡོ་རྗེའི་རྣལ་འབྱོར་ཐུགས་ཉམས་སུ་བསྟར་བས་དགུང་ལོ་སོ་ལྔ་པ་ཤིང་རྟ་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྐྱ་རེངས་འཆར་བའི་ཚེ་ཟླ་བ་ལ་དུས་མེ་ཞུགས་པ་དང་མངོན་པར་རྫོགས་པར་མཚང་རྒྱ་བའི་ཚུལ་བསྟན། དེའི་ཚེ་གྲགས་འཛིན་མར་བལྟམས་པའི་སྲས་ལ་སྒྲ་གཅན་འཛིན་དུ་གྲགས་ཤིང་བདུད་རྩི་ཟས་ཀྱི་བུར་ཀུན་དགའ་བོ་འཁྲུངས། ས་གཡོས། འཇིག་རྟེན་སྣང་བར་བྱས། བདུད་རྣམས་ཕྱོགས་ཀུན་ཏུ་བྱེར་ཏེ་ཞག་བདུན་དུ་ཕྲད་པར་མ་གྱུར། དེ་ནས་ཤིང་ཏཱ་ལ་བདུན་ཙམ་དུ་འཕགས་ཏེ། ལམ་གྱི་རྒྱུད་ནི་ཆད། ཟག་པ་ཟད་དོ་ཞེས་ཆེད་དུ་བརྗོད་པས་ལྷ་རྣམས་ཀྱིས་མེ་ཏོག་གཏོར་ཏེ་མཆོད། སངས་རྒྱས་ཀྱི་མཐུས་ཀུན་ཏུ་བཟང་པོས་སངས་རྒྱས་ཕལ་པོ་ཆེའི་ཆོས་ཀྱི་རྣམ་གྲངས་བཤད། ཞག་བདུན་ཕྲག་དང་པོ་ལ་སྤྲུལ་པའི་སྐུ་མེའི་ཁམས་ལ་ཞུགས་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྐྱིལ་ཀྲུང་མ་བཤིག་པར་བཞུགས། མངོན་པར་བྱང་ཆུབ་པའི་སྐུ་ནི་འདོད་ལྷའི་གནས་སུ་བྱོན་ཏེ་ཕྱོགས་བཅུའི་རྒྱལ་སྲས་འདུས་ནས་ཆོས་བཅུ་བསྟེན། བདུན་ཕྲག་གཉིས་པ་ལ་དབང་སྒྱུར་གྱི་གནས་སུ་རྡོ་རྗེ་སྙིང་པོས་ས་བཅུ་པ་དང་། སྟོན་པས་རྣམ་སྣང་མངོན་བྱང་གི་རྒྱུད་གསུངས། སྤྲུལ་པའི་སྐུས་ནི་སྟོང་གསུམ་ཞབས་ཀྱིས་བཅགས། འདི་ལྟར་གསང་སྔགས་ལ་བཤད་མོད་ཐེག་པ་ཐུན་མོང་པ་ལྟར་ན་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་ལ་ལྷ་རྣམས་ཀྱི་མཆོད་ཅིང་བསྟོད་པ། གཉིས་པ་ལ་སྟོང་གསུམ་རིང་དུ་འཆག་ཅེས་བྱུང་། (༢༤༨བ)


GLG017_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ་བྱང་ཆུབ་ཀྱི་སྙིང་པོར་སྤྱན་མི་འཛུམ་པར་གཟིགས། བཞི་པ་ལ་ཛམྦུ་གླིང་མཐའ་དག་ཞབས་ཀྱིས་བཅགས། ལྔ་པ་ལ་ཀླུ་བཏང་བཟུང་གི་གནས་སུ་བཞུགས། དྲུག་པ་ལ་ཤིང་ནྱ་གྲོ་དྷར་སྐྱོང་གི་དྲུང་དུ་བཞུགས། བདུན་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་བཞུགས་ཏེ་ཚོང་པ་ག་གོན་དང་བཟང་པོས་སྦྲང་རྩིའི་འདག་གུ་ཕུལ་བ་རྒྱལ་ཆེན་བཞིས་ཕུལ་བའི་ལྷུང་བཟེད་དུ་བཞེས་ཏེ། ལྷ་ཡི་བཀྲ་ཤིས་དོན་གྲུབ་ཅིང་། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱོད་ཀྱི་དོན་རྣམས་གྲུབ་གྱུར་ཅིག །ཐམས་ཅད་མྱུར་དུ་མཐུན་པར་ཤོག །ཅེས་ཤིས་པ་བརྗོད། །ཐུན་མོང་བའི་སྣང་ངོར། །ཟབ་བཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མ་ནུས་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་ཏེ་ཐུགས་ལས་ཆུང་ངུར་ཆོས་མི་གསུང་བའི་ཚུལ་གྱིས་བཞུགས་པར། ཚངས་པ་དང་བརྒྱ་བྱིན་འཇིག་རྟེན་གྱི་གཙོ་བོ་ཡིན་པས་དེ་དག་གིས་གསོལ་བ་བཏབ་ནས་ཆོས་གསུངས་ན། གདུལ་བྱ་རྣམས་ཆོས་ལ་ཆེས་ཆེར་འཇུག་པའི་དགོས་པ་ཁྱད་པར་ཅན་གཟིགས་ནས། འོད་བཀྱེ་བས་སྟོང་གསུམ་གྱི་བདག་པོ་ཚངས་པ་གཙུག་ཕུད་ཅན་གྱིས་ཤེས་ནས་གྲོགས་ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དང་བཅས་འོངས་ཏེ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཕུལ་ནས་གསོལ་བ་བཏབ་པས་ཅང་མི་གསུང་བའི་ཚུལ་གྱིས་ཞལ་གྱིས་བཞེས་པ་ཙམ་ལས་ཆོས་ཀྱི་འཁོར་ལོ་མ་བསྐོར་བས་བརྒྱ་བྱིན་སྦྲན་ཏེ་དེས་གསེར་གྱི་མཎྜལ་དཔག་ཚད་ལྔ་(༢༤༩ན)


GLG017_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པ་ཕུལ་ནས་གསོལ་བ་བཏབ་པ་སོགས་ཀྱིས་རྐྱེན་བྱས་ཡུལ་ཝ་ར་ཎཱ་སིར་དྲང་སྲོང་ལྷུང་བས་རི་དགས་ཀྱི་ནགས་སུ་སངས་རྒྱས་ནས་ཞག་ཞེ་དགུ་འདས་པ་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་འཁོར་ལྔ་སྡེ་བཟངཔོ་ལ་དགེ་སློང་དག་འདི་ནི་བདེན་པ་བཞི་སྟེ་སྡུག་བསྔལ་དང་ཀུན་འབྱུང་དང་། འགོག་པ་དང་ལམ་མོ། །ཞེས་སོགས་དང་། སྡུག་བསྔལ་ནི་ཡོངས་སུ་ཤེས་པར་བྱའོ། །ཀུན་འབྱུང་ནི་སྤང་བར་བྱའོ་ཞེས་སོགས་དང་། སྡུག་བསྔལ་ནི་ཡོངས་སུ་ཤེས་སོ། །ཀུན་འབྱུང་སྤང་ངོ་། །ཞེས་སོགས་ཆོས་འཁོར་དང་པོ་བསྐོར་རོ། །གནས་བྱ་རྒོད་ཕུང་པོའི་རིར་འཁོར་སྟོང་ཉིས་བརྒྱ་ལྔ་བཅུའམ་ལྔ་སྟོང་གི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་མ་དང་། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་བརྒྱ་སྟོང་ལ་ཡུམ་སྲས་བཅུ་བདུན་སོགས་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར། རི་མ་ལ་ཡ་དང་ཡངས་པ་ཅན་སོགས་སུ་ཐེག་པ་མཐའ་དག་ལ་ཡང་དག་པར་ཞུགས་པའི་བྱང་སེམས་ལ་བཀའ་དང་པོ་དང་བར་པའི་སྒྲས་ཟིན་ལ་དངོས་སུ་འགལ་བ་ལྟར་སྣང་བ་རྣམས་རྩོད་པ་སྤངས་ཏེ་ཐ་མར་ལེགས་པ་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར། དགུང་ལོ་གྱ་གཅིག་བཞེས་པ་ལྕགས་འབྲུག་ནག་པ་ཟླ་བའི་ཚེས་བཅོ་ལྔ་ལ་དཔལ་ལྡན་འབྲས་སྤུངས་སུ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཟླ་བ་བཟང་པོ་སོགས་ལ་བསྟན། དེ་ནས་ཟླ་གཅིག་ཏུ་ཉེ་བ་ན། གྲོང་ཁྱེར་རྩ་ཅན་གྱི་སཱ་ལ་ཟུང་གི་ཚལ་དུ་ཀུན་དགའ་བོས་བཤམས་པའི་(༢༤༩བ)


GLG017_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གཟིམས་ཁྲི་ལ་མནལ་བའི་ཚུལ་མཛད་པ་ལས་བཞེངས་ཏེ་ཏཱ་ལ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ནས་ཁྱེད་རྣམས་ངའི་སྐུ་གསེར་བཙོ་མ་ལྟ་བུ་ལ་ལྟོས་ཤིག །ང་ནི་མྱ་ངན་ལས་འདའ་འོ། །སངས་རྒྱས་མཐོང་བ་ནི་རྙེད་པར་དཀའ་བ་ཡིན་ནོ། །ཞེས་གསུངས་ནས་ན་བཟའ་བསལ་ཏེ་སྐུ་གསལ་བར་བསྟན་ནས་ཁྲི་ལ་གཟིམས་ཏེ་དགེ་སློང་རྣམས་ལ་འདུ་ཤེས་བཅུ་སྟོན་པའི་མདོ་གསུངས། ང་ནི་རྟག་ཏུ་ཞི་བའི་སྣང་བ་ལ་གནས་པས་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བཀའ་སྩལ་ནས་ས་ག་ཟླ་བའི་ཚེས་བཅོ་ལྔའི་མཚན་ཕྱེད་ལ་མྱ་ངན་ལས་འདའ་ཚུལ་བསྟན་ཡང་དོན་དམ་པར་གསེར་འོད་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཞིང་། །སེམས་ཅན་རྣམས་ནི་འདུལ་བའི་ཕྱིར། །མྱ་ངན་འདས་པ་སྟོན་པར་མཛད། །ཅེས་འབྱུང་ལ། དེའི་ཚེ་གྱད་རྣམས་ཀྱིས་དཔག་ཚད་བཅུ་གཉིས་ཀྱི་ས་གང་བའི་མཆོད་པས་མཆོད་ཅིང་ལྕགས་སྒྲོམ་དུ་བཞུགས་པ་གྱད་ཀྱིས་བཏེགས་བཞིན་པར་མཁའ་ལ་འཕགས་ཏེ་རྩྭ་ཅན་གྱི་གྲོང་ཁྱེར་ལ་ལན་བདུན་བསྐོར་ནས་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་སྤོས་གྱི་ཤིང་བརྩེགས་པའི་སྟེང་དུ་བཞུགས་ཤིང་། ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་ཞག་བདུན་སྦར་བའི་མཐར་མཆེ་བ་གཉིས་བརྒྱ་བྱིན་དང་ལངྒའི་བདག་པོས་གདན་དྲངས། ཚེམས་མཆེ་བ་འོག་མ་གཉིས་མ་གཏོགས་གཞན་ཐམས་ཅད་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དུ་གྱུར་པ་བསེ་སྒྲོམ་ཁལ་ཕྱེད་ཙམ་འགྲོ་བ་བརྒྱད་དུ་གཏམས་ནས་རྩྭ་ཅན་གྱི་གཞི་མདོར་མཆོད་པ་ན་རྟེན་(༢༥༠ན)


GLG017_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆེད་དུ་གཡུལ་བཤམ་པར་ཉེ་བའི་ཚེ་འོད་སྲུངས་ཆེན་པོ་དང་བྲམ་ཟེ་བྲེ་མཉམ་གྱིས་ཆ་བརྒྱད་དུ་བགོས་ཏེ། རྩ་ཅན་གྱི་གྱད། སྡིག་ཅན་གྱི་གྱད། རྒྱལ་རིགས་བུ་ལུ་ཀ །སིངྒྷ་གླིང་གི་རྒྱལ་པོ་ཀྲོ་ཏྱ། ཁྱབ་འཇུག་གླིང་གི་བྲམ་ཟེ། སེར་སྐྱའི་ཤཱཀྱ། ཡངས་པ་ཅན་གྱི་ལི་ཙ་བཱི། རྒྱལ་པོ་མ་སྐྱེས་དགྲ་རྣམས་ལ་བྱིན་པས་སོ་སོའི་ཡུལ་དུ་མཆོད་རྟེན་བརྩིགས་ཏེ་སྐུ་གདུང་གི་མཆོད་རྟེན་བརྒྱད་དུ་གྲགས་སོ། །ཚེམས་གཉིས་ནི་ཚིག་འཛིན་དང་། ལངྒའི་རྒྱལ་པོ་ལ་བྱིན། དེ་ཡང་རྟོག་གེ་འབར་བ་ལས། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུངས་པ་ཡིན་ཏེ། རྩ་བའི་བསྡུ་བ་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་དང་། གསང་བའི་བདག་པོ་དང་། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །ཞེས་པ་ལྟར་ཕྱག་ན་རྡོ་རྗེ་སངས་རྒྱས་སྟོང་གི་བཀའ་བསྡུ་བ་པོར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་དང་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་བཤད། དེའི་རྗེས་སུ་རྒྱལ་པོའི་ཁབ་ཀྱི་ལྷོའི་ཕྱོགས་བི་མ་ལ་སྭ་བྷཱ་ཝ་ཞེས་པའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། འཇམ་དཔལ་གྱིས་མངོན་པ། བྱམས་པས་འདུལ་བ། ཀུན་ཏུ་བཟང་པོས་མདོ་སྡེ་བསྡུས་པ་ཐེག་པ་ཆེན་པོའི་ལུགས་ཡིན་ཅིང་། ཐུན་མོང་བ་ལྟར་ན་དུས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ཕྱི་ལོ་དབྱར་གནས་ལེན་པར་ཕྱོགས་པ། གནས་རྒྱལ་པོའི་ཁབ་ཏུ་འོད་སྲུངས་ཉེ་བར་འཁོར་གྱིས་གཙོས་དགྲ་བཅོམ་པ་བཞི་བརྒྱ་དགུ་བཅུ་རྩ་དགུ་རྒྱུན་དུ་ཞུགས་པའི་ཀུན་དགའ་བོ་དང་བཅས་ཐེག་དམན་གྱི་སྡེ་(༢༥༠བ)


GLG017_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་གསུམ་བཀའ་རྣམ་དག་མ་ཡིན་པའི་ལོག་རྟོག་སེལ་བའི་ཆེད་དུ་བསྡུ་བར་གང་ཟག་གཅིག་མ་ཚང་བ་ཀུན་དགའ་བོ་འོད་སྲུངས་ཆེན་པོས་བཀའི་ཆད་པ་ཕབ་པའི་རྐྱེན་གྱིས་དགྲ་བཅོམ་བའི་འབྲས་བུ་འཐོབ་པ་ཡིན་ཅིང་། སྣམ་སྦྱར་ལྔ་བརྒྱ་བཏིང་དེ་ཀུན་དགའ་བོ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོས་པ་བཞུགས་ཏེ། མགོ་བོར་གླིང་བཞི་བར་དུ་འབྲེལ་དང་མཚམས་སྦྱོར། མཐར་འཁོར་འདུས་ཚུལ་དང་རྗེས་སུ་ཡི་རང་བཅུག་ནས་མདོ་སྡེའི་སྡེ་སྣོད་རྒྱལ་བས་ཇི་ལྟར་གསུངས་པ་བཞིན་དུ་སྒྲོ་སྐུར་མེད་པ་ཐུགས་ལ་ཚར་གཅིག་གསུངས་པ་ནི། ཀུན་དགའ་བོས་མདོ་སྡེའི་སྡེ་སྣོད་བསྡུས་པའི་དོན་ནོ། །དེ་ནས་ཉེ་བར་འཁོར་བསྐོས་ནས་སྔར་ཇི་ལྟ་བ་བཞིན་དུ་འདུལ་བའི་སྡེ་སྣོད་བསྡུས། དེ་ནས་འོད་སྲུངས་བསྐོས་པ་མེད་པར་རང་འཛེགས་ཏེ་མགོ་བོར་གླེང་གཞི། བར་དུ་འབྲེལ་དང་མཚམས་སྦྱོར་མཐར་འཁོར་འདུས་ཚུལ་དང་། རྗེས་སུ་ཡི་རང་བཅུག་ནས། མངོན་པའི་སྡེ་སྣོད་རྣམས་རྒྱལ་བས་ཇི་ལྟར་གསུངས་པ་བཞིན་སྒྲོ་སྐུར་མེད་པར་ཐུགས་ལ་ཚར་གཅིག་གསུངས་པ་ནི། འོད་སྲུངས་ཀྱིས་མངོན་པའི་སྡེ་སྣོད་བསྡུས་པའི་དོན་ནོ། །སངས་རྒྱས་གཤེགས་ནས་ལོ་བརྒྱ་དང་བཅུ་སོང་བ་ན་གནས་ཡངས་པ་ཅན་དུ་དགྲ་བཅོམ་པ་གྲགས་པ་ལ་སོགས་པ་བདུན་བརྒྱས་དགེ་སློང་ལྷ་ཆེན་པོ་ཅན་གྱི། མི་རུང་བའི་གཞི་བཅུ་སོགས་འདུལ་བའི་ལག་ལེན་དྲི་བཅས་རྣམས་སུན་དབྱུང་བའི་ཆེད་དུ་དགེ་འདུན་རྣམས་ཀྱིས་སྡེ་སྣོད་གསུམ་ཞལ་འདོན་དང་། བཀྲ་ཤིས་པའི་གསོ་སྦྱོང་མཛད་ནས་བཀའ་གཉིས་(༢༥༡ན)


GLG017_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྡུས། སྟོན་པ་གཤེགས་ནས་ལོ་བཞི་བརྒྱ་འདས་པ་ན། ཡུལ་མཉན་ཡོད་དུ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། དགྲ་བཅོམ་པ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ཁྲི་དྲུག་སྟོང་སྟེ་ཁྲི་བདུན་སྟོང་གིས་བདུད་སྡིག་ཅན་གི་སྤྲུལ་པ་དགེ་སློང་བཟང་པོས་ཆོས་ལོག་བསྟན་པ་དེའི་སློབ་མ་རྣམས་ཀྱིས་དར་བར་བྱས་པའི་རྐྱེན་གྱིས་སྡེ་པ་བཅོ་བརྒྱད་ཕན་ཚུན་བསྟན་པ་ཡིན་མིན་རྩོད་པ་སུན་ཕྱུང་སྟེ་སྡེ་པ་བཅོ་བརྒྱད་ཡང་དག་པའི་བསྟན་པར་བཅུག་པའི་དགོས་པ། མི་བརྗེད་པའི་གཟུངས་མ་ཐོབ་པ་རྣམས་ཀྱི་དོན་དུ་གླེགས་བམ་ཡེ་གེར་བྲིས་པ་བཀའ་བསྡུ་གསུམ་པ་ཡིན་ལ། ཐེག་པ་ཆེ་ཆུང་གི་བཀའ་རྒྱལ་སྲས་ཉན་ཐོས་རྣམས་ཀྱིས་ལེགས་པར་བསྡུས་པ་དག་དར་རྒྱས་སུ་མཛད་པའོ། །མཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། ལོ་ནི་བཞི་བརྒྱ་ལོན་པ་ན། དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ཉེ་བ་ཁོ་ནར་ཡང་དག་འཐོབ། །ཅེས་སངས་རྒྱས་གཉིས་པ་དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་གྱུར་པའི་ཐུབ་གསུང་ཀྱི་དགོངས་པ་ལེགས་པར་བཀྲལ་ཞིང་དེ་ཉིད་ལས། ཐོགས་མེད་(༢༥༡བ)


GLG017_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་ཕྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡིས་རིག་པ་གྲུབ་པ་ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུརའཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བྱེད་པ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་བགྱིས་དེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །ཅེས་འཕགས་པ་ཐོགས་མེད་ཀྱིས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་བཀྲལ་ཏེ་ཤིང་རྟ་ཆེན་པོ་རྣམ་གཉིས་ཞེས་ཉི་ཟླ་ལྟར་གྲགས་པའི་སྲོལ་ལེགས་པར་འཛིན་པ་རྒྱལ་བ་བཙོང་ཁ་པ་ཆེན་པོས། ཤིང་རྟ་ཆེན་པོའི་སྲོལ་ནི་ལེགས་བཟུང་ནས། །འཛམ་གླིང་བློ་གསལ་བྱེ་བའི་མིག་འབྱེད་པ། །འཕགས་པ་ལྷ་དང་དཔའ་བོ་སངས་རྒྱས་བསྐྱངས། །ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་ཞབས། །དབྱིག་གཉེན་ཞབས་དང་དེ་སྲས་ཡོན་ཏན་འོད། །ཤཱཀྱ་འོད་དང་ཕྱོགས་ཀྱི་གླང་པོ་དང་། །ཆོས་ཀྱི་གྲགས་པའི་ཞབས་སོགས་འཛམ་གླིང་རྒྱན། །ཐུབ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་མཆོག །ཅེས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་མཆོག་གཉིས་རྗེས་འབྲངས་དང་བཅས་པས་གྲུབ་མཐའ་སྨྲ་བ་རྣམ་བཞིའི་རིང་ལུགས་འཕགས་པའི་ཡུལ་གྲུར་ཉིན་མོ་ལྟར་གསལ་བར་མཛད་ཅིང་། འཇམ་(༢༥༢ན)


GLG017_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྩ་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་བསྒྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང་། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་གྲུབ། །ཅེས་ཤྲཱི་ནཱ་ལནྡའི་མཁན་པོ་དཔལ་ལྡན་ཆོས་སྐྱོང་བདག་མེད་རྡོ་རྗེ་བཙུན་མོ་ལ་བརྟེན་ནས་གྲུབ་མཐའ་བསྙོགས་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཤིང་ལྷོ་ཕྱོགས་སུ་མུ་སྟེགས་པ་མཐའ་དག་བརྟུལ་ཞུགས་ཀྱིས་ཚར་བཅད་པ་གྲུབ་པའི་འཁོར་ལོ་སྒྱུར་བ་བི་རཱུ་པས་མཚོན་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་སོགས་ཀྱིས་སྐལ་ལྡན་མཐའ་དག་སྨིན་གྲོལ་གྱི་ལམ་ལ་བཀོད་དེ་རྒྱལ་བའི་རིང་ལུགས་བླ་ནས་བླར་འཕེལ་བའི་རྒྱུན་བཟང་པོ་ལས་འཇམ་དཔལ་རྩ་བའི་རྒྱུད་དུ། ང་ཡི་དུས་ན་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་ནས། སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་མཚོ་སྐམས་པའི་ཤུལ་དུ་མིའི་འགྲོ་བ་ཆགས་པར་བཤད་པ་ལྷ་ལས་ཕུལ་བྱུང་གི་བསྟོད་པར། སྐྱ་སེང་བུ་ལྔ་དང་དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབས་པའི་དུས་སུ་རྒྱལ་པོ་རུ་པ་ཏི་ཞེས་པ་དམག་སྟོང་ཕྲག་གཅིག་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ཏེ། རི་གངས་ཅན་གྱི་གསེབ་ཏུ་བྲོས་པ་ལས་འཕེལ་བ་ཡིན་པར་བཤད། ཐུགས་རྗེ་ཆེན་པོའི་བཀའ་འབུམ་དང་བཀའ་ཆེམས་ཀ་འཁོལ་མ་སོགས་སུ་བོད་འདི་ཐུགས་རྗེ་ཆེན་པོ་དང་སྒྲོལ་མའི་འདུལ་ཞིང་ཡིན་པས་དེ་གཉིས་ཀྱི་སྤྲུལ་པ་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་མིའི་འགྲོ་བ་འཕེལ་ཏེ་སེ་ལྡོང་རྨུ་སྟོང་སྟེ་རུས་ཆེན་བཞི་དང་། དྲུག་ཏུ་བྱེད་ན་བོད་མི་ཁྲི་ཐོ་ཆེན་པོ་བྱ་བ་དེ་ལ་དགྲ་འབྲུ་ལྡོང་ལྒ་དང་(༢༥༢བ)


GLG017_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་བོ་དཔའ་མངའ་སྟེ་མིའུ་གདུང་དྲུག་མཚལ་བའི་ཧུ་ལན་དེབ་གཏེར་དུ་སྤྲེའུ་དང་བྲག་སྲིན་མོ་ལས་མཆེད་པ་མ་སངས་སྤུན་དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། བཅུ་གཉིས། སིལ་མ་བཞི་བཅུས་རིམ་གྱིས་དབང་བྱས་པར་བཤད་ཅིང་རྒྱལ་ཕྲན་སིལ་མ་མང་དུ་བྱུང་བའི་མཐར་བོད་སྤྱི་ལ་དབང་བའི་རྒྱལ་པོ་ནི་ཁ་ཅིག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྲས་ལྔ་ཚིགས་ཡིན་ཟེར་ཁ་ཅིག་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིགས་ཡིན་ཟེར། ཁ་ཅིག་བོད་དང་བདུད་རྣམས་གནོད་སྦྱིན་གྱི་རྒྱལ་ཕྲན་བཅུ་གཉིས་ཀྱིས་མནར་བའི་དུས་སུ་བོད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ་མིག་མས་འགེབས། སོར་མོ་དྲ་བས་འབྲེལ་བ་མཚན་ལྡན་ཞིག་བྱུང་བས་ངན་པར་དོགས་ནས་གངྒཱལ་བསྐྱུར་བ་ཞིང་པས་རྙེད་དེ་གསོས་ནས་ཆེར་སྐྱེས་པ་ན་སྔར་གྱི་གཏམ་བཤད་པའི་ཡིད་སྐྱོ་སྟེ་གངས་རིའི་ཁྲོད་དུ་བྲོས་པ་ན་རིམ་གྱིས་ལྷ་རི་ཡོལ་བའི་ཁར་བྱོན་པ་དེ་གཉའ་ཁྲི་བཙན་པོ་ཡིན་ཟེར། །དོན་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་པའི་སླད་དུ་རིགས་གསུམ་མགོན་པོ་དང་ཀུན་ཏུ་བཟང་པོ་སོགས་འཕགས་ཆེན་དམ་པས་བྱིན་གྱིས་བརླབས་པས་རྒྱལ་རབས་ཉི་ཤུ་རྩ་བདུན་གྱི་མཐར་ལྷ་ཐོ་ཐོ་རི་གཉེན་བཙན་གྱིས་ཕོ་བྲང་ཡོམ་བུ་བླ་མཁར་དུ་བཞུགས་པའི་ཚེ་དམ་པ་ཆོས་ཀྱི་དབུ་བརྙེས། དེ་ནས་རྒྱལ་རབས་བཞི་སོང་ནས་འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་(༢༥༣ན)


GLG017_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལིཙྪ་བཱི་རྣམས་རིགས་སུ་འབྱུང་། །དེ་ཡང་སྔགས་ཀྱི་དོན་སྒྲུབ་སྟེ། །ལོངས་སྤྱོད་ཚེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །མི་ཡི་བདག་པོ་དེ་ཡང་འགྲུབ། །ཅེས་དང་། བཀའ་གདམ་གླེམས་བམ་དུ། འདི་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར། །བོད་ཁམས་མགོན་མེད་ཡུལ་དུ་ཐུགས་རྗེས་སོང་། །བོད་ནི་རྒྱལ་པོ་དག་ལ་ཚད་མར་འཛིན། །མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོངས། །ཞེས་པ་ལྟར་མི་རྗེ་སྲོང་གཙན་སྒམ་པོ་ནི་ཡབ་གནམ་རི་སྲོང་བཙན་དང་ཡུམ་འབྲི་བཟའ་ཐོད་དཀར་མའི་སྲས་སུ་མེ་མོ་གླང་གི་ལོ་ལ་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་བལྟམས། ཕྱག་ཞབས་འཁོར་ལོས་མཚན་ཅིང་དབུ་སྐྲ་མཐོན་མཐིང་དུ་ཡོད་པའི་མི་ལས་འདས་པ་ཞིག་བྱོན། ནར་སོན་ནས་སྒྱུ་རྩལ་གྱི་གནས་ཀུན་ལ་བྱང་ཞིང་ཐུགས་དཀྱེལ་ཆེ་བས་བློན་པོ་རྣམས་ཀྱི་འོ་ཅག་གི་རྗེ་འདི་ནི་ཡོན་ཏན་མཐའ་ཡས་ཤིང་ཐུགས་ཤིན་ཏུ་སྒམ་པར་གྱུར་པས་ན་མཚན་ཡང་སྲོང་བཙན་སྒམ་པོར་བཏགས། དགུང་ལོ་བཅུ་གསུམ་པ་ལ་རྒྱལ་སར་མངའ་གསོལ། ཡབ་མེས་ཀྱི་སྲོལ་རྒྱུན་སྤེལ་བའི་སླད་དུ་དམར་པོ་རིའི་ཕོ་བྲང་བཏབ་ནས་བཞུགས། ཆོས་དགེ་བ་བཅུའི་ཁྲིམས་སྤེལ་བར་ཡི་གེ་དགོས་པར་དགོངས་ཏེ་ཐོན་མི་ཨ་ནུའི་བུ་མཚན་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཙཱ་བས། གངས་ཅན་ཁྲོད་པའི་བླ་མ་མཆོག །སམྦྷོ་ཊ་ཞེས་གྲགས་པ་ཡི། ཞེས་བོད་ཡང་དག་པ་དང་། པཎ་ཆེན་བྱམས་པ་གླིང་པས། ཀུན་ཏུ་བཟང་པོའི་རྩ་བ་བརྒྱད་པ་སོགས་(༢༥༣བ)


GLG017_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་སྤེལ་དང་དེ་ཡི་རྗེས་འཇུག་པ། །གནས་བརྒྱད་སུ་བནྟ་སོགས་སྔོན་བྱུང་བ། །མཁས་དང་སྒྱུར་བྱེད་ཡོངས་ཀྱི་སྨྲ་བའི་གཞི། །ཞེས་སམྦྷ་ཊ་དང་། སྐྱོགས་སྟོན་སྨིན་དྲུག་ལོ་ཙཱ་བས་འཁྲུངས་ཡུལ་གྱི་ས་དེ་འབུར་དུ་ཡོད་པས་ས་འབོ་ར་ཡིན་པར་འཆད་པ་གང་ལྟར་དེ་ཉིད་ཡི་གེ་བསླབ་པར་རྒྱ་གར་དུ་རྒྱལ་པོས་མངགས་པ་བཞིན་བྲམ་ཟེ་ལི་བྱིན་ལ་ཡི་གེ་དང་། པཎྜི་ཏ་ལྷ་རིག་པའི་སེང་གེ་ལ་སྒྲ་སོགས་རིག་པ་མང་དུ་སྦྱངས་ཏེ་བོད་དུ་བྱོན། རྒྱལ་པོར་རྒྱུ་མཚན་རྣམས་གསོལ་བས་བློན་པོ་རིག་པའི་གནས་རྣམས་ལ་མཁས་པར་གྱུར་ཀྱང་ཡི་གེ་རྣམས་བོད་ཀྱི་སྐད་ལ་མཁོ་བ་ཞིག་མ་བྱུང་བས་རྒྱལ་བློན་གཉིས་ཀྱིས་སྐྱིད་ཤོད་ཉང་བྲན་ཕོ་བྲང་མ་རུར་སྐུ་མཚམས་བཅད་ནས་རྒྱ་ཡིག་ལྔ་བཅུ་ཐམ་པ་བོད་ཡིག་སུམ་ཅུར་གཏན་ལ་ཕབ། རྒྱལ་པོའི་སྨིན་མཚམས་ནས་སྤྲུལ་པའི་དགེ་སློང་ཨཱ་ཀ་ར་མ་ཏི་ཤཱི་ལས་རྒྱ་གར་གྱི་ཡུལ་ནས་ཇོ་བོ་བཅུ་གཅིག་ཞལ་དང་ལོ་ཀེ་ཤྭ་ར་སྟེ་རང་བྱོན་གྱི་སྐུ་གཉིས་ཡི་དམ་གྱི་ལྷར་གདན་དྲངས་ནས་ཕོ་བྲང་གི་རྩེར་བཞུགས་སུ་གསོལ་ནས་རྒྱལ་པོའི་དོགས་སེལ་གྱི་གྲོས་མཐའ་དག་ཡི་དམ་གྱི་ལྷ་ལ་འདྲི། །ཇོ་ཤཱཀ་གཉིས་སོགས་བོད་ཡུལ་བསོད་ནམས་ཀྱི་ཞིང་དུ་འདྲེན་པ་སོགས་དགོས་པ་དུ་མའི་ཆེད་དུ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་མོ་བཟའ་ཁྲི་བཙུན་དང་རྒྱ་མོ་བཟའ་ཀོང་ཇོ་བཙུན་མོར་བསུ་བའི་ཐབས་མཁས་ཀྱི་འཕྲུལ་ཆེན་པོ་མཛད། །ཇོ་བོ་རྣམ་གཉིས་ཀྱི་ཕོ་བྲང་འཕྲུལ་སྣང་དང་ར་མོ་ཆེའི་གཙུག་ལག་ཁང་བརྩིགས་པར་ནག་ཕྱོགས་ཀྱི་འདྲེ་སྲིན་གདུགས་པ་ཅན་(༢༥༤ན)


GLG017_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརྩིག་ཏུ་མ་སྟེར་བར་རྒྱལ་པོ་ཡབ་ཡུམ་གསུམ་གྱིས་ཕོ་བྲང་མ་རུར་སྒྲུབ་པ་མཛད་པས་རིག་གསུམ་མགོན་པོ་ཞལ་གཟིགས་ཤིང་དབུགས་དབྱུང་བ་ལྟར་བོད་སྲིན་མོ་གན་རྒྱལ་དུ་བསྒྱེལ་བར་སའི་མེ་བཙའ་ལྟ་བུའི་གཙུག་ལག་ཁང་བཅུ་གཉིས་སྔོན་ལ་རྩིག་དགོས་པར་དགོངས་ནས། སྲིན་མོའི་དཔུང་པ་གཡས་ན་དབུ་རུ་ན་ཀ་ཚལ་མི་འགྱུར་བའི་ལྷ་ཁང་དང་། དེའི་ལག་ཏུ་གསེང་ཤང་འགིར་ཏིའི་ལྷ་ཁང་། གཡོན་གཡུ་རུ་ན་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ཀྱི་ལྷ་ཁང་དང་ལག་ཙན་ཐང་གི་ལྷ་ཁང་། རྐང་པ་གཡས་ན་གཙང་འགྲམ་བྱང་ཆུབ་དགེ་གནས་ཀྱི་ལྷ་ཁང་དང་ལག་དགེ་དྲུང་གི་ལྷ་ཁང་། གཡོན་ན་གྲོམ་པ་རྒྱང་དྲི་མེད་རྣམ་དག་གི་ལྷ་ཁང་དང་ལག་འབྲེའི་ལྷ་ཁང་སྟེ་མཐའ་འདུལ་གྱི་གཙུག་ལག་ཁང་བཞི། དེས་ཀྱང་མ་ནོན་དོགས་ནས་གྲུ་མོ་གཡས་ཤར་སྟག་གི་མགོ་སྟེང་ན་ཀོང་པོ་བུ་ཆུའི་ལྷ་ཁང་། གཡོན་ལྷོར་འབྲུག་གི་ཟེ་སྟེང་ན་ལྷོ་བྲག་མཁོ་མཐིང་གཏེར་གྱི་ལྷ་ཁང་། པུས་མོ་གཡས་ནུབ་ཕྱོགས་བྱ་དམར་སྒལ་སྟེང་ན་འཚལ་རིགས་ཤེས་རབ་སྒྲོན་མའི་ལྷ་ཁང་། གཡོན་བྱང་རུས་སྦལ་དཔྲལ་སྟེང་ན་པྲ་དུན་རྩེའི་ལྷ་ཁང་སྟེ་ཡང་འདུལ་གྱི་གཙུག་ལག་ཁང་བཞི། དེས་ཀྱང་མ་ནོན་ན། ལག་མཐིལ་གཡས་ལ་ཚངས་པ་རླུང་གནོན་གྱི་ལྷ་ཁང་། གཡོན་ལ་ཁམས་སུ་ཀློང་ཐང་སྒྲོལ་མ། རྐང་མཐིལ་གཡས་ན་མང་ཡུལ་བྱམས་སྤྲིན་དགེ་རྒྱས་ལྷ་ཁང་། གཡོན་ན་པ་གྲོ་སྐྱེ་ཆུའི་ལྷ་ཁང་སྟེ་རུ་གནོན་པའི་གཙུག་ལག་ཁང་བཞི་ལ་སོགས་པ། དྲི་གཙང་ཁང་བཅུ་གཉིས་ལག་དང་བཅས་པ་(༢༥༤བ)


GLG017_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བརྩིགས་པའི་ནང་ནས་འོད་གསལ་ལྷ་རིགས་གཙང་མ་ལས་འོངས་པ་མ་སངས་ལ་ཁྱེའུ་མཚན་ལྟས་དང་ལྡན་པ་དེ་ཉིད་རྗེ་ཤ་ཁྲི་བཙན་པོས་གཟིགས་ནས། །དགེས་པ་རྣམ་པར་དཀར་བས་བདག་གིར་བགྱིས་པ་སྒེར་དཔལ་ལེགས་འོད་ནས་བརྩམས་ཏེ་ཕྱི་སྒེར་ནང་སྒེར་གྲུབ་ཐོབ་ཀྱི་སྒེར་དང་གསུམ་ལས། མི་རབས་ཉེར་ལྔ་པ་ན་ནང་སྒེར་ལྷ་རིགས་གཙང་མར་རལ་པ་འཛིན་ཞེས་པ། གྲུ་གུའི་ཡུལ་དུ་དེད་དཔོན་མངགས་ཏེ་གཡུ་རྫིང་བདུན་བླངས་པའི་བོད་རྣམས་ཀྱི་རྒྱན་དུ་སྤ་བའི་ཕྱག་རྗེས་ཆེ། ཕྱག་ན་པདྨའི་གཟུགས་ཅན་སྲོང་བཙན་སྒམ་པོའི་བཀའི་ནང་བློན་ཆེན་པོར་གྱུར་ཏེ། ནག་པོ་ཀླུའི་ཆོ་འཕྲུལ་ཁྲའི་ལུས་ཅན་མགོ་བོ་ལྔ་པ་འབྲུག་གི་སྐད་འབྱིན་པ། རིགས་སྔགས་ཀྱིས་བརྟུལ་བ་དོན་གྱི་གོ་བ་མིང་དུ་ཆགས་པ། སའི་མེ་བཙའ་ལ་སྔ་བ་གཡོ་རུ་ཁྲ་འབྲུག་གི་ལྷ་ཁང་སྒོ་དྲུག་ཀ་བ་དྲུག །ཁྱམས་ཀྱི་ཀ་ཆར་སྔ་ཕྱི། དེའི་ཤར་ཕྱོགས་སུ་བྱམས་པ་མི་འགྱུར་བའི་ལྷ་ཁང་། ཐུགས་དམ་བཀྲ་ཤིས་འོད་འབར་མཆོད་རྟེན་མགོ་ལྔ་སོགས་རྟེན་དང་བརྟེན་པར་བཅས་པ་འགྲོ་བའི་ཕྱག་མཆོད་ཀྱི་ཡུལ་དུ་བཞེངས་བའི་གཙུག་ལག་ཁང་འདི་ཉིད་མཐའ་འདུལ་ཡང་འདུལ་གཞན་ལས་ཁྱད་དུ་འཕགས་པ་ལྷ་ལྡན་ཟན་གཡང་གཉིས་དང་ཕྱོགས་མཚུངས་པའི་ཕྱིར་ཐང་ཡིག་ལས། བསམ་ཡས་མཆིམས་ཕུ་ཡར་ཀླུངས་ཤེལ་གྱི་བྲག༔ །ཡེར་པ་ཟླ་བ་ཕུག་གི་གནས་འདི་གསུམ༔ བསམ་ཡས་ཁྲ་འབྲུག་ར་སའི་གཙུག་ལག་དང་༔ ཟུང་དུ་འབྲེལ་བའི་གནས་ཆེན་སྒྲུབ་པའི་གནས༔ (༢༥༥ན)


GLG017_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མཆོག་དམ་པ་ཀུན་ལའང་དེ་ལས་མེད༔ འདི་གསུམ་གནས་ལ་མཆོག་མཐུན་གང་བསྒྲུབ་པ༔ སྒྲུབ་པ་བྱས་ན་མི་འགྲུབ་གང་ཡང་མེད༔ གནས་འབྲེལ་ཙམ་ཡང་རིགས་འཛིན་གྲལ་ལ་ཚུད༔ ཕུང་པོ་བོར་ནས་མཁའ་སྤྱོད་གནས་སུ་འགྲོ༔ ཞེས་གསུངས་པའི་ཨྱོན་ཧེ་རུ་ཀ་རང་བྱུང་གི་གཙུག་ལག་ཁང་ཡར་ཀླུངས་ཤེལ་གྱི་བྲག་ཕུག་དང་གོས་ཀྱི་གོང་པ་ལྟ་བུར་ཟུང་དུ་འབྲེལ་ཞིང་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་དང་གནམ་གྱི་ལྷ་གོང་མ་རྒྱལ་པོ་སེ་ཆེན་གན་གཉིས་མཆོད་ཡོན་ཉི་ཟླ་ཟུང་དུ་འབྲེལ་བའི་དུས་ཡིག་ཚང་ལས། མངའ་རིས་མན་ནས་ཞ་ལུ་ཡན། །ཨ་གོན་མེ་གླིང་ཞེས་པས་བརྩིས། དེ་མན་འབྲི་གུང་ཡན་གྱི་ས། །སུ་ཐུག་ཨ་སྐྱིད་བདག་གིས་བརྩིས། །དེ་ཕྱིང་ས་སྐྱའི་དཔོན་ཆེན་ནི། །ཟམ་གླུ་གུན་མི་དབོན་ཧུ་ཡི། །མིང་ཐོབ་ཤཱཀྱ་བཟང་པོ་དེའི། །དེབ་ཐེར་ཤོག་དྲིལ་ཅན་བཞིན་ཡིན། ཁྲི་སྐོར་དེ་པས་དབུས་གཙང་གི །འཇའ་མོ་འཛིན་ལུགས་འདི་ལྟར་སྣང་། །ཞེས་ཁྲི་སྐོར་བཅུ་གསུམ་དུ་ཕྱེ་བའི་དཔལ་ཕག་མོ་གྲུ་པའི་ཁྲི་འོག་ཏུ་གཏོགས་པ་འདི་ཉིད་དུ་འཕགས་ཡུལ་བ་ཀཱུ་ལ་དཱུ་ཏི་ཞེས་པ་ས་ཕོ་རྟའི་ལོ་རྒྱལ་དར་གོང་པ་མཆོད་དཔོན་ངག་དབང་ཤེས་རབ་ཀྱི་བོད་འབངས་ཀྱི་བདེ་ཐབས་དང་སྒོས་ཀྱི་ཕ་དགོས་དགོས། མ་སྐྱིད་སྐྱིད། སྤུན་མགོན་པོ་རབ་བརྟན། ཁྱི་སྐྱག །ངག་དབང་སྐལ་ལྡན། ཚ་བོ་ངག་དབང་བསྟན་འཛིན་སོགས་ཉེ་དུ་རྣམས་ཀྱི་འདི་ཕྱིའི་ལེགས་ཚོགས་སྤེལ་བའི་ཆེད་དུ་བདེ་བར་གཤེགས་པ་བརྒྱད། །ཚེ་མཐའ་(༢༥༥བ)


GLG017_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པ་ལོངས་སྤྲུལ་གྱི་ཆ་བྱད་ཅན་གཉིས། བཅོམ་ལྡན་འདས་མི་འཁྲུགས་པ། རྒྱལ་བ་མ་ཕམ་པ་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ། འདི་གའི་འདྲ་འབག་དང་བཅས་པ། ཞར་བྱུང་ཁེ་གསུམ་དུ་བཞུགས་རྒྱུའི་ཨོ་རྒྱན་རིན་པོ་ཆེ། རྗེ་བཙུན་བཙོང་ཁ་པ། འདི་གའི་འདྲ་འབག །དགེ་བཤེས་གྲ་པའི་གཏེར་བྱོན་གྱི་ཛམ་དམར་སྲོག་སྒྲུབ་རྣམས་བཞེངས་པའི་རྒྱུར། བྱང་ཆུབ་ཤིང་གི་འབྲས་བུ། ཙན་དན་དཀར་དམར། དབུས་འགྱུར་མ་ག་དྷ་དང་བྱང་པུ་ལ་ཧ་རིའི་གནས་རྡོ། རྡོ་རྗེ་གདན་གྱི་ཁྲུས་རྫིང་གི་མེ་ཏོག །དུར་ཁྲོད་བསིལ་བ་ཚལ་གྱི་རྡོ། ཆུ་བོ་གངྒཱའི་རྡེའུ་བྱེ་མ་ཆུ་གསུམ། ཨ་སུ་རའི་ས། རྡོ་རྗེ་གདན་གྱི་སངས་རྒྱས་འོད་སྲུངས་ཀྱི་བཞུགས་ཁྲིའི་ས། ཙན་དན་སྦྲུལ་གྱི་སྙིང་པོའི་ཆ་ཤས། གྲོང་ཁྱེར་རྩྭ་མཆོག །གཉན་ཡོད། མཆོད་རྟེན་རྣམ་དག་གསུམ་གྱི་ས་སྣ། རྒྱ་གར་གནས་ཆེན་མང་པོའི་མེ་ཏོག་སྣ་ཚོགས་དང་ལྒ་སེར། མཁའ་འགྲོ་མ་སུ་ཁ་སོདྡྷིས་རྒྱ་གར་ནས་འབྲས་ཀྱི་སྙི་མ་བླངས་ཏེ་གཉོས་ཆེན་ལ་ཕུལ་བ། གཉོས་ཆེན་གྱི་དངོས་གྲུབ་བམ་རོ་གསུམ་པ་དེའུ་ཡང་དག་རིན་ཅེན་སྤུངས་པར་བྱུང་བ། རྒྱ་གར་གྱི་སིནྡྷུ་ར། ཨ་ཕ་ར། པྲ་ཏྲ་ཀོ་ཤི། པ་ལ་ཀྵ །ཨ་ཤྭ་ཏྠ། ཨུ་དུཾ་ཝཱ་ར། ནི་པའི་ཤིང་། མེ་ཏོག་དམར་པོ་སྣ་ཚོགས། སྲིན་བལ་གྱི་འབྲུ། པི་སྤ་ལ། ཨ་མྲ། གྷནྡྷ་ལུ་ལ། མུནྟ། དུར་བ། བིལཱ་རྒྱ་གར་གྲུབ་ཐོབ་རྣམས་ཀྱི་བྱིན་རླབས་རིལ་བུ་རྣམས།(༢༥༦ན)


GLG017_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལེ་ཤོད་ཀྱི་ས་སྣ་རྡོ་སྣ། ཛཱ་ཏི། སིནྡྷུ་ར། མེ་ཏོག །མཁའ་འགྲོ་ཀ་ཤ་གླིང་གི་རྡོ། སྦས་ཡུལ་འབྲས་མོ་ལྗོངས་ཀྱི་ས་སྣ་རྡོ་སྣ་ཤིང་སྣ་ཆུ་སྣ། རྫོགས་ཆེན་པ་ཀུན་བཟང་རྣམ་རྒྱལ་གྱི་འཆི་མེད་ཚེ་ཆུའི་རིལ་བུ། ཆོས་རྒྱལ་དུས་ཀྱི་ས་བཞིས་གཙོས་ལྷ་ས་ར་མོ་ཆེ། པོ་ཏ་ལ། ཡེར་པ། ཁྲ་འབྲུག་རྣམས་ཀྱི་ས་སྣ་རྡོ་སྣ། བསམ་ཡས་ཀྱིས་མཆོད་རྟེན་དཀར་པོ། སྔོན་པོ། དམར་པོ་གསུམ་གྱིས་གཙོས་པའི་ས་སྣ་ཆུ་སྣ། ཆོས་འཁོར་རྒྱལ་གྱི་བླ་མཚོ་རྣམས་ཀྱི་ཆུ་དང་ས་སྣ། ཙཱ་རི་ཡང་རྫོང་ཕག་མོའི་བྷ་ག་ནས་བྱུང་བའི་སིནྡྷུ་ར། གཉོས་འགར་ཆོས་གསུམ་གྱིས་ཕག་མོ་ས་ལ་ཐིམ་པར་གཟིགས་པའི་སིནྡྷུ་ར། བཀའ་བརྒྱུད། ཕྱག་རྡོར། གཏུམ་པོ། སྒྲོལ་ལྗངས། ཞིང་སྐྱོང་རྣམས་ཀྱི་བླ་མཚོའི་རྡེའུ་ས་སྣ་དང་ཆུ། མདོ་ཁམས་སྟོད་སྨད་ཀྱི་གནས་ཆེན་རྣམས་ཀྱི་ས་སྣ། རྒྱ་ནག་རི་བོ་རྩེ་ལྔའི་མེ་ཏོག་སྣ་ཚོགས། ས་སྣ། རྩྭ་རིགས་མི་གཅིག་པ་མང་པོ་སོགས་དེར་མ་གཏོགས་པའི་འཛམ་བུ་གླིང་གི་གནས་ཆེན་དུ་མའི་ས་སྣ་རྡོ་སྣ། བྱིན་རྟེན་སྣ་ཚོགས། རིན་པོ་ཆེ། སྨན་སྣ། དར་ཟབ། འབྲུ་སྣ། ཇ་སྣ་ཚོགས་འཇིམ་པ་ལ་བསྲེས་པའི་ཁུ་བར་ཇོ་བོ་ཤཱཀྱ་མུ་ནི། རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར་སོགས་འོད་ཟེར་འཕྲོས་པའི་ལྷ་བརྒྱད། རྒྱལ་བ་བཙོང་ཁ་པ་ཆེན་པོའི་སྐུ་ཕྱག་ནས་མས་ཐོག་དྲངས་སྟེང་འོག་བར་གསུམ་གྱི་རྟེན་བརྟེན་པ་ཡོངས་སུ་རྫོགས་པ། ཇོ་བོ་མི་བསྐྱོད་རྡོ་རྗེ་སོགས་རྒྱས་བཏབ་ར་མོ་(༢༥༦བ)


GLG017_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་ལྷ་ཁང་གི་རྟེན་གསར་རྙིང་། འཕགས་པ་ལོ་ཀེ་ཤྭ་ར། ཐུབ་པ་སྟ་ཟུར་མ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་གྱི་ཕྱག་བཟོའི་སློབ་དཔོན་ཆེན་པོའི་སྐུ་བསོད་ནམས་དཔལ་འབར། གྲགས་པ་རྩ་རིས་མ་བཀྲ་ཤིས་དོ་ཁ་མ་འཇམ་དཔལ་གཤེན་རྗེ་གདུང་དྲུག་སོགས་ཕོ་བྲང་པོ་ཏ་ལའི་མཆོད་ཁང་གི་སྐུ་བརྙན་དངོས་སུ་སྐུ་ཁྲུས་གསོལ་འོས་པ་རྣམས་དང་མི་འོས་པ་རྣམས་ལ་མེ་ལོང་ལ་སྐུ་བརྙན་འཆར་དུ་བཅུག་པའི་ཁྲུས་ཆུས་སྦྲན་ནས་གཙུག་ལག་གཉིས་པ་ཤེས་པའི་མིག་ཡངས་ཨེ་པ་སྤྲུལ་སྐུ་དབུ་མཛད་བག་དྲོ། ཨ་བར་དཔལ་འཛིན། བཙུན་ཆུང་། བློ་བཟང་བསྟན་སྐྱོང་། ཨོ་རྒྱན། འཛོམ་དྲུག །ཨ་བར་དཀར་རྒྱལ། ནོར་བུ་ཚེ་རིང་རྣམས་ལ་རྙེད་བཀུར་གླ་ཡོན་སོགས་གྱ་ནོམ་པ་དང་བཅས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་ལྷ་དབང་གླིང་དུ་སྣྲོན་གྱི་ཟླ་བ་ལེགས་པར་བཞེངས་གྲུབ་པ་ལ་ཕོ་བྲང་དམར་པོ་རིར་ངེད་རང་གིས་རབ་གནས་རྟ་ཐོག་མ་དང་མེ་ཏོག་བརྒྱ་རྩ་བརྒྱད་དུ་གཏོར། གཟུངས་བཞུགས་ཀྱི་སྐོར་ཆོས་སྐུའི་རིང་བསྲེལ་ལ་མདོ་རྒྱུད་ཀྱི་བླ་མ་བརྒྱུད་པའི་མཚན་སྔགས། རིག་པ་ཆེན་མོ། གསང་བ་འདུས་པ་ལ་སོགས་པ་ཕ་རྒྱུད། འཁོར་ལོ་སྡོམ་པ་ལ་སོགས་པ་མ་རྒྱུད། དགྱེས་མཛད་རྡོ་རྗེ་ལ་སོགས་པ་གཉིས་མེད་རྒྱུད། སྲོག་ཤིང་བརྟན་པ། དེ་ཉིད་བསྡུས་པ་ལ་སོགས་པ་རྣལ་འབྱོར་རྒྱུད། རྣམ་སྣང་མངོན་བྱང་ལ་སོགས་པ་སྤྱོད་རྒྱུད། གཟུངས་ཆེན་སྡེ་ལྔ་ལ་སོགས་པ་བྱ་རྒྱུད། ཤེར་(༢༥༧ན)


GLG017_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སོགས་ལས་བྱུང་བའི་མདོ་གཟུངས། བཀྲ་ཤིས་པའི་ཚིགས་བཅད། མགོན་ཆེན་སྡེ་བཞི་སོགས་ཆོས་སྲུང་། ནོར་ལྷའི་གཟུངས་རྣམས། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ལ་རྟེན་གཙོར་སངས་རྒྱས་འོད་སྲུངས་ཀྱི་རིང་བསྲེལ་གཅིག་དང་ཤཱཀྱ་ཐུབ་པའི་གཉིས། གཞན་རྣམས་ལ་རེ་རེ། རྟེན་གཙོར་བྱེ་མ་ཨ་ཀྲོང་ལས་གྲུབ་པའི་པདྨ་གུ་རུའི་སྐུ་བྱིན་ཅན། སྐུ་གདུང་སྐུ་བལ་སྣ་ཚོགས་ལ། བསྟན་པ་སྤྱིར་སངས་རྒྱས་གླང་པོའི་གདུང་གི་ཆ་ཤས། རྒྱ་མོ་བཟའི་ཕྱག་བཟོ་སངས་རྒྱས་བཏགས་སྐུའི་ཉག་མ། རང་སངས་རྒྱས་ཀྱི་གདུང་རྡོའི་ཁམས་སུ་བྱིན་གྱིས་བརླབས་པའི་ཆ་ཤས། དགྲ་བཅོམ་པ་ཉི་མ་གུང་པའི་གདུང་དང་སྣམ་སྦྱར་གྱི་ཆ་ཤས། དཔལ་ལྡན་ས་ར་ཧའི་རེག་འཇམ་སྦྲུལ་གྱི་པགས་པའི་སྒོམ་ཐག་གི་ཆ་ཤས། བྲམ་ཟེ་དཔལ་འཛིན་གྱི་རུས་རྒྱན་གྱི་ཆ་ཤས། མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོའི་ཕྱག་མཛུབ་ཀྱི་ཆ་ཤས། མཁས་པ་ཀ་མ་ལ་ཤཱི་ལའི་གདུང་གི་ཆ་ཤས། བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་གདུང་དང་བ་སོའི་སྐུ་རྒྱན་གྱི་ཆ་ཤས། གྲུབ་ཆེན་ནག་པོ་སྤྱོད་པའི་རུས་རྒྱན་གྱི་ཆ་ཤས། བསམ་ཡས་སུ་ལོ་པཎ་རྣམས་ཀྱིས་ཆོས་བསྒྱུར་པའི་ཁྲིའི་དུམ་བུ་གྲུབ་ཆེན་ཏི་ལོ་པའི་བཞུགས་གདན་གྱི་ཆ་ཤས། པཎ་ཆེན་ན་རོ་ཏ་པའི་རྭའི་སྙན་རྒྱན། བཞུགས་གདན། སྒོམ་ཐག རུས་རྒྱན། ཕྱག་འཁར་རྣམས་ཀྱི་ཆ་ཤས་དང་། མཁའ་འགྲོ་མ་ནི་གུའི་དབུ་སྐྲ་དང་མཚེམས་ཀྱི་ཆ་ཤས། མངའ་(༢༥༧བ)


GLG017_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མཻ་ཏྲི་པའི་རྡོ་རྒྱུས་སྒོམ་ཐག་དང་ཁ་ཊྭཱཾ་གི་ཤིང་གི་དུམ་བུ། ཁ་ཆེ་དགོན་པ་བའི་གདུང་གི་ཆ་ཤས། གྲུབ་ཐོབ་མི་ཏྲ་ཛོ་ཀིའི་རྡོ་རྒྱུས་སྒོམ་ཐག་དང་འཇིག་རྟེན་གྱི་མཁའ་འགྲོས་རྒྱ་གར་ཕྱག་ན་ལ་གནང་བའི་རྡོ་རྒྱུས་སྒོམ་ཐག །བལ་པོ་ཨ་སུའི་རྡོ་རྒྱུས་སྒོམ་ཐག་རྣམས་ཀྱི་དུམ་བུ། པཎྜི་ཏ་དཱ་ན་ཤི་ལའི་དབུ་སྐྲ། པཎ་ཆེན་ཤྲཱི་པུ་ཏྲཱའི་ཚེམས་ཀྱི་ཆ་ཤས། པཎྜི་ཏ་འབུམ་ཕྲག་གསུམ་པའི་དབུ་སྐྲ །ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་གདུང་རུས། དབུ་ལོ། སྣམ་སྦྱར། ན་བཟའ། འཁར་བསིལ་གྱི་ཤིང་། ཞབས་སྒྲོག །གསོལ་ལྷུང་གི་ཤུབས་རྣམས་ཀྱི་ཆ་ཤས། གྲུབ་ཆེན་ཛ་བ་རི་པའི་ཉྭ་གདུབ་གཎྜ་མི་རྟ་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུས་ཡུན་རིངས་བཅངས་པའི་ཆ་ཤས། པཎ་ཆེན་ནགས་ཀྱི་རིན་ཆེན་གྱི་དབུ་ཞྭའི་ཚལ་བུ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞབས་ཕྱགས། ཕྱག་ཕྲེང་། དེའི་དུས་ཀྱི་སྤྲུལ་པའི་སྟག་གི་པགས་པ། རྒྱ་མོ་བཟའ་ཀོང་ཇོའི་མེ་ལོང་རྣམས་ཀྱི་དུམ་བུ། མངའ་བདག་ཁྲི་རལ་གྱི་གདུང་རུས། ལོ་ཆེན་རིན་ཅེན་བཟང་པོའི་ཕྱག་སེན་དང་དབུ་སྐྲ། སྒྲ་བསྒྱུར་མར་པ་ལོ་ཙཱའི་དབུ་ལོ། བེར་སེང་གེ་མཇིང་བསྣོལ། དེ་དང་མི་ལ་ཐོག་མར་མཇལ་དུས་ཆང་ལྷན་དུ་བཞེས་པའི་གསོལ་ཞལ། སྲས་དར་མ་མདོ་སྡེའི་གདུང་རྣམས་ཀྱི་ཆ་ཤས། རྗེ་མི་ལ་བཞད་པ་རྡོ་རྗེའི་དབུ་ལོ། རས་གོས་དང་། དགུང་ལོ་བཞི་བཅུ་ནས་བརྒྱད་ཅུའི་བར་བཅངས་པའི་སྒོམ་ཐག་གི་ཚལ་བུ། །རས་ཆུང་རྡོ་རྗེ་(༢༥༨ན)


GLG017_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པའི་གདུང་རུས། མཁས་གྲུབ་ཁྱུང་པོ་དུ་གུ་པའི་གདུང་ཐལ། རྟེན་འདམ་ཕབས་རྒྱུན། ཞོང་ཞོང་གི་སྐུ་འདྲའི་ན་བཟའ་ཚལ་བུ། མཉམ་མེད་རིན་པོ་ཆེ་བརྩོན་འགྲུས་ཀྱི་གདུང་ཐལ། སྐྱེར་སྒང་པ་ཆོས་ཀྱི་སེང་གེའི་གདུང་དང་ན་བཟའི་དུམ་བུ། མཉམ་མེད་ནམ་མཁའི་རྣལ་འབྱོར་གྱི་དབུ་ལོ། རྒྱལ་བ་རི་ཁྲོད་པའི་གདུང་རུས། ཡབ་ཆོས་རྗེ་ཀུན་དགའ་རྒྱལ་མཚན་གྱི་སྒོམ་ཐག་གི་ཆ་ཤས་པཎ་ཆེན་དགེ་འདུན་རྒྱ་མཚོའི་ཡུམ་གྱི་གདུང་རུས། ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་པའི་མགུལ་སྲུང་ཐག་པའི་ཚལ་བུ་རྣམས། གསང་སྔགས་རྙིང་མའི་སྐོར་ལ། སློབ་དཔོན་དགའ་རབ་རྡོ་རྗེའི་དབུ་ལོ། སློབ་དཔོན་ཤྲཱི་སིདྷའི་དབུ་སྐྲ། དཔལ་ཨྱོན་ཆེན་པོས་འཆི་མེད་ཚེའི་རིགས་འཛིན་བསྒྲུབས་དུས་ཀྱི་རིལ་བུ་འཇའ་ཚོན་མ། ཕྱག་ཕྲེང་གི་ཆ་ཤས། ཨྱོན་ཡབ་ཡུམ་གྱི་བྱང་སེམས་དང་ཤ་ལྔ་བདུད་རྩི་ལྔ་བསྲེས་པའི་ཕབས་རྒྱུན། པཎ་ཆེན་བེ་མ་ལ་མི་ཏྲའི་ཤངས་མཚལ། སྐུ་རག་དང་ན་བཟའི་དུམ་བུ། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་གདུང་རུས། བྲམ་ཟེ་སྐྱེ་བ་བདུན་པའི་ཤ་དང་། དུང་རྣ་ཅན་གྱི་སྐུ་མཆིན་གྱི་དུམ་བུ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་གྱི་ཕྱག་བཟོའི་སེང་གེའི་ཚལ་བུ། ལོ་ཆེན་བེ་རོ་ཙ་ནའི་གདུང་རུས། ན་བཟའ་དང་རྒྱ་དཔེའི་ཆ་ཤས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་གདུང་དང་དབུ་སྐྲ། ངན་ལམ་རྒྱལ་བ་མཆོག་དབྱངས་དང་མྱང་ཏ་ཐཱ་(༢༥༨བ)


GLG017_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཏའི་གདུང་རུས། ལྷ་ལུང་དཔལ་རྡོར་གྱི་སྐུ་ཕོད་ཀྱི་ཚལ་བུ། ཟུར་ཤཱཀྱ་འབྱུང་གི་ཆོས་སྨན། མཐུ་ཆེན་གངས་པ་ཤཱག་འབུམ་དང་གཡུང་སྟོན་པ་ཐུན་མོང་གི་ཕྱག་ཕྲེང་གི་ཆ་ཤས། གཡུང་གི་རིང་བསྲེལ། ཀ་ཐོག་བྱམས་པ་བཀྲ་ཤིས་བདེ་ལེགས་ཀྱི་སློབ་མ་བྱང་འབུམ་གྱི་གདུང་རུས། པཉྩ་ཁྲུལ་བུ་ཆོས་སྨན། ཨ་མི་བྱ་ནག་ཆེན་པོའི་བེར་ཆོས་སྐྱོང་ཁྲ་བོའི་དུམ་བུ། སྙེ་མདོ་རོག་ཐམས་ཅད་མཁྱེན་པའི་དབུ་ཞྭའི་ཚལ་བུ། སོ་ཤཱཀྱ་དཔལ་བའི་གདུར་རུས། ཕྱག་ཕྲེང་དང་བེར་གྱི་ཆ་ཤས། ཆུ་ཤུར་བྲག་སྟོན་པ་སོ་ལེགས་ལྡན་རྡོ་རྗེའི་སྐུ་ཤ་དང་སྐུ་རུས། མངའ་བདག་མྱང་ཉི་མ་འོད་ཟེར་གྱི་དབུ་ལོ། ཁྲོས་ནག་ཤོག་སེར། མྱང་གི་རིག་མ་སངས་རྒྱས་སྐྱིད་དང་ཡེ་ཤེས་མཁའ་འགྲོའི་གདུང་། མྱང་བདུད་འདུལ་གྱི་སྐུ་ཤ །བཀའ་བརྒྱུད་མཁའ་ཀློང་ཡངས་པའི་ན་བཟའ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་སྐུ་ཤ །ཤངས་མཚལ། ཆོས་སྨན། སྐྱེ་བདུན། གསང་རྫོགས་ཀྱི་ཤོག་སེར་གྱི་ཚལ་བུ། པདྨ་གུ་རུའི་སྐུ་རྒྱུའི་བྱེ་མ་ཨ་ཀྲོང་། སྲས་པདྨ་དབང་ཆེན་གྱི་སྐུ་ཤ་དང་སྐུ་ཕོད་ཀྱི་དུམ་བུ། ཡར་ཀླུངས་སྤྲུལ་སྐུ་ཤཱཀྱ་འོད་ཀྱི་གདུང་རུས། སྨན་ལུང་ཆོས་ལྡན་པའི་ཆོས་སྨན། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེའི་དབུ་སྐྲ་དང་ཆོས་སྨན། བྲག་སྣ་ཕྱོགས་ཀྱི་ཆོས་སྨན། ཆོས་རྗེ་ངག་དབང་ཐུབ་བསྟན་གྱིས་ཆུ་བོ་རིར་བསྒྲུབས་པའི་ཚེ་རིལ། རིགས་འཛིན་ཆེན་པོ་རྒོད་ལྡེམ་གྱི་སྐྱེ་བདུན། སེ་སྟོན་མགོན་པོ་བཟང་(༢༥༩ན)


GLG017_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དབུ་ཀླད། སེ་སྟོན་རིན་ཅེན་རྒྱལ་མཚན་གྱི་སྐུ་ཤ །སྐུ་རུས། དབུ་རལ། དབུ་ཞྭ་དང་སྐུ་ཤམ་གྱི་དུམ་བུ། ལྡོང་སྟོན་ཆོས་སྐྱོང་བསོད་ནམས་ཀྱི་སྐུ་ཤ །མེས་སྟོན་རྡོ་རྗེ་དཔལ་བཟང་གི་དབུ་རལ་དང་ཕྱག་ཕྲེང་གི་ཆ་ཤས། ཐུགས་སྲས་ནམ་མཁའ་རྒྱལ་མཚན་གྱི་དབུ་རལ། ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན་གྱི་གདུང་རུས། སྐུ་ཕོད། སྣམ་སྦྱར་གྱི་དུམ་བུ། བཀྲ་བཟང་པ་པདྨ་དབང་ཆེན་གྱི་དབུ་རལ། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་དབུ་སྐྲ། སླེ་བེམ། ཕྱག་ཕྲེང་གི་ཆ་ཤས། ཚེ་རིལ། ངག་དབང་ཉི་ཟླ་བཟང་པོའི་གདུང་རུས། སྤྲུལ་སྐུ་ཨྱོན་གླིང་པའི་གདུང་རུས་དང་ཁྲོས་ནག་ཤོག་སེར་གྱི་ཚལ་བུ། གཏེར་སྟོན་སངས་རྒྱས་གླིང་པའི་གདུང་རུས། དབུ་ཞྭའི་དུམ་བུ། དབུ་ལོ། དམ་རྫས་རོལ་ཆེན། ཆོས་སྨན། ཚེ་རིལ། དེའི་གཏེར་བྱོན་ཨྱོན་རིན་པོ་ཆེའི་ཕྱག་ཕྲེང་གི་ཆ་ཤས། དཀར་ཆེན་ཀུན་དགའ་གྲགས་ཀྱི་སྐུ་ཤ །གཏེར་ཆེན་རྡོ་རྗེ་གླིང་པའི་སྐུ་ཤ །སྐུ་ཚིལ། ན་བཟའ་དང་། ཤོག་སེར་གྱི་ཚལ་བུ། ཆོས་རྒྱལ་རཏྣ་གླིང་པའི་གདུང་རུས། སྐུ་ཤ །དབུ་སྐྲ། དམ་རྫས་རོལ་པ་ཆེན་པོ། ཨ་ཐམ་མ། རཏྣའི་སྲས་གྲགས་པ་རིན་ཅེན་གྱི་སྐུ་ཤ །གདུང་བརྒྱུད་ངག་དབང་ནོར་བུའི་སྐུ་ཤ །ཡུག་ཀླུངས་པ་ནོར་བུ་དབང་རྒྱལ་གྱི་དབུ་སྐྲ། འཕྱོང་རྒྱས་ཞབས་དྲུངས་ངག་དབང་བསོད་ནམས་གྲགས་པའི་དབུ་ཐོད་ཀྱི་དུམ་བུ་དང་དབུ་ལོ། གཏེར་སྟོན་པདྨ་གླིང་པའི་པུར་རས་ཀྱི་དུམ་བུ་དང་ཆོས་སྨན་(༢༥༩བ)


GLG017_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཐམ་མ། སྐྱེ་བདུན། དེའི་གཏེར་མའི་ཨྱོན་རིན་པོ་ཆེའི་སྐུ་ཆོས་གསེར་གྱི་པ་ཏྲ་ཅན་གྱི་ཆ་ཤས། སྤྲུལ་སྐུ་མཆོག་ལྡན་མགོན་པོའི་སྐུ་ཤ །སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱི་ཆོས་སྨན། གསུང་སྤྲུལ་གྱི་སྐྱེ་བདུན། གཏེར་སྟོན་བསམ་གཏན་གླིང་པའི་སྐུ་ཤ །གཏེར་སྟོན་ཤེས་རབ་མེ་འབར་གྱི་སྐུ་ཤ །མཚོ་སྣ་གཏེར་སྟོན་མགོན་པོ་རིན་ཅེན་གྱི་སྐུ་ཤ །ལྷེ་ལས་འགྲོ་གླིང་པའི་སྐུ་ཤ །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་སྐུ་རག་དང་ཕྱག་ཕྲེང་གི་ཚལ་བུ། མངའ་རིས་པཎ་ཆེན་རིན་པོ་ཆེའི་གདུང་དང་སྐུ་ཆོས་དང་ཤོག་སེར་ཀྱི་ཚལ་བུ། མངའ་རིས་རིགས་འཛིན་ཆེན་པོའི་གདུང་། དབུ་སྐྲ། དམ་རྫས། ཆོས་སྨན། དབུ་ཞྭའི་དུམ་བུ། སྐྱེ་བདུན་རིལ་བུ། འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་སྐུ་ཤའི་ཚལ་བུ། དབུ་སྐྲ། ཆོས་སྨན་ཕྱག་ཕྲེང་དང་སྣམ་སྦྱར་གྱི་ཆ་ཤས། འབྲི་གུང་ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས་ཀྱི་གདུང་རུས་དང་ཚེམས་ཀྱི་དུམ་བུ། འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པའི་ཚེམས་ཀྱི་ཆ་ཤས། གདུང་རུས། ཆོས་སྨན། འབྲི་གུང་སྤྲུལ་སྐུ་དཀོན་ཅོག་འཕྲིན་ལས་ཀྱིས་བསྒྲུབས་པའི་ཆོས་སྨན་དཔལ་རི་སྤྲུལ་སྐུ་ངག་དབང་པདྨའི་ཆོས་སྨན་དང་འཆི་མེད་སྐུ་གསུམ་འདུས་པའི་རིལ་བུ། ཆོས་རྒྱལ་བྱང་པ་བཀྲ་ཤིས་སྟོབས་རྒྱལ་གྱི་དབུ་རལ་བཀའ་བརྒྱད་གསང་རྫོགས་ཀྱི་སྒོ་ནས་བསྒྲུབས་པའི་ཆོས་སྨན་དང་བུམ་ཆུ་རིལ་བུ། དབུ་ཞྭ། ཚེ་བདག་གི་སྒྲུབ་གཏོར། རིགས་འཛིན་ངག་གི་དབང་པོའི་དབུ་སྐྲ་དང་འགྲོ་དོན་ལས་སྦྱོར་ལྔ་པའི་རིལ་བུ། ཡོལ་མོ་སྤྲུལ་སྐུ་བསྟན་(༢༦༠ན)


GLG017_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ནོར་བུའི་གདུང་། དབུ་རལ། ན་བཟའི་དུམ་བུ། སྐྱེ་བདུན། རྡོ་རྗེ་བྲག་སྤྲུལ་པའི་སྐུ་པདྨ་འཕྲིན་ལས་ཀྱི་བདུད་རྩི་འཁྱིལ་པའི་ཚེ་རིལ། འཆི་མེད་སྐུ་གསུམ་འདུས་པའི་རིལ་བུ། སྐྱེ་བདུན། ཆོས་སྨན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་སྐུ་ཤ །སྐུ་རུས། བདེ་འདུས་ཀྱི་སྒོ་ནས་བསྒྲུབས་པའི་ཆོས་སྨན། འགྲོ་དོན་ལས་སྦྱོར་ལྔ་པ། ཀོང་པོ་གཏེར་སྟོན་འཇའ་ཚོན་སྙིང་པོའི་གདུང་། ཐུགས་དང་ན་བཟའི་ཆ་ཤས། རྫོགས་ཆེན་པ་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་གདུང་དང་ཆོས་སྨན། སྙིང་རི་བ་རྒྱལ་སྲས་བདེ་བ་བཟང་པོའི་དབུ་རལ། དར་རྒྱས་ཆོས་སྡིངས་པ་རྗེ་འཕྲིན་ལས་ལྷུན་གྲུབ་ཀྱིས་ཤེལ་བྲག་ཏུ་བསྒྲུབས་པའི་ཆོས་སྨན། ཆོས་རྒྱལ་གཏེར་བདག་གླིང་པའི་སྐུ་མཚལ། དབུ་ལོ། ཨ་ཐམ་མ། ཆོས་སྨན། ཚེ་རིལ། དེའི་གཏེར་མའི་ཨྱོན་ཆེན་པོའི་ན་བཟའི་ཆ་ཤས་རྣམས། དཀའ་གདམས་དང་དགེ་ལུགས་ཀྱི་སྐོར་ལ། མཉམ་མེད་ཇོ་བོ་ཆེན་པོ་ཨ་ཏི་ཤའི་གདུང་། དབུ་ཞྭ། ཕྲག་ཕྲེང་། ཕྱག་རྩའི་རྟེན་འདམ། སག་འགྲིལ་རྒྱ་དཔེ་རྣམས་ཀྱི་ཆ་ཤས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་ཚེམས། གདུང་། དབུ་ཞྭ། དབུ་སྐྲ། བཞུགས་གདན་རྣམས་ཀྱི་དུམ་བུ། རྔོག་ལོ་ཁུ་དབོན་གྱི་ན་བཟའི་ཚལ་བུ། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་གདུང་། པོ་ཏོ་བ་རིན་ཅེན་གསལ་གྱི་ཐུགས། གདུང་། དབུ་ལོ། སྐུ་ཆོས། རྣམ་སྦྱར་རྣམས་ཀྱི་དུམ་བུ། བཤེས་གཉེན་སྤྱན་སྔ་བའི་དབུ་(༢༦༠བ)


GLG017_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ། སྣེའུ་ཟུར་པ་ཡེ་ཤེས་འབར་གྱི་དབུ་སྐྲ། རྔོག་བློ་ལྡན་ཤེས་རབ་ཀྱི་དཔེ་ཁྲིའི་ཐག་པའི་དུམ་བུ། ཁམས་ལུང་པའི་ཕྱའུ། བཤེས་གཉེན་སྒྲེ་བའི་གདུང་། ཤ་ར་བའི་སྐུ་མཚལ། སེ་སྤྱིལ་བུ་བའི་སྣམ་སྦྱར་གྱི་ཆ་ཤས། ཀ་མ་བའི་ན་བཟའི་ཚལ་བུ། སྣར་ཐང་དཔལ་ལྡན་གྲོའི་ཕྱག་ཕྲེང་དང་རྟེན་འདམ། མཆིམས་ནམ་མཁའ་གྲགས་ཀྱི་གདུང་། བཅོམ་ལྡན་རལ་གྲིའི་གདུང་། བྱ་འདུལ་བ་འཛིན་པའི་གདུང་དང་དབུ་སྐྲ། སྦས་ཏི་དགྲ་བཅོམ་པའི་དབུ་ལོ། ལྷོ་བྲག་མཁན་ཆེན་ཕྱག་རྡོར་བའི་དབུ་སྐྲ། ཕྱག་མཛུབ་དང་། ཞབས་ཕྱགས་ཀྱི་དུམ་བུ། རྒྱལ་བ་གཉིས་པ་བཙོང་ཁ་བ་ཆེན་པོའི་སྐུ་མཚལ། དབུ་ལོ། གསང་ཆབ། ཚེམས་དང་དབུ་ཞྭ། སྐུ་རག །ན་བཟའ། ཞབས་ཕྱགས་རྣམས་ཀྱི་ཆ་ཤས། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་དབུ་ལོ། །མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གདུང་། བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་དབུ་སྐྲ། འཇམ་དབྱངས་སྨོན་ལམ་དཔལ་བའི་དབུ་སྐྲ། འཇམ་དབྱངས་གཙང་པ་བདུན་བརྒྱུད་ཀྱི་དབུ་ལོ་ཕྱག་སེན་སོགས་བསྲེས་བའི་རྟེན་འདམ། པཎ་ཆེན་བྱམས་པ་གླིང་པའི་ན་བཟའི་དུམ་བུ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་ཚེམས། དབུ་ཞྭ་སྐུ་ཆོས་གསུམ་གྱི་ཚལ་བུ། སེམས་དཔའ་ཀུན་བཟང་པའི་དབུ་སྐྲ། འདར་སྟོན་བློ་བཟང་གྲགས་པའི་གདུང་། མདུང་རས་པའི་དབུ་སྐྲ། མཁས་གྲུབ་ནོར་བཟང་རྒྱ་མཚོའི་དབུ་ལོ་དང་བཞུགས་འདིང་གི་དུམ་བུ། འཇམ་དབྱངས་ལེགས་པ་ཆོས་འབྱོར་གྱི་སྣམ་སྦྱར་གྱི་ཆ་ཤས། ཐམས་ཅད་(༢༦༡ན)


GLG017_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་དགེ་འདུན་རྒྱ་མཚོའི་རིང་བསྲེལ། ཆབ་སེར། དབུ་ལོ། སྐུ་འཚལ། སྐུ་རག་གི་ཚལ་བུ། པཎ་ཆེན་བསོད་ནམས་གྲགས་པའི་གདུང་། དབུ་ལོ། ན་བཟའི་དུམ་བུ། སྔགས་རམས་པ་དགེ་འདུན་བཀྲ་ཤིས་ཀྱི་གདུང་། བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་གི་གདུང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་སྐུ་ཤ །དབུ་ཀླད། ཞྭ་ཐུལ་དང་སྐུ་ཆོས། པུར་རས། སྐུ་རག །ཞབས་ཆགས། སྟན་དམར་རྣམས་ཀྱི་ཆ་ཤས། སྒོམ་སྡེ་ཤར་པ་ནམ་མཁའ་རྒྱལ་མཚན་གྱི་དབུ་ལོ། རྗེ་དྲུང་རིན་པོ་ཆེ་བསྟན་པ་རྒྱ་མཚོའི་དབུ་ལོ། པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དབུ་ལོ། སྣམ་སྦྱར་ན་འཟའི་དུམ་བུ། རྟེན་འདུས། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་གདུང་རུས། ཤངས་མཚལ། དབུ་སྐྲ། གསང་ཆབ །སྐུ་ཆོས་དང་དབུ་ཞྭ། སྐུ་གཡོགས། པུར་རས་བཞིའི་ཚལ་པ། འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་གྱི་དབུ་ལོ། རྟེན་འདུས། རྡོ་རྗེ་འཆང་ཕ་བོང་ཁ་པའི་དབུ་ལོ། སྐུ་གདུང་། དབུ་ཀླད། ཚེམས་དང་ཐུགས་ཞབས་སེན། དབུ་ཞྭ་རྣམས་ཀྱི་དུམ་བུ། འདི་གའི་སྐྲ་དང་རུང་ཐུན་གྱི་གོས་རྔུལ་བཟན་སྦུབས་དང་གཞན་རྣམས་ཀྱི་ཆ་ཤས། ཆུ་ཕོ་བྱི་ལོ་པོ་ཏ་ལར་གསང་རྫོགས། གྲུབ་ཆེན་སོགས་དབང་མང་དུ་བྱས་སྐབསས་ཀྱི་ཚེ་རིལ། ཚེ་ཆང་། བུམ་ཆུ། གཏོར་མ། ས་རྟ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པས་བོད་ཁམས་བདེ་ཐབས་སུ་ལྷ་སར་ཕུར་སྒྲུབ་དུས་ཀྱི་ཚེ་(༢༦༡བ)


GLG017_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

རིལ། བུམ་ཆུ། ཆོས་འཁོར་རྒྱལ་བས་མ་ཎི་དུང་ཕྱུར་བཏང་བའི་རིལ་བུ། ཆོས་འཁོར་རྒྱལ་དང་དགས་གྲ་ཚང་པས་མ་ཎི་དུང་ཕྱུར་གྱི་སྒོ་ནས་བསྒྲུབས་པའི་རིལ་བུ་དགའ་ལྡན་གསང་སྔགས་གླིང་པས་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒོ་ནས་བསྒྲུབས་པའི་འགྲོ་དོན་ལས་སྦྱོར་ལྔ་པའི་རིལ་བུ་རྣམས། ས་སྐྱ་བའི་སྐོར་ལ། གྲུབ་པའི་འཁོར་བསྒྱུར་བི་རཱུ་པའི་རུས་རྒྱན་དང་སྒོམ་དབྱུག་གི་ཆ་ཤས། བདུད་རྩི་རིལ་བུ། འབྲོག་མི་ལོ་ཆེན་ཤཱཀྱ་ཡེ་ཤེས་ཀྱི་གདུང་། བ་རི་ལོ་ཙཱ་བ་རིན་ཅེན་གྲགས་ཀྱི་ན་བཟའི་དུམ་བུ། བླ་མ་ཞང་སྟོན་ཆོས་འབར་གྱི་ན་བཟའི་ཚལ་པ། གནམ་ཁའུ་པ་དར་མ་རྒྱལ་མཚན་གྱི་གདུང་། མགོན་པོ་དངོས་སུ་གཟིགས་པའི་དུས་ཕྱག་ནས་ཤོར་བའི་བཞེས་ཅན་དང་རུས་རྒྱན་གྱི་དུམ་བུ། འཁོན་དཀོན་ཅོག་རྒྱལ་པོའི་དབུ་ལོ་དང་ན་བཟའི་ཚལ་པ། དེ་དང་ས་ཆེན་ཐུན་མོང་གི་ན་བཟའ་རེ་ཕྲུག་མའི་ཆ་ཤས། རྗེ་བཙུན་བརྩེ་ཆེན་སྙིང་པོའི་ཞབས་ཀྱི་གདུང་། གར་གོས་དང་རུས་རྒྱན་གྱི་ཚལ་པ། སློབ་དཔོན་བསོད་ནམས་རྩེ་མོའི་དབུ་ལོ་དང་གར་གོས་ཀྱི་དུམ་བུ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གདུང་། ཤངས་མཚལ། དབུ་སྐྲ། གར་གོས་དང་ན་བཟའ། སྐུ་བེར། ཐོད་ཕྲེང་མེ་འབར་མ། བཞུགས་གདན་རྣམས་གྱི་ཆ་ཤས། བདུད་རྩི་རིལ་བུ། འཇམ་དབྱངས་ས་སྐྱ་ལོ་ཙཱ་བའི་དབུ་སྐྲ། གདུང་། སྣམ་སྦྱར་དང་རུས་རྒྱན་གྱི་ཚལ་པ། ཆོས་ཀྱི་རྒྱལ་པོ་འཕགས་པའི་གདུང་། ཐུགས། ན་བཟའ། ཕྱག་ཕྲེང་གསུམ་གྱི་ཚལ་པ། འགྲོ་(༢༦༢ན)


GLG017_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཕྱག་ནའི་གདུང་། རྒྱལ་བ་བྲག་ཕུག་པ་བསོད་ནམས་དཔལ་གྱི་བདུད་རྩི་རིལ་བུ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གདུང་། གདུང་ཚ། སྣམ་སྦྱར། གཟུངས་ཐག །ན་བཟའ་གསུམ་གྱི་ཆ་ཤས། སྔགས་འཆང་གཟུངས་ཀྱི་དཔལ་བའི་སྐུ་ཕོད་ཀྱི་དུམ་བུ། ཐེག་ཆེན་ཆོས་རྗེའི་དབུ་སྐྲ་དང་པུར་རས་ཀྱི་ཚལ་པ། བྲག་ཐོག་པ་བསོད་ནམས་བཟང་པོའི་གདུང་། ཀུན་མཁྱེན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱི་ཚེམས་དང་། སྣམ་སྦྱར་གྱི་ཆ་ཤས། མཉམ་མེད་ཡེ་ཤེས་དཔལ་ལྡན་བཟངཔོའི་དབུ་ལོ། ཀུན་མཁྱེན་གཡག་པའི་གདུང་། རོང་སྟོན་ཤེས་བྱ་ཀུན་རིག་གི་སྐུ་ཆོས་ཀྱི་དུམ་བུ། ངོར་ཆེན་རྡོ་རྗེ་འཆང་གི་དབུ་ལོ། ན་བཟའ་དང་པུར་རས་ཀྱི་ཆ་ཤས། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་ཅོག་རྒྱལ་མཚན་གྱི་རྟེན་འདུས། བདག་ཆེན་གྲགས་པ་བློ་གྲོས་ཀྱི་གདུང་རུས། ས་ལོ་འཇམ་དཔལ་རྡོ་རྗེའི་དབུ་སྐྲ་དང་ན་བཟའི་ཚལ་པ། བདག་ཆེན་ངག་གི་དབང་ཕྱུག་གི་པུར་རས་ཀྱི་དུམ་བུ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ་ཀྱི་དབུ་ལོ་དང་སྐུ་རག་གི་ཚལ་བུ། རྗེ་ཀུན་དགའ་གྲོལ་མཆོག་གི་ཚེམས་ཀྱི་དུམ་བུ་དང་དབུ་སྐྲ། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ཀྱི་བདུད་རྩི་རིལ་བུ། ས་སྐྱ་ཁྲི་ཆེན་ཀུན་དགའ་བསོད་ནམས་ཀྱི་བདུད་རྩི་རིལ་བུ། དེས་རྗེ་བཙུན་གོང་མ་རྣམས་ཀྱི་གདུང་ཐལ་ཕྱོགས་གཅིག་ཏུ་བསྡོམས་པ་བདག་ཆེན་རྡོ་རྗེ་འཆང་བར་དང་ཁོང་རང་ཡན་གྱི་བྱིན་རྟེན་རྣམས་ཕྱོགས་གཅིག་ཏུ་སྡོམས་པ་རྟེན་འདམ་དཔེ་(༢༦༢བ)


GLG017_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་མའི་སྟེང་དུ་གནས་ཆེན་གྱི་ས་རྡོ་བསྲེས་པ། རིན་ཆེན་སྒང་པ་སྒོས་ཀྱི་སྙན་བརྒྱུད་འཛིན་པ་ཡབ་འཇམ་དབྱངས་ཆོས་རྗེ་ནམ་མཁའ་རྒྱལ་མཚན་གྱི་གདུང་རུས། གཅེན་བདག་ཆེན་རྒྱ་དཀར་ཤེས་རབ་རྒྱ་མཚན་གྱི་གདུང་རུས། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱི་གདུང་རུས་དང་། མྱངས་པས་སྐྱེ་བ་གསུམ་ན་མཁའ་སྤྱོད་འགྲུབ་པར་ལུང་བསྟན་བྱུང་བའི་བདུད་རྩི་རིལ་བུ། རྗེ་བཙུན་རྡོ་རིང་བ་ཀུན་བཟང་ཆོས་ཀྱི་ཉི་མའི་གདུང་རུས། པུར་ཚྭ་དང་། ཚེ་བུམ་གྱི་ཆ་ཤས། རྗེ་སྒོ་རུམ་པ་ཀུན་དགའ་ལེགས་པའི་གདུང་རུས། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གདུང་རུས་དང་ཚེམས་ཁྲག །ཆབ་སེར། ཞབས་སེན། ཤངས་མཚལ། པུར་ཚྭ། ཐུགས་དམ་རྟག་གཏོར་རྣམས་ཀྱི་ཆ་ཤས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ཤངས་མཚལ། ཆོས་སྨན། དེ་དང་གཞོན་བློ་དབང་རབ་གསུམ་གྱིས་གཅིག་ཏུ་བསྲེལ་བའི་བདུད་རྩི་རིལ་བུ། རིན་པོ་ཆེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན་གྱི་དབུ་ལོ། ཡོལ་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱི་ཚེམས་ཀྱི་ཆ་ཤས། ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོའི་དབུ་ཐོད་ཀྱི་དུམ་བུ། སྔགས་འཆང་བསོད་ནམས་ཆོས་འཕེལ་གྱི་གདུང་རུས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གདུང་རུས། ན་བཟའི་ཚལ་བུ། སྐྱེ་བདུན། བདུད་རྩི་རིལ་བུ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་བདུད་རྩི་རིལ་བུ། རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོའི་གདུང་རུས། དབུ་ལོ། སྣམ་སྦྱར་གྱི་དུམ་བུ། སྐྱེ་བདུན། ཚེ་རིལ། པོ་ཏ་ལར་རྒྱུ་དབང་(༢༦༣ན)


GLG017_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བའི་དཀྱིལ་འཁོར་རྡུལ་ཚོན། ཁྱབ་བདག་ཞ་ལུ་པ་ཆེན་པོའི་དབུ་སྐྲ། བཀྲ་ཤིས་ཆོས་སྡེ་བས་རྣམ་རྒྱལ་སྟོང་མཆོད་ཀྱི་སྒོ་ནས་བསྒྲུབས་པའི་བུམ་ཆུ་རིལ་བུ་རྣམས། དགས་བརྒྱུད་པའི་སྐོར་ལ། སྒམ་པོ་ཟླ་འོད་གཞོན་ནུའི་གདུང་རུས། དབུ་སྐྲ་དང་ན་བཟའ། ཕྱག་ཕྲེང་། ཞབས་ཕྱགས། ཆིབས་སྒ་རྣམས་ཀྱི་ཆ་ཤས། དགེ་བའི་བཤེས་གཉེན་འབབ་རོམ་པའི་ཤང་མཚལ་དང་ཆིབས་སྒའི་ཡག་གི་དུམ་བུ། དཔལ་ཕག་མོ་གྲུ་པའི་གདུང་རུས། དབུ་སྐྲ། སྐུ་བེར་དང་། ན་བཟའི་ཚལ་བུ། འཇག་སྤྱིལ་གྱི་ས། བདུད་རྩི་རིལ་བུ་སྐུ་འབུམ་བྲག་གི་སྐུ་བྱི་བས་ཟོས་པའི་སྐུ་ཤ །སྤྱན་སྔ་གྲགས་པ་འབྱུང་གནས་ཀྱི་གསེར་གཏོར་བདུད་རྩིར་སོང་པའི་ཆ་ཤས། རྒྱལ་བ་ཐོག་རྡུགས་པས་ཐོག་བཏུམས་པའི་ན་བཟའི་དུམ་བུ། སྤྱན་སྔ་ཚེས་བཞི་པའི་ཕྱག་ཕྲེང་གི་ཆ་ཤས། སྤྱན་སྔ་ལྷ་གཟིགས་རས་པའི་གདུང་རུས་དང་ན་བཟའི་ཚལ་བུ། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་གདུང་རུས། འབྲི་གུང་སྤྱན་སྔ་ཆོས་ཀྱི་རྒྱལ་པོའི་དབུ་སྐྲ། སྟག་ལུང་ཐང་པའི་ན་གཟའི་དུམ་བུ། སྟག་ལུང་ངག་དབང་གྲགས་པའི་གདུང་རུས། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེའི་གདུང་རུས། རྒྱལ་བ་གཡའ་བཟང་པ་ཆོས་སྨོན་ལམ་གྱི་གདུང་རུས། གསལ་སྟོང་ཤོ་རའི་ཕྱག་ཚའི་ཆ་ཤས། རྗེ་དབུ་སེའི་གདུང་རུས། དབུ་ཐོད་དང་ན་གཟའི་དུམ་བུ། ཀརྨ་པ་ཤིའི་ཐུགས་ཀྱི་ཆ་ཤས་དང་དབུ་ལོ། མཐོང་བ་དོན་ལྡན་གྱི་གདུང་རུས། ཤངས་མཚལ། དབུ་ལོ། དབུ་ཐོད་ཀྱི་ཆ་ཤས་(༢༦༣བ)


GLG017_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། གཞན་ཡང་སྲོག་ཤིང་ལ་འདྲི་བར་འོས་པའི་གཟུངས་དང་གནོད་སྦྱིན་ཞལ་སྦྱར་གྱི་འཁོར་ལོ། ཡིད་སྲུབས་སྡེ་དང་བཅས་པ་བསྲུང་ཞིང་བཟློག་པའི་ཙཀྲ་རྣམས་ལ་སོ་སོར་ཐོབ་པའི་སྒོས་ཆོས་ཀྱི་སྦྱང་ཁྲུས་རབ་གནས་སྒྲུབ་པ་སོགས་དང་བཅས་འཕྱུགས་མེད་དུ་ལེགས་པར་བསྟར་ཞིང་མཆོད་རྫས་སུ་ཐོག་རྣམས་ཁེབས་པའི་གོས་སྣ་ཚོགས་ལས་གྲུབ་པའི་གནམ་རྒྱན་གཉིས། ཕན་ཉེར་གཉིས་གོང་བཅས། ཁྲོ་ཆུང་གཉིས། ལི་ཏིང་བདུན་ཚར། སྦུབ་ཆོལ། རྟེན་སོ་སོར་སྣམ་སྦྱར་སོགས་ཀྱི་ན་བཟའ། རྟེན་གཙོར་དར་སྣ་བདུན་དང་གཞན་རྣམས་ལ་ལྔ་རེ་ཉིན་སྟར་མཆོད་པ་མེ་ཏོག་དང་བདུག་སྤོས་ལ་ནས་ཏིང་རེ། ཉིན་མཚན་ཁྱོངས་པའི་མཆོད་མེ་སྡོང་རྐང་རེ་དང་། ལྷ་བཤོས་བཅས་ཐོན་རྩིས་མཆོད་ཐེབས་སུ་ཚོས་གྲོང་ནས་ཞིང་སྣ་མོ་ཤག་འོག་མ། མདོངས་དཀར་ནས་རྒྱ་མི་ཞིང་གི་ཤར་ལྷོ་ན་བྱང་ཞིང་ཁེར་བ་བཅུ་གཉིས་འདི་ལོ་སྟོན་སྟེང་ནས་སྦྱོར་འཇགས་བགྱིས་པ་ལ། གནས་བརྟན་འཇམ་དབྱངས་གྲགས་པས་རྡོ་རྗེ་སློབ་དཔོན་བྱས་པའི་གྲ་ཚང་གྱི་གྲྭ་པ་གྲངས་བཅད་ཀྱིས་འཕྲིན་ལས་ཕུར་པའི་དཀྱིལ་འཁོར་ལ་བརྟེན་ནས་དམ་ཚིག་པ་ལ་ཡེ་ཤེས་པ་བཅུག་ནས་བརྟན་བཞུགས་ཤིས་པ་བརྗོད་པའི་མེ་ཏོག་གི་ཆར་ཆེན་པོ་ལེགས་པར་ཕབ་ཅིང་། དེ་དང་ཕྱོགས་མཐུན་པར་རི་བོ་ཆོས་གླིང་དུ་བཀའ་འགྱུར་གསེར་ཆོས། གན་ཇི་ར། གསང་འདུས་སྒྲུབ་མཆོད་ཀྱི་རིགས་ལྔ། དར་དཔྱངས། རྟེན་ཁེབས་རྣམས་འབུལ་སྦྱོར་ལེགས་བར་བགྱིས་པའི་ཕན་ཡོན་ཀྱང་གསལ་རྒྱལ་གྱིས་(༢༦༤ན)


GLG017_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པའི་མདོ་ལས། སུ་དག་བདེ་བར་གཤེགས་པའི་གཟུགས་བྱེད་པ། །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །པདྨའི་སྙིང་པོ་ལྟ་བུར་འཇམ་ཞིང་ཡང་། ནད་དང་མྱ་ངན་སྡུག་བསྔལ་འཇིགས་ལས་ཐར། །སུ་དག་འཇིག་རྟེན་མགོན་པོའི་གཟུགས་བྱེད་པ། །བྲན་དུ་མི་སྐྱེ་མངག་གཞུག་སྐྱེ་མི་འགྱུར། །དབུལ་པོར་མི་འགྱུར་རིགས་དམར་མི་སྐྱེ་ཞིང་། །དབང་པོ་རྣམས་ཀྱང་ཉམས་པར་ཡོང་མི་འགྱུར། ཞེས་དང་། དམ་ཆོས་པད་དཀར་ལས། ལ་ལས་དེ་བཞིན་རིན་ཅེན་གཟུགས་བྱས་པ། །སུམ་བཅུ་རྩ་གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ཀྱང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ལ་ལས་དེར་ནི་རིན་ཅེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་འཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པའི་ལེགས་བྱས་ཀྱི་ཕུང་པོ་མཐའ་ཡས་པར་གསུངས་ཤིང་། སྐུ་གཟུགས་དེ་དག་བསོད་ནམས་ཀྱི་ཞིང་དུ་བྱས་ནས་སྲི་ཞུར་བསྐྲུན་པའི་རྣམ་སྨིན་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་དཀར་པོར་འཛག་པའང་། སྤྱན་རས་གཟིགས་ཀྱི་ཐེག་པ་ཆེན་པོའི་མདོ་ལས། འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དབང་ལྡན་དབང་ཕྱུག་ཉིད་ཀྱི་ལྷར་འགྱུར་ཏེ། །མི་དམན་དགའ་བའི་སེམས་ཀྱིས་སངས་རྒྱས་མཆོད། །རྒྱལ་བ་མཆོག་གི་བསྟན་ལ་དད་པར་འགྱུར། །ཚངས་པའི་འཇིག་རྟེན་དབང་ཐོབ་(༢༦༤བ)


GLG017_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པར་འགྱུར། །ཡིད་འོངས་ཤིན་ཏུ་མཛེས་པའི་སྤོས་ངད་ཅན། །ཛམྦུ་ཀླུང་གསེར་འོད་བྱེད་དགའ་འགྱུར་བའི། །གཞལ་མེད་ཁང་མཆོག་ལྟ་སྡུག་ཐོས་པར་འགྱུར། །དེ་ནི་དེད་དཔོན་སྟོབས་བཅུར་ལྡན་པའོ། །སེམས་ཅན་སྙིང་པོ་མཚུངས་འདྲ་མེད་པ་འཐོས། །ཁ་དོག་མཐའ་ཡས་འཇིག་རྟེན་ཀུན་ན་གསལ། །གསེར་སྟེང་རིན་ཆེན་བཻཌཱུཪྻ་དང་མཚུངས། །སུ་ཞིག་དགའ་བའི་ཡིད་ཀྱིས་མེ་ཏོག་བླངས། །དད་སྐྱེས་འཇིག་རྟེན་མགོན་ལ་ཆར་དུ་གཏོར། །དེ་ནི་མི་ཡི་འཇིག་རྟེན་བསོད་ནམས་ལྡན། །རྒྱལ་སྲིད་གནས་ནས་རྒྱལ་བ་མཆོག་བཀུར་འགྱུར། །མྱ་ངན་ཐ་བ་བསྐམས་ཤིང་དྲིར་ལྡན་ལུས། །ཡན་ལག་ལེགས་གནས་མཚུངས་མེད་ཐོབ་པར་འགྱུར། །ཞེས་སོགས་ཕན་ཡོན་རྒྱ་ཆེར་གསུངས་པས་ཡིད་དྲངས་ཏེ། དད་པ་མ་སྐྱེས་པ་རྣམས་བསྐྱེད་ཅིང་བསྐྱེད་པ་གོང་ནས་གོང་དུ་འཕེལ་བའི་ཡོན་ཏན་མཐའ་ཀླས་པ་འབྱུང་བ་ནི་དཀོན་ཅོག་ཏ་ལའི་གཟུངས་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དྭངས་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་ཡིན་ནོ། །ཨེ་མ་རྒྱལ་དང་དེ་སྲས་(༢༦༥ན)


GLG017_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མར་བཅས། །སྣང་བརྙན་སྤེལ་མཆོད་བསོད་ནམས་གཟུགས་ཅན་དུ། །གྲུབ་ན་སྣོད་དུ་འཇིག་རྟེན་གཉིས་པ་ཞིག །བསྐྲུན་པར་མེས་པོ་འོག་འགྱུའི་རྟོག་པར་འབྱམས། །མཆོད་སྡོང་རིང་བསྲེལ་ཅན་གྱི་སྙིང་པོའི་ཆེད། །འཇིམ་གོང་འཇོག་དང་གོམ་གཅིག་བགྲོད་པ་ཡི། །ལེགས་བྱས་བློ་ལས་འདས་ན་ཡོངས་རྫོགས་མཐའ། །གཞལ་ལ་ཀུན་མཁྱེན་སྤྱན་དཀྱུས་དེས་ཀྱང་ཐུངས། །བསླུ་མེད་བདེན་གཏམ་ཚངས་དབྱངས་བུང་བའི་གླུ། །མཆུ་སྒྲོས་ཨུཏྤལ་འཛུམ་དབུས་ཉེར་བླངས་དོན། དེང་ནས་བྱང་ཆེན་དེ་སྲིད་མྱོང་བ་ལ། །ཡིད་ཀྱི་ཁྱེའུ་ཆུང་རྩེ་དགའ་ཁོང་ནས་རྒོད། །རྒྱལ་བའི་འཕྲིན་ལས་ག་པུར་ཐང་ཆུའི་རྒྱུན། །འཛག་པས་སྲིད་ཞིའི་ཚ་གདུང་ཟུག་རྔུའི་ནད། །ཉེར་ཕྱུངས་སྒོ་གསུམ་སིམ་པའི་ཚོར་བ་ལ། །འགྲོ་སྦྱོར་ཐུབ་བསྟན་བསྐལ་བརྒྱར་རྟག་འཕེལ་ཤོག །ཀློག་དང་བསམ་གཏན་ལས་ཀྱིས་རི་མོ་རུ། །བྱེད་པའི་ཡང་དག་ལམ་སྟོན་བཤེས་གཉེན་རྣམས། །ཡིད་སྲུབས་ལོག་སྨོན་འཆིང་རྒྱ་ཡོངས་དབྲལ་ནས། །དོན་ཡོད་འཚོ་བ་གཡུང་དྲུང་གཞིར་སྨིན་ཤོག །ལུང་རྟོགས་མྱ་ངན་མེད་ལྗོན་འདབ་མའི་གྲིབ། །འཇིག་རྟེན་སྤྱི་དང་ཁྱད་པར་གངས་ལྗོངས་ཀྱི། །སྐྱེ་རྒུ་མཐའ་དག་དགེ་བཅུ་རྫོགས་ལྡན་དུ། །སྤྱོད་པའི་སྐལ་བཟང་མགྲོན་དུ་དེང་བསུར་ཤོག །གསེར་མདོག་ཞྭ་འོད་སྣང་བ་བཀྲག་པོ་ཆེ། །ཡངས་པའི་ནོར་འཛིན་ཀུན་གསལ་ཆོས་སྲིད་ཀྱི། །ཁྲིམས་གཉིས་རྩིབས་སྟོང་འཁོར་རྗེས་བརྟན་གཡོའི་ཆོས། །རྗེས་འབྲང་གནམ་(༢༦༥བ)


GLG017_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཤེ་མོང་དར་དྲག་ཤོག །སྐུ་གཟུགས་བསྒྲུབ་ལ་རྒྱུ་སྦྱོར་ལས་བྱེད་ཆར། །གཏོགས་རྣམས་འདི་སྣང་སྡུག་བསྔལ་ཀུན་ཞི་ཞིང་། །མངོན་མཐོའི་ཡང་སྲིད་བདེ་བ་རིམ་མྱོང་ངོས། །བླ་མེད་ཡེ་ཤེས་མྱུར་དུ་ཐོབ་པར་ཤོག །ཆེད་དམིགས་དགེ་ཚོགས་ནོར་བུ་ཀེ་ཏ་ཀས། །ལྷ་རྗེ་དགོས་དགོས་ལ་སོགས་ལྔ་པའི་གྲོང་། །ཞུགས་རྒྱུད་དུག་གསུམ་རྙོག་མ་རབ་བགྲུངས་ཀླུང་། །སེམས་མཚོར་ཟླ་གཟུགས་བགྲང་ཡས་འཆར་བར་ཤོག །བསོད་ནམས་ཡོངས་བྱས་དྲང་སྲོང་ཨཱ་ག་སྟས། །མཆོད་དཔོན་ངག་དབང་ཤེས་རབ་མ་སྤུན་ཚོའི། །ནད་གདོན་གནོད་འཚེའི་དུག་དབྱུངས་འདི་ཕྱིའི་བདེ། །ཡན་ལག་བརྒྱད་ལྡན་རོ་ནུས་དར་དྲག་ཤོག །བཀྲ་ཤིས་བྱམས་སྙོམས་རྟེན་དང་བརྟེན་པ་ཡི། །ཡེ་ཤེས་སེམས་དཔའ་བརྒྱ་ཕྲག་ཉི་མའི་གཟི། །གངས་ཅན་འཆི་མེད་ལམ་དུ་ཉེར་འབར་བའི། །ཕན་བདེའི་འོད་ཀྱིས་འཇིག་རྟེན་ཀུན་ཁྱབ་ཤོག །གངྒའི་རྡུལ་བརྙེད་ལུས་སྤྲུལ་གཙུག་ཏུ་མཆོག་གསུམ་ཞབས་བཀོད་མགོས་ཕྱག་འཚལ། །མཆོད་སྤྲིན་མི་འཛད་སྒོ་བརྒྱ་རབ་ཕྱེ་ཐོག་མེད་ནས་བསགས་སྡིག་ལྟུང་བཤགས། །བདག་གཞན་ལེགས་བྱས་ཀུན་ལ་ཡི་རང་ཆོས་འཁོར་རྒྱུན་མི་ཆད་སྐོར་བསྐུལ། །བསྐལ་བརྒྱར་མྱ་ངན་མི་འདར་གསོལ་འདེབས་དགེ་འབྲས་བྱང་ཆུབ་ཐོབ་རྒྱུར་བསྔོ། །བྱ་དགའི་རླབས་ཆེན་སྤྱོད་པས་ཚོགས་གཉིས་ཡོངས་བསགས་བདེན་པའི་དཔང་པོར་ལྷ་མོ་བརྟན་མ་ས་ལས་འཐོན། །ཕྱོགས་བཅུའི་བདེ་གཤེགས་འདུས་པས་མགྲིན་གཅིག་བདུད་རྩི་(༢༦༦ན)


GLG017_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་སླད་དབང་བསྐུར་ལེགས་སོའི་བསྔགས་བརྗོད་དབྱངས་སྙན་འཁྲོལ། །དཔལ་གྱི་མགུར་ནས་ལུང་རྟོགས་ཆོས་ཕུང་སེམས་ཅན་ཀུན་གྱི་སྙིང་ལ་འཇུག་པ་གཏན་གྱི་སྐྱབས་གཅིག་པུ། །ཚུལ་བཞིན་བསྒྲུབ་པ་དགེ་འདུན་རྣམས་ཀྱིས་ཐོག་མ་བར་དང་ཐ་མར་དགེ་བའི་བཀྲ་ཤིས་ཆར་དུ་བསྙིལ། །ཞེས་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ཀྱི་གཙུག་ལག་ཁང་དུ་གངས་ཅན་སཱ་ལའི་སྨན་ལྗོངས་ཀྱི་སྐྱེ་རྒུ་རྣམས་བདེ་སྐྱིད་ལ་སྤྱོད་པའི་རྟེན་འབྲེལ་དང་། རང་ཉིད་ཕ་མ་ཉེ་དུར་བཅས་པ་བྱང་ཆུབ་སྙིང་པོའི་བར་དུ་བདེ་བར་སྤྱོད་པའི་ལྷག་བསམ་རྡུལ་བྲལ་གྱི་སྟོན་ཟླ་ལྟར་དཀར་བས་གོང་སྨོས་ཀྱི་རྟེན་བཞེངས་རྣམས་བགྱིས་པའི་དཀར་ཆག་ཅིག་དགོས་ཞེས་བསྐུལ་བ་ལྟར་དེབ་ཐེར་ཕན་བདེའི་དཔག་བསམ་འདོད་འཇོ་ཞེས་པ་འདི་ནི་ཟ་ཧོར་གྱི་རིགས་ལས་ཤཱཀྱའི་བཙུན་པ་འཇམ་དབྱངས་དགའ་བའི་བཤེས་གཉེན་ནམ་ཚངས་སྲས་བཞད་པའི་རྡོ་རྗེར་འབོད་པས་སྟོད་འགྲེལ་བའི་ལུགས་ལ་ཀཱ་ལ་དཱུ་ཏི་ཞེས་པ་དུས་ཀྱི་ཕོ་ཉར་གྲགས་ཤིང་། མང་བཀུར་འཇམ་དབྱངས་གོང་མའི་ཁབ་ཏུ་༼ཧཨུ་༽འུང་ཕྱོགས་འདིར་དབང་ཐང་དང་བསྟུན་པ་ས་ཕོ་རྟའི་ལོ་འོ་སྐོལ་གྱི་སྟོན་པས་བདེན་བཞིའི་ཆོས་འཁོར་སྐོར་བ་དང་། ལྷུམས་སུ་ཞུགས་པའི་ཟླ་བ་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་རེས་གཟའ་ཀུ་མུད་གཉེན་དང་ཟླ་སྐར་རྒྱལ་ལ་བབས་པའི་དུས་རྫོགས་ལྡན་གྱི་རྣམ་པར་ཐར་པ་བཞིའི་སྒོ་འཕར་ཅིག་ཅར་དུ་ཕྱེ་བ་རྒྱལ་ཁབ་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་ངག་རིག་སྨྲ་བ་ལྕང་གསེབ་པ་བསྟན་འཛིན་དབང་པོས་བགྱིས་པ་སརྦྦ་དྷཱ་ཤྲེ་ཡ་ལཀྵྨི་བྷ་བནྟུ། །(༢༦༦བ)


GLG017_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་ཟླུམ་པོ།) ཨཱཛྙཏཱཀརཛྙཀཻརྨུལསྠུལཽཏྠིདཱིརྒྷཏོབྷྲམཱནྟྲམཱསམཔྟཏཱནཚེདཀངྴཔཏྲཏཱབྷུརཱིཤཙཱརཀཱགྲ །སཏྭསརྦཙིཏྟཏོཔཏེཥྛཀཱགམཱབབོདྷརཱསཀསྭམོཏྥལཏྲིཏཀྱཤཱཀྱཏྲོདྭལདུམཱབིགཾསྭསེདཡཻཧི། །ཐམས་ཅད་མཁྱེན་པར་བྱེད་པའི་ཡེ་ཤེས་རྩ་བ་སྦོམ་པོར་བསྐྱེད་བསྲིངས་ཏེ། །འཁོར་མཐའ་རྫོགས་མིན་ཆད་མེད་འཕྲིན་ལས་ཡལ་འདབ་ཕང་ཕུང་གཡོ་བའི་རྩེར། །སེམས་ཅན་ཡོངས་ཀྱི་སྙིང་ལ་ཉེར་སིམ་ལུང་རྟོགས་རོ་བདའི་འབྲས་དུས་པ། །ཤཱཀྱའི་སྐྱེ་མཆོག་ཡོངས་འདུ་ས་བརྟོལ་སླར་ཡང་འགྲོ་དབུགས་འབྱིན་ལ་སྤྱོན། འདོམ་གང་འོད་ལས་ཀུན་ཁྱབ་གཟིན་བྱིན་གྱིས། །འཇིག་རྟེན་གསུམ་པོ་སྣང་བར་བྱས་པའི་མོད། །སྡིག་འབྲས་བརྣག་དཀའི་ཟུག་རྔུ་སྨག་གི་རུམ། །མིག་སྟོང་ཅན་དེས་མ་མཐོང་ད་ག་རེ། །སིནྡྷུ་ཝཱ་རའི་རྡུལ་མང་བརྩེགས་པའི་རྩེར། །མཐོན་མཐིང་ཟུར་ཕུད་གཡོ་བ་གཞོན་ནུའི་གཟུགས། །དགེ་སྦྱོར་རྒན་པོའི་ཁྲིམས་ལྡན་བཙོང་ཁ་པས། མི་མཁྱེན་ཤེས་བྱ་ཚད་མེད་མ་རྙེད་(༢༦༧ན)


GLG017_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ངལ། །བིམྤ་ལྟར་དམར་དབྱངས་ཅན་མཆུ་ཡི་སྒྲོས། །འཛུམ་ལས་ལེགས་བཤད་པི་ཝང་རྣར་འཇེབས་པས། །ཆོས་ཀུན་གཟིགས་མཚན་དོན་མཐུན་དགེ་འདུན་གྱི། །གཙུག་ཏོར་རྩེར་འཛེགས་རྒྱ་མཚོའི་སྡེ་ཡིས་སྐྱོངས། །ཆེད་དུ་འདུས་མ་བྱས་པར་ལྷུན་གྲུབ་རྐྱེན་གྱིས་རྟོགས་མིན་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན། དོན་གཉིས་དང་ལྡན་འགོག་པའི་བདེན་པ་མངོན་དུ་གཉེར་མཛད་རྫོགས་སངས་རྒྱས་ཞེས་སྒྲ་བོ་ཆེ། །ཀུན་རྫོབ་བརྡར་ཚོན་སྣང་བརྙན་ཛམྦུའི་གྲིབ་མར་རྒྱས་པའི་ལེགས་བྱས་མཆེད་པོ་དེང་གི་དུས། །བདེན་པར་ལྟ་བའི་བསྐལ་བཟང་འདི་ཀོ་བགྲང་ཡས་བསྐལ་པར་འབད་པས་བསགས་པ་དེང་སྨིན་བཞིན། །ཉོན་མོངས་སྲ་མཁྲེགས་སེམས་ཅན་ལྕགས་ཁམས་བདེན་པ་གཉིས་ལྡན་རྩི་ཡིས་གསེར་བསྒྱུར་བས། །རྒྱུད་ལ་ཐོབ་བྱ་མངོན་པར་རྟོགས་པ་ཚོགས་སྦྱོར་མཐོང་དང་བསྒོམས་པ་མི་སློབ་ལམ། །བརྗོད་བྱར་ཡོངས་བྱེད་དཔལ་གྱི་མགུར་ནས་ཉེར་གསུངས་འགྲོ་ཀུན་ཞིར་སྦྱོར་ལུང་གི་ཆོས། །ཐུབ་གསུངས་བརྒྱ་ཕྲག་པུསྟ་ཀཿའཕྲེང་འཇིག་རྟེན་གསུམ་ན་སྙན་པའི་གྲགས་པ་དཀར། །བག་ཡོད་ལྕགས་ཀྱོས་རྒྱུད་རེངས་གླང་དུལ་ཐོས་དང་བསམ་པའི་ནོར་གྱིས་ཕྱུག །ལྷ་མིར་བཅས་པའི་མཆོད་སྡོང་གཅིག་པུ་སྐྱབས་དང་དཔུང་གཉེན་གླིང་གྱུར་པ། །ཚོགས་ཀྱི་གཙོ་བོ་སྐྱེ་འཕགས་དགེ་འདུན་འདུ་གནས་ཀུན་དགའ་ར་བ་ཡིས། །མགོན་མེད་ཟས་སྦྱིན་ཁེངས་པ་བག་ཞ་ཞི་བའི་ནགས་སུ་ཡིབས་ལ་བཞིན། །མཆོག་གསུམ་རྟེན་དང་བརྟེན་པར་བཅས་པ་ལ། །རི་མོར་བགྱིས་པའི་རྣམ་སྨིན་བྱང་ཆེན་བར། །པདྨའི་རྩ་བ་ལྟར་(༢༦༧བ)


GLG017_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆེས་འཛག་པ། །ཐུབ་དབང་ཞལ་བཞེས་རི་མོ་གང་གིས་བསུབ། །གཡོ་རུ་འཕྱོས་ལུང་འཛིན་མའི་ཐིག་ལེ་རུ། །དགེ་ལེགས་རབ་བཀྲ་དུས་ཀུན་ཤིས་པའི་གླིང་། །བདེ་བ་ཆེན་པོའི་འབྱུང་གནས་གནྡྷོ་ལའི། །དཀར་ཆག་ཨུཏྤལ་ཆུན་པོ་ཐོད་དུ་ཆིང་། །ཞེས་མཁས་པའི་དབང་པོ་དཎྜཱིའི་གཞུང་དང་རྗེས་སུ་འབྲེལ་བའི་ཚིགས་སུ་བཅད་པ་སྔོན་དུ་བཏང་སྟེ་གླེང་བར་བྱ་བ་ནི། དེ་ཡང་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། །འཇིག་རྟེན་དོན་གྲུབ་ཚུལ་ལ་མཐུ་མེད་པའི། །ཐེག་པ་གཉིས་པོ་གཏན་དུ་སྤང་བྱ་ཞིང་། །ཐུབ་རྒྱལ་ཐེག་པ་སྙིང་རྗེ་བསྟན་པ་ནི། །རང་དོན་ལ་གཞོལ་གཞན་དོན་དེ་དག་འཇུག །ཅེས་འཇིག་རྟེན་གྱི་ཁམས་སུ་གནས་པའི་སེམས་ཅན་རྣམས་ཀྱི་དོན་བསྒྲུབ་པ་ལ་ལྷག་བསམ་དང་སྙིང་སྟོབས་ཀྱི་མཐུ་ཆེས་དམན་པས་རང་དོན་ལྷུར་ལེན་པ་ཉན་རང་གི་ཐེག་པར་འཇུག་པ་ནི་ལུང་ལས། མཽངྒལ་གྱི་བུས། བཙུན་པ་སངས་རྒྱས་ཆོས་ཟབ་མོ་དེ་ལྟ་བུ་ནི་བདག་གི་གློ་བར་མ་ཚུད་དོ། །གལ་ཏེ་བདག་གི་གློ་བར་ཆུད་པར་གྱུར་ན། བདག་གི་ལུས་ནི་ཏིལ་གྱི་བྱེ་མ་ལྟ་བུར་བགྱིས་ཀྱང་། བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པར་འགྱུར་བ་ཞིག་ན། ད་ནི་ཤིང་ཚིག་པ་བཞིན་ཅི་བགྱིད་ཡང་མ་མཆིས་སོ། །ཞེས་པ་ལྟར་ཤིང་ཚིག་པའི་མགལ་དུམ་བཞིན་སངས་རྒྱས་ཀྱི་རྒྱུད་མི་རུང་བས་དབང་རྣོན་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ཀྱིས་སྤང་བྱ་དང་དེའི་ཅིག་ཤོས་ཀྱི་བླང་བྱ་ཡིན་པས། མགོན་པོ་ཞི་བ་ལྷས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐ་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་(༢༦༨ན)


GLG017_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་སྐ་ཅིག་མ་དང་པོ་ལ་འཁོར་བའི་བཙོན་རར་གནས་པའི་ཉམ་ཐག་པ་རྣམས་ཀྱང་སྐད་ཅིག་མ་གཉིས་པ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རྒྱལ་བའི་སྲས་པོ་ལྷ་མི་ཐམས་ཅད་ཀྱིས་ཕྱག་བྱེད་པའི་གནས་སུ་གསུངས་པའི་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ནས་སངས་རྒྱས་སྒྲུབ་དགོས་པ་འཕགས་པ་སྡུད་པ་ལས། འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་དག་བརྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་ཀླུའི་བདག་པོ་མ་དྲོས་པ་གནས་པའི་མཚོ་ལས་ཆུ་ཀླུང་མཐའ་ཀླས་པ་འབབ་ཅིང་། སྨན་དང་ནགས་ཚལ་མེ་ཏོག་སོགས་བསྐྱེད་པ་ལྟར། འཁོར་རྣམས་པ་བཞི་ལ་སོགས་པ་རྗེས་སུ་འབྲངས་པ་རྣམས་ཀྱི་དམ་པའི་ཆོས་རྒྱ་ཆེར་སྟོན་པ་སོགས་ཀྱི་འཕྲིན་ལས་ལ་བརྟེན་ནས་ལུས་ཅན་རྣམས་ཕན་པ་དང་བདེ་བ་ལ་སྦྱོར་བ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ལ་བརྟེན་པ་བཅོམ་ལྡན་འདས་ལ་རག་ལུས་ཤིང་། རྫོགས་པའི་སངས་རྒྱས་ཀྱང་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་པར་བསྐལ་བཟང་ལས། ང་ནི་སྔོན་ཚེ་དམན་པར་གྱུར་པའི་ཚེ། །དེ་བཞིན་(༢༦༨བ)


GLG017_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་དབུལ་བར་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་སྔོན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་བྱང་ཆུབ་མཆོག་ཏུ་ཐུགས་དང་པོར་བསྐྱེད། དེ་རྗེས་གཞོན་ནུ་བརྩོན་འགྲུས་སྤྱོད་དུ་གྱུར་པའི་ཚེ་དེ་བཞིནབཤེགས་པ་འོད་འཕྲོ་ལ་སོགས་པའི་སྤྱན་སྔར་སེམས་བསྐྱེད་ནས་རབ་ཏུ་དགའ་བའི་ས་མངོན་དུ་མཛད། ཚོང་དཔོན་ཤེས་རབ་བཟང་པོར་སྐུ་འཁྲུངས་པའི་ཚེ་སངས་རྒྱས་དཀོན་ཅོག་ཡན་ལག་སོགས་ལ་གྲངས་མེད་གཉིས་པའི་ཚོགས་བསགས་ཏེ་རིང་དུ་སོང་བའི་ས་ཐོབ། ལུང་ལས། གང་ཚེ་མར་མེ་མཛད་ཀྱིས་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཏེ། །དབང་བཅུ་དག་ཀྱང་ཐོབ་པར་གྱུར། །ཞེས་གཞོན་ནུ་སྤྲིན་དུ་གྱུར་པའི་ཚེ་བདེ་གཤེགས་མར་མེ་མཛད་སོགས་ལ་གྲངས་མེད་གསུམ་པའི་ཚོགས་བསགས། དེ་ནས་གྲངས་མེད་པའི་བསྐལ་པ་གཅིག་གི་རིང་གོམས་པའི་ཚོགས་ཀྱིས་བསྒྲུབས་པས་ཆོས་ཀྱི་སྤྲིན་གྱིས་མངོན་དུ་མཛད་ནས་མཐར་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་མངོན་པར་སྦྱོར་བ་ལྔའི་སྒོ་ནས་ཁ་སྦྱོར་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ཀྱང་། ཐུན་མོང་བའི་གདུལ་བྱའི་དོན་དུ་དམ་པ་ཏོག་དཀར་པོའི་རྣམ་པར་བསྟན་པ་གཟིགས་པ་རྣམ་པ་ལྔའི་སྒོ་ནས་རྒྱལ་པོ་ཟས་གཙང་མ་དང་ལྷ་མོ་སྒྱུ་འཕྲུལ་གྱི་སྲས་སུ་ས་ལུག་ཆུ་སྟོད་ཀྱི་ཉ་བའི་ཚེས་བཅོ་ལྔ་ལ་ལྷུམས་སུ་ཞུགས། ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ལ་སྐུ་བལྟམས། སྒྱུ་རྩལ་གྱི་གནས་ཀུན་ལ་བྱང་བས་དྲེགས་ལྡན་ཐམས་ཅད་(༢༦༩ན)


GLG017_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤོབས་པ་ཕྲོགས། འཇིག་རྟེན་དང་སྒོ་བསྟུན་མ་འོངས་པ་ན་མུ་སྟེགས་བྱེད་སོགས་གྱིས་ཕྱ་བ་སྡང་བར་སྲས་བསྐྲུན་པའི་ཆེད་དུ་གྲགས་འཛིན་ལ་སོགས་བཙུན་མོ་མང་པོ་ཁབ་ཏུ་བཞེས། །དེ་ཡང་ཇི་སྐད་དུ། ས་བདག་རྟོག་པ་པོ་རྣམས་བློ་གྲོས་འཁྲུལ། །རྩོད་པའི་དུས་སུ་འཁོར་ལོས་སྒྱུར་མི་འབྱུང་། །བསོད་ནམས་ཅན་གྱི་ཆོས་ཀྱི་མཛོད་འདི་ནི། །ཉེས་ལས་རྣམ་པར་གྲོལ་ཏེ་སངས་རྒྱས་འགྱུར། །ཞེས་པ་ལྟར་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་རྒ་བ་ན་བ་འཆི་བ་དགེ་སློང་ཞི་དུལ་ཅན་གཟིགས་པའི་རྐྱེན་གྱིས་ཐུགས་འབྱུངས་ནས་རྒྱལ་པོས་བསྐོས་པའི་མེལ་ཚེ་བ་རྣམས་ཀྱིས་མ་ཚོར་བར་རྫུ་འཕྲུལ་གྱིས་མཆོད་རྟེན་རྣམ་དག་དྲུང་དུ་གཤེགས་ཏེ་ངུར་སྨྲིག་གི་རྒྱལ་མཚན་བཟུང་། དཀའ་བ་ལོ་དྲུག་གི་བར་དུ་སྤྱད་མཐར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཤིང་རྒྱ་བར་འགྱུར་བའི་གནས་མ་གདྷ་རྡོ་རྗེའི་གདན་གྱི་སྤོར་ཀུ་ཤའི་སྟན་འཇམ་པོ་ལ་རྡོ་རྗེའི་སྐྱིལ་ཀྲུང་བཅས། བྱང་ཆུབ་ཀྱི་ཤིང་ལ་སྐུ་རྒྱབ་གཏད་དེ་ཡེ་ཤེས་མཆོག་མ་བརྙེས་ཀྱི་བར་དུ་མི་གཡོ་བའི་དམ་བཅའ་བརྟན་པོ་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་ལ་མེ་ཏོག་མདའ་ཅན་སྡེར་བཅས་ཀྱིས་རི་བོ་པང་དུ་བླངས་ཏེ་འཕེན་པ་སོགས་མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་པ་ཤིན་ཏུ་འཇམ་ཞིང་མཉེན་པའི་མེ་ཏོག་ཏུ་བསྒྱུར། བདུད་མོ་རྣམས་བུད་མེད་མཛེས་མའི་རྣམ་འགྱུར་སྣ་ཚོགས་པ་སྟོན་པ་རྒས་ཤིང་ཁོགས་པར་བྱིན་གྱིས་རླབས་ནས་བདུད་བཏུལ། སངས་རྒྱས་ཀྱི་མཐུས། རྣམ་དག་སྐུ་ལྔ་མཆོག་ཏུ་གཟུགས་བཟང་ཞིང་། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་(༢༦༩བ)


GLG017_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བདུད་གྱིས་བསྟོད། གུང་ལ་མཉམ་པར་བཞག །ཐོ་རེངས་མཆོག་གི་སྤྲུལ་པའི་སྐུར་སངས་རྒྱས་པ་ཡིན་ཞིང་། །སངས་རྒྱས་ཞེས་བྱ་བའི་མཚན་གྱི་སྒྲ་བོ་ཆེ་འཇིག་རྟེན་གསུམ་དུ་གྲགས་པ་བྱི་བ་ལ་གླང་ཆེན་ལྟར་སྙན་ངག་མཁན་གྱིས་བསྟོད་པ་དང་འདོད་རྒྱལ་མའི་བརྡ་ལས་བཏགས་པ་མ་ཡིན་པར་གྲགས་པ་དོན་དང་མཐུན་པ། དཔེ་ལ་བསྟོད་པ་ལས། ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི། །སྤྲིན་མེད་སྟོན་གྱི་ནམ་མཁའ་ལ། །སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། །ཞེས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་མཐོང་ན་མི་མཐུན་པ་མེད་པ། མཐོང་བ་དང་རེག་པ་སོགས་ཀྱིས་རྣམ་པར་གྲོལ་བ་སྐུའི་ཡོན་ཏན་ལྕེ་བརྒྱས་བསྐལ་པར་བརྗོད་ཀྱང་ཟད་མི་ནུས་པ། བདེན་པ་པོའི་ལུང་ལས། ཇི་ལྟར་སེམས་ཅན་ཀུན་གྱིས་ངེས་པའི་ཚིག །མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཡང་འདེབས། །དེ་ལྟ་བས་ན་འདྲེན་པ་འཇིག་རྟེན་ན། །ཚངས་པའི་སྒྲ་དབྱངས་གསུང་སྒྲོན་མཁྱེན་པར་མཛོད། །དེ་ནི་ལྷ་མིའི་སྡུག་བསྔལ་མཐར་འབྱིན་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛོད། །ཅེས་ཡན་ལག་དྲུག་ཅུ་དང་ལྡན་པའི་ཚངས་པའི་གསུང་དབྱངས་ཀྱིས་ལེགས་པར་སྦྱར་བ་ལྷའི་སྐད་ལྟ་བུའི་སྒྲ་ལས་དྲངས་པའི་ཆོས་བསྟན་པ། ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་རྒྱལ་པོ་ལས། (༢༧༠ན)


GLG017_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་འགྲོ་བ་སོ་སོའི་སྐད་རིགས་དང་མཐུན་པར་རིགས་ཅན་གསུམ་གྱི་གདུལ་བྱའི་མོས་བློ་དང་འཚམ་པའི་ཆོས་ཀྱི་བདུད་རྩི་རྣ་བའི་བཅུད་དུ་འབབ་པས་ཐོས་པས་རྣམ་པར་གྲོལ་བ་སོགས་ཡོན་ཏན་མཐའ་ཀླས། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལས། །ཞེས་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་གནས་ལུགས་མཐའ་དག་སྒྲིབ་པ་དང་བྲལ་བར་མངོན་སུམ་དུ་གཟིགས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གང་གི་ཡོན་ཏན་ཆ་ཙམ་དྲན་པའང་བཏང་སྙོམས་ཡལ་ཡོལ་དུ་མ་ལུས་པར་རྗེས་སུ་འཛིན་པ་ཇི་སྐད་དུ། གང་ལ་མོས་པ་གཙོར་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་དད་པའི་ཨ་ལུང་ཡོད་ན་ཐུགས་རྗེའི་ལྕགས་ཀྱུས་མི་འཛིན་པའི་ལུས་ཅན་མི་སྲིད་པའི་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་གདུལ་བྱ་རྗེས་སུ་འཛིན་པར་མཁས་པས་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ཞེས་ཐུགས་ཀྱི་ཡོན་ཏན་ཀུན་གསལ་གྱི་མཐས་ཀྱང་གཞལ་བར་མི་སྤྱོད། བརྒྱ་ལྔ་བཅུ་པ་ལས། །འགྲོ་བ་འདི་དག་ཐམས་ཅད་ནི། ཁྱད་མེད་ཡོན་ཏན་རྣམས་ཀྱིས་བཅིངས། ཁྱོད་ནི་འགྲོ་བའི་ཉོན་མོངས་དག །སྒྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས། །དང་པོར་ཁྱོད་ལ་ཕྱག་བགྱིའམ། །འོན་ཏེ་གང་གིས་འཁོར་(༢༧༠བ)


GLG017_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁྱོད། །སྐྱོན་མཁྱེན་ཡུན་རིངས་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཆེ་ལ་བགྱི། །ཞེས་གཞན་ལ་ཕན་གདགས་པའི་ཡོན་ཏན་གྱིས་འགྲོ་བ་རྣམས་ཕར་བཅིངས་པ་ལྟར་ཉོན་མོངས་པས་ཐོག་མ་མེད་པ་ནས་གཟིར་བའི་ལུས་ཅན་རྣམས་ཀྱི་སྡུག་ཀུན་ཉེ་བར་གཞིལ་བའི་ཐུགས་རྗེ་ཆེན་པོའི་ཁུར་གྱིས་བཅིངས་པ་ཡོངས་རྗེས་ཀྱི་བརྒྱན་ཏེ་རྒྱལ་བ་བཙོང་ཁ་པ་ཆེན་པོས། ཁྱོད་ནི་འགྲོ་བའི་དོན་གྱི་སླད། །ཅུང་ཟད་ཙམ་ཡང་མི་ངལ་ཞིང་། །འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི། །ཡོན་ཏན་བརྗོད་ལ་ངལ་མ་གྱུར། །ཞེས་པ་དང་མཚུངས་པའི་ཕྱིར་ཐུགས་རྗེ་ཆེན་པོའི་ཡོན་ཏན་ཚད་མའི་སྲང་ལ་གཞལ་ཀྱང་རྟོགས་པར་དཀའ། བརྒྱ་ལྔ་བཅུ་པ་ལས། ཁྱོད་ཀྱིས་ཉོན་མོངས་གཞོམ་པར་བཤད། །བདུད་ཀྱི་གཡོ་དག་བསྟན་པར་མཛད། །འཁོར་བའི་རང་བཞིན་མི་བཟད་བརྗོད། །འཇིགས་པ་མེད་པའི་ཕྱོགས་ཀྱང་བསྟན། ཕན་དགོངས་ཐུགས་རྗེ་ཅན་གྱིས་གཟིགས། །སེམས་ཅན་རྣམས་ལ་བགྱི་འཚལ་བ། །གཞན་གོ་ཅི་ཞིག་མཆིས་ལགས་ཀྱིས། །ཞེས་སེམས་ཅན་གྱི་དོན་དུ་འགྱུར་ན་ངན་འགྲོའི་གནས་ཀྱང་མཐོ་རིས་ཀྱི་དགལ་ཚལ་བཞིན་སྤྲོ་བ་ཆེན་པོས་དང་དུ་བླངས་ཏེ་ཐབས་མཁས་པའི་མཛད་པ་སྣ་ཚོགས་ཀྱི་སྒོ་ནས་སྲིད་ཞིའི་དུཿ ཁ་ལས་སྐྱེ་རྒུ་རྣམས་ཡོངས་སུ་བསྐྱབས་ཏེ་བདེ་བ་ལ་སྦྱོར་བའི་འཕྲིན་ལས་ཇི་སྲིད་འཁོར་བ་མ་སྟོངས་པ་དེ་སྲིད་དུ་འཕྲིན་ལས་ཀྱི་འཇུག་པ་རྒྱུན་མི་ཆད་མོད། འཕྲིན་ལས་ལ་རྣམ་གྲངས་མཐའ་ཡས་ཀྱང་གཙོ་བོ་ནི་ཚོམས་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང་། །(༢༧༡ན)


GLG017_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོག་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་ཆོས་ཀྱིས་འཁོར་ལོ་བསྐོར་བ་ཉིད་གཙོ་བོ་ཡིན་ཅིང་། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་རྣམས་གྲངས་བཅུར་གསུངས་པ་ལས། སྐབས་འདིར་ལམ་ལ་ཆོས་ཞེས་སྤྱི་མིང་སྒོས་སུ་བཏགས་པ་འདུལ་བ་ལུང་གི་སྒྲ་བཤད་ལྟར། །དམ་པ་ནི་མཆོག་གམ་མི་འགྱུར་བས་ན་དམ་པ་སྟེ། སངྐྲྀ་ཏའི་སྐད་དུ་སདྡྷ་རྨྨ་ཞེས་པ་དམ་པའི་ཆོས་ཏེ་ཌུ་དྷྀ་ཉ་འཛིན་པ་ལའོ་ཞེས་པའི་བྱིངས་ལས་བསྒྲུབས་པས་ངན་འགྲོ་ལས་མི་གཏོང་བར་འཛིན་པས་ཆོས། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་འཇོག་པར་བཤད་པས་དམ་པའི་སྐྱེས་བུས་གསུངས་པའི་ཆོས་ཏེ། དམ་པ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་དེ་ལྟར་དུ་བཏགས། དེ་ཡང་ཆོས་མངོན་པ་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་ལུང་རྟོགས་གཉིས་སུ་གསུངས་པའི་གདུལ་བྱའི་རྒྱུད་ལ་ཐོབ་པར་བྱ་བ་རྟོགས་པའི་བསྟན་པ་ཡིན་ཀྱང་། །སྔོན་དུ་དེ་བརྗོད་བྱར་བྱེད་པའི་ལུང་གི་བསྟན་པ་ལ་ཐོས་བསམ་བྱ་དགོས་པའི་ཕྱིར་འོ་སྐོལ་གྱི་སྟོན་པ་སངས་རྒྱས་ནས་ཞག་ཞེ་དགུ་པ་ན་ཚངས་པ་གཙུག་ཕུད་ཅན་གྱི་གསེར་གྱི་འཁོར་ལོ་དང་། །སླར་གྲོགས་སུ་བརྒྱ་བྱིན་སྦྲན་ནས་གསེར་གྱི་མཎྜལ་ཕུལ་ཏེ་གསོལ་བ་(༢༧༡བ)


GLG017_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པའི་མཐུས་ཝ་ར་ཎཱ་སིར་བདེན་པ་བཞི་ལ་བརྟེན་པའི་ཆོས་ཀྱི་འཁོར་ལོ། བྱ་རྒོད་ཕུང་པོའི་རིར་བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཡངས་པ་ཅན་དུ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་རྩྭ་མཆོག་གི་གྲོང་དུ་དགུང་ལོ་གྱ་གཅིག་པ་ལྕགས་འབྲུག་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་ཆོས་ཀྱི་དབྱིངས་སུ་མྱ་ངན་ལས་འདས་ཏེ་འགྲོ་བ་རྣམས་ཀྱིས་བསོད་ནམས་ཀྱི་ཞིང་དུ་གདུང་རིང་བསྲེལ་གྱི་སྙིང་པོ་ཅན་ཆ་བརྒྱད་དུ་བགོས་ནས་མཆོད་རྟེན་བརྒྱད་དུ་བཞུགས་སོ། །དེ་ཡང་འཇམ་དཔལ་རྩ་རྒྱུད་དང་ལང་ཀར་གཤེགས་པ་སོགས་ལས་ལུང་བསྟན་པའི་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ཅེས་ཤིང་རྟ་ཆེན་པོ་རྣམ་པ་གཉིས་རྗེས་འབྲང་དང་བཅས་པས་རྒྱལ་བའི་རིང་ལུགས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གསལ་བར་མཛད། ཞི་ལྷག་ཟུང་འབྲེལ་དང་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཟླ་བསྣན་ཞབས་དང་བི་རཱུ་པ་སོགས་བརྒྱད་ཅུ་རྩ་བཞིས་མཚོན་པའི་རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་མཆོག་ཐུན་གྱི་དངོས་གྲུབ་བརྙེས་ནས་བསྟན་པ་ཆེས་ཆེར་དར་བར་མཛད་པའི་ཞིང་ཁམས་ཀྱང་སྤྱིར་མཁས་པའི་གསུང་ལས། །ཇི་ལྟར་མེ་ལོང་ངོས་ལ་བཞིན་སྣང་ལྟར། །འཇིག་རྟེན་ཞེས་བྱ་ཕྱི་ན་ཡོད་མིན་ཀྱང་། །བྱིས་རྣམས་ཇི་ལྟར་སྣང་བ་དེ་ཙམ་ལས། །བདེན་པར་ཞེན་ཏེ་སོ་སོར་ཨ་ཐང་ཆད། །ཇི་ལྟར་རྨི་ལམ་སྣང་བ་སྣ་ཚོགས་དེ། །སྣང་དང་མི་བདེན་གཉིས་ཀ་ཡིན་པ་ལྟར། །འཁོར་འདས་སྣང་བ་སྣ་ཚོགས་ཐམས་ཅད་ཀྱང་། །བདེན་རྫུན་བྲལ་བ་དེ་ལྟར་ཤེས་པར་(༢༧༢ན)


GLG017_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ཞེས་པ་ལྟར་འཇིག་རྟེན་གྱི་ཁམས་ཕྱི་ན་ཡོད་པར་ཐེག་པ་འོག་མ་དང་མུ་སྟེགས་ཅན་གྱི་གཞུང་ལུགས་ན་བཤད་པའི་འཇིག་རྟེན་ཀུན་རྫོབ་ཀྱི་སྣང་ངོར་ཤར་བ་དང་སྒོ་བསྟུན་གྱི་ཀུན་གཞིའི་རྣམ་ཤེས་འཁྲུལ་རྒྱུས་བསླད་པ་ལས་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྣང་བར་མདོ་སྡེ་པ་དང་སེམས་ཙམ་པ་སོགས་འཆད། དྲི་མེད་འོད་ཀྱི་འཇིག་རྟེན་ཁམས་ལེར། འཇིག་རྟེན་ཀུན་རྫོབ་ཏུ་མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་འཇིག་རྟེན་གྱི་ཁམས་ལ་ཚད་སྣ་ཚོགས་གསུངས་ཤིང་། དོན་དམ་པའི་བདེན་པས་འཇིག་རྟེན་གྱི་ཁམས་ལ་ཚད་མེད་དེ། སེམས་ཅན་གྱི་བསོད་ནམས་དང་སྡིག་པའི་དབང་གིས་འཇིག་རྟེན་གྱི་ཁམས་ལ་ཚད་སྣ་ཚོགས་སུ་སྣང་བ་ཡིན། ཞེས་མདོ་སེམས་རྣམས་དང་མཐུན་པར་སེམས་ཅན་གྱི་ལས་དང་བསམ་པའི་མཐའ་གཞལ་བར་དཀའ་ནའང་། མདོ་རྒྱུད་ཀྱི་བཀའ་བསྟན་བཅོས་མང་པོ་འཇིག་རྟེན་གྱི་ཆགས་ཚུལ་མི་མཐུན་པ་མང་དུ་གསུངས་ཤིང་། བྱེ་བྲག་ཆོས་མངོན་པར། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་པ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་བསྟན་པའི་ནང་ཚན་ཛམྦུ་གླིང་ཞེས་བྱ་བ་འཇིག་རྟེན་ཁམས་ལེར། །གླིང་ནི་ཟླ་བ་འོད་དཀར་ཅན་དང་རབ་མཆོག་ཀུ་ཤ་དང་ནི་མིའམ་ཅི་དང་ཁྲུང་(༢༧༢བ)


GLG017_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུང་དང་། དྲག་པོ་ཡང་ནི་ལོངས་སྤྱོད་ས་དེ་བདུན་པར་ཛམྦུའི་མི་རྣམས་གནས་པ་དག་ནི་ལས་ཀྱི་ས། །ཞེས་དུས་ཀྱི་འཁོར་ལོའི་རི་རབ་རྡོ་རྗེ་དབྱིབས་ཅན་གྱི་རྭའི་འོག་ཏུ་ལོངས་སྤྱོད་གྱི་གླིང་དྲུག་དང་། ཕྱི་རོལ་གྱི་གླིང་ཕྲན་མཐའ་དག་ལས་ཀྱི་ས་སྟེ་འཛམ་གླིང་ཆེན་པོར་བཤད་པ་དང་མཐུན་པར་མཁའ་འགྲོ་རྒྱ་མཚོའི་ལེའུ་གསུམ་པར། ཛམྦུ་གླིང་ནི་ཆེན་པོ་ཡི། །དུམ་བུ་བཅུ་གཉིས་ཀྱི་ནི་དབུས། །ཤར་གྱི་ཡུལ་ན་གནས་ལྷ་མོ། །ཞེས་འཛམ་གླིང་ཆེ་ཆུང་གི་ཁྱད་པར་ཡོད་པ་མངོན་པ་གོང་འོག་སོགས་ལས་ཛམྦུ་གླིང་ཞེས་པ་ལྷོ་ཕྱོགས་ཀྱི་གླིང་འདི་གར་ངོས་འཛིན་པ། ཛ་ན་སྐྱེ་བ་ལའོ་ཞེས་པའི་བྱིངས་བཞག །ནའི་ཨ་བརྗོད་དོན་ཡིན་པས་ཕྱིས། བུ་ཀྲ་རྐྱེན་དུ་བྱིན། ཀ་ལ་ཡན་བཞིན་འང་སོགས་ཀྱིས་ཀ་ཕྱིས། སི་བྱིན་པ་མི་ཟད་པ་ཕྱིས་པས་དེའི་སྡེ་པ་ལ་སྡེ་པའི་མཐའ་འོས། ན་མར་བསྒྱུར་བས་ཛམྦུ། ཞེས་པ་ལུས་ཅན་སྐྱེ་བའི་གནས་སམ། མཚོ་མ་དྲོས་པའི་འགྲམ་དུ་ཛམྦུ་ཏྲི་ཤའི་འབྲས་བུ་རྫ་མ་ཙམ་པ་མཚོར་ལྷུང་བའི་སྒྲ་ལ་བརྟེན་ནས་གླིང་དང་ཤིང་གཉིས་ཀ་ལ་མིང་དུ་ཆགས་ཤིང་། གླིང་གི་དབྱིབས་ཀྱང་སྤྱིར་ཤིང་རྟའི་རྣམ་པར་མངོན་པ་ལས་བཤད་མོད། གླིང་འདིའི་དབུས་སུ་ས་བཞི་ལས་གྱེན་དུ་འབུར་དོད་དཔག་ཚད་སྟོང་ཕྲག་བརྒྱད་ཀྱིས་མཐོ་བ་ཟུར་གསུམ་མེའི་ཁམས་སུ་ཡོད་པས་བསྡུས་རྒྱུད་ལས། ཤར་དུ་རླུང་ནི་ཤིན་ཏུ་ཟླུམ་པོར་འགྱུར་ཏེ་མི་ཡི་བདག་པོ་ལྷོ་རུ་མེ་ནི་གྲུ་གསུམ་མོ། ཞེས་འབྱུང་བའི་གླིང་འདི། མཁའ་འགྲོ་རྒྱ་མཚོར། ཛམྦུའི་གླིང་ནི་ཆུང་ངུ་(༢༧༣ན)


GLG017_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འདིར། །བདག་ནི་ཤཱཀྱའི་རིགས་རྗེས་འགྲོ། ཞེས་བདག་ཅག་གི་སྟོན་པས་མཆོག་གི་སྤྲུལ་སྐུའི་མཛད་པ་སྟོན་པའི་ཕྱིར་མིའི་སྲིད་པ་འཛིན་པའང་འཛམ་གླིང་ཆུང་ངུ་འདི་ཉིད་ཡིན་པས། རྒྱ་ཆེ་རོལ་པ་ལས་དགེ་སློང་དེ་ལྟར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ན་འདུག་པ་ནི་རྣམ་པར་བལྟ་བ་ཆེན་པོ་བཞི་ལ་རྣམ་པར་བལྟ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། དུས་ལ་རྣམ་པར་བལྟ་བ་དང་། །གླིང་ལ་རྣམ་པར་བལྟ་བ་དང་། །ཡུལ་ལ་རྣམ་པར་བལྟ་བ་དང་། །རིགས་ལ་རྣམ་པར་བལྟ་བའོ། །དགེ་སློང་དག་བྱང་ཆུབ་སེམས་དཔའ་གླིང་ལ་རྣམ་པར་བལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཐའ་འཁོབ་ཀྱི་གླིང་དུ་མི་སྐྱེ། ཤར་གྱི་ལུས་འཕགས་པོར་མི་སྐྱེ། ནུབ་ཀྱི་བ་ལང་སྤྱོད་དུ་མི་སྐྱེ། བྱང་གི་སྒྲ་མི་སྙན་དུ་མི་སྐྱེ། ལྷོའི་འཛམ་བུའི་གླིང་དུ་སྐྱེའོ། །དགེ་སློང་དག་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཡུལ་ལ་རྣམ་པར་བལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཐའ་ཁོབ་ཀྱི་ཡུལ་གང་ན་མི་རྣམས་དབང་པོ་བརྟུལ་ཞིང་བླུན་ལ་ལུག་ལྟར་ལྐུགས་པའི་རང་བཞིན་ཅན་ལེགས་པར་བསྟན་པ་དང་ཉེས་པར་བསྟན་པའི་དོན་ཤེས་པར་བྱ་བའི་སྐལ་བ་མེད་པ་དག་ཏུ་མི་སྐྱེའི་བྱང་ཆུབ་སེམས་དཔའ་ནི་ཡུལ་གྱི་དབུས་ཉིད་དུ་སྐྱེའོ། །ཞེས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གནས་མ་གདྷ་རྡོ་རྗེའི་གདན་གླིང་འདིའི་ལྟེ་བར་བྱས་པའི་ཕྱོགས་རྣམས་སུ་ལུང་ལས། མཉན་ཡོད་གནས་བཅས་ཙམྤ་ཀ །ཝ་ར་ཎཱ་སི་ཡངས་པ་ཅན། རྒྱལ་པོའི་ཁབ་དང་དྲུག་པོ་སྟེ། དེ་དག་གྲོང་ཁྱེར་ཆེན་(༢༧༣བ)


GLG017_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གྲགས། ཞེས་པས་མཚོན་ཏེ་རྒྱ་གར་ཤར་ནུབ་ལྷོ་བྱང་གི་ཡུལ་རྣམས་དང་། དེ་དག་གི་ཕྱི་རོལ་ཏུ་ཤར་ནས་འཇམ་དབྱངས་ཀྱི་གནས་རི་བོ་རྩེ་ལྔ། ལྷོར་སྤྱན་རས་གཟིགས་དང་སྒྲོལ་མིའི་གནས་རི་བོ་པོ་ཏ་ལ། ནུབ་ཏུ་མ་དང་མཁའ་འགྲོ་སྤྲིན་བཞིན་འདུ་བ་ཨོཾ་ཎྜི་ཡ་ན་རྡོ་རྗེ་ཐེག་པའི་ཆོས་ཀྱི་འབྱུང་གནས། བྱང་དུ་ཆོས་རྒྱལ་བདུན་དང་རིགས་ལྡན་ཉི་ཤུ་རྩ་ལྔས་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་སྒོ་ནས་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད་པའི་གནས་དཔལ་ལྡན་ཤམྦྷ་ལ་སོགས་རྣམ་གྲངས་ཆེས་མང་ཞིང་། བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་ནི་ཐོག་མར་མཚོས་གང་བ་རིམ་གྱིས་བྲི་ནས་སཱ་ལའི་ནགས་ཆགས་པའི་རྗེས་སུ་ཐུགས་རྗེ་ཆེན་པོས་སྤྲུལ་པའི་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་མིའི་འགྲོ་བ་འཕེལ་བར་སེ་རྨུ་ལྡོང་སྟོང་སྟེ་ནང་མིའུ་རིགས་བཞིའམ་དྲུག་ཏུ་དབྱེ་ན་བོད་མི་ཁྲི་ཐོ་ཆེན་པོ་བྱ་བ་དེ་ལ་དབྲ་འབྲུ་ལྡོང་ལྒ་དང་ནུ་བོ་དཔའ་མདའ་སྟེ་བུ་དྲུག་ཏུ་བཤད་པ་སྤྱན་ལྔ་ལྷ་གཟིགས་རས་པའི་ཡིག་ཚང་དུ། དགའ་ལྡོང་འབྲུ་གསུམ་དབྲ་དང་བཞི། །ནུ་བོ་དཔའ་མདའ་གཉིས་ཏེ་དྲུག་ཏུ་གསུངས། ཆོས་འབྱུང་ལ་ལར་སྐྱ་སེང་བུ་ལྔ་དང་དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབས་པའི་དུས་སུ་རྒྱལ་བ་རི་པ་ཏི་དཔུང་བཅས་བུད་མེད་ཀྱི་ཆས་སུ་བྱས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་འོངས་པ་ལས་འཕེལ་བ་སོགས་འཆད་ཚུལ་རྣམ་གྲངས་མང་བ་དོན་དུ་ཁ་བས་བསྐོར་བའི་ལྗོངས་ཐམས་ཅད་གྲོང་དང་གྲོང་ཁྱེར་གྱིས་ཀུན་ཏུ་ཁྱབ་པ་ཚལ་པ་ཏའི་སི་(༢༧༤ན)


GLG017_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དགེ་བའི་བློ་གྲོས་ཀྱི་ཧུ་ལན་དེབ་ཐེར་དུ། སྤྲེའུ་དང་བྲག་སྲིན་མོ་ལས་མཆེད་པ་མ་སངས་སྤུན་དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། བཅུ་གཉིས་སིལ་མ་བཞི་བཅུས་རིམ་གྱིས་དབང་བྱས་པར་བཤད་པ་ལས་བོད་སྤྱི་ལ་མངའ་སྒྱུར་བའི་རྒྱལ་པོ་མེད་པས་སྡིག་པའི་སེམས་དང་ལྡན་པའི་སྐྱེ་རྒུ་རྣམས་དགེ་བ་བཅུའི་ཁྲིམས་ལ་བཀོད་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱ་བའི་ཆེད་དུ་རིགས་གསུམ་གྱི་མགོན་པོ་སོགས་རྒྱལ་པོའི་རྣམ་པར་བསྟན་ནས་འདུལ་ཞིང་དུ་གྱུར་བ། །ཇོ་བོ་ཆེན་པོ་ཨ་ཏི་ཤ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་འོད་དཔག་མེད་པའི་ལྷ་ཁང་བྱང་ཆུབ་སེམས་ལ་ཐུགས་བྱུང་བའི་ཚེ་སྤྱན་རས་གཟིགས་ཀྱིས་ཞལ་བསྟན་ནས། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱི་ཤེས་སམ་འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ཁྱོད་ཀྱིས་ཡི་དམ་ཇོ་མོ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱོད་ཀྱི་གདུལ་བྱ་མང་པོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་བོད་དུ་སོང་ཞིག །ཅེས་པའི་དགོངས་པ་མཐུན་ཅིང་ཡུལ་ཁམས་གཞན་ལས་ཁྱད་པར་དུ་འཕགས་པའང་། བལ་བོའི་རྒྱལ་པོ་དེ་བ་ལྷས་སྲས་མོ་ཁྲི་བཙུན་ལ་གསུངས་པ། ང་ཡི་སྙིང་དང་འདྲ་བའི་བུ་མོ་ཁྱོད། །བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ། །རི་མཐོ་ས་གཙང་གངས་རི་གཉན་གྱི་མགུལ། །བསིལ་ལ་མཛེས་པ་ལྷ་གནས་གཞལ་ཡས་ཁང་། །ངོ་མཚར་རྨད་བྱུང་ཕན་བདེ་འབྱུང་བའི་གཞི། །ཆུ་(༢༧༤བ)


GLG017_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བོ་བཞི་འབབ་རྩི་ཤིང་ནགས་ཀྱིས་མཛེས། །འབྲུ་སྣ་ལྔ་འཁྲུངས་རིན་ཅེན་སྣ་ཚོགས་འབྱུང་། །ཞེས་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་པུར་རྒྱལ་གྱི་རྒྱལ་ཁམས་སྤྱི་ལ་དབང་བསྒྱུར་པའི་རྒྱལ་པོའི་ཐོག་མ་རྗེ་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་རབས་ཉེར་བདུན་གྱི་བར་རྒྱལ་སྲིད་སྒྲུང་དང་ལྡེའུ་བོན་གསུམ་གྱིས་བསྐྱངས། དེ་ནས་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་སྤྲུལ་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་ཕོ་བྲང་ཡོམ་བུ་གླ་སྒང་དུ་བཞུགས་པའི་ཚེ་དཔང་སྐོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན། ཚིནྡྷ་མ་ཎིའི་རྐོས་ཕོར་སོགས་མཁའ་ལས་བབས་པར་མཚན་གཉན་པོ་གསང་བར་བཏགས་ནས་མཆོད་དེ་བསྟན་པའི་དབུ་བརྙེས། དེ་ནས་གདུང་རབས་ལྔ་པ་རྗེ་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་སྲིན་མོ་གན་རྒྱལ་དུ་བསྒྱེལ་བ་ལྟ་བུ་གནོན་བྱེད་དུ་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་བརྩིགས་པའི་རྗེས་སུ་ར་ས་དང་ར་མོ་ཆེའི་གནྡྷོ་ལ་བཞེངས་པར་ཇོ་ཤཱཀྱ་རྣམ་གཉིས་ཀྱིས་གཙོས་པའི་བརྟེན་པ་ལྷའི་ཚོགས་བཞུགས་སུ་གསོལ་བར་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་བསྟབ་ཅིང་། རྒྱལ་པོ་ཉིད་ཀྱིས་སྐལ་བ་དང་ལྡན་པ་མང་པོར་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་གདམས་པ་གནང་བ་སོགས་བསྟན་པའི་སྲོལ་གཏོད། དེ་ནས་རྒྱལ་རབས་ལྔ་པ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་པོ་བོ་དྷི་ས་ཏྭ། སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་རྩལ། པཎ་ཆེན་བི་མཱ་ལ་མི་ཏྲས་གཙོས་རྒྱ་གར་ནས་པཎ་གྲུབ་མང་པོ་གདན་དྲངས། བཻ་རོ་ཙ་ན་(༢༧༥ན)


GLG017_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བོད་ཕྲུག་དབང་པོ་རྣོ་བ་མང་པོར་ལོ་ཙཱ་སློབ་ཏུ་བཅུག །ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་པའི་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པ་ཕྱག་རྗེས་སུ་བསྟར། ཆོས་བསྒྱུར་བ་ཉན་བཤད་རབ་བྱུང་གི་སྡེ་འཛུགས་པས་མཚོན་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་མཛད། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་རྗེ་འབངས་དགུ་དང་ཉེར་ལྔ་ལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་སྤྱི་བྱེ་བྲག་གི་སྨིན་གྲོལ་གྱི་གདམས་པ་སྩལ། སོ་སོ་གྲུབ་པའི་མཚན་མ་ཁྱད་པར་ཅན་རེ་བསྟན་མདོ་སྒྱུ་སེམས་ཕྱོགས་སོགས་བཀའ་མའི་སྐོར་སོ་ཟུར་གནུབས་གསུམ་གཙོ་བོར་གྱུར་པའི་སྔགས་འཆང་རྣམས་ལས་ཆེས་ཆེར་དར་བས་བཀའ་མ་དང་། སློབ་དཔོན་ཆེན་པོས་རི་བྲག་མཚོ་གསུམ་ཕལ་མོ་ཆེ་བྱིན་གྱིས་བརླབས། ཟབ་གཏེར་བགྲང་ལས་ཡས་པ་སྦས་པ་མངའ་བདག་ཉང་ཉི་མ་འོད་ཟེར་དང་། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་སོགས་ལུང་བསྟན་དུས་བབས་ཀྱི་གཏེར་སྟོན་ཇི་སྙེད་ཅིག་བྱོན་ཏེ་སྤྱན་དྲངས་པའི་སྔགས་རྙིང་མར་གྲགས་པའི་བསྟན་པ་དར་རྒྱས་སུ་གྱུར། དེ་ནས་མི་རབས་གཉིས་ན་སྒྲ་སྦྱོར་བམ་པོ་གཉིས་པ་ལས། རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་སྐྱི་སྨད་འོན་ཅང་རྡོ་ན་བཞུགས། སྟོད་སྨད་ཀྱི་དམག་གསར་རྙིང་བརྗེ་བ་རྐུན་ཆེན་བཏུལ། གར་ལོག་གི་ཕོ་ཉས་ཕྱག་བཙལ། བློན་ཆེན་པོ་ཞང་ཁྲི་ཟུར་རམ་ཤགས་དང་། མང་རྗེ་ལྟ་འདོད་ལ་སོགས་པས་རྒྱ་ལས་སྲིད་ཅིག་མང་པོ་བཅད་དེ། སྔ་རྟ་དང་བ་མར་ཕལ་མོ་ཆེ་ཕྱག་ཏུ་ཕུལ། ཞང་(༢༧༥བ)


GLG017_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བློན་ཆེན་པོ་མན་ཆད་སོ་སོར་བྱ་དགའ་སྩལ་བའི་ལན་ལ་ཉི་འོག་གི་མཁན་པོ་ཨཱ་ཙཪྻ་ཛི་ན་མི་ཏྲ་སོགས་ཞེས་པ་ལྟར་རྒྱ་གར་ནས་སུ་རེནྡྲ་བོ་དྷི། ཤཱི་ལེནྡྲ་བོ་དྷི། དཱ་ན་ཤཱི་ལ་སོགས་པཎྜི་ཏ་མང་པོ་སྤྱན་དྲངས། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ། དྷརྨ་ཏ་ཤཱི་ལ། ལོ་ཙཱ་བ་ཛྙཱ་ན་སེ་ན་ལ་སོགས་ལ་སྔོན་ཡབ་མེས་ཀྱི་དུས་བསྒྱུར་བའི་བཀའ་དང་དེའི་དགོངས་འགྲེལ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་དག་པར་བཅོས་པ་སོགས་བསྟན་པ་རིན་པོ་ཆེ་བླ་ནས་བླར་འཕེལ་བ་ཡིད་སྲུབས་སྡེ་དང་བཅས་པའི་སྙིང་གི་ཟུག་རྔུར་གྱུར་ཏེ་ཆོས་ལ་མི་དགའ་བའི་བློན་པོ་རྣམས་ཀྱིས་ཐབས་དུ་མའི་འཕྲུལ་བྱས་ཏེ་རྒྱལ་པོ་དགུང་ལོ་སུམ་ཅུ་རྩ་དྲུག་པ་ལ་དཀྲོངས། གཅེན་གླང་དར་མ་འུ་དུམ་བཙན་རྒྱལ་སར་བཏོན་ཏེ་སྐུ་གསུང་ཐུགས་རྟེན་འཇིག་པ། རབ་ཏུ་བྱུང་བ་རྣམས་རྟགས་ཆ་ལུགས་དང་དབྲལ་བ་སོགས་བསྟན་པ་བསྣུབས་ཏེ་བོད་མུན་པའི་གླིང་དུ་གྱུར་པ་རྒྱལ་བའི་ཐུགས་རྗེའི་འཇུག་པ་དུས་ལས་མི་ཡོལ་བའི་མཐུས་བླ་ཆེན་པོ་དགོངས་པ་རབ་བསལ་གྱིས་འདུལ་བའི་བསྟན་པ་མདོ་སྨད་ནས་མེ་རོ་གསོས། མངའ་རིས་རྒྱལ་པོ་ལྷ་བཙུན་བྱང་ཆུབ་འོད་ཀྱི་དཀའ་བ་དུ་མས་དཔལ་ཇོ་བོ་ཆེན་པོ་དཱི་བཱཾ་ཀ་ར་གདན་དྲངས། བསྟན་པ་ལ་ལོག་པར་རྟོག་པའི་དྲི་མ་མཐའ་དག་བསལ་ནས་ལྷ་ཆོས་བདུན་ལྡན་བཀའ་གདམས་རིན་པོ་ཆེའི་སྡེ་ཚུགས། ལོ་ཙཱ་བ་ཆེན་པོ་རིན་ཅེན་བཟང་པོ། ལོ་ཆེན་འབྲོག་མི་ཤཱཀྱ་ཡེ་ཤེས། མར་འགོས། མར་དོ། ར་གཉན་སོགས་ལོ་ཙཱ་བ་མང་པོས་(༢༧༦ན)


GLG017_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་བཞི་གཙོ་བོར་གྱུར་པའི་ཞུས་ཆེན་དང་འགྱུར་བཅོས། རྔོག་ལོ་རྗེས་འབྲས་དང་བཅས་པས་ཕར་ཚད་ཀྱིས་གཙོས་པའི་བཀའ་པོད་མང་པོའི་བཤད་ཉན་གྱི་རྒྱུན། ལྷ་བླ་མ་ཁུ་དབོན་གྱི་བཀའ་དྲིན་ལས། རྒྱ་གར་ནས་པཱ་ལ་རྣམ་པ་གསུམ་གྱིས་སྟོད་འདུལ་བར་གྲགས་པའི་སྡོམ་རྒྱུན། ཀསྨིར་པའི་པཎ་ཆེན་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱིས་འཇམ་དབྱངས་ས་སྐྱ་ལོ་ཙཱ་བ་དང་བྱང་རྡོར་རྣམ་གཉིས་སོགས་སྡོམ་པ་གསུམ་ལ་བཀོད་དེ་པཎ་ཆེན་སྡོམ་རྒྱུན་ཞེས་བོད་ཀྱི་མཁས་བཙུན་ཕལ་ཆེར་ཐུབ་བསྟན་རིན་པོ་ཆེར་འཇུག་པའི་སྒོ་ཕྱེ། ཤོང་དཔང་ནས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཅེན་ཆོས་སྐྱོང་བཟང་པོ་བརྒྱུད་པར་བཅས་པས་ཀ་ཙན་སྙན་ངག་སྡེབ་སྦྱོར་ཟློས་གར་གྱི་མཚོན་ཕྱི་ཐ་སྙད་ཀྱི་རིག་པའི་སྲོལ་གསར་དུ་ཕྱེ་ཞིང་། མདོ་རྒྱུད་ཀྱི་རིང་ལུགས་སླར་ཡང་ཇེ་རྒྱས་སུ་མཛད། ལོ་པཎ་དེ་དག་གི་བཤད་སྒྲུབ་ཀྱི་རྒྱུན་འཇམ་མགོན་གྲུབ་པའི་དཔའ་བོ་ས་སྐྱ་པ་རྗེས་འབྲང་གི་སློབ་མར་བཅས་པ་དང་། ཤེས་བྱ་ཐམས་ཅད་གཟིགས་པ་ཀུན་མཁྱེན་བུ་སྟོན་ཡབ་སྲས་ཀྱིས་གཏན་ལ་ཕབ་ནས་རྒྱ་ཆེར་སྤེལ། གཞན་ཡང་དྭགས་ཤངས། ཞི་བྱེད་སྔ་ཕྱི་བར་གསུམ་སོགས་ནང་པ་སངས་རྒྱས་པའི་རྗེས་སུ་ཞུགས་པའི་གྲུབ་མཐའ་རིས་མེད་ཀྱི་རིང་ལུགས་དབྱར་མཚོ་ལྟར་ཕྱོགས་ཀུན་ཏུ་ཁྱབ་པར་བརྟེན། ཁྲོ་ཕུ་ལོ་ཙཱ་བ་བཻཌཱུ་ཪྻའི་ཚོང་འདུས་ནས་ཁ་ཆེ་པཎ་ཆེན་ལ་ཕུལ་བའི་ཞུ་ཡིག་ཏུ། མ་ག་དྷ་སོགས་རིགས་འབྱུང་གནས་ཀྱང་སྡིག་ཏོ་ཡི། །དམག་ཚོགས་ཀྱིས་བཅོམས་(༢༧༦བ)


GLG017_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཨྱོན་ཁ་ཆེ་བལ་ཡུལ་ཀྱང་། །ལོག་སྤྱོད་ཀྱིས་ཁེངས་དིང་སང་བསྟན་སྲོག་ལེགས་གནས་ནི། །བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་ཕྱོགས་ཞབས་བསྐྱོད་ཞུ། ཞེས་དང་། ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་སྡེས། །ལར་དུས་གསུམ་རྒྱལ་བའི་ཐུགས་རྗེ་དང་། །རྒྱལ་སྲས་པད་དཀར་ཞབས་དྲིན་ལས། །བོད་ཀྱི་ཡུལ་ཁམས་འདི་ཉིད་ཀྱང་། །འཕགས་ཡུལ་དང་སྐལ་བ་མཉམ་པ་སྙམ། ཞེས་གསུང་བ་དོན་ལ་གནས་ཤིང་། ཁྱད་པར་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཐོག་མར་ཆོས་རྗེ་དོན་གྲུབ་རིན་ཆེན་པས་ཡོངས་འཛིན་དང་བདག་རྐྱེན་མཛད་ནས་དབུས་གཙང་གི་ཕྱོགས་སུ་སློབ་སྦྱོངས་ལ་བྱོན་རིས་མེད་པའི་ཡོངས་འཛིན་བསྟེན་ནས་བཀའ་པོད་རྣམས་བསླབས་སྦྱངས་མཐར་ཕྱིན། ཐམས་ཅད་མཁྱེན་པ་བསོད་ནས་རྒྱལ་མཚན། ཐུགས་སྲས་ལོ་ཙཱ་བ་རིན་ཅེན་རྣམ་རྒྱལ། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ། ཡོ་ག་བ་མགོན་བཟང་། རེ་མདའ་བ་གཞོན་ནུ་བློ་གྲོས་སོགས་དམ་པ་དུ་མ་ལ་རྒྱུད་སྡེ་བཞི་དབང་ཁྲིད་བཤད་བཀའ་མན་ངག་གི་གནད་ལ་སྒྲོ་འདོགས་བཅད། ཁྱད་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བཞེད་པའི་དབུ་མ་ཐལ་འགྱུར་བའི་ལྟ་བ་ཐུན་མོང་མ་ཡིན་པ་དང་། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་པ་ལྔའི་ནང་ཚན་སྒྱུ་ལུས་ཀྱི་སྐོར་ལ་བླ་མ་དབུ་མ་པས་ལོ་ཙཱ་མཛད་ནས་མགོན་པོ་འཇམ་དཔལ་དབྱངས་ལ་དྲི་བ་མང་དུ་མཛད་ཅིང་། བླ་མ་འཇམ་དབྱངས་(༢༧༧ན)


GLG017_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱིན་རླབས་ཐུགས་ལ་ཞུགས་ནས་དཀའ་གནས་དེ་དག་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་མ་རྟོགས་པ་དང་ལོག་པར་རྟོོག་པའི་མདུད་པ་ཐམས་ཅད་རང་སར་བཀྲོལ་ནས་རྒྱལ་བའི་དགོངས་པ་དཔྱིས་ཕྱིན་པར་རྙེད་དེ་མཁས་པ་མགུ་བ་བསྐྱེད་པའི་ལེགས་བཤད་ཀྱི་བསྟན་བཅོས་མང་དུ་བརྩམས། མཛད་ཆེན་བཞིར་གྲགས་པའི་ནང་ནས་མཆོག་ཏུ་གྱུར་པ་མཉན་ཡོད་དུ་རྒྱལ་བ་ཉི་མའི་གཉེན་གྱི་ཆོ་འཕྲུལ་གྱིས་སྟོན་པ་དྲུག་རྗེས་འབྲང་དང་བཅས་པ་བཏུལ་བའི་དུས་སྟོན་འཕྲུལ་སྣང་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་རྒྱུན་བཙུགས་པས། བཀའ་འཆེམས་ཀ་ཁོལ་མར། དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པའི། །གསང་སྔགས་འཆང་ཞིང་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་ཅན་སྐྱེས་ཆེན་དམ་པ་ཡིས། །ཞལ་ཡང་བསྒྱུར་ཞིང་བསྙེན་བཀུར་དམ་པ་མཛད། །ཅེས་གསེར་གྱི་ལྷ་ཤཱཀྱ་མུ་ནི་བོད་ཡུལ་འདིར་ཡུན་རིང་པོར་བཞུགས་པའི་ཆེད་རིན་པོ་ཆེའི་པྲོག་ཞུ་སྒྲོན་ནས་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་དང་མཚུངས་པའི་རྟེན་འབྲེལ་བསྒྲིགས་ཏེ་ཞལ་བསྒྱུར་བའི་མཛད་པའི་བཀའ་དྲིན་ནི་བོད་དང་བོད་ཆེན་པོའི་སྐྱེ་རྒུ་རྣམས་ཀྱི་བསབ་པའི་གོ་སྐབས་དང་བྲལ། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་དར་ནས་བཏབ། སྣེའུ་རྫོང་ཕྱི་བ་ནམ་མཁའ་བཟང་པོ་དང་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ལ་ཞལ་ཏ་གནང་། དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོ་གཞི་ཐིངས་པར་ཞབས་ཀྱིས་བཅགས། སེ་རར་ཕེབས་ནས་ཐེག་པ་ཆེན་པོའི་གླིང་འབྱུང་བའི་(༢༧༧བ)


GLG017_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་མཛད། སེ་འབྲས་དགེ་གསུམ་ཞེས་ཉི་ཟླ་ལྟར་གྲགས་པ་ལས་མཆེད་པའི་དངོས་དང་ཡང་སློབ་ཀྱི་མངའ་རིས་ནས་བཟུང་རྒྱ་ནག་པོའི་བར་གྱི་རྒྱལ་ཁམས་ཀུན་ཏུ་མཉམ་མེད་རི་བོ་དགའ་ལྡན་པ་ཞེས་ཞྭ་སེར་ཅོད་པན་འཛིན་པའི་འཕྲིན་ལས་ས་ཆེན་པོའི་རྡུལ་གྱི་གྲངས་ལས་འགོང་བ་ལྟར་ཁྱབ། ཁྱད་པར་འདུལ་བའི་བསྟན་པ་རིན་པོ་ཆེ་སྔ་རབས་པ་རྣམས་ལ་དར་རྒྱས་ཤིན་ཏུ་ཆེ་ཡང་ལག་ལེན་ཆ་ཕྲ་མོ་དག་འདུལ་བའི་སྡེ་སྣོད་ལས་འབྱུང་བ་ཡུལ་དུས་ཀྱི་དབང་གིས་འཕགས་ཡུལ་དང་མཚུངས་པ་ཕྱོགས་འདིར་མ་དར་བ་མཁས་པ་རྣམ་གསུམ་གྱིས་གནམ་རྩིབས་སྟེང་དུ་གཏན་ལ་ལེགས་པར་ཕབ་ཅིང་། དེ་དོན་ཚིགས་ཙམ་དུ་མ་ལུས་པར་ཕྱག་ལེན་དུ་གདབ་པར་མཛད་པས་གྲུབ་པའི་མཐར་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་སོན་པ་ཐམས་ཅད་མཁྱེན་པ་ཡེ་བཟང་རྩེ་བའི་ཞལ་སྔ་ནས་ཀྱིས། རྗེ་བཙུན་དེའི་བཀའ་དྲིན་ལས། ཞལ་མ་མཐོང་ཞིང་ཕྱོགས་རིང་ན་གནས་པའི་རབ་ཏུ་བྱུང་བ་དག་ཀྱང་དྲས་དྲུབས་མ་དང་གདིང་ལྷུང་ལ་སོགས་པའི་ཡོ་བྱད་བསྲེལ་བ་དང་། ཕྱི་རོལ་ཡང་སྡུད་མ་སྤངས་ཏེ་ཟླ་གམ་གྱོན་པ་དང་ཞྭའི་ཁ་དོག་ཀྱང་གསེར་མདོག་ཏུ་བྱེད་པའི་འདི་ཡིན་ནོ། །འདི་དག་ནི་ཐུན་མོང་དུ་སྣང་བའི་ཆེ་བ་ཙམ་ཞིག་བརྗོད་པ་སྟེ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་མཁན་ཆེན་ལས་ཀྱི་རྡོ་རྗེ་ལ་བཀའ་སྩལ་པའི་ཡི་གེ་ལས། ང་ལག་ན་རྡོ་རྗེས་ཀྱང་མ་ཏི་བྷ་དྲ་ཀཱི་རྟིཤྲཱིའི་ཡོན་ཏན་གྱི་མཐའ་རྟོགས་པར་མི་ནུས་སོ་གསུངས། ཚད་མ་ལས་ནི་འདིའི་ཕྱི་མ་དགའ་ལྡན་དུ་བྱང་ཆུབ་སེམས་དཔའ་འཇམ་(༢༧༨ན)


GLG017_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྙིང་པོར་འགྱུར་རོ་ཞེས་བྱ་བ་དང་། མ་འོངས་པ་ན་དེ་བཞིན་གཤེགས་པ་སེང་གེའི་ང་རོར་འགྱུར་རོ། །ཞེས་བྱ་བ་དག་ལ་ཡིད་འཁྱོག་པ་མེད་ཅིང་ཤིན་ཏུ་མཐོ་བའི་ས་ལ་བཞུགས་པ་ཞིག་འདིར་སེམས་ཅན་གྱི་དོན་ལ་བྱོན་ནོ་ཞེས་བྱ་བར་ངེས་སོ། །ཞེས་དང་། དུས་ཀྱི་དབང་གིས་དགེ་སློང་ལྷོད་པ་ཡང་མ་རབ་བྱུང་བ་ན་རྗེ་བཙུན་དམ་པ་བློ་བཟང་གྲགས་པའི་དཔལ་གྱིས་དང་པོར་སྐྱོར་མོ་ལུང་བ་མཁན་ཆེན་བློ་གསལ་བ་ལ་འདུལ་བ་ལེགས་པར་བསླབས། ཕྱིས་དབེན་པའི་གནས་རྣམས་སུ་སྒྲུབ་པ་སྙིང་པོ་མཛད་པ་ནའང་འདུལ་བའི་ཀུན་ཏུ་སྤྱོད་པ་ལས་མ་འདས། ཕྱིས་འཁོར་སྐྱོང་བའི་ཚེ་ཡང་དྲུང་ན་འཁོད་པ་ཐམས་ཅད་འདུལ་བ་ནས་ཇི་སྐད་བཤད་པའི་ཆོས་གོས་གསུམ་གདིང་བ་དང་ལྷུང་བཟེད་ལ་སོགས་པ་མཁོ་བའི་ཡོ་བྱད་རྣམས་འཛིན་དུ་བཅུག །ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་མན་ངག་ལ་བརྟེན་ནས་སྐྱེས་བུ་གསུམ་ལ་བློ་སྦྱངས་ནས་འཁོར་བ་མཐའ་དག་ལ་ཡིད་འབྱུང་བའི་བློས་སྡོམ་པ་ཐམས་ཅད་སོ་སོ་ཐར་པ་མཚན་ཉིད་པ་ལ་བཀོད་དེ་དག་གི་སྤྱན་ལྟོས་ལ་བརྟེན་ནས་བོད་ཀྱི་ཁམས་འདིར་འདུལ་བའི་བསྟན་པ་ཉི་མ་ཤར་བ་ལྟ་བུར་གྱུར་བ་ཡིན་ནོ་ཞེས། དེབ་ཐེར་སྔོན་པོར་བཀའ་སྩལ་བ་ནི་ཁུངས་ཤིན་ཏུ་ཆེ་བ་ཡིན་ནོ། །རྗེ་བླ་མའི་འཕྲིན་ལས་ཀྱི་ཆ་ཤས་ལས་ཆོས་རྗེ་དོན་གྲུབ་དཔལ་བས་ཡར་ཀླུངས་སུ་རི་བོ་ཆོས་གླིང་དང་། ལྷོ་བྲག་ཤར་དུ་བཀྲ་ཤིས་ཆོས་གླིང་གཉིས་བཏབ། ཡར་ཀླུང་འཕྱོང་རྒྱས་ཀྱི་རི་བོ་དགོན་པར་བཞུགས་ནས་ལམ་རིམ་བློ་སྦྱོང་གསང་འདུས་(༢༧༨བ)


GLG017_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་འཆད་ཉན་མཛད། ཕྱིས་སུ་ལུང་པ་ཕུ་ཁང་མཐོ་བས་འཁྱོངས་དཀའ་བར་བརྟེན་རི་བོ་དགོན་སྡེ་པ་འཕྱོས་པས་སྦྱིན་བདག་མཛད་ནས་བྱ་འདབས་གཞིས་ཀའི་ལོགས་སུ་སྤོས་པས་བཀྲ་ཤིས་བདེ་ཆེན་དུ་གྲགས། རི་བོའི་སྤོར་རྒྱལ་མཚན་རྩེའི་གཟིམས་ཁང་དུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ཀྱང་མང་དུ་བཞུགས་ནས་བསྟན་བཅོས་ཀྱི་རྩོམ་པ་དུ་མ་མཛད། མགོན་ཁང་དུ་ཤངས་མཚལ་མའི་དཔལ་ལྡན་དམག་ཟོར་མའི་བྲིས་སྐུ་གཉན་པར་བཞུགས་པ་དང་ཕྱོགས་མཚུངས་པ་བས་སྣའི་རྫོང་དང་ཡར་ཀླུངས་ས་བ་གྲུ་པའི་གཞིས་ཀར་ཡང་ཡོད་ཟེར། དེ་ལྟར་དབུ་མཛད་བློ་བཟང་ཡོན་ཏན་གྱིས་རང་ཉིད་དང་ཕ་ཁྱི་སྐྱག་མ་བཀྲ་ཤིས་དབང་མོ་རྣམས་ཀྱི་སྒྲིབ་སྦྱོངས་དང་དགོན་པའི་ཞབས་ཏོག་ལྷག་བསམ་དང་བརྩོན་པའི་མཐུ་ལ་བརྟེན་ནས་ཤིང་མོ་ཡོས་ཀྱི་ལོར་ཆོས་སྡེ་འདི་ཉིད་ཀྱི་དྲི་གཙང་ཁང་། ཀུན་དགའ་ར་བ་རྣམས་རྒྱ་ཆེ་བའི་མཁར་ལས་དང་བཀའ་འགྱུར་རིན་པོ་ཆེ་གསར་བཞེངས་ཀྱི་དབུ་བཙུགས་པ་སོགས་རིམ་པར་བགྱིས་པའི་དུས་ཀྱི་ཕོ་ཉའི་ལོ་བྲིས་འབུར་གྱི་རྟེན་རྣམས་བཞེངས་པར། དྲི་གཙང་ཁང་དུ་དུས་གསུམ་སངས་རྒྱས་མཆོག་ཟུང་། སྒོ་སྲུང་རྟ་མགྲིན་དང་ཕྱག་རྡོར། འདུ་ཁང་དུ་རྒྱལ་བ་བཙོང་ཁ་པ་ཆེན་པོའི་སྐུ། གཙང་ཁང་སྟེང་དུ་སྤྱན་རས་གཟིགས། རྒྱལ་པོ་འཇིག་རྟེན་དབང་ཕྱུག །ལྷའི་རྒྱལ་པོ། ཆོས་རྒྱལ་གཉའ་ཁྲི་བཙན་པོ། ལྷ་ཐོ་ཐོ་རི་སྙན་ཤལ། རྒྱལ་པོ་དད་པ་བརྟན་པ། རྗེ་དཀོན་ཅོག་འབངས། ཆོས་རྒྱལ་སྲོང་བཙན་སྒམ་པོ། ཚངས་པ་ལྷའི་མེ་ཏོག (༢༧༩ན)


GLG017_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བདག་ཁྲི་ལྡེ་སྲོང་བཙན། །རྒྱལ་པོ་དགེ་བ་དཔལ། ཁ་ཆེ་དགོན་པ་བ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། རྗེ་བཙུན་ས་སྐྱ་པ་ཆེན་པོ། ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས། གཏེར་སྟོན་མངའ་བདག་ཉི་མ་འོད་ཟེར། ལྷ་རྗེ་དགེ་བ་འབུམ། བལ་པོའི་པཎྜི་ཏ་པདྨ་བཛྲ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ། པཎ་ཆེན་དགེ་འདུན་རྒྱ་མཚོ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། །བདེ་ཆེན་ཆོས་ཀྱི་རྒྱལ་པོ། འདི་གའི་འདྲ་འབག་རྣམས་བསྒྲིགས་པའི་བླ་མ་ལྷ་ཁང་རྣམས་ཀྱི་ནང་བཞུགས་ལ་རིང་བསྲེལ་རྣམ་པ་བཞི་ལས། རྒྱུད་སྡེ་བཞི་དང་མདོ་ལས་བྱུང་བའི་ཆོས་སྐུའི་རིང་བསྲེལ། དེ་བཞིན་གཤེགས་པའི་ཡུངས་འབྲུ་ལྟ་བུའི་རིང་བསྲེལ། སྐུ་གདུང་དང་སྐུ་བལ་ལ། ཐོག་མར་བསྟན་པ་སྤྱིར། སངས་རྒྱས་ཀྱི་བསིལ་བྱེད་ཀྱི་བར་ཤིང་། དེ་བཞིན་གཤེགས་པ་གླང་པོའི་གདུང་། རང་སངས་རྒྱས་ཀྱི་གདུང་རྡོའི་ཁམས་སུ་བྱིན་གྱིས་རླབས་པ། དགྲ་བཅོམ་པ་ཉི་མ་གུང་པའི་གདུང་། མཁན་པོ་བོ་དྷི་སཏྭ་དང་ཀ་མཱ་ལ་ཤཱི་ལའི་གདུང་། རྒྱལ་པོ་འོད་ཟེར་གོ་ཆའི་བ་སོའི་སྐུ་རྒྱན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞབས་ཕྱགས། སྤྲུལ་པའི་སྟག་པགས། མངའ་བདག་ཁྲི་རལ་གྱི་གདུང་། བྲམ་ཟེ་དྲི་མེད་སྣང་བའི་སྐུ་ཤ །བསམ་ཡས་སུ་ལོ་པཎ་གྱིས་ཆོས་བསྒྱུར་བའི་བཞུགས་ཁྲི། ཏེ་ལོ་པའི་བཞུགས་གདན། གྲུབ་ཆེན་ནག་པོ་སྤྱོད་པ་དང་མ་གཅིག་གྲུབ་པའི་རྒྱལ་མོ། ཏི་པུ་བ་གསུམ་གྱི་རུས་རྒྱན། པཎ་ཆེན་ནཱ་རོ་པའི་བུམ་ཆུ། སྙན་རྒྱན། བཞུགས་གདན། (༢༧༩བ)


GLG017_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཐག །མཁའ་འགྲོ་མ་ནི་གུ་དང་པཎ་ཆེན་འབུམ་ཕྲག་གསུམ་པའི་དབུ་སྐྲ། མཻ་ཏྲི་པའི་ཁ་ཏྭཾ་གའི་ཤིང་། རྒྱ་གར་ཕྱག་ནའི་རྡོ་རྒྱུས་སྒོམ་ཐག །ཁ་ཆེ་དགོན་པའི་གདུང་རུས། དཱ་ན་ཤཱི་ལའི་དབུ་སྐྲ། མར་མི་ཐུན་མོང་གི་གསོལ་ཞལ། ལོ་ཆེན་རིན་བཟང་གི་ཕྱག་སེན། ཕ་དམ་པའི་ཞབས་ཕྱགས། །མི་ལའི་དབུ་སྐྲ་རས་གོས་སྒོམ་ཐག །མཁས་གྲུབ་ཁྱུང་པོ་དང་རིན་ཅེན་བརྩོན་འགྲུས། དབོན་སྟོན་སྐྱེར་སྒང་པ་གསུམ་གྱི་གདུང་རུས། མཉམ་མེད་ནམ་མཁའི་རྣལ་འབྱོར་གྱི་དབུ་སྐྲ། ཁ་ཆེ་པཎ་ཆེན་གྱི་སྣམ་སྦྱར། གསོལ་ལྷུང་གི་ཤུབས་འཁར་སིལ། པཎ་ཆེན་ནགས་རིན་གྱི་དབུ་ཞྭ། ཡབ་ཆོས་རྗེ་ཀུན་དགའ་རྒྱལ་མཚན་གྱི་སྒོམ་ཐག །ཨྱོན་འཚོ་མའི་དབུ་ཀླད། རྒྱ་དཔེ་འཁྲུལ་མེད། འཕགས་པ་ལོ་ཀེ་ཤྭ །རའི་སྐུ་ཕྱིས་པའི་དར་རྣམས། བཀའ་གདམས་གསར་སྙིང་གི་སྐོར་ལ། ཇོ་བོ་ཆེན་པོ་ཨ་ཏི་ཤའི་གདུང་དང་རྒྱ་དཔེ། འབྲོམ་སྟོན་པའི་ཚེམས། རྔོག་ལོ་ཁུ་དབོན་གྱི་ན་བཟའ། ཁུ་སྟོན་གྱི་གདུང་རུས། པོ་ཏོ་བའི་དབུ་སྐྲ། སྣེའུ་ཟུར་པའི་དབུ་སྐྲ། མཆིམས་ནམ་མཁའ་གྲགས་ཀྱི་གདུང་། སྣར་ཐང་པའི་རྟེན་འདམ། སྤས་ཏི་དགྲ་བཅོམ་པའི་སྣམ་སྦྱར། ལྷོ་བྲག་ཕྱག་རྡོར་པའི་ཕྱག་མཛུབ་དང་ཞབས་ཕྱགས། རྒྱལ་བ་བཙོང་ཁ་པ་ཆེན་པོའི་སྐུ་མཚན། སྣམ་སྦྱར། བླ་གོས། གསང་ཆབ། ན་བཟའ། དབུ་སྐྲ། སྐུ་རག །ཞབས་ཕྱགས། འཇམ་དབྱངས་གཙང་པ་བདུན་རྒྱུད་ཀྱི་དམ་རྫས་སྣ་ཚོགས་བསྡུས་པ། བ་སོ་ཆོས་རྒྱན་(༢༨༠ན)


GLG017_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབུ་སྐྲ། རྗེ་སྨོན་ལམ་དཔལ་བའི་དབུ་ཞྭ། པཎ་ཆེན་བྱམས་པ་གླིང་པའི་ན་བཟའ། མདུང་རྩེ་མའི་གདུང་རུས། སེམས་དཔའ་ཀུན་བཟང་པའི་དབུ་སྐྲ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་ཞབས་ངར། པཎ་ཆེན་དགེ་འདུན་གྲུབ་པའི་ཚེམས། སྐུ་ཆོས། དབུ་ཞྭ། སྐུ་མཚལ། མཁས་གྲུབ་ནོར་བཟང་རྒྱ་མཚོའི་དབུ་ལོ། འཇམ་དབྱངས་ལེགས་ཆོས་པའི་སྣམ་སྦྱར། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དབུ་ལོ། པུར་རས། པཎ་ཆེན་བསོད་ནམས་གྲགས་པ་དང་རྡོ་རྗེ་འཆང་སྔགས་རམས་པ་བདེ་བ་ཅན་པ་གསུམ་གྱི་གདུང་རུས། རྗེ་བསྟན་དར་བའི་དམ་རྫས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དབུ་ཀླད། སྐུ་ཆོས། སྐུ་བེར། སྐུ་རག །ཞྭ་ཐུལ། པུར་རས། སྟན་དམར། སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱི་དབུ་སྐྲ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དབུ་སྐྲ་དང་སྣམ་སྦྱར། རྟེན་འདུས། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་ཤངས་མཚལ། དབུ་སྐྲ། གདུང་རུས། དབུ་ཞྭ། སྐུ་ཆོས། འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་གྱི་དབུ་སྐྲ། རྡོ་རྗེ་འཆང་ཕ་བོང་ཁ་པའི་དབུ་སྐྲ། དབུ་ཞྭ། སྣམ་སྦྱར། བདུད་རྩི་རིལ་བུ། གདུང་རུས། འདི་ག་ནས་བསྒྲུབས་པའི་ཚེ་ཆང་དང་བདུད་རྩི་རིལ་བུ། བོད་ཁམས་བདེ་ཐབས་སུ་གྲྭ་ཚང་གིས་ལྷ་སར་ཕུར་སྒྲུབ་གྱི་ཚེ་ཆང་དང་བུམ་ཆུ་རིལ་བུ། རྒྱལ་མེ་ཏོག་ཐང་པ་དང་ཐར་པ་གླིང་པ་ཡེར་པ་གྲ་ཚང་ཕ་བོང་ཁ་པ་ཉེ་སྡིངས་པ་ལྔས་སོ་སོར་སྒྲུབས་པའི་མ་ནི་རིལ་བུ། དགའ་ལྡན་གསང་སྔགས་(༢༨༠བ)


GLG017_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་པའི་འགྲོ་དོན་ལས་སྦྱོར་ལྔ་པ་རྣམས། རྗེ་བཙུན་ས་སྐྱ་བའི་སྐོར་ལ། འབྲོག་མི་ལོ་ཆེན་གྱི་ཐུགས། སྣང་ཁའུ་པའི་རུས་རྒྱན། བ་རི་ལོ་ཙཱ་བའི་ན་བཟའ། རྗེས་ཆེན་གྱིས་གདུང་རུས། སློབ་དཔོན་རིན་པོ་ཆེའི་དབུ་ལོ་དང་གར་གོས། རྗེ་བཙུན་གྲགས་པའི་ན་བཟའ། གདུང་རུས། ཕྱག་ཕྲེང་མེ་འབར་མ། རྗེ་བཙུན་ས་པཎ་གྱི་དབུ་སྐྲ། སྣམ་སྦྱར། རུས་རྒྱན། འཕགས་པ་རིན་པོ་ཆེའི་ན་བཟའ། གདུང་རུས། །ཕྱག་ཕྲེང་། རྒྱལ་བ་བྲག་ཕུག་པའི་དམ་རྫས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གདུང་རུས། སྔགས་འཆང་གཟུངས་ཀྱི་དཔལ་བའི་སྐུ་ཕོད། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་དབུ་སྐྲ། ངོར་པ་རྡོ་རྗེ་འཆང་གི་དབུ་སྐྲ། ཀུན་མཁྱེན་རྡོ་རྗེ་གདན་པའི་སྣམ་སྦྱར། བདག་ཆེན་གྲགས་པ་བློ་གྲོས་ཀྱི་བདུད་རྩི་རིལ་བུ། ས་ལོ་ཐམས་ཅད་མཁྱེན་པའི་ན་བཟའ། བདག་ཆེན་ཀུན་དགའ་ལེགས་པའི་རྟེན་འདམ། བདག་ཆེན་བསོད་ནམས་དབང་པོའི་ན་བཟའ། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱི་སྐུ་ཆོས། ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱི་བདུད་རྩི་རིལ་བུ། ཡབ་འཇམ་དབྱངས་ཆོས་རྗེ་ནམ་མཁའ་རྒྱལ་མཚན་དང་། བདག་ཆེན་རྒྱ་དཀར་བ་ཤེས་རབ་རྒྱལ་མཚན་གཉིས་ཀྱི་གདུང་རུས། བདག་ཆེན་རྡོ་རྗེ་འཆང་གི་བདུད་རྩི་རིལ་བུ་ལུང་བསྟན་མ། རྗེ་བཙུན་རྡོ་རིང་པ། སྒོ་རུམ་པ་ཀུན་དགའ་ལེགས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་གསུམ་གྱི་གདུང་རུས། འཇམ་དབྱངས་མཁྱེན་བརྩེའི་ཤངས་མཚལ། རིན་པོ་ཆེ་བོད་མཁར་བ་མི་ཏྲི་དོན་གྲུབ་རྒྱལ་མཚན་གྱི་གདུང་རུས། ཡོལ་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱིས་རྟག་གཏོར། (༢༨༡ན)


GLG017_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་རྟ་ར་བའི་གདུང་རུས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་དང་ཁྱབ་བདག་བཀའ་འགྱུར་བ་མཁན་ཆེན་ཞ་ལུ་བ་གསུམ་གྱི་དབུ་སྐྲ། རྩེས་དང་བསམ་གཏན་གླིང་གི་དམ་རྫས། ལྷ་སར་བཀྲ་ཤིས་ཆོས་སྡེ་བས་རྣམ་རྒྱལ་སྟོང་མཆོད་ཀྱི་བུམ་ཆུ་རིལ་བུ་རྣམས། གསང་སྔགས་རྙིང་མའི་སྐོར་ལ། དགའ་རབ་རྡོ་རྗེ་དང་ཤྚི་སིདྷའི་དབུ་སྐྲ། ཨྱོན་རིན་པོ་ཆེའི་སྦྱིན་སྲེག་གི་རྡོ། ཨྱོན་ཡབ་ཡུམ་གྱི་བྱང་སེམས་དཀར་དམར། ཨྱོན་གྱི་ཚེ་རིལ་འཇའ་ཚོན་མ། བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤ །བསམ་ཡས་བར་ཁང་གི་རྒྱ་དཔེ། བི་མཱ་ལ་མི་ཏྲའི་ན་བཟའ། རྒྱལ་པོ་གཙུག་ལག་འཛིན་གྱི་གདུང་རུས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དབུ་སྐྲ། ལོ་ཆེན་བཻ་རོའི་གདུང་། ངན་ལམ་རྒྱལ་བ་མཆོག་དབྱངས་དང་ཉང་ཏ་ཐཱ་ག་ཏའི་གདུང་། ཟུར་ཤཱཀྱ་འབྱུང་གི་ཆོས་སྨན། སོ་ཤཱཀྱ་དཔལ་བའི་གདུང་རུས། ཀ་ཐོག་པ་པཉྩ་ཁྲུས་འབུམ། མྱང་གི་རིག་མ་སངས་རྒྱས་སྐྱིད་ཀྱི་གདུང་། གུ་རུ་ཆོས་དབང་གི་ཤངས་མཚལ། སྲས་པདྨ་བདེ་ཆེན་གྱི་སྐུ་ཕོད། སྐལ་ལྡན་ཡར་ཀླུངས་སྤྲུལ་སྐུའི་སྐུ་ཤ །ཨྱོན་གླིང་པ་དང་གཏེར་སྟོན་སངས་རྒྱས་གླིང་པའི་སྐུ་རུས། གཏེར་སྟོན་རྡོ་རྗེ་གླིང་པའི་སྐུ་ཤ །ཆོས་རྒྱལ་རཏྣ་གླིང་པའི་དབུ་སྐྲ། ཀློང་ཆེན་པའི་སྐུ་རག །གཏེར་སྟོན་དྲི་མེད་ལྷུན་པོའི་འབུམ་དམར། གཏེར་སྟོན་པདྨ་གླིང་པའི་གཏེར་མའི་ཨྱོན་རིན་པོ་ཆེའི་སྐུ་ཆོས། ཐང་སྟོང་རྒྱལ་པོའི་སླེ་བེམ། སེ་སྟོན་མགོན་པོ་བཟང་པོའི་དབུ་ཀླད། སེ་སྟོན་རིན་ཅེན་རྒྱལ་མཚན་གྱི་སྐུ་ཤ །མེས་སྟོན་ནམ་མཁའ་རྒྱལ་མཚན་གྱི་དབུ་རལ། ནུབ་མགོན་པ་བྱམས་པ་ཆོས་ཀྱི་(༢༨༡བ)


GLG017_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་གྱི་གདུང་རུས། མངའ་རིས་པཎ་ཆེན་རིན་པོ་ཆེའི་ཤོག་སེར། མངའ་རིས་ལེགས་ལྡན་རྡོ་རྗེའི་དམ་རྫས་དང་ཆོས་སྨན། འབྲི་གུང་ཟུར་པའི་སྐུ་ཤ་རིལ་བུ་དང་ཕྱག་འཕྲེང་། འཕྲང་འགོ་གཏེར་སྟོན་གྱི་ན་བཟའ། དཔལ་རི་གྲ་ཚང་གིས་བསྒྲུབས་པའི་ཐུགས་རྗེ་ཆེན་པོའི་རིལ་བུ། འབྲི་གུང་སྤྲུལ་སྐུ་དཀོན་ཅོག་འཕྲིན་ལས་བཟང་པོའི་ཆོས་སྨན། རིགས་འཛིན་ངག་གི་དབང་པོའི་སྐུ་གཟན། ཡོལ་མོ་སྤྲུལ་སྐུའི་གདུང་རུས། རྡོ་རྗེ་བྲག་སྤྲུལ་སྐུའི་ཆོས་སྨན། བདུད་རྩི་འཁྱིལ་བ་དང་འཆི་མེད་སྐུ་གསུམ་རིགས་འདུས་ཀྱི་ཚེ་རིལ། འགྲོ་དོན་ལས་སྦྱོར་ལྔ་པ། རྗེ་ཀུན་དགའ་ཚེ་མཆོག་གི་དབུ་ཞྭ། ཟུར་གཞོན་ནུ་དོན་གྲུབ་ཀྱི་ཕྱག་འཕྲེང་། ཟུར་ཐམས་ཅད་མཁྱེན་པའི་གདུང་རུས། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེའི་དབུ་ལོ་དང་སྐྱེ་བདུན་རིལ་བུ། ཆོས་རྗེ་ཐུབ་བསྟན་པའི་ཚེ་རིལ། ཀོང་པོ་རྫོགས་ཆེན་པ་ནམ་མཁའ་འཇིགས་མེད་ཀྱི་གདུང་རུས། དར་སྡོངས་ཆོས་རྗེ་འཕྲིན་ལས་ལྷུན་གྲུབ་ཀྱི་ཆོས་སྨན། སྤྲུལ་སྐུ་གཏེར་བདག་གླིང་པའི་དབུ་ལོ་དང་ཆོས་སྨན། སྙིང་རེ་བ་བདེ་བ་བཟང་པོའི་དབུ་སྐྲ། ཚེ་ལམ་དཔལ་རི་བའི་ཚེ་ཆུ་རིལ་བུ་རྣམས། དྭགས་བརྒྱུད་པའི་སྐོར་ལ། སྒམ་པོ་ཟླ་འོད་གཞོན་ནུའི་ན་བཟའ། དཔལ་ཕག་མོ་གྲུ་པའི་དབུ་སྐྲ་དང་། འབྲི་གུང་སྤྱན་སྔ་ཆོས་ཀྱི་རྒྱལ་པོ། གོང་དཀར་ཞབས་དྲུང་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་བཀའ་བརྒྱུད་རྣམ་པར་རྒྱལ་བའི་ལྷ་གསུམ་གྱི་དབུ་སྐྲ། རྗེ་དབུ་སེའི་གདུང་། ཀརྨ་པ་མཐོང་བ་དོན་ལྡན་གྱི་གདུང་རུས་ཏེ་གོང་གསལ་རྣམས་ནས་ཆ་ཤས་རེ་རྣམས་དང་(༢༨༢ན)


GLG017_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གཙོར་དེ་དག་གི་སྟེང་དུ་སངས་རྒྱས་འོད་སྲུངས་ཀྱི་འཕེལ་གདུང་ཁུངས་བཙུན། འོ་སྐོལ་གྱི་སྟོན་པའི་འཕེལ་གདུང་འཁྲུལ་མེད་གསུམ། མཁས་གྲུབ་ཁྱུང་པོའི་རིང་བསྲེལ་གཉིས། རྗེ་འདུལ་བ་འཛིན་པ་དང་པཎ་ཆེན་བཟང་པོ་གྲགས་པའི་རིང་བསྲེལ་རེ། གཞན་མ་ལྔ། བྲིས་སྐུ་ལ། ཤིང་བྱང་ངོས་ལ་ཇོ་བོ་ཡབ་སྲས་ཀྱི་སྣང་བརྙན་ཤངས་འཚལ་གྱིས་བྲིས་པར་ཡབ་སྲས་གཉིས་ཀའི་ཕྱག་ནས་བརྒྱ་རྩ་མ་ཁུ་སྟོན་གྱི་དད་རྟེན་དུ་ལྷ་ཁང་ཀེ་ཙུ་ནས་སྩལ་པ་རིམ་པར་བརྒྱུད་དེ་བྱུང་བའི་ངོ་མཚར་ཅན། ཇོ་བོ་ཨ་ཏི་ཤའི་སྣང་བརྙན་བྱིན་རླབས་ཅན། རྒྱལ་བ་བཙོང་ཁ་པའི་སྐུ་བརྙན་ཉིད་ཀྱི་ཕྱག་ནས་མ། ཀུན་མཁྱེན་བསོད་ནམས་རྒྱ་མཚོའི་སྣང་བརྙན། རྗེ་ཡོན་ཏན་རྒྱ་མཚོའི་སྐུ་བརྙན་ཕྱག་ཞབས་ཀྱི་རྗེས་ཡོད་པ། སེམས་དཔའ་ཆེན་པོ་དཔལ་འབྱོར་བཟང་པོའི་སྐུ་བརྙན། འཁོར་ལོ་བདེ་མཆོག་ལྷན་སྐྱེས་ཀྱི་སྐུ་བརྙན་དང་། རྗེ་འཇིག་རྟེན་མགོན་པོ་རིན་ཅེན་དཔལ་གྱི་ཕྱག་ཞབས་ཀྱི་རྗེས་ཡོད་པ་ཞིག་པོ་ཉི་མ་སེང་གེའི་ཐུགས་དམ་རྟེན། ཡང་ཇོ་བོ་ཨ་ཏི་ཤ །རྗེ་བཙུན་བཙོང་ཁ་པ། མཁས་གྲུབ་ཐམས་ཅད་མཁྱེན་པ་གསུམ་གྱི་སྣང་བརྙན་རེ། བདེ་མཆོག་ལཱུ་ཧི་པ་དང་ཀུན་རིག་གི་དཀྱིལ་ཐང་རེ། འཇིགས་བྱེད་ཀྱི་སྣང་བརྙན། མགོན་དཀར་ཡིད་བཞིན་ནོར་བུའི་སྣང་བརྙན་གཡས་གཡོན་དུ་རྗེ་དགེ་འདུན་རྒྱ་མཚོའི་ཕྱག་ཞབས་ཀྱི་རྗེས་ཡོད་པ་རྣམས། འབུར་སྐུ་ལ། ཐུབ་དབང་གི་སྐུ་ལི་མ་གཉིས། གསེར་སྐུ་གཅིག །སྨན་སྐུ་གཅིག །པཎ་ཆེན་སྨྲྀ་ཏིའི་ཕྱག་ཚ་གཅིག །ཙན་དན་དཀར་པོ་ལས་གྲུབ་(༢༨༢བ)


GLG017_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཅུ་གཅིག་ཞལ་གྱི་སྐུ་འདྲ་གཅིག །རྡོ་ནག་ལས་གྲུབ་པའི་ཕྱག་རྡོར། བྱང་ཆུབ་ལྗོན་ཤིང་ལས་གྲུབ་པའི་བྱམས་པའི་ལྡེམ་སྐུ་གཅིག །འདི་ག་ནས་འཇིམ་པ་བྱིན་རླབས་དང་རབ་གནས་བྱས་པའི་སྨན་བླ་བདེ་གཤེགས་བརྒྱད་ཚར་བཞི། གསེར་ཟངས་ལས་གྲུབ་པའི་གདུང་རྟེན་གཅིག །གསུང་རྟེན་གཤིན་རྗེ་དགྲ་ནག་གི་རྒྱུད་ཚར་བཞི། ལས་ཐམས་ཅད་གྲུབ་པར་བྱེད་པའི་རྒྱུད་ཚར་གཉིས། འཇིགས་བྱེད་ཀྱི་རྒྱུད་རྟོག་གསུམ་ཚར་གཉིས། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད། འཇམ་དཔལ་མཚན་བརྗོད། རྒྱལ་རྩེའི་གཟུངས་འབུམ་གཟུངས་འདུས་གསེར་ཆོས། ཕལ་ཆེན། ས་བཅུ་པའི་མདོ། ཡབ་སྲས་མཇལ་བའི་མདོ། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ། གསེར་འོད། མཚན་འབུམ། གྲ་ལྔ། བརྒྱད་སྟོང་པ་ཚར་གཉིས། འབུམ་གྱི་པོ་ཏི་གཅིག །ཁྱད་པར་འཕགས་བསྟོད། ཨོ་རྒྱན་གྱི་རྣམ་ཐར། རྗེ་རིན་པོ་ཆེའི་གསང་བའི་རྣམ་ཐར། ཆགས་ལོའི་གསན་ཡིག་རྣམས། ཟུར་ཆོས་དབྱིངས་རང་གྲོལ་དང་འདི་གའི་བླ་གོས་སྦུབས་རེ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པའི་དབང་བུམ་རྣམས་བཞུགས་སོ། །ལྡེབས་བྲིས་ཀྱི་སྐོར་ལ། གཙང་ཁང་སྦུག་ཚེ་དཔག་མེད་ཀྱི་སྐུས་གང་བ། བཀའ་འགྱུར་ཁང་དུ་ཡུམ་ཆེན་མོའི་སྐུ་བརྒྱ་རྩ། བླ་མ་ལྷ་ཁང་དུ་སངས་རྒྱས་རབས་བདུན། ཉེ་བའི་སྲས་བརྒྱད། འདུ་ཁང་གི་བྱང་སྐྱ་གཙང་ཁང་གི་སྒོའི་གཡས་སུ་ངོས་ཀྱི་འདྲ་འབག་དང་ཟབ་མོ་ལྟ་བརྒྱུད། གཡོན་དུ་རྒྱལ་བ་བཙོང་ཁ་པ་ལ་རྒྱ་ཆེན་སྤྱོད་རྒྱུད་ཀྱིས་བསྐོར་བ། ཤར་རྒྱུད་ལ་འདུས་པ་ལྷ་སོ་གཉིས་(༢༨༣ན)


GLG017_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ལྷ་རེ་གཉིས། འཇིགས་བྱེད་ལྷ་བཅུ་གསུམ། ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག །ནུབ་རྒྱུད་ལ་སྨན་བླ་བདེ་གཤེགས་བརྒྱད་ཀྱི་ལྷ་ཚོགས་ང་གསུམ། །ཕུང་པོ་གསུམ་པ་ནས་གསུངས་པའི་སངས་རྒྱས་སུམ་ཅུ་སོ་ལྔ། འཕགས་པའི་གནས་བརྟན་བཅུ་དྲུག །ལྷོ་རྒྱུད་ལ་དཔལ་མྱུར་མཛད་མགོན་པོ་གཙོ་འཁོར། རྣམ་སྲས་རྟ་བདག་བརྒྱད། །ལས་གཤིན་ཡབ་ཡུམ། དཔལ་ལྡན་འདོད་ཁམས་དབང་ཕྱུག་མ། རྡོ་རྗེ་གཡའ་མ་སྐྱོང་། ཡང་གྷ་བཟའ། རྒྱལ་ཆེན་བཞི། སྲིད་པ་འཁོར་ལོ། ཕྱོགས་སྐྱོང་བཅོ་ལྔ། གནས་ཆུང་ཆོས་རྒྱལ། འཕྱོས་ལྷ་སྒམ་པོ། གྲིབ་བཙན་པ། གནམ་གཡེངས་ལ་བླ་མ་ལྷ་ཁང་གི་འབུར་སྐུ་རྣམས་ཚང་བ་སྦྱིན་བདག་གི་འདོད་པ་གྲ་དམངས་རྣམས་ཀྱིས་སླར་མནན་པ། འོད་དཔག་མེད། རྒྱལ་བ་སེང་གེའི་ང་རོ། ཟངས་དཀར་ལོ་ཙཱ་བ། བུ་སྟོན་ཐམས་ཅད་མཁྱེན་པ། མཁས་གྲུབ་ནོར་བཟང་རྒྱ་མཚོ། པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན། ཞལ་སྔ་ནས་བློ་གྲོས་རིན་ཆེན། མཁན་བློ་བཟང་བསྟན་འཕེལ། ཀུན་རིག་རྣམ་པར་སྣང་མཛད། རྡོ་རྗེ་མི་འཁྲུགས་པ། གཙུག་ཏོར་རྣམ་རྒྱལ། སྤྱན་རས་གཟིགས་རྟ་མགྲིན་ཞབས་བརྒྱད་པ། སྒྲོལ་དཀར། ཕྱག་ན་རྡོ་རྗེ། ཛམ་ལ་འབྲུ་གཞོན། ཛམ་སེར་ནག་གཉིས། ངག་དབང་བཀྲ་ཤིས་ཀྱི་འདོད་པའི་ཨྱོན་རིན་པོ་ཆེར་གུ་རུ་མཚན་པ་བརྒྱད་ཀྱིས་བསྐོར་བ་རྣམས། ཤིང་རྩི་དང་བཅས་པའི་རྡོ་བཟོ་དབུ་མཛད་སློབ་དཔོན་ཀུན་བཟང་གིས་གཙོས་པའི་བརྒྱད། ཤིང་བཟོ་དབུ་མཛད་ཆོས་སྐྱོང་ཅན་བཅུ་གཅིག་ལྕགས་བཟོ་བ་དབུ་མཛད་དགེ་རྒྱས་པ་ཅན་དྲུག །ཚགས་པ་དབུ་མཛད་མགོན་པོ་ཅན་བཅུ་གཅིག །ཞལ་མཁན་པོ་ཡོངས་གྲགས་པ་ཅན་གཉིས། །དབུ་(༢༨༣བ)


GLG017_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཨྱོན་ཆོས་རྒྱལ་ཅན་འཇིམ་བཟོ་བ་བཅོ་ལྔ། བྲིས་པ་སྨན་ལུགས་རགས་ཁ་ཨ་བར་ཅན་བཅུ་གཅིག །མཁྱེན་ལུགས་སྦུས་ཁྱིམ་ཚེ་འཕེལ་གཉིས་ཀྱིས་གཙོས་བཅུ་དགུ །འགོ་པ་ངག་དབང་བཀྲ་ཤིས་ངག་དབང་བཟང་པོ། ས་ནག་པ་ཀུན་དགའ། རྒྱ་དམའ་བ་བསོད་ནམས་དབང་པོ་དང་ཁྱི་སྐྱག །གཟུངས་བཞུགས་དང་རབ་གནས་པ་ཕན་བདེ་ལེགས་བཤད་གླིང་ནས་དགེ་སློང་འཇམ་དབྱངས་གྲགས་པ་སོགས་བཅུ་གསུམ་གྱིས་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་ཕབ་ཅིང་གེགས་མེད་དུ་གྲུབ་བོ། །དེ་ཡང་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས། དགེ་སློང་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་འདི་ལྔ་ཡོད་དེ། ལྔ་གང་ཞེ་ན། གཞལ་མེད་ཁང་ཆེན་པོར་གནས་པ་དང་། བོང་སྟེག་བཟང་པོར་གྲགས་པ་དང་། སྤྲོ་བ་མང་བ་དང་། ཚེ་རིང་བ་དང་། གྲགས་པ་དང་ལྡན་པ་དང་། བདེ་བ་མང་བ་སྟེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་དང་པོ་ཡིན་ནོ། །ཞེས་སོགས་ཕན་ཡོན་ལྔ་རྒྱས་པར་གསུངས་ཤིང་། མདོར་ན་དཀོན་མཆོག་གསུམ་གྱི་ཕོ་བྲང་བརྩིག་པ། རྟེན་བཞེང་བ་དེ་དག་ལ་རྙེད་བཀུར་སྟོབ་པ་སོགས་ཀྱི་ཡོན་ཏན་མདོ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམས་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །མྱ་ངན་ལས་འདས་ཞི་བ་སིལ་བའི་དངོས་པོ་ཐོབ། །(༢༨༤ན)


GLG017_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བཀའ་སྩལ་བའི་རྡོ་རྗེའི་གསུང་ནམ་ཡང་སླུ་བ་མེད་དེ། ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མར་བཅས་པ་གནས་ལྷུང་ཞིང་། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང་། །ཞེས་རྒྱུ་དགེ་བ་བསགས་པའི་འབྲས་བུ་རྣམ་སྨིན་དཀར་པོ་འཛག་པ་ལ་སོམ་ཉི་དང་བྲལ་བའི་ཡིད་ལ་དགའ་བདེའི་ཏིང་ངེ་འཛིན་བརྟན་པོ་ལྷུར་བྱའོ། །ཆོས་དཀར་སྙེ་མ་དང་བྲལ་སྦུན་པ་ཙམ། །འཕྱར་ལ་འབྲས་འདོད་བྱིས་པའི་སོར་མོ་ཡིས། །ཆུ་ནང་རི་བོང་ཅན་གཟུགས་འཛིན་པའི་ཆེད། །དཀའ་ཐུབ་ཨེ་རཎྜ་ཡི་སྙིང་པོ་བཞིན། །དཀོན་ཆོག་གསུམ་ལ་རི་མོར་བྱ་བའི་བློས། །མཐའ་ཀླས་མཆོད་སྦྱིན་ཉེར་སྤེལ་བསོད་ནམས་གཟི། །མ་བཟོད་གཞན་འཕྲུལ་གནས་ཀྱི་བདག་པོ་དེ། །མྱ་ངན་ཁང་བུར་ལུས་མེད་ཚུལ་དུ་ཡིབ། །རང་ཉིད་གཅིག་པུའི་ཆེད་མིན་མཁའ་མཉམ་དོན། །ཚོགས་བསགས་མུཀྟི་ཀ་ཡི་ཆར་ཆེན་པོ། །འདིར་ནི་གཏོགས་སོ་ཅོག་རྣམས་སྐྱེ་བ་རུ། །འབབ་པའི་འཁྲི་ཤིང་གཉིས་པར་འགྱུར་བར་ཤོག །བློ་བཟང་གྲགས་སྙན་འབར་བའི་བསྟན་པ་དང་། །དེ་འཛིན་སྐྱེས་བུ་སྡེར་བཅས་བླ་ནས་བླར། །འཕེལ་བའི་ཕུང་པོས་ལྷ་ལམ་གས་པའི་ལྟོ། །མཐའ་ཀླས་བགྲངས་བྱའི་གུ་ཚིགས་མས་འཆིང་ཤོག །མེ་ལོང་གདོང་གི་རྣམ་པར་ཐར་པའི་ཁྲིམས། །དྲང་པོར་སྲོང་བའི་ས་དབང་ཆབ་སྲིད་ཀུན། །བསྐལ་གཞན་ཕ་མཐའི་རྒྱ་མཚོར་བསྙེག་ནུས་པའི། །སྔོན་མེད་ཛ་ཧུའི་བུ་མོ་དེང་འགྲུབ་ཤོག །བཀྲ་ཤིས་ཁོ་ལག་རྫོགས་པ་མིག་སྟོང་ཅན། །བཤོལ་མེད་དགའ་མར་བརྩེ་བའི་བདེ་བ་ཆེ། །(༢༨༤བ)


GLG017_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་མྱོང་བ་ཆོས་བཟང་འདུན་ས་རུ། །རྒྱུད་མང་གླུ་བླངས་རྣ་བར་ལེགས་འཇེབས་ཤོག །དབྱངས་བདུན་མགྲིན་པར་འཁྲོལ་ནས་སྲས་བཅས་རྒྱལ། །མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་རྗེས་འགྲོ་མཁན། །དབུ་མཛད་བློ་བཟང་ཡོན་ཏན་འདི་སྣང་དུ། །རྫོགས་ལྡན་ཉམས་མྱོང་བྱང་ཆེན་མྱུར་ཐོབ་ཤོག །ལུས་བསྐྱེད་ཁྱི་སྐྱག་བཀྲ་ཤིས་དབང་མོ་ཞེས། །དྲིན་ལན་གཞལ་བར་དཀའ་བའི་ཕ་མ་ཟུང་། །མྱང་འདས་དེ་སྲིད་སིམ་བསྟན་འབད་མེད་དུ། །ཡོངས་རྙེད་གྲོ་བཞིན་སྐྱེས་ཀྱི་སྤུན་ཟླར་ཤོག །བསོད་ནམས་ལྗིད་ཀྱི་ཀུན་བཟོད་རྔུལ་བའི་ཆུ། །འཇིག་རྟེན་གསུམ་གྱི་འགྲམ་པར་འཛག་པའི་རྒྱུར། །སྐྱེ་འཕགས་ཚོགས་ཀྱི་དགེ་དང་ལྷན་ཅིག་ཏུ། །བསྔོས་པས་གཏན་བདེའི་བཞིན་རས་ཆེས་དཀར་ཤོག །ཅེས་དབུ་མཛད་བློ་བཟང་ཕུན་ཚོགས་ཀྱི་འབད་པ་ཆེན་པོས་ཆོས་སྡེ་བཀྲ་ཤིས་བདེ་ཆེན་གྱི་མགོན་ཁང་ཀ་གཉིས་མ་མ་གཏོགས་གཙུག་ལག་ཁང་ཀུན་དགའ་ར་བ་དང་བཅས་པ་གསར་བསྐྲུན། །བྲིས་འབུར་གྱི་རྟེན་བཞེངས། གནམ་རྒྱན། འཕན། ཏིང་སྦུག་ཆོལ་སོགས་མཆོད་རྫས་གསར་སྦྱོར་དང་བཅས་པ་ལེགས་པར་གྲུབ་སྐབས་དཀར་ཆག་དགོས་ཚུལ་ལྟར་དེབ་ཐེར་ཨུཏྤ་ལའི་ཆུན་པོ་འདི་ནི་ཟ་ཧོར་གྱི་རིགས་ལས་སྡོམ་བརྩོན་སྡེ་སྣོད་གསུམ་པ་འཇམ་དབྱངས་དགའ་བའི་བཤེས་གཉེན་དུ་འབོད་པས་རབ་བྱུང་བཅུ་གཅིག་པའི་ནང་ཚན་སྟོད་འགྲེལ་བཀཱ་ལ་དྷུ་ཏི་ཞེས་དུས་ཀྱི་ཕོ་ཉར་གྲགས་པ་ས་ཕོ་རྟའི་ལོ་ཉིན་མོར་བྱེད་པ་སེང་གེའི་ཁྱིམ་དུ་སྤྱོད་པའི་ཕྱོགས་སྔ་མ་རྒྱལ་བ་དང་པོའི་ཚེས་ལ་རྒྱལ་ཁབ་ཆེན་པོ་པོ་ཏ་ལར་(༢༨༥ན)
སྦྱར་བའི་ཡི་གེ་པ་ནི་ངག་རིག་སྨྲ་བ་ལྕང་གསེབ་པ་བསྟན་འཛིན་དབང་པོས་བགྱིས་པ་ཡ་ཐཱ་སརྦ་པྲ་ཎི་དྷ་ནི་རཱ་བྷོ་གསྱ་ཤྲེ་ཡ་པྲ་ཡཙྪ། །


previousརབ་བྱུང་བཅུ་གཅིག་པའི་ས་རྟ་ལོར་དེབ་ཐེར་དུ་བཀོད་པའི་མཚོ་སྨད་བསམ་གྲུབ་ཁང་གསར་དང་སྨོན་གྲོང་གཉིས་ཀྱི་གཞིས་ཀའི་ཁང་ཐོ་དང་ཆོས་རྒྱལ་གཏེར་བདག་གླིང་པས་ཨོ་རྒྱན་སྨིན་གྲོལ་གླིང་དུ་སྐུ་གསུང་ཐུགས་རྟེན་ལེགས་བསྐྲུན་གྱི་དཀར་ཆག་སོགས། next