Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
དཔལ་ཕག་མོ་གྲུ་པའི་ཕོ་བྲང་སྣེའུ་སྡོང་རྩེ་ཁུལ་གྱི་བོགས་དེབ་གསར་བསྒྲིགས་ཕུན་ཚོགས་ནོར་བུའི་འདོད་འཇོ།
   
   
   
   
   
   


 
previousདཔལ་ཕག་མོ་གྲུ་པའི་ཕོ་བྲང་སྣེའུ་སྡོང་རྩེ་ཁུལ་གྱི་བོགས་དེབ་གསར་བསྒྲིགས་ཕུན་ཚོགས་ནོར་བུའི་འདོད་འཇོ།next

དཔལ་ཕག་མོ་གྲུ་པའི་ཕོ་བྲང་སྣེའུ་སྡོང་རྩེ་ཁུལ་གྱི་བོགས་དེབ་གསར་བསྒྲིགས་ཕུན་ཚོགས་ནོར་བུའི་འདོད་འཇོ།


GLG018_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤེས་ཨུཏྤལ་མདའ་གཞུ་བཀང་བའི་རྩེར། །འཇམ་མཉེན་མདུད་པའི་མདེའུ་མེ་ཏོག་ཁ། །འཛུམ་ལ་ཁམས་གསུམ་སྙིང་གར་རབ་བསྣུན་ཁྲག །རྗེས་ཆགས་ཉམས་ཀྱིས་བརྟན་གཡོ་དེ་དབང་སྡུས། །ཞལ་དང་ནེའུ་ལེའི་མགྲིན་ནས་འདོད་རྒུའི་ཆར། །ཉེར་བབས་ནོར་བུའི་ཕུང་པོ་མཐོར་བརྩེགས་པ། །གྲིབ་ཏུ་བསིལ་བར་ཡིད་ཅན་ངལ་བསོས་ཏེ། །འབྱོར་བའི་དགའ་སྟོན་མྱོང་པར་འགྲོ་ཀུན་སྦྱོར། །གཤིན་པོའི་ཞིང་ས་ཆེར་ཡངས་མངལ་ཁུར་དུ། །སྣ་ཚོགས་ས་བོན་བཏབ་སྨིན་བསྐྱེད་བསྲིངས་པར། །གྲངས་མེད་འབྲུ་རིགས་གཞོན་ནུ་ཡོངས་འཕེལ་བའི། །བྲེ་འཇལ་རྩེད་འཇོའི་དགའ་སྟོན་གཅིག་ཏུ་སྤྲོ། །གངས་ཅན་འགྲོ་བ་ཐོག་མར་ཆགས་པའི་ས། །རུ་བཞིའི་ལྟེ་བ་ཡར་ཀླུངས་སྨན་གྱི་ལྗོངས། །(༨༣ན)


GLG018_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཟོ་དང་གོང་པོ་རི་ཡི་འདབས་ཞོལ་དུ། །འཛམ་གླིང་རྒྱན་གཅིག་ཕོ་བྲང་སྣེའུ་སྡོང་རྩེར། །ས་སྐྱོང་བློ་བཟང་སྦྱིན་པའི་རྣམ་དཔྱོད་དང་། །བརྩོན་པས་འབྲུ་འབབ་གྲངས་ལ་རྦ་ཤུབས་བསྲུངས། །ཆོམས་པོ་བསྲུང་པའི་སྲ་བརྟན་ལྕགས་རི་ཡི། །གཏན་འབེབས་སྤེལ་ལེགས་དེབ་ཐེར་དེང་འདིར་འགོད། །ཅེས་ཚིགས་སུ་བཅད་པ་སྔོན་དུ་བཏང་ནས་འཕགས་པའི་ཡུལ་དུ་དུ་རྨ་ཏི་ཞེས་པ་བློ་ངན་དུ་འབོད་ཅིང་། རྒྱ་ནག་སྤོར་ཐང་དང་མཐུན་པ་ལྕགས་མོ་བྱའི་ལོ་ནམ་མཐོང་ཟླ་བའི་ཡར་ཚེས་ནས་དབུ་བཙུགས་ཏེ། གནམ་གྱིས་བསྐོས་པའི་རྒྱལ་པོ་དཔལ་ཕག་མོ་གྲུ་པའི་ཕོ་བྲང་སྣེའུ་སྡོང་རྩེ་ཁུལ་ཞོལ་ལྡིང་སྐོར། ཡར་མདའ། བྱ་ས་དང་བཅས་པའི་བོགས་དེབ་གསར་བསྒྲིགས་ཕུན་ཚོགས་ནོར་བུའི་འདོད་འཇོ་བཀོད་པ་ལ། །ལྕང་ལོ་ཅན་གྱི་ཕོ་བྲང་ཆེན་པོ་ནས། །གནོད་སྦྱིན་བྱེ་བའི་སྡེ་དཔོན་རྣམ་ཐོས་སྲས། །རྒྱལ་མཚན་ཏོག་གི་ཡིད་བཞིན་ནོར་བུ་ལས། །ལྷ་མིའི་འདོད་ཡོན་མཐའ་དག་ཆར་དུ་ཕོབ། །སྔོན་བསགས་གཏོང་ཕོད་མ་ལ་ཡ་ཀླུང་ནས། །སྨོན་ལམ་མཚམས་སྦྱོར་རླུང་གིས་ཉེར་དྲངས་པའི། །སྣ་ཚོགས་འབྲུ་རིགས་ཙནྡན་ལྗོན་ཤིང་དྲི། །དངར་པོས་བཀྲེས་ཕོངས་ཚ་གདུང་རྒྱང་དུ་བཅིལ། །དེ་ཕྱིར་ས་བོན་མཉམ་པར་བཀྲམ་པ་ཡི། །སྙེ་མ་ཡོངས་སུ་དུད་ལ་དྲང་པོའི་ཐིག །བཏབ་ནས་རང་གཞན་རི་སྒང་ཤས་ཀྱི་དེབ། མེ་ལོང་གདོང་གི་ངང་ཚུལ་འདི་ན་སྤེལ། །ཞེས་ཚིགས་སུ་བཅས་པས་སྔུན་བསུས་ནས་འཕགས་པའི་ཡུལ་དུ་དུ་རྨ་ཏི་ཞེས་པ་བློ་ངན་དུ་འབོད་ཅིང་། རྒྱ་ནག་སྤོར་ཐང་དང་མཐུན་པ་ལྕགས་མོ་བྱའི་ལོ་(༨༣བ)


GLG018_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཐོང་ཟླ་བའི་ཡར་ཚེས་ནས་དབུ་བཙུགས་ཏེ་ཕོ་བྲང་སྣེའུ་སྡོང་རྩེ་ཁུལ་ཞོལ་ལྡིང་སྐོར། ཡར་མདའ། བྱ་ས་ནང་བཅས་པའི་ཤས་དེབ་གསར་བསྒྲིགས་མང་བཀུར་ཞལ་ཆེའི་བརྗོད་དོན་བཀོད་པ་ལ། སྲིད་པའི་མེས་པོའི་གཙུག་ན་ཟླ་བའི་སྲས། །ས་སྲུངས་སྣ་ཞགས་ཀྱིས་བཏེག་བུམ་པ་ཡིས། །འགྲོ་མང་སྤྱི་བོར་དབང་བསྐུར་འཛད་མེད་ནོར། །བརྒྱ་ཕྲག་གཏེར་སྒོ་ལེགས་འབྱེད་ཚོགས་ཀྱི་བདག །ཉི་འོད་འབུམ་གྱིས་རབ་འཁྱུད་པད་རཱག་གི །ལྷུན་པོའི་སྙེམས་པ་འཕྲོག་ལས་འཕྲོས་པའི་ཟེར། །ལྕགས་ཀྱོས་ཁམས་གསུམ་སྣོད་བཅུད་ཡོད་དོ་ཅོག །དགའ་བ་གཡས་སུ་དེང་འདིར་འཁྱིལ་བར་མཛོད། །པུར་རྒྱལ་དང་པོར་སྐྱོང་པ་ལྷ་ཆེན་པོ། །ཤམ་བྷུའི་ཕོ་བྲང་ཁ་བའི་རྡུལ་བརྩེགས་(༨༤ན)


GLG018_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཉེར་བབས་ཀླུང་ཆེན་ཤར་ནུབ་འཆི་མེད་ཀྱི། །གྲོང་ཁྱེར་མངོན་སུམ་གསེར་ལྡན་ལ་འཕོས་བཞིན། །ས་བོན་གཅིག་ལས་འབྲས་བུ་བརྒྱ་ཕྲག་ཏུ། །འཕེལ་བ་འུད་ཙམ་མ་ཡིན་དྲང་པོའི་གཏམ། །སྟོན་འཇལ་ཆང་གིས་ཅི་དགར་རབ་མྱོས་ནས། །ཆེས་སྙན་རྒྱང་གླུ་རྣ་བའི་གསོས་སུ་འཇེབས། །མི་ལུས་དུག་སྤྲུལ་ལྕེ་རྐྱང་འཁྱོག་ཚིག་གི །ར་ཐང་རྗེ་འབངས་ལ་གཡོགས་རང་དོན་ནོར། །སྦར་འཇུག་འགོག་ནུས་དེབ་ཐེར་གཏན་ཚིགས་ཀྱི། །དངུལ་དཀར་མེ་ལོང་གསར་པ་དེང་འདིར་བསྐྲུན། ཞེས་ཆེད་དུ་བརྗོད་པའི་ཚིག་སྔོན་དུ་བཏང་ནས་འཕགས་པའི་ཡུལ་དུ་དུ་རྦ་ཏི་ཞེས་པ་བློ་ངན་དུ་འབོད་ཅིང་། རྒྱ་ནག་སྤོར་ཐང་དང་མཐུན་པ་ལྕགས་མོ་བྱའི་ལོ་ནམ་མཐོང་ཟླ་བའི་ཚེས་ནས་དབུ་བཙུགས་ཏེ་ཕོ་བྲང་སྣེའུ་སྡོང་རྩེའི་ཆབ་འབངས་ཀྱི་ཤར་ཁ། མཁར་ཐོག །དགོན་གསེར། བཙན་ཐང་། ཡས་ཆགས། ལེགས་གླིང་ཁུངས་དང་བཅས་པའི་བོགས་དེབ་དངུལ་དཀར་མེ་ལོང་བཀོད་པ་ལ། རིན་ཆེན་བྲག་རི་སྤང་ལྗོངས་ལྗོན་ཤིང་མཚོ། །མེ་ཏོག་རྣམ་བཀྲ་དགའ་བའི་ཚལ་གྱི་དབུས། །ནོར་བུའི་ཕོ་བྲང་ནང་བཞུགས་གདེངས་ཅན་གྱིས། །འཛད་མེད་འདོད་དགུའི་གཏེར་སྒོ་དེང་འདིར་ཕྱེ། །ཆུ་གཏེར་རླངས་པ་མཁའ་ངོས་འཁྲིགས་པའི་སྤྲིན། །མཐུག་པོའི་དབུས་ནས་ཆར་གྱིས་མྱུ་གུའི་བསྐྱེད། །བསྲིངས་པས་སྙེ་མ་གཡུར་ཟ་འཛིན་མའི་གཞིར། །སྤུངས་པར་ཡིད་ལ་སྤྲོ་དགའ་ཅི་ཡང་བརྟས། །གངས་ཆུ་ལྷུང་ལྷུང་སྒྲར་བཅས་པཀྵུ་ལ། །ཉེར་འབབ་ཤར་ནུབ་ཁྱོད་གནས་སྐྱེ་རྒུ་ཡིས། །བསྐྲུན་པའི་འབྲུ་རིགས་གུད་མེད་ཐོབ་ཐང་(༨༤བ)


GLG018_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དོན། །གསལ་བྱེད་དེབ་ཐེར་རྙོག་བྲལ་རྫིང་བུར་ལྟོས། །ཞེས་ཚིགས་སུ་བཅད་པ་སྔོན་དུ་བཏང་ནས་འཕགས་པའི་ཡུལ་དུ་དུ་རྦ་ཏི་ཞེས་པ་བློ་ངན་དུ་འབོད་ཅིང་། རྒྱ་ནག་སྤོར་ཐང་དང་མཐུན་པར་ལྕགས་མོ་བྱའི་ལོ་ནམ་མཐོང་ཟླ་བའི་ཡར་ཚེས་ནས་དབུ་བཙུགས་ཏེ་ཕོ་བྲང་སྣེའུ་སྡོང་རྩེའི་ཆབ་འབངས་ཀྱི་ཤར་ཁ། མཁར་ཐོག དགོན་གསར། བཙན་ཐང་། ཡས་ཆགས། ལེགས་གླིང་ཁུངས་དང་བཅས་པའི་ཤས་དེབ་རྙོག་བྲལ་རྫིང་བུ་བཀོད་པ་ལ། ས་འོག་ས་སྟེང་ས་བླའི་འཇིག་རྟེན་ཀུན། །འགུགས་བྱེད་ཨཱ་ལི་ཀཱ་ལིའི་འཁྲུལ་འཁོར་སྒྲ། །རབ་སྒྲོག་འདོད་རྒྱལ་གཟི་ཡིས་ངག་བཅོམས་ཀྱང་། །མྱོས་ན་གཞན་དག་ལྟ་ཅི་དབང་དུ་སྡུས། །ལུས་ཕྲ་ནུ་འབུར་དཀྱུས་རིང་མིག་(༨༥ན)


GLG018_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་གྱིས། །ཆགས་བྲལ་ཆགས་པ་སློང་བྱེད་ནོར་རྒྱུན་མའི། །སོར་མོས་རབ་བཏེག་འབྲས་ཀྱི་སྙེ་མ་ལས། །འཛད་མེད་འབྲུ་ཡི་ལོངས་སྤྱོད་ཆར་དུ་སྙིལ། །གཡོ་རུ་ཡར་མཐིལ་ཕོ་བྲང་ཆེན་པོ་ཡི། །བྱ་འདབས་ལྗོངས་ཀྱི་ཤས་གཡུལ་མཐའ་ཀླས་པར། །སོ་ནམ་རྩོལ་བར་མ་བལྟོས་འབད་མེད་དུ། །སྤྱོད་བོགས་འདོད་དགུའི་གཏེར་སྒོ་ཕྱེ་བ་བཞིན། །ས་བོན་ཆུ་རྒྱུད་དྲོད་གཤེར་མཐུས་བསྐྱེད་པར། །རྟག་འགྲུས་ཁུར་གྱིས་ངལ་བ་བསྟེན་པའི་འབྲས། །མ་ལུས་བང་མཛོད་ཁེངས་ལ་ཉེར་སྤྲོ་བའི། །ཡིད་དགའི་ཚོར་བ་ཉམས་སུ་ཅི་ཡང་མྱོང་། །དེ་ཕྱིར་བརྗེད་ངས་འཇིགས་པ་སྤོང་བྱེད་གཏམ། །རབ་དཀར་ཤོག་བུའི་ངོས་སུ་ཡི་གེའི་གཟུགས། །རྣམ་དག་བརྗོད་པའི་ནོར་བུ་བཻཌཱུཪྻའི། །དོ་ཤལ་དཔྱོད་ལྡན་མགྲིན་པའི་རྒྱན་དུ་ལོང་། །ཞེས་ཚིགས་སུ་བཅད་པས་སྔུན་བསུས་ནས་འཕགས་པའི་ཡུལ་དུ་དུརྨ་ཏི་ཞེས་བློ་ངན་དུ་འབོད་ཅིང་རྒྱ་ནག་སྤོར་ཐང་དང་མཐུན་པ་ལྕགས་མོ་བྱའི་ལོ་ནམ་མཐོང་ཟླ་བའི་ཡར་ཚེས་ནས་དབུ་བཙུགས་ཏེ་ཕོ་བྲང་ཆེན་པོ་སྣེའུ་སྡོང་རྩེའི་མངའ་ཞབས་ཚོར་གཡུལ་བོགས་འཁྲི་བ་དང་ཕྱག་འདེབས་ཀྱི་དེབ་གསར་དུ་བསྒྲིགས་པ་བཻཌཱུཪྻའི་དོ་ཤལ་བཀོད་པ་ལ། སོར་མོས་མགུལ་པ་བཙིར་བས་རིན་པོ་ཆེ། །ལྷུག་ལྷུག་ཁ་ནས་འབབ་པའི་ནེའུ་ལེ། འཛིན་མཛད་གནོད་སྦྱིན་དབང་ཕྱུག་ཛམ་བྷ་ལ། །བཙོ་སྦྱངས་མདངས་འཛིན་འཛུམ་ཞལ་དེང་འདིར་སྟོན། །ཚོང་དུས་སྡེ་ཐང་བཅད་པའི་འཕེལ་འགྲིབ་ལ། །བལྟོས་མིན་རྩི་ཏོག་ལང་ཚོ་ཡོངས་(༨༥བ)


GLG018_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དངོམ་བཅུད། །ལུས་ཀྱི་གཟུངས་སུ་སོང་འབྲས་མར་ཕྱུར་ཤ །འབྲོག་པའི་དཔྱ་ཁྲལ་གཅིག་ཏུ་མཁོ་དགུའི་ནོར། །རས་དཀར་སྣུམ་ཞུགས་དཔྱང་བྱེད་ས་དཀར་བཞིན། །ཞིབ་མོར་བཅད་ཅིང་བརྡར་བའི་ཆུ་ལྷའི་བུས། །དོན་མེད་སྟོང་སྒྲའི་དུག་གི་སྐྱོན་སེལ་བ། །དེབ་ཐེར་ཡན་ལག་བརྒྱད་ལྡན་དེང་འདིར་འགོད། །ཅེས་ཚིགས་སུ་བཅད་པ་སྔོན་དུ་བཏང་ནས་འཕགས་པའི་ཡུལ་དུ་དུ་རྨ་ཏི་ཞེས་བློ་ངན་དུ་འབོད་ཅིང་། རྒྱ་ནག་སྤོར་ཐང་དང་མཐུན་པ་ལྕགས་མོ་བྱའི་ལོ་ནམ་མཐོང་ཟླ་བའི་ཡར་ཚེས་ནས་དབུ་བཙུགས་ཏེ་ཕོ་བྲང་ཆེན་པོ་སྣེའུ་སྡོང་རྩེའི་མངའ་ཞབས་ནས་མར་ཕྱུར། ཆེ་ཚག་ཆུང་ཚག །སྣམ་བུ་སོགས་འབབ་སྒོའི་དེབ་ཐེར་ཡན་ལག་བརྒྱད་ལྡན་བཀོད་པ་ལ། རིས་མེད་འགྲོ་བ་ཀུན་ལ་རྗེས་བརྩེ་ཡང་། །གངས་ཅན་ལྷ་གཅིག་འཇིག་རྟེན་དབང་ཕྱུག་གི །ཕོ་བྲང་གྲུ་འཛིན་གཉིས་པ་དམར་པོ་རི། །ཡེ་ཤེས་སེམས་དཔའི་གཟི་བྱིན་འོད་དུ་འབར། །རྒྱ་བལ་མཚམས་ཀྱི་ནགས་ཀླུང་སྟུག་པོའི་ཁྲོད། །ཙན་དན་ཧ་རིའི་ལྗོན་ཤིང་ཁོག་ཡངས་པར། །བོད་འབངས་ལེགས་བྱས་ཞིང་དུ་རང་བྱུང་སྐུ། །ལོ་ཀེ་ཤྭ་རའི་སྙན་པ་སྲིད་རྩེར་གྲགས། །ཤཱཀྱ་མུ་ནིའི་བཟོ་ཕུད་ལས་གྲུབ་པ། །ཐུབ་དབང་རྟ་ཟུར་མས་མཚོན་རྒྱ་བལ་བོད། །ཙཱི་ནའི་ཡུལ་ལས་འོངས་པའི་རྟེན་གསུམ་ཚོགས། །ཕྱག་སྐོར་མཆོད་ཡུལ་དཀོན་མཆོག་མངོན་སུམ་བཞིན། །དེ་ཕྱིར་དགེ་སློང་ཕུན་ཚོགས་རྒྱ་མཚོ་ཡིས། སྒྱུ་ལུས་དོན་ལྡན་བསྒྲུབ་ཕྱིར་སྐོར་འབུམ་གྱི། །གྲངས་ཚད་དགོས་ཚུལ་བསྐུལ་བའི་རེ་སྐོང་ཆེད། ལེགས་བྱས་འཛད་མེད་གངྒའི་ཆུ་རྒྱུན་སྤེལ། དེ་ཡང་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་(༨༦ན)


GLG018_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་སྐོར་མཆོད་བསྟོད་གསོལ་འདེབས་སྨོན་ལམ་བྱས་པའི་ཕན་ཡོན་ནི། ལུང་གཞི་ལས་། མཁས་པ་གང་ཞིག་རབ་ཏུ་སེམས་དང་པས། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །ཛམྦུ་ཆུ་བོའི་གསེར་གྱི་སྲང་ཚད་ན། །སྟོང་ཕྲག་བརྒྱར་ཡང་དེ་དང་མཉམ་པ་མིན། །ཞེས་དང་། མཆོད་རྟེན་སྐོར་བའི་ཕན་ཡོན་ལས། མཆོད་རྟེན་སྐོར་བ་བྱས་པས་ནི། །ཛམ་བུ་གླིང་གི་མངའ་བདག་དེ། །ས་སྟེང་མཐའ་དག་དབང་བྱེད་པའི། །ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །ཞེས་རྒྱ་ཆེར་བསྔགས་པ་ནི་དེ་བཞིན་གཤེགས་པའི་གསུང་ཡིན་པས་ནམ་ཡང་བསླུ་བར་མི་སྲིད་པ། ལུང་ཕྲན་ཚེགས་ལས། ཟླ་བ་སྐར་མ་ཚོགས་བཅས་ས་ལ་ལྷུང་ཡང་སྲིད། །ས་འདི་རི་དང་ནགས་ཚལ་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་སྐམས་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོ་རྫུན་གསུང་འགྱུར་བ་སྲིད་པ་མིན། །ཞེས་གཏན་ཚིགས་རྣམ་པར་དག་པ་ལ་ཡིད་ཆེས་ཀྱི་ངེས་པ་རྙེད་དེ། དེ་ཡང་སྐོར་བ་དངོས་ལ་འཇུག་པའི་དུས་དཔེ་ལ་བསྟོད་པ་ལས། ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི། །སྤྲིན་མེད་སྟོན་གྱི་ནམ་མཁའ་ལ། །སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། །ཞེས་སངས་རྒྱས་ཀྱི་སྐུའི་ཡོན་ཏན་རྗེས་སུ་དྲན་པའི་བསོད་ནམས་དཔག་མེད་སྤེལ་བའི་སྒོ་ནས་ངག་གི་གསོལ་འདེབས་བཟླས་བརྗོད་སོགས་དང་བཅས་བསྐོར་བས་མཚོན་ཏེ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སོགས་ལའང་རྒྱུ་མཚན་ཤེས་ནས་དད་པས་ཡིད་དྲངས་པ་ཞིག་དགོས་ཤིང་། སངས་རྒྱས་ཀྱི་སྐུ་གཟུགས་(༨༦ན)


GLG018_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་ཟད་སྐོར་ཡུལ་གང་ལའང་ཡོན་ཏན་ངེས་པར་གསལ་བཏབ་ནས་བསྐོར་ན་བསོད་ནམས་ཁྱད་པར་ཅན་ཐོབ་ཅིང་། ལུས་ངག་ཡིད་གསུམ་བག་ཡངས་ཀྱི་དབང་དུ་བཏང་ན། ཞི་བ་ལྷས། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་པར་མཁས་པ་རྣམས་དོན་གཏན་ནས་མེད་པ་མིན་ཀྱང་ཆུང་བར་བཤད་པས། བློ་དང་ལྡན་པས་བསྒྲིམས་ཏེ་བྱ་དགོས་ཤིང་། དེ་ཙམ་མ་ལྕོགས་ཀྱང་རྟེན་རྣམས་ལ་དད་པ་སྔོན་དུ་འགྲོ་བས་སྐོར་བ་བྱེད་སྙམ་པའི་འཕེན་པ་བཏང་བ་ལ་བརྟེན་རྒྱུན་དུ་གཡེངས་ཀྱང་ལུས་ཀྱི་སྒྲིབ་པ་སོགས་ལ་ཕན་ཡོན་ནི་མི་འབྱུང་བ་མ་ཡིན་ནོ། །དེ་ཡང་ཕན་བདེ་ལེགས་བཤད་གླིང་པའི་སྤྱི་པའི་ལས་བྱེད་དགེ་སློང་ཕུན་ཚོགས་རྒྱ་མཚོས་འདི་གའི་ཁྲི་ལ་ཚད་པའི་སྐོར་ཚད་དགོས་ཚུལ་ཞིག་བྱུང་ཡང་། གཙོ་བོར་རང་བྱོན་ལོ་ཀཻ་ཤྭ་ར་དང་། ཐུབ་པ་རྟ་ཟུར་མ་སོགས་ལི་མ་རྒྱ་ནག་མ། བླ་མའི་སྐུ་བརྙན་གྱི་རིགས་སོགས་ཆེས་ཤིན་ཏུ་མང་བ་བཞུགས་པར་གཙོ་བོར་དམིགས་ན་ཕན་ཡོན་ཆེ་ཞིང་། དེ་ཡང་མཆོད་ཁང་ཡོངས་རྫོགས་ཀྱི་སྐོར་ཚད་བྱས་ན་ཆེ་ཆུང་ཚང་མ་ཤུགས་ལ་ཐོན། རྫོང་གི་ཞོལ་གྱི་ཤར་སྒོ་ནས་ནུབ་སྒོར་ཐོན། བྲག་སྒོ་བརྒྱུད་རི་ལ་བཅར་བའི་ཐག་ཚད། མཆོད་ཁང་དམར་པོའི་ཕྱི་སྐོར་བཅུ་གཉིས་རེར་ཕྱི་སྐོར་རེ་བརྩིས་པའི་ཕྱི་སྐོར་བརྒྱད་སྟོང་སུམ་བརྒྱ་སོ་གསུམ་རེར་འབུམ་ཐེར། ཕྱི་སྐོར་རེར་འཕགས་པ་ལོ་ཀཻ་ཤྭ་རའི་ཟེའུ་ལྷ་ཁང་གི་སྐོར་བ་ལྔ་བརྒྱ་གཉིས་རེ་ཡོང་བ་ཕྱི་སྐོར་བརྒྱ་དང་བརྒྱད་ཅུས་འབུམ་ཐེར། དེས་མཚོན་ཐུབ་པ་རྟ་ཟུར་མ་སོགས་རྟེན་(༨༧ན)
ཕལ་ཆེར་དེ་གའི་ཁོངས་ནས་འཐོན་ཞིང་། འདི་གའི་ཁྲི་ལ་ཚད་པར་ཕྱི་སྐོར་རེ་ལ་ཁྲིའི་སྐོར་ཐང་སུམ་བརྒྱ་དང་ཉེར་བཞི་རེ་ཡོང་བ། ཕྱི་སྐོར་སུམ་བརྒྱ་དང་བཅུ་ལ་འབུམ་ཐེར་ལྷག་བཅས་འགྲོ་བ་དོན་གྱི་སྐུ་གསུང་ཐུགས་རྟེན་ཐམས་ཅད་ལ་སྐོར་བ་བྱས་པའི་ཕན་ཡོན་འཐོབ་བོ། །ལྷག་བསམ་གངས་ཀྱི་རྡུལ་བརྩེགས་ལས་འོངས་པ། །སྐོར་བའི་དགེ་ཚོགས་ཡན་ལག་བརྒྱད་ལྡན་རྒྱུན། །བྱང་ཆུབ་མཆོག་གི་རྒྱ་མཚོར་རྟག་བབས་ནས། །མཁའ་མཉམ་འགྲོ་ཀུན་སངས་རྒྱས་སར་འཁྲིད་ཤོག །ཅེས་པའང་དགེ་སློང་ཕུན་ཚོགས་རྒྱ་མཚོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་ལྕགས་མོ་བྱའི་ལོ་ས་ག་ཟླ་བའི་རྒྱལ་བ་གསུམ་པའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །


previousདཔལ་ཕག་མོ་གྲུ་པའི་ཕོ་བྲང་སྣེའུ་སྡོང་རྩེ་ཁུལ་གྱི་བོགས་དེབ་གསར་བསྒྲིགས་ཕུན་ཚོགས་ནོར་བུའི་འདོད་འཇོ།next