Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
ལྕགས་ཕོ་སྤྲེའུའི་ལོ་ཧོར་སོག་གི་རྒྱལ་རིགས་དཔོན་ཁག་ཚོར་དྲག་ཞན་དང་བསྟུན་པའི་བདག་རྐྱེན་གྱི་དེབ་ཐེར་དཔྱད་གསུམ་གྱིས་དག་པར་གཏན་ལ་ཕབ་པ་མུ་ཐི་ལའི་འཁྲི་ཤིང་།
   
   
   
   
   
   
   
   


 
previousལྕགས་ཕོ་སྤྲེའུའི་ལོ་ཧོར་སོག་གི་རྒྱལ་རིགས་དཔོན་ཁག་ཚོར་དྲག་ཞན་དང་བསྟུན་པའི་བདག་རྐྱེན་གྱི་དེབ་ཐེར་དཔྱད་གསུམ་གྱིས་དག་པར་གཏན་ལ་ཕབ་པ་མུ་ཐི་ལའི་འཁྲི་ཤིང་།next

ལྕགས་ཕོ་སྤྲེའུའི་ལོ་ཧོར་སོག་གི་རྒྱལ་རིགས་དཔོན་ཁག་ཚོར་དྲག་ཞན་དང་བསྟུན་པའི་བདག་རྐྱེན་གྱི་དེབ་ཐེར་དཔྱད་གསུམ་གྱིས་དག་པར་གཏན་ལ་ཕབ་པ་མུ་ཐི་ལའི་འཁྲི་ཤིང་།


GLG018_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཕོ་སྤྲེའུའི་ལོ་ཧོར་སོག་གི་རྒྱལ་རིགས་དཔོན་ཁག་ཚོར་དྲག་ཞན་དང་བསྟུན་པའི་བདག་རྐྱེན་གྱི་དེབ་ཐེར་དཔྱད་གསུམ་གྱིས་དག་པར་གཏན་ལ་ཕབ་པ་མུ་ཐི་ལའི་འཁྲི་ཤིང་། བསྐལ་མང་གོམས་པའི་ཚོགས་གཉིས་ཕུང་པོ་མ་དྲོས་ཀླུང་ཆེན་འཁྱིལ་བ་ལས། །རིགས་དྲུག་འགྲོ་རྒྱུད་ཟླ་འཕེལ་ལ་འབབ་ཕན་བདེའི་ཆུ་བོ་རྣམ་པ་བཞི། །བྱམས་བརྩེའི་འཛིན་མར་རྟག་ཏུ་ཆད་མེད་ཟས་གཙང་སྲས་ཕྱག་འཁོར་ལོ་ཡི། །རི་མོ་རབ་འབར་འཇིག་རྟེན་གསུམ་གཙུག་མངོན་པར་མཛེས་པའི་དགེ་ལེགས་སྩོལ། །སྙིང་དབུས་འདབ་སྟོང་བསིལ་སྦྱིན་མཁན་སྟེང་གཞོན་ནུའི་ཚུལ། །འཇོ་སྒེག་ཟུར་ཕུད་ལྔ་ལྡན་མཁྱེན་པའི་རལ་གྲི་ཡིས། །རྨོངས་ཆེན་དྲ་བ་(༣༠ན)


GLG018_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་གཅོད་པའི་འཇམ་དབྱངས་སྐུར། །ངག་དབང་ལྷ་མོའི་མཉེན་ལྕུག་འཁྲིལ་དེས་བདག་རྗེས་བཟུང་། །ཆེས་དཀར་དགེ་བཅུའི་དྲང་ཐིག་སྲོང་པོའི་ཁྲིམས། །བཀའ་རྟགས་ཕྱག་རྒྱས་ཆེས་བཙན་སྒམ་པོའི་བློ། །རིགས་གསུམ་སྒྱུ་འཕྲུལ་ཆོས་རྒྱལ་མེས་དབོན་སོགས། །གངས་ཅན་ལྷ་གཅིག་རིམ་བྱོན་ཕྱག་གི་གནས། །རྣམ་དཔྱོད་རི་བོ་ཤེས་བྱའི་མཚོར་བསྒྲིལ་བས། །མདོ་རྒྱུད་ཉི་ཟླ་ཐུབ་བསྟན་མཁར་མཛེས་པ། །ནོར་རྒྱས་ཐང་ཡང་མ་བཅད་སྔོན་མེད་ལྷ། །སངས་རྒྱས་ཀུན་དངོས་བཙོང་ཁ་པ་ཡིས་སྐྱོངས། །མཁྱེན་བརྩེའི་ཡིད་བཞིན་འཕྲིན་ལས་གདེངས་ཀའི་རྩེར། །འོད་འབར་ལུས་ཅན་བསོད་ནམས་རླབས་ཀྱི་འཕྲེང་། །ཡོལ་མེད་རྒྱ་མཚོའི་འཇིང་གནས་ས་གསུམ་དུ། །བདེ་ལེགས་འདོད་དགུའི་ཆར་ཆེན་འབེབས་དེ་རྒྱལ། །རྗེས་ཆགས་དམར་འོད་མདངས་ལྡན་སྒེག་མོའི་གཟུགས། །ཨུཏྤལ་འཇམ་མཉེན་ཞགས་པས་སྲིད་པ་གསུམ། །འཆིང་ནུས་རྒུད་པ་ཡོངས་སེལ་རིགས་བྱེད་མས། །དངོས་གྲུབ་ནོར་བུའི་མཛོད་ཀྱི་སྒོ་ཕྱེ་ཞིག །ཕུན་ཚོགས་དཔལ་འབྱོར་ཕྱུར་མཛད་གླང་པོའི་གདོང་། །བརྟན་གཡོ་མ་ལུས་ཉེར་འགུགས་འདོད་པའི་རྒྱལ། །མི་ཟད་འབྱོར་པའི་མཆོག་བྱིན་ངལ་བསོས་པོ། །དགྱེས་ཞལ་འཛུམ་གྱིས་རྫོགས་ལྡན་མགྲོན་ཀུན་བོས། །ཚངས་པའི་མཆེ་བ་ལས་འཁྲུངས་དབྱངས་ཅན་ལྷ། །འདོད་ཁམས་དབང་ཕྱུག་ཚུལ་བཟུང་ནམ་གྲུ་མ། །འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་སྒྲོལ་གིང་ཆེ། །བེག་ཙེ་ལྕམ་དྲལ་རྣམས་ཀྱིས་མེལ་ཚེ་མཛོད། །ཆེན་པོ་ཧོར་གྱི་ཡུལ་ནས་བསྟན་སྲིད་ཁུར། །ཉེར་འཁྱེར་མཆོག་(༣༠བ)


GLG018_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དམན་བར་པར་གཏོང་བའི་སྒོ། །འབྱེད་ལ་གོ་རིམས་མ་འཆོལ་བསྒྲིག་སྲོལ་སྲང་། །བརླང་སྤྱོད་མཐོ་དམའ་དང་བྲལ་འདེགས་ལ་སྤྲོ། །གཅིག་ཏུ་སྟེར་ཕོད་ཤྭ་ཡིས་མ་ཁྱེར་ཞིང་། །ཉེར་འཇུངས་སོས་ཉིའི་ཐན་གྱིས་གདུངས་མིན་པར། །འཕྲལ་ཡུན་ཀུན་དགེ་སྙོམས་བསྟར་ལྗང་གཞོན་སྐྱེད། །ལེགས་བསྲིངས་རེ་འཁང་དང་བྲལ་སྙེ་མ་སྨིན། །དཔྱོད་ལྡན་གཟུར་གནས་བློ་ཡི་སྲད་བུ་ལ། །གཏན་ཕབ་དེབ་ཐེར་མུ་ཐི་ལ་ཡི་འཕྲེང་། །ལེགས་བརྒྱུས་གནམ་བསྐོས་རྒྱལ་ཁབ་ཆེན་པོ་ཡི། །འདུན་ནས་མཛེས་པའི་རྒྱན་དུ་དེང་འདིར་སྤེལ། ཞེས་ཤིས་པ་བརྗོད་པའི་ཚིག་གིས་རྔུན་བསུས་ཏེ་བྱང་ཕྱོགས་ཧོར་སོགས་གི་རྒྱལ་པོ་རྒྱལ་རིགས་དཔོན་ཁག་རྣམས་ཀྱི་ནང་ཚན་ལས་མཚོ་སྔོན་པོ་དང་འདམ་ཚོར་གཞི་ཆགས་ནས་དམག་སྲུང་སོགས་ཞི་དྲག་གི་བྱ་བར་འཕྲལ་འཕྲལ་འབྱོར་དགོས་རིགས་ལ་ཕོགས་དང་། །རྣམ་དཀར་གྱི་དགེ་ཚོགས་བསྐྲུན་པར་འོངས་པའི་འགྲུལ་པའི་རིགས་ལ་ཟུར་གསོས་སོགས་བདག་རྐྱེན་བྱེད་དགོས་སོ་སོར་ཐོབ་ཐང་གི་གོ་རིམ་མི་འཆོལ་ཞིང་། །འཕར་ཆག་ངེས་མེད་སྣ་ཚོགས་ཀྱི་བསླད་པ་མ་ཞུགས་པར་སྣེ་མོ་ལས་འཛིན་རྣམས་བྱེད་བདེ་ཞིང་། །གཏོང་ལེན་གཉིས་ཀ་འཚམ་ཚིགས་ཟིན་པའི་ཆེད་དུ་དྲག་པོ་ཞེས་པ་ལྕགས་ཕོ་སྤྲེའུའི་ལོ་སྣོན་གྱི་ཟླ་བའི་དུས་ཚེས་དགེ་བར་གཏན་འབེབས་ཀྱི་དེབ་ཐེར་མུ་ཐི་ལའི་འཁྲི་ཤིང་བཀོད་པ་ལ། །འོག་མིན་ཞིང་ཁམས་ཞིང་གི་གཙོ་བོར་ངེས་པ་ལྔ་ལས་མི་གཡོ་བཞིན། །ཞེ་སྡང་རྡོ་རྗེའི་སྒྱུ་འཕྲུལ་གར་མཁན་བགྲང་ཡས་དཀྱིལ་འཁོར་སྤྲོ་བསྡུའི་བདག །རྩ་བཤད་ཆ་མཐུན་རྒྱུད་སྡེ་འཛིན་པ་དགེ་འདུན་དཀོན་(༣༡ན)


GLG018_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་འདུ་འགོད་གནས། །གསང་ཆེན་འདུས་པའི་གཞལ་ཡས་ཁང་བཟང་ཀུན་གཟོད་རྒྱན་དུ་སྤུད་འདི་རྒྱལ། །ཀླུ་སྒྲུབ་བཞེད་གཞུང་མར་འགོས་བཀའ་སྲོལ་གསེར། །རྣམ་དཔྱོད་བརྡུངས་འཕྲུལ་གཟིགས་མོར་ཚར་དངར་བ། །སྔོན་མེད་ལེགས་བཤད་ཕྲས་མཛེས་བཙོང་ཁ་པའི། །ལུགས་འཛིན་སྨད་རྒྱུད་གྲགས་སྙན་སྲིད་རྩེར་ལྡིར། ཤེས་རབ་སེང་གེའི་ང་རོའི་སྒྲ་དབྱངས་ནས། །དུས་མིག་གྲངས་མཐར་ངག་དབང་བློ་གྲོས་ཀྱིས། །རྒྱ་མཚོའི་བྱ་བ་ལས་ཀྱི་འཁོར་ལོའི་དཔལ། །ས་འདིར་ལྕང་ལོ་ཅན་དེ་དྲངས་པ་བཞིན། །ཨ་ལ་ལ་ཞེས་མེ་འབྲུག་དབོས་ཉ་བའི། །མིག་གཟུགས་ཚེས་ནས་འགོ་བརྩམས་རིག་པ་འཛིན། །ངུར་སྨིག་གོས་ཀྱིས་ཟློས་གར་བསྒྱུར་བའི་ཚལ། །ཀུན་དགའ་ར་བ་འདིང་ལ་གཅིག་ཏུ་བྲེལ། །ལམ་རྙེད་གྱིས་གཙོས་ཤིང་བཟོ་དྲག་པོའི་གྲངས་། །རྩིག་མཁན་རི་བོ་ལས་བྱེད་ནམ་མཁའི་ཉིའི། །སྒོ་གསུམ་གཡེང་བ་མེད་པར་བརྩོན་པ་ལ། །ཟླ་བ་ཕྱེད་ལྔའི་ཁོངས་སུ་ཉེར་གྲུབ་པའི། །གནྡྷོལ་དང་གཡོས་ཁང་གཅིག་བསྡོམས་པ། །འདེབས་བྱེད་ཀ་བ་མཁའ་མདའི་རྒྱ་ཁྱོན་ལ། །རྡོ་རྗེ་སློབ་དཔོན་བསྟི་གནས་ཕྱི་རོལ་གྱི། །ར་བར་བཅས་པ་ཇི་བཞིན་ལྷུན་གྱིས་གྲུབ། །མཁའ་ཀླུའི་གྲངས་ལྡན་སྐྱེས་བུའི་སྒྱུ་རྩལ་གྱིས། །དམར་སེར་ཅན་ལོའི་ཟླ་བ་གསུམ་གྱི་བར་། །སྟེང་འོག་བར་གྱི་མཐིལ་ལྡེབས་ཞལ་བ་ཀུན། །བཞིན་རས་འཆར་བའི་མེ་ལོང་ལྟ་བུར་དངས། །གསེར་ལྡན་ཅང་ཤེས་ཁྲ་ཉའི་བུག་ཉིན་ནས། །བཀྲ་ཤིས་ལྷུ་ལགས་ཀྱིས་གཙོས་རི་མངའ་ཡིས། །རྒྱ་བོད་མཁས་གྲུབ་རྒྱུད་སྡེ་རྣམ་བཞི་ཡི། །ལྷ་ཚོགས་འཆི་མེད་ལམ་དུ་འཇའ་རིས་བཞིན། །དོན་གྲུབ་གནམ་ལོའི་ཉིན་བྱེད་ཉ་ཁྱིམ་དུ། །ཉེར་བཞུགས་དཀར་ཆའི་རྒྱལ་བ་གསུམ་པ་ནས། །ཕྱེད་བཞིའི་བགྲང་བྱར་ཆོས་འཕེལ་(༣༡བ)


GLG018_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཛིན་སོགས། །བཅུ་གསུམ་སོར་མོའི་སྒྱུ་འཕྲུལ་སྨད་པོ་ཆེར། །གཙང་ཁང་ནང་བཞུགས་དུས་གསུམ་སངས་རྒྱས་དང་། །སེང་གེའི་ང་རོ་ཉེ་སྲས་རྣམ་པ་བརྒྱད། །སྒོ་སྲུང་དབང་ཆེན་རྟ་མཆོག་འདོད་དགུའི་ཆར། །འབེབས་མཛད་རྣམ་མང་ཐོས་པའི་གཟི་བྱིན་འབར། །ས་གསུམ་འདར་ནུས་འཇིགས་བྱེད་མ་ཧེའི་ཞལ། །མྱུར་མཛད་ལེགས་ལྡན་གཙོ་འཁོར་རྣམ་པ་གསུམ། །ལས་གཤིན་ཕྱི་ནང་མ་མོ་ཙ་མུ་ཎྚཱི། །ཐུབ་བསྟན་བསྲུང་བའི་ལྕགས་རིར་གཅིག་ཏུ་དཔའ། །ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གྱིས་མཚོན་པའི། །སྐུ་བལ་གདུང་དང་རྒྱུད་སྡེ་རྣམ་བཞིའི་གཟུངས། །བཀའ་དང་དེ་འགྲེལ་གླེགས་བམ་གནོད་སྦྱིན་གྱི། །འཁོར་ལོ་བུམ་གཏེར་ནང་བཞུགས་ཕ་མཐའ་ཡས། །རྟེན་དང་བརྟེན་པར་བཅས་ལ་སྨྲ་བའི་སྒོ། །རྣམ་པར་ཕྱེ་ནས་ཕྲ་ཞིབ་བྱེ་བྲག་རྣམས། །མ་འདྲེས་དབྱེ་བའི་ཁུར་ཆེན་ཕྲག་པ་རུ། །འདེགས་བྱེད་རབ་འབྱམས་འཕྱིན་ལས་དར་རྒྱས་སོ། །གཞལ་ཡས་ཁང་བཟང་བྲིས་དང་འབུར་གྱི་རྟེན། །དམ་ཚིགས་འཁོར་ལོའི་ཆུ་ཀླུང་འཁྱིལ་བ་ལ། །ཡེ་ཤེས་སེམས་དཔའི་གྲུ་ཆར་དབྱེར་མེད་དུ། །འདྲེས་པའི་རབ་གནས་ཆོ་གས་ལན་ལྔར་བརླབས། །སྙན་དར་བཅུ་གཅིག་གིས་ལྷག་བརྒྱ་ཕྱེད་གསུམ། །ཟང་གོས་བླ་བྲེ་སྣང་གསལ་མར་མེའི་ཀོང་། །བདུན་ཚར་ཏིང་དང་བདུག་སྤོས་གཞོང་པ་སོགས། །མ་ཕམ་སྤྱན་སྔར་མཆོད་པའི་སྦྲིན་ཕུང་སྤྲོས། །ཉིན་བདེ་གསུམ་སོགས་སྙན་ཤལ་མེ་མིག་གཟུགས། །བླ་བྲེ་རྔ་སྦུག་གཏོར་སྒམ་གོང་འདྲ་ཡིས། །མཆོད་རྫས་སྟེང་དུ་གོ་མཚོན་སྤྱན་གཟིགས་རྣམས། །དམ་ཅན་སྲུང་མ་དགྱེས་པའི་རྫས་སུ་སྤེལ། །ཁྲི་དང་ཚོགས་སྟན་ཉེར་གཉིས་དུས་དགྲའི་དབང་། །དཀྱིལ་འཁོར་སྒྲུབ་མཚོད་ལ་འོས་ཆ་རྐྱེན་དང་། །རྒྱ་ཇའི་བཏུང་བ་སྐོལ་དང་(༣༢ན)


GLG018_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པའི་སྣོད། ཁྲོ་ཟུར་ཇ་ཁྲ་ཉི་ཤུས་གཡོས་ཁང་མཛེས། །སློབ་དཔོན་ཉེར་དཔྱད་རྒྱལ་མཚན་རྔ་ཐུག་སོགས། །ཚུལ་འདིར་གང་སོང་བདོག་པའི་རིན་ཐང་ལ། །ཉིས་སྟོང་བཞི་བརྒྱ་ལྔ་བཅུའི་དངུལ་སྲང་ཚད། །ཕོགས་ཐེབས་ཆེད་དུ་ས་ཞིང་འགའ་ཞིག་སྦྱར། །གནས་ཁང་ཕྱི་ནང་བདག་པོར་བཅས་པ་རྣམས། །བདུད་དཔུང་ཀུན་འཇོམས་ཞིང་སྐྱོང་གནོད་སྦྱིན་ཆེ། །སྐྱེ་འགྲོའི་སྲོག་སྡུད་འཆི་བདག་གཤིན་རྗེ་ཡིས། །ཉིན་དང་མཚན་དུ་གཡེལ་མེད་མེལ་ཚེ་མཛོད། །བསོད་ནམས་བྱས་འབྲས་མཉམ་མེད་དགའ་ལྡན་པའི། །བཤད་སྒྲུབ་བསྟན་དང་དགེ་འདུན་ཚོགས་རྣམས་འཕེལ། །ཚུལ་བཞིན་འཛིན་པའི་བཤེས་གཉེན་མཐའ་ཀླས་པ། །སྲིད་མཐར་སྐུ་ཚེ་གཡུང་དྲུང་ལྟར་བརྟན་ཤོག །ཉན་ཐོས་སྤྱོད་མཛེས་བདེ་ཆེན་ཉེ་ལམ་གྱི། །རྣམ་གྲོལ་ཚལ་ཆེད་གཏོང་བའི་བང་མཛོད་ཕྱེ། སྒོ་གསུམ་ངལ་བ་སྟེན་རྣམས་གནས་སྐབས་དང་། །མཐར་ཐུག་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཀུན་མཁྱེན་ཚད་མའི་སྲང་ལ་འཁོར་བའི་མཐའ། །འཇལ་དཀའི་ལུས་ཅན་མཐའ་དག་སངས་རྒྱས་སར། །རིང་མིན་བགྲོད་པའི་རྒྱུ་རུ་ལས་དཀར་འདིས། །མཚོན་པའི་དུས་གསུམ་དགེ་ཚོགས་ཇི་སྙེད་བསྔོ། །རྣམ་འདྲེན་དེ་གསུང་སྒྲུབ་མཛད་བྱིན་རླབས་དང་། །རྒྱུ་འབྲས་རྟེན་འབྱུང་ནམ་ཡང་མི་བསླུ་བས། །བདེན་པའི་མཐུ་ལས་ས་འོག་ས་སྟེང་དང་། །ས་བླ་ཕུན་ཚོགས་དཔལ་གྱིས་ཁྱབ་པར་ཤོག །ཅེས་བྱང་རྩེ་ཆོས་རྗེ་ངག་དབང་བློ་གྲོས་རྒྱ་མཚོས་སྨད་རྒྱུད་གྲ་ཚང་གི་དྲི་གཙང་ཁང་ལེ་ལག་དང་བཅས་འཕྲུལ་སྣང་ཉེ་འདབས་སུ་གསར་དུ་བསྐྲུན་པ་དང་། རི་བོ་དགའ་ལྡན་དུ་གསེར་རྔ་ཆེ་ལེགས་ཉི་ཤུ་རྩ་དྲུག །སྦུག་ཆོལ་གྱི་ཤུབས་རྩི་དམར་རག་ཤན་མ་བརྒྱད། དགུན་ཆོས་ཀྱི་ཚ་བའི་ཐེབས་སུ་(༣༢བ)


GLG018_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཅུ་བདུན། ཞོགས་གུར་སྨོན་དུ་ཡུམ་ཆེན་མོའི་བརྒྱ་ཐང་གསུམ་སོགས་སྦྱར་བའི་སྐབས་དཀར་ཆག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །བྱམས་བརྩེའི་ཆབ་ཀྱིས་དུག་གསུམ་ཞུགས་བཅིལ་ལྷག་བསམ་སྙིང་རྗེའི་འཛིན་མ་ལ། །སྨོན་འཇུག་སེམས་ཀྱི་ས་བོན་ཡོངས་སྨིན་སྦྱིན་ཚུལ་བཟོད་བརྩོན་རོ་བདའི་འབྲས། །ཏིང་འཛིན་ཤེས་རབ་ཆུ་གཏེར་གྱིས་བསྒྱུར་སྐུ་བཞི་གསེར་གྱི་སྙེ་མ་ཅན། །ཐུབ་དབང་ཡོངས་འདུའི་འཕྲིན་ལས་གྲིབ་ཏུ་སྐྱེ་རྒུ་མཐའ་དག་བསིལ་བར་མཛོད། །གང་གིས་གསུང་རབ་ཏམྦུར་ཡི་རྒྱུད། །རྣམ་དཔྱོད་སོར་རྩེས་བརྡུང་མཛད་འཕགས་བོད་ཀྱི། །མཁས་གྲུབ་ལོ་པཎ་ས་སྤྱོད་མི་ལ་རྗེ། །དམ་པའི་ངང་(༣༣ན)


GLG018_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཀུན་ལ་སྙིང་ནས་རངས། །ཁྱད་པར་དཀའ་གནད་ཐེ་ཚོམ་དྲ་བའི་ཚོགས། །འཇམ་དཔལ་གསུང་གསང་མཚོན་རྣོན་གྱིས་དབྲལ་བས། །ཤེས་བྱ་ཐམས་ཅད་གཟིགས་པ་བཙོང་ཁ་པའི། །ཞབས་པད་རྡུལ་དམར་བྱང་ཆུབ་བར་དུ་བསྟེན། །མགྲིན་པའི་པད་མཚོར་དབྱངས་ཅན་ངང་མོ་དཀར། །ལེགས་བཤད་འདུས་སིལ་འཁྲོལ་པ་སྙན་འགྱུར་གླུ། །དགེ་ཚོགས་ལ་འདུན་མཁས་བཙུན་རྒྱ་མཚོའི་རྣར། །ལེན་མཛད་བཞད་པའི་རྡོ་རྗེ་ཁྱོད་ཅིག་བསྔགས། །འགྲོ་རྒྱུད་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ནད། །ཆོས་ཕུང་དེ་སྙེད་སྨན་གྱིས་རབ་གཞིལ་བའི། །སྔོན་མེད་སྨན་པ་རྫོགས་སངས་རྒྱས་ཁྱོད་དེང་། །པད་དཀར་ལྟ་བུར་བྱོན་པ་ཉི་མའི་གཉེན། ཁྱོད་གསུང་མི་འཛད་མ་དྲོས་རྒྱ་མཚོ་ལས། །མདོ་འདུལ་ཤེར་ཕྱོགས་རྒྱུད་སྡེའི་ཆུ་བོ་བཞི། །སྐལ་བཟང་གདུལ་བྱའི་འཛིན་མར་ཆད་མེད་དུ། །བབས་འདིས་ལུས་ཅན་ཉོན་མོངས་དྲི་མ་བཀྲུ། །དེ་ཕྱིར་བརྩེ་ཆེན་བློ་ལྡན་གཞན་ཕན་སེམས། །ལེགས་འབྱུང་བཟང་པོའི་ཐུགས་མངའ་རྒྱལ་བའི་སྲས། །བསྟན་འཛིན་རྒྱུ་སྐར་དབུས་ན་ཟླ་རྒྱས་པས། །སྐུ་གསུང་རྟེན་བཞེངས་དཀར་ཆག་སྨོན་ལམ་སྤེལ། །དེའང་ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོས། །རེས་འགའ་རྒྱལ་ལ་དམིགས་པའི་དད་པ་དང་། །སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན། །གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང་། །ཉམས་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང་། །བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ། །འདི་དག་ཕན་ཚུན་འགྲན་ཅིང་འཕེལ་བར་འགྱུར། །ཞེས་པ་ལྟར་བདེ་བར་གཤེགས་པ་རྣམས་གྱིས་དང་པོར་ཐུགས་བསྐྱེད། །བར་(༣༣བ)


GLG018_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཚོགས་བསགས། །མཐར་ཆོས་གཟུགས་གྱི་སྐུ་གཉིས་མངོན་དུ་མཛད་ནས་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པ་ཡོན་ཏན་མི་ཟད་པ་རིན་པོ་ཆེའི་མཛོད་ལས་བྱུང་བའི་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་འཇུག་པའི་འཕྲིན་ལས་ཀྱི་རྣམ་པར་ཐར་པ་ལ་རྒྱུ་མཚན་ཤེས་པའི་སྒོ་ནས་མི་འཕྲོགས་པའི་དད་པ་བསྐྱེད་པ་ནི་འཁོར་འདས་ཀྱི་ཡོན་ཏན་མ་ལུས་པའི་རྩ་བ་སྟེ། དཀོན་མཆོག་ཏ་ལའི་གཟུངས་ལས། །དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་འབྱུང་ལ། །གང་ལ་དད་པའི་གཞི་དང་གཙོ་བོ་ནི། རྟེན་འབྲེལ་བསྟོད་པ་ལས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་པ་ལྟར་འགྲོ་བ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་ཇི་ལྟ་བ་བཞིན་མཁྱེན་པས་དེ་དག་གི་རྒྱུད་ཀྱི་ཉོན་མོངས་པ་འཇོམས་པར་ནུས་པའི་སྙིང་པོའི་ཆོས་བསྟན་པ་ལ་བརྟེན་ནས་གྲོལ་བར་འགྱུར་བ་ཡིན་ཞིང་། །དེའང་ཆོས་ཀྱི་སྐུ་ལས་འོག་མིན་ཞིང་གི་གཙོ་བོར་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱ་ཐུན་མོང་བའི་དོན་དུ་མཆོག་གི་སྤྲུལ་སྐུ། །བཟོ་བ་སྤྲུལ་སྐུ། །སྐྱེ་བ་སྤྲུལ་སྐུ་སོགས་སྤྲུལ་པ་སྣ་ཚོགས་སྟོན་པ་ནི་སངས་(༣༤ན)


GLG018_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྤྱིའི་ལུགས་སྲོལ་ཡིན་ལ། །བྱེ་བྲག་འོ་སྐོལ་གྱི་སྟོན་པས་ཀྱང་། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པ་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པའི་ནང་ཚན་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། །མ་གདྡྷ་རྡོ་རྗེའི་གདན་བྱང་ཆུབ་ཀྱི་སྙིང་པོ་ཅན་དུ་སྲོད་ལ་བདུད་བཏུལ། །དགུང་ལ་མཉམ་པར་བཞག །ཐོ་རེངས་མངོན་པར་རྫོགས་པ་སངས་རྒྱས་པའི་བདུན་ཕྲག་དང་པོ་ལ་ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད། །གཉིས་པ་ལ་སྟོང་གསུམ་ཞབས་ཀྱིས་བཅགས། །གསུམ་པ་ལ་བྱང་ཆུབ་ཀྱི་སྙིང་པོར་སྤྱན་མི་འཛུམ་པར་གཟིགས། །བཞི་པ་ལ་འཛམ་བུ་གླིང་མཐའ་དག་ཞབས་ཀྱིས་བཅགས། །ལྔ་པ་ལ་ཀླུ་བཏང་བཟུང་གི་གནས་སུ་བཞུགས། །དྲུག་པ་ལ་ཤིང་ནྱ་གྲོ་དྷ་ར་སྐྱོང་གི་དྲུང་དུ་བཞུགས། །བདུན་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་བཞུགས་ཏེ་ཚོང་པ་ག་གོན་དང་བཟང་པོས་སྦྲང་རྩིའི་ལྡེ་གུ་ཕུལ་བ་རྒྱལ་ཆེན་བཞིས་ཕུལ་བའི་ལྷུང་བཟེད་དུ་བཞེས་ཏེ། །ལྷ་ཡི་བཀྲ་ཤིས་དོན་(༣༤བ)


GLG018_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྟེ། །ཞེས་སོགས་ཀྱི་ཚིགས་བཅད་གསུངས་ཤིང་། །དེར་མ་ཟད་སངས་རྒྱས་རྣམས་ཀྱིས་ཆོས་མི་གསུང་བའི་སྐབས་མེད་ནའང་ཐུན་མོང་བའི་བསམ་དོན་དང་མཐུན་པར། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབས་ཚལ་དུ་གནས་པར་བྱ། །ཞེས་ཆོས་མི་གསུང་བ་ལྟར་བཞུགས་ནས་གདུལ་བྱའི་དོན་དུ་འགྱུར་བར་དགོངས་ཏེ་ཐུགས་རྗེའི་མཐུས་སྟོང་གསུམ་གྱི་བདག་པོ་ཚངས་པ་གཙུག་ཕུད་ཅན་གྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་། །མཆོད་སྦྱིན་བརྒྱ་པས་གསེར་གྱི་མཎྜལ་དཔག་ཚད་བཅུ་པ་ཕུལ་ནས་གསོལ་བ་བཏབ་པས་ཡུལ་ཝ་ར་ཎཱུསིར་འཁོར་ལྔ་སྡེ་བཟང་པོ་ལ་བདེན་པ་བཞི་ལ་བརྟེན་པའི་ཆོས་འཁོར། །བྱ་རྒོད་ཕུང་པོའི་རིར་དགེ་སློང་ལྔ་སྟོང་དང་། །དགེ་སློང་མ། །དགེ་བསྙེན། །བྱང་ཆུབ་སེམས་དཔའ་སོགས་ཁྲག་ཁྲིག་བརྒྱ་སྟོང་ལ་འཕགས་པ་ཡུལ་འཁོར་བསྲུང་གིས་ཞུས་པའི་མདོ་ལས། །སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་ཏེ། །དེ་དག་ཐུགས་རྗེ་མངའ་བའི་ཐབས་ཚུལ་དང་། །རིགས་པ་བརྒྱ་ཕྲག་དུ་མས་འཛུད་པར་མཛད། །ཅེས་པ་ལྟར་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་བར་པ་མཚན་ཉིད་མེད་པའི་ཆོས་འཁོར། །རི་མ་ལ་ཡ་དང་ཡངས་པ་ཅན་སོགས་སུ་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་འཁོར་ལོ་དང་གཉིས་ཀྱི་འགལ་བ་སྤངས་ཏེ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་བ་དེ་དག་ཀྱང་། །དེ་བཞིན་གཤེགས་པ་ཞི་བའི་དབྱིངས་སུ་གཟིམས་(༣༥ན)


GLG018_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལོ་ཕྱི་མར་རྒྱལ་པོའི་ཁབ་ཏུ་དབྱར་གནས་ཀྱི་ཚེ་དགྲ་བཅོམ་པ་ལྔ་བརྒྱ་ལ་གཅིག་གིས་མ་ཚང་བ་འོད་སྲུངས་ཆེན་པོས་ཀུན་དགའ་བོ་ལ་སྐྱོན་ཕབ་པས་རྐྱེན་བྱས་ནས་དགྲ་བཅོམ་པ་མངོན་དུ་མཛད་དེ་སྣམ་སྦྱར་ལྔ་བརྒྱ་བཏིང་བའི་སྟན་ལ་ཀུན་དགའ་བོ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོས་པ་བཞུགས་ཏེ། འགོ་བོར་གླེང་གཞི། བར་དུ་འབྲེལ་དང་མཚམས་སྦྱོར། མཐར་འཁོར་འདུས་ཚུལ་དང་རྗེས་སུ་ཡི་རང་བཅུག་ནས་མདོ་སྡེའི་སྡེ་སྣོད་དང་། དེ་ནས་ཉེ་བ་འཁོར་བསྐོས་ནས་འདུལ་བའི་སྡེ་སྣོད་སྔར་ཇི་ལྟ་བ་བཞིན་གྱི་རྗེས་འོད་སྲུངས་ཆེན་པོ་བསྐོ་མཁན་མེད་པར་རང་ཉིད་ཀྱིས་འཛེགས་ཏེ་མངོན་པའི་སྡེ་སྣོད་རྣམས་བསྡུས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ན་དགེ་སློང་ལྷ་ཆེན་པོ་སོགས་ཀྱིས་ལག་ལེན་ལོག་པར་སྤྱད་པ་རྣམས་བསུན་དབྱུང་བའི་ཆེད་དུ་དགྲ་བཅོམ་པ་གྲགས་པ་ལ་སོགས་པ་བདུན་བརྒྱས་ཡངས་པ་ཅན་དུ་སྡེ་སྣོད་གསུམ་གྱི་ཞལ་འདོན་དང་བཀྲ་ཤིས་ཀྱི་གསོ་སྦྱོང་མཛད་ནས་བཀའ་གཉིས་པ་བསྡུས། །སངས་རྒྱས་གཤེགས་ནས་ལོ་བཞི་བརྒྱ་ན་དགེ་སློང་བཟང་པོས་ཆོས་ལོག་བསྟན་པ་དར་བའི་རྐྱེན་གྱིས་སྡེ་པ་བཅོ་བརྒྱད་ནང་ཕན་ཚུན་དུ་རྩོད་པ་མཛོད་འགྲེལ་རྒྱལ་སྲས་མར། །མི་བཅོ་བརྒྱད་ཀྱིས་རས་ཡུག་གཅིག་བགོས་པ་སོ་སོ་ལ་ཚང་བར་བྱུང་བའི་དོན་དང་མཐུན་པར་སྡེ་པ་བཅོ་བརྒྱད་པོ་ལུགས་ཚང་མར་བསྒྲུབས་པ་དང་། །མཉན་ཡོད་དུ་དགྲ་བཅོམ་པ་ལྔ་བརྒྱ། །བྱང་ཆུབ་སེམས་དཔའ་ལྔ་བརྒྱ། །སོ་སོ་སྐྱེ་བོའི་པཎྜི་ཏ་དྲུག་སྟོང་རྣམས་ཀྱིས་མི་བརྗེད་པའི་གཟུངས་མ་ཐོབ་པའི་གང་(༣༥བ)


GLG018_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་རྣམས་ཀྱི་ཆེད་དུ་གླེགས་བམས་ཡི་གེར་བྲིས་ཏེ་བཀའ་བསྡུ་གསུམ་པ་མཛད་དོ། །སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན་ཞེས་པ་ནི་ལེགས་བཤད་སྙིང་པོ་ལས། །བདེ་གཤེགས་གསུངས་རབ་ཚུལ་གཉིས་ཤིང་རྟའི་སྲོལ། །ལེགས་པར་ཕྱེ་ནས་རྒྱལ་བའི་བསྟན་པ་མཆོག །ས་གསུམ་འགྲོ་ན་ཉི་ལྟར་གསལ་མཛད་པ། །ཀླུ་སྒྲུབ་ཐོགས་མེད་ཞབས་ལ་མགོས་ཕྱག་འཚལ། །ཞེས་པ་ཉི་ཟླ་ལྟར་གྲགས་པའི་ཤིང་རྟ་ཆེན་པོ་གཉིས་ལས། ཉི་མ་ལྟ་བུའི་ཀླུ་སྒྲུབ་ནི་ལང་གཤེགས་ལས། །ལྷོ་ཕྱོགས་བེ་དྷའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་སྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་ལུང་བསྟན་པ་ལྟར་བེ་དྷའི་ཡུལ་དུ་བྲམ་ཟེ་ཞིག་ལ་ཁྱེའུ་ཞིག་བཙས་པར་བྲམ་ཟེ་བརྒྱ་དང་དགེ་སློང་བརྒྱ་ལ་ཆོས་སྟོན་རིམ་བཞིན་བྱས་ན་ཟླ་བ་བདུན་དང་ལོ་བདུན་གྱི་འཆི་བ་བཟློག་པ་ཙམ་ལས་ཐབས་གཞན་མེད་པར་ལུང་བསྟན་པ་ལ་བརྟེན་ནས་ལོ་བདུན་ཉེ་བ་ན་གྲོགས་དང་བཅས་ཏེ་ཡུལ་གཞན་དུ་བཏང་བས། །ནཱ་ལནྡའི་མཁན་པོ་སྒྲ་གཅན་འཛིན་གྱིས་ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་སྨིན་པར་མཛད་ཅིང་གཟུངས་བཟླས་པས་འཆི་བདག་གིས་ཡུལ་ལས་རྒྱལ། །སློབ་དཔོན་དེས་འདུས་པ་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་དུ་བཅུག་ཅིང་དགེ་སློང་གི་སྡོམ་པ་གནང་། །དགེ་འདུན་མཆོད་པའི་གསེར་འགྱུར་གྱི་རྩིས་རྐྱེན་བྱས་ཤར་ཕྱོགས་པ་ཌ་བེ་ཀ་(༣༦ན)


GLG018_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡུལ་ར་དར་དུ་གཙུག་ལག་ཁང་དུ་མ་དང་མཆོད་རྟེན་བྱེ་བ་བཞེང་པ་སོགས་ཀྱི་ཆེད་དུ་ཀླུའི་ཡུལ་དུ་བྱོན་ནས་མཆོད་རྟེན་གྱི་རྒྱུའི་ཀླུ་འཇིམ་དང་འབུམ་གདན་དྲངས་པའི་ཞབས་ནས་བྱམས་ཞུས་སོགས་བཞི་ལུས་པ་དེང་སང་དངོས་བསྟན་དུ་ཡོད་པ་འདི་ཉི་ཁྲི་དང་བརྒྱད་སྟོང་པ་ནས་ཁ་བཀང་བ་ཡིན། །རྒྱལ་པོ་བདེ་སྤྱོད་སྦྱིན་བདག་ཏུ་གྱུར་ནས་སྲི་ཞུ་ཕུན་སུམ་ཚོགས་པ་མཛད། །སློབ་དཔོན་འདི་ཉིད་རིག་པའི་གནས་ལྔ་ལ་མཁས་པས་བསྟན་བཅོས་མང་པོར་མ་ཟད་དུས་དེར་ཐེག་པ་ཆེན་པོ་སྤྱི་དང་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་རྣམས་མིང་ཙམ་ཡང་མི་བསྒྲག་པར་ཤིང་རྟའི་སྲོལ་ལེགས་པར་ཕྱེ། །དེའི་རྗེས་སུ་ཟླ་བ་ལྟ་བུ་ནི་རྨ་བྱ་ཆེན་མོ་ལས། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་ལུང་བསྟན་པ་ལྟར་བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་རྒྱལ་རིགས་དང་འདུས་པ་ལས་དབྱིག་གཉེན་འཁྲུངས་པའི་གཅེན་གྱིས་ལོ་བཅུ་གཉིས་ཀྱི་བར་དུ་དཀའ་བ་སྤྱད་དེ་བྱམས་པ་བསྒྲུབས་པས་ལས་སྒྲིབ་དག་ནས་མངོན་སུམ་དུ་རྗེས་སུ་བཟུང་སྟེ་དགའ་ལྡན་དུ་བྱོན། །ཟླ་བ་དྲུག་གམ་མིའི་ལོ་ལྔ་བཅུ་གང་རུང་བཞུགས་པའི་བཤད་ཚོད་མི་འདྲའང་དོན་དུ་ཡུམ་གྱི་མདོ་སོགས་ཐེག་པ་ཆེན་པོའི་ཆོས་མང་དུ་གསན། །དེ་དག་གི་དོན་གྱི་སྙིང་པོ་བསྡུས་ཏེ་འགྲེལ་བར་བྱེད་པའི་བསྟན་བཅོས་རྩོམ་པར་བསྐུལ་བ་བཞིན་བྱམས་ཆོས་སྡེ་ལྔ་བརྩམས། །རང་གནས་སུ་བྱོན་ནས་དེ་དག་གི་དོན་འགྲེལ་(༣༦བ)


GLG018_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བར་ས་སྡེ་ལྔ་དང་བསྡོམ་རྣམ་པ་གཉིས་སོགས་བསྟན་བཅོས་མང་དུ་མཛད་པར་གཅུང་དབྱིག་གཉེན་མ་རངས་པར། །ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་འགྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་བསྟན་བཅོས་བརྩམས། །ཞེས་གསུངས་སྐད། །སློབ་དཔོན་འདིས་སྦས་དོན་མངོན་པར་རྟོགས་པའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་དོ། །གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང་། །ཞེས་པ་ནི་ལེགས་བཤད་སྙིང་པོ་ལས། །ཤིང་རྟ་ཆེན་པོའི་སྲོལ་ནི་ལེགས་བཟུང་ནས། །འཛམ་གླིང་བློ་གསལ་བྱེ་བའི་མིག་འབྱེད་པ། །འཕགས་པ་ལྷ་དང་དཔའ་བོ་སངས་རྒྱས་བསྐྱངས། །ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་ཞབས། །དབྱིག་གཉེན་ཞབས་དང་དེ་སྲས་ཡོན་ཏན་འོད། །ཤཱཀྱ་འོད་དང་ཕྱོགས་ཀྱི་གླང་པོ་དང་། །ཆོས་ཀྱི་གྲགས་པའི་ཞབས་སོགས་འཛམ་གླིང་རྒྱན། །ཐུབ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་མཆོག །མཁས་པའི་དབང་པོ་རྣམས་ལ་གུས་ཕྱག་འཚལ། །ཞེས་པ་ལྟར་ཤིང་རྟ་ཆེན་པོ་གཉིས་ཀྱི་སྲོལ་ལེགས་པར་འཛིན་པའི་པཎ་ཆེན་གྱི་ངག་ཏུ་མ་ཟད་རིག་པའི་གནས་བཅོ་བརྒྱད་དང་། །བཅུ་དང་ལྔ་ལ་སོགས་པ་ལ་ལེགས་པར་སྦྱངས་ཤིང་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་རྒྱ་གར་ཤར་ནུབ་ལྷོ་བྱང་དབུས་དང་བཅས་པའི་མཁས་པ་རྣམས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་ཉི་ཟླ་ལྟར་གསལ་བར་མཛད་པ་ལས་རིམ་གྱིས་ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་(༣༧ན)


GLG018_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་པ་ཐོག་ཏུ་བབས་ཏེ་བོད་མུན་པའི་གླིང་དུ་དམ་པའི་ཆོས་ཀྱི་སྒྲོན་མེ་སྤར་བའི་སླད་དུ་རིགས་གསུམ་མགོན་པོ་སོགས་འཕགས་པས་བྱིན་གྱིས་བརླབས་པ་ལས་བོད་སྤྱི་ལ་དབང་སྒྱུར་བའི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བཟུང་གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་དུ་ལེགས་དྲུག །ས་ལ་ལྡེ་བརྒྱད། འོག་གི་བཙན་གསུམ་སྟེ་གདུང་རབས་ཉི་ཤུ་རྩ་བདུན་གྱི་ཐ་མ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལྷ་ཐོ་ཐོ་རི་སྙན་ཤལ་གྱིས་ཕོ་བྲང་ཡོམ་(ཡུམ་)བུ་གླ་སྒང་དུ་དམ་པ་ཆོས་ཀྱི་དབུ་བརྙེས། དེ་ནས་རྒྱལ་རབས་ལྔ་ན་ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྲོང་བཙན་སྒམ་པོས་གཙུག་ལག་ཁང་དང་རྟེན་བཞེངས་པ་སོགས་ཀྱི་སྲོལ་བཏོད། དེ་ནས་རྒྱལ་རབས་ལྔ་ན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་རྗེ་ཁྲི་སྲོང་ལྡེའུ་བཙན་དང་། དེའི་དབོན་སྲས་མངའ་བདག་ཁྲི་ལྡེ་སྲོང་བཙན་གཉིས་ཀྱི་རིང་མངའ་འོག་གི་བློ་རྣོ་བ་མང་པོས་ལེགས་པར་སྦྱར་བའི་སྐད་ལ་སྦྱངས་ཏེ་དམ་པའི་ཆོས་བསྒྱུར་བའི་ལོ་ཙཱ་མཛད། བསྟན་པ་ཕྱི་དར་ལ་པཎྜི་ཏ་སྨྲི་ཏི་ཛྙ་ན་ཤྲཱི། ཇོ་བོ་ཆེན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན། པཎ་ཆེན་གྷ་ཡ་དྷ་ར། ཀསྨིར་པའི་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་སོགས་པཎ་གྲུབ་དུ་མ་དང་། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ནས་བཟུང་འཇིག་རྟེན་གྱི་མིག་གཅིག་པུ་ཆོས་སྐྱོང་བཟང་པོ་བརྒྱུད་པར་བཅས་པའི་བར་དུ་བྱོན་པའི་མཁས་པ་རྣམས་ཀྱིས་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་གསར་དུ་མ་བསྒྱུར་བ་དང་འགྱུར་ཟིན་འཆོས་པ་སོགས་འཆད་ཉན་(༣༧བ)


GLG018_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གཏན་ལ་ཕབ་པའི་རྣམ་པར་ཐར་པ་ལ་མི་འཕྲོགས་པའི་གུས་པ་ཆེས་ཆེར་འཕེལ་བར་འགྱུར་ཞིང་། རྒྱལ་བློན་ལོ་པཎ་དེ་དག་གིས་དཀའ་བ་བརྒྱ་ཕྱག་དུ་མའི་སྒོ་ནས་འབད་པས་བསྒྲུབས་པ་རྣམས་ཀྱང་རང་ཉིད་ཞི་བདེ་དོན་གཉེར་མ་ཡིན་པར་སྡུག་བསྔལ་གསུམ་གྱིས་མནར་བའི་རིགས་དྲུག་གི་སེམས་ཅན་ཉམ་ཐག་པ་རྣམས་ཀྱི་དོན་ལ་དགོངས་པའི་རྣམ་པར་ཐར་པའི་རྗེས་སུ་ཞུགས་ཏེ་ཚེ་རབས་ཐོག་མེད་ནས་དྲིན་གྱི་བསྐྱངས་པའི་མ་རྒན་དུ་ཤེས་པ་སོགས་ཀྱིས་དྲངས་ཏེ། སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་མེད་ལ་དམིགས་པའི་སྙིང་རྗེས་རྩིས་ཟིན་པ་ནི་ཐེག་པ་ཆེན་པོའི་ལམ་གྱི་ཐོག་མཐའ་བར་གསུམ་དུ་གལ་ཆེ་བས། འཇུག་པ་ལས། །གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེར་བསྟོད་པར་བགྱི། །དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །འགྲོ་བ་གཡོ་བ་ཆུ་ཡི་ནང་གི་ཟླ་བ་ལྟར། །གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡི། །ཞེས་གསུངས་པ་ལྟར་རོ། །བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ། །ཞེས་པ་ཕན་པ་དང་བདེ་བ་མ་ལུས་པ་འབྱུང་བའི་རྩ་ལག་ནི་ལུང་དང་རྟོགས་པའི་བསྟན་པ་ཡིན་ཅིང་། རྟོགས་པའི་བསྟན་པ་རྒྱུད་ལ་སྐྱེད་པར་ལུང་གི་བསྟན་པ་ལ་ཐོས་བསམ་བྱས་པ་(༣༨ན)


GLG018_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རག་ལུས། །ལུང་གི་བསྟན་པའང་སངས་རྒྱས་ཀྱི་བཀའ་ཚད་མ་དང་། །དེའི་དགོངས་འགྲེལ་དུ་གྱུར་པའི་བསྟན་བཅོས་ཚད་མ་ལ་རག་ལུས། །སྔོན་གྱི་འགྲེལ་བྱེད་མཁན་པོ་རྣམས་ཀྱིས་གཞུང་བརླིང་ཞིང་། རྟོགས་དཀའ་བ་དག་ལ་བླ་མ་ཕྱི་མ་རྣམས་ཀྱིས་ཚིག་འགྲེལ། སྤྱི་དོན། མཐའ་གཅོད། ཟིན་བྲིས་མཛད་པ་རྣམས་ཀྱང་རང་བཟོས་མ་བསླད་པའི་ཁུངས་དང་འབྲེལ་བའི་དཔང་པོ་ཞིག་ངེས་པར་དགོས་པས། ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཡིན་ཞིང་། དེའང་བཞུགས་ཚུལ་ལ་ཐེག་པའི་མཐོ་དམའ་དང་། འགྱུར་གྱི་སྔ་ཕྱི་སོགས་རྣམ་གྲངས་མང་ཡང་འཇུག་སྒོའི་དབང་དུ་བྱས་ན། ལྷ་རྩེའི་ལྷ་བཙུན་མཆེད་གསུམ་དང་། རྒྱ་ཤཱཀ་གཞོན། སེང་ཡེ་ཤེས་བརྩོན་འགྲུས། མྱང་རྡོ་རྗེ་རྒྱལ་མཚན་ཏེ་ཡོན་མཆོད་རྣམས་ཀྱིས། འབྲོག་མི། ལེང་། སྟག་གསུམ་རྒྱ་གར་དུ་བརྫངས་པའི་ཞལ་ཏ་ལ། བསྟན་པའི་རྩ་བ་ཡིན་པས་འདུལ་བ། སྙིང་པོ་ཡིན་པས་ཕར་ཕྱིན། ཉིང་ཁུ་ཡིན་པས་རྡོ་རྗེ་ཐེག་པ་སློབས་ཤོག་གསུངས་པ་ལྟར། བྲམ་ཟེའི་རྒྱལ་པོ་རྒྱལ་བཤེས་ཀྱིས་གནོད་པ་བྱས་ནས་བསྟན་པ་ལ་འཕེལ་འགྲིབ་བྱུང་བའི་དུས་ལུང་གཞན་རྣམས་ཀྱི་དཔེ་རྙེད་ཀྱང་གཞུང་བླ་མའི་དཔེ་མ་རྙེད་ཞུ་བའི་བར་ཁ་ཆེར་དགེ་སློང་ཞིག་གིས་བློ་ནས་གང་ཐོན་བྲིས་པ་ཅུང་ཟད་མ་དག་པའི་སྐྱོན་ཡོད་ཅིང་། གཞུང་བླ་མ་གླེགས་བམ་ཞུགས་ལ་སྦྱངས་པའི་ཐལ་ཁྲོད་ནས་རྙེད་པ་ཞུ་བའི་ཞབས་ཅུང་ཟད་མ་རྫོགས་པ་འདི་དག་པར་གྲགས། དཀར་ཆག་ཕང་ཐང་མ་སོགས་ཀྱི་རྗེས་སུ་འབྲངས་ཏེ་མཚལ་པ་(༣༨བ)


GLG018_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་འགྱུར་དུ། དང་པོར་ལུང་གཞི། གཉིས་པར་སོ་ཐར་གྱི་མདོ་དང་རྣམ་འབྱེད། གསུམ་པར་ཕྲན་ཚེགས། བཞི་པར་ཞུ་བ་མཛད་ལ། བཀའ་འགྱུར་ཐེམ་སྤངས་མར་གོ་རིམ་འདི་དང་ཅུང་མི་མཐུན་ཀྱང་དོན་གྱི་ཆ་ལ་གང་བྱས་ཀྱང་འགལ་བ་མེད། ཡུམ་རྒྱས་པ་ཞབས་ནས་ལེའུ་བཞི་མ་ཚང་བ་གཞན་ནས་ཁ་བཀང་བ་ཙམ་དང་། བརྒྱད་སྟོང་པ་ལ་འཕྲེང་ཅན་བཟོ་སྦྱངས། སྡེ་ཅན་གསུམ་འགྱུར་གྱི་ཁྱད་པར་ཙམ་ལས་དོན་ལ་མི་མཐུན་པ་མེད་ཅིང་། ཡུམ་སྲས་བཅུ་བདུན་པོ་འགྱུར་སྔ་ཕྱི་ཁྱད་པར་མི་འདྲ་བ་ཐོར་བུ་ལས་དོགས་པའི་གནས་ཆེ་བར་མི་སྣང་། མདོ་མང་ལ་བསྐལ་བཟང་སོགས་གླེགས་བམ་གཅིག་ནས་གཉིས་གསུམ་དུ་འོངས་བ་དང་། ཆོས་ཚན་མང་པོ་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྐོར་ལ་མདོ་སྡེ་སྣ་ཚོགས་པར་ངོས་འཛིན་ཞིང་། འདི་དག་ལ་ཐེག་པ་ཆེ་ཆུང་མངས་བའི་དྲངས་ངེས་ཀྱི་ཁྱད་པར་མཐའ་ཀླས་ཀྱང་ཏིང་འཛིན་རྒྱལ་པོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཞེས་གདུལ་བྱ་བློ་མཆོག་དམན་ཐ་དད་པའི་སྣང་ངོ་ཙམ་ཡིན་པ་ལ་དགོངས་ནས་འཇམ་དབྱངས་ཀུན་དགའ་གྲོལ་མཆོག་གིས། དམ་ཆོས་ཀུན་གདུལ་བྱའི་བློ་འཁྲིད་ལས། །ཕྱོགས་འཛིན་གྱི་གྲུབ་མཐའ་སྐྱོང་མ་མྱོང་། །ཆོས་དུ་མ་རོ་གཅིག་གི་རྣལ་འབྱོར་ང་། །གསུངས་པར་སྣང་། དཀོན་བརྩེགས་དང་ཕལ་ཆེན་བཞུགས་ཆེ་བས་ལོགས་སུ་འདྲེན་པ་འདུག་ཀྱང་དོན་དུ་མདོ་མང་གི་ཁོངས་སུ་གཏོགས་པ། །(༣༩ན)


GLG018_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་བརྩེགས་པར། །རྣམ་པ་བཅུ་དྲུག་གི་ཆོས་བསྟན་པ་དེ་རྣམས་འོད་སྲུངས་ཀྱིས་ཞུས་པ་འཕགས་པ་སྡོམ་པ་གསུམ་བསྟན་པར་ཚིག་དོན་མདོར་བསྡུས་ནས་དེའི་རྒྱས་བཤད་སྒོ་མཐའ་ཡས་པ་སོགས་ལེའུ་ལྷག་མ་རྣམས་ཀྱིས་བསྟན་པས། །རྩ་འགྲེལ་ལྟ་བུ། སངས་རྒྱས་ཕལ་པོ་ཆེར་སྙན་གྱི་གོང་རྒྱན་དང་། པདྨའི་རྒྱན་སོགས་མཚན་གྱི་རྣམས་གྲངས་སུ་ཐམས་ཅད་མཁྱེན་པ་ཡེ་བཟང་རྩེ་བ་གསུང་། དཀར་ཆག་ཕང་ཐང་མ་དང་ལྡན་དཀར་མར། གསང་སྔགས་ཕྱིའི་རྒྱུད་རྣམས་ཞིབ་མོར་བཀོད་པའི་རྗེས་སུ། གསང་སྔགས་ནང་གི་རྒྱུད་རྣམས་ནི་ཆེས་གཉན་པས་རེ་ཞིག་འདིར་མ་བཀོད། ཅེས་གསུང་པ་མདོ་སྒྱུ་སེམས་གསུམ་བཀའ་བརྒྱད་སྤྱི་བྱེ་བྲག་གི་རྒྱུད་རྣམས་ཨྱོན་ཆེན་པོ། བི་མཱ་ལ་མི་ཏྲ། བཻ་རོ་ཙ་ན། རྨ་གཉགས། བསྟན་པ་སྔ་དར་གྱི་མཇུག་དང་། ཕྱི་དར་གྱི་འགོར་སོ་ཟུར་གནུབས་གསུམ་སོགས་ཀྱིས་འཆད་ཉན་གྱིས་གཏན་ལ་ཕབ་པར་སྔགས་གསར་རྙིང་གི་ཆགས་སྡང་ལ་བརྟེན་འཇམ་ཡིག་འགའ་ཞིག་བྱུང་བས་ཀུན་མཁྱེན་བུས་གསུང་རབ་རིན་པོ་ཆེའི་མཛོད་དུ་བཏང་སྙོམས་སུ་བཞག་པས་དར་སོ་ཆུང་ཞིང་། བཀའ་འགྱུར་རོ་ཅོག་གི་མིང་ཐོགས་པར་མི་སྣང་ལ། གསར་རྒྱུད་ལ། རྒྱ་བོ་བ་ལུང་པས་བརྩམས་པའི་གཉིས་མེད་རྣམ་རྒྱལ། བདེ་མཆོག་ར་ལི་ཉེར་གཅིག །མགོན་པོ་དངོས་གྲུབ་འབྱུང་བ་སོགས་ཐེ་ཚོམ་གྱི་གཞི་མང་པོ་ཕྱིར་དབྱུང་བས་ཐེམ་སྤངས་མ་ཕྱོགས་ཀྱི་གླེགས་བམ་ལ་(༣༩བ)


GLG018_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་གྲངས་ཉུང་བར་ཡོད་ཅིང་། ད་ལྟར་རྒྱལ་བའི་བཀའ་མདོ་རྒྱུད་ཀྱི་གླེག་བམ་རྣམས་དང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་སྣང་བརྙན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་འཁྲུངས་རབས་ཉི་ཤུ་རྩ་གསུམ་གསེར་ཟངས་ལས་གྲུབ་པ་རྣམས་བཞེངས་པར་མཛད་པ་པོ་ནི། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་ཞལ་གསུངས་མར། ཡང་ལན་ཅིག་གི་ཚེ་ངས་ཐོག་མར་དབང་ལྡན་དུ་ཕྱིན། དེ་ན་རྗེ་བཙུན་བྱམས་པ་དང་། ཇོ་བོ་ཡབ་སྲས། རྗེ་བཙོང་ཁ་པ་རྣམས་ཕེབས་གསུང་། ཆོས་མང་པོ་གསུང་གི་འདུག་པ་རྣམས་ཉན། དེ་ནས་བདག་འགྲོ་དོན་ལ་གང་དུ་ཕྱིན་ན་ལེགས་ཞུས་པས། མེ་ཏོག་པདྨ་གཅིག་དང་། སེར་བ་རྡོག་པོ་གཉིས་གནང་སྟེ། འདི་རྣམས་གང་དུ་སོང་བར་འགྲོ་དོན་གྱིས་གསུང་། དེ་རྣམས་མཁའ་ལ་བསྐྱུར་བས་ཡོལ་དཀར་དུ་པདྨ་དེ་བབས། སེར་བ་གཅིག་དབུར་སྟོད་ཕྱོགས་སུ་བབས། གཅིག་མདོ་ཁམས་ཕྱོགས་སུ་བབས་ཞེས་ཀྱང་སྨྲས་པར་གྲགས། ཞེས་གསུངས་པའི་དབུ་རུར་བབས་པ་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྲས་ཀྱི་གཙོ་བོ་རྒྱལ་བའི་སྲས་པོ་ཤེས་རབ་འཕེལ་བ་ཡིན་པར་འཇམ་མགོན་བླ་མ་དཀོན་ཆོག་ཆོས་འཕེལ་གྱི་གསུངས་ལས་ཐོས་ཤིང་། རྗེ་ཤེར་འཕེལ་བའི་སྐྱེས་རབས་ཀྱི་འཕྲེང་བ་ཚར་དུ་དངར་བར་བྱོན་པ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་གྱིས་དྲག་པོ་ཞེས་པ་ལྕགས་ཕོ་སྤྲེའུའི་ལོ་དོ་དམ་ཁུར་འཁུར་བ་དང་དབོན་པོ་བློ་བཟང་རྒྱལ་(༤༠ན)


GLG018_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། སྟོ་དཀར་དངོས་གྲུབ་དང་བཙུན་ཆུང་གཉིས་ཀྱིས་གཙོས་པའི་བརྒྱ་དང་སུམ་ཅུ་སོ་ལྔ། ཤིང་བཟོ་བ་མགོན་པོ་ཅན་དགུ །བལ་པོ་པདྨ་རྣམ་དག་གིས་གཙོས་པའི་དྲུག་རྣམས་ཀྱིས་ལེགས་པར་བསྒྲུབས་པའི་ཐུབ་གསུང་རིན་པོ་ཆེ་བཞེངས་པའི་ཕན་ཡོན། སྡུད་པ་ལས། །བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟ་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཅེས་དང་། འཕགས་པ་བརྒྱད་སྟོང་པ་ལས། །དེ་བཞིན་གཤེགས་པའི་བྱིན་གྱི་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ་མེ་ཏོག་དང་བདུག་པ་དང་དྲི་དང་གཉེ་བ་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་ཁོ་ར་ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དང་མཆོད་པ་རྣམ་པ་མང་པོས་བཀུར་བསྟིར་བྱ། བླ་མར་བྱ། བརྗེད་པར་བྱ། མཆོད་པར་བྱ། རི་མོར་བྱ། བསྙེན་བཀུར་བྱ་སྟེ་ཀུན་དགའ་བོ་འདི་ནི་ངས་རྗེས་སུ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། པད་དཀར་ཆེན་པོ་ལས། །ཀུན་དགའ་བོ། གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན་ཀུན་དགའ་བོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ་(༤༠བ)


GLG018_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། །སྐུ་རྟེན་བཞེངས་པའི་ཕན་ཡོན་ཡང་། སྤྱན་རས་གཟིགས་ཀྱི་ཐེག་པ་ཆེན་པོའི་མདོ་ལས། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དབང་ལྡན་དབང་ཕྱུག་ཉིད་ཀྱི་ལྷར་འགྱུར་ཏེ། །མི་དམན་དགའ་བའི་སེམས་ཀྱིས་སངས་རྒྱས་མཆོད། །རྒྱལ་བ་མཆོག་གི་བསྟན་ལ་དད་པར་འགྱུར། །ཚངས་པའི་འཇིག་རྟེན་དབང་ཐོབ་ཚངས་པར་འགྱུར། །ཡིད་འོང་ཤིན་ཏུ་མཛེས་པའི་སྤོས་ངད་ཅན། །ཛམྦུ་ཀླུང་གསེར་འོད་བྱེད་དགའ་འགྱུར་བའི། །གཞལ་མེད་ཁང་མཆོག་ལྟ་སྡུག་ཐོབ་པར་འགྱུར། །དེ་ནི་དེད་དཔོན་སྟོབས་བཅུ་ལྡན་པ་པོ། །སེམས་ཅན་སྙིང་པོ་མཚུངས་འདྲ་མེད་པ་ཐོབ། །ཁ་དོག་མཐའ་ཡས་འཇིག་རྟེན་ཀུན་ན་གསལ། །གསར་སྟེང་རིན་ཅེན་བཻཌཱུཪྻ་དང་མཚུངས། །སུ་ཞིག་དགའ་བའི་ཡིད་ཀྱི་མེ་ཏོག་བླངས། །དད་སྐྱེས་འཇིག་རྟེན་མགོན་ལ་ཆར་དུ་གཏོར། །དེ་ནི་མི་ཡི་འཇིག་རྟེན་བསོད་ནམས་ལྡན། །རྒྱལ་སྲིད་གནས་ནས་རྒྱལ་བ་མཆོག་སྐུར་འགྱུར། །མྱ་ངན་ཐ་བ་བསྐམས་ཤིང་དྲིར་ལྡན་ལུས། །ཡན་ལག་ལེགས་གནས་མཚུངས་མེད་ཐོབ་པར་འགྱུར། །ཞེས་སངས་རྒྱས་སྲས་དང་ཉན་རང་སློབ་མར་བཅས་པའི་སྐུ་དང་གསུང་གི་རྟེན་བཞེངས་ཤིང་སྲི་ཞུར་བགྱིས་པའི་ཕན་ཡོན་གནས་སྐབས་དང་མཐར་ཐུག་གི་བདེ་ལེགས་ཐམས་ཅད་ཀྱི་གནས་སུ་རྒྱ་ཆེར་བཀའ་སྩལ་ཏོ། །བདག་གཞན་མཉམ་བརྗེའི་སེམས་གྱི་པི་ཝཾ་རྒྱུད། །དང་པོར་བདུངས་ཚེ་སྲིད་བདེའི་རྒྱ་(༤༡ན)


GLG018_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཆེ། །དམན་ལམ་རྫིངས་བཤིག་འགྲོ་ཀུན་རིན་ཅེན་གླིང་། །འཁྲིད་པའི་སྨོན་ལམ་ལྷུན་གྱིས་གྲུབ་པར་ཤོག །ལོག་བཤད་དྲི་བཀྲུས་རྣམ་དག་ལུང་རྟོགས་ཀྱི། །མཐོ་རིས་ཆུ་གོས་ལྷབ་ལྷུབ་གཡོ་བའི་རྩེར། །ཞྭ་སེར་བསྟན་པའི་ཏོག་འོད་འཇིག་རྟེན་ཁམས། །ཡོངས་ཁྱབ་དགའ་སྟོན་ཕྱོགས་བཅུར་རྒྱས་པར་ཤོག །ས་འོག་ས་སྟེང་ས་བླའི་འགྲོ་ཀུན་རྒྱུད། །སྐྱེ་བར་གོམས་པ་བསོད་ནམས་དར་བའི་མཐུ། །སྨིན་པས་སེམས་པའི་ཚོར་བ་བསྐལ་བར་གཉིད། །གཡུར་ནུས་མེས་པོའི་སྤུན་ཟླར་འགྱུར་བར་ཤོག །ཁྱད་པར་བོད་དང་བོད་ཆེན་རྒྱ་ཧོར་དུ། །ནད་འཁྲུག་མུ་གེའི་ཆད་པ་མཐར་བྱས་ནས། །དགེ་བཅུའི་ཁྲིམས་ཀྱིས་རྫོགས་ལྡན་ཕུང་པོའི་ལྗིད། །ནོར་འཛིན་དཔལ་མོའི་མངལ་དུ་ལྕི་བར་ཤོག །ཡོན་སྦྱོར་རྒྱལ་བའི་སྲས་པོར་དཀར་ནག་གི །ལས་འབྲེལ་ཐོགས་དང་མཐོང་ཐོས་དྲན་ཞིང་རེག །རྫི་ཕྱོགས་རྒྱུ་བའི་ཡིད་ཅན་མ་ལུས་པ། །འཁོར་འདས་ཡོངས་ཀྱི་བསམ་པ་ལྷུན་གྲུབ་ཤོག །སྐུ་རྟེན་གསུང་རབ་བཞེངས་པར་ངལ་བའི་ཁུར། །ཉེར་བསྟེན་དོ་དམ་བཟོ་རིགས་ལས་བྱེད་དང་། །བདོག་པའི་ཕན་པ་སྤེལ་རྣམས་མཐོ་རིས་བདེ། །རྟག་མྱོང་རིང་མིན་རྫོགས་སངས་རྒྱས་ཐོབ་ཤོག །དགེ་མཚན་བརྒྱ་ཕྲག་འདུས་པ་བཀྲ་ཤིས་ཀྱི། །བདུད་རྩི་འགྲོ་ཀུན་སྙིང་གི་དཔལ་བེ་རུ། །འཁྱིལ་བས་སྲིད་ཞིའི་བདེ་སྐྱིད་སྲོག་གི་གཟུངས། །མི་འཇིག་གཡུང་དྲུང་ལྟ་བུར་འགྱུར་བར་ཤོག །ཅེས་རྒྱལ་སྲས་སྤྲུལ་པའི་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོས་བཀའ་འགྱུར་རིན་པོ་ཆེ། སྐུ་རྟེན་གྲ་ཚར་གསར་དུ་བསྐྲུན་པ་བྱ་བ་ལས་ཀྱི་(༤༡བ)


GLG018_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་དཀར་ཆག་དང་འབྲེལ་བའི་སྨོན་ལམ་ཞིག་དགོས་ཞེས་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་པ་སརྦ་རཱ་ཛ་ཡནྟུ། །བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་བརྟན་པོའི་གཡོ་མེད་དམ་བཅའི་སྐྱིལ་མོ་ཀྲུང་། །ཀུ་ཤའི་སྟན་སྟེང་བཅས་པའི་མོད་ལ་བདུད་བཞིའི་གཡུལ་ངོ་ཕམ་མཛད་དེ། །མཉམ་གཞག་གཅིག་གི་ཐུན་གྱི་ཐ་མར་རྫོགས་སངས་རྒྱས་པ་དོན་ཀུན་གྲུབ། །འཁོར་ལོའི་རི་མོ་རྣམ་བཀྲའི་ཕྱག་མཐིལ་གཙུག་ཏུ་ཁྱོང་ལ་ཤིས་པ་སྩོལ། །གདུལ་དཀའི་འགྲོ་བ་ལྷག་པར་བརྩེ་བའི་སྙིང་སྟོབས་ཆེན་པོ་ཡིས། །པད་དཀར་ལྟ་བུའི་མཛད་པ་ལུས་ཕྲར་ཉེར་ཆགས་བ་སྤུའི་རྩེ། །ཚེར་ལྟར་རབ་རྩུབ་འདོད་མེས་(༤༢ན)


GLG018_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གདུངས་བའི་རྔུལ་ཆུས་བཞིན་བཀྲུ་ཞིང་། །ཞབས་ཀྱི་པདྨར་ལེགས་འཁྱུད་མགོ་བོས་བཏུད་ནས་ཕྱག་བགྱིའོ། །ཐོག་མ་བར་དང་ཐ་མར་དགེ་བ་ཐུབ་པའི་གསུང་། །ཆུ་སྲིན་འབྱུང་གནས་ལྟ་བུར་ཟབ་ཅིང་རྒྱ་ཆེ་ལས། །ལོ་པཎ་མཁྱེན་ཡངས་སྐྱོགས་ཀྱིས་ཆ་ཙམ་བཅུས་པ་ཡིས། །ལྗོངས་འདིར་ཕལ་ཆེར་འགྱུར་ཀུན་ལེགས་བྱས་བྱ་བའི་ཞིང་། །མཁྱེན་པའི་རྩིག་ངོས་ཤེས་བྱའི་འབོད་སྒྲོགས་གཟུགས། །མ་འདྲེས་འབྱེད་པའི་རྣམ་དཔྱོད་དགའ་བྱེད་ལྷས། །བསྟན་འཛིན་འཕོངས་སྐྱེན་དབུས་ན་ཟླ་མེད་པ། །རྗེ་བཙུན་བློ་བཟང་གྲགས་པས་རིང་དུ་སྐྱོངས། །འཕྲིན་ལས་གདུགས་དཀར་གཅིག་གི་གྲིབ་བསིལ་དུ། །རྒྱ་ཧོར་བོད་ཀྱི་འགྲོ་རྣམས་ངལ་འཚོ་བ། །བསོད་ནམས་རྒྱ་མཚོའི་ཞིང་གྱུར་འཇིག་རྟེན་དབང་། །ཐུགས་རྗེའི་ཕྱག་གིས་འགྲོ་ཀུན་དབུགས་ཕྱུང་ཞིག །བརྒྱ་ཕྲག་སྡུད་མཛད་གནམ་སའི་དབང་ཕྱུག་ཆེ། །བསྟན་འཛིན་ད་ལས་རྒྱལ་པོའི་ཐུགས་དམ་དུ། །རབ་སྤེལ་འཛམ་གླིང་མཛེས་པའི་རྒྱན་དུ་མཚར། །དེའང་འཇམ་དབྱངས་ས་སྐྱ་པཎྜི་ཏས། །མཆོད་བསྟོད་འདུད་པའི་བདག་ཉིད་ཅན། །ཤིས་པ་བརྗོད་སོགས་མི་འགལ་ཏེ། །ཐམས་ཅད་དུ་ཡང་སྟོན་པ་ཡི། །ཆེ་བ་འབའ་ཞིག་སྟོན་ཕྱིར་རོ། །ཞེས་པ་ལྟར་ཤིས་བརྗོད། །ཕྱག་བྱ་དངོས་པོ་ངེས་བསྟན་གྱི་ཚིགས་སུ་བཅད་པས་(༤༢བ)


GLG018_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྔུན་བསུས་ཏེ་གླེང་བར་བྱ་བ་ནི། །ཐམས་ཅད་མཁྱེན་པ་སི་ཏུ་དགེ་བའི་བློ་གྲོས་ཀྱིས། །མཁས་པའི་མདུན་སར་མཁས་པའི་གཏམ་གྱིས་དགའ་བ་བསྐྱེད། །ཆེན་པོའི་མདུན་སར་ཆེན་པོའི་གཏམ་གྱིས་དགའ་བ་བསྐྱེད། །བླུན་པོའི་མདུན་སར་བླུན་རྨོངས་གཏམ་གྱིས་དགའ་བ་བསྐྱེད། །སྐྱེ་བོ་ཕལ་པ་དམངས་ཀྱི་མདུན་སར་ཆལ་གཏམ་གྲོང་པའི་ཚིག །ཀུན་དང་མཐུན་པའི་དགའ་བསྐྱེད་མི་ཆོས་རྩ་བ་ཡིན། །ཞེས་པ་ལྟར་སོ་སོའི་སྐབས་ཐོབ་དང་འབྲེལ་ཆགས་པ་ཞིག་གལ་ཆེ་བས། །ཇི་སྐད་དུ་མཛོད་ལས། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་འགྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་རྡུལ་ཕྲ་རབ་ནས་རིམ་པ་བཞིན་དུ་ཕྲ་རགས་ཀྱིས་རྫས་འདུས་འཕེལ་བ་ལས་གྲུབ་ཅིང་། །གྲུབ་ཚུལ་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་དབང་གིས་ནམ་མཁའ་སྟོང་པའི་དབྱིངས་སུ་ཕྱོགས་བཅུ་ནས་རླུང་གཡོས་ཏེ་ཕན་ཚུན་འཕུལ་བས་ཤིན་ཏུ་བརྟན་པའི་རླུང་གི་དཀྱིལ་འཁོར་ཁ་དོག་སྔོ་སྐྱ་ས་ཡ་དྲུག་འབུམ་གྱི་རྔམས་དང་རྒྱར་གྲངས་མེད་པ་ཞིག་ཆགས། རླུང་གཡོས་པའི་མཐུས་གསེར་གྱི་སྙིང་པོ་ཅན་ཞེས་བྱ་བའི་སྤྲིན་འཁྲིགས་པ་ལས་བབས་པའི་ཆར་རྒྱུན་འཁྱིལ་བ་རླུང་གིས་བརྟེན་པ་ལས་ཆུའི་དཀྱིལ་འཁོར་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུའི་རྔམས་ཚད། དཔག་ཚད་འབུམ་ཕྲག་བཅུ་གཉིས་སྟོང་ཕྲག་སུམ་བརྒྱ་(༤༣ན)


GLG018_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ཕྱེད་ལྔ་ཐད་ཀའི་ཚད་དུ་ཡོད་པ། །འོག་གཞིའི་རྒྱ་མཚོ་རླུང་གིས་བསྲུབས་པའི་རྐྱེན་གྱིས་གསེར་གྱི་རྡུལ་སྤྲིས་མའི་ཚུལ་སྲ་མཁྲེགས་སུ་ཆགས་པ་ནི་གསེར་གྱི་ས་གཞི་སྟེ་དཔག་ཚད་སུམ་འབུམ་ཉིས་ཁྲིའི་རྔམས་ཚད་དང་། སྔར་གྱི་ཆུའི་ཚད་ལས་ཐུར་དུ་དཔག་ཚད་སུམ་འབུམ་ཉིས་ཁྲི་བྲི་བས་འོག་གཞི་ས་དཀྱིལ་ཆགས་པ་ནས་བཟུང་ཆུ་ལ་དཔག་ཚད་འབུམ་ཕྲག་བརྒྱད་ཡོད་ཅིང་། །གསེར་དེའི་ཐད་ཀའི་ཚད་ནི་ཆུ་དང་མཉམ་ལ། གཉིས་ཀའི་མཐའི་སྐོར་ནི་སུམ་འགྱུར་ཏེ་དཔག་ཚད་ས་ཡ་གསུམ་དང་དྲུག་འབུམ་ཆིག་ཁྲི་སུམ་བརྒྱ་ལྔ་བཅུ་ཡོད། དེའི་སྟེང་དུ་སྔར་བཞིན་ཆར་གྱི་རྒྱུན་བབས་པ་མཚོར་འཁྱིལ་བ་འོ་མ་བསྲུབས་པ་ལས་མར་བཞིན་དུ་ཁམས་རབ་ལས་རི་རབ། འབྲིང་ལས་གསེར་གྱི་རི་བདུན། ཐ་མ་ལས་ལྕགས་རི་སྣ་ཚོགས་ལས་གླིང་རྣམས་ཆགས་པའི་དངུལ། བཻ་ཌཱུཪྻ། ཤེལ་དམར། གསེར་ལས་གྲུབ་པའི་རི་རབ། རི་བདུན་གསེར་དང་། གླིང་རྣམས་ས་ཤས་ཆེ་བའི་ཁམས་སྣ་ཚོགས་པ་ཁོར་ཡུག་ནི་ལྕགས་ཀྱི་རང་བཞིན་ཅན་ནོ། །རི་བདུན་གྱི་བར་ན་ཀླུ་རྣམས་རྩེ་ཞིང་རོལ་བའི་མཚོ་བདུན། མུ་འཁྱུད་འཛིན་རིའི་ངོས་ནས་ལྕགས་རི་ལ་ཐུག་གི་བར་བ་ཚྭ་ཅན་གྱི་མཚོས་ཕྱོགས་མཚམས་ཐམས་ཅད་གང་བ་རི་རབ་ཀྱི་ཕྱོགས་མདོག་གིས་ཁ་བསྒྱུར་ཏེ་མཚོ་རྣམས་ཀྱང་དཀར་སྔོ་དམར་སེར་དུ་སྣང་བར་མཚོ་ཆེན་བཞིར་གྲགས་ཤིང་། ནམ་མཁའ་ལའང་ཕྱོགས་མདོག་གི་མདངས་སོ་སོར་འཆར། ཕྱིའི་རྒྱ་མཚོའི་ཤར་ཕྱོགས་ནས་ལུས་འཕགས་དབྱིབས་ཟླ་གམ་དུ་(༤༣བ)


GLG018_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ། དེའི་ནུབ་ན་ལུས་དང་ཤར་ན་ལུས་འཕགས། གླིང་གསུམ་པ་དེ་ནི་གླིང་གཞན་ཏཱ་ལ་བདུན་སྲིད་ཀྱི་གྱེན་དུ་འཕགས་པའི་ཕྱིར་རམ། །དེར་སྐྱེས་པའི་མི་རྣམས་གཟུགས་ཆེ་ཞིང་ལྟ་ན་སྡུག་པའི་ཕྱིར་དེ་ལྟར་གྲགས། ནུབ་ན་བ་ལང་སྤྱོད་དབྱིབས་ཟླུམ་པོ། དེའི་ནུབ་ན་གཡོ་ལྡན་དང་ཤར་ན་ལམ་མཆོག་འགྲོ། །གླིང་དེའི་མི་རྣམས་བ་ལང་དང་རིན་པོ་ཆེ་ལ་ལོངས་སྤྱོད་པ་ཤས་ཆེ་བས་དེ་ལྟར་གྲགས། བྱང་ན་སྒྲ་མི་སྙན་དབྱིབས་གྲུ་བཞི། དེའི་ནུབ་ན་སྒྲ་མི་སྙན་དང་ཤར་ན་སྒྲ་མི་སྙན་གྱི་ཟླ། གླིང་དེའི་མི་རྣམས་ལོངས་སྤྱོད་རང་རང་གི་དཔག་བསམ་གྱི་ཤིང་ལས་འབྱུང་ཞིང་འཆི་བའི་ཞག་བདུན་ན་འཆིའོ་ཞེས་སྒྲ་འབྱུང་བས་དེ་ལྟར་བརྗོད། །ལྷོ་ན་འཛམ་གླིང་དབྱིབས་ཤིང་རྟ་དེའི་ནུབ་ན་རྔ་ཡབ་དང་གཞན་ཏེ་གཙོ་བོ་དང་གླིང་གཡོག་གི་ཚུལ་དུ་ཡོད་པའི་ལྷོ་ཕྱོགས་ཀྱི་གླིང་འདི་ནི་ཛ་ན་སྐྱེ་བ་ལའོ་ཞེས་པའི་བྱིངས་ལ་བུ་ཀ་རྐྱེན་དུ་བྱིན་ནས་བསྒྲུབས་པས་ཛམྦུ་ཏྲི་ཤས་མཚན་པའི་གླིང་ཡིན་པ་དང་། །མཚོ་མ་དྲོས་པ་ན་ཤིང་འཛམ་བུ་ལ་འབྲས་བུ་དམར་པོ་རྫ་མ་ཙམ་ཆུའི་ནང་དུ་ལྷུང་བའི་སྒྲ་ལ་འཛམ་བུའི་སྒྲ་བྱུང་བས་དེ་ལྟར་བརྗོད་ཅིང་། གླིང་གཞན་རྣམས་ལོངས་སྤྱོད་ཀྱི་ས་པ་ཡིན་ཀྱང་། འདི་ཉིད་ལས་ཀྱི་ས་པར་བཤད་ཅིང་། རི་རབ་ཀྱང་ཆོས་མངོན་པ་ནས་བཤད་པ་དང་། དཔལ་དུས་ཀྱི་འཁོར་ལོ་ནས་གསུངས་ཚུལ་མི་མཐུན་པར་རྡོ་རྗེའི་རྭའི་དབྱིབས་ཅན་དུ་ཡོད་པའི་འོག་གི་གླིང་དྲུག་ནི་ལོངས་སྤྱོད་ཀྱི་ས་པ་དང་། གླིང་གཞན་རྣམས་ནི་ལས་གྱི་ས་པ་ཡིན་པས། བསྡུས་(༤༤ན)


GLG018_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། གླིང་ནི་ཟླ་བ་འོད་དཀར་ཅན་དང་རབ་མཆོག་ཀུ་ཤ་དང་ནི་མིའམ་ཅི་དང་ཁྲུང་ཁྲུང་དང་། །དྲག་པོ་ཡང་ནི་ལོངས་སྤྱོད་ས་སྟེ་བདུན་པར་ཛམྦུའི་མི་རྣམས་གནས་པ་དག་ནི་ལས་ཀྱི་ས། །ཞེས་བྱུང་ཞིང་གླིང་དེའི་ལྟེ་བ་སཾསྐྲྀཾ་ཏའི་སྐད་དུ་མ་ག་དྷ་ཞེས་པ་བོད་སྐད་དུ་དབུས་འགྱུར་འཆང་སྟེ། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་མཆོག་གི་སྤྲུལ་པའི་སྐུར་འཚང་རྒྱས་ཟིན་རྒྱ་བཞིན་པ་རྒྱ་བར་འགྱུར་བའི་གནས་ཡིན་པའི་གཟི་བྱིན་གྱིས་བསྐལ་མཐའ་དུས་ཀྱང་འབྱུང་བས་མི་གནོད་པར་མཁའ་ལ་ཟོ་བ་བཏགས་པ་ལྟར་གནས་པར་བཤད། དེ་དག་གི་མཐའ་སྐོར་དུ་མཉན་ཡོད། གནས་བཅས། ཙམ་པ་ཀ །ཕུབ་རལ་ཅན། ཡངས་པ་ཅན། རྒྱལ་པོའི་ཁབ་སྟེ་གྲོང་ཁྱེར་ཆེན་པོ་དྲུག་དང་། དེ་དག་གི་ཕྱི་རོལ་ཕྱོགས་བཞིར་མི་འགྱུར་བའི་གཟེར་ལྟ་བུ་དང་དོན་རྩིས་ཀྱི་སྒོ་ནས་གདུལ་བྱ་འདུལ་བའི་ཆེད་དུ་འཕགས་པ་འཇམ་དཔལ་དབྱངས་ཀྱི་བཞུགས་གནས་རྒྱ་ནག་རི་བོ་རྩེ་ལྔ། ལྷོ་ཕྱོགས་ན་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཡེ་ཤེས་སེམས་དཔའ་དངོས་སུ་མ་བསྡུས་པ་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོ། དེའི་ཐད་ཀྱི་རྒྱ་མཚོའི་འགྲམ་ན་ཕྱག་ན་པདྨའི་ཕོ་བྲང་པོ་ཏ་ལ། ནུབ་ན་གསང་སྔགས་ཐམས་ཅད་ཀྱི་འབྱུང་གནས་ཨཽཌྜི་ཡ་ན་ཧེ་རུ་ཀ༔རང་བྱུང་གི་གཙུག་ལག་ཁང་། བྱང་ཕྱོགས་ན་ཀ་ལཱ་པ་རིགས་ལྡན་གྱི་གྲོང་ཁྱེར་ཆེན་པོ་ན་ས་བཅུའི་བྱང་ཆུབ་སེམས་དཔའ་སྤྲུལ་པའི་ཆོས་རྒྱལ་གྱི་རྣམ་པས་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་སྨིན་གྲོལ་ལ་སྐལ་ལྡན་རྣམས་བཀྲི་བར་(༤༤བ)


GLG018_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ། གཞན་ཡང་ཀྱེ་རྡོ་རྗེ། སཾ་བྷུ་ཊི། མཁའ་འགྲོ་རྒྱ་མཚོ་སོགས་ལས་འཛམ་གླིང་ཆུང་ངུ་འདི་ཉིད་ན་ཡུལ་ཉེར་བཞི་དང་དུར་ཁྲོད་བརྒྱད་སོགས་གནས་སུམ་ཅུ་རྩ་གཉིས་ཡོད་པར་བཤད་ཅིང་། རྨ་བྱ་ཆེན་མོ་ནས་ཡུལ་འཁོར་ལྔ་བརྒྱ། ལྗོངས་ཆེན་པོ་བཅུ་དྲུག །ཡུལ་ཕྲན་སྟོང་། མི་རིགས་མི་གཅིག་པ་སུམ་བརྒྱ་དྲུག་ཅུ། སྐད་རིགས་བདུན་བརྒྱ་ཉི་ཤུ་སོགས་མཐའ་ཀླས་པ་ཡོད་པར་གྲགས་ཤིང་། བྱེ་བྲག་ཏུ་རྡོ་རྗེ་གདན་ནས་བརྩིས་པའི་རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རི་དཔལ་དང་ལྡན་པ་དང་། རི་སྤོས་ངད་ལྡན་གཉིས་ཀྱི་བར་ན་ཡན་ལག་བརྒྱད་དང་ལྡན་པའི་མཚོ་མ་དྲོས་པ། དེའི་ཤར་ཕྱོགས་ཀྱི་བྲག་གླང་པོ་ཆེ་ཁ་གདངས་པ་འདྲ་བ་ནས་གངྒཱ་དངུལ་གྱི་བྱེ་མ་འདྲེན་ཅིང་། ཆུ་ཕྲན་ལྔ་བརྒྱ་དང་བཅས་པ། ལྷོ་ཕྱོགས་ཀྱི་བྲག་ཁྱུ་མཆོག་གི་ཁ་འདྲ་བ་ནས་སིནྡྷུ་བཻ་ཌཱུཪྻའི་བྱེ་མ་འདྲེན་ཅིང་། ཆུ་ཕྲན་ལྔ་བརྒྱ་དང་བཅས་པ། ནུབ་ཕྱོགས་ཀྱི་བྲག་རྟའི་ཁ་འདྲ་བ་ནས་པཀྵཱུ་ཤེལ་གྱི་བྱེ་མ་འདྲེན་ཅིང་། ཆུ་ཕྲན་ལྔ་བརྒྱ་དང་བཅས་པ། བྱང་ཕྱོགས་ཀྱི་བྲག་སེང་གེའི་ཁ་འདྲ་བ་ནས་སི་ཏ་གསེར་གྱི་བྱེ་མ་འདྲེན་ཅིང་། ཆུ་ཕྲན་ལྔ་བརྒྱ་དང་བཅས་པ་རྣམས་མཚོས་སྐོར་བ་ལན་བདུན་གཡས་སྐོར་དུ་བྱས་ནས་རང་རང་གི་ཕྱོགས་ཀྱི་མཚོ་ལ་འབབ་པ། སྤོས་ངད་ལྡན་གྱི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན་བྲག་གསེར་གྱི་བྱ་སྐྱིབས་ཅན་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་བྲག་གཡོག་བརྒྱད་སྟོང་དང་བཅས་པའི་བྱང་དཔག་ཚད་ཉི་ཤུ་འདས་པ་ན་ཤིང་སཱ་ལའི་རྒྱལ་པོ་རབ་བརྟན་བྱ་བ་འདོམ་བཞི་བཅུ་ཐུར་དང་བརྒྱད་ཅུ་གྱེན་དུ་འཕགས་པ། སཱ་ལའི་སྡོང་པོའི་(༤༥ན)


GLG018_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་བ་རིམ་པ་བདུན་གྱིས་བསྐོར་བ། དེའི་ཤར་ཕྱོགས་དཔག་ཚད་ཉི་ཤུ་རྫིང་བུ་དལ་གྱིས་འབབ་པ། རྫིང་གཡོག་བརྒྱད་སྟོང་དང་བཅས་པ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའི་ནང་ན་པདྨའི་འདབ་མ་བ་ལང་གི་ཀོ་བ་ཙམ་སྡོང་བུ་གཤོལ་མདའ་ཙམ། མེ་ཏོག་ཤིང་རྟའི་འཕང་ལོ་ཙམ་ལ་རོ་སྦྲང་རྩི་དང་འདྲ་བ། བརྒྱ་བྱིན་གྱི་གླང་པོ་ཆེ་རབ་བརྟན་དེ་གླང་གཡོག་བརྒྱད་སྟོང་དང་བཅས་དགུན་ཟླ་བཞི་བྲག་གསེར་གྱི་བྱ་སྐྱིབས། དཔྱིད་ཟླ་བཞི་ཤིང་སཱ་ལ་རབ་བརྟན། སྟོན་ཟླ་བཞི་རྫིང་བུ་དལ་གྱིས་འབབ་པ་རྣམས་སུ་རྒྱུ་བར་བཤད་ཅིང་། གླིང་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འཛམ་བུའི་གླིང་གི་ལྟེ་བ་རྡོ་རྗེ་གདན་གྱི་སྤོ་ལ་འོ་སྐོལ་གྱི་སྟོན་པ་ཟས་གཙང་གི་སྲས་པོས་སྲོད་ལ་བདུད་བཏུལ། དགུང་ལ་མཉམ་པར་བཞག ཐོ་རེངས་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་མངོན་དུ་མཛད་ནས་ཞག་ཞེ་དགུ་འདས་པའི་མཐར་མི་མཇེད་ཀྱི་བདག་པོ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་དང་། བརྒྱ་བྱིན་གྱིས་གསེར་གྱི་མཎྜལ་དཔག་ཚད་ལྔ་བརྒྱ་པ་ཞིག་ཕུལ་ནས་གསོལ་བ་བཏབས་པས། ཡུལ་ཝ་ར་ཎཱསིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ། གནས་བྱ་རྒོད་ཕུང་པོའི་རིར་བྱང་ཆུབ་སེམས་དཔའ་གཙོ་བོར་གྱུར་པའི་འཁོར་རྣམ་པ་བཞིའི་དགེ་འདུན་ལ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཡུལ་ཡངས་པ་ཅན་དུ་ཐེག་པ་མཐའ་དག་ལ་ཡང་དག་པར་ཞུགས་པའི་འཁོར་ལ་ཐ་མ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་ཀྱི་(༤༥བ)


GLG018_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བསྐོར་ནས་སྡེ་སྣོད་གསུམ་གྱི་བསྟན་པ་ཆེས་ཤིན་ཏུ་དར་བ་ལས། སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོ་རྒྱལ་པོའི་ཁབ་ཏུ་དགྲ་བཅོམ་པ་ལྔ་བརྒྱ་ཚོགས་པའི་དབུས་སུ་འཕགས་པ་ཀུན་དགའ་བོས་མདོ་སྡེ། ཉེ་བར་འཁོར་གྱིས་འདུལ་བ། འོད་སྲུངས་ཆེན་པོས་མངོན་པའི་བཀའ་རྣམས་བསྡུས་པ་བཀའ་བསྡུ་དང་པོ། སྟོན་པ་གཤེགས་ནས་ལོ་བརྒྱ་དང་བཅུ་ན་དགྲ་བཅོམ་པ་གྲགས་པ་ལ་སོགས་པས་མི་རུང་བའི་བཞི་བཅུ་སུན་ཕྱུང་ནས་སྡེ་སྣོད་གསུམ་ཞལ་འདོན་མཛད་པ་བཀའ་བསྡུ་གཉིས་པ། སྟོན་པ་ནོངས་(འདས)ནས་ལོ་བཞི་བརྒྱ་འདས་པ་ན་མཉན་ཡོད་དུ་བྱང་ཆུབ་སེམས་དཔའ། དགྲ་བཅོམ་པ། སོ་སོ་སྐྱེ་བོའི་པཎྜི་ཏ་མང་པོ་འདུས་ཏེ་སྡེ་པ་བཅོ་བརྒྱད་ཡང་དག་པའི་བསྟན་པར་བཅུག་ཅིང་། མི་བརྗེད་པའི་གཟུངས་མ་ཐོབ་པ་རྣམས་ཀྱི་དོན་དུ་གཟུངས་ཐོབ་པ་རྣམས་ཀྱིས་གསུང་རབ་ཡི་གེར་བྲིས་ཏེ་གླེགས་བམ་དུ་བཞེངས་པ་བཀའ་བསྡུ་གསུམ་པ་ཡིན། དེ་ནས་རིང་ཞིག་གི་བར་ཉན་ཐོས་ཀྱི་སྡེ་སྣོད་དར་ཡང་ཐེག་པ་ཆེན་པོ་མིང་ཙམ་དུ་གྱུར་པའི་ཚེ། ཇི་སྐད་དུ། ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན། །ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། །ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །ཞེས་སྔོན་ཆད་གཞན་གྱིས་བགྲོད་མ་མྱོངས་པར་ས་མཁན་མཁས་པ་དག་གིས་ལམ་གྱི་སྒོ་ཕྱེ་བ་ལྟར་དངོས་བསྟན་སྟོང་ཉིད་དང་སྦས་དོན་མངོན་པར་རྟོགས་པའི་ཐེགས་པ་ཆེན་པོའི་གཞུང་ལུགས་རྨ་མེད་པ་དག་གི་སྲོལ་ལེགས་པར་ཕྱེ་བས། དཔལ་མགོན་འཕགས་(༤༦ན)


GLG018_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་གཉིས་ལ་ཤིང་རྟ་ཆེན་པོ་གཉིས་ཞེས་ཉི་ཟླ་ལྟར་གྲགས་ཤིང་། ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་བ་ཐལ་རང་གཉིས་དང་། ཐོགས་མེད་ཀྱི་རྗེས་འབྲངས་སེམས་ཙམ་རྣམ་བདེན་རྫུན། གཞན་ཡང་མདོ་སྡེ་པ་དང་བྱེ་སྨྲ་བ་སོགས་གྲུབ་མཐའ་སྨྲ་བ་བཞིའི་པཎྜི་ཏ་རྣམས་ཀྱི་ཐུབ་པའི་གསུང་རབ། འཆད་ཉན་གྱིས་གཏན་ལ་ཕབ། མདའ་བསྣུན་ཞབས་དང་རྣལ་འབྱོར་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་སོགས་གྲུབ་པའི་འཁོར་ལོས་སྒྱུར་པ་རྣམས་ཀྱིས་སྐལ་ལྡན་རྣམས་རྡོ་རྗེ་ཐེག་པའི་སྨིན་གྲོལ་ལ་བཀོད་དེ་རྒྱ་གར་གྱི་ཡུལ་གྲུ་ཕལ་ཆེར་དམ་པའི་ཆོས་ཀྱིས་དཀར་པོར་གྱུར་ནའང་བོད་ཁ་བ་ཅན་མུན་པའི་སྨག་རུམ་ལྟ་བུར་དམ་པའི་ཆོས་འབྱུང་བ་ནི། སངས་རྒྱས་ཉིད་གྱིས། གདོང་དམར་ཅན་གྱི་ཡུལ་དུ་དར་བར་ལུང་བསྟན་ཅིང་། དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་བྲི་ནས། ས་སཱའི་ནག་ནི་འབྱུང་བར་འགྱུར། ཞེས་བོད་གྱི་ཡུལ་མཚོས་གང་བ་ས་ལ་ཐིམ་ནས་སཱ་ལའི་ནགས་ཆགས། དེ་ནས་རིམ་གྱིས་དུད་འགྲོའི་འགྲོ་བ་མང་དུ་འཕེལ། དེ་ནས་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་རིགས་དྲུག་ནས་ཚེ་འཕོས་པའི་ཕྲུག་གུ་དྲུག་བྱུང་བ་རྣམས་རིམ་གྱིས་སྤུ་བྱི་ཞིང་མཇུག་མ་ཐུང་ངུར་གྱུར་ནས་མིའི་དབྱིབས་ཅན་དུ་སོང་། དེ་དག་རྣམས་ལས་རིམ་གྱི་འཕེལ་བར་སྒ་ལྡོང་འབྲུ་གསུམ་དགྲ་དང་བཞི། ནུ་བོ་དཔའ་མདའ་གཉིས་ཏེ་བོད་མིའུ་གདུང་དྲུག་གིས་རྒྱལ་ཁམས་གང་། དེའི་ཚེ་མ་སངས་རྒྱས་སྤུན་དགུ་རྒྱལ་ཕྲན་ཉི་ཤུ་རྩ་ལྔ། བཅུ་གཉིས།(༤༦བ)


GLG018_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སིལ་མ་བཞི་བཅུས་རིམ་གྱིས་དབང་བྱས། འོན་ཀྱང་གླེགས་བམ་རིན་པོ་ཆེར། བོད་ནི་རྒྱལ་པོ་དག་ལ་ཚད་མར་བྱེད། སྤྱི་ལ་དབང་པའི་རྒྱལ་པོ་ཞིག་མེད་ན་དགེ་བ་བཅུའི་ཁྲིམས་འཚལ་མི་ནུས་པར་དགོངས་ཏེ་ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཀྱི་མཐུ་ལས་རྒྱ་གར་རྒྱལ་པོ་དམག་བརྒྱ་པའི་སྲས་རྗེ་གཉའ་ཁྲི་བཙན་པོ་ལྷ་རི་ཞོལ་པོའི་རྩེར་བྱོན་པ་ཡོན་ཏན་ཅན་གྱི་མི་བཅུ་གཉིས་ཀྱིས་མཐོང་སྟེ་གང་ནས་འོང་དྲིས་པས་མཁའ་ལ་མཛུབ་མོ་ཀེར་བ་ན་ལྷ་ནས་འོངས་བར་གོ་སྟེ་གཉའ་བའི་ཁྲི་ལ་བཏེག་ནས་གདན་དྲངས་འབངས་རྣམས་ཀྱི་རྗེར་མངའ་གསོལ་བ་ནི་བོད་སྤྱི་ལ་དབང་བའི་ཐོག་མ་ཡིན། ཆབ་སྲིད་སྒྲུང་ལྡེའུ་བོན་གྱིས་བསྐྱངས། དེ་ཡང་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལྷ་ཐོ་ཐོ་རི་གཉན་བཙན་ཕོ་བྲང་ཡོམ་(ཡུམ་)བུ་གླ་སྒང་དུ་བཞུགས་པའི་ཚེ། ནམ་མཁའ་ནས་དཔང་སྐོང་ཕྱག་བརྒྱ་པ། ཚིནྡྷ་མཎིའི་རྐོས་ཕོར། གསེར་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ་རྣམས་བབས་པ་ཅི་ཡིན་མ་མཁྱེན་ཀྱང་། མཚན་གཉན་པོ་གསང་བར་བཏགས་ནས་མཆོད་པ་ཕུལ་བས་རྒྱལ་པོ་སླར་ཡང་གཞོན་ཤ་ཅན་དུ་གྱུར་ནས་དགུང་ལོ་དྲུག་ཅུ་འཕེལ་བས་བརྒྱ་ཉི་ཤུའི་བར་བཞུགས་ཏེ་བསྟན་པའི་དབུ་བརྙེས། དེ་ནས་རྒྱལ་རབས་ལྔ་སོང་བ་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་མི་རྗེ་སྲོང་བཙན་སྒམ་པོས་ཐུ་མི་སཾ་བྷོ་ཊ་རྒྱ་གར་དུ་བརྫངས་ཏེ་སྒྲ་རིག་ལ་མཁས་པར་གྱུར་པ་རྒྱལ་བློན་གཉིས་ཀྱིས་སྐྱིད་ཤོད་ཉང་ཕྲན་ཕོ་བྲང་དམར་རུར་རྒྱ་ཡིག་ལས་བོད་ཀྱི་སྐད་དང་མཐུན་པར་གཏན་ལ་ཕབ། རྒྱ་བལ་གྱི་སྲས་མོ་བཙུན་མོར་བསུས་པའི་སྐལ་(༤༧ན)


GLG018_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་དུ་ཇོ་ཤཀ་རྣམ་གཉིས་སོགས་རྟེན་ཁྱད་པར་ཅན་གདན་དྲངས། རྒྱལ་བློན་གསུམ་གྱིས་ཕོ་བྲང་དམར་རུར་རིགས་གསུམ་མགོན་པོ་བསྒྲུབས་པས་ཞལ་གཟིགས། བོད་སྲིན་མོ་གན་རྒྱལ་དུ་བསྒྱེལ་བ་ལྟ་བུའི་སའི་མེ་བཙའ་གནོན་པར་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་བཅུ་གཉིས་བརྩིགས་རྗེས། གངས་ཅན་གྱི་རྡོ་རྗེ་གདན་འཕྲུལ་སྣང་དང་ར་མོ་ཆེའི་གཙུག་ལག་ཁང་བཞེངས། རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤཾཀ་ར། བལ་པོའི་སློབ་དཔོན་ཤྲཱིལ་མཉྫུ། རྒྱ་ནག་གི་སློབ་དཔོན་ཧ་ཤང་མཧཱ་ཡ་ན་ལ་སོགས་པ་སྤྱན་དྲངས་ནས་སྡེ་སྣོད་གསུམ་དང་། རྒྱུད་ཀྱི་ཆ་ལག་མང་རབ་བསྒྱུར་ཞེས་ཀ་ཁོལ་མར་བྱུང་། རྒྱལ་པོ་ཉིད་ཀྱིས་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་ཆོས་སྐོར་སྐལ་ལྡན་མང་པོར་གནང་ནས་གྲུབ་པ་བརྙེས་པ་སོགས་བསྟན་པའི་སྲོལ་བཏོད། དེ་ནས་མི་རབས་ལྔ་ན་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས། པཎྜི་ཏ་ཆེན་པོ་ཤཱནྟ་ར་ཀྵཱིཏ་སྤྱན་དྲངས། མཁན་པོས་དགེ་བ་བཅུ་དང་ཁམས་བཅོ་བརྒྱད་ལ་བརྟེན་པའི་ཆོས་གསུངས་ཤིང་ཡན་ལག་བརྒྱད་པའི་ཁྲིམས་ཕོག་པས། སྲིད་པ་ཆགས་པའི་ལྷ་ཆེན་མཐུ་བོ་ཆེ་རྣམས་མ་དགའ་བར་གཉན་ཆེན་ཐང་ལྷས་དམར་པོ་རིར་ཐོག་ཕབ། ཡར་ལྷ་ཤཾ་བྷུས་ཡར་ཀླུངས་ཕང་ཐང་གི་ཕོ་བྲང་ཆུ་ལ་བསྐུར། བསྟན་མ་བཅུ་གཉིས་ཀྱིས་མི་ནད་ཕྱུགས་ནད་མང་དུ་བཏང་བས་མཁན་པོས་ལྷ་སྲིན་འདུལ་བར་སྔགས་མཁན་འཛམ་བུའི་གླིང་ན་ཆེ་བའི་བརྟུལ་ཞུགས་ཅན་པདྨ་འབྱུང་གནས་གདན་དྲོངས་ཞེས་ལུང་བསྟན་པ་(༤༧བ)


GLG018_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཕོ་ཉ་མངགས་པ་ལྟར་ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། ནམ་མཁའ་ལ་རྡོ་རྗེའི་འགྲོས་དང་བཅས་ཏེ་ས་གཞི་བཏུལ། ཨོཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་པའི་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། བཻ་རོ་ཙ་ན་སོགས་འབངས་བློ་རྣོ་བ་མང་པོས་ལོ་ཙཱ་བ་སླབས། མཁན་པོས་སད་མི་མི་བདུན་སོགས་རབ་ཏུ་བྱུང་སྟེ་བསྟན་པའི་རྩ་བ་བཙུགས། བིམཱ་ལ་མི་ཏྲ། སངས་རྒྱས་གསང་བ། ཤིདྷ་གརྦྷ་སོགས་པཎྜི་ཏ་མཐའ་ཡས་པ་སྦྱན་དྲངས། འཆད་ཉན་གྱིས་གཏན་ལ་ཕབ། རྗེ་འབངས་ཉེར་ལྔ་སོགས་སྣོད་ལྡན་མང་པོར་སློབ་དཔོན་ཆེན་པོས་ཡོ་ག་རྣམ་པ་གསུམ་གྱིས་སྨིན་གྲོལ་ལ་བཀོད་ནས་ས་ཐམས་ཅད་གྲུབ་ཐོབ་གྱིས་བཀང་། བཻ་རོ་རྨ་གཉགས་གནུབས་སོགས་ཀྱིས་ཀུན་འབྱེད་རྒྱལ་པོ། མདོ་དགོངས་འདུས། སྒྱུ་འཕྲུལ་སྒྲུབ་སྡེ་བརྒྱད་ཀྱིས་རྒྱུད་ལུང་མན་ངག་རྣམས་གསང་བའི་ཚུལ་གྱིས་བསྒྱུར། མཁྱེན་པའི་སྤྱན་ལྡན་སི་ཏུ་ཐམས་ཅད་མཁྱེན་པས་རྒྱུད་བཞུགས་ཚོགས་ཆེས་པས་ཚང་མ་འདྲིར་མ་ནུས་ཀྱི་དོགས་ནས་གཙོ་བསྡུས་གླེགས་བམ་གསུམ་ཙམ་དུ་ཚང་བར་དཀར་ཆག་ཏུ་བཏབ། མ་འོངས་པའི་དོན་དུ་ཨྱོན་ཆེན་པོ་རི་བྲག་མཚོ་གསུམ་ཐམས་ཅད་ཟབ་གཏེར་གྱིས་བཀང་། ལྷ་སྲས་མུ་ཁྲི་བཙན་པོས་རྒྱལ་སྡེ་སྐར་ཆུང་གི་གཙུག་ལག་ཁང་བཞེངས་ཤིང་ལོ་པཎ་རྣམས་བླའི་མཆོད་གནས་སུ་བཀུར། རྒྱལ་པོ་ཡབ་སྲས་འདི་གཉིས་ཀྱི་རིང་ལ་བསྟན་པ་དར་རྒྱས་སུ་གྱུར། དེ་སྲས་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་མངའ་བདག་ཁྲི་ལྡེ་གཙུག་བརྟན་ནི། སྒྲ་སྦྱོར་བམ་(༤༨ན)


GLG018_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཉིས་པ་ལས། རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་འུ་ཤང་རྡོ་ན་བཞུགས། སྟོད་སྨད་ཀྱི་དམག་རྗེ་དང་རྐུན་ཆེན་བཏུལ། གར་ལོག་གི་ཕོ་ཉས་ཕྱགས་འཚལ་ཞིང་། ཉི་འོག་གི་མཁན་པོ་ཛི་ན་མི་ཏྲ། སུ་རེནྡྲ་བོདྷི་དཱ་ན་ཤཱི་ལ་སོགས། པཎྜི་ཏ་དུ་མ་དང་། ལོ་ཙཱ་བ་སྐ་ཅོག་སོགས་གདན་འཛོམ་པར་བྱས་ཏེ་ཡབ་མེས་ཀྱི་དུས་བསྒྱུར་བའི་འགྱུར་དཀའ་བ་རྣམས་ལ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅིང་སྔར་མ་འགྱུར་བ་དུ་མ་གསར་དུ་བསྒྱུར་ནས་བསྟན་པ་ཉི་མ་ཤར་བ་ལྟར་མཛད། མེས་དབོན་གསུམ་པོ་འདིའི་རིང་ལོ་པཎ་བྱོན་ཚུལ་ཆོས་འབྱུང་རྣམས་མཐུན་མི་མཐུན་སྣ་ཚོགས་པས་ཁ་ཚོན་ཆོད་དཀའ་བའི་ཕྱིར་གསུང་རབ་བསྒྱུར་བ་འདི་དག་མེས་དབོན་གསུམ་གྱི་སྐུ་རིང་ལ་བྱུང་བར་ངེས་པས་ཕྱོགས་གཅིག་ཏུ་བཀོད་པར། སྡེ་སྣོད་གསུམ་ལས་འདུལ་བ་གཞི་ཤློཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ། བམ་པོ་བརྒྱ་དང་དགུ་རྣམས་པཎ་ཆེན་སརྦ་ཛྙཱ་དེ་ཝ། བིདྱཱཀཱ་ར་པྲ་བྷ། དྷ་རྨཱ་ཀཱ་ར། ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོ། སླད་ཀྱིཔཎྜིཏ་ཀ་ར་བྷ་དང་། ལོ་ཙཱ་བ་བཎྜེ་དཔལ་བརྩེགས་ཀྱིས་བསྒྱུར་བ། དགེ་སློང་ཕའི་སོ་ཐར་ཤློ་ཀ་བདུན་བརྒྱ་བམ་པོ་སོ་གཉིས། དེའི་རྒྱ་ཆེར་འགྲེལ་གྱི་རྣམས་འབྱེད་ཤློ་ཀ་ཉིས་ཁྲི་བཞི་སྟོང་དགུ་བརྒྱ་བམ་པོ་བརྒྱད་ཅུ་རྩ་གསུམ། དགེ་སློང་མའི་སོ་ཐར་ཤློོ་ཀ་བརྒྱད་བརྒྱ་བམ་པོ་གཉིས། དེ་རྒྱས་པར་སྟོན་པ་མའི་རྣམ་འབྱེད་ཤློ་ཀ་བརྒྱད་སྟོང་བཞི་བརྒྱ་བམ་པོ་ཉེར་བརྒྱད། སྒྱུར་བྱེད་གོང་འདྲ། གཞུང་བླ་མའི་ཞུ་བ་མ་རྫོགས་པ་ཤློ་ཀ་གསུམ་བརྒྱ་བམ་པོ་བཅུ་གཉིས། ཞུ་བ་རྫོགས་(༤༨བ)


GLG018_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤློ་ཀ་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ་བམ་པོ་ང་གསུམ་གཉིས་ཀྱི་འགྱུར་ལོ་ཙཱ་བ་ཀླུའི་རྒྱལ་མཚན་སོགས་ཀྱིས་བསྒྱུར་བར་མཚལ་པ་བཀའ་འགྱུར་དུ་བཤད། རླངས་ཁམ་པ་གོ་ཆས་འབུམ་ཐུགས་ལ་བཟུང་ནས་བསྒྱུར་པས་རླངས་ཀྱི་ཐུགས་འགྱུར་མ། རྗེ་བཙད་པོའི་མཚལ་ཁྲག་དང་། ར་དཀར་གྱི་འོ་མ་སྦྱར་ནས་བྲིས་པའི་དུམ་པ་བཞི་པ་ལ་རེག་ཟིག་དམར་པོ། སྦས་མཉྫུ་ཤྲཱི་དང་མྱང་ཨིཎྜ་བ་རོ་གཉིས་ཀྱིས་བླངས་པའི་རྒྱ་དཔེའི་སྟེང་ནས་ཡོ་བྱད་རྣམས་མངའ་འབངས་ལ་དཔྱ་ཁྲལ་བསྡུས་ནས་བསྒྱུར་བས་དཔྱ་འབུམ་དུ་གྲགས། རྗེའི་དབུ་སྐྲའི་གཞོབ་རམས་ལ་བསྲེས་ཏེ་ར་དཀར་གྱི་འོ་མ་དང་སྦྱར་ནས་བྲིས་པའི་རེག་ཟིག་སྔོན་པོ་དུམ་པ་བཞི་པ་དེ་ལ་ལྕགས་ཐུར་བརྒྱུས་པས་ལྕགས་ཐུར་ཅན་དུ་གྲགས་སོ། །རེག་ཟིག་སྔོ་དམར་གཉིས་རྫུ་འཕྲུལ་གྱིས་ཡབ་ཡོབ་ཏུ་བསྒྱུར་བས་དེའི་མིང་དུ་ཐོགས་ཤིང་། བླ་འགྱུར་ཆུང་བར་ཡང་ངོས་འཛིན། ལོ་ཆེན་བཻ་རོས་འགྱུར་བཅོས་མཛད་པ་གླེགས་ཤིང་ལ་གྲས་ནས་དུམ་བུ་དྲུག་པ་པར་བཀབ་ཅན་དང་། ཕ་ཝང་གིས་ཚང་བསགས་ནས་ཕ་ཝང་ཅན་དུ་གྲགས་པ་བླ་འགྱུར་འབྲིང་པོ། འབུམ་གྱི་བམ་པོ་དེ་ལ་ཤོག་དྲིལ་རེར་བྱས་ཀེ་ཏུ་གླིང་དུ་རབ་བྱུང་སུམ་བརྒྱ་ལ་འབྲོམ་བཟའ་བྱང་ཆུབ་སྨན་གྱིས་བསྙེན་བཀུར་ནས་ཚར་རེ་སྒྲོག་པའི་སྣོད་ལ་མིང་བཏགས་ཏེ་ཤ་སྒྲོ་ཅན་ཡུམ་འབྲིང་པོ་བམ་པོ་གྱ་ལྔ། ལེའུ་དོན་དྲུག་ཡུམ་བསྡུས་པ་བམ་པོ་ཉེར་བཞི། ལེའུ་སོ་གཉིས་པ། འགྱུར་བཅོས་ཀྱི་དབང་གིས་མི་འདྲ་བ་གསུམ་དུ་བྱུང་བ་ཕྲེང་བ་ཅན་དང་། གཟོ་སྦྱངས་དང་། སྡེ་ཅན། པཎྜི་ཏ་ཤཱཀྱ་སེ་ན་དང་། ཛྙ་ན་སི་དྡྷི། ལོ་ཙཱ་(༤༩ན)


GLG018_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བ་དྷ་རྨ་ཏཱ་ཤཱ་ལས་བསྒྱུར། ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་ཅུ་ལེའུ་གྱ་གཉིས་པ་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར། ཤེས་རབ་ཁྲི་པ་བམ་པོ་སུམ་ཅུ། ལེའུ་སོ་གསུམ་པ་པཎྜི་ཏ་ཛིན་མི་ཏྲ། པྲཛྙཱ་ཝ་རྨ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱིས་བསྒྱུར། ཤེར་ཕྱིན་སྣ་ཚོགས་པ་ནས་སྡུད་པ། བིདྱཱཀ་ར་སིདྷ་དང་། དཔལ་བརྩེགས་ཀྱི་འགྱུར། ཤེས་རབ་རྩལ་གྱི་རྣམ་པར་གནོན་པས་ཞུས་པ་བམ་པོ་བདུན་པ། ཤི་ལེནྡྲ་བོ་དྷི་དང་ཛིན་མི་ཏྲ། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འགྱུར་གོང་འདྲའི་ཤེར་ཕྱིན་བདུན་བརྒྱ་པ། ལྔ་བརྒྱ་པ། སུམ་བརྒྱ་པ་ཤཱི་ལེནྡྲ་བོ་དྷི་དང་ཡེ་ཤེས་སྡེའི་འགྱུར། ཤེར་ཕྱིན་བརྒྱ་ལྔ་བཅུ་པ། ཉེར་ལྔ་པ། ལྔ་བཅུ་པ། ཡི་གེ་གཅིག་མ། ཤེར་རབ་སྙིང་པོ་ཤློ་ཀ་ཉེར་ལྔ་པ་པཎྜི་ཏ་དྲི་མེད་བཤེས་གཉེན་དང་།ལོ་ཙཱ་བ་རིན་ཆེན་སྡེའི་འགྱུར། འཕགས་པ་དཀོན་མཆོག་བརྩེགས་པ་དུམ་བུ་ཞེ་དགུ་ཡོད་པའི་སྡོམ་པ་གསུམ་བསྟན་པའི་མདོ། ཛི་ན་མི་ཏྲ། སུ་རེནྡྲ་བོ་དྷི་དང་ཡེ་ཤེས་སྡེའི་འགྱུར། སྒོ་མཐའ་ཡས་པ་སུ་རེནྡྲ་བོ་དྷི་དང་དཔལ་བརྩེགས་ཀྱི་འགྱུར། གསང་བ་བསམ་གྱི་མི་ཁྱབ་པ། ཛི་ན་མི་ཏྲ། དཱ་ན་ཤཱི་ལ་མུ་ནི་ཝ་རྨ། ཡེ་ཤེས་སྡེའི་འགྱུར། རྨི་ལམ་ངེས་པར་བསྟན་པ་དང་། བདེ་བ་ཅན་གྱི་ཞིང་བཀོད་བམ་པོ་གསུམ་པ། ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེའི་འགྱུར། མི་འཁྲུགས་པའི་ཞིང་བཀོད། ཛི་ན་མི་ཏྲ། སུ་རེནྡྲ། ཡེ་ཤེས་སྡེའི་འགྱུར། འཕགས་པ་གོ་ཆ་བཀོད་པ་དང་། ཆོས་དབྱིངས་རང་བཞིན་གྱི་དབྱེ་བ་མེད་པར་བསྟན་པ། ཐེག་པ་ཆེན་པོའི་ཆོས་བཅུ་བསྟན་པ། འཕགས་(༤༩བ)


GLG018_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་ནས་སྒོའི་ལེའུ། ཛི་ན་མི་ཏྲ། སུ་རེནྡྲ། ཡེ་ཤེས་སྡེའི་འགྱུར། འོད་ཟེར་ཀུན་ནས་བཀྱེ་བ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པ། སུ་རེནྡྲ། ཤཱི་ལེནྡྲ། ཆོས་ཉིད་ཚུལ་ཁྲིམས་གསུམ་གྱི་འགྱུར། དགའ་བོ་མངལ་དུ་གནས་པ། དགའ་བོ་མངལ་དུ་འཇུག་པ། འཇམ་དཔལ་གྱི་ཡོན་ཏན་བཀོད་པ། ཤཱི་ལེནྡྲ་བོ་དྷི། ཛི་ན་མི་ཏྲ། ཡེ་ཤེས་སྡེའི་འགྱུར། ཡབ་སྲས་མཇལ་བ། ཤཱི་ལེནྡྲ། ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེའི་འགྱུར། གང་པོས་ཞུས་པ། ཡུལ་འཁོར་སྐྱོང་གིས་ཞུས་པ། ཛི་ན་མི་ཏྲ། དཱ་ན་ཤཱི་ལ། མུ་ནི་ཝ་རྨ། ཡེ་ཤེས་སྡེའི་འགྱུར། དྲག་ཤུལ་ཅན་གྱིས་ཞུས་པ། སུ་རེནྡྲ་དང་ཡེ་ཤེས་སྡེའི་འགྱུར། གློག་ཐབ་ཀྱིས་ཞུས་པ། བཟང་པོ་ལུང་བསྟན་པ། ཛི་ན་མི་ཏྲ། པྲཛྙ་ཝ་རྨ། ཡེ་ཤེས་སྡེའི་འགྱུར། ཆོ་འཕྲུལ་བསྟན་པ། བྱམས་པ་སེང་གེའི་སྒྲ། ཉེ་བར་འཁོར་གྱིས་ཞུས་པ། ལྷག་པའི་བསམ་པ་བསྐུལ་བ། ཛི་ན་མི་ཏྲ། པྲཛྙ་ཝརྨ། སུ་རེནྡྲ། ཡེ་ཤེས་སྡེའི་འགྱུར། ལག་བཟང་གིས་ཞུས་པ། དཱ་ན་ཤཱི་ལ། ཛི་ན་མི་ཏྲ། ཡེ་ཤེས་སྡེའི་འགྱུར། དེས་པས་ཞུས་པ། ཛི་ན་མི་ཏྲ། སུརེནྡྲ། ཡེ་ཤེས་སྡེའི་འགྱུར། དཔལ་བྱིན་གྱིས་ཞུས་པ། བད་སའི་རྒྱལ་པོ་ཆར་བྱེད་ཀྱིས་ཞུས་པ། བུ་མོ་བློ་གྲོས་བཟང་མོས་ཞུས་པ། ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེའི་འགྱུར། མྱ་ངན་མེད་ཀྱིས་བྱིན་པ་ལུང་བསྟན་པ། ཛི་ན་མི་ཏྲ་དང་ཡེ་ཤེས་སྡེའི་འགྱུར། དྲི་མེད་ཀྱིས་བྱིན་པ་ལུང་བསྟན་པ། ཛི་ན་མི་ཏྲ། སུརེནྡྲ། ཡེ་ཤེས་སྡེའི་འགྱུར། ཡོན་ཏན་རིན་པོ་ཆེ་མེ་ཏོག་ཀུན་ནས་རྒྱས་པ། ཛི་ན་མི་(༥༠ན)


GLG018_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ། པྲཛྙཱ་ཝ་རྨ། ཡེ་ཤེས་སྡེའི་འགྱུར། བསམ་གྱིས་མི་ཁྱབ་པར་བསྟན་པ། ཛི་ན་མི་ཏྲ། དཱ་ན་ཤཱི་ལ། མུ་ནི་ཝ་རྨ། ཡེ་ཤེས་སྡེའི་འགྱུར། ལྷ་བུའི་བློ་གྲོས་རབ་གནས་ཀྱིས་ཞུས་པ། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར། སེང་གེས་ཞུས་པ། དཱ་ན་ཤཱི་ལ། མུ་ནི་ཝ་རྨ། ཡེ་ཤེས་སྡེའི་འགྱུར། བྱང་སེམས་ཡེ་ཤེས་དམ་པས་ཞུས་པ། དཱ་ན་ཤཱི་ལ། ཀརྨ་ཝ་རྨ། ཡེ་ཤེས་སྡེའི་འགྱུར། ཚོང་དཔོན་བཟང་པོ་སྐྱོང་གིས་ཞུས་པ། ཛི་ན་མི་ཏྲ། སུ་རེནྡྲ། ཡེ་ཤེས་སྡེའི་འགྱུར། བུ་མོ་རྣམ་དག་དང་བ་དང་། བྱམས་པས་ཞུས་པའི་ཆོས་བརྒྱད་པ། ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེའི་འགྱུར། འོད་སྲུངས་ཀྱིས་ཞུས་པ། ཛི་ན་མི་ཏྲ། སུརེནྡྲ། ཡེ་ཤེས་སྡེའི་འགྱུར། རིན་པོ་ཆེའི་ཕུང་པོ་ལུང་བསྟན་པ། སུ་རེནྡྲ་དང་ཡེ་ཤེས་སྡེའི་འགྱུར། བློ་གྲོས་མི་ཟད་པ་དང་། འཇམ་དཔལ་གྱིས་ཞུས་པ་འགྱུར་གོང་འདྲ། གཙུག་ན་རིན་པོ་ཆེས་ཞུས་པ། ཀ་མཱ་ལ་ཤཱི་ལ་དང་། ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། ལྷ་མོ་དཔལ་འཕྲེང་གི་མདོ། ཛི་ན་མི་ཏྲ། སུརེནྡྲ། ཡེ་ཤེས་སྡེའི་འགྱུར། དྲང་སྲོང་རྒྱས་པས་ཞུས་པ། ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེའི་འགྱུར། ཤིན་ཏུ་རྒྱས་པའི་སྡེ་སྣོད་སངས་རྒྱས་ཕལ་པོ་ཆེ། སྡོང་པོ་བཀོད་པ། བཟང་སྤྱོད་ཀྱི་མཇུག་སྡུད་དང་བཅས་པར་ཤློ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ། བམ་པོ་བརྒྱ་སུམ་ཅུ། ཤློ་ཀ་སུམ་ཅུ་པ་རྒྱ་ནག་འགྱུར། མདོ་སྡེ་སྣ་ཚོགས་པ་ལས། མདོ་སྡེ་བསྐལ་བཟང་པཎྜི་ཏ་བིདྱཱ་ཀ་ར་སི་དྷ་དང་། ལོ་ཙཱ་བ་དཔལ་དབྱངས་ཀྱིས་བསྒྱུར་པ་སླར་ཡང་སྐ་བ་དཔལ་(༥༠བ)


GLG018_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་ཀྱི་འགྱུར། རྒྱ་ཆེར་རོལ་པ། འཇམ་དཔལ་རྣམ་པར་རོལ་བ། འཇམ་དཔལ་རྣམ་པར་འཕྲུལ་པ། ཡེ་ཤེས་རྒྱས་པའི་མདོ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ། ཟུང་གི་མདོ། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་བསྟན་པའི་ཆོས་ཀྱི་རྣམ་གྲངས། དཀྱིལ་འཁོར་བརྒྱད་པ། དགོངས་པ་ངེས་འགྲེལ། ལང་གཤེགས། ག་ཡ་གྷོ་རི། རྒྱན་སྟུག་པོ་བཀོད་པ། སྙིང་རྗེ་པད་དཀར། དམ་ཆོས་པད་དཀར། ཡོན་ཏན་བཀོད་པའི་རྒྱལ་པོ། བདེ་བ་ཅན་གྱི་བཀོད་པ། ཟ་མ་ཏོག་བཀོད་པ། དཀོན་མཆོག་གི་ཟ་མ་ཏོག་བཀོད་པ། འཕགས་པ་རིན་པོ་ཆེའི་མཐའ། མྱང་འདས། མྱང་འདས་ཆེན་པོ། འདའ་ཀ་ཡེ་ཤེས། ཆོས་ཀྱི་མཛོད། དཀོན་མཆོག་འབྱུང་གནས། གསེར་གྱི་མདོ། གསེར་གྱི་བྱེ་མ་ལྟ་བུའི་མདོ། ཏིང་འཛིན་རྒྱལ་པོ། ཐམས་ཅད་ལ་སྣང་བའི་མདོ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་འཛིན། དཔའ་བར་འགྲོ་བའི་ཏིང་འཛིན། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་འཛིན། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན། ཁྱེའུ་བཞིའི་ཏིང་འཛིན། ཏིང་ངེ་འཛིན་གྱི་མཆོག་དམ་པ། ཏོག་གཟུངས། སྒོ་མཐའ་ཡས་པའི་གཟུངས། སྒོ་དྲུག་པའི་གཟུངས། རྣམ་པར་མི་རྟོག་པའི་གཟུངས། ཚིགས་སུ་བཅད་པ་གཉིས་པའི་གཟུངས། དད་པ་རབ་ཏུ་གོམས་པ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ། ནམ་མཁའ་མཛོད་ཀྱིས་ཞུས་པ། སྤོབས་པའི་བློ་གྲོས་ཀྱིས་ཞུས་པ། (༥༡ན)


GLG018_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་རྒྱ་མཚོས་ཞུས་པ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེ་འབྲིང་ཆུང་གསུམ། ཀླུ་རྒྱལ་མ་དྲོས་པས་ཞུས་པ། མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ། ཚངས་པས་ཞུས་པ། ཚངས་པས་བྱིན་གྱིས་ཞུས་པ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ། ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ། དཔལ་དབྱིག་གིས་ཞུས་པ། རིན་ཅེན་དྲ་ཅན་གྱིས་ཞུས་པ། བདེ་བྱེད་ཀྱིས་ཞུས་པ། ཡུལ་འཁོར་སྐྱོང་གིས་ཞུས་པ། རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ། ལྷ་མོ་དྲི་མ་མེད་པས་འོད་ཀྱིས་ཞུས་པ། བུ་མོ་རིན་ཅེན་གྱིས་ཞུས་པ། བྲམ་ཟེ་མོ་དཔལ་ལྡན་གྱིས་ཞུས་པ། བགྲེས་མོས་ཞུས་པ། འཇམ་དཔལ་གྱིས་དྲིས་པ། འཇིག་རྟེན་འཛིན་གྱིས་དྲིས་པ། བློ་གྲོས་མི་ཟད་པར་བསྟནཔ། ལི་ཙཱབཱི་དྲི་མ་མེད་པར་གྲགས་པས་བསྟན་པ། འཇམ་དཔལ་གྱིས་བསྟན་པ། བྱང་ཆུབ་ཀྱི་ཕྱོགས་བསྟན་པ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ། ཕར་ཕྱིན་སྔ་མ་ལྔ་བསྟན་པ། སྦྱིན་པའི་ཕར་ཕྱིན་བསྟན་པ། སྦྱིན་པའི་ཕན་ཡོན་བསྟན་པ། བྱང་སེམས་སྤྱོད་པ་བསྟན་པ། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱི་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པ། སངས་རྒྱས་ཀྱི་ཆོས་བསམ་གྱི་མི་ཁྱབ་པ་བསྟན་པ། མར་མེ་མཛད་ཀྱིས་ལུང་བསྟན་པ། ཚངས་པའི་དཔལ་ལུང་བསྟན་པ། བུད་མེད་འགྱུར་བ་ལུང་བསྟན་པ། བུ་མོ་ཟླ་བ་མཆོག་ལུང་བསྟན་པ། བདེ་ལྡན་མ་ལུང་བསྟན་པ། (༥༡བ)


GLG018_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་ཆེན་པོ་དཔལ་ལུང་བསྟན་པ། རྒྱལ་བའི་བློ་གྲོས་སྤྱན་རས་གཟིགས་ཀྱི་མདོ། །འཇམ་དཔལ་གནས་པ། བྱམས་པ་བདུད་རྩི་བརྗོད་པ། བྱམས་པ་འཇུག་པ། ཆོས་ཀྱི་རྗེ་སུ་མཐུན་པར་འཇུག་པ། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོ། ངེས་པ་དང་མ་ངེས་པ་ཕྱག་རྒྱ་ལ་འཇུག་པ། ཆོས་ཀྱི་ཕྱག་རྒྱ། མར་མེ་འབུལ་བ། གྲོང་ཁྱེར་གྱི་ཆོ་ག །ཟས་ཀྱི་འཚོ་བ་རྣམ་པར་དག་པ། གླང་པོའི་རྩལ་ལྟ་བུ། སྒྲ་ཆེན་པོ། སེང་གེའི་སྒྲ་སྒྲགས་པ། ས་ལུ་ལྗང་པའི་མདོ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པ། རྟེན་ཅིང་འབྲེལ་བར་འབྱུང་བ། སོར་མོའི་འཕྲེང་བ་ལ་ཕན་པ། གཟུགས་ཅན་སྙིང་པོར་གདམས་པ། བད་སའི་རྒྱལ་པོ་འཆར་བྱེད་ལ་གདམས་པ། མ་སྐྱེས་དགྲའི་འགྱོད་པ་བསལ་བ། དཔལ་སྦས་ཀྱི་མདོ། ལས་སྒྲིབ་རྣམ་པར་དག །ལས་སྒྲིབ་རྒྱུན་གཅོད་པ། ཚུལ་ཁྲིམས་འཆལ་བ་ཚར་གཅོད་པ། གསལ་རྒྱལ་ལ་གདམས་པ། སུམ་ཅུ་རྩ་གསུམ་པའི་ལེའུ། ལྷག་བསམ་བསྟན་པའི་མདོ། གསུམ་ལ་སྐྱབས་སུ་འགྲོ་བ། སྲིད་པ་འཕོ་བ་རྣམ་པར་འཐག་པ་སྡུད་པ། སངས་རྒྱས་འགྲོ་བ། དེ་བཞིན་གཤེགས་པ་འགྲོ་བ། དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག །དཀོན་མཆོག་སྤྲིན། སྤྲིན་ཆེན་མོའི་མདོ་ཆེ་ཆུང་བཞི། བྱང་སེམས་སྤྱོད་བསྡུས། དཔའ་བར་འགྲོ་བའི་མདོ། བདུད་ཀྱི་ལེའུ་ཉེར་འཚེ་ཕྱུང་བ། ཆོས་ཐམས་ཅད་ཡང་དག་པར་བསྡུས་པ། སའི་སྙིང་པོ་འཁོར་ལོ་བཅུ་པ། ཕྱིར་མི་ལྡོག་པའི་འཁོར་ལོ། ཏིང་ངེ་འཛིན་གྱི་འཁོར་ལོ། ཡོངས་(༥༢ན)


GLG018_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྔོ་བའི་འཁོར་ལོ། ཆོས་ཀྱི་རྒྱལ་པོའི་ཡི་གེ །ཆོས་ཀྱི་ཚུལ། ཆོས་ཀྱི་ཕུང་པོ། ཆོས་ཀྱི་རྣམ་པར་རྒྱལ་བ། ཆོས་དང་དོན་རྣམ་པར་རྒྱལ་བ། ཆོས་དང་དོན་རྣམས་པར་འབྱེད་པ། ཆོས་བཞི་སྒྲུབ་པའི་མདོ། ཆོས་བཞི་བསྟན་པ། ཆོས་བཞི་པ། ཆོས་བཞི་མི་བཏང་བ། བཞི་སྒྲུབ་པ། ཆོས་གསུམ་པའི་མདོ། ཆོས་ཀྱི་རྒྱལ་མཚན། ཆོས་ཀྱི་རྒྱ་མཚོ། ཆོས་ཀྱི་རྒྱལ་མོ། མདོ་ཉི་མའི་སྙིང་པོ། དེ་བཞིན་གཤེགས་པའི་སྙིང་པོ། ཡི་གེ་མེད་པའི་ཟ་མ་ཏོག །ནམ་མཁའི་སྙིང་པོ། ཐབས་ལ་མཁས་པའི་མདོ། སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ང་གསུམ་པ། ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་བསྟན་པ། སངས་རྒྱས་ཡོངས་སུ་གྲུབ་པ་རྣམ་པར་བཀོད་པ། ཕྱག་འཚལ་དང་མཚན་ནས་བརྗོད་པའི་གླེང་གཞི། མེ་ཏོག་གི་ཚོགས་གྱི་མདོ། དཔང་སྒོང་ཕྱག་བརྒྱ་པ། བསམ་གྱིས་མི་ཁྱབ་པའི་རྒྱལ་པོ། ཕྱོགས་བཅུ་མུན་སེལ། སངས་རྒྱས་བདུན་པ། སངས་རྒྱས་བརྒྱད་པ། སངས་རྒྱས་བཅུ་པ། སངས་རྒྱས་བཅུ་གཉིས་པ། སངས་རྒྱས་ཀྱི་དབུ་རྒྱན། སངས་རྒྱས་མི་སྤོང་བ། སངས་རྒྱས་ཀྱི་ས། དཀྱིལ་འཁོར་བརྒྱད་པ། བཀྲ་ཤིས་བརྒྱད་པ། དཀོན་ཆོག་གསུམ་རྗེས་དྲན། བསླབ་པ་གསུམ། སྐུ་གསུམ། ཕུང་པོ་གསུམ་པ་རྣམས་ཀྱི་མདོ། བསམ་པ་རྫོགས་པར་བྱེད་པ། འགྲོ་བ་སྐྱོབ་པའི་བསྔོ་བ་དྲན་པ་ཉེར་གཞག །སྒྱུ་མའི་དྲ་བ། གཟུགས་ཅན་སྙིང་པོས་བསུ་བ། སྟོང་པ་ཉིད། སྟོང་ཉིད་ཆེན་པོ། རྒྱལ་མཚན་མཆོག །རྒྱལ་མཚན་དམ་པ། ལྔ་གསུམ་པ། རྡོ་འཕང་བའི་མདོ། གཞོན་ནུ་དཔེའི་མདོ། ཁམས་མང་པོའི་མདོ། གཎྜིའི་(༥༢བ)


GLG018_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

མདོ། དགེ་བའི་བཤེས་གཉེན་བསྟེན་པའི་མདོ། ཡོན་ཏན་བསྟན་པའི་མདོ། ཚེ་མཐའི་མདོ། འཆི་འཕོ་བ་ཇི་ལྟར་འགྱུར་བ་བསྟན་པའི་མདོ། མི་རྟག་པའི་མདོ་གཉིས། འདུ་ཤེས་བཅུ་དང་བཅུ་གཅིག་བསྟན་པ། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ། མཚན་མོ་བཟང་པོའི་མདོ། མུན་གྱི་ནགས་ཚལ་གྱི་མདོ། ཕ་མའི་མདོ། བདེན་བཞིའི་མདོ། གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས། དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས། རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན། མཆོད་རྟེན་སྐོར་བའི་ཚིགས་བཅད། གསལ་རྒྱལ་ལ་ཚིགས་སུ་བཅད་པ། བརྒྱ་པ། གཅིག་པ། བཞི་པ། ཀླུ་རྒྱལ་རྔ་སྒྲའི་ཚིགས་སུ་བཅད་པ། ཆེད་དུ་བརྗོད་པའི་ཚོམས། སྐྱེས་བུ་དམ་པའི་མདོ། དགའ་བོ་རབ་ཏུ་བྱུང་བའི་མདོ། ལྷའི་མདོ་ཆེ་ཆུང་། ཟླ་བ་ཁང་བུ་བརྩེགས་པ། གནས་འཇོག །འཁར་གསིལ་འཆང་བའི་མཆོག །ཆོས་ཀྱི་འཁོར་ལོ། རྣམ་པར་སྨིན་པའི་འབྲས་བུ་བསྟན་པ། ལས་རྣམ་པར་འབྱེད་པ་རྣམས་ཀྱི་མདོ། རྣམ་པར་འགྱུར་བའི་གཞུང་། ལས་བརྒྱ་ཐམ་པ། འཛངས་བླུན། བྱམས་པ་ལུང་བསྟན་པ། གང་པོ་ལ་སོགས་པའི་རྟོགས་བརྗོད་བརྒྱ་པ། སངས་རྒྱས་ཀྱི་རྟོགས་བརྗོད། ཕག་མོའི་རྟོགས་རྗོད། བཟང་མོའི་རྟོགས་བརྗོད། བསོད་ནམས་སྟོབས་ཀྱི་རྟོགས་བརྗོད། ཟླ་འོད་ཀྱི་རྟོགས་བརྗོད། དཔལ་གྱི་རྟོགས་བརྗོད། རྒྱལ་པོ་སེར་མདོག་གི་སྔོན་གྱི་སྦྱོར་བ་བསྟན་པ། རྒྱལ་བུ་དོན་གྲུབ །ཚངས་པའི་དྲ་བ། དྲིན་ལན་བསབ་པ་གསུམ་གྱི་མདོ། ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་(༥༣ན)


GLG018_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པ། དགེ་མི་དགེའི་ལས་ཀྱི་རྣམ་སྨིན་བསྟན་པ། གནས་འཇིག་ལུང་བསྟན་པ། རི་གླང་རུ་ལུང་བསྟན་པ། སྟག་རྣའི་རྟོགས་བརྗོད་སོགས་མང་དུ་འགྱུར་བར་དཀར་ཆག་ཕང་ཐང་མ་ལྡན་དཀར་མ་སོགས་སུ་བྱུང་ཞིང་། བསྟན་པ་ཕྱི་དར་ལ་དམར་གཡོ་གཙང་གསུམ་གྱིས་འདུལ་བ་དྲེའུ་ལ་ཁལ་དུ་བཀལ་ནས་མདོ་སྨད་དུ་བྱོན། དེའི་ཚེ་བོན་པོའི་བུ་མུ་ཟུ་གསལ་འབར་གྱིས་གཙང་ལ་མཁན་པོ་དང་གཡོ་ལ་ལས་སློབ་བཅོལ་ནས་རབ་ཏུ་བྱུང་ཞིང་མཚན་དགེ་བ་རབ་གསལ་དུ་བཏགས། ལོ་དུས་ལ་སླེབས་པ་ན་གོང་གི་མཁན་སློབ་གཉིས་ཀྱི་སྟེང་དུ་དམར་གྱིས་གསང་སྟོན་དང་། རྒྱའི་ཧ་ཤང་ཀེ་ཝང་དང་། འབག་གིས་ཁ་སྐོང་བྱས་ནས་བསྙེན་པར་རྫོགས། ཐུགས་རབ་ཤིན་ཏུ་གསལ་ནས་དགོངས་པ་རབ་གསལ་དུ་གྲགས། །བླ་ཆེན་འདིའི་མཁན་བུ་ལས་རིམ་གྱིས་དབུས་གཙང་གི་ཕྱོགས་སུ་འཕེལ་བར་བླ་ཆེན་བརྒྱུད་པ་དེ་ནས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷ་རྨ་པཱ་ལ་ལས་ཞང་ཞུང་རྒྱལ་བའི་ཤེས་རབ་ཀྱིས་སྡོམ་པ་བཞེས། སློབ་མ་མཁས་པ་སཱ་དྷུ་པཱ་ལ། གུ་ཎ་པཱ་ལ། པྲཛྙ་པཱ་ལ་གསུམ་ལ་སྡོམ་རྒྱུན་འཕེལ་པར་སྟོད་འདུལ་བ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱིའི་མཁན་བུ་འཇམ་དབྱངས་ས་པཎ་དང་། བྱང་རྡོར་རྣམ་གཉིས་ལས་འཕེལ་བར་པཎ་ཆེན་བརྒྱུད་པ་ཞེས་བསྟན་པའི་རྩ་བ་ཚུགས། པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཤྲཱི་ལྔ་བརྒྱ་པ་རྣམས་ཀྱིས་གཙུག་གི་ནོར་བུ་ཇོ་བོ་ཨ་ཏི་ཤ་ནས་ནགས་ཀྱི་རིན་ཆེན་གྱི་བར་གྱི་ནང་པའི་ཚད་ཐུབ་ཀྱི་པཎྜི་ཏ་ཁ་ཡར་བྱོན། ཁྱད་པར་ཇོ་བོ་ཨ་ཏི་ཤ་ལ་སྒྲོལ་མས་ལུང་བསྟན་པའི་(༥༣བ)


GLG018_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོམ་སྟོན་པ་རྒྱལ་བའི་འབྱུངགནས་དང་། ཁུ་རྔོག ནག་ཚོ་ལོ་ཙཱ་བ། ཀ་བ་ཤཱཀྱ་དབང་ཕྱུག་སོགས་སློབ་མ་བསམ་གྱིས་མི་ཁྱབ་ཅིང་། འབྲོམ་གྱིས་སྲས་སྐུ་མཆེད་གསུམ་ལ་བརྟེན་ནས་བཀའ་གདམས་པ་ཞེས་གནམ་གྱིས་ས་བཀབ་པ་ལྟ་བུའི་བསྟན་པ་དར། རྔོག་ལོ་བསྟན་པའི་ཉི་མ་བློ་ལྡན་ཤེས་རབ་ཀྱིས་ཕར་ཚད་ཀྱི་གཞུང་མང་དུ་བསྒྱུར་ཞིང་རིགས་ལམ་གྱི་སྒོ་ནས་གཏན་ལ་ཕབ། གང་གི་ལུགས་འཛིན་ཕྱ་གཙང་སོགས་མཁས་པ་རྣམས་ལ་བརྟེན་ནས་དཔལ་ལྡན་གསང་བུའི་མ་དྲོས་པའི་མཚོ་ཆེན་པོ་ལས། གངས་རིའི་ཁྲོད་ཀྱིས་བཤད་པའི་ཆུ་བོ་ཆེན་པོ་བཞི་བབས། རྒྱུད་ནས་སངས་རྒྱས་མཉམ་སྦྱོར། གསང་འདུས་རྩ་རྒྱུད། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྟོག་པ་སོགས་ཁ་ཡར་ཞིག་མ་གཏོགས་བསྟན་པ་སྔ་དར་གྱི་དུས་མ་འགྱུར་ཞིང་། ལོ་ཆེན་རིན་ཅེན་བཟང་པོ། གཞོན་ནུ་ཚུལ་ཁྲིམས། ཆག་ཆོས་རྗེ་དཔལ། འབྲོ་ཤེས་རབ་གྲགས། ཕོ་བྲང་ཞི་བ་འོད། ས་པཎ་སོགས་སྐད་གཉིས་སྨྲ་བ་དུ་མས་རྩ་རྒྱུད་དེ་ཉིད་འདུས་པ། བཤད་རྒྱུད་རྡོ་རྗེ་རྩེ་མོ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་སོགས་རྣལ་འབྱོར་རྒྱུད་ཀྱི་སྐོར་མང་པོ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་གུར་བརྟག་སམ་གསུམ། མལ་ལོ་ཙཱ་བ་བློ་གྲོས་གྲགས་དང་། མར་དོ་ཆོས་ཀྱི་དབང་ཕྱུག་གིས་བདེ་མཆོག་སྐོར། སྒྲ་བསྒྱུར་མར་པ་ལོ་ཙཱ་དང་འགོས་ཁུག་པ་ལྷས་བཙས་ཀྱིས་འདུས་པ་འཕགས་ལུགས། །གཉལ་ལོ་ཙཱ་བ་དྷ་རྨ་གྲགས་ཀྱིས་ཡེ་ཤེས་ཞབས་ལུགས། ར་སྐྱོ་ཞང་གསུམ། གཉོས་མལ་རྣམས་ཀྱིས་(༥༤ན)


GLG018_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་གདོང་འཇིགས་གསུམ། ཆག་ལོ་ཆོས་རྗེ་དཔལ་དང་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་གཤེད་དམར། རྭ་འབྲོ་ཤོང་སྟོན་ཆེན་པོས་རྒྱུད་འགྲེལ། ཤོང་དཔང་ནས་ཞྭ་ལུ་ལོ་ཆེན་བརྒྱུད་པར་བཅས་པའི་བར་དུ་བྱོན་པ་རྣམས་ཀྱིས་སྒྲ་སྙན་མངོན་བརྗོད་སྡེབ་སྦྱོར་ཟློས་གར་སོགས་ཐ་སྙད་རིག་པའི་གཙུག་ལག དཀར་པོ་རྣམ་གསུམ་སོགས་ས་སྐྱ་བ་རྗེས་འབྲངས་དང་། བུ་སྟོན་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱིས་རྒྱུད་སྡེ་བཞིའི་བཤད་པ་སྨིན་གྲོལ་གྱི་གདམས་པ། རྗེ་བཙུན་མི་ལའི་སྲས་ཉི་ཟླ་ལྟར་གྲགས་པ་རས་ཆུང་པ་དང་། མཉམ་མེད་དྭགས་པོ་ལྷ་རྗེ་སོགས་ལས་སྒྲུབ་རྒྱུད་ཀྱི་བསྟན་པ། སོ་ཟུར་གནུབས་གསུམ། ཉང་ཆོས་དབང་སོགས་ཀྱིས་མདོ་སྒྱུ་སེམས་གསུམ་གྱིས་མཚོན་པའི་བཀའ་གཏེར་གྱི་བཤད་སྒྲུབ་རྒྱ་ཆེར་འཕེལ། ཁྱད་པར་བདག་ཉིད་ཆེན་པོ་བཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱི་མཛད་པ་ནི། ཐུབ་བསྟན་སྤྱིའི་བཤེས་གཉེན་ཆེན་པོ་འགོས་ལོ་ཡེ་བཟང་རྩེ་པའི་ཞལ་སྔ་ནས། གཉལ་གྱི་མོ་ལའི་རྩར་ཞགས་མཛད་པས་ཁྱོད་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་འདྲ་བ་ཞིག་འོང་བར་ཤེས་པར་གྱིས་ཤིག་ཅེས་པའི་ལུང་བསྟན་པ་བརྙེས། ཡི་དམ་གྱིས་ཀྱང་འདུལ་བའི་བསླབ་པ་ལ་བརྟེན་ནས་གཞན་ལ་ཕན་པ་ཆེན་པོར་འགྱུར་པར་ལུང་བསྟན་པས་ཐོག་མར་དཔོན་སློབ་རྣམས་ཀྱིས་བླ་གོས་དྲས་ཤིང་དྲུབས་པ་དང་ལྷུང་བཟེད་དང་གདིང་བ་ལ་སོགས་པའི་ཡོ་བྱད་རྣམས་བསྣམས་ནས་གཞན་དག་གིས་མཐོང་ན་རབ་ཏུ་བྱུང་པའི་ཚུལ་ནི་འདི་ལྟ་བུ་ཞིག་ཁོ་ནའོ། །ཞེས་ཡིད་ཆེས་པར་འགྱུར་(༥༤བ)


GLG018_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་ནས་ཕྱིས་ནི་ལོ་རེའམ་ཟླ་རེ་ཙམ་ཆོས་ཉན་པར་རྩོལ་བའི་སློབ་མ་དག་ཀྱང་འདུལ་བའི་ཀུན་ཏུ་སྤྱོད་པ་ལ་བཀོད་པ་མངོན་སུམ་དུ་གྱུར་པ་ལྟ་ཞོག །རྒྱང་རིང་པོ་ནས་ཐོས་པ་དག་ཀྱང་སྤུ་ལོང་གཡོ་པས་ཕྱོགས་ཐམས་ཅད་དུ་སྙན་པས་ཁྱབ་སྟེ། འགྲན་ཟླ་མེད་པར་གྱུར། ཞེས་པ་ལྟར་འདུལ་བའི་སྡེ་སྣོད་ལས་བྱུང་བའི་བཅས་པ་ཕྲ་མོ་ཚུན་ཆད་ཀྱིས་མཐའ་བརྟེན་པ་དག་ཀྱང་བཤད་པ་ཙམ་དུ་མ་ལུས་པར་ཕྱག་ལེན་དུ་བཏབ་པས་ཐུབ་པའི་བསྟན་པ་རྨ་མེད་པར་གསོས་པའི་རྩ་བ་ཚུགས། ཤིང་རྟ་ཆེན་པོ་གཉིས་ལས་ལེགས་པར་བརྒྱུད་པའི་ལམ་གྱི་རིམ་པ་འཆད་ཉན་གྱིས་གཏན་ལ་ཕབ། རྒྱུད་སྡེ་བཞིའི་དབང་ཁྲིད་བཤད་བཀའ་ཕལ་མོ་ཆེ་དང་། གསང་བ་འདུས་པ་དང་འཁོར་ལོ་སྡོམ་པ་གཉིས་ལ་རྩལ་དུ་བཏོན་ཅིང་། ཁྱད་པར་དབུ་མའི་ལྟ་བ་དང་རིམ་ལྔའི་སྒྱུ་ལུས་ཀྱི་སྐོར་ལ་སྔོན་མེད་པའི་ལེགས་པར་བཤད་པས་མཁས་པའི་དབང་པོ་སྟག་ཚང་ལོ་ཙཱ་བས་ཀྱང་། ཁྱོད་བློ་གཞོན་ནུའི་ཉིན་མོའི་དུས་ཀྱི་ཚེ། །མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས། །བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ། །ཞེས་དང་། གསང་སྔགས་སྤྱི་དང་ཁྱད་པར་ཕ་རྒྱུད་དང་། །ཕ་རྒྱུད་སྤྱི་དང་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད། །ཅེས་དབང་རྣོན་ཆོས་རྗེས་འབྲངས་ཏེ་མཁས་པ་མཁས་པའི་དྲུང་ན་མཛེས་པའི་བསྔགས་བརྗོད་ཡིན་ནོ། །རྒྱུ་མཚན་དེས་ན་བོད་ཡུལ་འདིར་རྒྱ་གར་ལ་འགྲན་པར་ནུས་པའི་བསྟན་པ་ཆེས་ཆེར་དར་བས་ན། ཇོ་བོ་ཆེན་པོ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་འོད་དཔག་མེད་པའི་ལྷ་ཁང་དུ་བྱང་ཆུབ་ཀྱི་སེམས་ལ་(༥༥ན)


GLG018_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྤྱོད་པའི་ཚེ་སྤྱན་རས་གཟིགས་ཀྱིས་ཞལ་བསྟན་ནས་སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་སམ། འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ཁྱོད་ཀྱི་ཡི་དམ་ཇོ་མོ་སྒྲོལ་མའང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱོད་ཀྱི་གདུལ་བྱ་མང་པོའང་དེ་ན་ཡོད་པས་བྱང་ཕྱོགས་བོད་དུ་སོང་ཞིགཅེས་དང་། ཁྲོ་ཕུ་ལོ་ཙཱ་བས། བཻཌཱུ་ཪྻའི་ཚོང་འདུས་ནས་ཁ་ཆེ་པཎ་ཆེན་ལ་ཕུལ་བའི་ཞུ་ཡིག་ཏུ། མ་གདྷ་སོགས་རིགས་འབྱུང་གནས་ཀྱང་སྡིག་ཏོ་ཡིས། །དམག་ཚོགས་ཀྱིས་བཅོམ་ཨོ་རྒྱན་ཁ་ཆེ་བལ་ཡུལ་ཡང་། །ལོག་སྤྱོད་ཀྱིས་ཁེངས་དེང་སང་བསྟན་སྲོག་ལེགས་གནས་ནི། །བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་ཕྱོགས་ཞབས་བསྐྱོད་ཞུ། །ཞེས་དང་། བདེ་མཆོག་རྩ་རྒྱུད་ལས། བོད་ཀྱི་ཡུལ་དང་དེ་བཞིན་དུ། མ་ལ་བ་དང་པུ་ལི་སོགས། ཉི་ཤུ་རྩ་བཞིའི་ཡུལ་ཡིན་ནོ། །ཞེས་བོད་འདི་གསུང་འཁོར་གྱི་གནས་བརྒྱད་ཀྱི་ཟླ་ཚད་དང་ཀྱེ་རྡོར་གྱི་གནས་དང་ས་སྦྱར་བའི་ས་བཅུ་གཉིས་པར་བཤད་པ་སོགས་གནས་དུས་ཡོན་ཏན་བྱ་སྤྱོད་མཐའ་དག་ནས་ཁྱད་པར་དུ་འགྱུར་ཞིང་། དེང་སང་ཡང་བསྟན་པའི་སྲོག་ལེགས་པར་གནས། བསྟན་པའི་སྙིང་པོའང་ལུང་རྟོགས་གཉིས་ལས། རྟོགས་པའི་བསྟན་པ་རྒྱུད་ལ་སྐྱེ་བ་ལུང་གི་བསྟན་པ་ལ་རག་ལུས་ཤིང་། དེའི་ཚད་མར་གྱུར་པའི་དཔང་པོ་ནི་དྲི་མ་མེད་པའི་ཐུབ་པའི་གསུང་རབ་ཡིན་པས། སྔོན་གྱི་མཁས་གྲུབ་དམ་པ་རྣམས་ཀྱིས་གཅེས་སྤྲས་སུ་མཛད་པའི་ཕྱིར། ཆོས་ཀྱི་རྒྱལ་པོ་(༥༥བ)


GLG018_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་འཕགས་པའི་ཐུགས་དམ་དུ་མདོ་མངས་ལྷ་མིའི་རྒྱན་མཆོག འདར་ཕྱར་བས་བཞེངས་པའི་གཙང་ཆུ་མིག་རིང་མོའི་མདོ་མངས། གྲུ་སྤང་རྩས་བཞེངས་པའི་འཛམ་གླིང་རྒྱན། དཔལ་སྣར་ཐང་གི་མཁན་ཆེན་མཆིམས་ཀྱི་གསེར་གཞུང་མ། ཕྱུགས་རྒྱལ་མ། དགོན་གསར་མ་ལེ་ཚན། ཞྭ་ལུ་གསེར་ཁང་གི་མདོ་མངས། སྤུན་གསུམ་གཙུག་ལག་ཁང་དུ་བཞུགས་པའི་མདོ་མངས་སོགས་རྣམས་གྲངས་ཤིན་ཏུ་མང་ཞིང་། དབུས་པ་བློ་གསལ། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་སོགས་མཁས་པ་མང་པོས་སྣར་ཐང་དུ་ཤེར་ཕྱོགས་དང་རྒྱུད་འབུམ་འཐོར་བ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཤིང་། མཁས་པའི་དབང་པོ་རལ་གྲིས་དཀར་ཆག་ཉི་མའི་འོད་ཟེར་མཛད། མ་ཕྱི་དེ་དག་ལ་བརྟེན་ནས་སི་ཏུ་ཐམས་ཅད་མཁྱེན་པ་དགེ་བའི་བློ་གྲོས་ཀྱིས་བཀའ་འགྱུར་རོ་ཅོག་རྫོགས་པར་བཞེངས་ཤིང་། གཞུང་གི་བཞུགས་ཚུལ་རྣམས་ཀྱང་ཕན་ཚུན་འབྲེལ་བཙལ་བའི་སྡེབས་ལུགས་ཕུན་སུམ་ཚོགས་པར་གྲགས། མ་ཕྱི་འདི་ལ་བརྟེན་ནས་གོང་དུ་གནམ་གྱི་ལྷ་ཡུང་ལོ་ཏཱ་མིང་རྒྱལ་པོའི་སྐུ་རིམ་དུ་ཆོས་སྦྱིན་མ་ཟད་པའི་བར་དུ་བསྐྲུན་ཞིང་། དབུས་ཕྱོགས་སུ་དར་བ་ཕལ་ཆེར་མཚལ་པ་བཀའ་འགྱུར་ཤས་ཆེ། ཕྱི་མོར་བྱས་པ་ལ་བཀའ་འགྱུར་རོ་ཅོག་ཅེས་(༥༦ན)


GLG018_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲ་དོན་ཚང་ཕྱིར་མཚལ་པ་བཀའ་འགྱུར་དུ་བཞུགས་པའི་སྔ་འགྱུར་གྱི་རྒྱུད་གསུམ་བསྣན་ཏེ་ལེགས་བྱས་རྒྱ་མཚོའི་སྙིང་པོར་སྤེལ་པའི་བདག་པོ་ནི། རྒྱ་དང་མི་ཉག་གི་རྒྱལ་ཁམས་ཐམས་ཅད་ལ་དབང་བྱེད་པའི་ཚེ་རིང་གནམ་གྱི་ཤེ་མོང་གི་དཔུང་པ་ལས་བྱུང་བའི་ཧོར་གྱི་རྒྱལ་པོའི་ཐོག་མ་ནག་ཨ་ལེན་ལ་ཉི་མ་དང་ཟླ་བའི་ཟེར་ལས་སྐྱེས་པའི་ཕུ་བོ་དོན་ཆར་མུ་གན་གྱི་རིགས་བརྒྱུད་ལས་བྱུང་བ་གནམ་ཇིང་གིར་གྱི་རྒྱལ་པོ་ཡིན་ལ། དེ་ཉིད་ཀྱི་རྒྱུད་ལས་སེ་ཆེན་གན་གྱི་རྒྱ་ཧོར། མགོ་དཀར། བོད་མོན་གློ་རྡོ། རྒྱ་གར་ཤར་ཕྱོགས་སོགས་ས་ཆེན་པོ་ཕལ་ཆེར་འབངས་སུ་བཅུག་པའི་སོག་པོའི་སྡེ་གྲངས་མེད་པའི་ནང་ཚན་ཨོ་རོད་ཚོ་པ་བཞིར་གྲགས་པའི་ནང་ནས་ཧོ་ཤོད་ཀྱི་དཔོན་པོ་ཧ་ནའི་ལ་ཇོ་མོ་ཨ་ཧའི་ཧ་ཐུན་བླངས་པར་སྲས་ལྔ་བྱུང་བའི་གསུམ་པ་རྒྱལ་པོ་འདི་ཉིད་ཆུ་ཕོ་རྟའི་ལོ་ལ་འཁྲུངས་མཚན་ཐོ་རོལ་པའི་ཧུར་བཏགས། དགུང་ལོ་བཅུ་གསུམ་ཙམ་གྱི་དུས་དམག་དཔུང་གི་སྣ་དྲངས་ཏེ་མགོ་དཀར་ཁྲི་ཕྲག་ཙམ་གྱི་སྟེང་དུ་མཆོངས་པས་དཔའ་རྟགས་ཀྱི་གྲགས་པ་ཐོབ། ཨོ་རོད་ཀྱི་སྡེར་ཆོས་མ་དར་ཡང་སོག་པོ་གཞུང་དྲུག་ཏུ་ཏཱ་ལའི་བླ་མ་བསོད་ནམས་རྒྱ་མཚོ་དང་། ཨལ་ཐན་ཆོས་ཀྱི་རྒྱལ་པོ་གཉིས་མཆོད་ཡོན་དུ་འབྲེལ་ཏེ་རྒྱལ་ཁམས་ཐམས་ཅད་དཀར་པོར་གྱུར་པའི་གཏམ་ཙམ་སྙན་གྱི་བུ་གར་སོན་པས་ཕྱོགས་དེར་ཡིད་བསྟད་ནས་ཕྱག་མང་དུ་མཛད་ནས་དབུ་དཔྲལ་བསྐྲངས་པ་ཙམ་བྱུང་། ཡུམ་དུས་ཀྱི་ཆོས་ཉིད་དུ་གྱུར་པར་ལན་དང་རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་གཏོང་སོགས་དགེ་(༥༦བ)


GLG018_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱ་ཆེར་བསྐྲུན་པ་ནི་ཐར་པའི་ལམ་སྟོན་པའི་བཤེས་གཉེན་སོགས་ལ་མ་བལྟོས་པར་རང་སྟོབས་ཀྱིས་མཛད་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་པར་ཐར་པའི་རྗེས་སུ་འགྲོ། དེ་དག་གི་སྐབས་ཁལ་ཁ་ཨོ་རོད་གཉིས་གཡུལ་རླབས་པོ་ཆེ་བཤམས་ཏེ། ལྷ་མ་ཡིན་གྱི་གྲོང་ཁྱེར་ལ་ཅོ་འདྲི་བའི་ཕན་ཚུན་མི་ཤ་སོགས་ཀྱིས་དོགས་ཟོན་ལ་བརྟེན་དཔོན་པོ་དང་མི་བཟང་སྐྱེས་ཕངས་ཅན་རྣམས་རྒྱུ་འགྲུལ་མི་ནུས་པའི་ཚེ། སྡིག་རྒྱུན་འདི་ལྟ་བུ་ཆད་ན་ཅི་མ་རུང་སྙམ་པའི་ལྷག་བསམ་ཟླ་བ་ལྟར་དཀར་བས་དྲངས་པའི་སྙིང་སྟོབས་ཀྱིས་ཁལ་ཁའི་སྡེ་ཁྲོད་དུ་ཚམ་ཚོམ་མེད་པར་བྱོན་ཏེ་གཞུང་བསྒྲིགས་པས་ཕན་ཚུན་མཉེས་གཤིན་པར་གྱུར་པ་ལ་སྟོང་འཁོར་ཞབས་དྲུང་། ཅོ་ནེ་ཨོ་ཆིར་ཐུ་དྷ་ར། ཆ་ཀར་ནོ་མོན་ཁང་སོགས་དང་གཡས་རུ་གཡོན་རུའི་དཔོན་པོ་རྣམས་ཀྱིས་ཏའི་གུ་ཤྲི་ཞེས་པའི་ཆོ་ལོ་དང་བཅས་རྒྱ་ཆེར་བསྔགས། ཨོ་རོད་ཅིག་གིས་མདོ་སྡེ་གསེར་འོད་བཞེངས་པ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོར་ཕྱག་ནས་ཞུས་པར་མིང་དྲིས་པའི་ལན་དུ་ཨལ་ཏ་ན་གི་རི་ལེ་ཟེར་ཞུས་པས། ད་ནས་མི་ལོ་ཉི་ཤུ་ན་ཁྱོད་ཀྱི་ཡུལ་དུ་ཆོས་འདི་དར་བར་འགྱུར་རོ་ཞེས་ལུང་བསྟན། དེ་ཡང་ཆ་ཀར་རྒྱལ་པོ་ལེགས་ལྡན་གྱིས་ཚོ་ཆེན་དྲུག་གི་གཞུང་བཤིག་ནས་དུས་ཀྱི་ཆད་པ་ཆེན་པོས་མནར་བའི་ཚེ། དོ་ལོང་ཁོ་ཤོའུ་ལ་དངོས་སུ་དགྲ་མ་བྱུང་ཡང་། ཆོག་ཐུ་དཔོན་པོ་མེ་ཏོག་གི་མདས་སྙིང་མྱོས་ཤིང་སྔོན་གྱི་ལོག་པའི་སྨོན་ལམ་སྨིན་པའི་མཐུས་མཚོ་སྔོན་པོར་བྲོས་ཐབས་ཀྱིས་འོངས་པ། དཔོན་པོ་ཁོ་ལོ་ཆིའི་སྲས་བརྒྱུད་(༥༧ན)


GLG018_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལེགས་བྱས་ཀྱི་མཐས་གཏུགས་པ་དང་ཉེ་བ་འགྲིག་སྟེ། ཕྱོགས་དེའི་ཧོར་བོད་ཐམས་ཅད་མངའ་འོག་ཏུ་བཅུག ཐོག་མར་ཞྭ་དམར་སེར་གྱིས་ཀུན་སློང་བྱེད་པ་དག་ལ་རིམ་གྱིས་བོན་དང་རྒྱའི་དོག་སྲི་སོགས་ལ་འགྱུར་ཞིང་། བརླང་སྤྱོད་སོར་མོའི་ཕྲེང་བ་ལྟ་བུའི་སྐབས། མ་རུངས་པ་འདི་ལྟ་བུ་འདུལ་མཁན་ཨ་ཁས་ཏའི་ཆིང་གི་དགྲ་ཤ་དང་བཅས། ཏའི་ཆིང་ཁ་ཐན་པཱ་དུར་ལྟ་བུ་ཁལ་ཁའི་དཔོན་ཞིག་ཡོང་ལ་རེ་བའི་དུས། ཆོས་རྒྱལ་དྲི་མེད་ལྷུན་པོའི་གཏེར་ལུང་ལས། སྤྱིར་ཡང་མཐའ་དམག་ལན་བདུན་ཐ་མ་ལཿ བཛྲ་པཱ་ཎིའི་སྤྲུལ་པའི་རྒྱལ་པོ་ཞིག༔ བོད་ཁམས་དར་ཅིག་བདེ་ལ་སྦྱོར་བ་འབྱུང་༔ ཞེས་དང་ཆོས་རྒྱལ་རཏྣ་གླིང་པའི་སྤྱི་ལུང་དུ། འབྲི་ཡི་རྭ་ཅོ་ཕག་གི་མཇུག་མ་ཅན༔ གུང་གི་ཚང་འཆའ་ས་ཡི་ཟས་ཟ་ཞིང༔ མིག་བཞི་གྱེན་ཐུར་དག་ལ་ལྟ་བྱེད་ཅིང་༔ ལྕེ་གཉིས་བདེན་རྫུན་གཉིས་ཀྱི་ཤན་འབྱེད་པ༔ དབུས་གཙང་ཐམས་ཅད་སྐུ་ཡི་མངའ་འོག་འདུ༔ ཞེས་ལུང་བསྟན་དུས་ལ་བབས་ཏེ་སྔོན་གྱི་སྨོན་ལམ་བཟང་པོའི་འབྲེལ་བ་དང་། དཔའ་མཛངས་བརྟུལ་ཕོད་པའི་རྣམ་དཔྱོད་ཀྱིས་སྡིག་ལྟོ་ཅན་དང་མཚུངས་པར་སྤྱོད་པ་དེ་འདུལ་བའི་སྦྱོར་བ་ལ་ཞུགས་པའི་ཚེ། ཙོང་ཁར་གྱིས་པཱ་དུར་ཧུང་ཐའི་ཇི་ཞེས་དད་སྟོབས་ཀྱི་དབང་ཕྱུག་དེས་དཔུང་རོགས་བྱེད་པར་ཁས་བླངས་ཏེ་ཆབས་ཅིག་པར་བཏེག་ནས་ཆོག་ཐུའི་དམག་ཁྲི་ཕྲག་བཞིར་ཉེ་བ་མིང་གི་ལྷག་མར་བཏང་(༥༧བ)


GLG018_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རྒྱ་མཚམས་ལ་ཐུག་པའི་ས་ཆེན་པོ་ཀུན་ལ་དབང་སྒྱུར། མེ་གླང་གི་ལོ་ནང་དེར་ཇོ་ཤཱཀ་མཇལ་བ་སོགས་དགེ་བའི་རྩ་བ་བསྐྲུན་པར་འབྱོར། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་རྒྱལ་ཕྲན་ཐམས་ཅད་ཀྱི་གཙུག་གི་ནོར་བུར་མངའ་གསོལ་བའི་ལུང་ལས་ཀྱིས་གཟེངས་བསྟོད། །གདན་ས་ཆེན་པོ་དགའ་ལྡན་དུ་བྱོན་སྐབས་ཉེར་བརྒྱད་ཀྱི་ནུབ་མོ་ཉིན་མོ་ལྟར་དངོས་པོ་ཕྲ་མོ་རྣམས་ཀྱང་མིག་གི་ཡུལ་དུ་འགྱུར་བའི་འབྱུང་འགྱུར་གྱི་ལྟས་ངོ་མཚར། སླར་མཚོ་ཁར་བྱོན་པའི་ས་ཡོས་ལོ་བོད་ཕྱོགས་སུ་དམག་དཔུང་བཏེགས་པ་ལམ་ནས་བི་རི་དོན་ཡོད་ཀྱི་སྤྱོད་ཚུལ་ཞིབ་མོར་བྱུང་བས་རྐྱེན་བྱས་ཕྱོགས་དེར་ཁ་འཁྱོགས་ཏེ། ཤཱཀྱ་སེང་གེའི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པའི་མ་རུངས་པ་དེ་དག་ཚར་བཅད་ནས་མདོ་ཁམས་སྒང་གསུམ་མཐའ་དག་ཆབ་འབངས་སུ་བསྡུས། ལྕགས་སྦྲུལ་ལོར་ཉང་སྨད་བསམ་གྲུབ་རྩེར་དཔུང་གི་སྦྱོར་བ་བཤམས་ཏེ། ཆུ་རྟའི་ནང་དུ་བོད་ཤིང་སྒོ་ཅན་མཐའ་དག་གིས་བཏུད་ནས་བཀའ་འབངས་སུ་ནོས། ཀར་སྲིད་རྣམས་ཀྱིས་ཕུག་མའི་འོག་གི་ཆུ་དོང་ལྟ་བུའི་ངན་སྤྱོད་རང་ཐོག་ཏུ་འཁོར་ནས། ཉང་ཀོང་རལ་གསུམ་མཐའ་དག་རྟ་རྨིག་གི་རྡུལ་ཆེན་པོའི་འོག་ཏུ་མནན་ཏེ་མིང་གི་ལྷག་མར་བཏང་། རྒྱ་གར་བལ་མོན་སོགས་མཐའི་རྒྱལ་པོ་དང་རྒྱལ་ཕྲན་མང་པོས་ཕོ་ཉ་མངགས་ཏེ་ཡུལ་ལུགས་དང་མཐུན་པའི་སྐྱེས་ཕུལ། མན་ཇུ་སྦོག་ཏོ་རྒྱལ་པོ་དང་ཐག་རིང་གི་མཛའ་གྲོགས་ཆེན་པོར་གྱུར་ཏེ། བདོག་པའི་སྐྱེས་ཕན་ཚུན་དུ་བསྲིང་པ་སོགས་ཡིད་བཅུགས་བཞིན་པའི་ངང་ནས་སྦོག་ཏོའི་(༥༨ན)


GLG018_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སྲས་གནམ་གྱི་ལྷ་འཇམ་དབྱངས་གོང་མ་ཤུན་ཙི་རྒྱལ་པོས་གསེར་གྱི་ཐམ་ཁ་དང་འཇའ་ས་སོགས་ཀྱིས་ཆེས་ཆེར་བསྔགས་ཤིང་། མདོར་ན་འཕགས་ཡུལ། ལྷོ་བལ། རྒྱ་ཧོར་སོགས་ནོར་འཛིན་དཔལ་མོའི་ཁྱོན་ཀུན་ཏུ་ཁྱབ་པར་གྱུར་པ་དེའི་རིགས་སྲས་ཆེ་བ་བཱ་དུར་ཐའི་ཇི། སྔོན་ཆད་སུས་ཀྱང་བགྲོད་དཀའ་བའི་མགོ་དཀར་གྱི་ཡུལ་དཔུང་ཉུང་ངུ་ཞིག་གིས་བཅད་དེ་དབན་རྩ་སྤྲུལ་སྐུ་བོད་དུ་འདེགས་པའི་མཐུན་འགྱུར་ལ་སྔོན་མེད་ཀྱི་ས་མཁན་ལྟ་བུར་གྱུར་ཞིང་། ཡབ་རྒྱལ་པོ་ཆོག་ཐུ་དང་གཡུལ་བཤམས་པའི་སྐབས་ཕ་རོལ་པོ་དགྲ་ཟིལ་ཤིན་ཏུ་ཆེ་བ་ལ་ཡ་ང་མེད་པའི་ཐོག་མ་ཉིད་ནས་རྟ་ལས་བཞོལ་ནས་མེ་མདའ་འཛུགས་པ་སོགས་སྙིང་སྟོབས་ཀྱི་གྲགས་པ་ཅན་སློབ་དཔོན་ཆེན་པོའི་ལུང་བསྟན་དུ། ཐའི་རྒྱལ་པོ་ཇིའི་མིང་ཅན་འབྱུང་བར་གསུངས་པ་དེ་སོག་པོའི་ལུགས་བཞིན་ས་ཕོ་ཁྱིའི་ལོ་ཡབ་ཆོས་ཀྱི་རྒྱལ་པོའི་ཁྲི་ཐོག་ཏུ་བསྟན་འཛིན་རྡོ་རྗེ་རྒྱལ་པོའི་མཚན་དང་བཅས་ཏེ་བོད་རུ་བཞིའི་སྐྱེ་རྒུ་མཐའ་དག་གིས་བདོག་པའི་སྐྱེས་དངོམ་ཆེ་བ་བསྟར་ཏེ། མངའ་གསོལ་རྒྱ་ཆེར་སྤེལ། ལོ་བཅུ་གཅིག་ཙམ་གྱི་བར་རྒྱལ་སྲིད་བསྐྱངས་པའི་རིང་མངའ་འབངས་རྣམས་ལ་ནད་འཁྲུག་མུ་གེ་སོགས་དུས་ཀྱི་ཆད་པའི་ཟུག་རྔུ་དང་བྲལ་བས་སུམ་རྩེན་གྱི་ཡུལ་ལྟར་བདེ་སྐྱིད་ལ་རང་དབང་དུ་སྤྱོད། རྒྱལ་པོ་དེའི་སྲས་ཆེ་བ་ཤ་མཚན་ལ་བཏགས་ཏེ་དཔུང་དམར་རྒྱལ་པོར་ལུང་གིས་ཟིན་པ་རཏྣ་ལྕགས་མོ་ཕག་གི་ལོ་རྒྱལ་སར་མངའ་གསོལ་ཏེ་(༥༨བ)


GLG018_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་མཚན་མ་ཕུན་སུམ་ཚོགས་པ་མངའ་བཞིན་པ་ནས། དགེ་སྡིག་གི་ཕུང་པོ་ལས་གྱི་སྲང་ལ་བཏེགས་པ་ན་ལྕི་ཡང་གི་ཁྱད་པར་ལ་ཡིད་ཆེས་ཀྱི་ངེས་པ་བརྟན་པོས་དྲངས་ཏེ་ཡབ་རྒྱལ་པོའི་དགོངས་རྫོགས་དང་། རང་གི་ལེགས་བྱུས་ཀྱི་ཆེད་དུ་དམིགས་ཏེ་དྲུག་པོ་ཞེས་པ་ལྕགས་ཕོ་སྤྲེའུའི་ལོ་ཤར་ཁམས་ཀོང་གིས་ཁ་གནོན་འོལ་དགའ་སྟག་རྩེར་ལེགས་པར་བཞེངས་པའི་དོ་དམ་པ་རི་སྒོ་གཟིམས་ཤགཱ་པ་ནང་སོ་དཀོན་མཆོག་དར་རྒྱས་ཅན་དང་། ཨེ་ནས་དཔོན་ཡིག་ཆེ་གེས་གཙོས་པའི་ཨེ་པ་ཡིག་མཁན་མཁས་བསྒྲུགས་བརྒྱ་ཕྲག་དང་བཅས་པས་བསྒྲུབས་པའི་དགོས་དོན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་བ་ལེགས་པར་བྲིས་ཏེ་མེ་ཏོག་དང་བདུག་པ་དང་དྲི་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དང་ཁོ་ར་ཁོར་ཡུག་ཏུ་མར་མེའི་འཕྲེང་བ་དང་མཆོད་པ་རྣམ་པ་མང་པོས་བཀུར་བསྟིར་བྱ། བླ་མར་བྱ། བརྗེད་པར་བྱ། མཆོད་པར་བྱ། རི་མོར་བྱ། བསྙེན་བཀུར་བྱ་སྟེ། ཀུན་དགའ་བོ་འདི་ནི་ངའི་རྗེས་སུ་བསྟན་པའོ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། འཕགས་པ་སྡུད་པ་ལས། ལ་ལས་གང་གཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། (༥༩ན)


GLG018_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་གྱིས་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་ཡིག་འདི་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་རྒྱལ་བའི་བཀའ་ཡི་གེར་འདྲི་བ་དང་། ཀློག་པ་དང་། བཀུར་བསྟི་རི་མོར་བགྱིས་པའི་བསོད་ནམས་ཀྱི་མཐའ་ནམ་མཁའི་ཚད་ཀྱིས་ཀྱང་གཞལ་བར་དཀའ་བས། འདི་ཕྱི་གཏན་གྱི་མདུན་མ་ཐམས་ཅད་ཀྱི་རྩ་བ་སྟེ། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། བདུད་བཅོམ་ནས་ནི་བྱང་ཆུབ་བར་དུ་རེག་པར་འགྱུར། །མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོ་ཐོབ། །ཅེས་དང་། ཕལ་ཆེན་ལས། སུ་ཞིག་སངས་རྒྱས་ཡུལ་ལ་དད་སེམས་པ། །དེ་ནི་ཆགས་མེད་ཐུབ་པ་ཀུན་གྱི་དབང་ཡང་བསྐུར། །ཞེས་རྒྱ་ཆེར་གསུངས་པ་དེ་དག་གཅམ་བུ་ཙམ་མིན་པར་དོན་ལ་གནས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཞལ་གྱིས་འཆེས་པ་ཡིན་ཞིང་། རྒྱལ་བས་ལེགས་པར་གསུངས་པ་ནི་ནམ་ཡང་མི་བསླུ་བ་སྟེ། ཇི་སྐད་དུ་ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མར་བཅས་པ་གནས་ལྷུང་ཞིང་། །རི་དང་གྲོང་དུ་བཅས་པའི་ས་གཞི་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། ཁྱོད་ནི་མི་བདེན་པ་ཡི་ཚིག་མ་གསུང་། །ཞེས་སོ། །ཐུབ་གསུང་རི་མོར་བྱས་པའི་བསོད་ནམས་ལྗིད། །(༥༩བ)


GLG018_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ལྡན་སྲང་གིས་མ་ཐེག་བྱིང་དོགས་ནས། པད་དཀར་མིག་དེ་རུས་སྦས་གཟུགས་བསྒྱུར་ཏེ། སུམ་རྩེན་གནས་ནས་འདེགས་ལ་འོངས་བ་བཞིན། འབྲས་བུ་འཛད་མེད་ཆར་གྱིས་ས་གསུམ་པོ། །རབ་གཤེར་སྨོན་ལམ་དྲོད་ཀྱིས་ཉེར་བསྐྱེད་པའི། །ཕན་བདེའི་སྙེ་མ་ཡོངས་སུ་དར་དྲག་པས། །འཁོར་འདས་དབུལ་བ་མ་ལུས་དྲུངས་འབྱིན་ཤོག །ཁྱད་པར་བོད་དང་བོད་ཆེན་རྒྱ་ཧོོར་ཡུལ། །ཆོས་སྐྱོང་རྒྱལ་པོའི་ལེགས་བྱས་ལག་པད་ཀྱིས་། །ཡོངས་བཏེགས་བློ་བཟང་གྲགས་སྙན་བསྟན་པའི་གདུགས། །ཚངས་པའི་ཡུལ་སའི་བར་དུ་འཁོར་བར་ཤོག །འཆད་རྩོད་རྩོམ་དང་ཐོས་བསམ་སྒོམ་པ་ཡི། །ཚུལ་བཞིན་འཛིན་པའི་ཚད་ལྡན་དགེ་བའི་བཤེས། །འདུས་སྡེར་བཅས་རྣམས་སྲིད་མཐར་རབ་འཕེལ་ཞིང་། །རྡོ་རྗེ་ལྟ་བུར་མི་འགྱུར་བརྟན་པར་ཤོག །མང་བཀུར་ཁྲིམས་གཉིས་དྲ་བར་བརླང་སྤྱོད་མཁན། །གཉིས་འཐུང་སྣ་ལ་དྲན་འཛིན་ལྕགས་ཀྱུ་ཡིས། །ཉེར་བཏབ་དགའ་བའི་གསེར་གྱི་རྒྱན་སྤྲས་ནས། །བག་ཡོད་གོམ་སྟབས་ལྷོད་པོར་རྒྱུ་བར་ཤོག །རྒྱལ་པོར་གནམ་གྱི་གཙུག་ནས་དབང་བསྐུར་ལྷ། །སྲས་བརྒྱུད་སྐུ་ཚེ་མངའ་ཐང་རབ་འཕེལ་ཞིང་། །དུས་ཀྱིས་བདག་པོར་ཆེ་བའི་ལེགས་བྱས་ཀྱི། །ཚོར་བ་འགྲོ་ཀུན་སྙིང་ལ་སིམ་པར་ཤོག །དགེ་ཚོགས་རིན་ཆེན་ཕྲ་ཡིས་ལེགས་བཏབ་པ། །དད་པ་དབང་སྔོན་པད་རཱག་གདང་བུ་ཅན། །གཏོང་བའི་(༦༠ན)


GLG018_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་བརྟན་ཐར་པའི་ཐེམ་སྐས་ལ། །བདེ་ཆེན་འབད་ཀུན་འཛེགས་གི་སྐལ་བཟང་ཤོག །ཕྱོགས་རེས་བརྩེ་བའི་སེམས་དང་རང་ཉིད་ཀྱི། །བདེ་འབྲས་གཙོ་བོར་བཏོན་མིན་རྒྱལ་བའི་བཀའ། །སེམས་ཅན་ཀུན་དོན་བསྔོས་པའི་ཆོས་དཀར་རྒྱུན། །བྱང་ཆེན་རྒྱ་མཚོར་ཐུག་མིན་ཆད་མེད་ཤོག །རྣམ་འདྲེན་སྲས་བཅས་སློབ་མར་བཅས་པའི་ཚོགས། །ལྷ་དང་དྲང་སྲོང་བདེན་པར་སྨྲ་རྣམས་ཀྱིས། །མགྲིན་པ་གཅིག་ཏུ་བླངས་པའི་བཀྲ་ཤིས་ཀླུ། །སྙན་པོ་རྣ་བའི་བཅུད་དུ་དངར་བར་ཤོག །ཅེས་གནམ་སའི་དབང་ཕྱུག་བསྟན་འཛིན་ད་ལས་རྒྱལ་པོས་རྒྱལ་བའི་བཀའ་འགྱུར་རོ་ཅོག་བཞེངས་པའི་དཀར་ཆག་སྨོན་ལམ་དང་བཅས་པ་འདི་ཡང་ཤཱཀྱའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་ཕོ་བྲང་དམར་པོ་རིའི་གཞལ་མེད་ཁང་དུ་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་པ་ཤྲཱི་ཡེ་བྷ་ཝནྟུ། །ཨེ་མ་དུས་རྣམས་ཀུན་ཏུ་བཀྲ་ཤིས་གདངས་སྙན་གླུར་ལེན་དོ་ར་རུ། །ཟག་མེད་བདེ་ཆེན་ཟློས་གར་ཡོངས་བསྒྱུར་དཀོན་མཆོག་སྐུ་གསུང་ཐུགས་ཀྱི་རྟེན། །སྲིད་པའི་ནད་བརྒྱ་དྲུངས་ནས་འབྱིན་བྱེད་དགེ་ཚོགས་རྩི་སྨན་ལྗོན་པ་ཆེ། །འབྲས་བུ་ནམ་ཡང་ཟད་པ་མེད་འདི་དཔག་ཡས་བསོད་ནམས་ཤིང་རྟས་དྲངས། །དེ་ཕྱིར་ཡིད་ལ་ཀུན་ཏུ་དགའ་བའི་དཔྱིད། །ཐིག་ལེའི་ལང་ཚོ་དར་དྲག་ཁུ་བྱུག་གིས། །བསུས་པའི་དགེ་ལེགས་གསོས་ཀྱི་བཞིན་རས་མ། །(༦༠བ)


GLG018_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ངོམ་ཕུན་ཚོགས་ནོར་འཛིན་ཀུན་ཁྱབ་ཤོག །བསྐལ་བཟང་སྒྲོན་མེ་བཞི་པའི་བསྟན་པ་ལ། །ཟླ་མེད་རྒྱལ་དབང་འཇམ་དཔལ་སྙིང་པོ་ཡི། །ལུགས་འཛིན་དགེ་འདུན་རྒྱ་མཚོ་ཤེས་བྱ་ཀུན། །མཁྱེན་པའི་ཞབས་ལ་རབ་བཏུད་མགོས་ཕྱག་འཚལ། །ཐེག་གསུམ་སྐྱེ་འཕགས་སྐུ་གཟུགས་པུ་སྟ་ཀའི། །བཞུགས་གནས་དགེ་འདུན་འདུ་ཚོགས་གཡོས་ཁང་སོགས། །རྟེན་དང་བརྟེན་པ་དཀོན་མཆོག་མཆོད་སྤྲིན་དེབ། །འབྲི་བར་སྔོན་འགྲོའི་གཏམ་གྱིས་རྣམ་པར་དབྱེ་། །ཡར་ཀླུངས་སྨན་ལྗོངས་འཕྱོས་དཀར་འཛིན་མ་ཡི། །བྱ་འདབས་གཞིས་ཀར་འབྲེལ་མཚུངས་མཛེས་རྒྱན་དུ། །ཉེར་སྤོས་བཀྲ་ཤིས་བདེ་བ་ཆེན་པོའི་གནས། མཐོ་རིས་གྲོང་ཁྱེར་ས་ལ་འཕོས་པ་བཞིན། །སྲི་ཞུའི་བྱེད་པ་བགྲངས་ཡས་ཞི་ཁྲོའི་ཚོགས། །དགྱེས་བསྐྱེད་བསྐང་བསྟོད་ལོངས་སྤྱོད་འཁོར་ལོའི་འབངས། །ང་རོ་འབོལ་ལྡིར་སྙན་བརྗིད་འཁྲོལ་མཁས་པ། །དབུ་མཛད་བློ་བཟང་ཡོན་ཏན་སྤུན་གྱིས་སོ། །སྐུ་རྟེན་གླེགས་བམ་སྣ་ཚོགས་མཆོད་པའི་རྫས། །ཟེག་འཐོར་ཆུད་འཛའ་སྲུང་བྱེད་དེབ་ཐེར་གྱི། །ལྕགས་རི་ཤིང་གི་མ་མའི་ངོས་ཡངས་པོར། །བརྡ་སྤྲོད་གཟུགས་མཛེས་ཡི་གེའི་འཕྲེང་བ་སྤེལ། །ཞེས་ཚིགས་སུ་བཅད་པ་སྔོན་དུ་བཏང་ནས་ཡར་ཀླུང་འཕྱོས་བཀྲ་ཤིས་བདེ་ཆེན་གྱི་དྲི་གཙང་ཁང་། མགོན་ཁང་། འདུ་ཁང་རྣམས་རྒྱ་བསྐྱེད་གསར་དུ་བསྐྲུན་(༦༡ན)


GLG018_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྐུ་རྟེན་བྲིས་འབུར། གསུང་རྟེན་བཀའ་འགྱུར། གནམ་རྒྱན། རྒྱལ་མཚན། བ་དན། ཏིང་། མཆོད་ཀོང་། སྦུབ་ཆོལ། སིལ་སྙན་སོགས་མཆོད་རྫས་དང་བཅས་པ་དབུ་མཛད་བློ་བཟང་ཡོན་ཏན་སྤུན་གཉིས་ཀྱིས་ཟང་ཟིང་གི་གཏོང་བ་དང་སྒོ་གསུམ་ཆིག་དྲིལ་གྱིས་ལེགས་པར་བསྐྲུན་པའི་དཀར་ཆག་དྲག་པོ་ཞེས་པ་ལྕགས་ཕོ་སྤྲེའུའི་ལོ་གྲོ་བཞིན་ཟླ་བའི་ཡར་ཚེས་ནས་དབུ་བཙུགས་ཏེ་བཀོད་པ་ལ། །ཡིད་དགའ་ཆོས་འཛིན་དང་མཚུངས་པ། དཔལ་ལྡན་གཞན་ཕན་འདུས་གླིང་གི །འདུ་ཁང་རིག་སྔགས་འཆང་རྣམས་ཀྱིས། །རྣམ་པར་རོལ་འདི་རྨད་དུ་བྱུང་། །(༦༡བ)


GLG018_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རྣམས་འགྲོ་ལ་རྗེས་བརྩེའི་སྐྱ་རེངས་མས། །ཕན་བདེའི་ཉི་མ་འདྲེན་ལ་རྟག་འགྲུས་ཀྱང་། །ཁྱད་པར་ལྔ་བདོའི་དཔུང་དུ་སྙིང་སྟོབས་གོ །ཆེས་བཙན་ཤཱཀྱའི་སྐྱེས་མཆོག་ཁྱོད་ཁོ་ན། །གཡས་འཁྱིལ་རི་མོ་གསུམ་པའི་མགྲིན་པ་ནས། །ཐེག་པ་མཆོག་དམན་ཆོས་ཀྱི་དུང་དཀར་སྒྲ། །སྐྱེ་རྒུའི་རྣ་བར་འཇེབས་པ་བཀྲ་ཤིས་ཀྱི། །སྙན་པོའི་བརྒྱང་གླུ་མགྲིན་པར་ལེན་རྣམས་སྤྲོ། །ཁྱོན་ཡང་སྲིད་པའི་བྲེ་ལ་བསོད་ནམས་འབྲུ། །བཤར་ཡང་མ་ཟད་མེས་པོ་ངལ་ནུས་པ། །ཐུབ་གསུང་གླེགས་བམ་བཞེངས་པའི་དཀར་ཆག་དང་། །འབྲེལ་བའི་བསྔོ་སྨོན་འདྲི་ལ་གཅིག་ཏུ་སྤྲོ། །ཞེས་ཚིགས་སུ་བཅད་དེ་གླེང་བར་འོས་པ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་(༦༢ན)


GLG018_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་འདུ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་རྒྱལ་བའི་བཀའ་དང་དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་རྣམས་ལ་ཐོས་བསམ་སྒོམ་གསུམ་རྒྱུན་མ་ཆད་པ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་སུ་ཐུབ་པའི་བསྟན་པ་ཡུན་རིང་དུ་གནས་ལ། དེ་ལ་བརྟེན་ནས་ལུས་ཅན་ཀུན་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བ་ནི་འཕགས་པ་སྡུད་པ་ལས། འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་རྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་པའི་དོན་ལྟར་སྲིད་ཞིའི་དགེ་ལེགས་ཐམས་ཅད་ཀྱི་འབྱུང་ཁུངས་གཅིག་པུ་པ་ཡིན་པའི་ཕྱིར་སངས་རྒྱས་འཇིག་རྟེན་དུ་བྱོན་པར་སྒྲོན་བསྐལ་དང་མ་བྱོན་པའི་ཚེ་མུན་བསྐལ་དུ་གྲགས་ཤིང་། ཁྱད་པར་བསྐལ་པ་འདི་ལ་སངས་རྒྱས་སྟོང་དང་ལྔ་འབྱོན་པས་བཟང་པོའི་བསྐལ་བ་ཞེས་ལྷ་རྣམས་ཀྱིས་ཆེད་དུ་བརྗོད་ལ། དེའི་ནང་ནས་འདྲེན་པ་བཞི་པ་མཉམ་མེད་བུ་རམ་ཤིང་པས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་(༦༢བ)


GLG018_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མམ་དགུར་ཚོགས་བསགས། མཐར་འོག་མིན་གྱི་གནས་སུ་མངོན་པར་བྱང་ཆུབ་ཀྱང་ཐུན་མོང་གི་འགྲོ་བ་རྣམས་འདྲེན་པའི་ཆེད་དུ་མཆོག་གི་སྤྲུལ་སྐུའི་རྣམ་པར་བསྟན་པ་ནི། མཁའ་འགྲོ་རྒྱ་མཚོའི་ལེའུ་གསུམ་པར། འཛམ་བུ་གླིང་ནི་ཆེན་པོ་ཡི། །དུམ་བུ་བཅུ་གཉིས་ཀྱི་ནི་དབུས། །ཤར་གྱི་ཡུལ་ན་གནས་ལྷ་མོ། །ཞེས་དང་། བཞི་པར། འཛམ་བུའི་གླིང་ན་ཆུང་ངུ་འདིར། །བདག་ནི་ཤཱཀྱའི་རིགས་རྗེས་འགྲོ། །ཞེས་དུས་འཁོར་དང་མཁའ་འགྲོ་རྒྱ་མཚོ་སོགས་སུ་འཛམ་གླིང་ལ་ཆེ་ཆུང་གཉིས་སུ་གསུངས་པའི་འཛམ་གླིང་ཆུང་ངུ་འདིར་རྒྱལ་པོའི་རིགས་སུ་སྲིད་པ་འཛིན་པའི་རྒྱུ་མཚན། རྒྱ་ཆེར་རོལ་པ་ལས། །དགེ་སློང་དེ་ལྟར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་དམ་པ་ན་འདུག་པ་ནི་རྣམ་པར་ལྟ་བ་ཆེན་པོ་བཞི་ལ་རྣམ་པར་ལྟ་བ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། དུས་ལ་རྣམ་པར་བལྟ་བ་དང་། གླིང་ལ་རྣམ་པར་བལྟ་བ་དང་། ཡུལ་ལ་རྣམ་པར་བལྟ་བ་དང་། རིགས་ལ་རྣམ་པར་བལྟ་བའོ། དགེ་སློང་དག་བྱང་ཆུབ་སེམས་དཔའ་གླིང་ལ་རྣམ་པར་བལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཐའ་འཁོབ་ཀྱི་གླིང་དུ་མི་སྐྱེ། ཤར་གྱི་ལུས་འཕགས་པོར་མི་སྐྱེ། བྱང་གི་སྒྲ་མི་སྙན་དུ་མི་སྐྱེ། ལྷོའི་འཛམ་བུ་གླིང་ཉིད་དུ་སྐྱེའོ། དགེ་སློང་དག་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཡུལ་ལ་རྣམ་པར་བལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མཐའ་འཁོབ་ཀྱི་ཡུལ་གང་ན་མི་རྣམས་དབང་པོ་བརྟུལ་ཞིང་བླུན་ལ་ལུག་ལྟར་ལྐུགས་པའི་རང་བཞིན་ཅན་ལེགས་(༦༣ན)


GLG018_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པ་དང་ཉེས་པར་བསྟན་པའི་དོན་ཤེས་པར་བྱ་བའི་སྐལ་བ་མེད་པ་དག་ཏུ་མི་སྐྱེ། བྱང་ཆུབ་སེམས་དཔའ་ནི་ཡུལ་གྱི་དབུས་ཉིད་དུ་སྐྱེའོ། །ཞེས་ཡུལ་དབུས་འགྱུར་གྱི་རྒྱལ་པོ་ཆེན་པོ་ཟས་གཙང་མའི་སྲས་སུ་བལྟམས་ནས་མ་ག་དྷ་རྡོ་རྗེའི་གདན་དུ་སྲོད་ལ་བདུད་བཏུལ་དགུང་ལ་མཉམ་པར་བཞག །ཐོ་རངས་མངོན་པར་རྫོགས་པ་སངས་རྒྱས་པའི་ཚུལ་བསྟན་ནས་ཚངས་པ་དང་བརྒྱ་བྱིན་གྱིས་གསོལ་བ་བཏབ་པ་ལ་བརྟེན་ཡུལ་ཝ་ར་ཎཱ་སིར་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར། བྱ་རྒོད་ཕུང་པོའི་རིར་བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཡུལ་ཡངས་པ་ཅན་དུ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཞི་བ་མྱ་ངན་ལས་འདས་པའི་དབྱིངས་སུ་གཟུགས་སྐུའི་བཀོད་པ་བསྡུས་པའི་རྗེས་སུ་བཀའ་བསྡུ་རིམ་པ་གསུམ་དུ་བྱུང་བའི་ཐ་མར། གསུང་རབ་རྣམས་ཡི་གེར་བཀོད་དེ་འཕགས་པའི་ཡུལ་དུ་རྒྱ་ཆེར་འཕེལ་བ་ལས་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདིར་ཇི་ལྟར་དར་བ་ནི། འཇམ་དཔལ་རྩ་རྒྱུད་ལས། །ང་ཡི་དུས་ནས་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་སྟེ། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། ཞེས་མཚོ་བསྐམས་ཏེ་ནགས་བྱུང་བའི་རྗེས་སུ་མིའི་འགྲོ་བ་འཕེལ་ཚུལ་ཡང་། བོད་ཡུལ་འདིར་ཐུགས་རྗེ་ཆེན་པོ་དང་སྒྲོལ་མས་བྱིན་གྱིས་བརླབས་པའི་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་འཕེལ་ཞིང་། སེ། དམུ། ལྡོང་། སྟོང་སྟེ་ནང་གི་མི་རིགས་བཞི་རྣམས་རིགས་ཀྱི་ཕྱི་མོ་བཅུ་གཉིས་སུ་བཤད། བཀའ་ཆེམས་(༦༣བ)


GLG018_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཁོལ་མར་བཞི་བརྒྱར་འཕེལ་བ་ཚན་པ་བཞིར་འཐབས་པ་དང་མེས་པོས་བར་མཚམས་བྱས་ཏེ་ཞིང་ལ་ཚན་པ་བཞིར་བགོས་གཅིག་ལ་གཅིག་འཇིགས་ཤིང་ཚན་བཞིར་བྱེས། དྲུག་ཏུ་ཕྱེ་ན་བོད་མི་ཁྲི་ཐོ་ཆེན་པོ་བྱ་བ་དེ་ལ་དགྲ་འབྲུ་ལྡོང་ལྒ་དང་ནུ་བོ་དཔའ་མདའ་སྟེ་དྲུག་ཏུ་བཤད། རུས་ཆེན་བཞི་ལས་གྱེས་པ་ཡེ་སང་དཀར་པོ་གནམ་གྱི་འཇུ་ཐག་ཅན། ཡེ་སྨོན་ནག་པོ་ཁྲོ་ཆུའི་ཕ་བོང་འདྲ་བ། སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ། མོན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་དང་བཞི་བྱུང་བ་ལས་འཕེལ་བ་ཤས་ཆེ། མཚལ་པའི་དེབ་ཐེར་དུ། མ་སངས་སྤུན་དགུ། རྒྱལ་ཕྲན་ཉེར་ལྔ། བཅུ་གཉིས། སིལ་མ་བཞི་བཅུས་དབང་བྱས་པའི་མཐར་བོད་སྤྱི་ལ་དབང་སྒྱུར་བའི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བཟུང་གནམ་གྱི་ཁྲི་བདུན། བར་གྱི་སྟེང་གཉིས། སའི་ལེགས་དྲུག ལྡེ་བརྒྱད་རྗེས་སུ་བཙན་ལྔར་གྲགས་པའི་ཁྲི་ཐོག་རྗེ་བཙན་རྒྱལ་རབས་ཉེར་བདུན་གྱི་བར་ཆབ་སྲིད་སྒྲུང་ལྡེའུ་བོན་གྱིས་བསྐྱངས་པའི་ཉེར་བདུན་པར་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་བསྟན་པའི་དབུ་བསྙེངས། དེ་ནས་རྒྱལ་རབས་ལྔ་ན་མངའ་བདག་སྲོང་བཙན་སྒམ་པོས་བསྟན་པའི་སྲོལ་བཏོད་པའི་ཐོག་མར་ཉང་བྲན་ཕ་བོང་ཁར་རིགས་གསུམ་མགོན་པོ་བསྒྲུབས་པའི་ལུང་བསྟན་པ་ལྟར་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་བཅུ་གཉིས་བརྩིགས་རྗེས་ཕན་བདེའི་སྙིང་པོ་ར་ས་དང་ར་མོ་ཆེའི་གནྡྷོ་ལ་ཟུང་དུ་འབྲེལ་བ་བཞེངས་པར་སྟོན་པའི་ཞལ་སྐྱིན་ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་པའི་བརྟེན་པ་ལྷའི་ཚོགས་རྒྱ་(༦༤ན)


GLG018_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་བཞུགས་སུ་གསོལ་བ་ནི་འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། ལི་ཙ་བཱི་རྣམས་རིགས་སུ་འབྱུང་། །དེ་ཡང་སྔགས་ཀྱིས་དོན་སྒྲུབ་སྟེ། །ལོངས་སྤྱོད་ཚེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །མི་ཡི་བདག་པོས་དེ་ཡང་གྲུབ། །ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱེད། །ཅེས་དང་། འཇིག་རྟེན་སྒྲོན་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་མོ་དང་ནི། །དཀར་མོ་ཆེན་མོ་གཞན་ཕན་བརྩོན། །ཞེས་པའི་དོན་དང་མཐུན་ནོ། །དེ་ནས་རྒྱལ་རབས་ལྔ་ན་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གིས་རྒྱ་བོད་ཀྱི་ལོ་པཎ་རྣམས་བླའི་མཆོད་གནས་སུ་བཀུར། ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་སོགས་དཀོན་ཅོག་གསུམ་གྱི་རྟེན་བརྟེན་པ་མང་དུ་བཞེངས། དགེ་འདུན་གྱི་སྡེ་འཛུགས་པ། བཀའ་བསྟན་བཅོས་བསྒྱུར་བ་སོགས་བསྟན་པ་དར་རྒྱས་སུ་མཛད། མངའ་བདག་མུ་ཁྲི་བཙན་པོས་སྐ་ཅོག་སོགས་ལོ་པཎ་རྣམས་ལ་བརྟེན་ནས་ཕོ་བྲང་ཕང་ཐང་དུ་བཀའ་འགྱུར་རོ་ཅོག་ཐོག་མར་བྲིས། སྲས་མངའ་བདག་ཁྲི་ལྡེ་གཙུག་བརྟན་གྱིས་ཡབ་མེས་ཀྱི་དུས་ཀྱི་འགྱུར་དཀའ་བ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་འབེབས་སུ་བཅུག བར་སྐབས་སུ་རྒྱལ་པོ་དར་མས་བཤད་སྒྲུབ་ཀྱི་བསྟན་པ་ལ་ཤིན་ཏུ་གནོད་པ་བྱུང་ཡང་། ལམ་ཡིག་(༦༤བ)


GLG018_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཇོ་བོ་ཆེན་པོ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་འོད་དཔག་མེད་པའི་ལྷ་ཁང་དུ་བྱང་ཆུབ་ཀྱི་སེམས་ལ་ཐུགས་སྤྱོད་བའི་ཚེ་སྤྱན་རས་གཟིགས་ཀྱི་ཞལ་བསྟན་ནས་སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་སམ་འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ཁྱོད་ཀྱི་ཡི་དམ་ཇོ་མོ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱོད་ཀྱི་གདུལ་བྱ་མང་པོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་བོད་དུ་སོང་ཞིག་ཅེས་པ་ལྟར་སྲས་བཅས་རྒྱལ་བའི་འཕྲིན་ལས་ཀྱི་འཇུག་པ་རྒྱུན་མི་ཆད་པའི་རྟེན་འབྲེལ་གྱིས་བསྟན་པའི་མེ་རོ་སྟོད་སྨད་གཉིས་ནས་བསོས་ཤིང་། ཇོ་བོ་ཆེན་པོ་ཨ་ཏི་ཤ །པཎ་ཆེན་གྷ་ཡ་དྷ་ར། ཁ་ཆེའི་བསོད་སྙོམས་པ་ཤཱཀྱ་ཤཱི་སོགས་པཎྜི་ཏ་དུ་མ་དང་། འཇིག་རྟེན་གྱི་མིག་གཅིག་པུ་མང་དུ་བྱོན་ནས་གསུང་རབ་དགོངས་འགྲེལ་དང་བཅས་པར་འགྱུར་བཅོས་དང་གསར་དུ་བསྒྱུར་བ་སོགས་བཤད་སྒྲུབ་ཀྱི་བསྟན་པ་སྔ་དར་ལས་ཀྱང་འཕེལ་ཆེ་བ་ལྟ་བུ་བྱུང་བ། ཁྲོ་ཕུ་ལོ་ཙཱ་བས་བཻཌཱུཪྻའི་ཚོང་འདུས་ནས་ཁ་ཆེ་པཎ་ཆེན་ལ་ཕུལ་བའི་ཞུ་ཡིག་ཏུ། མ་ག་དྷ་སོགས་རིགས་འབྱུང་གནས་ཀྱང་སྡིག་ཏོ་ཡི། །དམག་ཚོགས་ཀྱིས་བཅོམས་ཨྱོན་ཁ་ཆེ་བལ་ཡུལ་ཡང་། །ལོག་སྤྱོད་ཀྱིས་ཁེངས་དེང་སང་བསྟན་སྲོག་ལེགས་གནས་ནི། །བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་ཕྱོགས་ཞབས་བསྐྱོད་ཞུ། །ཞེས་པའི་དོན་དང་མཐུན་པར་རྡོ་རྗེ་འཆང་ཕ་བོང་ཁ་པའི་གསུང་ལས་ཀྱང་མཐོང་ཞིང་(༦༥ན)


GLG018_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ལ། དེའང་བསྟན་པ་སྔ་དར་གྱི་དུས་དཀར་ཆག་ཕང་ཐང་མ་དང་ལྡན་དཀར་མ། ཕྱི་དར་ལ་དབུས་པ་བློ་གསལ་གྱིས་སྣར་ཐང་དུ་བསྒྲིགས་པ། བཅོམ་ལྡན་རལ་གྲིའི་དཀར་ཆག་ཉི་མའི་འོད་ཟེར། མཚལ་པ་སི་ཏུ་དགེ་བའི་བློ་གྲོས་ཀྱིས་བསྒྲིགས་རྩོམ་མཛད་པར་མཚལ་པ་བཀའ་འགྱུར། ཀུན་མཁྱེན་བུ་སྟོན་ཞབས་ཀྱིས་བསྒྲིགས་པ་ཐེམ་སྤངས་མར་གྲགས་པ་སོགས་མང་དུ་ཡོད་པ་ལ་ཕྱི་མོར་བྱས་ཏེ་འབྱོར་ལྡན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་རྒྱ་ཆེར་སྤེལ་བ་ལས། ཉེ་ཆར་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་པོའི་བྱ་འདབས་ཀྱི་བྱམས་ཁང་རྒྱབ་ཆོས་སྐྱོང་དམག་དཔོན་གངས་ལ་ཉི་ཤར་གྱི་བསླབ་བྱ་བཞིན་ཁོག་པ་ཚེ་དབང་རྡོ་རྗེ་ཁུར་འཁུར་ནས་བསྟན་འགྲོའི་ཕན་བདེ་སྤེལ་བའི་ཆེད་དུ་ལྷག་བསམ་ཀུནྡ་ལྟར་དཀར་བས། བཀའ་འགྱུར་གྱི་སྟེང་དུ་འབུམ་ཚར་གཅིག་ལྷག་དང་བཅས་ཏེ་ལེགས་པར་བཞེངས་པའི་ཕན་ཡོན་ནི། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བ་ལས། ཀུན་དགའ་བོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འདོད་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པར་བྱ། བཟུང་བར་བྱ། གཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ། རབ་ཏུ་གདོན་པར་བྱ། བསྟན་པར་བྱ། ཉེ་བར་བསྟན་པར་བྱ། ལུང་འབོག་བར་བྱ། ཁ་ཏོན་དུ་བྱ། བྲི་བར་བྱ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་(༦༥བ)


GLG018_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ་མེ་ཏོག་དང་བདུག་པ་དང་དྲི་དང་འཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དང་ཁོ་ར་ཁོར་ཡུག་ཏུ་མར་མེའི་འཕྲེང་བ་དང་མཆོད་པ་རྣམ་པ་མང་པོས་བཀུར་བསྟིར་བྱ། བླ་མར་བྱ། བརྗེད་པར་བྱ། མཆོད་པར་བྱ། རི་མོར་བྱ། བསྙེན་བཀུར་བྱ། ཀུན་དགའ་བོ་འདི་ནི་ངའི་རྗེས་སུ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོགས་ཕན་ཡོན་རྒྱ་ཆེར་གསུངས་སོ། །ནོར་འཛིན་བུ་མོ་མར་གད་གོས་ཀྱིས་ཀླུབས། །སྣ་ཚོགས་མེ་ཏོག་དོ་ཤལ་འཕྲེང་མཛེས་སྤེལ། །མགྲིན་པའི་ཁུ་བྱུག་སྙན་པོའི་གླུ་ལེན་པ། །གསོས་ཀྱི་དགའ་སྟོན་ཚུར་མཐོང་བྱིས་བློ་འདྲ་འདྲིད། །ཨེ་མ་ཅུང་ཟད་འདྲི་ཀློག་བཀུར་བསྟིས་ཀྱང་། །སྲིད་པའི་ནད་བརྒྱ་བྱིན་པའི་ཆིག་ཐུབ་སྨན། །བྱང་ཆེན་བར་གྱི་དོན་ལྡན་བསྒྲུབ་པའི་གཏམ། །འདི་ཀོ་དཔྱོད་ལྡན་སྙིང་ལ་བདུད་རྩིའི་དཔྱིད། །ཐུབ་གསུང་གླེགས་བམ་སེང་གེའི་ང་རོའི་སྒྲས། །བདུད་བཞིའི་སྙིང་ག་ཕུག་ནས་མཁའ་མཉམ་གྱི། །འགྲོ་ཀུན་ཐར་པ་ཐམས་ཅད་མཁྱེན་པའི་སར། །ཉེར་འདྲེན་ཤིང་རྟ་ཆེན་པོར་འགྱུར་བར་ཤོག །མེས་དབོན་རྣམ་གསུམ་ཚངས་པའི་རལ་ཀླུང་ནས། །མདོ་རྒྱུད་བཤད་སྒྲུབ་ཡན་ལག་བརྒྱད་ལྡན་ཆབ། །འཇིག་རྟེན་གསུམ་གྱི་ཕན་བདེའི་ཆུ་གཏེར་དུ། །བབས་པའི་རླབས་འཕྲེང་མཁའ་ལ་ཕྱུར་བར་ཤོག །ཉི་མའི་གཉེན་གྱི་དགོངས་དོན་མ་ལུས་པ། །འཁྲུལ་མེད་སྟོན་མཛད་ཀུན་མཁྱེན་(༦༦ན)


GLG018_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཙོང་ཁ་པའི། །ལུང་རྟོགས་བསྟན་པ་གདུགས་དཀར་གྲིབ་མ་ལ། །སེམས་ཅན་ཐམས་ཅད་ངལ་གསོར་སྤྱོད་པར་ཤོག ངག་དབང་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི། །བུམ་བཟང་ཉེར་བལྟམས་ལེགས་བཤད་རྒྱ་མཚོའི་བཅུད། །རིས་མེད་གདུལ་བྱར་སྩོལ་བའི་བཤེས་གཉེན་མཆོག །སྐུ་ཚེ་གཡུང་དྲུང་ལྟ་བུར་བརྟན་པར་ཤོག །ཆོས་ནོར་འདོད་ཐར་དགའ་སྟོན་ལྡན་པའི་སྒོ། །རྣམ་པར་ཕྱེ་བ་ཕོ་བྲང་སྐྱོང་པའི་ལྷ། །ས་ཡི་དབང་ཕྱུག་སྐུ་ཚེ་མངའ་ཐང་དང་། །མི་ནོར་དཔལ་འབྱོར་ཕྱོགས་བཅུར་རྒྱས་པར་ཤོག །ཡོན་སྦྱོར་དམག་དཔོན་གངས་ལ་ཉི་ཤར་གྱི། །སྡིག་ལྟུང་ཀུན་བྱང་དབང་ཐང་དར་དྲག་ཅིང་། །མི་ཁོམ་སྡུག་བསྔལ་མངོན་སུམ་ལྟ་ཅི་སྨོས། །ཉིང་འཁྲུལ་རྨི་ལམ་དུ་ཡང་མི་འབྱུང་ཤོག །རིང་མིན་འཁོར་བའི་གཅོང་རོང་ལས་ཐར་ཞིང་། །སྨོན་འཇུག་སེམས་ཀྱིས་ས་བཅུའི་ཐེམ་སྐས་ལ། །རབ་འཛེགས་སངས་རྒྱས་གོ་འཕང་ཡིད་བཞིན་གྱི། །ནོར་བུའི་ཕོ་བྲང་ཆེན་པོར་འཇུག་པར་ཤོག །བྲིས་འབུར་རྟེན་བཞེངས་དགེ་བའི་རྩ་བ་རྣམས། །སྒྲུབ་པའི་བཟོ་རིགས་མཐུན་རྐྱེན་བྱེད་པ་ཀུན། །ཚེ་འདིར་ལྷ་ཡི་བདེ་སྐྱིད་དང་མཚུངས་ཤིང་། །ཕྱི་མར་ཐར་པའི་གོ་འཕང་ཐོབ་པར་ཤོག །གསུང་རབ་བཞེངས་དང་སྲུང་མ་རང་ཉིད་ལ། །འབྲེལ་བ་ཐོགས་རྣམས་དལ་འབྱོར་རྟེན་ཐོབ་ནས། །ཟབ་རྒྱས་ཆོས་ཀྱི་འབྱོར་བར་ལོངས་སྤྱད་དེ། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་དམག་དཔོན་གངས་ལ་ཉི་ཤར་གྱིས་བཀའ་འགྱུར་རིན་པོ་ཆེ་བཞེངས་པའི་དཀར་ཆག་སྨོན་(༦༦བ)
ལམ་ནོར་བུའི་འཕྲེང་མཛེས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་པ་དགེ་བར་གྱུར་ཅིག །ཁྲིམས་ལྡན་འདུས་པ་ཚོགས་སུ་སྤྱན་འདྲེན་པའི། །དབྱངས་སྙན་པི་ཝཾ་རྗེས་འགྲོ་འབུད་བའི་དུང་། །སྲིད་ཞིའི་གདུང་བ་སེལ་བའི་བརྒྱང་གླུའི་སྒྲ། །འཆི་མེད་དབང་པོའི་འདུན་ས་མངོན་སུམ་བཞིན། །ལེགས་བྲིས་དགའ་ཚལ་རྗེས་འགྲོ་ཡར་ཀླུངས་ཆར། །ཆོས་གྲ་ཆེན་པོ་དཔལ་གྱི་རྩེས་དང་གི །ལྔ་མཆོད་སྤྱི་སོར་དཔལ་གྲོང་སྔགས་རམས་པ། །ངག་དབང་དགེ་ལེགས་ལྷག་བསམ་གྱིས་ཕུལ་མཐུས། །སྐྱེ་བ་ཀུན་ཏུ་རྒྱལ་བའི་གསུང་རབ་ཀྱི། །ཚིག་དོན་རྣ་བར་འཇེབས་པ་ཚངས་པའི་དབྱངས། །རྟག་ཏུ་ཐོས་ནས་འདི་ཕྱིའི་མདུན་མ་ཀུན། ལྷུན་གྱིས་གྲུབ་པར་མཆོག་གསུམ་མཐུས་བྱིན་རློབས། །ཞེས་རྩེས་དང་ལྔ་མཆོད་སྤྱི་སོར་གསོལ་དཔོན་རབ་འབྱམས་པ་ངག་དབང་དགེ་ལེགས་ཀྱིས་འབུད་དུང་དངུལ་ཤོག་སྲང་ཉི་ཤུ་ལས་གྲུབ་པ་ཆ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །


previousལྕགས་ཕོ་སྤྲེའུའི་ལོ་ཧོར་སོག་གི་རྒྱལ་རིགས་དཔོན་ཁག་ཚོར་དྲག་ཞན་དང་བསྟུན་པའི་བདག་རྐྱེན་གྱི་དེབ་ཐེར་དཔྱད་གསུམ་གྱིས་དག་པར་གཏན་ལ་ཕབ་པ་མུ་ཐི་ལའི་འཁྲི་ཤིང་།next