Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
རབ་བྱུང་བཅུ་གཅིག་པའི་ས་ལུག་ལོར་དེབ་ཐེར་དུ་བཀོད་པའི་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་རྒྱལ་བའི་བཀའ་འགྱུར་གསར་དུ་བཞེངས་པའི་དཀར་ཆག་སྨོན་ལམ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁྲི་འདོན་སྐབས་རྟེན་གཙོ་ཁག་ལ་ཐམ་ཕུད་ཕུལ་བའི་ཁ་བྱང་སོགས།


 
previousརབ་བྱུང་བཅུ་གཅིག་པའི་ས་ལུག་ལོར་དེབ་ཐེར་དུ་བཀོད་པའི་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་རྒྱལ་བའི་བཀའ་འགྱུར་གསར་དུ་བཞེངས་པའི་དཀར་ཆག་སྨོན་ལམ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁྲི་འདོན་སྐབས་རྟེན་གཙོ་ཁག་ལ་ཐམ་ཕུད་ཕུལ་བའི་ཁ་བྱང་སོགས།no next

རབ་བྱུང་བཅུ་གཅིག་པའི་ས་ལུག་ལོར་དེབ་ཐེར་དུ་བཀོད་པའི་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་རྒྱལ་བའི་བཀའ་འགྱུར་གསར་དུ་བཞེངས་པའི་དཀར་ཆག་སྨོན་ལམ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁྲི་འདོན་སྐབས་རྟེན་གཙོ་ཁག་ལ་ཐམ་ཕུད་ཕུལ་བའི་ཁ་བྱང་སོགས།


GLG017_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་རྔ་གཉེར་རྣམས་ལ་གསེར་རྔ་ཆེ་འབྲིང་ཆུང་གསུམ་རྩིས་སྤྲད་པའི་དེབ་ཐེར་གྱི་འགོ་བརྗོད་དམ་ཅན་དགྱེས་པའི་སྒྲ་དབྱངས། །(སྡེབ་སྦྱོར་མཉམ་པའི་པྲིཏྟ་ལས་མེ་ཏོག་འཕྲེང་ཅན།) དྷ་རྨ་དྷཱ་ཏོ་རྨཱ་ཧཱ་ཤྲཱི་སུ་རཻ་རྒ་ཎྱ་ཀཱ་བྷི་པྲ་ཡཾ་ཙོ་ད་ཏཻ་ཛེ་མ་དྷོ་ཪྵ་བཱ་ཀཿ། །ག་རྫ་པེ་རོ་ཙ་ཀ་ཎྛ་སྭ་རཾ་ཛ་པྤ་ག་རྦ་དྷ་དུ་ནྡུ་བྷྱ་བྷཱ་བཱ་གྲ་རོ་ཏྤཱུ་ཛ་ཀཿ །ཆོས་ཀྱི་དབྱིངས་ནས་དཔལ་ཆེན་ལྷ་ཚོགས་རྣམས། །ཐུགས་དམ་བསྐུལ་བའི་བརྗིད་ལྡན་རོལ་མོའི་སྒྲ། །གཡུ་འབྲུག་མགྲིན་དབྱངས་ཉེར་འཁྲོལ་བསྙེམས་འཕྲོག་རྔ། །སྲིད་པའི་རྩེ་མོར་སྒྲོག་པ་མཆོད་པའི་མཆོག །ལྗོན་ཤིང་ཟླུམ་པོར་འཁྱིལ་བ་གཞི་འཇམ་ངོས། །དབང་གི་མདངས་ལྡན་པད་རཱག་ཞུན་མའི་གཟི། །གསེར་སྦྱངས་རི་མོའི་འོད་བཀྲག་རབ་རྒྱས་མཐར། །དྲག་བྱེད་རློན་པའི་གཡང་གཞི་ཉེ་བར་བསྡམས། །འཆད་གཟུང་པདྨའི་འདབ་མ་ཁ་སྦྱར་བའི། །ཅུང་ཞོགས་སྟོད་(༢༨༥བ)


GLG017_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་རྒྱ་མདུད་རྩ་བ་དང་། །རྐེད་པར་ཆུ་སྐྱེས་རབ་བཞད་ཇེ་ཕྲའི་སྣར། །མི་འགྱུར་རྡོ་རྗེ་ཕྱེད་པའི་མཚན་མས་མཛེས། །བཟོ་དབྱིབས་གཅིག་ཏུ་ཉེར་མཚུངས་ཆེ་ཆུང་དང་། །བར་མས་ཁྱད་པར་བྱས་པ་མཚམས་འཛིན་གྲངས། །གས་གྲུམས་སྐྱོན་དང་དེ་བྲལ་རྣམ་འབྱེད་པའི། །དེབ་ཐེར་ལེགས་ཉེས་བཞིན་གསལ་མེ་ལོང་ལྟར། །ཨ་འདུས་ཀ་ཕྲེང་ལྡན་པའི་ཡི་གེ་ལ། །མིང་ཚིག་བརྗོད་པ་ཡོངས་སུ་ཚང་བའི་གཏམ། །མི་བསྐྱུད་ཡིད་ཀྱིས་གསོས་སུ་རྩི་སྨན་གྱི། །རྨད་བྱུང་ལྗོན་པའི་དྲི་བསུང་འདི་ན་འཐུལ། །ཞེས་ཚིགས་སུ་བཅད་དེ་ཕན་བདེ་ལེགས་བཤད་གླིང་པའི་རྔ་གཉེར་རྣམས་ལ་གསེར་རྔ་ཆེ་འབྲིང་ཆུང་གསུམ་གྱི་རིགས་རྣམས་རྩིས་སྤྲད་པའི་བརྗེད་བྱང་དེབ་ཐེར་དུ་བཀོད་པ་ལ། འཚམས་སྤྲིན་བླ་གོས་སྦུབས་ཀྱིས་མ་སྒྲིབ་ངོ་མཚར་མཚན་དཔེ་ཉེར་གསལ་བ། ཕྱག་མཐིལ་འཁོར་ལོ་རྣམ་པར་བཀྲ་རྗེས་ནམ་མཁའི་མཐའ་སྙེག་ལུས་ཅན་གཙུག །ཉེ་རིང་མེད་པར་གསལ་བའི་རི་མོ་མིག་གསུམ་པས་ཀྱང་དབྱེ་ནུས་སྐབས། །ཡོངས་བྲལ་ཉི་མའི་གཉེན་གྱི་སླར་ཡང་སྲིད་འཁྱམས་འགྲོ་དབུགས་དབྱུང་ལ་སྤྱོན། །ཐུབ་གསུང་མདོ་རྒྱུད་དཀའ་བའི་གནད་ཀྱི་མདུད། །རྣམ་དཔྱོད་སོར་མོས་འགྲོལ་ལ་སྐལ་བཟང་འདིའི། །འདྲེན་པ་སྟོང་གི་ལུང་རྟོགས་གཅིག་བསྡུས་པ། །བཙོང་ཁ་པ་ཞེས་སྙན་གྲགས་སྲིད་གསུམ་འབར། །རྒྱལ་ཀུན་མཁྱེན་དངོས་འཕྲོག་པའི་ཆོམ་རྐུན་མར། །མཐའ་ཀླས་འཁོར་འདས་ཡོན་ཏན་ཉ་གང་བར། །ཨུཏྤལ་དཔུང་པར་འཛུམ་སྟེང་གླེགས་རལ་ཅན། །བདག་བློའི་རྨོངས་མུན་སེལ་ཅིག་ངག་གི་ལྷ། །དཀར་འཇམ་ལུས་ཕྲ་སྨིན་མའི་ནགས་ཀླུང་(༢༨༦ན)


GLG017_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ། །མཆུ་སྒྲོས་རྒོད་མ་ཁ་ཡིས་ཆགས་པའི་མཚོ། །སྐེམ་བྱེད་དྲི་ཟའི་བུ་མོས་སོར་གདུབ་སྒྲ། །འཁྲོལ་བཞིན་བདག་ཡིད་གཞོན་ནུར་འཁྲིལ་སྦྱོར་མཛོད། །འཆི་མེད་ཇམཁྱེན་དཔྱོད་པད་དཀར་ཟེའུ་འབྲུ་ལས། ལེགས་སྦྱར་སྦྲང་རྩིའི་བཅུད་ཀྱིས་སྙིང་མྱོས་པས། །བརྡ་སྤྲོད་གཞུང་བརྒྱའི་གླུ་དབྱངས་ལེན་མཁས་པ། །འཕགས་ཡུལ་པཎ་ཆེན་རྣམ་ཐར་ཡིད་ཀྱི་གསོས། །གངས་ཅན་སྐད་གཉིས་སྨྲ་བའི་ནགས་ཀླུང་དབུས། །ཤོང་དཔང་ཙན་དན་ལྗོན་པའི་ག་བུར་དང་། །རྨོངས་མུན་བཅིལ་ལ་འདྲེན་མཛད་ཐུགས་རྗེ་དཔལ། །སྟག་ཚང་ལོ་ཙཱའི་སྙན་པས་བདག་ཡིད་ཕྲོགས། །ཆོས་སྐྱོང་བཟང་པོའི་མ་དྲོས་ཆུ་གཏེར་ལས། །ཐ་སྙད་རིག་པའི་ཀླུང་ཆེན་ཕྱོགས་བཞི་རུ། །ཉེར་བབས་མི་ཤེས་དྲི་བཀྲུས་རྗེས་འབྲངས་དྲིན། །གཞལ་བར་སྟོང་གསུམ་གསེར་གྱིས་བཀང་དེས་མིན། །ཙནྡྲ་གོ་མི་ལྕང་ལོ་རིན་ཆེན་གྱི། །དོ་ཤལ་རིང་པོའི་གཟུགས་གཞན་ཡོངས་བསྒྱུར་ནས། །ལྗོངས་འདིར་དོན་གྱི་པཎ་ཆེན་སྨོན་འགྲོ་བ། །བརྟན་པའི་འཁོར་ལོའི་ཁེངས་པ་ད་གདོད་ཕྲོགས། །ངག་དབང་བློ་གཏེར་བུམ་བཟང་ལྟོ་བ་རུ། །ལེགས་བཤད་རྒྱ་མཚོ་བསྐྱེད་པ་ཚངས་སྲས་མ། །མགྲིན་བཞུགས་བཞད་པའི་རྡོ་རྗེ་འཇམ་དབྱངས་ལྷ། །དགའ་བའི་བཤེས་གཉེན་དུས་ཀུན་དགེ་ལེགས་སྩོལ། །ཞེས་པ་འདི་ཡང་བྱ་རིགས་གདུང་གི་མངོན་མཐོ་རྣམ་གླིང་པཎ་ཆེན་དཀོན་ཆོག་ཆོས་གྲགས་ཀྱི་སློབ་མ་རི་བོ་ཆོས་གླིང་པ་ངག་དབང་ཆོས་གྲུབ་རྩེས་དང་དུ་ལེགས་སྦྱར་གྱི་བཤད་པ་བྱེད་པས་རྐྱེན་བྱས། །རིག་གནས་པ་སྤྱི་ལ་ཕན་ཕྱིར་སློབ་(༢༨༦བ)


GLG017_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཉིད་ཀྱིས་བསྐུལ་བ་ལྟར་སྙན་དངགས་མཁན་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །(སྡེབ་སྦྱོར་མཉམ་པའི་པྲིཏྟ་ལས་མེ་ཏོག་འཕྲེང་ཅན།) ཤམྦྷ་ལརཎྱནྲྀ་ཏྱེ་ཤ་ཧྲ་དྲ་སྨ་ཧ་སྟེ་ཙ་པདྨ་སྱ་སཱ་ལ་ཀྱ་མཱ་ཡི་ཡ་ཀཿ །ཀྵེ་ཏྲ་ཀཱ་ཧོ་བྻུ་ཧཻ་མཱ་ཀ་ཤི་ཀྱ་སྱ་བ་ཀྟྲེགག་ནྱེ་ནྡྲ་ཧཱི་དྷཱ་ནུབ་ཙྩེ་ཏྲ་ཀ༔ བདེ་ལྡན་གནས་ནས་གར་དབང་ཐུགས་རྗེའི་ཟེར། །ཕྱག་ན་པདྨའི་མཐའ་ཀླས་སྒྱུ་མའི་འཕྲུལ། །ངོ་མཚར་ཞིང་གི་བཀོད་པ་རྨད་བྱུང་བ། །ཀ་ཤི་ཀ་དངོས་མཁའ་ལ་འཇའ་བཞིན་བཀྲ། །འབྲས་དཀར་ཉེར་སྤུངས་ཆོས་སྡེ་མཛེས་པའི་རྒྱན། །ཀུན་དགའ་ར་བའི་ཡང་རྩེའི་ལྡེབས་བྲིས་ཚོགས། །པྲ་ཕབ་ལྟ་བུར་གྱིས་ཞེས་མི་ཡི་བདག །བློ་བཟང་སྦྱིན་པའི་ལེགས་མཛད་ཆ་ལས་བསྐྲུན། །སྨན་ཐང་རིང་ལུགས་རྗེས་ཞུགས་པིར་ཐོགས་ཀྱི། །རྣམ་དཔྱོད་སོར་མོའི་(༢༨༧ན)


GLG017_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་རྩེད་འཕྲུལ་པོ་ཆེ། །དུ་མས་སྒྱུ་མའི་ཁེངས་པ་བག་ཞ་ནས། །རང་གཟུགས་མངོན་སུམ་གསལ་བར་སྟོན་ནམ་སྙམ། །གངྒའི་ཡབ་གཅིག་བཞིན་དུ་ཆེས་དཀར་རི། །སྟོན་མཚན་ཟླ་བ་སྟོང་གིས་འཁྱུད་པས་ཀྱང་། །འགྲན་པའི་སྐབས་བྲལ་དགེ་ལེགས་རོ་བདའི་ཟས། །བྱང་ཆུབ་སྙིང་པོའི་བར་དུ་མྱོང་བར་ཤོག །རུ་བཞི་བོད་ཀྱི་རྒྱལ་ཁམས་འདི་ཉིད་ན། །མེས་དབོན་རྣམ་གསུམ་བཞེད་འབྲས་ཡོངས་སྨིན་ཏེ། །རྫོགས་ལྡན་དགའ་སྟོན་དངོས་ལ་ལོངས་སྤྱོད་པའི། །ཕུན་ཚོགས་དཔལ་གྱིས་དུས་ཀུན་ཁྱབ་པར་ཤོག །ཅེས་ས་སྐྱོང་འཕྲིན་ལས་རྒྱ་མཚོས་ཀུན་དགའ་ར་བ་བསྐྲུན་པའི་ཉི་འོད་ཀྱི་འཁོར་ཡུག་ཏུ་ངོ་མཚར་བའི་ཞིང་བཀོད་སྣ་ཚོགས་ཕྱོགས་གཅིག་ཏུ་བྲིས་པ་ལས། ས་ཕོ་རྟའི་ལོ་ས་སྐྱོང་བློ་བཟང་སྦྱིན་པས་བྲིས་ཐང་དུ་འགོད་པའི་ཁུར་བླངས་ཚེ་རག་ཁ་ཨ་བར་དང་ཆོས་མཛད་བཀྲ་ཤིས་ཀྱིས་དབུ་མཛད། བྱིངས་གྲས་དཀོན་ཆོག །བསོད་ནམས་རྒྱལ་པོ། ཚངས་པ། ལགས་རྟ་མགྲིན། འཇམ་དབྱངས་དོན་གྲུབ། དགོས་བསམ། ཆོས་རྗེ་བྲག་ལོགས་པ། བྱམས་པ་མཐར་ཕྱིན། རྐོས་པ། བློ་བཟང་། འབག་ལྷུག །དབང་ཕྱུག །ཆོས་སྐྱོང་། གྲགས་པ། བསོད་ནམས། ཨུ་རྒྱན། དགེ་བསྙེན་རྒྱལ་པོ། འཕྲིན་ལས། དགེ་བསྙེན། ཚེ་རིང་བསམ་གྲུབ། སྐྱ་འབལ། བློ་བཟང་། ཚོན་མདངས་གསེར་རིས་ཀྱི་ལག་གཡོར་དུ་མཁྱེན་ལུགས་དབུ་མཛད་ཚེ་འཕེལ། །དབུ་ཆུང་བྱམས་པ་རྒྱལ་མཚན། །བྱིངས་གྲས་བསོད་ནམས་མགོན་པོ། བཀྲ་ཤིས་ཚེ་རིང་། དོ་དམ་པ་རག་ཁ་བློ་བཟང་རྣམས་ཀྱིས་བྱས་(༢༨༧བ)


GLG017_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བཞེངས་པའི་གཙོ་ཐང་རྒྱབ་ཡིག་ཏུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པས་བགྱིས་པ་སིདྡྷི་རསྟུ། སྭ་སྟི། དད་ལྡན་རྒྱལ་བ་དོན་གྲུབ་ཀྱིས་གསེར་ཞོ་ཕྱེད་ཉིས་བརྒྱ་ལས་གྲུབ་པའི་མཎྜལ་གཡུ་ཕྲ་ཅན་ཆོས་ལུང་ཚོགས་པར་ཕུལ་བ་ས་རྟ་སྤྱི་ཚོགས་ནས་རིང་འཚོའི་རྟེན་དུ་བསྟར་བ་མཆོད་དཔོན་ངག་དབང་ཤེས་རབ་ཀྱི་ཞུ་ཕུལ་གྱིས་རྐྱེན་དང་གཙོ་བོར་ས་སྐྱོང་བློ་བཟང་སྦྱིན་པས་ལྷག་བསམ་དག་པས་དྲངས་ཏེ་སྡེ་པ་ཉིད་ཀྱི་སོར་ཚད་བཅུ་དྲུག་ཆེར་བསྐྱེད། །གསར་སྣོན་གསེར་ཞོ་ཉིས་བརྒྱ་དང་ཕྱེད་བཅོ་ལྔ། གཡུ་ཕྲ་རྙིང་པ་མི་ལེགས་པ་རྣམས་བཞག་པའི་བཞི་བརྒྱ་དོན་བདུན་གྱི་སྟེང་དུ་གསར་སྣོན་ཆིག་བརྒྱ་རེ་གཅིག །རྒྱ་མུ་ཏིག་སྲན་མ་ཙམ་ཆིག་བརྒྱ་ང་བདུན། བྱུ་རུ་རྒྱ་སྲན་ཙམ་ཆིག་བརྒྱ་ཉི་ཤུ་རྩ་བདུན་རྣམས་བསྐྲུན་པའི་དོ་དམ་འཕན་ཡུལ་དབུ་མ་པ་དང་གཏིང་སྐྱེས་ཚེ་དབང་ལྷུན་པོ། ཛྙཱ་ན་མུ་ནི། རྒྱལ་པོ་དེའུ། རྐྱེན་ལས། མུ་ནི། ཛྙཱ་ན་ཙཱནྡྲ། བྲ་མ་ལས། དགོས་བྱེད་སྤྲོད་མི་ཨ་དར་སྤུས་སྲང་ང་གཉིས་སོ། །ཀུན་བཟང་མཆོད་སྤྲིན་ཡོངས་འདུས་མཎྜ་ལ། །ཕན་བདེ་ལེགས་བཤད་གླིང་པའི་སྤྱི་རྫས་སུ། །ས་སྐྱོང་བློ་བཟང་སྦྱིན་པའི་རྣམ་དཔྱོད་མཐུས། །སྤེལ་འདིས་སྲིད་ཞིའི་ལེགས་ཚོགས་དར་བར་ཤོག །ཅེས་པའང་ཟ་ཧོར་གྱི་བཎྜེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་ཛ་ཡནྟུ། ༈ ངེས་གསང་ཐེག་པའི་དགེ་འདུན་དཀོན་ཅོག་གི །མཆོད་རྫས་ལྗོན་ཤིང་ཕུར་མ་སྐོལ་བའི་སྣོད། །རིན་ཆེན་སྣ་ལྔ་བཞུ་བླུགས་རབ་འཁྱིལ་(༢༨༨ན)


GLG017_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ། །ཕུན་ཚོགས་འདོད་དགུའི་གཏེར་གྱུར་ཡོལ་གོ་འདི། །རྣམ་པར་རྒྱལ་བ་ཕན་བདེའི་ལེགས་ལམ་གྱི། །འབྱུང་གནས་བཤད་སྒྲུབ་གླིང་གི་གཉེར་བའི་ལས། །ཉེར་འཛིན་རེས་སོན་ངག་དབང་སྨོན་ལམ་གྱིས། །རྣམ་དག་བསམ་པས་ཆེད་དུ་ཡོངས་བསྐྲུན་དགེས། །བསྟན་འགྲོའི་བདེ་སྐྱིད་ཡར་ངོའི་ཟླ་བ་ལྟར། །རབ་འཕེལ་ཚུལ་འདིར་ལུས་ངག་ཡིད་གསུམ་པ། །འབད་རྣམས་སྲིད་པར་ལྷ་མིའི་དཔལ་ལ་སྤྱོད། །རིང་མིན་བླ་མེད་བྱང་ཆུབ་འཐོབ་པར་ཤོག །ཅེས་ཚོགས་ཁྲོ་འདོད་དགུ་འཁྱིལ་བའི་རྒྱུར་ཟངས་ཁལ་ཉི་ཤུ་དང་བཤའ་དཀར་ཁལ་གཅིག་ཉག་བཅོ་ལྔ་སོང་བ་ས་ལུག་གཉེར་པ་ངག་དབང་སྨོན་ལམ་གྱིས་ཁུར་བླངས་ཏེ། བཟོ་བོ་དབུ་མཛད་དགོས་པ་རྡོ་རྗེ། སངས་རྒྱས་རྡོ་རྗེ། དར་པོ། ཨྱོན་ནོར་བུ། བསམ་གྲུབ་ནོར་བུ། དགོས་པ་བཀྲ་ཤིས་རྣམས་ཀྱིས་བགྱིས་ནས་བསྐྲུན་པའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བཎྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་ཛ་ཡནྟུ། གནམ་གྱི་ཤེ་མོང་དཔུང་པའི་རྒྱལ་ཁབ་ཀྱི། ཁོར་ཡུག་གྲོང་ཁྱེར་ལས་འོངས་བཏུང་བའི་རྩེ། །རྨད་བྱུང་རོ་བརྒྱ་སྐོལ་སྣོད་རིན་ཆེན་ཁྲོ། །ངག་དབང་སྨོན་ལམ་འབད་པས་ཉེར་བླུགས་མཐུས། །བདུད་ལས་རྣམ་པར་རྒྱལ་བས་གནས་སྐབས་དང་། །མཐར་ཐུག་ཕན་བདེའི་ལེགས་ནོར་བཤད་སྒྲུབ་ཀྱིས། །ཉེར་འདྲེན་རིག་སྔགས་འཆང་བའི་གླིང་ཆེན་པོ། །སྡེ་བཞིའི་དཔལ་གྱིས་མངོན་པར་མཐོ་བར་ཤོག །གངས་ཅན་ནོར་འཛིན་རབ་ཡངས་ལྟོ་བ་རུ། །སྐྱིད་པའི་ས་(༢༨༨བ)


GLG017_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བོན་དར་དྲག་འཛམ་བུའི་ལྗོན། །ཀུན་ཏུ་དགའ་བ་གསེར་གྱི་སྙེ་མ་ལ། །ལོངས་སྤྱོད་སྐལ་བཟང་བཀྲ་ཤིས་དཔལ་འབར་ཤོག །ཅེས་ཚོགས་ཁྲོ་རོ་བརྒྱའི་དཔལ་འཛིན་གྱི་རྒྱུར་ཟངས་ཁལ་ཉི་ཤུ་དང་བཤའ་དཀར་ཁལ་གཅིག་ཉག་བཅོ་ལྔ་སོང་བ་ས་ལུག་གཉེར་པ་ངག་དབང་སྨོན་ལམ་གྱིས་ཁུར་བླངས་ཏེ་བཟོ་པ་དབུ་མཛད་དགོས་པ་རྡོ་རྗེ། །སངས་རྒྱས་རྡོ་རྗེ། དར་པོ། ཨྱོན་ནོར་བུ། བསམ་འགྲུབ་ནོར་བུ། དགོས་པ་བཀྲ་ཤིས་རྣམས་ཀྱིས་བགྱིས་ནས་བསྐྲུན་པའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བན་དེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་ཨོ་ཨ་ཐཱ།སྲིད་དང་ཞི་བའི་དཔལ་འབྱོར་མ་ལུས་པ། །རབ་འཁྱིལ་རིན་ཆེན་སྣ་ཚོགས་འདུས་པའི་ཁྲོ། །རྐང་འཐུང་ཕུར་མའི་རེ་བཅུད་པད་རཱཀ་མདངས། །སྐྱབས་གནས་དཀོན་མཆོག་རྣམ་གསུམ་མཆོད་པའི་སྣོད། །ངེས་གསང་འདུས་པའི་གླིང་གི་སྤྱི་རྫས་སུ། །ངག་དབང་སྨོན་ལམ་འབད་པས་བསྐྲུན་པའི་མཐུས། །དེང་ནས་བླ་མེད་བྱང་ཆུབ་མ་ཐོབ་པར། །བདེ་སྐྱིད་ཚོར་བ་རྟག་ཏུ་མྱོང་བར་ཤོག །ཅེས་ས་ལུག་གཉེར་པ་ངག་དབང་སྨོན་ལམ་གྱིས་ཁུར་བླངས་བཟོ་བོ་དབུ་མཛད་དགོས་པ་རྡོ་རྗེ། སངས་རྒྱས་རྡོ་རྗེ། དར་པོ། ཨྱོན་ནོར་བུ། །བསམ་གྲུབ་ནོར་བུ། །དགོས་པ་བཀྲ་ཤིས་རྣམས་ཀྱིས་བགྱིས་ཏེ། །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་ཁྲོ་སྲིད་ཞིའི་དཔལ་འབྱོར་འཁྱིལ་པ་བླུག་པའི་བཟོ་རྒྱུར་ཟངས་ཁལ་གཅིག་དང་བཤའ་(༢༨༩ན)


GLG017_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཁལ་བཞི་སོང་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གྲོང་སྨད་པ་སངས་རྒྱས་ཀྱིས་བགྱིས་པ་ལ་ཀྵྨཱི་བྷ་ཝནྟུ། གཙང་བྱེད་པདྨའི་སྦུབས་སུ་རྒྱལ་ཀུན་གྱི། །མཁྱེན་བརྩེ་ནུས་པ་བཞུ་བླུགས་འཁྱིལ་བའི་གཟུགས། །ངོ་མཚར་སྤྲུལ་སྐུའི་ཟློས་གར་རྡོ་རྗེ་འཆང་། །ཨོཾཌྜཱི་ཡ་ནའི་སློབ་དཔོན་ཁྱོད་ཉིད་བསྔགས། །གཅིག་ལས་དུ་མའི་ཆོ་འཕྲུལ་རོལ་པའི་མཚན། །རྣམ་གྲངས་བརྒྱད་པར་འཕགས་བོད་ཀུན་གྲགས་ཀྱང་། །གངྒཱའི་རླུང་རྡུལ་དེས་ཀྱང་མཚོན་མིན་པ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་མཐའ་རྙེད་སུ། །ཝཾ་ཡིག་མཆོག་ཏུ་མི་འགྱུར་བདེ་བ་ཆེ། །ཉེར་འདྲེན་ཨེ་དབྱིབས་སྟོང་ཆེན་ཕྱག་རྒྱ་མར། །ལེགས་ཤར་འཚོ་རྒྱལ་གནས་གསུམ་ཌཱ་ཀཱིའི་གཙོར། །ངེས་ལ་དབང་རྣོན་ཆོས་རྗེས་འབྲང་བས་དད། །གསང་ཆེན་གདམས་པའི་ཉིང་ཁུ་གནམ་སྐས་ནས། །ཀླུ་བདུད་ལྟོ་བའི་ཟབ་གཏེར་ཐོད་འཕྲེང་རྩལ། །དངོས་མཇལ་ལུང་སྟོན་བྱེད་ནུས་གསང་བ་འདུས། འདྲེན་བྱེད་གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་རྒྱལ། །དཔའ་བོ་མཁའ་འགྲོའི་དགའ་སྟོན་ཡར་ཚེས་བཅུར། །འཕྲིན་ལས་བྱང་བུ་དང་འབྲེལ་གར་འཚམས་དབྱངས། །འཛམ་གླིང་རྒྱན་གཅིག་ཕོ་བྲང་སྣེ་སྡོང་རྩེའི། །ཕྱག་བཞེས་སྙན་གྲགས་དབྱར་རྔའི་རྗེས་སུ་འགྲོ། །དེའི་ཚུལ་དཔྱད་གསུམ་ཡོངས་དག་ཤིང་རྟ་ཆེ། །སྔགས་འཆང་ཡོངས་ཀྱི་འཁོར་ལོས་སྒྱུར་རྒྱལ་གཙོ། །ཀུན་བཟང་རྩེ་པའི་དགོངས་བཞེད་མ་ཉམས་འདིས། །རྣམ་དག་རྒྱུད་སྲོལ་བྱེད་པོས་འཛིན་(༢༨༩བ)


GLG017_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན། །དེ་ཕྱིར་སྒོ་གསུམ་གཅིག་དྲིལ་སྦྱངས་འབྲས་རྣམས། །བསྐྱུད་པར་འཕངས་ཏེ་དོན་བཟང་མུ་ཐི་ལ། །ཚིག་སྦྱོར་དར་གྱི་སྲད་བུར་ཡོངས་བརྒྱུས་ནས། །གཟུར་གནས་བློ་ལྡན་མགྲིན་པའི་རྒྱན་དུ་སྤུད། །གྱེར་སྒོམ་ཚིག་དང་ཏིང་འཛིན་ཟུང་འབྲེལ་ནས། །བདེ་གཤེགས་ཞི་ཁྲོའི་སྟང་སྟབས་རོལ་པའི་གར། །ཨྱོན་མཁའ་འགྲོའི་གླིང་དུ་ལེགས་བསྒྱུར་བ། །རྩ་གསུམ་དགྱེས་བསྐྱེད་ཀུན་བཟང་མཆོད་སྤྲིན་ཆེ། །གང་དྲན་རྣམ་འགྱུར་ཡ་མ་ཟུང་གི་ཆས། །འཇའ་ཚོན་གུར་ལ་བྱིས་པའི་སྦར་འཛིན་བཞིན། །སྤྱད་ན་སྙིང་པོ་མེད་པ་སྤྲེའུའི་གར། ཁྲོམ་གསེབ་བསྒྱུར་བའི་གྲངས་སུ་འདི་མི་འདྲེན། །ཡར་ངོའི་དུས་ཀྱི་མཆོད་པར་བོད་འབངས་དོན། །དངོས་འབྱོན་ཞལ་འཆེས་སློབ་དཔོན་པདྨ་འབྱུང་། །སྒྲུབ་འཕྲིན་རྩོད་བྲལ་གཏེར་སྟོན་ཆོས་དབང་ཞབས། །བརྒྱུད་པར་བཅས་པའི་བཞེད་སྲོལ་མཆོག་ཏུ་རྨད། །རྒྱལ་ཁབ་ཆེན་པོའི་འདུན་སར་ཚེས་བཅུའི་ཁྲིགས། །དཔལ་ལྡན་ཀུན་བཟང་རྩེ་པའི་དག་ཐེར་གྱིས། །མིག་དང་རྣ་བའི་བདུད་རྩི་རྒྱ་མཚོ་ཆེར། །རི་བོ་བསྒྲིལ་ལ་མ་བལྟོས་འདི་ཀོ་མཚར། །ནོར་སྐྱོང་མཇུག་སྤུ་བལ་དང་ཆབས་ཅིག་པར། །འཆགས་པའི་མཐོང་ཚད་ལག་བསྟར་རས་སྤྱོད་མཁན། །མང་པོར་མི་སྟོན་རྒྱ་ཡིས་ཉེར་བཏབ་སྟེ། །དཔལ་མགོན་མ་ནིང་ནག་པོས་རཀྵནྟུ། །ཡིད་ཆེས་ཤིང་རྟས་དགེ་ཚོགས་དབང་གི་རྒྱལ། །དྲངས་པས་ཕྱོགས་འདིར་སྒོ་གསུམ་འབད་པ་རྣམས། །མཚོ་སྐྱེས་རྡོ་རྗེས་དེང་ནས་ཚེ་རབས་(༢༩༠ན)


GLG017_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །རྗེས་བཟུང་འདི་ཕྱིའི་མདུན་མ་ལྷུན་གྲུབ་ཤོག །ཉེ་རིང་བྲལ་ཡང་ཟངས་མདོག་དཔལ་རི་ནས། །ཐུགས་རྗེའི་གཟིགས་པས་བོད་ཡུལ་མི་གཏོང་བར། །ཞལ་བཞེས་ཕན་བདེའི་གསེར་གྱི་སྙེ་མ་ལ། །རྟག་པར་ལོངས་སུ་སྤྱོད་པའི་བཀྲ་ཤིས་ཤོག །དེའང་སངས་རྒྱས་གཉིས་པ་པདྨ་ཐོད་འཕྲེང་རྩལ་གྱིས་ཡར་ངོའི་ཚེས་བཅུ་ལ་དངོས་སུ་འབྱོན་པར་ཞལ་གྱིས་བཞེས་པའི་དུས་ཆེན་ལ་ཉམས་སུ་བླང་བྱའི་བླ་མ་ཞི་དྲག་གི་ལས་བྱང་ཆེས་མང་བའི་ནང་ནས་གསང་འདུས་བླ་མ་སྒྲུབ་པ་དང་འབྲེལ་བ་ལས་བྱང་ལེའུ་བརྒྱད་མར་སྨན་ལུང་ཆོས་ལྡན་པས་ཆོག་ཁྲིགས་མཛད་པ་དེ་ཉིད་ཁུངས་བཙུན་ཞིང་། །ཆོ་གའི་ཁྲིགས་དང་བསྟུན་ཁར་འཆམས་དབྱངས་རོལ་རིགས་འཛིན་བརྒྱུད་པའི་ཕྱག་བཞེས་དར་རྒྱས་ཆེའང་སྒར་སྐོར་བ་རྣམས་ཀྱིས་སྐྱེན་ཁྱད་སོགས་ཁྲོམ་པ་མགོ་སྐོར་གྱི་ལྷད་ཆེ་བར། ཕོ་བྲང་ཆེན་པོ་སྣེའུ་སྡོང་རྩེར་གོང་མ་ཆེན་པོ་ཚེས་གཉིས་རིན་པོ་ཆེ་ངག་གི་དབང་ཕྱུག་གི་དུས་ཕྱག་ལེན་གནང་བར་དཔལ་ཟི་ན་ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན་དང་། ཆོས་ཀྱི་དབང་ཕྱུག་སོགས་ཀྱིས་རྣམ་པར་དག་པས་གཏན་ལ་ཕབ་པའི་རྒྱུན་མ་ཉམས་པ་ལས་རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་ཁྱིའི་ལོ་དབུ་མཛད་རིན་ཆེན་བཟང་པོ་ཅན་ལ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གྲ་ཚོགས་ཀྱི་ཞིབ་ཏུ་སྦྱངས་ནས་ཕྱག་ལེན་གྱི་རྒྱུན་བཙུགས་སྐབས། འཆམས་དཔོན་དགེ་སློང་བློ་བཟང་ལེགས་ལྡན། ཆོས་རྗེ་བློ་བཟང་པདྨ། སྔགས་རམས་པ་བློ་བཟང་སྐྱེས་མཆོག །(༢༩༠བ)


GLG017_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གྲམ་པ་དགེ་སློང་བློ་བཟང་ངག་དབང་བཞིས་མཚན་བརྒྱད་ཀྱི་སྟང་སྟབས་ལ་ཞུས་ལེགས་པར་དག་འདུག་པར་བཟོ་སྐྱར་མ་དགོས་ཀྱང་སླར་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ་འཆམས་དཔོན་གྲམ་པ་བ་དགེ་སློང་བློ་བཟང་ངག་དབང་རྟ་ལམ་སྒང་པ་ངག་དབང་སྐལ་བཟང་། ལྷ་ས་ངག་དབང་དཀོན་མཆོག །བྲག་གདོང་སྔགས་རམས་པ་བློ་བཟང་ཚེ་དབང་། གོང་དཀར་པ་བློ་བཟང་བསོད་ནམས་ལྔས་ཆོས་རྗེ་དཀོན་གཉེར་དཔོན་པོ་རིན་ཆེན་བཟང་པོ་སླར་ཡང་གཏུགས་པའི་འཆམས་དབྱངས་བྱིངས་ལ་དབུ་མཛད་དཀོན་མཆོག་རྒྱ་མཚོའི་ཟིན་བྲིས་སྟེང་ནས་ཀྱང་ཞུས་ལེགས་པར་དག་པའི་འཆམས་ཡིག་ངོ་མཚར་འཕྲུལ་སྣང་དང་། དབྱངས་ཡིག་མཁས་པའི་མགུལ་རྒྱན་བྲིས་འདུག་པའི་མགོ་མཇུག་གི་ཚིགས་བཅད་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པར་སརྦ་དཱ་ཤྲེ་ཡ་བྷ་ཝནྟུ།ཛ་ཡ་པཎྜི་ཏ་ཁོ་ཐུ་ཐུར་ལུང་ལས་ཀྱི། མ་ག་བྱིན་ཚེ་ཐམ་ཕུད་འབུལ་ཚིག་གི་བསྐུལ་མ་བྱུང་བ་ལྟར་བཀོད་པའི་འཕྲིན་ལས་རབ་ཡངས། ཐུན་མཚམས་རི་མོ་རབ་འབར་ཐམ་གའི་ཕུད་། །འཛམ་གླིང་རྒྱན་གཅིག་ཤཱཀྱ་མུ་ནི་ཡི། །སྤྱན་སྔར་ཕུལ་བས་བསོད་ནམས་གངྒཱའི་རྒྱུན། །བྱང་ཆེན་ཟླ་བའི་མ་མར་རྟགས་འབབ་ཤོག །ཆིང་གིས་གནམ་གྱི་བརྒྱུད་འཛིན་རྒྱལ་རིགས་ཀྱི། །མངའ་འབངས་རྒྱུ་སྐར་འཕྲེང་མཛེས་བསྙེག་པའི་འགྲོ། །ཐར་ལམ་ཉེར་འཁྲིད་འཕྲིན་ལས་ཤིང་རྟ་ཡི། ཁ་ལོ་འཁོར་བ་ཇི་སྲིད་བསྒྱུར་ནུས་ཤོག ཁམས་གསུམ་(༢༩༡ན)


GLG017_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི། །བསྟན་པ་ཡོངས་འདུའི་ཕང་ཕུང་འདབ་མའི་གྲིབ། །བསིལ་པོར་ཡིད་ཅན་མཐའ་དག་སིམ་ཚོར་ལ། །ཅི་དགར་སྤྱོད་པའི་བྱེད་པོར་བདག་བྱིན་རློབས། །(སྡེབ་སྦྱོར་མཉམ་པའི་པྲིཏྟ་ལས་ཟླུམ་པོ།) ཛྙཱནཙཱཛྙཧཱིབིམཱལསཱརཁསམཻམསཏྭཙ་ནྡྲརཱུཔནསྭབྷཱཝཀུརྦནནེམཧཱཙསམྦྲྀཏཱིམྲྀཥསྱབྷཱབམརྒཅིཏྟབརྡྷནཱནུཀམྤ། རྞཙཱརུཎཔྲསཱདཧཱཡཧཱིཏསཽཁསཱུཪྻངསྨིཧིཏྲིལོཀབྷཱབཤཱཀྱརཱཛ། ཨེ་མ་ཀུན་མཁྱེན་ཡེ་ཤེས་དངས་མཚོར་མཁའ་མཉམ་ཡིད་ཅན་ཟླ་བའི་གཟུགས། །རང་བཞིན་མེད་ཀྱང་ཀུན་རྫོབ་བརྫུན་སྣང་འཕྲུལ་པོ་ཆེ་དེས་སྲིད་ལམ་དུ། །འཕྱན་པར་བརྩེ་ལྡན་ཐུགས་བསྐྱེད་སྐྱ་རེངས་དད་པའི་རྟ་ལྗང་གིས་འདྲེན་ན། །ཕན་བདེའི་ཉི་འོད་འཇིག་རྟེན་གསུམ་ཁྱབ་སྣང་བར་མཛོད་ཅིག་ཤཱཀྱའི་རྒྱལ། །འཁོར་ལོའི་རི་མོ་རབ་འབར་ཞབས་ཀྱི་རྡུལ། །གཙུག་ཏུ་ལྷུངས་པའི་མོད་ལ་ཐོག་མཐའ་བར། །དགེ་མཚན་བྱེ་བས་ནོར་འཛིན་དཔལ་མོའི་མངལ། །(༢༩༡བ)


GLG017_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད་ཀྱིས་རྔུལ་བའི་བཀྲ་ཤིས་དགའ་སྟོན་སྩོལ། །ཕུན་ཚོགས་གཡས་སུ་འཁྱིལ་བ་མགྲིན་པའི་དུང་། །ཆོས་ཕུང་སྒྲ་སྙན་ཐོས་འཛིན་མུན་མལ་ནས། །སློང་བྱེད་སྔོན་མེད་ནོར་བུའི་རྣ་རྒྱན་ཆེ། །ལྷ་མིའི་བསོད་ནམས་མཆོད་སྡོང་ཕྱག་བྱའི་གནས། །རྣམ་གསུམ་འཁོར་ལོ་བཀའ་བསྡུ་དགེ་འདུན་གྱི། །མཛད་བཟང་ཕྱག་རྗེས་པུ་སྟ་ཀ་འཕྲེང་ལས། །གངས་ལྗོངས་རབ་བསྒྱུར་ཡིག་གཟུགས་བརྡ་དག་པར། །བདེ་སྐྱིད་སྲོག་གི་ཟུངས་སོང་ལེགས་བྱས་འབྲས། །མཐོང་ཐོས་དྲན་རེག་དོན་ལྡན་ཐུབ་གསུང་ལ། །རི་མོར་བགྱིས་པའི་ཆོས་དཀར་ཕུང་པོའི་ཚད། །ཆུ་གཏེར་ཨ་མྲའི་ཚིག་གུས་འཇལ་འདྲ་བའི། །དཀའ་ཐུབ་མེས་པོ་དེས་ཀྱང་ག་ལ་བཟོད། །ཟང་ཟིང་གཏོང་ཕོད་མ་དྲོས་ལྟོ་བ་རུ། །སྡེ་སྣོད་རྒྱུད་སྡེའི་ཆུ་ཀླུང་རྣམ་པ་བཞི། །འཛིན་ནུས་དགེ་བའི་རྒྱུན་བཟང་ཐར་པའི་གྲོང་། །ཟླ་བའི་མ་མར་འཕབ་དེ་སུ་ཡིས་བཟློག །སྙན་པོ་གཏམ་གྱི་རྒྱུད་མངས་རྣ་བ་ཡི། །བཅུད་ལེན་ཕྱོགས་འདིར་འགྱུར་རོ་ཅོག་གི་བཀའ། །གསར་བསྐྲུན་དེབ་ཐེར་ཡིད་ལ་དད་པའི་སོས། །འཆི་མེད་སྐྱེད་ཚལ་གཉིས་པ་དེང་འདིར་སྤེལ། །ཞེས་ཤིས་བརྗོད། ཕྱག་བྱ། །དངོས་པོ་ངེས་བསྟན་གསུམ་གྱི་སྒོ་ནས་ཚིགས་སུ་བཅད་པས་སྔུན་བསུས་ནས་འོ་སྐོལ་གྱི་སྟོན་པ་སྒྲིབ་གཉིས་མ་ལུས་པར་སྤངས་པ། ཡོན་ཏན་མཐའ་དག་མངོན་དུ་མཛད་པ། ས་གསུམ་གྱི་སྒྲོན་མེ་གཅིག་པུ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་སེང་གེ་བསྐལ་པ་གྲངས་མེད་པའི་སྔོན་རོལ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་(༢༩༢ན)


GLG017_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་ནས་ཆོས་གཟུགས་ཀྱི་སྐུ་གཉིས་མངོན་དུ་མཛད་དེ་འོག་མིན་ཞིང་གི་གཙོ་བོར་ངེས་པ་ལྔ་དང་ལྡན་པའི་ལོངས་སྤྱོད་རྫོགས་སྐུ་ལས་གཡོ་བ་མེད་བཞིན་དུ་མཆོག་གི་སྤྲུལ་པའི་སྐུར་འཚང་རྒྱ་ཚུལ་བསྟན་པ། སྙིང་རྗེ་པདྨ་དཀར་པོ་ནས་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་དང་ལྔ། གསང་བ་བསམ་གྱིས་མི་ཁྱབ་པ་སོགས་ཀྱི་མདོ་སྡེར་སངས་རྒྱས་སྟོང་དུ་གསུངས་པ་ལས། དེའང་སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་གྱི་ཁམས་འདིར་བསྐལ་པ་ཆེན་པོ་འཛིན་པ་ཞེས་བྱ་བ་ལ་གླིང་བཞི་པ་འདི་ཉིད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་མིག་མི་འཛུམ་ལ་སོགས་པའི་སྲས་སྟོང་། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་མངའ་བའི་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་ལ་སྲས་བརྒྱད་ཅུ། སློབ་མ་བྲམ་ཟེ་སྟོང་དང་བཅས་པ་མངའ་བ་ལས། དེའི་སྲས་བྲམ་ཟེ་རྒྱ་མཚོའི་སྙིང་པོ་སངས་རྒྱས་པའི་མཚན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ་རྒྱལ་པོས་ཟླ་བ་གསུམ་གྱི་བར་དང་། སྲས་རྒྱལ་བུ་སྟོང་གིས་ཟླ་བ་གསུམ་གསུམ་བསྙེན་བཀུར་བྱས་ཏེ་ལོ་ཉིས་བརྒྱ་ལྔ་བཅུ་དང་ཟླ་བ་གསུམ་འདས་པ་ན། ཡབ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ལོ་བདུན་དུ་བསྙེན་བཀུར་བྱས་ཆོས་མཉན་ནས་རྨི་ལམ་བརྟགས་པས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་སྟག་ལ་སོགས་པ་གཅན་གཟན་གདུག་པ་ཅན་གྱི་སྲོག་ཆགས་ཀྱིས་གསོད་པར་གྱུར་པ་དང་། བློན་པོ་ཁ་ཅིག་ཤིང་རྟ་བདེ་བ་ལ་ཞོན་ནས་ལམ་གོལ་བར་འདོང་བ་ལ་སོགས་པ་རྨིས་ཏེ་སངས་རྒྱས་ལ་ཞུས་པས། རྒྱལ་པོ་རྒྱལ་སྲིད་(༢༩༢བ)


GLG017_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆགས་ཤིང་མི་དགེ་བ་ལ་སྤྱད་པས་ངན་སོང་དང་འཁོར་བར་ལུང་བསྟན། བློན་པོ་དེ་དག་ཉན་རང་དུ་ལུང་བསྟན། གཞན་མང་པོ་བྱང་ཆུབ་ཆེན་པོར་འགྱུར་རོ་ཞེས་ལུང་བསྟན་ཏེ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་རྒྱལ་པོ་ཆེན་པོ་ལ། །རྒྱལ་པོ་ཆེན་པོ་མིར་གྱུར་པའང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ། དམ་པའི་ཆོས་ཉན་པའང་རྙེད་པར་དཀའི་བླ་ན་མེད་པའི་བྱང་ཆུབ་ཐུགས་སྐྱེད་ཅིག་ཅེས་བསྐུལ་པས། རྒྱལ་པོས། ཁོ་བོ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་མི་འདོད་དོ། །ཞེས་རྒྱུ་མཚན་དང་བཅས་པར་སྨྲ་ཞིང་སེམས་བསྐྱེད་དུ་མ་འདོད་པ་ལ། བྲམ་ཟེས་ལན་གཉིས་ལན་གསུམ་གྱི་བར་དུ་བསྐུལ་པས། སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་བཟང་པོ་བྱུང་ན་བསྐྱེད་དོ། །ཞེས་ཁས་བླངས། དེ་ནས་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཞིང་མཐའ་ཀླས་པ་བསྟན་པས་རྒྱལ་པོའང་དད་དེ་ལོ་བདུན་གྱི་བར་དུ་རང་རང་གི་ཁང་པར་སངས་རྒྱས་ཀྱི་ཞིང་བཟུང་བའི་ཆེད་དུ་སེམས་པར་བྱེད་ཅིང་། བྲམ་ཟེས་སྲོག་ཆགས་མང་པོ་དགེ་བ་རྒྱ་ཆེན་པོ་ལ་བཀོད། མཐར་རྒྱལ་པོ་སྲས་འཁོར་རྣམས་ལྷས་བསྐུལ་བ་ལྟར་སངས་རྒྱས་ཀྱི་སྤྱན་སྔར་སེམས་བསྐྱེད་པས་རྒྱལ་པོ་བདེ་བ་ཅན་དུ་སངས་རྒྱས་ཚེ་དཔག་མེད། བུ་ཐུ་བོ་མིག་མི་འཛུམ་ནི་སྟོན་པ་འདས་པའི་འོག་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་ཀྱི་རྒྱལ་པོ། ཕོ་བོ་འདས་པའི་འོག་ཏུ་གཉིས་པ་མཐུ་ཆེན་ཐོབ་ནི་རབ་ཏུ་བརྟན་པ་ཡོན་ཏན་ནོར་བུ་བརྩེགས་པའི་(༢༩༣ན)


GLG017_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ། གསུམ་པ་འཇམ་དཔལ་ནི་སངས་རྒྱས་ཀྱི་ཞིང་དག་པ་རྡུལ་བྲལ་ཡང་དག་བརྩེགས་སུ་སངས་རྒྱས་ཀུན་གཟིགས། བཞི་པ་ནི་ཀུན་ཏུ་བཟང་པོ། ལྔ་པ་ནི་སངས་རྒྱས་པདྨ་དམ་པ། དྲུག་པ་ནི་དབང་སྒྱུར་དབང་ཕྱུག་རྒྱལ་པོ། བདུན་པ་ནི་སྣང་བ་རྡུལ་བྲལ་སྤོས་མཐོ་དབང་ཕྱུག་རྒྱལ་པོ། བརྒྱད་པ་ནི་ཡེ་ཤེས་རྡོ་རྗེ་རྣམ་པར་འགྱིངས་པའི་དབང་ཕྱུག །དེ་ནས་བར་འདིར་སྲོག་ཆགས་ཁྲི་སངས་རྒྱས་སུ་ལུང་བསྟན་ནས། དགུ་པ་མི་འཁྲུགས་པ། བཅུ་པ་གསེར་གྱི་མེ་ཏོག །བཅུ་གཅིག་པ་རྒྱལ་བའི་ཟླ་བ་སྟེ་རྒྱལ་བུ་སྟོང་ཚང་བར་ལུང་བསྟན། དེ་ནས་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས། རྒྱ་མཚོའི་རྡུལ་གྱི་སྲས་བརྒྱད་ཅུ། བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སློབ་མ་བྲམ་ཟེ་སྟོང་ཕྲག་གཅིག །བྲམ་ཟེ་བྱེ་བ་ཕྲག་གསུམ་ལུང་བསྟན་པས་རྣམ་པར་གཟིགས། གཙུར་ཏོར་ཅན། ཐམས་ཅད་སྐྱོབ་ཀྱི་བར་དུ་གྱུར་ཏོ། །དེ་ནས་བྲམ་ཟེ་རིག་བྱེད་སློབ་པ་སྟོང་གི་གཉིས་པ་སྐར་མ་སྐྱོང་ནི་བསྐལ་པ་བཟང་པོའི་སངས་རྒྱས་དང་པོ་འཁོར་བ་འཇིག །གསུམ་པ་ཏམ་བུ་ར་ནི་གསེར་ཐུབ། བཞི་པ་ཀུན་གྱིས་བསྲུངས་ནི་སངས་རྒྱས་འོད་སྲུངས། ལྔ་པ་དྲི་མེད་འོད་ནི་བྱམས་པ། དེ་བཞིན་དུ་དགུ་བརྒྱ་གོ་དགུའི་བར་དུ་ལུང་བསྟན། བྲམ་ཟེའི་རིག་བྱེད་སློབ་པ་སྟོང་གི་ཐ་མ་ལ་ཞིང་གཟུང་གི་སེམས་བསྐྱེད་ཅིང་། ཐུབ་པ་སྟོང་དང་བཞིའི་སྐུ་ཚེ་དང་མཛད་འཕྲིན་མཐའ་དག་འབྱུང་བར་སྨོན་ལམ་བཏབ་པར་རིན་(༢༩༣བ)


GLG017_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཅེན་སྙིང་པོས་ལེགས་སོ་དང་བཅས་ཏེ་སངས་རྒྱས་གསལ་མཛད་དུ་ལུང་བསྟན། དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་ཐུགས་ལ་རྒྱལ་པོ་སོགས་མན་ངག་གི་སེམས་བསྐྱེད་ཅིང་ཞིང་དག་པ་ཡང་བཟུང་ཟིན་པས་ད་ནི་བདག་གིས་སེམས་བསྐྱེད་པར་བྱའོ་སྙམ་དུ་དགོངས་ཏེ་ཞིང་མ་དག་པ་མི་མཇེད་ཀྱི་ཞིང་སེམས་ཅན་མ་རུངས་པ་མི་དགེ་བ་བཅུ་ཚང་བར་སྤྱོད་པ། མཚམས་མེད་པ་ལྔ་བྱེད་པ་ཤིན་ཏུ་གདུལ་དཀའ་བ་རྣམས་ལ་ཐུགས་རྗེས་ལྷག་པར་གཟིགས་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་སྟེ་བདེན་པའི་སྟོབས་བརྗོད་པས། སངས་རྒྱས་རིན་ཆེན་སྙིང་པོས་ལེགས་སོ་གནང་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྩོན་འགྲུས་བརྩམས་པ་ནི་བཞི་སྟེ། སངས་རྒྱས་ཀྱི་ཞིང་མ་དག་པར་སྨོན་པ་དང་། ཞེས་པ་ལ་སོགས་པ་དང་། ཁྱོད་ནི་པདྨ་དཀར་པོ་ལྟ་བུའི་བྱང་ཆུབ་སེམས་དཔའོ། །གཞན་ནི་མེ་ཏོག་ལྟ་བུའི་བྱང་ཆུབ་སེམས་པའོ། །ཞེས་སོགས་བསྔགས་པ་བསམ་གྱིས་མི་ཁྱབ་པ་བརྗོད་དེ་བསྐལ་པ་བཟང་པོའི་སངས་རྒྱས་བཞི་པ་ཤཱཀྱ་ཐུབ་པར་ལུང་བསྟན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སྐྱེས་བསྐུར། ལྷ་དང་མིའི་སྐྱེ་རྒུ་ཐམས་ཅད་ཀྱིས་མཆོད་པའི་བསྐལ་པ་བཟང་པོ་དེའི་སངས་རྒྱས་སུ་གྱུར་པ་ལ། མདོ་སྡེ་བསྐལ་བཟང་དུ་སངས་རྒྱས་རེ་རེའི་ཡུལ་དང་རིགས་དང་འོད་དང་ཡབ་དང་སྲས་དང་རིམ་གྲོ་པ་དང་ཤེས་རབ་ཅན་དང་རྫུ་འཕྲུལ་ཅན་གྱི་མཆོག་གཉིས་དང་། འཁོར་འདུས་པ་དང་སྐུ་ཚེ་(༢༩༤ན)


GLG017_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟན་པ་གནས་པའི་ཚད་དང་། སྐུ་གདུང་སྟེ་མཆོག་ཟུང་སོ་སོར་བགྲངས་པའི་དོན་བཅུ་གསུམ་བཅུ་གསུམ་གྱིས་བསྟན་ཅིང་། ཁ་ཅིག་གི་གདུང་སྨོས་ཏེ་བཅུ་བཞིའོ། །འཁོར་འདུས་པའང་ཁ་ཅིག་ལ་རེ་རེ་དང་ཁ་ཅིག་ལ་མང་པོ་དང་། སྐུ་གདུང་ལ་རྒྱས་པར་འགྱུར་བ་དང་རིལ་པོ་གཅིག་ཏུ་འདུག་པ་གཉིས་སོ། །སྟོན་པ་འདི་ལ་དཔེར་བརྗོད་ན། མཆོག་ཏུ་དགའ་བའི་རྒྱལ་པོ་ང་སྐྱེ་བའི་ཡུལ་ནི་སེར་སྐྱའི་གནས་ཞེས་བྱའོ། །རིགས་ནི་རྒྱལ་པོའི་རིགས་སོ། །གདུང་ནི་གཽ་ཏ་མའོ། །འོད་ནི་འདོམ་གང་ངོ་། །ཡབ་ནི་ཟས་གཙང་མ་ཞེས་བྱའོ། །ཡུམ་ནི་སྒྱུ་འཕྲུལ་ཞེས་བྱའོ། །སྲས་ནི་སྒྲ་གཅན་འཛིན་ཞེས་བྱའོ། །རིམ་གྲོ་པ་ནི་ཀུན་དགའ་བོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཉེ་རྒྱལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་པང་ན་སྐྱེས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའོ། སྐུ་ཚེའི་ཚད་ནི་ལོ་བརྒྱའོ། །དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ་། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །ཞེས་གསུངས་པ་ལྟར། གླིང་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པའི་ནང་ནས་གཙོ་བོར་གྱུར་པ། ཚོམས་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་འགྲོ་བའི་རྒྱུད་ཀྱི་སྡིག་པའི་དྲི་མ་ཆུས་འཁྲུ་བ་(༢༩༤བ)


GLG017_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེའི་འབྲས་བུ་སྡུག་བསྔལ་ཚེར་མ་ཕྱག་གིས་དབྱུང་བ་དང་རང་རྒྱུད་ཀྱི་རྟོགས་པ་གདུལ་བྱའི་རྒྱུད་ལ་གནས་འཕོ་བ་ལྟ་བུ་མ་ཡིན་པར་ཁམས་དང་དབང་པོར་འཚམ་པའི་ཆོས་བསྟན་ནས་རྣམ་པར་གྲོལ་བའི་ལམ་འཐོབ་པར་འགྱུར་བའི་ཕྱིར། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མཐའ་དག་སྐྱེ་རྒུ་རྣམས་ལ་སྨན་ཡོན་དུ་འགྱུར་བ་ཤ་སྟག་ཡིན་ཀྱང་། ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོས། །མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་གསུང་གི་མཛད་པ་ཉིད་མཆོག་ཏུ་བསྔགས་ཤིང་། དེའང་ཡུལ་ཝ་ར་ཎཱ་སིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ལྔ་སྡེ་སོགས་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར། གནས་བྱ་རྒོད་ཕུང་པོའི་རིར་འཁོར་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན། དགེ་སློང་མ་དང་། དགེ་བསྙེན་མ་དང་། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་བརྒྱ་སྟོང་ལ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར། གནས་ཡངས་པ་ཅན་སོགས་སུ་བྱང་ཆུབ་སེམས་དཔའི་འཁོར་ལ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་སྟེ་རིམ་པ་གསུམ་དུ་བསྐོར་བར་ཡོངས་སུ་གྲགས་པ། ཇི་སྐད་དུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབ་ཚལ་དུ་གནས་པར་བྱ། །ཞེས་(༢༩༥ན)


GLG017_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་ཞེ་དགུའི་བར་ཐུགས་ལས་ཆུང་ངུ་ཆོས་མི་གསུང་བ་ལྟ་བུ་ཐུན་མོང་གི་སྣང་ངོ་དང་རྗེས་སུ་འབྲེལ་བའི་ཆོས་འཁོར་ལ་ཐོག་མཐའ་བར་གསུམ་གྱི་རྣམ་གཞག་བསྟན་པ་ལས་ངེས་པའི་དོན་དུ་བདེ་བར་གཤེགས་པས་ཆོས་མི་གསུང་བའི་སྐབས་ནི་ཅུང་ཟད་ཀྱང་མེད་ལ། དམ་པའི་ཆོས་དེའང་། ཤེས་རབ་སྒྲོན་མེའི་རྒྱ་ཆེར་འགྲེལ་པ་ལས། བསྟན་པ་ཞེས་བྱ་བ་ནི། ལྷ་དང་མི་བདུད་རྩིའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་དང་མངོན་སུམ་དུ་བྱ་བ་དང་བསྒོམ་པར་བྱ་བ་དག་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་སྟེ་བཅོམ་ལྡན་འདས་ཀྱི་གསུང་རབ་ཅེས་བྱ་བ་ཡིན་ནོ། །ཞེས་བདེན་པ་བཞིའི་ཚུལ་ཕྱིན་ཅི་མ་ལོག་པར་ཉམས་སུ་བསྟར་ན་འཁོར་བ་ལས་རྣམ་པར་གྲོལ་བའི་ཞི་བའི་ལམ་བརྙེས་པར་འགྱུར་བས། ཇི་སྐད་དུ། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་བཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། བརྟེན་པ་ཡོད་པ། རྒྱུ་བ་བཅད་པའོ། ཞེས་(༢༩༥བ)


GLG017_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ལ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་བཀའ་རྣམས་ཀྱང་སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོ་གནས་རྒྱལ་པོའི་ཁབ་ཏུ་ཀུན་དགའ་བོ་དགྲ་བཅོམ་པར་གྱུར་མ་ཐག་པ་དེ་འོད་སྲུངས་ཆེན་པོས་བསྐོས་ནས་སྣམ་སྦྱར་ལྔ་བརྒྱ་བཏིང་བའི་སྟེང་དུ་བཞུགས་ནས་མདོ་སྡེའི་སྡེ་སྣོད། དེ་བཞིན་དུ་ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད། གཞན་གྱིས་བསྐོས་པ་ལ་མ་བལྟོས་པར་འོད་སྲུངས་ཆེན་པོས་མངོན་པའི་སྡེ་སྣོད་དེ་བཀའ་བསྡུ་དང་པོ་མཛད། །སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་སོང་བ་ན་ཡངས་པ་ཅན་དུ་དགྲ་བཅོམ་པ་གྲགས་པ་ལ་སོགས་པ་བདུན་བརྒྱས་མི་རུང་བའི་གཞི་བཅུ་སུན་དབྱུང་བའི་ཆེད་དུ་དགེ་འདུན་རྣམས་ཀྱིས་སྡེ་སྣོད་གསུམ་ཞལ་འདོན་དང་། བཀྲ་ཤིས་པའི་གསོ་སྦྱོང་མཛད་ནས་བཀའ་གཉིས་པ་བསྡུས། བདུད་སྡིག་ཅན་གྱི་སྤྲུལ་པ་དགེ་སློང་བཟང་པོས་ཆོས་ལོག་བསྟན་པའི་རྐྱེན་གྱིས་སྡེ་པ་བཅོ་བརྒྱད་ནང་ཕན་ཚུན་གྱི་རྩོད་པ་བྱུང་བ་ཞི་ནས་ཡང་དག་པར་འགོད་པའི་སླད་དུ་སངས་རྒྱས་གཤེགས་ནས་ལོ་བཞི་བརྒྱ་ན། ཡུལ་མཉན་ཡོད་དུ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། དགྲ་གཅོམ་པ་ལྔ་བརྒྱ། སོ་སོའི་སྐྱེ་བོའི་པཎྜི་ཏ་ཁྲི་དྲུག་སྟོང་སྟེ་ཁྲི་བདུན་སྟོང་གིས་མི་བརྗེད་པའི་གཟུངས་མ་ཐོབ་པ་རྣམས་ཀྱི་དོན་དུ་གླེགས་བམ་ཡི་གེར་བྲིས་པ་སོགས་བཀའ་བསྡུ་གསུམ་པ་མཛད་དེ། འཕགས་པའི་ཡུལ་དུ་དར་རྒྱས་ཆེ་བར་བཞུགས་པ་ལས། ཡུལ་ཕྱོགས་གཞན་དུ་འཕེལ་ཚུལ་ནི། ལྷ་མོ་དྲི་(༢༩༦ན)


GLG017_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པ་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ་ཞེས་པའི་དོན་ཐོག་ཏུ་བབས་ཏེ། བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་ཀུན་མཁྱེན་བུ་རམ་ཤིང་པའི་འཕྲིན་ལས་ཀྱི་འཇུག་པ་དུས་ལས་མི་གཡོལ་བའི་བྱེད་པ་པོར་བཀའ་གདམས་གླེགས་བམ་རིན་པོ་ཆེ་ལས། བོད་ནི་རྒྱལ་པོ་དག་ལ་ཚད་མར་འཛིན། །མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོངས། །ཞེས་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཞིག་ལ་བརྟེན་ནས་བསྟན་འགྲོའི་བདེ་སྐྱིད་འཕེལ་བར་དགོངས་ནས་འཕགས་པ་རིགས་གསུམ་གྱི་མགོན་པོའི་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་རོལ་གར་ལས་སྤྲུལ་པའི་ཆོས་རྒྱལ་རིམ་པར་བྱོན་པའི་ནང་ནས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དམ་པ་ཆོས་ཀྱི་དབུ་བརྙེས་པ་ཙམ་ལས་ཆོས་བསྒྱུར་བ་སོགས་མ་བྱུང་། མངའ་བདག་སྲོང་བཙན་སྒམ་པོའི་དུས་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཐུ་མི་སམ་བྷོ་ཊས་རྒྱ་གར་ནས་བརྡ་སྤྲོད་པའི་བསྟན་བཅོས་སོགས་ལ་མཁས་པར་སྦྱངས་ཏེ་བོད་དུ་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་གཏོད། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་། མདོ་སྡེ་དཀོན་མཆོག་སྤྲིན་སོགས་ཆོས་སྣ་འགའ་ཞིག་བསྒྱུར་རྗེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་བོད་ཀྱི་བློ་རྣོ་བ་མང་པོ་ལ་ལོ་ཙཱ་བསླབས། འཕགས་ཡུལ་ནས་པཎ་གྲུབ་དུ་མ་སྤྱན་དྲངས། རྒྱལ་བའི་གསུང་རབ་བསྒྱུར་བ་དང་བཤད་ཉན་གྱིས་གཏན་ལ་ཕབ། དབོན་རྒྱལ་པོ་ཁྲི་ལྡེ་གཙུག་(༢༩༦བ)


GLG017_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གྱི་དུས། སྒྲ་སྦྱོར་བམ་པོ་གཉིས་པ་ལས། རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་སྐྱི་སྨད་འོན་ཅང་རྡོ་ན་བཞུགས། སྟོད་སྨད་ཀྱི་དམག་གསར་རྙིང་རྗེ་བ་དང་རྐུན་ཆེན་བཏུལ། གར་ལོག་ཕོ་ཉས་ཕྱག་འཚལ། བློན་ཆེན་པོ་ཞང་ཁྲི་ཟུར་རམ་ཤགས་དང་། མར་རྗེ་ལྷ་འདོད་ལ་སོགས་པས་རྒྱ་ལས་སྲིད་ཅིག་མང་པོ་བཅད་དེ། རྔ་རྟ་དང་བ་མར་ཕལ་མོ་ཆེ་ཕྱག་ཏུ་ཕུལ། ཞང་བློན་ཆེན་པོ་མན་ཆད་སོ་སོའི་བྱ་དགའ་སྩལ་བའི་ལན་ལ་ཉི་འོག་གི་མཁན་པོ་ཨཱ་ཙརྱ་ཛི་ན་མི་ཏྲ་སོགས་ཞེས་པ་ལྟར་སྔར་ཡབ་མེས་ཀྱིས་བསྒྱུར་བའི་གསུང་རབ་ཀྱི་བརྡ་རྙིང་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། བར་སྐབས་སུ་བསྟན་པ་ལ་འཕེལ་འགྲིབ་ཅུང་ཟད་བྱུང་ཡང་སྐད་གཉིས་སྨྲ་བ་རིན་ཆེན་བཟང་པོ་དང་ལོ་ཆེན་འབྲོག་མི་གཉིས་ནས་བཟུང་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་སློབ་མ་ཡང་སློབ་རྗེས་འབྲངས་དང་བཅས་པའི་བར་གྱི་འཇིག་རྟེན་གྱི་མིག་གཅིག་པུ་རིམ་པར་བྱོན་པ་རྣམས་ཀྱིས་གསུང་རབ་དགོངས་འགྲེལ་དང་བཅས་པ་བསྒྱུར་ཟིན་འཆོས་པ་དང་གསར་དུ་བསྒྱུར་བ་སོགས་བསྟན་པ་རིན་པོ་ཆེ་རྣམ་པར་དག་པའི་ཕྱག་རྗེས་ལ་བརྟེན། ཐུབ་པའི་གསུང་རབ་རྣམས་ཕྱོགས་གཅིག་ཏུ་གླེགས་བམ་ལ་བསྒྲིགས་པར་བཀའ་འགྱུར་རོ་ཅོག་ཅེས་མཚན་གྱི་སྒྲས་ཀྱང་སྲིད་པའི་གདུང་བ་མཐའ་དག་རྣམ་པར་བཅིལ་བའི་དཀར་ཆག་བསྟན་པ་སྔ་དར་གྱི་དུས་ལྡན་དཀར་མ་དང་ཕང་ཐང་མར་གྲགས་པ་དང་། ཕྱི་དར་ལ་དཔལ་སྣར་ཐང་དུ་དབུས་པ་བློ་གསལ་དང་བཅོམ་(༢༩༧ན)


GLG017_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རལ་གྲི་གཉིས་ཀྱི་བསྒྲིགས་པ། མཚལ་པ་སི་ཏུ་ཐམས་ཅད་མཁྱེན་པ་དགེ་བའི་བློ་གྲོས་ཀྱི་ཞལ་བཀོད་མའི་མཚལ་པ་བཀའ་འགྱུར། ཀུན་མཁྱེན་བུ་སྟོན་ལོ་ཙཱ་བས་དག་ཐེར་མཛད་པའི་ཐེམ་སྤངས་མ་སོགས་ལུས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་ཤིང་། དེ་ལ་ཚོགས་ཇི་ལྟར་གསོག་ན། དབུས་མཐའ་རྣམ་འབྱེད་ལས། །ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། དེ་སེམས་པ་དང་བསྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །བསོད་ནམས་ཕུང་པོ་གཞལ་དུ་མེད། །ཅེས་པའི་དོན་ཚན་ལྔ་ཙམ་དང་མཐུན་པར་ཉམས་སུ་བསྟར་དགོས་པ་ལས། །འཕགས་པའི་ཡུལ་དུ་སྟོད་འགྲེལ་བའི་ལུགས་ལ་སིདྡྷཱཪྠ་ཞེས་པ་ལྗོངས་འདིར་དོན་གྲུབ་ཏུ་བསྒྱུར་ཅིང་། གནམ་གྱི་ལྷ་འཇམ་དབྱངས་གོང་མའི་ཁབ་ཏུ་ཀྱི་ཡི་ཞེས་པ་ས་མོ་ལུག་གི་ལོར་སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་ལྷག་བསམ་རྣམ་དག་གི་སྒོ་ནས་འདི་གའི་རིང་འཚོར་དམིགས་ཤིང་། སྡེ་པ་དང་དཔོན་ས་གཉིས་ཀྱི་གེགས་སེལ་གྱི་རིམ་གྲོ་དང་སྒྲིབ་སྦྱོངས་ཀྱི་ཆེད་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་བྲིས་ཤོག་གདོང་དར་གླེགས་ཤིང་སྐུ་རགས་སོགས་དངོས་གཙང་བ་བསྒྲུབས་པའི་ཞུས་དག་པ་མངའ་རིས་གྲ་ཚང་དགེ་སློང་བློ་བཟང་ཡར་འཕེལ། རབ་འབྱམས་པ་དཔལ་མགོན། རབ་འབྱམས་པ་རིན་ཆེན་རྒྱལ་མཚན། རབ་འབྱམས་པ་བསྟན་འཛིན་འཕྲིན་ལས། ལྟོ་དཀར་བ་ཨོ་རྒྱན་ནོར་བུ་དང་བློ་བཟང་(༢༩༧བ)


GLG017_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ། ཡིག་མཁན་བྱིངས། ཆོས་མཛད། ཨོ་རྒྱན་ཕྱག་རྡོར། ས་སྣ་ཁྱི་ཕྲུག །ཨོ་རྒྱན་བསམ་གྲུབ། ཆོས་དོན་གྲུབ། ཆོས་འཕེལ། ཚེ་དབང་དཔལ་འབར། ཆོས་མཛད། ལྷ་མགོན། ཨོ་རྒྱན་ཚེ་དབང་། སྤུན་དྲུག །སྐྱ་བོ་ལྔ་འཛོམ། སུམ་དར། ཨོ་རྒྱན་དར་རྒྱས། དབང་འཛིན། བརྒྱ་བྱིན། སྐྱ་བོ་བསོད་ནམས་ནོར་བུ། མཁས་ལུང་ནོར་བུ། ཚེ་རིང་དར་རྒྱས། མཁར་སྔོན་ཆོས་འཕེལ། ཚེ་རིང་དོན་གྲུབ། དགོས་པ་བཀྲ་ཤིས། དགེ་བསྙེན། སྣར་མ། སྨིན་དྲུག །དགོས་སྐྱེས། ལྕགས་རི་སྲིད་གཅོད། དོན་གྲུབ། ཤོང་སྟོང་ནོར་བུ། ལྕང་ཅན་བཀྲ་ཤིས། སྤེལ་གཅིག་རྡོ་རྗེ། མཐོང་ཆུང་བག་གྲོ། ཆོས་སྐྱོང་ཉི་མ། ཁྱི་ཕྲུག །བློ་བཟང་བཀྲ་ཤིས། ཁྱི་ཕྲུག་ལྷ་དར། ལྷ་མོ་དར་རྒྱས། ནམ་མཁའ་ནོར་བུ། ལྕང་ཅན་ཁྱི་ཁྲུག །ཆོས་མཛད། ལྷ་མགོན་བསམ་གྲུབ། ཨ་བར་དགྲ་བདུལ། ཨོ་རྒྱན་དར་རྒྱས། བཀྲ་ཤིས་འཛོམ་པ། དགོས་པ་ཚེ་རིང་། ཆོས་མཛད། འཇམ་དབྱངས། རྒྱ་མོན་ཆོས་འཕེལ། ཆོས་དར། འཇམ་དབྱངས་དགོས་པ། དགྲ་འདུལ། སུམ་དགའ། བསམ་གྲུབ་བཀྲ་ཤིས། དབང་གྲགས། ལྷ་མགོན་རྡོ་རྗེ། ཚེ་རིང་ནོར་བུ། རྟ་མགྲིན་ཆོས་མཛད། ངག་དབང་ཚེ་བརྟན། ཨོ་རྒྱན་ཚེ་བརྟན། བློ་བཟང་དཔལ་ལྡན། ཆོས་དབང་རྒྱལ་མཚན། ལྷས་བྱིན། རྒྱལ་དཀར། དངོས་གྲུབ་བཀྲ་ཤིས། ནོར་བུ་བཀྲ་ཤིས། དཔལ་དགོས། ནོར་བུ་བཀྲ་ཤིས། ཚེ་རིང་། ནོར་འཕེལ། བུ་མོ་བཀྲ་ཤིས། རྒྱལ་པོ་བསམ་གྲུབ། བཀྲ་ཤིས་རབ་བརྟན། དངོས་གྲུབ། ཆོས་འཛོམས། དགོས་པ་(༢༩༨ན)


GLG017_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན། འཇམ་དབྱངས། ལྷ་མགོན། རྒྱལ་པོ། ལྷ་མགོན་རྡོ་རྗེ། ལྷས་བྱིན་ནོར་བུ། རབ་འཕེལ། ནོར་བུ་དོན་གྲུབ། རྒྱ་མོན་བཀྲ་ཤིས། བསམ་གྲུབ། ལྷ་རྒྱལ། བསམ་གྲུབ་དགོས་པ། དབང་རྒྱལ། བུ་མོ་བཀྲ་ཤིས། རྒྱ་མོན་ནོར་བུ། སྒམ་པོ་དར་རྒྱས། འཛོམ་ཕྲུག །བསྟན་འཛིན། ཨོ་རྒྱན་ནོར་འཕེལ། རྒྱ་མོན་རབ་འཕེལ། བུ་མོ་བསམ་གྲུབ། འཇམ་དབྱངས། །བསམ་གྲུབ་བཀྲ་ཤིས། རྒྱན་མོན་བསོད་ནམས། དངོས་གྲུབ་ནོར་བུ། རྒྱ་མཚོ། ལྷ་འཛིན། འཇམ་དཔལ་རྡོ་རྗེ། རྡོ་རྗེ་གཞོན་ནུ། འཕྲིན་ལས་རབ་བརྟན། ཨོ་རྒྱན་ནོར་བུ། ཧོར་རྒྱལ། དོན་གྲུབ། བསམ་འཕེལ། བསོད་ནམས་ནོར་བུ། བསོད་ནམས་རབ་བརྟན། རྟ་མགྲིན་རྡོ་རྗེ། ཨོ་རྒྱན་ཕྱག་རྡོར། དོལ་སྲི་ཐར། བསྟན་པ་དར་རྒྱས། སློབ་མ་གཉིས། ཤོག་ལས་པ་ཨོ་རྒྱན་ཕྱག་རྡོར། སྐྱོལ་སྒོ་དར་རྒྱས། བུ་མོ་བཀྲ་ཤིས། ཤེས་རབ་བསྟན་འཛིན། ཆོས་སྐྱོང་བསམ་གྲུབ། བསམ་གྲུབ་དགོས་པ། དངོས་གྲུབ་བཀྲ་ཤིས། ཆོས་མཛད། བུ་མོ་བསམ་གྲུབ། བསམ་པ་དོན་གྲུབ་རྣམས་དང་། དོ་དམ་ཆོས་ལུང་པ་རྡོ་རྗེ། དོག་བདེ་དོན་གྲུབ། ལས་བྱེད་ཕུན་ཚོགས་བཀྲ་ཤིས། དགོས་བརྟན། ཨོ་རྒྱན་ཆོས་མཚོ། དར་རྒྱས་རྣམས། གོས་བཟོ་གྲ་ཕྱི་ནོར་སྐྱོང་། བསོད་ནམས་དོན་གྲུབ། ཤིང་བཟོ་ཚེ་གསེབ་དབང་ཕྱུག །སྔོ་བཟོ་པདྨ་རྡོ་རྗེ། དོ་དམ་བསམ་གྲུབ་བདེ་ཆེན་པ་རྒྱལ་ཕུར། རྒྱུན་གྱི་ལས་འཁུར་བ་ཚོགས་རྒྱལ་གླིང་པ་ཚེ་འཛིན། ཁྲི་སྨོན་པ་རྡོ་རྗེ་ཚེ་རིང་། བཀྲ་ཤིས་དགོན་སྟོད་པ་རྒྱལ་(༢༩༨བ)


GLG017_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར། ཆོས་ཚན་བཞུགས་བྱང་སོགས་འདྲི་མི་ཁང་གསར་འོག་དངོས་གྲུབ། ལྕགས་བཟོ་ཚེ་བརྟན་རྣམས་ཀྱིས་བགྱིས་པའི་བཟོ་བོ་རྣམས་བཟའ་བཏུང་ཡོན་གྱི་འདོད་པ་རྣམ་པར་འཇོ་བའི་བདོག་པའི་དངོས་པོར་འཇུངས་པ་མེད་པའི་སྒྱུ་མའི་ནོར་ལ་སྙིང་པོར་ལེན་པ་ནི་བླང་དོར་གྱི་གནས་ལ་བློ་གྲོས་ཡངས་པའི་ངང་ཚུལ་ཏེ། ལེགས་བཤད་རིན་པོ་ཆེ་ལས། །ཤེས་རབ་ལྡན་པས་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན། །ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ། །བསད་པར་ནུས་ཀྱི་ཁྭ་ཏས་མིན། །ཞེས་ཤེས་རབ་ཀྱི་རྩལ་དང་ལྡན་ན་ཉེས་པ་ཐམས་ཅད་ཐབས་ཀྱིས་སེལ་བར་ནུས་པ་དངོས་པོའི་གཤིས་ལུགས་ཡིན་པས། ཇི་སྐད་དུ། །ཆེན་པོ་རྣམས་ལ་ཡོན་ཏན་འགའ །མ་བསླབས་པར་ཡང་ངང་གིས་འཇུག །ནོར་བུའི་འཕྲེང་ལྡན་ཆུ་ཆེན་བཞི། །རྒྱ་མཚོར་འབབ་པ་སུ་ཡིས་བཟློག །ཅེས་པའི་དོན་དང་མཚུངས་ཤིང་། དཔལ་འབྱོར་རྒྱ་ཆེན་པོ་དང་ལྡན་ཡང་དོན་ལྡན་སྙིང་པོར་བྱེད་པ་ཆེས་དཀའ་བས། ཇི་སྐད་དུ། ཤེས་རབ་མེད་པའི་ལོངས་སྤྱོད་ཀྱང་། །ཕལ་ཆེར་རང་ལ་ཕན་པ་ཉུང་། འདོད་འཇོའི་བ་ཡི་འོ་མ་ཡང་། །བེའུས་འཐུང་བ་བརྒྱ་ལམ་ཡིན། །བླུན་པོ་རྣམས་ཀྱིས་མཁས་པ་ཡང་། །མཆོད་པར་འགྱུར་བའི་ངེས་པ་མེད། །ཉི་མ་ཤིན་ཏུ་འོད་གསལ་ལ། །འབྱུང་པོའི་གདོན་རྣམས་མི་འབྲོས་སམ། བློན་པོ་ལོངས་སྤྱོད་གསོག་རྣམས་ལ། །གཉེན་གྱི་བསམ་པ་ག་ལ་ཡོད། །སྡིག་སྡུག་གཏམ་ངན་ཁོ་ན་ཡིས། །བྱི་བ་བཞིན་དུ་བསགས་ནས་འཆི། །(༢༩༩ན)


GLG017_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དོན་ལོག་གམ། དོན་མེད་དུ་ཟང་ཟིང་གི་བདོག་པ་ཆུད་འཛའ་བར་བྱེད་པ་མང་ཞིང་། ཚུལ་དེ་ལས་ལྡོག་པ་ནི་ཡ་རབས་བཟང་པོའི་ངང་ཚུལ་ཡིན་པས། ཇི་སྐད་དུ། དམ་པ་སྲོག་ལ་བབས་ན་ཡང་། །རང་བཞིན་བཟང་པོ་ག་ལ་འདོར། །ས་ལེ་སྦྲམ་ནི་བསྲེགས་བཅད་ཀྱང་། །དེ་ཡི་ཁ་དོག་ཉམས་མི་འགྱུར། །ཞེས་པའི་དོན་དང་རྗེས་སུ་འབྲེལ། དེའང་ཚེ་འདིར་རང་རྒྱུད་ལ་གོས་པའི་སྡིག་པས་ཆ་ཙམ་ཡང་བསྒྲུན་པར་མི་ནུས་པ་སློབ་དཔོན་ཟླ་བ་གྲགས་པས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་སྐྱེས་པས། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་བདག་ཏུ་འཛིན་པའི་དབང་གིས་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་ཟོ་ཆུན་གྱི་འཁྱུད་མོ་ལྟར་འཁོར་བ་འདིར་འཁོར་ཞིང་། དགེ་དང་མི་དགེའི་ལུང་མ་བསྟན་གྱི་ལས་སྣ་ཚོགས་བསགས་པའི་ནག་པོའི་ལས་རྣམས་མ་སྦྱངས་ན་ཇེ་འཕེལ་དུ་འགྱུར་བས་སྟོབས་བཞི་ཚང་བའི་བཤགས་པ་ལ་བློ་ལྡན་རྣམས་འབད་པས་བསྒྲུབ་པའི་ཕྱིར། ཇི་སྐད་དུ། དམ་པ་སྡིག་པ་ཆུང་ཡང་སྤོང་། །དམན་རྣམས་ཆེན་པོའང་དེ་ལྟ་མིན། །ཞོ་ལ་རྡུལ་ཕྲན་འབྱར་བ་སེལ། །ཆང་ལ་ཕབས་ཀྱང་ལྷག་པར་འདེབས། །ཞེས་འབྱུང་ཞིང་། མི་དགེ་བའི་ལས་ཕྲ་མོ་ལའང་བརྙས་པར་མི་རུང་བའི་འདུལ་བ་ལུང་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་(༢༩༩བ)


GLG017_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ། །མེ་འདག་ཆུང་ངུ་དག་གིས་ཀྱང་། །རྩྭ་ཕུང་རི་ཙམ་བསྲེག་པར་བྱེད། །ཅེས་པ་ལྟར་རྣམ་པར་ནག་པའི་འབྲས་བུ་འཕེལ་བ་དང་སྨིན་པའི་ཚུལ་ལེགས་པར་མ་བསམས་ན། ཞི་བ་ལྷས། དགེ་བ་དག་ཀྱང་མ་བྱས་ཤིང་། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་ཉེས་དམིགས་ཤིན་ཏུ་ཆེ་ཞིང་། །ལས་འབྲས་མི་བསླུ་བ་ནི་མདོ་ལས། །ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་འཛའ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པའི་དོན་བསམས་ནས་རྣམ་སྨིན་ནག་པོ་མི་འཛག་པ་ཞིག་དགོས་པའི་ཕྱིར་སྨན་པ་མཁས་པས་བཀྲུ་སྨན་གྱིས་ནད་དྲུངས་ནས་དབྱུང་བ་བཞིན་སྔོན་ཆད་ཀྱི་ལས་ལ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་པའི་སྡོམ་སེམས། གཉེན་པོ་རྟེན་གྱི་སྟོབས་མཁས་མཆོག་དབྱིག་གཉེན་གྱིས། གང་ལ་དད་པ་ཙམ་གྱིས་ཀྱང་། །རྣམ་སྨིན་མ་ངེས་ཆོས་བཅོམས་ཏེ། །མཐོ་རིས་བདེ་མྱོང་མྱང་འདས་ཐོབ། །ཞིང་མཆོག་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་དང་། ལྷ་ལས་ཕུལ་བྱུང་ལས། །སྙིང་ནས་དད་དམ་ཇི་ལྟར་དགའ་བ་དང་། །ཐེ་ཚོམ་གྱིས་སམ་གཞན་གྱི་ངོར་ཡང་རུང་། །འོན་ཀྱང་ཐུབ་དབང་ཟླ་བ་དེར་ཕྱག་བགྱིད། །དེས་ནི་ལྷ་མིའི་བདེ་བ་ཕུན་ཚོགས་འཐོབ། ཅེས་ཡུལ་ཁྱད་པར་ཅན་གྱི་ཡོན་ཏན་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་སྔོན་དུ་བཏང་ནས་གཉེན་པོ་ཀུན་ཏུ་སྤྱོད་པ། །(༣༠༠ན)


GLG017_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་གསུམ་འབད་པ་ཆེན་པོས་རྒྱལ་བའི་གསུང་རབ་རྣམས་གླེགས་བམ་དུ་འདྲི་བ་ཉིད་མཆོག་ཏུ་གྱུར་ཅིང་། །བསམ་པའི་ཁྱད་པར་ནི་སྲིད་པའི་འཁོར་ལོ་བསྐོར་བ་དང་། སྲིད་པ་ལས་རྣམ་པར་གྲོལ་བའི་ཚུལ་གཉིས་ལས། །སྔ་མ་ནི་སྦྱིན་སོགས་ཀྱི་དགེ་བ་རྒྱ་ཆེན་པོ་བསྐྲུན་པ་ཚེ་འདིའི་ཆོས་བརྒྱད་ཀྱི་ཆེད་དང་། ཕྱི་མ་ལྷ་མིའི་བདེ་འབྲས་ཙམ་དོན་དུ་གཉེར་བ། དཔེར་ན་ནད་ཀྱིས་བཏབ་པ་སྨན་དཔྱད་སོགས་ཀྱིས་རེ་ཞིག་བདེའང་སླར་ནད་དེ་མི་ལྡོག་པའི་ངེས་པ་མེད་པ་བཞིན་དགེ་བའི་མཐུས་ལྷ་མིའི་རྟེན་ལ་བདེ་བ་མྱོང་ཡང་སྔོན་བསགས་ཀྱི་མི་དགེ་བའི་ལས་ལ་སོས་བཏབ་པ་ན་ངན་འགྲོར་ལྟུང་བས་གཏན་གྱི་བདེ་བར་མི་རུང་བའི་ཕྱིར། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་བཤད། །ཅེས་སྐྱེས་བུ་ཆུང་ངུའི་སྤྱོད་ཚུལ་འདི་གཙོ་བོར་དོན་དུ་གཉེར་བྱ་མ་ཡིན་ཞིང་། བསགས་པའི་དགེ་བའི་འབྲས་བུ་ཆུང་ངུ་ཉན་ཐོས་བྱང་ཆུབ། འབྲིང་རང་རྒྱལ་གྱི་བྱང་ཆུབ། ཆེན་པོ་སངས་རྒྱས་ཀྱི་བྱང་ཆུབ་གསུམ་པོ་གང་རུང་དུ་སེམས་བསྐྱེད་ན་སྲིད་པ་ལས་རྣམ་པར་གྲོལ་བ། དཔེར་ན་སྐྱེས་བུ་འབྲུམ་ནད་བྱང་བ་དང་འདྲ་བས་ཕྱིར་མི་ལྡོག་པའི་གཏན་གྱི་བདེ་བ་ཡིན་པས། དེ་ཉིད་ལས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་བཟློག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་པ་(༣༠༠བ)


GLG017_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་ནི། །རང་ཉིད་གཅིག་པུ་ཞི་བ་དོན་དུ་གཉེར་བ་ཡིན་པས་ཐེག་པ་ཆེན་པོའི་རིགས་སད་པའི་དབང་པོ་རྣོན་པོ་རྣམས་ཀྱིས་ཆེད་དུ་བསྒྲུབ་བྱ་མ་ཡིན་པ་སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་པས་གསལ་བར་བསྟན་ལ། །གང་དོན་དུ་གཉེར་བ་སྤྱོད་འཇུག་ལས། །བྱང་ཆུབ་སེམས་བསྐྱེད་གྱུར་ནས་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་སྐད་ཅིག་མ་དང་པོ་ལ་འཁོར་བའི་སྡུག་བསྔལ་གྱིས་མནར་བའི་འགྲོ་བ་ཞིག་ཀྱང་སེམས་བསྐྱེད་མ་ཐག་ནས་འཇིག་རྟེན་ཀུན་གྱི་མཆོད་པའི་ཞིང་རྒྱལ་བའི་སྲས་སུ་འགྱུར་ཞིང་། རང་གཞན་གཉིས་ཀའི་དོན་བདེ་བླག་ཏུ་འགྲུབ་པ་ཐོབ་བྱ་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འགྱུར་བས་ཤེས་ལྡན་རྣམས་ཀྱིས་གཙོ་བོར་བསྒྲུབ་པའི་གནས་ཡིན་ཞིང་། བསྒྲུབ་ཚུལ་ཡང་མགོན་པོ་ཞི་བ་ལྷས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་བདག་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་དགོས་ཏེ། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་(༣༠༡ན)


GLG017_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་བདག་གཞན་མཉམ་པར་བརྗེ་བའི་སེམས་བཟང་པོ་འདི་ཉིད་ཡིན་ཞིང་། །དེ་བསྐྱེད་པའི་རྟེན་ཀྱང་དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་འདི་ལས་ལྷག་པ་སློབ་དཔོན་ཙནྡྲ་གོ་མིས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་ཕྱིན་ཅིང་། །བྱང་ཆུབ་མཆོག་གིས་ས་བོན་དགེ་བའང་འདེབས་འགྱུར་བ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ལྷག་པ་ཡི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་བརྟེན་འགྲོ་བའི་འདྲེན་པར་ཆས་འགྱུར་བ། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིགས་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་དང་། ཟླ་བ་སྒྲོན་མེའི་མདོ་ལས། མཆོད་པ་ཚད་མེད་རྣམ་མང་ཇི་སྙེད་པ། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམས་སྙེད་དུ། །སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་གསུངས་པའི་དོན་གྱི་སྙིང་པོ་ཐེག་པ་ཆེན་པོར་སེམས་བསྐྱེད་པའི་ཕན་ཡོན་མཐའ་ཀླས་པས་དེ་དོན་ཚུལ་བཞིན་ཉམས་སུ་བསྟར་བ་པོ་ལས་ལྷག་པའི་གང་ཟག་མཆོག་ཏུ་གྱུར་པ་གཞན་མེད་པའི་ཕྱིར། ལམ་སྒྲོན་ལས། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པས་ཤེས་ནུས་ཤིང་། ཞི་བ་ལྷས། མི་ཁོམ་བརྒྱད་སྤངས་ཁོམ་པ་འདི། །དམ་ཆོས་སྒྲོན་དང་བཅས་པ་ལས། །(༣༠༡བ)


GLG017_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །ཚེ་འདིར་འབྲས་ཡོད་བྱ་བར་རིགས། །ཞེས་དང་། བཟང་པོ་དཔལ་གྱིས་ཞུས་པའི་མདོ་ལས། གཟུགས་སྐུ་མཚན་རབ་རྣམས་ཀྱིས་སྤྲས་པ་དང་། །ཆོས་སྐུ་མཉམ་མེད་རྟོག་མེད་བརྙེས་པ་ཡང་། །བྱང་ཆུབ་སེམས་མཆོག་འདི་ལས་འབྱུང་བར་འགྱུར། །འདི་ལས་དུས་གསུམ་རྒྱལ་བ་ཐམས་ཅད་འབྱུང་། །འདི་ལས་འཇིག་རྟེན་བདེ་བ་ཐམས་ཅད་འབྱུང་། །འདི་ལས་རྒྱལ་བས་བསྔགས་པའི་ཡོན་ཏན་འཐོབ། །འདི་ནི་ཞིང་རྣམས་སྦྱང་བའི་མཆོག་ཏུ་འགྱུར། །ཞེས་གསུངས། དོན་གྱི་སྙིང་པོ་བློ་གྲོས་མི་ཟད་པའི་མདོ་ལས་ཚིག་ལྷུག་པར་གསུངས་པ་བཀའ་གདམས་པ་ཞིག་གིས་ཚིགས་བཅད་དུ་བསྡེབས་པར། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་པར་དུ་དེ་མི་འཛད། །ཅེས་དགེ་བའི་རྩ་བ་མཐའ་དག་མཆོག་གསུམ་དམ་པ་དཔང་པོར་བྱས་ཏེ་རྣམ་པར་དག་པའི་སྨོན་ལམ་དང་བསྔོ་བས་མཚམས་སྦྱར་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་མཐར་ཐུག་གི་བར་ཕན་པ་དང་བདེ་བའི་འབྲས་བུ་མི་འཛད་པ་ལ་ལོངས་སྤྱོད་པར་འགྱུར་བ། ཇི་སྐད་དུ། བསོད་ནམས་རྣམ་སྨིན་བདེ་སྟེ་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་ཐམས་ཅད་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །མྱ་ངན་འདས་ཞི་ཞི་བ་བསིལ་བའི་དངོས་པོ་འཐོབ། །ཅེས་དང་། བསོད་ནམས་ལྡན་པ་འདིར་བདེ་ཕྱི་མར་བདེ། །སྐྱེ་བ་བཟང་པོ་ཐོབ་པས་(༣༠༢ན)


GLG017_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཕྱིར་བདེ། །ཞེས་རྒྱ་ཆེར་གསུངས་པ་དེ་དོན་བཞིན་སྨོན་པ་འདི་ལྟ་སྟེ། སྡིག་དང་སྒྲིབ་རྙོག་རང་རྒྱུད་ཆུ་ཀླུང་ལ། །ཉེར་གོས་བསྔོ་སྨོན་ནོར་བུ་ཀེ་ཏ་ཀས། །བསྒྲུངས་པར་གཏན་བདེའི་གཟུགས་བརྙན་དངོས་འཆར་བར། །ཐུབ་དབང་སྲས་དང་སློབ་མར་བཅས་དགོངས་ཀྱི། །རྒྱལ་གསུང་པུ་སྟ་ཀ་འཕྲེང་ཉ་ཕྱིས་ཁོག །ཡངས་པོར་བསོད་ནམས་ཉེར་བྱས་མུཀྟི་ཀ །བྱང་ཆེན་བར་གྱི་སྐྱེ་བར་འབབ་པའི་ཆར། །འཁྲི་ཤིང་ལུས་ཕྲ་གཉིས་པར་འགྲན་བཟོད་ཤོག །ཁམས་དང་དབང་པོར་འཚམ་པར་དམ་པའི་ཆོས། །ཕུང་པོ་མཁའ་ལྟར་ཆེ་བཟུང་བྲལ་བའི་དོན། །འགྲོ་ཀུན་རྒྱུད་ལ་སྨིན་ནས་རྣམ་གྲོལ་ལམ། །བདེར་ཞུགས་མི་གནས་མྱང་འདས་གྲོང་བགྲོད་ཤོག །ངན་སོང་ལྟ་ཅི་སྒོ་གསུམ་ཟུག་རྔུའི་ཚེར། །སྣོན་པོའི་རེག་བྱས་རྨས་པའི་བདེ་འགྲོ་ཡང་། །མིང་མཐར་བྱས་ནས་རྫོགས་ལྡན་དགའ་སྟོན་ཆེར། །སེམས་ཅན་མཐའ་དག་ལོངས་སུ་སྤྱོད་པར་ཤོག །གངས་ཅན་མ་ལ་ཡ་ཡི་ནགས་ཀླུང་ལས། །གཏན་བདེའི་བདེ་སྐྱིད་དྲི་བསུང་དངར་པོ་རུ། །འཐུལ་བའི་ལེགས་བྱས་རླུང་བཞོན་གོམ་འགྲོས་ཀྱིས། །ངེས་ལེགས་ཐང་ལ་དཀྱུས་ཐོག་གཅོད་པར་ཤོག །གསེར་མདོག་ཞྭ་ཡི་ཅོད་པན་འཆང་བའི་བསྟན། །ལི་ཤིའི་གུར་ཁང་ཕུབ་ནས་ཨནྡ་སྙིལ། ཞུན་མའི་ཆུ་གཏེར་མཐའ་ཀླས་ཁྱབ་པའི་ཁྲིམས། །མཆོག་དམན་ཡོངས་ཀྱི་གཉའ་བ་གནོན་པར་ཤོག །ངག་དབང་དབྱངས་ཅན་བློ་གྲོས་བཟང་པོའི་གཏེར། །རྒྱ་མཚོའི་གཏིང་མཐའ་ལྟ་བུར་རྟོགས་དཀའི་སྲོག །རྡོ་རྗེའི་རང་བཞིན་ཀ་བས་ཨ་(༣༠༢བ)


GLG017_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཧཾ་ཟུང་། །མི་འགྱུར་ཚེ་མཐའ་ཡས་པའི་དཔལ་ཐོབ་ཤོག །མགོན་ཁྱོད་ཞབས་སེན་མེ་ཏོག་མནྡར། །བྱང་ཆེན་དེ་སྲིད་ཐོད་དུ་འཆིང་སྨོན་པ། །འགྲུབ་པར་མཆོག་གསུམ་བདེན་འབྲས་བདུད་རྩིའི་རྒྱུན། །ཉེར་འཐུང་བདག་སྙིང་ཡོལ་གོར་རྟག་འཁྱིལ་ཤོག །རྒྱུ་སྦྱོར་ས་སྤྱོད་མཆིས་བྲང་བཅས་པ་ཡིས། །ཐོག་མེད་དུས་ནས་ད་ལྟའི་བར་བསགས་སྡིག །ནག་པོའི་ར་རི་འཁྱུད་པ་ལེགས་བྲིས་ཆབ། །རྣམ་དག་བསྔོ་སྨོན་ལམ་གསུམ་སར་འབབ་ཤོག །སྐྱེད་བྱེད་ཀུན་འབྱུང་རི་གཟར་ནས་བབས་ཆུ། །དགེ་ལེགས་ཆུ་ལོན་འཕྲུལ་གྱིས་ཉེར་བཟློག་པ། །དེ་མྱོང་འབྲས་བུའི་སྡུག་བསྔལ་མིང་ཙམ་ཡང་། །རྣམ་པ་ཐམས་ཅད་མཁྱེན་པས་རྙེད་མིན་ཤོག །མཐོ་རིས་ཡོན་ཏན་བདུན་ཚང་དལ་འབྱོར་རྟེན། །ཡང་སྲིད་ཀུན་ཐོབ་དགེ་བའི་ཐེམ་སྐས་ལ། །འཛེགས་ནས་ཐར་པའི་ཁང་པར་རིང་མིན་དུ། །ཉེར་འཇུག་སྐལ་བ་བཟང་པོར་བདག་འགྱུར་ཤོག །འདིར་སྣང་རྣམ་ཐོས་བུ་ཡི་སྟོབས་འབྱོར་ཆེ། །དབང་ཐང་དངོས་མྱོང་གཞན་ལ་མི་སྨོན་པར། །བསྙེམས་པ་གཏོང་མིན་རྒྱལ་བ་ཁྱུ་མཆོག་གི །མཆེད་ཟླའི་ངང་ཚུལ་འཛིན་པའི་དཔལ་ཐོབ་ཤོག །གསུང་རབ་འདྲི་ཀློག་མཆོད་སོགས་སྲི་ཞུ་ཡི། །འབྲས་བུ་གང་ཐོབ་རིས་སུ་མ་ཆད་པའི། །སེམས་ཅན་མཐའ་དག་ཀུན་མཁྱེན་ཡེ་ཤེས་ཆེ། །རིང་མིན་མངོན་དུ་འགྱུར་བའི་རྒྱུ་རུ་བསྔོ། །ཞེས་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་བཀའ་འགྱུར་ཡོངས་སུ་རྫོགས་པ་གསར་དུ་བཞེངས་པའི་དུས་བསྐུ་ལ་མ་བྱུང་བ་ལྟར་དཀར་ཆག་དང་འབྲེལ་བའི་བསྔོ་སྨོན་མཚམས་(༣༠༣ན)


GLG017_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་དང་བཅས་པ་དད་པའི་གསོས་སྨན་ཞེས་པ་འདི་ནི་སྣོན་གྱི་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་བའི་ཚེས་ལ་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་རང་བྱུང་འཕགས་པའི་གཙུག་ལག་ཁང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སྭསྟིི་སིཎྞ་བྷ་ཝནྟུ། །བལ་པོ་པྲི་ལ་ཇུས་དཔལ་འཁོར་ཆོས་སྡེའི་སྨན་བླའི་ལྷ་ཚོགས་བཞེངས་པའི་དེབ་གྱི་འགོ་བརྗོད་དགོས་ཚུལ་ལྟར་བྲིས་པ་སྡུག་ཀུན་ཉེར་ཞིའི་ཟིལ་དངར། ཁྱོད་མཚན་ཐོས་པའི་མོད་ལ་འགྲོ་རྒྱུད་ཀྱི། །སྡུག་ཀུན་ཉེར་ཞིའི་མཆོད་སྦྱིན་སྒོ་འཕར་བརྒྱ། །འབྱེད་མཛད་སྨན་བླ་མཆེད་བདུན་མདོ་ཆོག་དབྱངས། །མགུར་ནས་ལེན་མཁས་ཤཱཀྱ་སེང་གེ་བསྔགས། དཔལ་འཁོར་བདེ་བ་ཆེན་པོའི་གནྡྷོ་ལར། །སྟོང་ཕྲག་འདུས་པས་ཆོ་ག་ལེགས་གསུང་རྟེན། །འཇུངས་པའི་མདུད་འགྲོལ་བལ་པོ་བི་ལ་མིས། །བཞེངས་པའི་བསོད་ནམས་རི་བོ་དངོས་བརྒྱུ་བཞིན། །ཕྱི་རབས་དཔྱོད་ལྡན་རྣམས་ཀྱང་ངང་ཚུལ་འདིའི། །རྗེས་སུ་ཞུགས་པར་རིགས་ཞེས་རྣམ་དཀར་གྱི། །དགེ་བསྐུལ་དེབ་གཏེར་ལྷ་ཡི་རྔ་བོ་ཆེ། །སྲིད་རྩེའི་བར་དུ་བརྡུངས་ལ་རྣ་བ་ལྷོགས། །ཞེས་མཆོད་པར་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ། ཉི་མའི་གཉེན་གྱི་རྒྱུད་ལས་གངས་ལྗོངས་འདིར། །རིགས་གསུམ་སྒྱུ་དྲའི་གར་མཁན་མེས་དབོན་སོགས། །ཕུལ་བྱུང་ཐུགས་བསྐྱེད་སྨོན་ལམ་ལྡེ་མིག་གིས། །ཕན་བདེའི་སྒོ་འབྱེད་ཆོས་རྒྱལ་རིམ་བྱོན་རྒྱལ། །དམར་སེར་དྷཱིཿཡིག་ས་བོན་དར་དྲག་པས། །འཇམ་མགོན་ལང་ཚོ་(༣༠༣བ)


GLG017_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སྨིན་བཙོང་ཁ་པའི། །ཐུགས་རྗེ་ནམ་མཁའི་མཁའ་རྙེད་འགྲོ་རྒྱུད་ལ། །རབ་འཇུག་སྐལ་བཟང་བསོད་ནམས་བྱེ་བས་བསྒྲུབས། །ཆོས་སྲིད་འོད་ཀྱིས་འཇིག་རྟེན་གསུམ་ཁྱབ་པའི། །འཕྲིན་ལས་ཤིང་རྟ་ཛམྦུ་ཏྲི་ཤ་ཡི། །ཉེར་མཚན་འཛིན་མར་འདྲེན་བྱེད་ཁ་ལོ་པ། །ཚངས་སྲས་བཞད་པའི་རྡོ་རྗེ་བརྟན་གྱུར་ཅིག །ཚེ་རིང་གནམ་གྱི་ཤེ་མོང་དཔུང་པ་ཡིས། །སངས་རྒྱས་ཀུན་དངོས་འཇམ་དཔལ་སྙིང་པོའི་བསྟན། །རྒྱ་མཚོའི་གོས་ཅན་ཁྱོན་ལ་གྱེན་འདེགས་པ། །ལྷ་མིའི་དབང་ཕྱུག་གཡུང་དྲུང་ལྟར་བརྟན་ཤོག །ཐོག་མཐའ་བར་དགེའི་གཙུག་ལག་བྱེ་བའི་གཞུང་། །མ་སྨད་སྤོབས་མཐོར་རབ་སོན་ཁོག་ཡངས་པོར། །མགྲིན་པའི་འཁོར་ལོ་གྲོལ་བའི་རྒྱུད་མང་གླུ། །སྙན་པོ་ཐོས་འཛིན་དཔྱིད་དུ་ལེན་པར་སྤྲོ། །རིས་མེད་འགྲོར་ཆགས་རྒྱལ་ཀུན་ཐུགས་རྗེའི་སྤྱན། །དཀྱུས་རིང་སྲིད་པའི་མཐའ་སྙེད་རྫོགས་མིན་ཀྱང་། །བསྐལ་བཟང་འདི་ལ་ལྷས་ལྷག་རྣམ་འདྲེན་སྟོང་། །འབྱོན་ཞེས་ལྷ་རྣམས་བསྟོད་བསྔགས་མེ་ཏོག་འཐོར། ཁྱད་པར་གདུལ་དཀའ་དུས་འདིར་སྙིང་སྟོབས་གོ །བཙན་པོ་ཡོངས་བཞེས་ཤཱཀྱ་སེང་གེ་ཡིས། །རིམ་གསུམ་འཁོར་ལོ་བསྐོར་ནས་གདུལ་བྱའི་ཚོགས། །མཐོང་ཐོས་དྲན་དང་རེག་པས་གྲོལ་བར་མཛད། །སེམས་ཅན་དབང་པོར་འཚམ་པའི་ཆོས་ཀྱི་གྲངས། །འཛིན་པར་དཀའ་ཡང་ཐེག་པ་ཆེ་ཆུང་གཉིས། །གྲུབ་མཐའ་རྣམ་བཞིའི་སྲོལ་འཛིན་རྒྱན་དྲུག་དང་། །མཆོག་ཟུང་རྗེས་འབྲངས་པཎ་ཆེན་སྐར་ཚོགས་བཞིན། །ངེས་གསང་སྨིན་གྲོལ་ལམ་གྱི་ཐེམ་སྐས་ལ། །འཛེགས་ཏེ་སྐུ་གསུམ་གྲོང་ཁྱེར་ཆེར་ཞུགས་པ། །(༣༠༤ན)


GLG017_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྦྱོར་བདུན་ལྡན་མི་ཡི་སྒྱུ་འཕྲུལ་ཅན། །གྲུབ་ཐོབ་བརྒྱད་ཅུའི་སྙན་པས་ཡིད་རབ་འཕྲོག །ཐུབ་ཆེན་དཔལ་གྱི་མགུར་ནས་བཀའ་སྩལ་བཞིན། །བོད་ཡུལ་སྤྱིར་དབང་གཉའ་ཁྲི་བཙན་པོ་ནས། །རིམ་བྱོན་བསྟན་པ་དབུ་བརྙེངས་སྲོལ་བཏོད་ཅིང་། །རྒྱས་མཛད་རྣམ་ཐར་མི་ཕྱེད་དད་པའི་གསོས། །མདོ་འདུལ་ཤེར་ཕྱོགས་འགྲེལ་བཅས་བསྒྱུར་འཆད་དང་། །སོ་ཐར་ཁྲིམས་ལེན་སྨིན་གྲོལ་མདོ་སྒྱུ་སེམས། །བཀའ་གཏེར་བཤད་སྒྲུབ་སྤེལ་བའི་ལོ་པཎ་གྱིས། །འཕགས་པའི་ཡུལ་གྱི་ཁེངས་པ་ཐུང་ངུར་བྱས། །བླ་ཆེན་པཱ་ལ་རྣམ་གསུམ་ཤཱཀྱ་ཤྲཱི་ཡིས། །ངུར་སྨྲིག་གོས་ཀྱིས་ནམ་མཁའི་མདོག་ཀྱང་བསྒྱུར། །པཎ་ཆེན་འཇིག་རྟེན་མིག་གཅིག་རྗེས་འབྲང་བས། །གནས་ལྔའི་གཞུང་ལུགས་གངྒཱའི་རྒྱུན་ལྟར་སྤེལ། །སྔ་འགྱུར་བཀའ་གདམས་ས་རྔོག་དྭགས་ཤངས་དང་། ཞི་བྱེད་ཀོ་བྲག་ཇོ་ཞལ་བུ་དོང་པ། ཁྱད་པར་རྨ་མེད་ཐུབ་གཞུང་ཉི་མའི་འོད། །ས་གསུམ་ཡོངས་བདལ་དགའ་ལྡན་གྲུབ་པའི་མཐའ། །སྒྲ་ཚད་བཟོ་གསོ་མཁས་རྣམས་འཇུག་པའི་སྒོ། །རང་ཉིད་ཀུན་ཤེས་བྱེད་པ་ནང་རིག་སོགས། །སྤེལ་འཛིན་བརྡ་སྟོན་རྣམ་དག་བརྗོད་པ་ཡིས། །ཚོགས་ཀྱི་དབུས་སུ་ཡིད་དབང་འགུགས་པར་བྱེད། །སྔོན་བྱུང་གཏམ་དང་ཅིག་ཤོས་ལེགས་པ་ལ། །ཉེར་བརྟེན་སྙན་ངག་ཆེན་པོའི་ལུས་ཀྱི་སྐབས། །དཎྜིའི་མེ་ལོང་དགོངས་དོན་གཞིར་བཟུང་ནས། སྤྲོས་ཚེ་སྣང་སྲིད་ཐམས་ཅད་མངོན་སུམ་བཞིན། །མཁས་ལ་ལེགས་བཤད་ཆེན་པོ་དེ་མཚུངས་སྟོན། །བླུན་(༣༠༤བ)


GLG017_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གྲོང་ཚིག་དམངས་དབུས་འཆལ་བའི་ངག །མཆོག་དམན་བར་པའི་ཡིད་གསོ་རྩི་སྨན་ལྗོན། །སྨྲ་བ་རྣམ་དཔྱོད་ལྡན་རྣམས་ངང་ཚུལ་ཡིན། །བདེ་གོ་བྱ་རིགས་རྣམ་གླིང་པཎྜི་ཏས། །རིང་འཚོའི་བདེན་བརྗོད་སྔོན་སོང་འཕྲོས་གཏམ་གྱི། །རྩ་ཚིག་བསྐུལ་ལྟར་ཟ་ཧོར་བཎྜེ་ཡིས། །བཀོད་ཚེ་འཇམ་དབྱངས་གྲགས་པས་ཡི་གེར་བྲིས། །ས་ལུག་སྡེ་པ་སངས་རྒྱས་རྒྱ་མཚོ་ཁྲི་འདོན་གྱི་དུས་ཐམ་ཕུད་ཀྱི་ཁ་བྱང་བསྟན་སྲིད་ཉིན་མོར་བྱེད་པ། གནམ་ཇོ་བོ་རིན་པོ་ཆེ། སའི་དཀྱིལ་འཁོར་བར་གནས་འགྲོ་རྣམས་ཀྱིས། །དང་ལེན་ལུང་གི་ལག་རྟགས་རྣམ་བཀྲ་བ། །ཤཱཀྱ་སེང་གེའི་སྤྱན་སྔར་ཕུལ་བའི་དགེས། །ཕུན་ཚོགས་སྡེ་བཞིའི་སྒོ་འཕར་འབྱེད་ནུས་ཤོག །དོན་ཇོ་བོ་མི་བསྐྱོད་རྡོ་རྗེ། ཀུན་གྲུབ་པའི་བསླུ་མེད་བདེན་བརྗོད་ཀྱིས། །ཛམྦུ་ཏྲི་ཤས་ཉེར་མཚན་ནོར་འཛིན་ཁྱོན། །བསོད་ནམས་ཡོངས་འདུ་ས་བརྟོལ་དར་དྲག་རྩེར། །རྟག་ཏུ་སྐྱིད་པའི་འབྲས་བཟང་སྨིན་པར་ཤོག །བོད་ལོ་ཀེ་ཤྭ་ར། ཁམས་ཕན་བདེའི་རྩ་ལག་ལུགས་ཟུང་ཁྲིམས། །མི་འགྱུར་ཐམ་ཕུད་འཇིག་རྟེན་དབང་ཕྱུག་གི །སྤྱན་སྔར་ཕུལ་བས་ཆོས་རྒྱལ་མེས་དབོན་གྱི། །རྣམ་ཐར་འཛིན་པའི་སྐལ་བཟང་འཐོབ་པར་ཤོག །ས་ལུག་སྡེ་པ་སངས་རྒྱས་རྒྱ་མཚོའི་ཁྲི་འདོན་གྱི་དུས་རྩ་བ་གསུམ་དམག་ཟོར་མ་དཔལ་ལྷ་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་རྣམས་ལ་ཕུལ་བའི་ཞལ་བྱང་དཔག་བསམ་འདོད་འཇོ། མཁའ་འགྲོ་རྩ་བ་གསུམ། རྣམ་ལྔའི་བྱིན་རླབས་འཕྲུལ་པོ་ཆེས། སྐོར་གསུམ་རུ་བཞི་སྒང་དྲུག་ཕྲག་པ་ན། ཁྲིམས་གཉིས་གསེར་གྱི་གཉའ་ཤིང་རབ་ལྕིའི་རྟགས། །རི་མོ་ཉིན་བྱེད་འོད་(༣༠༥ན)


GLG017_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་འབར་བར་ཤོག །མཆོག་དམག་ཟོར་མ། དམན་ཀུན་གྱི་གཉའ་བར་ལྕི་བའི་ལུང་། །རྟགས་མགོ་ནོར་བུ་གསུམ་པའི་རི་མོའི་རྗེས། །འཇིག་རྟེན་ཡོངས་ཀྱི་གཙུག་ན་མངོན་གསལ་བར། །མཛོད་ཅིག་དཔལ་ལྡན་འདོད་ཁམས་དབང་ཕྱུག་གི །འབུམ་དཔལ་ལྷ། ཕྲག་ཟླ་བཞིན་འོད་ཀྱིས་སྲིད་པ་གསུམ། །གསལ་བའི་ལག་རྟགས་རི་མོ་མངོན་སུམ་དུ། །ཡིད་ཅན་ཡོངས་ཀྱིས་མཐོང་བར་དུང་སྐྱོང་མས། །རྣམ་བཞིའི་འཕྲིན་ལས་བསྒྲུབ་པའི་མཐུ་དཔུང་སྐྱེད། །རྒྱ་ཟུར་ཕུད་ལྔ་པ། ཧོར་བོད་ཀྱི་གཙུག་ན་ཐམ་ཀའི་རིས། །འཆར་བར་ཡར་ཞུར་ཟུར་ཕུད་ལྔ་པ་ཅན། །ཚངས་པའི་རྒྱལ་པོའི་རྫུ་འཕྲུལ་མཐུ་བོ་ཆེས། །ཐོགས་མེད་ལེགས་བསྒྲུབ་དགའ་སྟོན་སྩལ་དུ་གསོལ། །མཐའ་ཀླས་ཡིད་ཅན་ཀུན་གྱི་རྒྱུད་ལ་ཉེར་གོས་དུག་གསུམ་ཚ་གདུང་ནད། །ཐུགས་རྗེ་ཏམྦུ་ར་ཡི་ཟེགས་མས་དྲུངས་ནས་འབྱིན་པའི་སྨན་པ་མཆོག །བཻཌཱུཪྻ་འོད་མཚན་དཔེའི་ཞལ་ཁྱིམ་མངོན་སུམ་བསྟན་ནས་ལྔ་བདོའི་འདམ། །བྱིང་བའི་འགྲོ་དབུགས་ཉེ་བར་ཕྱུང་སྟེ་ཕན་བདེའི་ས་ལ་སྦྱོར་ཞིག་ཀྱེ། །གཞན་དོན་རླབས་ཆེན་སྤྱོད་པའི་རླུང་ཤུགས་ཀྱིས། །ཚོགས་གཉིས་ཆུ་གཏེར་བརྒལ་བར་སངས་རྒྱས་རྣམས། །མཉམ་ཡང་སྨོན་ལམ་ཡིད་བཞིན་ནོར་བུ་ཡིས། །ཆེར་སྙིགས་དབུལ་སེལ་སྨན་གྱི་བླ་མ་རྒྱལ། །སྤྲུལ་ཞིང་ལྟ་ན་སྡུག་པའི་གྲོང་ཁྱེར་དུ། །རིག་པའི་ཡེ་ཤེས་ཡིད་ལས་སྐྱེས་གཉིས་ཀྱིས། །དྲིས་ལན་ཚུལ་གྱིས་བྱིན་གྱིས་བརླབས་པའི་བཀའ། །ལྷ་དང་དྲང་སྲོང་ཕྱི་(༣༠༥བ)


GLG017_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ནང་འཁོར་ལ་བཤད། །བཀྲ་ཤིས་ཨ་ཐའི་ཡི་གེ་མེས་པོ་ཡི། །མཁུར་ཚོས་ནས་བརྡོལ་ཚེ་སྒྲུབ་རིག་བྱེད་སོགས། །སྲོག་གི་གསོ་བ་རིང་སྤེལ་གཙུག་ལག་གི །བརྗོད་དོན་མཐའ་དག་རྒྱུད་འདིར་ཚང་བར་འདུས། །ཐུབ་དབང་སྤྱན་སྔར་འཚོ་བྱེད་གཞོན་ནུས་བསོས། །དེ་སློབ་ནཱ་གཱརྫུ་ན་དཔའ་བོའི་སྡེ། །ཟླ་བ་མངོན་པར་དགས་མཚོན་འཕགས་ཡུལ་གྱི། །པཎ་ཆེན་མུ་ཐུ་ལ་ཡི་འཕྲེང་ལྟར་མཛེས། །པད་འབྱུང་མངའ་བདག་གན་ཇག་ཐང་ཏ་ཡིས། །དྲིན་ལས་སྟོང་དང་རྩ་གཉིས་ནད་ཀྱི་གཉེན། །བདུད་རྩི་བཅུད་ལེན་ཡོངས་བསྒྱུར་མ་འོངས་དོན། །ཟབ་མོའི་གཏེར་དུ་གསང་བའི་ཕྱག་རྒྱས་བཏབ། །སྒོ་འབྱེད་དབང་ཕྱུག་འབར་སོགས་རིམ་བྱོན་མཐར། །རིགས་འདུས་སྨན་རྒྱལ་གཡུ་ཐོག་གུ་ཎ་ཡིས། །ཆ་ལག་དང་བཅས་རྣམ་བཤད་དམར་ཁྲིད་ཀྱིས། །ཀུན་ཁྱབ་སྐྱེ་རྒུའི་བདག་པོ་གཉིས་མང་སྤྲུལ། །མཐའ་ཀླས་རིག་བྱེད་སྦྱངས་པ་ཚངས་པའི་བུ། །རྒྱུ་སྐར་འཕྲེང་ཚོགས་དབུས་ན་ཉི་ཟླ་བཞིན། །ཆོས་རྒྱལ་བྱང་པ་མཉམ་ཉིད་རྡོ་རྗེའི་དྲིན། །བོད་ཁམས་འགྲོ་བས་བསྐལ་བརྒྱར་གཞལ་ནུས་ཅི། །རྩ་བཤད་རྩ་མདོའི་དགོངས་འགྲེལ་དངུལ་དཀར་གྱི། །མེ་ལོང་ལྟར་གསལ་མེས་པོའི་ཞལ་ལུང་འཕྲོས། །ཆུ་མདོ་མན་འགྲེལ་བདུད་རྩི་དར་མོ་བ། །བློ་བཟང་ཆོས་གྲགས་རིག་རྩལ་མཚོ་ལས་ཐོན། །སྣང་ལ་མ་ངེས་འཁྲུལ་ཕྲའི་རྙོག་མ་རྣམས། །རྣམ་གླིང་པཎ་ཆེན་ཀེ་ཏ་ཀས་བསྒྲུངས་པའི། །ཉལ་འགྲོ་འཆི་གསོས་དྲང་སྲོང་ཨཱ་ག་སྟྱས། །ལེགས་བསྒྱུར་ནད་སེལ་ཡན་ལག་བརྒྱད་ལྡན་(༣༠༦ན)


GLG017_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ། །མདོ་རྒྱུད་ལུང་ཁུངས་སྒྲོ་གཤོག་རབ་བརྒྱས་དགོད། །ན་ཡམས་མཁའ་མཐའ་སྤྱོད་ལ་ཟད་མིན་པར། །ཚིག་དོན་མངོན་གསལ་རྒྱ་ཁྲ་ཕྱག་ལེན་གྱི། །ཕྱུགས་མེད་ཟན་བཅུར་ཤེས་ལྡན་ཡིད་ཀྱི་གསོས། །ཐོབ་དཀའི་མི་ལུས་རིན་ཆེན་འདུ་འཁྲུགས་པའི། །ཟུག་རྔུའི་འདམ་དྲིས་སྦགས་པ་དྲུངས་ཕྱུང་སྟེ། །ལེགས་བྱས་རྒྱལ་མཚན་རྩེར་བཀོད་སིམ་ཚོར་གྱི། །ཕུན་ཚོགས་འདོད་དགུའི་གྲུ་ཆར་འབེབས་དེ་སྤྲོ། །ཕྲ་མོའི་སྲོག་ཆགས་འཚེ་བ་ལྷུར་བླངས་དགེས། །བསྒྲུབས་འབྲས་འདི་ཕྱིར་རབ་མྱོང་ཁེ་དཔོགས་ལ། །གཞོལ་ན་སངས་རྒྱས་སྒྲུབ་རྟེན་འཆི་འདག་ལས། །རྒྱལ་བའི་བསོད་ནམས་སྲིད་གསུམ་ཁོངས་མི་ཤོང་། །ཆེས་ཕྲའི་དཀར་ནག་གཟུགས་བརྙན་མངོན་སུམ་དུ། །མ་འདྲེས་འཆར་བ་ལྷ་ཆེན་ཉི་མའི་བུའི། །ཕོ་ཉའི་སོར་མོས་ཆེད་དུ་ཨཱ་དཪྵ། །འཛིན་མའི་མངལ་ཁུར་དེ་ཡང་ད་གདོད་གཏོང་། །འདུས་བྱས་མི་རྟག་ཁོ་ནར་གསུང་རབ་ནས། །བཤད་དང་མཁས་ཚོགས་དམ་བཅས་རབ་འཇིག་པ། །འཚོ་བའི་གཡུང་དྲུང་སྲོག་གི་ཉ་ཕྱིས་ཁོག །ཚེ་ཡི་མུ་ཏིག་གཏམས་ལ་སུ་ཞིག་བསྙོན། །དེ་ཕྱིར་འདྲི་ཀློག་ཐོས་བསམ་ཉམས་བསྟར་བ། །ཀུན་གྱི་སྤྱི་ནོར་ཆ་ཤས་ཕྲ་མོས་ཀྱང་། །རྡོ་རྗེ་རིན་ཆེན་ཇི་བཞིན་ངོ་བོའི་གཤིས། །མི་གཏོང་རིག་བྱེད་རྒྱན་ཕལ་ཟིལ་གྱིས་གནོན། །སྦྱངས་སྟོབས་རི་དབང་བསྒྲིལ་ལས་བློ་གྲོས་ཀྱི། །ཆུ་གཏེར་ཀློང་ཐོན་ལེགས་བཤད་ཉ་གང་ཅན། །མཐའ་ཀླས་ནད་ཀྱི་གདུང་བཅིལ་ཀཏྤུ་རའི། །ཟེགས་མ་གངྒཱའི་ཀླུང་རྡུལ་གྲངས་སྙེད་(༣༠༦བ)


GLG017_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྲིད་མཐར་མི་འཛད་ཆོས་ཀྱི་སྦྱིན་པའི་སྒོ། །བརྒྱ་ཕྲག་འབྱེད་ཕྱིར་བར་དུ་ཉེར་བསྐྲུན་མཐུ། །བསོད་ནམས་ནམ་མཁའི་མཐའ་ལས་བརྒལ་དོགས་ནས། །བྱེད་པོས་དགུ་ཚིགས་ཞགས་པས་བཅིངས་པ་བཞིན། །ངང་ཚུལ་དེ་ལྡན་འབྲས་བུ་རྒྱལ་བསྟན་གྱི། །སྙིང་པོ་བློ་བཟང་གྲགས་པའི་རིང་ལུགས་མཆོག །མང་ཐོས་བསམ་སྒོམ་ལྗོན་ཤིང་སྐྱེད་བསྲིངས་འདབ། །གྲིབ་མར་འགྲོ་རྣམས་ངལ་གསོར་སྤྱོད་པར་ཤོག །ལུང་རྟོགས་ཁྱབ་འཇུག་ཞབས་ཀྱི་མ་དག་དྲི། །རབ་བསིལ་ལེགས་བཤད་མཐོ་རིས་ཆུ་བོའི་གོས། །འདོགས་བྱེད་སྐལ་ལྡན་ཤིང་རྟ་ཚངས་སྲས་ལྷ། །བཞད་པའི་རྡོ་རྗེ་འགྱུར་མེད་བརྟན་པར་ཤོག །དགའ་བའི་དཔལ་ལྡན་སྡེ་བཞིའི་ཕོ་བྲང་ཆེའི། །མཆོད་ཡོན་ཟུང་འཇུག་ཆོས་སྲིད་གསེར་སྦྱངས་ཀྱི། །རྩིབས་སྟོང་འཁོར་ལོ་མཁར་འཕགས་རྩོད་པའི་མིང་། །མཐར་བྱས་རྫོགས་ལྡན་རྩེད་འཇོར་རོལ་བར་ཤོག །ཁྱད་པར་འཆི་མེད་མཆོག་སྦྱིན་ཚེའི་རིག་བྱེད། །ལྷ་དང་དྲང་སྲོང་ཕྱི་ནང་ལུགས་འཛིན་ལ། །དར་བའི་ཡང་བཅུད་རྒྱུད་བཞིའི་གཞུང་དོན་སོགས། །འཆད་ཉན་ཕྱག་ལེན་ཕྱོགས་བཅུར་རྒྱས་པར་ཤོག །གཙུག་ལག་འདིར་སྦྱངས་དེ་འབྲས་རབ་བཀྲོལ་བར། །སྨན་གྱི་བླ་མ་དྲང་སྲོང་བརྒྱུད་འཛིན་བཅས། །དགྱེས་ཞལ་ལྷུག་པར་བསྟན་ནས་ཚེ་རབས་སུ། །འབྲལ་མེད་ཐུགས་རྗེ་ཆེན་པོས་དབུགས་དབྱུང་ཤོག །མ་ཕམ་དབུས་སུ་འགྱུར་ཚལ་དུ་མཆོག་སྤྲུལ་གར། །བསྒྱུར་མིན་གླེགས་བམ་མཛད་པ་མེད་པའི་པར། །བརྐོས་དང་(༣༠༧ན)


GLG017_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་ཆེན་གྱིས་མཚོན་ལས་བྱེད་ཚོགས། །ཟུག་རྔུའི་མིང་ཡང་སྐྱེ་བར་མི་འགྱུར་ཤོག །ལེགས་བྱས་ཨ་མྲའི་འབྲས་བཟང་རོ་བདའ་བ། །གཟུར་གནས་ཡོངས་ཀྱི་ཤེས་རབ་ལྗགས་ཆེན་པོའི། །བརྩོན་པས་མྱངས་པའི་འཆད་ཉན་བོད་ཡུལ་དུ། །དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་བར་ཤོག །ཡང་སྲིད་ཀུན་ཏུ་དལ་འབྱོར་ལུས་ཐོབ་ཅིང་། །བརྩོན་འགྲུས་གོ་གྱོན་ཤེས་རབ་རལ་གྲིའི་མཚོན། །ཐོགས་ནས་གསོ་རིག་གཙུག་ལག་མཐའ་ཀླས་པར། །སྐྱེ་རྒུའི་བདག་པོའི་རྣམ་ཐར་ཡོངས་འཛིན་ཤོག །ཞི་བྱེད་དཔྱིད་ཀྱི་ནུས་པ་འཕྲུལ་པོ་ཆེས། །བཞི་བརྒྱ་རྩ་བཞིའི་ནད་ཀྱིས་གཙེས་པ་ཡི། །མི་བཟད་ཟུག་རྔུ་དྲུངས་ནས་འབྱིན་ནུས་པར། །ལྷ་རྗེ་གཞོན་ནུས་བསོས་ཀྱི་མཆེད་པོར་ཤོག །འགྲོ་གཞན་འདུ་བ་འཁྲུགས་པའི་གདུང་བ་རྣམས། །བསལ་བས་ལས་ཉོན་རང་རྒྱུད་ལ་གོས་པ། །ལེགས་པར་བྱང་སྟེ་ཐར་པའི་གྲོང་ཁྱེར་དུ། །ཞུགས་ནས་གཏན་གྱི་བདེ་བ་འཐོབ་པར་ཤོག །ཞི་བའི་ལམ་ལ་མ་ཆགས་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་པས་ཤེས་སྒྲིབ་ཕྲ་མོ་ཡང་། །ཉེར་སྤངས་མི་མཇེད་ཞིང་མགོན་རྫོགས་སངས་རྒྱས། །གོ་འཕང་མངོན་གྱུར་དོན་གཉིས་ལྷུན་གྲུབ་ཤོག །རྣམ་འདྲེན་བཻ་ཌཱུཪྻ་ཡི་འོད་པོ་ཆེ། །འཇིག་རྟེན་བྱེད་པོ་དགའ་བ་བརྒྱ་པ་སོགས། །ལྷ་དང་དྲང་སྲོང་རིགས་འཛིན་ཚོགས་རྣམས་ཀྱིས། །བཀྲ་ཤིས་དཔལ་འབར་ཁམས་གསུམ་ཡོངས་ཁྱབ་ཤོག །ལུས་ཅན་མཐའ་དག་གི་སྲོག་འཚོའི་རྩི་སྨན་(༣༠༧བ)


GLG017_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཆེན་པོ་ལས་རྩ་བཤད་གཉིས་དང་ཕྱི་རྒྱུད་རྩ་མདོ་ཡན་གྱི་གཞུང་དོན་འགྲེལ་པར་མང་ཐོས་མཁས་པའི་དབང་པོ་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་ཆུ་མདོ་མན་འཕྲོར་ལུས་པ་ཡར་སྟོད་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་གཞུང་གི་ཚིག་དོན་རྣམས་བཀྲོལ་ཏེ་ལག་ལེན་གྱི་ཐོག་ཏུ་ཕེབས་པའི་ཞལ་ལུང་གཉིས་པ་དཀའ་གནད་རྡོ་རྗེའི་མདུད་འགྲོལ་གསར་དུ་བསྐྲུན་པར་རྣམ་སྲས་གླིང་པ་བྱ་རིགས་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱི་ཞུས་དག་པར་བྱས་པའི་པུསྟ་ཀཿ དགའ་ལྡན་ཕུན་ཚོགས་གླིང་དུ་པར་བརྐོས་ཀྱི་ཚེ་ཆེ་བརྗོད་སྨོན་ལམ་བཀྲ་ཤིས་དང་བཅས་པ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པས་བགྱིས་པ་སརྦ་ཀཱ་ལེ་ཨ་ཐ་མུ་ད་ཡ་བྷ་ཝནྟུ། །ས་ལུག་སྡེ་པ་སངས་རྒྱས་རྒྱ་མཚོ་ཁྲི་འདོན་དུས་ཆོས་འཁོར་རྒྱལ་རིམ་མཐིལ་དུ་ཐམ་ཕུད་ཕུལ་བའི་ཞལ་བྱང་འཕྲིན་ལས་རྣམ་བཞི་ལྷུན་གྲུབ། མི་མཐིལ། འགྱུར་ལྷུན་གྱིས་གྲུབ་པ་ཆོས་འཁོར་རྒྱལ། །གནྡྷོ་ལར་བརྟེན་དཀོན་མཆོག་རིན་ཅེན་གསུམ། །ལེགས་སྐྱོང་བསྟན་སྲུང་དམ་ཅན་རྒྱ་མཚོ་ཡི། །ཐུགས་རྗེ་བྱིན་རླབས་རྫུ་འཕྲུལ་རྨད་པོ་ཆེ། །གནམ་བསྟན་འགྲོ་ཀུན་སྤྱི་བོར་རབ་བཀྲ་བ། །ལུགས་གཉིས་ཟུང་དུ་འབྲེལ་བའི་ལག་རྟགས་ཀྱི། །རི་མོ་མིག་གསུམ་པ་ཡི་སོར་མོའི་རྩེས། །བསྐལ་བའི་མཐའ་སྙེད་འཇིག་པར་མི་ནུས་ཤོག །ལུས་ཅན་ཡོངས་ཀྱི་འདའ་བར་བཟོད་མིན་པ། །འཇིགས་མེད་སེང་གེའི་རྒྱུད་ལས་དྲངས་(༣༠༨ན)


GLG017_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལུང་། །ང་རོས་མཐའ་བཞིའི་སྟོབས་ལྡན་གཅན་གཟན་གྱི། ཁེངས་དྲེགས་ཟིལ་གྱིས་མནོན་པའི་མཐུ་འབར་ཤོག །དུས་དགེ་ཚལ། ཀྱི་བདག་པོའི་ལས་ཤུགས་དར་དྲག་པ། །ཐམ་ཁའི་རི་མོ་འགྲོ་ཀུན་སྙིང་ནོར་དུ། །འཆང་བར་ལྷུན་གྲུབ་དགའ་བའི་ཚལ་ཆེན་གྱི། །མཁའ་འགྲོ་ཆོས་སྲུང་རྣམས་ཀྱིས་འཕྲིན་ལས་མཛོད།


previousརབ་བྱུང་བཅུ་གཅིག་པའི་ས་ལུག་ལོར་དེབ་ཐེར་དུ་བཀོད་པའི་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་རྒྱལ་བའི་བཀའ་འགྱུར་གསར་དུ་བཞེངས་པའི་དཀར་ཆག་སྨོན་ལམ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁྲི་འདོན་སྐབས་རྟེན་གཙོ་ཁག་ལ་ཐམ་ཕུད་ཕུལ་བའི་ཁ་བྱང་སོགས།no next