Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

10 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
ལྷ་ས་ཚེས་བཅུ་ནུབ་མ་བ་རྣམས་ཀྱིས་ལྕགས་བྱ་ཧོར་ཟླ་ཚེས་བཅུ་ཆེན་མོའི་ཉིན་ཡེར་པ་ལྷ་རི་སྙིང་པོའི་མཆོད་ཁང་དུ་འཕན་སུམ་ཅུ་ཕུལ་བའི་ཁ་བྱང་རིགས་འཛིན་འཇུག་ངོགས།
  
 
 
  
 


10 occurrences of བྱམས་པ་གླིང་
[Clear Hits]

 
previousལྷ་ས་ཚེས་བཅུ་ནུབ་མ་བ་རྣམས་ཀྱིས་ལྕགས་བྱ་ཧོར་ཟླ་ཚེས་བཅུ་ཆེན་མོའི་ཉིན་ཡེར་པ་ལྷ་རི་སྙིང་པོའི་མཆོད་ཁང་དུ་འཕན་སུམ་ཅུ་ཕུལ་བའི་ཁ་བྱང་རིགས་འཛིན་འཇུག་ངོགས།next

ལྷ་ས་ཚེས་བཅུ་ནུབ་མ་བ་རྣམས་ཀྱིས་ལྕགས་བྱ་ཧོར་ཟླ་ཚེས་བཅུ་ཆེན་མོའི་ཉིན་ཡེར་པ་ལྷ་རི་སྙིང་པོའི་མཆོད་ཁང་དུ་འཕན་སུམ་ཅུ་ཕུལ་བའི་ཁ་བྱང་རིགས་འཛིན་འཇུག་ངོགས།


GLG018_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ས་ཚེས་བཅུ་ནུབ་མ་བ་རྣམས་ཀྱིས་ལྕགས་བྱ་ཧོར་ཟླ་ཚེས་བཅུ་ཆེན་མོའི་ཉིན་ཡེར་པ་ལྷ་རི་སྙིང་པོའི་མཆོད་ཁང་དུ་འཕན་སུམ་ཅུ་ཕུལ་བའི་ཁ་བྱང་རིགས་འཛིན་འཇུག་ངོགས་བཞུགས་སོ། །འཕགས་མ་སྒྲོལ་མའི་སྐུ་དབྱིབས་རི་བོའི་ངོས། །སྲོང་བཙན་ཁབ་བཞེས་མོང་བཟའ་ཁྲི་ལྕམ་གྱི། །ཐུགས་དམ་ཡེར་པ་པདྨ་ཐོད་ཕྲེང་དང་། །ཨ་ཏི་ཤ་སོགས་པཎ་གྲུབ་མང་པོའི་གནས། །ངོ་མཚར་ཞིང་དེར་སྤྲེལ་ཟླའི་ཚེས་བཅུའི་དུས། །རྒྱལ་སྲས་སློབ་མར་བཅས་པའི་གནྡྷོ་ལར། །གོས་འཕན་སུམ་བཅུའི་གྲངས་ལྡན་མཆོད་པའི་སྤྲིན། །ལྷ་ལམ་གཞོན་ནུར་འཇའ་རིས་ལུས་ཕྲས་འཁྱུད། །དགེ་བས་འདི་སྣང་བདེ་སྐྱིད་ཕུན་སུམ་ཚོགས། །རིམ་བརྒྱུད་སྐྱེ་བར་ཟངས་མདོག་དཔལ་རིའི་རྩེར། །མཚོ་སྐྱེས་རྡོ་རྗེའི་སྤྱན་སྔར་རིགས་འཛིན་གྱི། །གྲལ་དུ་འཁོད་ནས་དོན་གཉིས་ལྷུན་གྲུབ་ཤོག །ནམ་སྟྲཻཀླཱུ་ལ་ས་མཱ་ཛ་མཱ་ར་བ་རི་ཀརྨྨ་ཡ་མཱ་ཡ། ཀུན་བཟང་གདོད་ནས་ཉེར་ཞི་འཇམ་པའི་དཔལ། གཏུམ་དྲག་རྡོ་རྗེ་ཁྲོ་བོའི་སྟང་སྟབས་(༨༧བ)


GLG018_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །འཁོར་འདས་ཡོངས་ཀྱི་ཕྱག་རྒྱ་མ་ལུས་པ། །ཅིག་ཅར་ཟིལ་གྱིས་གནོན་པ་ཚེ་བདག་ནག །གང་གི་ལས་ཀྱི་གཤིན་རྗེར་རིགས་གསུམ་མགོན། །ཡོངས་འདུས་ཁྲོ་ཆུ་ཁོལ་མའི་ཚ་དབལ་ཅན། །ཧ་ལའི་དུག་སྡོང་སྐྱེ་དགུའི་བླ་སྲོག་ཚེ། །འཕྲོག་བྱེད་རབ་གདངས་ཞལ་གྱིས་གནམ་ས་ཁྱབ། །བན་བོན་རིག་སྔགས་བྱེད་དང་སྡེ་བརྒྱད་ཀྱིས། །གླགས་ལྟའི་སྐབས་བྲལ་བཅུ་གསུམ་སྲ་འཁྲེགས་གུར། །བཤེད་འབེབས་རང་སྲོག་སྐྱོབ་པ་རྡོ་རྗེའི་གོ །པད་གནུབས་རྗེས་འབྲངས་བཞེད་སྲོལ་ཇི་བཞིན་བཀོད། །བླ་མ་ཡི་དམ་ཆོས་སྐྱོང་ཡོད་དོ་ཅོག །ཀུན་འདུས་གཅིག་ཆོག་མགོན་པོ་མཉྫུ་ཤྲཱི །འདི་ཕྱི་བར་དོར་སླུ་མེད་གཏན་གྱི་སྐྱབས། །མཆོག་ཐུན་དངོས་གྲུབ་ལག་རྩེར་སྩོལ་བའི་ལྷ། །རྡོ་རྗེ་སྲུང་བ་མཁར་རྫོང་བཙན་པོའི་ནང་། །ཚེ་དཔག་མེད་མགོན་འཆི་མེད་བདུད་རྩིའི་བཅུད། །སྲོག་གི་ཟུངས་སུ་གྱུར་པས་བསྐལ་མཐའི་བར། །ཨ་ཏི་མི་ཤིགས་འགྱུར་མེད་ཀ་བ་འཛུགས། །སྟོབས་ཆེན་བཟློག་པ་དྲག་པོའི་འཕྲུལ་སྒྱོགས་ཀྱིས། །རྦད་འདྲེ་དམོད་པའི་མཚོན་ཆ་རྦོད་གཏོང་མཁན། །རང་གཤེད་རང་ལ་འབེབས་ནུས་ལས་སྦྱོར་གྱིས། །འཇིག་རྟེན་ཕ་རོལ་ལྟད་མོར་ག་ཤེད་སོང་། །རིག་སྔགས་བརྟུལ་ཞུགས་གྲུབ་རློམ་ཕྱི་ནང་གི། །ལོག་འདྲེན་དམག་དཔོན་གཡུལ་དུ་གསོད་པའི་སྒྲ། །བདུད་བཞི་སློང་བ་གནམ་ལྕགས་ཐོག་གི་མདས། །དོན་སྙིང་གཏུབས་ཀྱང་སྲོག་གི་ལྷག་མ་འདར། །འཆི་བདག་གདེངས་ཅན་ཆུ་སྲིན་མགྲིན་པའི་ནང་། །ཆུད་ནས་བསྐལ་པར་མི་ལྡང་བཙོན་ཁང་དུ། །དོང་རུལ་བཏོང་བ་མནན་པ་རི་རབ་མདུན། །དྲག་པོ་མིག་གསུམ་པས་ཀྱང་འགྲོལ་ནུས་ཅི། །ཁྲོ་མེད་ཁྲོས་པའི་མཆེ་བ་རྣོན་པོའི་རྩེར། །དམིགས་མེད་དམིགས་ཡུལ་བསམ་སྦྱོར་ངན་(༨༨ན)


GLG018_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ཚོགས། །རྟོགས་མེད་རྟོགས་པས་མི་རྟག་ལམ་བཀོད་ཚེ། །སྤྲོས་མེད་སྤྲོས་པས་ཆོས་ཀྱི་དབྱིངས་སུ་སྤོར། །སྣ་ཚོགས་ལས་བཞིའི་སྣང་བ་འཕྲུལ་པོ་ཆེ། །སེམས་ཉིད་ཀ་ནས་དག་པའི་ཡོ་ལང་དུ། །ཤར་ཚེ་ཆུ་དང་རླབས་བཞིན་ཆོས་སྐུའི་ཞིང་། །གཞན་ནས་རྙིད་མིན་འཇམ་དཔལ་རང་ལ་རྫོགས། །ཡར་ལ་སངས་རྒྱས་མི་འཚོལ་ངན་སོང་གི །གཡང་སར་ལྷུང་སྙམ་རེ་དོགས་ཉེར་བྲལ་སེམས། །གཞོན་ནུ་བུམ་སྐུར་ཤར་བའི་གདོད་མའི་མདངས། །ཞི་ཁྲོའི་འཇའ་མཚོན་གཅིག་ཏུ་བཀྲག་པོ་ཆེ། །དེ་ཕྱིར་རྒྱལ་དབང་རྔ་ཡབ་གླིང་པ་དང་། །གནུབས་བཙུན་སངས་རྒྱས་ཡེ་ཤེས་ཟབས་གཏེར་བདག །དུམ་རྒྱ་ཞང་ཁྲོམས་བརྒྱུད་པའི་མན་ངག་བཅུད། །ཟུར་ཆེན་བླ་མའི་དྲིན་ལས་རྙེད་འདི་མཚར། །དགེ་འདིས་གནས་སྐབས་མི་བསྲུན་དགྲ་དཔུང་དང་། །སྡེ་བརྒྱད་འབྱུང་པོ་ཁྲོས་པའི་ཚ་ངར་ཀུན། །ཁྲོ་ཆུ་ཁོལ་མ་ཧ་ལ་ནག་པོ་ཡི། །དུག་རླངས་དབལ་གྱིས་རྗེས་ཤུལ་མེད་པར་ཤོག །བསྟན་དང་དེ་འཛིན་འགྲོ་བའི་བདེ་སྐྱིད་དང་། །རིགས་འཛིན་དཔོན་སློབ་རྒྱུ་སྦྱོར་སྦྱིན་པའི་བདག །བསྲུང་བྱར་བཅུག་ཀུན་ཚེ་དཔལ་བསོད་ནམས་སྟོབས། །དབང་ཐང་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག །རིག་རྩལ་ཀུན་བཟང་མངོན་སུམ་མཐོང་མིན་པར། །ཟབ་ཆོས་འདི་སྟོན་རྡོ་རྗེའི་སློབ་དཔོན་གྱིས། །རྗེས་བཟུང་བསྐྱེད་རྫོགས་རྫོགས་པ་ཆེན་པོ་ཡི། །ཐུག་མཆོག་ལམ་གྱིས་སྨིན་ཅིང་གྲོལ་བར་ཤོག །ཅེས་འཇམ་དཔལ་རིགས་གསུམ་འདུས་པ་ཁྲོ་ཆུ་དུག་སྡོང་ནག་པོའི་སྲུང་འཁོར་རྣམས་དང་འབྲེལ་བའི་བྲིས་རྒྱུན་དཀོན་པ་ཙམ་སྣང་བར་མཁས་གྲུབ་དུ་མ་རང་གྲོལ་གྱི་གསུང་ངག་ལས་བྱུང་བ་ལྟར་རིགས་འཛིན་ཀུ་མ་རཱ་ཛའི་རྣམ་སྤྲུལ་ཟུར་གཞོན་ནུ་དོན་གྲུབ་ཀྱི་གུར་ཁང་བརྒྱད་ཚང་བའི་ཕྱག་བྲིས་མར་གཞི་བྱས། གུར་རིམ་བཅུ་གསུམ་ཡོངས་རྫོགས་ཤོག་དྲིལ་ཡིག་ཆུང་ཁ་འཐོར་བ་རྣམས་(༨༨བ)


GLG018_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མངོན་རྟོགས་མི་གསལ་བ་ཚེ་བདག་བཀའ་གཏེར་ནས་ལེན་དགོས་སོགས་འཁྲུགས་སྡེབས་ནག་འགྲོས་བྱེད་ལུགས་དགེ་སློང་འཇམ་དབྱངས་གྲགས་པར་བསླབ་བྱ་དང་བཅས་བསྒྲིག་བཅུག །དངོས་གཞིའི་ཁྱབ་འདོམས་སྡེ་པ་སངས་རྒྱས་རྒྱ་མཚོ་དང་། དགོས་བྱེད་སྤྲོད་པ་སོགས་དོ་དམ་ལྡིང་དཔོན་དགོན་གསར་སྦུག་པ་ངག་དབང་རབ་བརྟན། ལྷ་བཟོ་བ་མཁས་པ་ལྕང་བསྲུང་ཁང་པ་རིན་ཆེན་རྡོ་རྗེ་དང་། གཞིས་རྩེ་གྲང་ཆེན་བསོད་ནམས་དབང་ཕྱུག ལག་གཡོག་ལྷས་སྐྱོབས། སྲོག་འཁོར་(འབྲི་)འདྲི་མཁན་གཞིས་ཀ་ཤར་ཟུར་གུ་རུ་རྟ་མགྲིན། གོང་གཤམ་འཚེམ་མི་རག་རྩེ་ཤག་པ་ཨོ་རྒྱན་ཅན་ཡིག་མཁན་རྒྱལ་རྩེ་བ་འཇམ་དབྱངས་དབང་པོས་བགྱིས་ཏེ་ལྕགས་བྱ་ཧོར་ཟླ་ལྔ་པའི་ནང་དུ་ལེགས་པར་གྲུབ་པའི་རྒྱབ་ཡིག་འདི་ནི་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་དྲག་པོ་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གིས་བྲིས་པ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །ཁྲོ་ཆགས་མཛེས་སྡུག་ཉམས་ལྡན་ཞལ་ཁྱིམ་ལས། །དཀྱུས་རིང་སྤྱན་ཟུར་ཨུཏྤལ་ཉག་ཕྲན་དང་། །ལྷན་ཅིག་རྒྱུད་ལས་འཕོས་པའི་སྲིད་ཞི་ཡི། །དགེ་ལེགས་དངོས་ཀུན་སྡུས་ཤིག་རིགས་བྱེད་མ། །གཡས་གཡོན་ཕྱག་གི་སོར་མོས་ནེའུ་ལེའི་མགྲིན། །བཙིར་བས་ཟད་མི་ཤེས་པ་ནོར་བུའི་རྒྱུན། །ཉེར་བསྐྱུགས་རྒྱལ་ཁབ་ཆེན་པོའི་ཡོལ་གོའི་ནང་། །ཕྱུར་བུར་སྤུངས་ཤིག་རྨུགས་འཛིན་དབང་གི་ལྟ། །རི་སྲས་མ་ལ་རྩེ་འཇོའི་རྣམ་འགྱུར་གྱིས། །ས་འོག་ས་སྟེང་ས་བླའི་ལུས་ཅན་སྙིང་། །བསྒུལ་བས་ཡིད་ལ་བསམས་དགུའི་འདོད་ཡོན་གྱི། །གཏེར་སྒོ་ཕྱེ་ཞིག་ལྷ་ཆེན་གཙུག་ན་ཟླ། །དགའ་བ་བརྒྱ་པའི་ལེགས་བྱས་དྲོད་ལྡན་གྱིས། སྡེ་བཞིའི་གསེར་སྒོང་སྨིན་པའི་ཕོ་བྲང་ཆེ། །གནམ་སྐོས་རྒྱལ་ཁབ་གྲུ་འཛིན་ཚང་མང་འདི། རྣམ་ཐོས་བུ་ཡི་གཡོས་ཁང་མཆེད་པོ་བཞིན། །དིང་ཕོན་ཧོར་གོས་པང་ཁེབས་(༨༩ན)


GLG018_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་དཔྱད་དང་། །གསེར་དངུལ་ཕུད་སྐྱོགས་ཁེབས་ལྟིར་རིན་པོ་ཆེའི། །ཕྲ་ཚོམ་ཙན་དན་ཟོ་ལག་རྒྱ་སྡེར་སོགས། །སྲིད་ན་མཚར་འཛིན་དཔྱ་ཡིས་ཕྱུར་བུར་གཏམས། །ཐེ་ཚོམ་སོམ་ཉིའི་ཆུ་བོ་ཡོད་མེད་ཀྱི། །ཅ་ཅོས་རྣ་བ་གཙེར་ལ་བལྟོས་མིན་པར། །མི་བསྐྱུད་འཕྲུལ་གྱི་དེབ་ཐེར་ཟམ་མོ་ཆེ། །བཙུགས་ཚེ་སྒོ་གསུམ་བདེ་བར་བགྲོད་པའི་ལམ། །རྒྱ་ཆེར་དབྱིབས་དང་ཡང་ལྕིའི་ཁྱད་པར་སོགས། །དཔྱད་གསུམ་སྲང་ལ་གཞལ་བའི་བརྗོད་དོན་ཚིག །བརྡ་དག་གཟུགས་མཛེས་ཡི་གེ་སྤེལ་ལེགས་སུ། །དཔྱོད་ལྡན་སོར་མོའི་ཟློས་གར་འདི་ན་བསྒྱུར། །ཞེས་བཀྲ་ཤིས་པའི་ཚིག་གིས་སྔུན་བསུས་ཏེ་ཚེ་རིང་གནམ་གྱི་ཤ་མོང་གི་སྟོབས་ཀྱི་འཁོར་ལོ་ནམ་མཁར་འཕགས་པའི་རྒྱལ་ཁབ་དམར་པོ་རིའི་ཉུང་བ་ཁང་དུ་གསོལ་དཔོན་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ལ་ཉེར་དཔྱད་ཀྱི་རིམ་པ་རྩིས་འཁྲིར་སྤྲད་པའི་དེབ་ཐེར་འཕྲུལ་གྱི་གསེར་ཟམ་བཀོད་པ་ལ། །མཚན་དཔེའི་ཆ་ཤས་རྫོགས་པ་ཡོངས་འདུའི་ལྗོན། །མཁྱེན་བརྩེའི་ལོ་འདབ་གྲིབ་ཏུ་ཉེར་བསིལ་བར། །རིས་མེད་འགྲོ་ཀུན་ངལ་གསོའི་མཆོག་སྦྱིན་མཁན། །ཟས་བཙང་སྲས་ཀྱི་ཕན་བདེའི་འབྲས་བཟང་སྩོལ། །(༨༩བ)


GLG018_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་མཁའ་ལ་འདྲེན་པ་གཉིས་ཤར་ཟླ། །འཕེལ་འགྲིབ་ཉེར་སྤངས་རྣམ་དཔྱོད་ཀཏྤུ་རས། །འདུལ་མངོན་མདོ་སྡེ་ཀུ་མུད་(རབ་)བཞད་གཉེན། །ཤིང་རྟ་ཆེ་ཟུང་རྗེས་འབྲངས་བསྔགས་བྱའི་གནས། །རྒྱལ་གསུངས་མཐའ་དག་འཚང་རྒྱའི་ཐབས་ཁོ་ནར། །ཤར་བ་མར་མེ་མཛད་དཔལ་ཆུ་ལྷའི་བུས། །ལོག་ཏོག་དུག་བྲལ་མདོ་རྒྱུད་ཀླུང་ཆེན་བཞི། །ཕྱོགས་བརྒྱར་བབས་པའི་བཀའ་གདམས་རིན་ཆེན་འཕྲེང་། །མཁྱེན་རབ་རལ་གྲིས་རྒོལ་ངན་སྲོག་བཅད་ཁྲག །ལེགས་བཤད་ཡི་གེར་ཤར་བ་པུ་སྟི་ཀ༔ །དཔུང་པར་མཛེས་རྒྱན་འཇམ་མགོན་གངས་ཅན་འདིར། །བློ་བཏགས་བློ་བཟང་གྲགས་པའི་མཚན་གྱིས་སྙན། །བཀའ་དང་དགོངས་འགྲེལ་སྒྲ་ཚད་ལུང་རིགས་ཀྱིས། །བསྒྱུར་བའི་ལོ་པཎ་རིན་ཆེན་འཕྲེང་བརྒྱུས་དེང་། །མ་ཆད་འཇིག་རྟེན་མིག་གཅིག་བསྟེན་པ་ཡི། །སྲོག་ཡོག་རྣམས་ལ་མི་དང་ཤེས་ལྡན་སུ། །དེ་ཕྱིར་ཆོས་རྒྱལ་མེས་དབོན་བཀས་བཅད་ནས། །ཐམས་ཅད་མཁྱེན་ངེས་ཞ་ལུ་ལོ་ཆེན་བར། །ལེགས་བསྒྱུར་གངས་ཅན་འགྱུར་རོ་ཅོག་གི་བཀའ། །འགྲོ་ཀུན་བསོད་ནམས་མངོན་སུམ་གཟུགས་ཅན་བཞིན། །དེ་ཚུལ་ཉེར་རྟོགས་ཨེ་དབྱིངས་ཡུལ་ལྗོངས་ནས། །གཟིམས་ཤག་ལྷོ་པར་གྲགས་པ་དཔའ་མཛངས་དང་། །བརྟུལ་ཕོད་མཆེད་ཀྱིས་ཚངས་པའི་ཡུལ་ས་རུ། །ལེགས་བྱས་བསྙེམས་པའི་སྤོབས་མཐོ་འདི་ཆགས་སོ། །ཞེས་སྙན་འགྱུར་ཚིགས་སུ་བཅད་པའི་འཕྲེང་བ་སྔོན་དུ་བཏང་ནས་གླེང་བར་བྱ་བ་ནི་སྤྱིར་སངས་རྒྱས་རྣམས་ནི་སློབ་པ་ལམ་གྱི་གནས་སྐབས་སུ་རང་ཉམས་ལ་དཔགས་ཏེ། ཁམས་གསུམ་གྱི་འཁོར་བ་འདི། ལུང་གཞིར། གང་ན་མི་གནས་ལྷ་རྣམས་མི་བཟང་སྟེ། འཚོ་བ་ཐུང་བའི་མི་རྣམས་མི་བཟང་ངོ་། གང་ན་ཞེ་མེད་སྲིད་པ་མི་བཟང་སྟེ། །མྱ་ངན་འདས་པ་(༩༠ན)
མཆོག་ཅེས་བདེ་གཤེགས་གསུང་། །ཞེས་སྡུག་བསྔལ་གསུམ་གྱིས་མནར་བའི་འཁོར་བར་མ་རྒན་སེམས་ཅན་ཐམས་ཅད་མནར་པ་མ་བཟོད་ཅིང་བརྣག་དཀའ་བའི་སྡུག་བསྔལ་དེ་ལས་རྣམ་པར་གྲོལ་བ་མྱ་ངན་ལས་འདས་པའི་ལམ་དུ་ཤེས་ཤིང་། མྱང་འདས་གསུམ་གྱི་ནང་ནས་ཀྱང་། རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་ལས། འཁོར་བ་ཆུ་སྲིན་འབྱུང་གནས་ལས། །འགྲོ་བ་གདོན་པའི་བློ་གྲོས་ནི། མཐུ་ཆེན་རྣམས་ལ་འབྱུང་འགྱུར་ཏེ། །དེ་ཡང་འདི་སྐད་རྗེས་སུ་ཐོས། །ཞེས་བདག་གཞན་གཉིས་ཀའི་དོན་བདེ་བླག་ཏུ་འགྲུབ་པ་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ལ། དེ་རང་ཉིད་ཀྱིས་མངོན་དུ་བྱ་སྙམ་སྟེ་དང་པོར་སྨོན་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའང་། སྤྱོད་འཇུག་ཏུ། འགྲོ་བ་འདོད་དང་འགྲོ་བ་ཡི། །བྱེ་བྲག་རིམ་པ་ཤེས་པ་ལྟར། །ཞེས་འགྲོ་བ་འདོད་པ་ཙམ་གྱིས་མི་ཆོག་པར་ངེས་པར་ལམ་དུ་འཇུག་དགོས་པའི་དཔེ་བཞིན་སྨོན་པ་ཙམ་མ་ཡིན་པར་དོན་དེ་ལ་ངེས་པར་བསླབ་དགོས་པའི་ཕྱིར། བསྐལ་པ་གྲངས་མེད་དགུའམ་གསུམ་ལ་སོགས་པ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེའི་སྒོ་ནས་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གོམས་པར་བྱས་ནས་ཚོགས་བསགས། མཐར་རང་གི་ཞིང་དག་པ་རབ་འབྱམས་བསྒྲུབས་པའི་གནས་ལ་འོག་མིན་ཞེས་མིང་དུ་བཏགས་པར་མངོན་པར་རྫོགས་པ་སངས་རྒྱས་པ་ཤ་སྟག་ཡིན་པས། རྣམ་འགྲེལ་ལས། ཙནྡ་སྟེའུར་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན་ཞེས་གཡས་ནས་ཙནྡན་གྱི་ལྡེ་གུའི་བྱུག་པ་བྱེད་པ་དང་། གཡོན་ནས་སྟེའུ་བརྡོག་པར་བརྩམས་པ་གཉིས་ལ་ཉེ་རིང་མེད་པར་རྗེས་སུ་བརྩེ་བ་ནི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཁྱད་ཆོས་ཡིན་པས་སེམས་ཅན་རྗེས་སུ་མི་འཛིན་པའི་སྐབས་ག་ལ་ཞིག །འོན་ཀྱང་(༩༠བ)
མདོ་ལས། སངས་རྒྱས་ནི་དུས་མཁྱེན་ཏོ་ཞེས་གདུལ་བྱའི་ཁམས་དང་བསམ་པ་ལ་བརྟེན་ནས་འདུལ་བའི་དུས་ལ་བབ་མ་བབ་གཟིགས་པ་ཡིན་པས། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་དང་ལྔ་འབྱོན་པར་བཤད་པའི་སྒྲོན་མེ་བཞི་པ་ཤཱཀྱ་སེང་གེ་འདི་ཉིད་ཀྱིས་ཐོག་མར་ཐུགས་བསྐྱེད་པའི་ཚེ། མཆེད་གཞན་རྣམས་ཀྱིས་སྤངས་པའི་ལྷག་པར་གདུལ་བར་དཀའ་བའི་སེམས་ཅན་གྱི་དོན་མཛད་པར་སྨོན་ལམ་བཏབ་པས། རྒྱལ་བ་བཙོང་ཁ་པ་ཆེན་པོས། །སྙིགས་མ་ལྔ་ཡིས་ཧ་ཅང་སྦགས་པ་ཡི། །ཞིང་འདི་གཞན་གྱིས་སྤངས་དུས་མགོན་ཁྱོད་ཀྱིས། །ཡོངས་སུ་བཟུང་ལ་རྒྱལ་བ་སྲས་བཅས་ཀྱིས། །པད་དཀར་ལྟ་བུར་བསྔགས་པའི་དགོངས་པའང་ཅི། །ཞེས་ཆེད་དུ་བསྔགས་པ་ལྟར། འོ་སྐོལ་གྱི་སྟོན་པ་ཟས་གཙང་གི་སྲས་པོ་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ཟིན་ཀྱང་ལུང་དུ། །གཉན་ཡོད་གནས་བཅས་ཙམ་པ་ཀ །ཝ་ར་ནཱ་སི་ཡངས་པ་ཅན། །རྒྱལ་པོའི་ཁབ་དང་དྲུག་པོ་འདི། །དེ་དག་གྲོང་ཁྱེར་ཆེན་པོར་གྲགས། །ཞེས་རྒྱ་གར་འཕགས་པའི་ཡུལ་དབུས་གྲོང་ཁྱེར་ཆེན་པོ་དྲུག་ཏུ་གྲགས་པའི་ལྟེ་བ་མི་འགྱུར་བ་རྡོ་རྗེ་གདན་གྱི་སྤོར་མཆོག་གི་སྤྲུལ་པའི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན་ནས། མངོན་པ་མཛོད་དུ། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་གདུལ་བྱ་ཉོན་མོངས་པ་ལ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་འཁོར་ལོ་དེ་སྙེད་དུ་བསྐོར་བའི་མཐའ་ཚད་བཟུང་དཀའ་ཡང་ཡོངས་སུ་གྲགས་པ་ཝ་ར་ནཱ་སིར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར། བྱ་རྒོད་ཕུང་པོའི་རིར་བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཡངས་པ་ཅན་ལ་སོགས་པར་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་བ་ཐམས་(༩༡ན)


GLG018_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཅད། ཇི་སྐད་དུ། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་འགྲོ་བ་རྣམས་ཀྱི་རྒྱུད་ལ་གོས་པའི་ཉོན་མོངས་པ་སྤོང་ཞིང་ཞི་བའི་ལམ་དུ་སྦྱོར་བ་ཤ་སྟག་མ་གཏོགས་དོན་ལོག་པར་སྟོན་པ་གསུང་པ་ནི་ནམ་ཡང་མི་སྲིད་ཅིང་། ཐུབ་པ་མྱ་ངན་ལས་འདས་པའི་འོག་རོལ་ཏུ་བཀའ་བསྡུ་རིམ་པ་གསུམ་ལ་སོགས་པའི་མཐར་གླེགས་བམ་དུ་འཁོད་ཅིང་། བཀའ་རྣམས་ཀྱི་དགོངས་པ་འགྲེལ་བར་བྱེད་པའི་ལེགས་བཤད་སྙིང་པོར། བདེ་གཤེགས་གསུང་རབ་ཚུལ་གཉིས་ཤིང་རྟའི་སྲོལ། །ལེགས་པར་ཕྱེ་ནས་རྒྱལ་བའི་བསྟན་པ་མཆོག །ས་གསུམ་འགྲོ་ལ་ཉི་ལྟར་གསལ་མཛད་པ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལ་མགོས་ཕྱག་འཚལ། ཞེས་ཉི་ཟླ་ལྟར་གྲགས་པ་རྣམ་པ་གཉིས་དང་དེའི་རྗེས་འབྲངས། ཇི་སྐད་དུ། ཤིང་རྟ་ཆེན་པོའི་ཚུལ་ནི་ལེགས་བཟུང་ནས། །འཛམ་གླིང་བློ་གསལ་བྱེ་བའི་མིག་འབྱེད་པ། །འཕགས་པ་ལྷ་དང་དཔའ་བོ་སངས་རྒྱས་བསྐྱངས། །ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་ཞབས། །དབྱིག་གཉེན་ཞབས་དང་དེ་སྲས་ཡོན་ཏན་འོད། །ཤཱཀྱ་འོད་དང་ཕྱོགས་ཀྱི་གླང་པོ་དང་། །ཆོས་ཀྱི་གྲགས་པའི་ཞབས་སོགས་འཛམ་གླིང་རྒྱན། །ཐུབ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་མཆོག མཁས་པའི་དབང་པོ་རྣམས་ལ་གུས་ཕྱག་འཚལ། ཞེས་པ་ལྟར་པཎྜི་ཏ་ནམ་མཁའི་སྐར་ཚོགས་བཞིན་བྱོན་པ་རྣམས་ཀྱིས་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པ་ལས། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱར་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་(༩༡བ)


GLG018_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཞེས་གསུངས་པ་ལྟར། པུར་རྒྱལ་བོད་ཀྱི་རྒྱལ་ཁམས་འདིར་ཀུན་ཏུ་བཟང་པོ་དང་། རིགས་གསུམ་མགོན་པོ་སོགས་འཕགས་ཆེན་དམ་པ་རྒྱལ་པོའི་ཚུལ་བཟུང་བ་དུ་མའི་སྐུ་རིང་ལ་པཎ་གྲུབ་མང་དུ་བྱོན་ཞིང་། ཁྱད་པར་འཇམ་དབྱངས་ས་སྐྱ་ལོ་ཙཱ་བས། །སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་བཞུགས་གྲུབ་པ་པདྨ་འབྱུང་གནས་དང་། །བློ་གསལ་དབང་པོ་པདྨའི་ངང་ཚུལ་ཅན། །སྙིགས་མའི་རྒྱལ་བ་གསུམ་ལ་གསོལ་བ་འདེབས། །ཞེས་པས་མཚོན་ཏེ་ལོ་པཎ་མང་པོ་དགེ་འདུན་གྱི་སྡེ་འཛུགས་པ། ཆོས་བསྒྱུར་ཞིང་བཤད་ཉན་གྱི་གཏན་ལ་འབེབས་པ། སྨིན་གྲོལ་གྱི་གདམས་པ་སྟོན་པ་སོགས་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པ་ལས་མངའ་བདག་མུ་ཏིག་བཙན་པོའི་དུས་སྐ་ཅོག་རྣམ་གཉིས་ཀྱིས་ཐོག་དྲངས་པས་ཕོ་བྲང་ཕང་ཐང་དུ་རྒྱུད་སྡེ་འོག་མ་གསུམ་དང་། མདོ་འདུལ་ཤེར་ཕྱོགསཀྱི་གླེགས་བམ་རྣམས་ཕྱོགས་གཅིག་ཏུ་མཛད་པ་བཀའ་འགྱུར་བསྒྲིགས་པའི་ཐོག་མ་ཡིན། དེ་རྗེས་དཀར་ཆགས་ལྡན་དཀར་མ་གཉིས་ནི་བསྟན་པ་སྔ་དར་དང་། དེ་རྗེས་རྒྱལ་པོ་སྡིག་ཅན་གྱིས་མཐོ་བརྩམས་ཏེ་བསྟན་པ་ལ་འཕེལ་འགྲིབ་བྱུང་ནས་ཡུན་རིང་སོང་བའི་མཐར། འདུལ་བའི་བསྟན་པ་སྟོད་སྨད་གཉིས་ནས་གསོས་ཤིང་། རྒྱ་གར་ནས་པཎྜི་ཏ་སྨྲྀཾ་ཏི་ཛྙཱ་ན་ཤྲཱི། ཇོ་བོ་ཆེན་པོ་ཨ་ཏི་ཤ། པཎ་ཆེན་ག་ཡ་དྷ་ར། ཁ་ཆེའི་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི། པཎྜི་ཏ་ནགས་ཀྱི་རིན་ཆེན་སོགས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ངེས་པར་འཛིན་པའི་པཎ་གྲུབ་དུ་མ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་བཟུང་ཞ་ལུ་ལོ་ཆེན་རིན་ཆེན་ཆོས་སྐྱོང་བཟང་པོ་རྗེས་འབྲངས་དང་བཅས་པ་རིམ་པར་བྱོན་པའི་སྐད་གཉིས་སྨྲ་བ་རྣམས་ཀྱིས་ཐུབ་པའི་བཀའ་རིམ་པར་བསྒྱུར་བའི་དབུས་པ་བློ་གསལ་གྱིས་སྣར་ཐང་དུ་བསྒྲིགས་པར། བཅོམ་(༩༢ན)


GLG018_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རལ་གྲིས་དཀར་ཆག་ཉི་མའི་འོད་ཟེར་མཛད། མཚལ་པ་ཐམས་ཅད་མཁྱེན་པ་དགེ་བའི་བློ་གྲོས་ཀྱིས་དཀར་ཆག་བཀོད་པར་མཚལ་པ་བཀའ་འགྱུར། ཀུན་མཁྱེན་བུ་སྟོན་ཞབས་ཀྱིས་བསྒྲིགས་བརྩོམས་ཐེམ་སྤངས་པར་གྲགས་པ། དེ་དག་ལ་ཕྱི་མོ་བྱས་ནས་དད་པའི་ནོར་དང་གཏོང་ཕོད་ལྡན་པ་རྣམས་ཀྱིས་གསེར་དངུལ་སྣག་ཚས་བཞེངས་པ། སེ་ར་བྱམས་ཆེན་ཆོས་རྗེ་གོང་མ་ཏ་མིང་གི་ཏི་ཤྲིར་བཀུར་བའི་ཚེ། བཀའ་འགྱུར་པར་དུ་བསྐྲུན་པའི་མཚལ་པར་མ་དེ་དང་ཕྱོགས་མཚུངས་པ་ཞྭ་དམར་བ་དྲུག་པས་ལྗངས་ས་ཐམ་དུ་བསྒྲུབས་པས་མཚོན། མཆོད་སྦྱིན་ཟད་པ་མེད་པའི་རིམ་པ་ཇི་སྙེད་གཅིག་གནང་བ། བརྒྱད་སྟོང་པ་ལས། དེ་བཞིན་གཤེགས་པའི་བྱིན་གྱིསབརླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ། ཞེས་གླེགས་བམ་བྲིས་པས་བསོད་ནམས་རྒྱ་ཆེར་ཐོབ་པར་མ་ཟད། དེ་ལས་ཀྱང་ཁྱད་པར་འཕགས་པ། དེ་ཉིད་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པར་བྱ། བཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ། རབ་ཏུ་གདོན་པར་བྱ། བསྟན་པར་བྱ། ཉེ་བར་བསྟན་པར་བྱ། ལུང་འབོགས་པར་བྱ། ཁ་ཏོན་དུ་བྱ། ཞེས་པའི་དོན་ལྟར་ལུང་འབོགས་པར་ཤེར་ཕྱོགས། དཀོན་བརྩེགས། ཕལ་ཆེན། འདུལ་ལུང་སོགས་རྒྱུན་ཅུང་ཟད་འབེལ་ཡང་། མདོ་མངས་འདི་ཆེས་དཀོན་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་དང་བག་སྟོན་གཞོན་ནུ་ཚུལ་ཁྲིམས་གཉིས་ཀྱིས་འབད་པ་ཆེན་པོས་རྒྱུན་འཚོལ་བ་མཛད་པ་ནས་བཟུང་། མཐུ་བཙུན་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་བར་དུ་དར་རྒྱས་ཆེ་ཞིང་། བར་སྐབས་སུ་ཐོག་མཐའ་བར་གསུམ་གྱི་ལུང་བཀླག་པ་སོགས་ཆོས་ཀྱི་གཟུགས་བརྙན་ཙམ་དུ་གྱུར་པའི་ཚེ་རིགས་དང་དཀྱིལ་འཁོར་(༩༢བ)


GLG018_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ཆིག་བརྒྱུད་ཆད་པ་མེད་པའི་ལུང་ཁུངས་རྣམ་པར་དག་པ་ས་ཕུག་གནམ་བརྟོལ་གྱི་ཚུལ་གྱིས་བཙལ་བའི་འཕྲིན་ལས་ཀྱི་རྒྱུད་ལ་བརྟེན། དབུས་གཙང་རུ་བཞིའི་རྒྱལ་ཁམས་ཀུན་ཏུ་བཀའ་འགྱུར་རོ་ཅོག་གི་ལུང་རྒྱུན་རྒྱ་ཆེར་འཕེལ་བ་གཟུར་གནས་རྣམས་རྗེས་སུ་ཡི་རང་བའི་ཡུལ་ཡིན་ནོ། །དངོས་དོན་ཨེ་རིག་པའི་འབྱུང་གནས་སུ་གསོལ་དཔོན་རབ་བརྟན་ཞེས་ཡ་རབས་དྲ་མའི་རིགས་ཅན་ལུགས་གཉིས་ཀྱི་རྣམ་དཔྱོད་ཕུལ་དུ་བྱུང་བས་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་བསྟན་པ་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་གཟིམས་ཤག་ལྷོ་པ་དཀོན་མཆོག་བསྟན་འཛིན་གཉིས་ཀྱིས་དཀར་ནག་གི་འབྲས་བུ་ལས་ཀྱི་སྲང་ལ་གཞལ་བའི་ཚི་ལྕི་ཡང་གི་ངང་ཚུལ་ཤེས་པའི་བློ་གྲོས་ཀྱི་མིག་ཡངས་པར་བརྟེན་ལྷག་བསམ་ཀུན་ད་ལྟར་ཆེས་ཆེར་དཀར་བར་མ་ཟད་སྒྱུ་མའི་ནོར་ལ་འཇུངས་པ་མེད་པར་སྙིང་པོར་ལེན་པའི་སྙིང་སྟོབས་ཆེ་ཞིང་། ལེ་ལོ་བརྒྱང་དུ་བསྲིངས་པའི་བརྩོན་པ་ཆེན་པོའི་མཐུས་འཕགས་པའི་ཡུལ་དུ་དུ་རྨ་ཏི་ཞེས་ལོ་པཎ་ཏུ་འབོད་པ་ལྕགས་མོ་བྱ་ལོར་བདེ་བར་གཤེགས་པའི་བཀའ་འགྱུར་རོ་ཅོག་ཡིག་གཟུགས་བརྡ་དག་ཞལ་ཁེབས་གདོང་དར་བསྒྲིལ་ཆས་གླེགས་ཤིང་གླེགས་ཐག་སོགས་སྲི་ཞུར་བསྐྲུན་པའི་ཆོས་ཕུན་སུམ་ཚོགས་པར་ལེགས་པར་བསྒྲུབས་པའི་ཕན་ཡོན་ནི། འཕགས་པ་སྡུད་པ་ལས། ལ་ལས་གངྒཱའི་ཀླུང་གི་ཇི་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས་ཞེས་དང་། སྲི་ཞུ་བསྐྲུན་པའི་ཕན་ཡོན་ནི། བརྒྱད་སྟོང་པ་ལས། མེ་ཏོག་དང་བདུག་པ་དང་དྲི་དང་འཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་རོལ་མོ་དང་ན་བཟའ་དང་(༩༣ན)


GLG018_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དང་ཁོར་ཡུག་ཏུ་མར་མེའི་འཕྲེང་བ་དང་མཆོད་པ་རྣམ་པ་མང་པོ་དག་གིས་བསྐུར་སྟིར་བྱ། བླ་མར་བྱ། བརྗེད་པར་བྱ། མཆོད་པར་བྱ། རི་མོར་བྱ། བསྙེན་བཀུར་བྱ་སྟེ། ཀུན་དགའ་བོ་འདི་ནི་ངའི་རྗེས་སུ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་ཕན་ཡོན་རྒྱ་ཆེར་གསུངས་པས་ཤེས་ནུས་སོ། །སྙན་སྙན་གཞན་བློ་འདྲིད་པའི་གཏམ་མིན་པར། །ངེས་ངེས་དོན་གྱི་སྙིང་པོ་བདེ་སྐྱིད་འབྲས། །མང་མང་ཚེ་རབས་ཀུན་ཏུ་ཉམས་མྱོང་བ། །གསལ་གསལ་གསུང་རབ་དགོངས་འགྲེལ་རྣམས་ལས་བསྟན། །དེ་དོན་རྟོགས་པའི་བློ་ཅན་རྒྱུ་སྦྱོར་བདག །བདག་ཉིད་ཆེན་པོ་བློ་བཟང་གྲགས་སྙན་ལུགས། །མཁོ་དགུའི་དཔལ་འབྱོར་འབྱོར་པའི་གྲུ་རྫིངས་བཅས། །ཆེད་དུ་འབད་རྩོལ་རྩོལ་པའི་རླུང་གིས་བསྐུལ། །རྣམ་འདྲེན་གསུང་རབ་རབ་འབྱམས་ཆུ་གཏེར་བརྒལ། །དལ་འབྱོར་གཏན་འདུན་འདུན་རྩེར་སོན་གླིང་བགྲོད། །མུ་མཐའ་མེད་པའི་འཁོར་བ་རྒྱབ་བསྐྱུར་པས། །མེ་ཏོག་མདའ་ཅན་གདོང་པ་ཡོངས་དམད་དེ། །མི་ཡི་སེང་གེ་མངོན་གྱུར་སྨོན་ལམ་རྣམས། །མ་ལུས་འགྲུབ་པར་མཆོག་གསུམ་མཐུས་བྱིན་རློབས། །རྣམ་པར་དངས་གསལ་ལྷག་བསམ་དང་ལྡན་ནས། །རྣམ་དཀར་དགེ་ཚོགས་ཛཧྣུའི་བུ་མོ། །རྣམ་མཁྱེན་དེ་སྲིད་འདོད་དོན་ཆུ་གཏེར་ཆེར། །རྣམ་དག་སྨོན་པས་གཅིག་ཏུ་འདྲེས་པར་ཤོག །ཨེ་རི་སྒོ་ནས་གཟིམས་ཤག་ལྷོ་པ་སྤུན་གཉིས་ཀྱིས་ཐུབ་གསུང་རིན་པོ་ཆེ་འགྱུར་རོ་ཅོག་བཞེངས་པའི་དཀར་ཆག་སྨོན་(༩༣བ)


GLG018_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བདེ་ལེགས་ཀུནྡ་བཞད་པའི་ཟླ་ཤེལ་འདི་ནི་ཡོན་སྦྱོར་བྱེད་པོ་ཉིད་ཀྱིས་འབད་པས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་ཤཽདྡྷཽད་ནེ་ནཱ་དྡྷིཥྵཱནཀུརུ། །ནམ་ཡང་འཕོ་མེད་སྟོང་གཟུགས་མཛེས་སྡུག་མཁའ་དབྱིངས་སྒྱུ་མའི་ཕྱག་རྒྱ་དང་། །རྩེ་འཇོར་རོལ་བས་མ་འགྱུར་བདེ་ཆེན་དྷཱུ་དྷཱིའི་སྒྲ་ཅན་ཆོས་སྐུའི་སྦུབས། །ལས་རླུང་ཉི་ཟླའི་འགྲོ་འོང་ནུབ་མཐར་གཟུགས་སྐུའི་དཀྱིལ་འཁོར་སླར་འཆར་བ། །ཨེ་ཝཾ་ཟུང་འཇུག་དུས་ཀྱི་འཁོར་ལོར་དངོས་པོ་ཀུན་གྱིས་བཏུད་བྱའི་གནས། །ལེགས་པའི་ཆ་བསགས་གྲོང་ཁྱེར་ཡངས་པར་ས་བཅུ་མཐར་ཕྱིན་ཀྱང་། །མི་དབང་ཚུལ་བཟུང་ཆོས་རྒྱལ་རིགས་ལྡན་རིམ་པར་བྱོན་རྣམས་དང་། །བསྡུས་རྒྱུད་འགྲེལ་ཆེན་དབུས་འགྱུར་འཆང་དུ་འདྲེན་པའི་ཤིང་རྟ་ཆེ། །དུས་ཞབས་ཙི་ལུ་པ་སོགས་མཁས་གྲུབ་(༩༤ན)


GLG018_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་སྙིང་ནས་དད། །ར་འབྲོ་ཤོང་སོགས་ཞུས་ཆེན་མིག་སྨན་གྱིས། །དང་པོའི་སངས་རྒྱས་བལྟར་སྒྲིབ་རབ་རིབ་ཀུན། །ཡོངས་བསལ་དེ་རྗེས་འབྲང་མཛད་བློ་ལྡན་རྣམས། རྣམ་དག་བསྟན་འཛིན་བགྲང་བྱ་ཁོ་ནར་ངེས། །ན་ཡམས་སྨྲ་བའི་ཅ་ཅོ་རྣ་བར་འཚེར། །གྲགས་སྐམ་དུར་ཁྱུ་མ་ཡིན་རྣམ་དཔྱོད་ཀྱི། །སྒོང་སྦུབས་ལེགས་བཤད་སྐད་འབྱིན་སྟག་ཚང་པ། ཀ་ལ་པིངྐའི་མཆེད་ཟླ་ཁོད་མིན་སུ། །ཕྱི་ནང་གཞན་གསུམ་སྦྱར་བའི་པད་དཀར་ཚལ། །ཚིག་དོན་ཉི་མའི་ཟེར་གྱིས་ཁ་འབྱེད་ཀྱང་། །བླང་དོར་ལྟར་རྨོངས་ཕྱོགས་འཛིན་ཀུ་མུ་ད། །ཟུམ་པ་དངོས་པོའི་གཤིས་ལ་གང་གིས་གཤུང་། །ཆོས་མིག་རྒྱལ་མཚན་ཏོག་རྩེར་ཡིད་བཞིན་དབང་། །འདམ་དྲིས་མ་སྦགས་རྒྱུད་དོན་དབྱིག་གི་ཆར། །འབེབས་པའི་སྐལ་ལྡན་མཁས་གྲུབ་ནོར་བུ་བཟང་། །མཆིང་བུའི་ཁུར་ལྕིའི་གྲལ་ལས་གཅིག་ཏུ་ཡར། །འདྲེན་བྱེད་ཐེག་འཆོར་ཚིག་ཉོག་མཁར་སྙེག་དཔངས། །ཊཱིཀ་འགྲེལ་མིང་སྙན་སྙིང་པོ་རྣམ་བཀྲའི་འཇའ། །མ་ཡིན་སྤྱི་དོན་ཡོངས་འདུས་འདི་ཉིད་ལས། །རིགས་ལྡན་ཞལ་ལུང་འདོད་པ་ཅི་ཡང་འཇོ། །གཟུ་ལུམས་རགས་རྩིས་ཁུང་བུ་རྟག་ཉལ་ནས། །རྦད་ཁམ་ཕུང་སྒྲ་ཉེར་སྒྲོག་དུག་གི་ལྕེ། །མི་རྐྱོང་འཆེལ་ཐུབ་ཤེས་རབ་རིན་ཆེན་གྱི། །རྣམ་པར་ཐར་ལ་གཟུར་གནས་མཐའ་དག་དང་། །མགལ་དུམ་སྐྱོར་བཟློས་དོང་གཤོག་བསྟན་བཅོས་དབྱིངས། །བསྙེགས་འདོད་རྫུ་བག་ཕ་ཝང་རང་མཆེད་ཆུར། །ལྷུངས་ཀྱང་ལུང་རིགས་སྒྲོ་གདུགས་ཤེས་བྱའི་མཁར། །འཇལ་བར་འགྲན་རྣམས་ར་བའི་སྦུབས་སུ་ཉོལ། །དངོས་པོའི་གནས་ཚུལ་གསོང་ཚིག་ཕྲ་མོའི་ཞུགས། །གཞན་མཚང་སྤྲ་བ་བསྲེགས་པའི་ཞེ་སྡང་མེ། །སྦར་བའི་སྒྲོས་རླུངས་རེ་ཞིག་དེ་ཙམ་སྟེ། །སྨོན་ལམ་ཆུ་(༩༤བ)


GLG018_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུང་སྒྲ་སྙན་སྒྲོག་ལ་བྲེལ། །ཕྲ་རབ་རྡུལ་གྲངས་རྒྱུད་སྡེའི་ནོར་འཛིན་སྟེང་། །ཕྱི་ནང་གཞན་གསུམ་ལྷུན་པོ་རྡོ་རྗེའི་ར། །གདེངས་རྩེར་རྣམ་ཀུན་མཆོག་ལྡན་བརྒྱ་བྱིན་དཔུང་། གཡུལ་བཤམས་སྒྲིབ་གཉིས་སྦྱིན་སྐྱེས་མཐར་བྱེད་ཤོག །དང་པོའི་སངས་རྒྱས་རྒྱུད་འགྲེལ་ཨ་དཪྴ། །འཁྲུལ་ནོངས་དྲི་བྲལ་སྟོང་གཟུགས་ཕྱག་རྒྱའི་བཞིན། །གསལ་བྱེད་ལེགས་བཤད་བསྟན་པའི་རྒྱ་མཚོ་འདི། །སྐལ་བཟང་སྐྱེ་དགུའི་འཇུག་ངོགས་དམ་པར་ཤོག །དུས་ཀྱི་འཁོར་ལོས་ཆོས་རྒྱལ་ཟླ་བཟང་དང་། །འདྲ་བར་ལུང་ཟིན་འཇམ་མགོན་བཙོང་ཁ་པའི། །བཞེད་སྲོལ་པད་མཚོ་རྗེས་འབྲངས་གཉིས་འཐུང་འགས། །མ་བརྫིས་ལེགས་བཤད་འདབ་བརྒྱ་རྒོད་པར་ཤོག །དགའ་སྤྲོའི་དཔལ་ལྡན་སུམ་རྩེན་འཆི་མེད་གཙོའི། །བསོད་ནམས་འཇུག་པ་བཅུ་ཡི་སྒྱུ་ཐབས་ཀྱིས། །ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེན་པོའི་ལུང་། །འཇིག་རྟེན་གསུམ་གྱི་གཙུག་ཏུ་ལེན་པར་ཤོག །སྡེ་བཞིའི་གསེར་སྒོང་སྨོན་ལམ་དྲོད་པོ་ཆེ། །ཉེར་སྨིན་ས་ལ་རྒྱུ་བའི་ཚངས་རིས་ཏོག །གནམ་གྱི་ཤེ་མོང་རྩིབས་སྟོང་འཁོར་ལོའི་རྗེས། །སྣོད་བཅུད་མཐའ་དག་ཤུགས་ཀྱིས་འབྲང་བར་ཤོག །དུམ་བུ་བཅུ་གཉིས་ས་ལ་རིགས་ལྡན་ཆེ། །དྲག་པོ་འཁོར་ལོ་ཅན་གྱི་བརྟུལ་ཞུགས་ལྟར། །མི་བསྲུན་ཀླ་ཀློའི་སྡེ་དཔུང་མ་ལུས་པོ། །བཅོམས་པའི་རྒྱལ་རྔ་སྲིད་རྩེར་བརྡུང་ནུས་ཤོག །ཆོས་སྦྱིན་མི་ཟད་པར་གྱི་སྒོ་འབྱེད་ལ། །ལུས་ངག་ཡིད་ཀྱི་འབད་ཀུན་ཤམྦྷ་ལར། །རིགས་ལྡན་གྱིས་སྨིན་གྲོལ་ལམ་སྦྱོར་དྲུག་གིས། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་འགྲུབ་པར་ཤོག བོད་ཁམས་རྒྱ་ཧོར་ལུས་ཕྲའི་མངལ་ཡངས་པོར། །དགེ་བཅུའི་ས་བོན་ལྕི་བའི་ཁུར་འཛིན་པ། །རབ་སྨིན་བདེ་སྐྱིད་ཁྱེའུ་(༩༥ན)


GLG018_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཙས་ནས། །ལང་ཚོ་དར་དྲག་བཞིན་རས་ལྟར་ངོམ་ཤོག །མཁའ་ལ་མཁའ་ཡི་སྦྱོར་བ་ཇི་བཞིན་ཐབས་ཤེས་ཟུང་དུ་འཇུག་པ་ལས། །སྟོང་ཆེན་ཡིག་ལྔ་ཐིག་ལེ་ཡིག་དྲུག་རོ་གཅིག་ཨེ་ཝཾ་བླ་ན་མེད། །རྡོ་རྗེ་ཉི་མ་སྣང་བ་ཆེས་འབར་རྡོ་རྗེ་ཟླ་བ་དྲི་མེད་འོད། །སྐུ་བཞི་རྡོ་རྗེ་ཚེ་ལུས་གཅིག་ལ་སེམས་ཅན་ཡོངས་ཀྱིས་མངོན་གྱུར་ཤོག །གཙང་སྟག་ཚང་ཆོས་འཁོར་སྒང་པ་སྐད་གཉིས་སྨྲ་བའི་པཎྜི་ཏ་ཤེས་རབ་རིན་ཆེན་གྱིས་མཛད་པའི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་དགོངས་དོན་རྣམ་པར་འབྱེད་པ་འདི་ཉིད་ཚིག་དོན་མཐའ་དག་ཕུལ་དུ་བྱུང་བ་ཡིན་ཞེས་སྨོན་འགྲོ་པཎ་ཆེན་རིགས་གནས་རྒྱ་མཚོའི་འཕྲེང་བ་འཛིན་པ་བསྔགས་བརྗོད་ལྷག་པར་ཆེ་ཞིང༌། ཞིབ་མོར་དཔྱད་ཚེ་དོན་ལ་གནས་པར་མཐོང་བ་ནས་ཡིག་ཆའི་རྒྱུན་རྒྱ་ཆེར་འཕེལ་བ་རྒྱུད་རྒྱལ་འགྲེལ་ཆེན་དང་བཅས་པར་ཐོས་བསམ་བགྱིད་འདོད་ཀྱིས་སྐལ་ལྡན་མང་པོར་ཕན་ནམ་སྙམ་པའི་ལྷག་བསམ་གྱིས་ཀུན་ནས་བླངས་ཏེ་སྟོད་འགྲེལ་བ་དུརྨ་ཏི་ཞེས་པ་བློ་ངན་དུ་འབོད་པ། རབ་བྱུང་བཅུ་གཅིག་པ་ལྕགས་མོ་བྱའི་ལོར་དགའ་ལྡན་ཕུན་ཚོགས་གླིང་དུ་པར་བརྐོས་ཀྱི་བཀོད་པ་བགྱིས་པར་ས་སྐྱོང་སངས་རྒྱས་རྒྱ་མཚོས་བདག་རྐྱེན་གྱི་ཁྱབ་པ་དང༌། ཞུས་དག་པ༝། ཡིག་མཁན་པ༝། པར་མཁན་༝། འཕྲལ་གྱི་དགོས་ཆ་སྤྲོད་མི་གཉེར་པ་ཆེ་གེ་རྣམས་ཀྱི་འབད་པས་བསྒྲུབས་པའི་ཚེ་པར་བྱང་སྨོན་ལམ་དང་བཅས་པ་འདི་ནི་ཟ་ཧོར་གྱི་རིགས་ལས་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་གསོལ་དཔོན་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་ཤྲཱི་ཀཱ་ལ་ཙ་ཀྲ་སྱ་ཤཱ་ས་ནོ་ད་ཡེ་བྷ་ཝནྟུ། །(༩༥བ)


GLG018_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་པ་མི་སྡུག་ཁྲོ་བོའི་གར་གྱིས་ཚངས་པའི་ཡུལ་ས་རྩེ་ནས་གནོན། །རྒོད་དང་དྲག་ཤུལ་འཇིགས་རུང་ང་རོས་སྲིད་གསུམ་འབྱུང་པོའི་ཀླད་པ་འགེམ། །སྙིང་རྗེ་རྔམས་དང་ཞི་བའི་ཐུགས་རྗེས་འགྲོ་ཀུན་ཟུང་འཇུག་ལ་སྦྱོར་བ། །འཕྲིན་ལས་ཕུར་པའི་ལྷ་ཚོགས་རྣམས་ཀྱིས་བདུད་བཞིའི་གཡུལ་ལས་རྒྱལ་བར་མཛོད། །ཟག་མེད་བདེ་ཆེན་གར་བསྒྱུར་གཤེགས་པ་ལྔ། །སྟོང་ཉིད་སྙིང་རྗེའི་ཉམས་ལྡན་རང་རིག་ཡུམ། །དགའ་བཞིའི་འགྲོས་ཀྱི་རྡོ་རྗེ་གཞོན་ནུ་དང་། །སྲས་མཆོག་རིགས་ལྔའི་སྒྱུ་འཕྲུལ་ལྷ་ལམ་འཇལ། །ཁྲོ་བཅུ་གྲ་ཕྱག་སྒོ་མ་བཀའ་སྲུང་གི །སྟང་སྟབས་གོམ་པས་ཡིད་སྲུབས་སྡེ་བཅས་ལུས། །འདམ་ལྟར་བརྫིས་ཀྱང་མ་ཚིམ་དོན་སྙིང་ཁྲག །དྲོད་རླངས་མ་ཡལ་འཐུང་ལ་རིངས་པ་བཞིན། །འཁོར་འདས་ཀ་དག་སྤྲོས་བྲལ་དབྱིངས་སུ་དེངས། །བསྐྱེད་རིམ་(༩༦ན)


GLG018_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྣང་ང་རྒྱལ་ལྷ་སྐུར་ཤར། །གསང་སྔགས་དུས་གྲངས་རྟགས་ཀྱི་གྲོལ་ཚད་རྙེད། །དེ་འདྲ་དོན་གྱི་ཕུར་པའི་རིག་སྔགས་འཆང་། །དགྲ་བགེགས་རྣམ་ཤེས་རྒྱལ་བའི་སྲས་སུ་འཕངས། །ཚེ་ལྷག་སྒྲུབ་པོའི་སྲོག་གི་མཐུད་མར་བྱས། འཚངས་གསུམ་ཤེས་པས་མངོན་སྤྱོད་ལས་སྦྱོར་བ། །རང་གཞན་དོན་ཆེན་བསྒྲུབ་པའི་གནད་ཀྱིས་འཚེངས། །བྲོ་གཞས་ཤོན་གྱི་གོ་རིམ་རྣམ་འགྱུར་སོགས། །སྔོན་རབས་རྒན་པོའི་ལུགས་སྲོལ་མི་འཕྱུགས་ན། །མཐོང་ཐོས་ལག་བསྟར་དག་དུག་མང་བསྡུས་གོས། །གཏད་མེད་སྨྱོན་པའི་ངང་ཚུལ་དེས་ཀྱང་ཅི། །མི་ཚེ་སྟོང་ཟད་བན་ལིང་མ་ཡིན་པར། །རིགས་འཛིན་རིམ་བརྒྱུད་ཁྲག་འཐུང་རྩ་བའི་འཆམས། །གདབ་ལས་འགྲོས་གར་ལུས་འགྱུར་སྣང་བ་ཡི། །དགོངས་དོན་སྲུང་མའི་དམ་ཚིག་རྒྱ་མ་དྲལ། །དེ་ཚུལ་སྣེའུ་སྡོང་རྒྱལ་པོའི་འདུན་ས་ཆེར། །ཀུན་བཟང་རྩེ་པའི་དགོངས་བཞེད་བསྟར་བའི་ཆས། །ཞལ་བརྙན་བེར་ཕོད་ལས་ཞྭ་ཕྱག་མཚན་སོགས། །སྤྱོད་པའི་ཡོ་བྱད་ཁུངས་ལྡན་ཚར་དུ་དངར། །ཆུད་འཛའ་ཟེགས་འཐོར་མེད་རྫུན་གཏམ་གྱི་གླུ། །མངོན་སུམ་མཚོར་འཇིག་དེབ་ཐེར་པི་ཝཾ་རྒྱུད། །ཚིགས་དོན་སོར་མོས་དང་པོར་བསྐུལ་བའི་སྒྲ། །སྙན་པོ་ཐོས་འཛིན་བཅུད་དུ་འདི་ན་མངར། །ཞེས་ཆེད་དུ་བརྗོད་ནས་ཕོ་བྲང་ཆེན་པོར། །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་ཕུར་སྒྲུབ་ཚེ་བདག་གཏོར་བཟློག །དམག་ཟོར་མའི་མདོས་བསྐངས་སོགས་དུས་ཆེན་ནམ་བབས་འཆམས་དང་འགྲོས་ཀྱི་སྤྲོས་པ་ལ་ཉེ་བ་མཁོ་བའི་གོས་བེར། བེར་ཟླམ། དབང་དྲག་གི་ལས་ཞྭ་དམར་ནག །ཞལ་བརྙན། སྐྲ་ཚབ། རལ་པ། རུས་རྒྱན། བན་ཕུར་གྱིས་(༩༦བ)


GLG018_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པའི་ཕྱག་མཚན་ཕུད་ཕོར། བྱ་བུམས་སོགས་ཡོ་བྱད་ཆེ་ཕྲ་རྣམས་གསལ་བྱེད་དེབ་ཐེར་སྙན་པོ་ཐོས་འཛིན་བཅུད་ལེན་བཀོད་པ་ལ། །ལྟ་ན་སྡུག་པ་སྤྲུལ་པའི་གྲོང་ཁྱེར་དེར། །དུག་གསུམ་ནད་སེལ་སྨན་གྱི་བླ་མ་ཡི། །བྱིན་རླབས་བདུད་རྩིའི་ཡན་ལག་བརྒྱད་ལྡན་བཀའ། །གསང་བ་མན་ངག་རྒྱུད་རྒྱལ་མཚན་གྱིས་སྙན། །འཕེལ་ཟད་འདུ་འཁྲུགས་ཕྲ་མོའི་དབྱེ་བ་ཡང་། །མ་འདྲེས་སྤུ་རིས་ཕྱེ་སྟེ་གཙུག་ཏོར་ནས། །རྐང་མཐིལ་བར་གྱི་ཟུག་རྔུ་གསོ་བའི་ཐབས། །ལུས་ཅན་ཡོངས་ཀྱི་སྤྱི་ནོར་འདི་རྨད་བྱུང་། །གཡུ་ཐོག་མཁྱེན་ཡངས་རིན་ཆེན་ཀེ་ཏ་ཀས། །ལོག་ཏོག་རྙོག་མ་མཐའ་དག་བགྲུངས་བྱས་པ། །ལེགས་བཤད་དངས་མཚོར་མི་འཆར་འགྲོ་རྣམས་ཀྱི། །ཕན་བདེའི་གཟུགས་བརྙན་གསར་པ་གཞན་ཡོད་མིན། །ཟབ་དོན་ས་ཧ་ཀ་རའི་སྙེ་མ་ལ། །སྤྱོད་མཁས་མཉམ་ཉིད་རྡོ་རྗེ་གཞན་བསོས་གླུས། །གངས་ཅན་བསོད་ནམས་དབྱར་སྐྱེས་རིང་བོས་མགྲོན། །ཚངས་རིགས་གྲུབ་པའི་བློ་ལྡན་འབྲས་བུར་དུད། །ཚིག་དོན་རིན་ཆེན་བརྡ་སྤྲོད་སྤུག་གི་ནོར། །མཁས་མང་བཞེད་སྲོལ་གྲུ་གུའི་རྒྱལ་ཁམས་ནས། །བློ་གྲོས་བརྩོན་པས་འདྲེན་མཁས་དར་མོ་བ། །མཐོ་རིས་སྨན་པ་ཐ་སྐར་སྐྱེས་ཀྱི་སྤུན། །ན་ཡམས་བཤད་པ་ལོ་མའི་ཕང་ཕུང་གིས། །ལག་ལེན་དངོས་དོན་མི་བསྒྲིབ་མཐོང་བའི་མདོ། །རོ་ནུས་ཞུ་རྗེས་སྲོག་གི་ཀ་བ་རུ། །སོང་ཚེ་ལས་ཀྱི་མེ་ལོང་དེས་ཅི་བྱ། །རྩ་བཤད་ཕྱི་མའི་ཊཱིཀྐ་སྤྱི་དོན་མཁན། །བྱང་གཙང་དབུས་དྭགས་ཀོང་ནས་མང་བྱུང་ཡང་། །མན་ངག་རྒྱུད་ཆེན་དོན་འགྲེལ་ལྕི་བའི་ཁུར། །མེས་པོས་ཁྱོད་ཀྱི་ཕྲག་པར་བཀལ་བ་བཞིན། །དཀའ་ཚེགས་ཆུང་ངུས་གྲངས་མེད་པུསྟ་ཀ །སྐྲུན་བྱེད་པར་གྱི་མཆོད་སྦྱིན་སྒོ་ཕྱེ་བས། །(༩༧ན)


GLG018_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་མཐའ་ཀླས་གདུང་སེལ་གསོ་རིག་གི །འཆད་ཉན་སྲིད་མཐའི་བར་དུ་དར་བར་ཤོག །ཁྱད་པར་དོན་འགྲེལ་ཚངས་པའི་མཁུར་ཚོས་ལས། །ལེགས་བཤད་ཨཱ་ཐའི་སྒྲ་འདིས་སེམས་ཅན་རྣམས། །རིང་པོར་འཚོ་ཐབས་ཚེ་ཡི་རིག་བྱེད་ཀྱི། །རྫོགས་ལྡན་གཞོན་ནུའི་དགའ་སྟོན་མྱོང་བར་ཤོག །གསོ་དཔྱད་གཙུག་ལག་འཛིན་ནོ་ཅོག་ཀུན་གྱིས། །ཐོས་དང་བསམ་པར་བྱས་ནས་བསྟན་བཅོས་འདི། །དགུ་ཚིགས་ཞགས་པས་འཆིང་མིན་འཕྲིན་ལས་ཀྱི། །འཆི་མེད་ལམ་གྱི་ཕ་མཐའ་འཇལ་བར་ཤོག །གསེར་མདོག་ཅོད་པཎ་འཆང་བའི་རིན་ཆེན་གདུགས། །ཆོས་སྲིད་ཡུ་བས་རབ་བཏེག་གྲིབ་བསིལ་དུ། །རྒྱ་ཧོར་བོད་ཀྱི་སྐྱེ་དགུ་མ་ལུས་པ། །སིམ་པའི་ཚོར་བར་ངལ་གསོ་བྱེད་པར་ཤོག །ཕུན་ཚོགས་དགའ་སྟོན་དཔལ་ལྡན་ཕོ་བྲང་གི། །རྒྱལ་ཐབས་གྲུ་ཆེན་འཛིན་པ་མི་ཡི་ལྷ། །སྟོབས་ཀྱི་དཔུང་པས་ནོར་འཛིན་དཀྱིལ་འཁོར་ལ། །དབང་སྒྱུར་གནམ་གྱི་ཤེ་མོང་ཐོབ་པར་ཤོག །ལྷ་མིན་གདོང་ཀུན་ཞི་དུལ་སྙིང་རྗེ་ལྡན། །སྨན་དང་རིགས་སྔགས་རྣམས་ཀྱི་ནུས་མཐུ་འགྲུབ། །འཇིག་རྟེན་ཁམས་སུ་རྒུད་པའི་མིང་ཙམ་ཡང་། །མི་བསྒྲག་སྒོ་གསུམ་བདེ་ཞིང་སྐྱིད་པར་ཤོག །འདིར་འབད་ཐམས་ཅད་བཞི་བརྒྱ་རྩ་བཞི་ཡི། །ནད་ཀྱིས་མནར་བས་ནམ་ཡང་བརྫི་མིན་པར། །བཻཌཱུར་སྣང་བའི་དག་ཞིང་ཉམས་དགའ་བར། །སྐྱེས་ནས་ཐེག་ཆེན་ཆོས་ལ་ལོངས་སྤྱོད་ཤོག །གནོད་སྦྱིན་སྡེ་དཔོན་རྡོ་རྗེ་བདུད་འདུལ་ཆེ། །གསང་ཡུམ་ཀུན་གྲུབ་འཁོར་ཚོགས་རྒྱ་མཚོ་ཡིས། །ལྷ་དང་དྲང་སྲོང་ཕྱི་ནང་རིགས་འཛིན་གྱི། །གསོ་རིགས་བསྟན་པ་དར་བའི་བཀྲ་ཤིས་ཤོག །ཅེས་དཔོན་ཚང་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་སམ་དར་གན་ཐིང་གི་རཱི་ཨེ་ཆེན་ཨོ་ཐོ་ཆེ་ཁན་དུ་འབོད་པས་(༩༧བ)


GLG018_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་མན་ངག་གི་རྒྱུད་ལེའུ་གོ་གཅིག་པའི་དཀའ་འགྲེལ་ལེགས་བཤད་གསེར་རྒྱན་བརྩམས་པ་པར་དུ་བརྐོས་པའི་བདག་རྐྱེན་སྡེ་པ་སངས་རྒྱས་རྒྱ་མཚོ། ཞུས་དག་ཆེ་གེ་མོ། ཡིག་མཁན་ཆེ་གེ་མོ། པར་པ་ཆེ་གེ་མོ། ཡོ་བྱད་སྤྲོད་མི་གཉེར་པ་ཆེ་གེས་བགྱིས་པའི་ཚེ་པར་བྱང་སྨོན་ལམ་དང་བཅས་པ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གསོལ་དཔོན་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་དགེ་ལེགས་འཕེལ། །སེམས་ཅན་ཁམས་དང་བསམ་པའི་ཁྱད་པར་ནམ་ཡང་ཟད་མེད་ལྷ་ལམ་ངོས། ཐེག་པ་རིམ་དགུའི་མཆོག་དམན་བར་མཐའ་ཉི་ཟླ་གཟའ་སྐར་རབ་ཤར་བ། །གོ་རིམ་ཇི་བཞིན་འཕྱུགས་མེད་ལེགས་བསྒྲིགས་ཁྱབ་བདག་དྲང་སྲོང་རྗེ་བོ་ཆེ། །མདོ་དང་རྒྱུད་སྡེ་རྫོགས་པར་སྟོན་མཛད་ཀུན་ཏུ་བཟང་པོར་མགོས་ཕྱག་འཚལ། །དགའ་རབ་རྡོ་རྗེ་རྒྱལ་པོ་ཛ་ལ་སོགས། །དག་དང་མ་དག་ཞིང་གི་པཎ་གྲུབ་ཀྱི། །ཐུགས་བཅུད་ཆུ་ཀླུང་རྣམ་བཞི་གཅིག་འདུས་མཚོ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་བསྔགས་བྱའི་ཡུལ། །ཁུ་ལུང་ཡབ་སྲས་ཟུར་པོ་ཆེ་ཆུང་དང་། །གསང་བདག་སྒྲོལ་ཕུག་སྒྲོལ་ཆེན་ཤཱཀ་འབྱུང་གི། །ལྷ་རིགས་འཇམ་དབྱངས་རྒྱལ་མཚན་བར་བྱོན་པ། །མདོ་དབང་བླ་བརྒྱུད་ཚར་དུ་དངར་རྣམས་རྒྱལ། །ཁྱད་པར་སྔ་འགྱུར་བཀའ་གཏེར་མཐའ་བདག་གི། །གདམས་པའི་བང་མཛོད་རིགས་འཛིན་མངའ་རིས་པ། །ལེགས་ལྡན་མཐུ་ཡི་བདུད་སྡེ་འཇོམས་བྱེད་མཚོན། །རྡོ་རྗེ་གདེངས་མཛད་ཁྱོད་ཞབས་གཙུག་ན་བསྟེན། །འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཁུ་དབོན་གྱིས། །བདག་རྐྱེན་དྲིན་ལས་ཆོས་འདིའི་སྲོག་འཐུད་མཁན། །སྐྱི་སྟོན་ཆུ་ཡི་དབང་པོ་བྲེས་པ་རྗེ། །ཆོས་རྒྱལ་རྡོ་རྗེའི་རྣམ་པར་ཐར་པ་དད། །པཎ་ཆེན་བི་མཱ་ལ་ཡི་ཐུགས་རྗེའི་གཟུགས། །གདུལ་བྱའི་དོན་དུ་མཁས་(༩༨ན)


GLG018_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཟློས་གར་ཅན། །མྱང་སྟོན་བློ་མཆོག་རྡོ་རྗེ་རིགས་ཀུན་གྱི། །ཁྱབ་བདག་དང་པོའི་མགོན་པོ་ལས་གཞན་ཅི། །སྣ་ནམ་རྒོད་ལྡེམ་ཡང་སྲིད་བག་ཆགས་མཐུས། །ཐེག་དགུའི་ཆོས་ཚུལ་སྒོ་འབྱེད་ཤིང་རྟ་ཆེ། །མཆོག་སྤྲུལ་པདྨ་འཕྲིན་ལས་རྣམ་ཐར་ལ། །གཟུར་གནས་ཕལ་ཆེར་འདུད་པར་གཅིག་ཏུ་སྤྲོ། །གཡུ་འབྲུག་རྫུན་ཟོག་ཕུག་སྟེང་གཞན་ཕན་བློས། །མང་འཁྲིད་གོམ་བཀོད་རྒྱུན་བྲལ་ཆུ་དོང་དུ། །ཐར་སྲོག་དབྲལ་བའི་ཆོ་ག་ཡིད་སྲུབས་ཀྱི། །སྟོད་སྨད་བར་དུ་དར་དང་འདི་མི་འདྲ། །ངེས་གསང་རིང་ལུགས་མེ་ལྕེ་སྲིད་རྩེའི་བར། །བསྙེགས་བཤུལ་དེང་སང་ཐལ་སྤུངས་མེ་སྟག་ཙམ། །སྤར་བར་སྒོ་གསུམ་འབད་པའི་བསོད་ནམས་ཀྱི། །ཕུང་པོའི་སྣོད་དུ་སྟོང་གསུམ་འདི་ཡང་ཆུང་། །སྔོན་དུས་རྒྱལ་བློན་ལོ་པཎ་ཆོས་ཕྱིར་དུ། །བཀའ་སྤྱད་བསམས་ཚེ་གསར་རྙིང་བསྟན་འཛིན་དིང་། །ཕལ་ཆེར་ཆོས་བརྒྱད་འཁོལ་པོར་འགྲན་པའི་བང་། །ཡངས་པོའི་གོམ་སྟབས་བྲེལ་ལ་མཆི་མ་བཀུ། །ལ་ལ་མཁས་བཙུན་གྲགས་འདོད་སྒྲོ་གདུགས་བསྒྲེངས། །འགའ་ཞིག་སྒམ་སྡིག་བཟང་བརྫུའི་མངལ་ཁུར་འཛིན། །མང་དག་འཇིག་རྟེན་ཕལ་སྤྱོད་དུག་རླངས་བསྟེན། །ཀྱེ་ཧུད་སྙིགས་དུས་རྨ་བྱའི་ཚུལ་འདི་ཅི། །ཐ་སྙད་རྟོག་གེར་སྦྱངས་པ་གཞོན་ནུའི་ལུས། །ཤེས་བྱའི་ཕ་མཐའ་གཞལ་བའི་གདོང་དྲུག་ཅན། །ངེས་གསང་གླང་པོའི་མཆེ་བ་ཉེར་ཕྱུང་བས། །གཏན་མདུན་ལང་ཚོ་དར་ལུས་སྐལ་དམན་མང་། །གཅིག་ཏུ་མི་ཞེན་སྣ་ཚོགས་ཐེག་པའི་སྐས། །རིམ་པར་འཛེགས་མཐའི་ཡི་གེའི་ཚོགས་ཆེན་གྱི། །འཁོར་ལོ་ཀུན་འདུས་རིགས་བདག་རྡོ་རྗེ་འཆང་། །གཞན་དུ་མི་སེམས་རིག་རྩལ་བླ་ན་མེད། །བགྲང་ཡས་འཁོར་ལོར་སྨིན་བྱེད་ཆོ་གའི་ཁྲིགས། །ཟུར་(༩༨བ)


GLG018_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་དགོངས་དོན་མཛེས་རྒྱན་རིན་ཆེན་འཕྲེང་། །རྡོ་རྗེའི་ཐེག་མཆོག་བསྟན་པ་སྲིད་མཐའི་བར། །མི་ནུབ་བཙས་སུ་པར་གྱི་ཆོས་སྦྱིན་འདིས། །ཁྲི་སྲོང་ལྡེའུ་བཙན་བཞེད་ཕུགས་གངས་ལྗོངས་སུ། །མཆོད་གནས་སྡེ་གཉིས་བཤད་སྒྲུབ་ས་བོན་ཚོགས། །བསོད་ནམས་ཞིང་སར་བསྐྱེད་བསྲིང་བདེ་སྐྱིད་འབྲས། །མངའ་འབངས་ཡོངས་ཀྱི་དགའ་སྟོན་ལ་སྤྱོད་ཤོག །དོན་དམ་དགེ་སྤྱོད་གོས་དཀར་རལ་ཁུར་ཅན། །གདུལ་བྱ་རྗེས་འཛིན་འདོད་རྣམས་སེལ་མེད་པ། །དབང་ཆུའི་རྒྱུན་འདིས་སྒྲིབ་བཀྲུས་བཞེད་སྲོལ་གྱིས། །འཕྲིན་ལས་ཕྱོགས་བྲལ་རྣ་ལུང་མཛེས་པར་ཤོག །ཡིད་ལ་ཀུན་ཏུ་དགའ་བསྐྱེད་ལེགས་ལྡན་དཔྱིད། །འབོད་པའི་ཕོ་ཉས་ཉེར་བཀུག་སྡེ་བཞིའི་དབྱར། །དར་དྲག་ཕོ་བྲང་འཆི་མེད་འདུན་སའི་སྤུན། །འཇིག་རྟེན་གསུམ་གྱི་རྒྱན་དུ་འགྱུར་བར་ཤོག །ཆོས་སྲིད་འཛིན་པར་བྱེད་པའི་རྐང་སེན་ཟླ། །གནམ་ས་བར་མེད་ཡིད་ཅན་ཅོད་པན་དུ། །ཆ་འཕེལ་དུས་ཀྱི་བདག་པོའི་ཚ་བ་ཡི། །སྣང་བས་ཉེས་བརྒྱའི་སྨག་རུམ་མཐར་སྐྲོད་ཤོག །ཕྱོགས་བྲལ་ཆོས་ཀྱི་སྦྱིན་པས་སྒོ་འཕར་བརྒྱ། །འབྱེད་པར་གཏོགས་རྣམས་རང་རིག་ཀུན་ཏུ་བཟང་། །ལོགས་སུ་མི་འཚོལ་ཡེ་ནས་ལྷུན་གྲུབ་པ། །ཕོ་བྲང་སྐུ་གསུམ་ཞིང་དུ་གྲོལ་བར་ཤོག །ལྷ་ཆེན་ལེགས་ལྡན་ཚོགས་ཀྱི་བདག་པོ་དང་། །དཔལ་མགོན་སྟག་གཞོན་མཐུ་སྟོབས་རྫུ་འཕྲུལ་ཆེ། །རིགས་འཛིན་བརྒྱུད་པའི་སྤྱན་སྔར་གཡར་དམ་ཅན། །ཆོས་སྐྱོང་སྲུང་མས་རྟག་ཏུ་གྲོགས་བྱེད་ཤོག །མཁའ་ལ་རྡོ་རྗེ་ར་བའི་གུར་མ་ཞིག །ས་ལ་དཀྱིལ་འཁོར་ཆེན་པོའི་བཀྲག་མ་ཉམས། །བར་དུ་སྨན་རག་མཆོད་གཏོར་ངད་མ་ཡལ། །ལྷ་བསྔགས་ཡེ་ཤེས་དཔལ་འབར་བཀྲ་ཤིས་ཤོག །ཐེག་པ་རིམ་དགུ་ཡོངས་སུ་རྫོགས་པ་འདུས་པ་མདོ་དབང་ཆེན་མོ་མཁན་པོ་ཆོས་རྒྱལ་སྐྱོང་། །བྲུ་ཤའི་མཁན་(༩༩ན)


GLG018_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་བཙན་སྐྱེས། །སོག་པོ་དཔལ་གྱི་ཡེ་ཤེས་གསུམ་ལས་ཡོ་ག་གསུམ་གྱི་ཆུ་བོ་གཅིག་ཏུ་འདྲེས་པ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེར་བཀའ་བབས་པ་དར་རྒྱས་ཤིན་ཏུ་ཆེ་ནའང་། མགོས་ཆག་དཔལ་འཛིན་སོགས་ཀྱི་འཇམ་ཡིག་སྣ་ཚོགས་ལ་བརྟེན་འགྲོ་མང་ཆོས་སྤོང་གི་རྒྱར་ཆུད་པ་དང་། དུས་དབང་གི་གྲུབ་མཐའ་མཐའ་དག་གལ་ཆུང་ཆོས་ལ་བྱེད་པའི་དབང་གི་རིམ་གྱིས་འགྲིབ་པར་མ་ཟད། གཡུ་འབྲུག་རྡོ་རྗེ་ཟེར་བ་ནས་བརྒྱུད་པ་རྒྱུན་ཡོད་མེད་ཐེ་ཚོམ་གྱི་གཞི་དང་། ཁམས་ཕྱོགས་ནས་དར་བ་ཚོར་ཡང་ཕྱག་ལེན་ཞིབ་རྩིང་གི་ཁྱད་ནས་བསྟན་པ་དྲི་བཅས་སུ་གྱུར་པ་སེལ་བའི་ཆེད་དུ། རིགས་འཛིན་ཆེན་པོ་ལ་བ་པ་ཆེན་པོས། རྡོ་རྗེ་བདུད་འཇོམས་རྒོད་ཀྱི་ལྡེམ་ཕྲུ་ཅན། །བ་འཁལ་འཇམ་དབྱངས་བླ་མ་ཡེ་ཤེས་ཁྱུང་། །སངས་རྒྱས་འབར་དང་གཡུ་སྟོན་ལེགས་ལྡན་རྗེ། །དེ་སོགས་སྐྱེ་བའི་ཐ་མ་འདི་ལྟ་སྟེ། མཁྱེན་པའི་ཆུ་གཏེར་ཤིན་ཏུ་རྒྱ་ཆེ་ཞིང་། །བརྩེ་ཆེན་ཐུགས་རྗེའི་རིན་ཆེན་འདོད་དགུ་འཇོ། །མཐུ་སྟོབས་ནུས་པའི་ཆུ་སྲིན་ཡོངས་འདུའི་མཚོ། །ངག་གི་དབང་པོ་དགུང་ཟླའི་མ་མར་འདུད། །ཅེས་སྐྱེས་རབས་ཀྱི་ཕྲེང་བ་ཚར་དུ་དངར་བ་རིགས་འཛིན་མཆོག་གི་སྤྲུལ་སྐུར་སྒྲིག་རྩོམ་གནང་དགོས་པར་ཆེད་དུ་གསོལ་བ་བཞིན་གླེགས་བམ་དུ་འགོད་པར་མཛད་པ་བསྟན་རྒྱུན་ལ་བསམས་དགའ་ལྡན་ཕུན་ཚོགས་གླིང་དུ་པར་བརྐོ་བའི་བདག་རྐྱེན་ས་སྐྱོང་སངས་རྒྱས་རྒྱ་མཚོ། ཞུས་ཆེན་ཡིག་མཁན་པར་མཁན་གཉེར་པ་ཆེ་གེ་རྣམས་ཀྱིས་བགྱིས་པའི་ཚེ་པར་བྱང་སྨོན་ལམ་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་ལྕགས་བྱ་ཧོར་ཟླ་བདུན་པའི་ཡར་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གིས་བགྱིས་པ་ས་རྦ་སྨི་ད་ཀྐཱ་ལོ་ད་ཡ་བྷ་ཝནྟུ། །(༩༩བ)


GLG018_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཅན་རྒྱུད་མང་གླུར་བླངས་གསུང་ངག་རྒྱུན། །བཅུ་ཕྲག་རིག་པའི་གནས་ལ་དབང་བའི་བློ། །བཟང་པོའི་བག་ཆགས་ཐོས་པས་ཉེར་སད་རྫིངས། །གཙུག་ལག་རྒྱ་མཚོར་འཇུག་ལ་གསོལ་བ་འདེབས། །དྲང་ངེས་ཞིབ་མོར་བཅད་བརྡར་ཟབ་རྒྱས་གནད། །མ་འདྲེས་རྣམ་པར་དབྱེ་ལ་འཇིགས་མེད་པས། །གསུང་རབ་དགོངས་འགྲེལ་འཁྲུལ་བྲལ་བསམ་པའི་གོ །དཀར་ཆའི་ཟླ་ལྟར་འཕེལ་ལ་གསོལ་བ་འདེབས། །ཐུབ་བསྟན་སྙིང་པོ་རིམ་པ་གཉིས་ཀྱི་ལམ། །ལྷ་སྔགས་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་མཆོག །ཚུལ་བཞིན་ཉེར་བསྒོམས་སྤང་རྟོགས་ཡོན་ཏན་གྱི། །ལང་ཚོ་རྒྱས་པའི་སྡེ་ལ་གསོལ་བ་འདེབས། །ཉོན་མོངས་རྩུབ་བྲལ་འཇམ་པའི་ཞལ་གྱི་སྒོར། །ཚངས་དབྱངས་དྲུག་འགྱུར་ཀུན་ཏུ་དགའ་བའི་གར། །བསྒྱུར་བའི་ལེགས་བཤད་ཟིལ་(༡༠༠ན)


GLG018_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དངར་ཕན་དང་བདེའི། །སྲོག་སོང་བཤེས་གཉེན་དམ་པར་གསོལ་བ་འདེབས། །ཚངས་སྲས་དགྱེས་ཞལ་ཚེམས་འཕྲེང་སྤྲིན་དཀར་དབུས། །ངག་གི་འདོད་འཇོར་བཞད་པའི་དབྱར་སྐྱེས་རྔས། །རྣམ་དཔྱོད་རྨ་བྱའི་མངལ་འཛིན་གཞོམ་མེད་ཀྱི། །རྡོ་རྗེའི་སྤོབས་པ་རྙེད་ལ་གསོལ་བ་འདེབས། །ཚེ་འདིའི་བྱིས་ཡིད་སྣང་བ་བཀྲག་པོ་ཆེ། །རྒན་པོའི་སར་འཁྲིད་རྣམ་གཡེང་བྱ་སྤྱོད་ཀྱི། །འཕྲུལ་པའི་རང་མཚང་རི་མོའི་བཀོད་པ་རུ། །འདྲི་བ་ཉི་འཕུལ་གཞན་འདྲིད་ཆོ་ག་ཙམ། །དབྱངས་ཅན་ལྷ་མོས་སྩལ་བའི་དངོས་གྲུབ་ཏུ། །ངེས་པས་ནག་མོའི་ཁོལ་གོ་པཎྜི་ཏར། །གསོལ་འདེབས་ངག་འདོན་སྐབས་ཤླཽ་ཀ་གཅིག་པོ་འདི་འཇོག །གྱུར་བཞིན་སོམ་ཉི་བྲལ་བའི་མོས་པའི་མཐུས། །གནལ་ཀུན་འདུས་པའི་བྱིན་རླབས་ངང་གིས་འཇུག །དེ་ཕྱིར་རྟོགས་བརྗོད་མངོན་སུམ་ཚད་མ་ཡིས། །རས་དཀར་ངོས་སུ་འཇལ་བར་གསེར་མངལ་ཅན། །ཐིག་ལེ་མཆོག་མར་ཆགས་པའི་ཟོལ་སྦྱོར་གྱིས། །རིག་བྱེད་བཞི་ལྡན་གདོང་པ་སྤྲུལ་ལ་བྲེལ། །སྣང་སྲིད་རི་མོར་འདྲི་བར་ཟླ་མེད་པར། །བཟོ་རིགས་གཙུག་ལག་འཕྲུལ་ལ་བལྟ་བའི་མིག །དཀྱུས་རིང་མང་པོའི་པིར་གྱི་ཁ་ལོ་ཡིས། །གསོལ་འདེབས་འདོན་སྐབས། དང་པོའི་ཕྲེང་མཚོར། ཞེས་བསྒྱུར། སྣོད་བཅུད་མངོན་སུམ་གསལ་བའི་མེ་ལོང་བཞིན། གསོལ་འདེབས་ངག་འདོན་སྐབས་ཤློ་ཀ་གཅིག་པོ་འདི་འཇུག །གསོལ་འདེབས་ངག་འདོན་སྐབས། །མཚམས་འདིར། །བཅུ་ཕྲག་འཇུས་མིང་སོགས་ཤློ་ཀ་གཉིས་པོ་ལེན་ཅིང་ཡང་སྲིད་མང་པོར་སོགས་ཀྱི་ཤློ་ཀ་དྲུག་པ་འདི་ཡོན་ཏན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །ཞེས་པའི་མཐར་སྦྱར་རྒྱུ་ཡིན། །ཡང་སྲིད་མང་པོར་བག་ཆགས་བཟང་པོའི་མཐུས། །རྒྱལ་འབྱུང་ཡངས་པའི་བློ་གྲོས་ནམ་མཁའ་ལ། །ལུགས་གཉིས་ཉི་ཟླ་ཟུང་འབྲེལ་མི་དབང་མཆོག །གསོལ་འདེབས་ངག་འདོན་སྐབས། སངས་རྒྱས་རྒྱ་མཚོའི་གཡུང་དྲུང་ལྟར་བརྟན་ཤོག །ཅེས་བསྒྱུར། །སངས་རྒྱས་རྒྱ་(༡༠༠བ)


GLG018_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་རྣམ་དཔྱོད་མཐུ་ལས་སོ། །ཞྭ་སེར་བཅོད་པན་འཆང་བསྟན་ཀ་རྟི་ཀ །གངས་ཅན་སྦྱིན་པའི་ཚལ་དུ་བསྲིངས་པའི་སྐྱིད། །དར་དྲག་ཐུབ་པའི་རིང་ལུགས་འཆི་མེད་ཀྱི། །མདུན་ས་མཛེས་པའི་སྙན་གྲགས་འབར་གྱུར་ཅིག །དགའ་ལྡན་ཆོས་སྲིད་ཕོ་བྲང་སྐྱོང་བའི་ལྷ། །མང་པོས་བཀུར་བའི་བཀའ་བཏགས་ལུང་གི་ལྗིད། །འཛམ་བུ་པྲྀཀྵས་མཚན་པའི་ནོར་འཛིན་མངལ། །ཁུར་ལྡན་ཕན་བདེའི་རྔུལ་ཆུ་འཛག་པར་ཤོག །སྤྱི་དང་ཁྱད་པར་རྒྱ་ཧོར་བོད་གསུམ་དུ། །ཆེར་སྙིགས་ལྔ་བདོའི་ཟུག་རྔུ་དང་བྲལ་ནས། །བདེ་སྐྱིད་རོ་བདའ་སྦྲང་རྩི་དངར་པོའི་རྒྱུན། །ཅི་དགར་སྤྱོད་པའི་ཚོར་བ་མྱོང་བར་ཤོག །ཡིད་རྩེ་མ་ཡེངས་གཅིག་དྲིལ་ལུས་ངག་གིས། །ཚད་དུ་དཀའ་ཐུབ་བསྟེན་རྣམས་བསྐལ་འཚོའི་ཚེ། །ངལ་བསོས་པོ་ཡི་བསོད་ནམས་དང་མཉམ་ཞིང་། །མངོན་མཐོ་རིམ་བརྒྱུད་ངེས་ལེགས་སར་བགྲོད་ཤོག །ཐོག་མཐའ་བར་དུ་དགེ་བའི་དབྱངས་སྙན་པོ། །ཚོགས་གཉིས་གཡས་སུ་འཁྱིལ་བའི་དུང་དཀར་སྒྲས། །བོས་པའི་འཁོར་འདས་ཆེས་དཀར་དགའ་སྟོན་ལ། །སྤྱོད་པའི་བཀྲ་ཤིས་དཔལ་གྱིས་ཁྱབ་པར་ཤོག །༼༢༽རྒྱུད་ལྔའི་འགྲོ་ལ་བརྩེ་བའི་སྤྱན་རས་ཀྱིས། །དུས་དྲུག་གཡེལ་བ་མེད་པར་རབ་གཟིགས་ནས། །ངེས་ལེགས་ལམ་ལ་ཉེར་དཀྲིས་དམ་བཅའི་ཁུར། །མཛེས་པའི་རྒྱན་དུ་སྤུད་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མེད་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདའི་ནོར་འཛིན་འདེགས་པའི་སྒྱུ་ཐབས་བཞིན། །གདུལ་བྱའི་བློ་བྲིད་ཙམ་དུ་སྣ་ཚོགས་པར། །ཅིག་ཅར་རིམ་བརྒྱུད་དབྱེ་བའི་གོ་སྐབས་ཕྲ། །འོན་ཏེ་ཀུན་འདུས་འཇིག་རྟེན་དབང་ཕྱུག་གི །གསོལ་འདེབས་ངག་འདོན་སྐབས་ཤློ་ཀ་རེའི་མཇུག་འདི་སྦྱར་རྒྱུ་ཡིན། །སྤྱན་རས་རྟག་ཏུ་གཟིགས་པ་མུ་ཐི་ལའི། །འཁྲི་ཤིང་གསར་པའི་སྤེལ་ལེགས་བྱང་ཆུབ་བར། །འཛད་མེད་མཛེས་པའི་རྒྱན་དུ་འགྱུར་(༡༠༡)


GLG018_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤོག །༼༣༽།སྔོན་གོམས་ཐུགས་བསྐྱེད་ཆུ་ཀླུང་ཆད་མེད་པས། །བྱ་དཀའ་སྤྱོད་པའི་སྡོང་པོ་བསྐྱེད་བསྲིངས་རྩེར། །ཚོགས་གཉིས་སྨིན་པའི་འབྲས་བུ་ཡོངས་དུད་པ། །འཇིག་རྟེན་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་ནོར་འཛིན༝། ༼༤༽རྒྱལ་ཁབ་བཞི་མདོར་དོན་ཀུན་གྲུབ་པ་ཡིས། །ཕྲ་མོའི་ལས་འབྲས་བསྟན་ནས་བག་ཡོད་ལ། །སྒོ་གསུམ་ལེགས་སྦྱར་བྲམ་ཟེ་གཙང་མའི་རིགས། །གཏན་བདེའི་སྣང་བ་རྒྱས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་ནོར་འཛིན་༝། །༼༥༽རིག་བྱེད་རྒྱ་མཚོར་མཁས་པ་ལེགས་སྐྱེས་ཀྱི། །སྲས་འཁྲུངས་སྲིད་པ་མེ་འོབས་ལྟར་གཟིགས་ནས། །ཚངས་སྤྱོད་བརྟུལ་ཞུགས་བློ་གྲོས་འཇིགས་མེད་ལ། །ཉེར་བླངས་ཐར་ལམ་གསལ་བར་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། ༼༦༽ས་སྤྱོད་འོད་ཟེར་དཔལ་གྱི་རིགས་བལྟམས་ཀྱང༌། །རྒྱལ་སྲིད་སྡུག་བསྔལ་འཆིང་རྒྱར་ཆགས་མེད་པས། །ཆགས་མེད་བླ་མ་བསྟེན་ནས་བས་མཐའ་རུ། །ཏིང་འཛིན་རྩེ་གཅིག་བཞུགས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༧༽ཡངས་ཅན་དགའ་རབ་རྒྱལ་པོའི་ཁབ་བཟུང་ནས། །འོད་ཟེར་སྙིང་པོའི་ཞབས་བསྙེན་ལོག་པའི་བཤེས། །ཡོངས་སྤངས་དགེ་འདུན་དཀོན་མཆོག་བསྙེན་བཀུར་བ། །འབངས་སྦྱོར་ཀུན་ཏུ་དགའ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི༝། །༼༨༽ཁྱབ་འཇུག་དྲེགས་རྒྱས་ན་ཕྲའི་ཕ་ལམ་གྱིས། །ཟིལ་མནན་ལྷ་སྲས་བསོད་ནམས་འཕེལ་གྱི་བརྒྱུད། །སྐྱེས་ཀྱང་སྲིད་འབྱོར་སྤངས་ཏེ་ཐུགས་(༡༠༡བ)


GLG018_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྐུར། །བསྟན་ནས་བྱང་ཆུབ་བསྒྲུབ་ལ་གསོལ་བ་འདེབས། བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༩༽བདེ་སྤྱོད་རྒྱལ་པོའི་སྲས་འཁྲུངས་དཀོན་མཆོག་འབངས། །དྲི་མེད་བླ་མའི་ལུང་བཞིན་ཨོ་རྒྱན་ཡུལ། །བྱོན་ནས་མ་འོངས་ལྐོག་གྱུར་ཆོས་གཟུགས་ཀུན། །མཁྱེན་པའི་མེ་ལོང་ཤར་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི༝། །༼༡༠༽བྷ་གའི་རིགས་འཁྲུངས་ཨ་ཤྭ་ཀས་བྱིན་བརླབས། །གདུལ་དཀའི་འབོད་སྒྲོགས་བཏུལ་ནས་ཀུ་ཤ་ན། །སྤྱན་དྲངས་མི་སྲུན་བདུད་རིགས་ཚར་གཅོད་པ། །ས་སྐྱོང་དད་པ་བརྟན་པར་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། ༼༡༡༽།རྒྱལ་སྲིད་ཆོས་བཞིན་བདེ་བར་བསྐྱངས་པའི་མཐར། །རང་གི་སེམས་ལས་ཆད་པ་གཅེས་པའི་བུ། །ཕྱི་ནང་བློན་པོ་གཉིས་ལ་ལེགས་གཏད་ནས། །མ་འོངས་མཁྱེན་པ་དཔལ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་ཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༡༢༽བློན་པོ་དཔལ་གྱིས་ཁམ་རྡའི་སྲིད་གཏད་པའི། །བྱས་པ་དྲིན་བཟོས་ལེགས་བསྐྱངས་འདོད་པའི་ལྷ། །བློན་པོས་སྒྱུ་མའི་འཕྲུལ་གྱིས་མཐར་མཛད་པ། །དད་པར་རབ་ཏུ་བརྟན་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི༝། །༼༡༣༽ལྕགས་འབར་སྲས་འཁྲུངས་རྣམ་དག་བློ་གྲོས་ཀྱིས། །ཁྲི་མུན་ཉམ་ཐག་སེམས་པ་ཡོངས་འཕེལ་ཞིང༌། །བླ་མའི་རལ་གྲིས་ཀླུ་བདུད་ཉེར་གཏུབས་པས། །བསིལ་ཐང་བདེ་བར་སྦྱར་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༡༤༽ཁྱིམ་བདག་དགའ་བའི་སྲས་འཁྲུངས་(༡༠༢ན)


GLG018_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་དགའ་དང་། །ཆབས་ཅིག་ཤཱཀྱ་བཤེས་གཉེན་སྤྱན་སྔ་རུ། །ཚངས་སྤྱོད་ཁྲིམས་བླངས་འགྲོ་མང་བདེ་བ་ལ། །འགོད་མཛད་དགའ་འཛིན་ཞབས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༡༥༽སྔོན་བསགས་བསོད་ནམས་ཡོངས་འཛིན་བརྒྱུད་ལས་འཁྲུངས། །ཆོས་ཀྱི་མཆོག་གྱུར་པཎ་ཆེན་དུ་མ་བསྟེན། །མཁས་དང་གྲུབ་པའི་སྙན་པ་ས་ཆེན་ཁྱོན། །ལེགས་ཁྱབ་དགེ་བསྙེན་བཙུན་པར་གསོལ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་ནོར་འཛིན་༝། །༼༡༦༽སྒྲ་འཛིན་རིགས་ལས་ནོར་བཟང་ངེས་འབྱུང་གིས། །མར་མེ་མཛད་བསྟེན་རྣམ་དག་བསླབ་ཁྲིམས་བླངས། །ལོག་འཚོས་མ་གོས་བཅུ་གཉིས་སྦྱངས་ཡོན་ལ། །ཉེར་གོམས་རིན་ཆེན་དཔལ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༡༧༽མ་རིག་མུན་སེལ་ཉི་མའི་རྗེས་འཇུག་པར། །ཤེས་རབ་ཆ་ཤས་ཉ་གང་ཟླ་བ་ཡིས། །རྫོགས་སངས་རྒྱས་ཀྱི་ཡེ་ཤེས་ས་མོས་ཁ། །རབ་འབྱེད་རྒོལ་ངན་འཇོམས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༡༨༽རིན་ཆེན་ཚོགས་ཀྱི་སྙིང་པོ་ཡིད་བཞིན་ནོར། །གསུང་རབ་དགོངས་འགྲེལ་འདོད་དགུ་ཆར་བསྙིལ་བའི། །ཆོས་ཀྱི་གཏམ་ལས་དོན་མེད་འཆལ་བའི་ཚིག །རྟག་ཏུ་སྤོང་བར་མཛད་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༡༩༽འདར་བས་མི་ཟུམ་སྨོན་ལམ་བཟང་པོའི་མཐུས། །སྔོན་མེད་པདྨར་ལུས་ཅན་བཅུད་མྱང་བའི། །ལྷག་བསམ་རིས་བྲལ་འགྲོར་བརྩེར་ལམ་སྟོན་བཤེས། །བ་(༡༠༢བ)


GLG018_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བནྡྷིས་མཛད་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༢༠༽འོད་ཀྱི་དཔལ་ལས་ཟེར་འཕྲེང་འཕྲོས་པའི་མདོ། །དུག་གི་མཚོ་བསྐམས་སྣང་མཐས་རྗེས་སུ་བཟུང༌། །སྤང་རྟོགས་ཡོན་ཏན་མཐར་ཕྱིན་རབ་ཏུ་བྱུང༌། །གཞན་ཕན་རླབས་ཆེན་སྤྱོད་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། ༼༢༡༽ ཀུན་ལ་རབ་དགའི་བརྩེ་ལྡན་བྱམས་པའི་སེམས། །ཀུན་བཟང་བླ་མ་ལས་བསྐྱེད་སྡོམ་བརྩོན་ཅན། །ཀུན་ལ་སྐུ་ཡི་འོད་ཟེར་འཕོག་པའི་མདོ། །ཀུན་ཁྱབ་སྙིང་རྗེས་བརླན་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༢༢༽ཡབ་རྗེ་སྤྱོད་མེད་རི་དྭགས་རྔོན་པའི་ལས། །གནམ་ལྕགས་ལྕེས་བཟློག་སེང་གེའི་སྒྲ་དབྱངས་རྩེར། །ཡང་དག་ལམ་གྱི་ང་རོ་སྒྲོག་པའི་བཤེས། །འབྲལ་མེད་བསྟེན་པར་མཛད་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༢༣༽བདེ་བའི་སྲས་ཀྱི་མཆོག་གྱུར་རྒྱལ་པོ་ཡིས། །མི་བསྐྱོད་དགེ་སློང་གཙུག་གི་ནོར་བུར་བསྟེན། །གདེངས་ཅན་ཆོ་འཕྲུལ་སྟག་སེང་ལྟོ་འགྲོ་རུ། །བསྟན་པ་སྲོག་མཐར་མཛད་ལ་གསོལ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༢༤༽ཡ་མུ་ན་ཡི་སྲིད་ལ་དབང་སྒྱུར་ཅིང༌། །དཱི་པཾ་ཀཱ་རས་རྗེས་བཟུང་ཡི་དམ་ལྷས། །འབྱུང་འགྱུར་ལུང་བསྟན་ཡིད་སྲུབས་འཚེ་བ་ཀུན། །ཕྱིར་བཟློག་ལྷ་ཡི་རྒྱལ་པོར་གསོལ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༢༥༽ཁྱིམ་བདག་དཔལ་སྦས་རིགས་སྲས་དགེ་འདུན་འཕེལ། །སྤྲུལ་པའི་དགེ་སློང་དྲུང་དུ་ངུར་(༡༠༣ན)


GLG018_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲིག་དྲངས། །ཅེ་སྤྱངས་ཟས་སུ་སྙིང་རྗེས་རང་གི་ལུས། །འཕངས་མེད་གཏོང་བར་མཛད་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༢༦༽སློབ་དཔོན་གསུམ་གྱིས་མི་ཐུལ་ལྷ་མིན་གདོན། །ཝ་ར་ཎཱ་སིའི་སྐྱེ་དགུ་ཉམ་ཐག་པ། །སྤྲུལ་པའི་དགེ་སློང་སྤྱན་དྲངས་ཐབས་ཀྱིས་བཏུལ། །ཕོ་རེང་རཱ་ཛར་གྲགས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༢༧༽གང་འདོད་སླེབས་ལྷམ་དམར་སེར་མེ་ཏོག་གི །སྒྱུ་མའི་འཕྲུལ་གྱིས་འདབ་མཛེས་ཆམ་ལ་ཕབ། །རྒྱལ་པོ་ཨུཏྤལ་འཇིགས་པའི་སྟོབས་འབྱོར་རྣམས། །སླར་གཏད་གེ་སར་ཞབས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི༝། །༼༢༨༽ལོ་ཏོག་ཟོས་པས་དབུལ་པོ་འཁྲུགས་པ་དེ། །ཐབས་མཁས་འཕྲུལ་གྱི་ས་སྤྱོད་བུ་མོ་དང༌། །སྲིན་པོའི་རྒྱལ་སྲིད་གཏད་ནས་རེ་བ་ཀུན། །སྐོང་མཛད་རི་བོང་གཟུགས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༢༩༽མཁའ་འགྲོའི་ལུང་བཞིན་ཧ་ཤང་དེ་བ་དང༌། །རྡོ་རྗེ་གཞོན་ནུའི་རྫུ་འཕྲུལ་ལ་བརྟེན་ནས། །མཁའ་འགྲོ་འབུམ་སྡེའི་གཙོ་བོར་མངའ་གསོལ་བ། །ལོ་བརྒྱད་བྱིས་པའི་ཚུལ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༣༠༽ངན་རྐྱེན་མས་བྱས་ཁྲི་མུན་ཆུང་ངུ་ལ། །གཡུ་མཐིང་ཆུ་ཤེལ་རེག་བྱས་བསིལ་བར་བྱས། །གདེངས་ཅན་བུ་མོས་ཁབ་སྤྲུལ་རྒྱལ་པོར་གྱུར། །རྫི་བོའི་རྣམ་པར་བསྟན་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༣༡༽མཆུ་སྙུང་ཚེ་སྔོན་ས་གདོན་(༡༠༣བ)


GLG018_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཟིན་པར། །བཞི་མདོ་ནས་དྲངས་དབེན་པའི་གནས་སུ་བསྐུལ། །བརྩེ་བའི་སེམས་ཀྱི་ཡ་ག་བཟོད་མཛད་པ། །བྲམ་ཟེ་རིན་ཆེན་མཆོག་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༣༢༽རྫི་བོའི་ཀུ་ཅོས་ཏིང་འཛིན་ཀྲུགས་ན་ཡང༌། །རྨ་ཡི་ཟུག་རྔུ་ཕན་པའི་སེམས་ཀྱིས་བསལ། །བྱས་པ་དྲིན་མི་བཟོ་དེ་བདེ་བ་ལ། །འགོད་མཛད་བསམ་གཏན་བཟང་པོར་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༣༣༽མཆུ་སྙུང་ཅེ་སྤྱང་གྱུར་ནས་འཚེ་བ་ལ། །གཡུ་མཐིང་མི་རིང་དམར་པོའི་མདའ་བསྣུན་པར། །མ་བཟོད་རང་ཤ་བྱིན་ནས་གསོ་མཛད་པ། །དུར་ཁྲོད་རྣལ་འབྱོར་པ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་ནོར་འཛིན་༝། །༼༣༤༽འོད་སྟག་མཐའ་འཁོབ་རྒྱལ་པོས་གསལ་ཤིང་རྩེར། །བསྐྱོན་ཚེ་ཉག་ཕྲན་གྱིས་བསྡིགས་གནོད་བྱེད་བསྐྲད། །ཆོས་དང་ནོར་གྱི་ཕན་པ་བསྒྲུབས་མཛད་པ། །གླིང་ཕྲན་རྒྱལ་པོར་གྱུར་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༣༥༽ཐེམ་སྐས་བཅུ་གསུམ་གཏམ་གྱིས་ཉེར་བྲིད་ནས། །དགེ་བ་བཟང་པོའི་མཆིས་འབྲང་ལོག་གཡེམ་ལས། །སྣ་ཚོགས་ཐབས་ཀྱིས་བསྲུང་བ་སྤྲུལ་པའི་བྱ། །སྲོ་ལོང་ཀུན་ཏུ་རྒྱུ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༣༦༽སྐྱབས་སྦྱིན་རྣམ་ཤེས་གླང་པོའི་རོར་ཞུགས་ཚེ། །ཀུན་འགྲོའི་ངན་སེམས་ས་བོན་མྱུར་སྨིན་པས། །གཏན་དུ་ནེ་ཙོའི་གཟུགས་གྱུར་རྒྱལ་པོའི་སྲིད། །སླར་ཡང་བཟུང་བར་མཛད་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༣༧༽(༡༠༤ན)


GLG018_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རམ་ཤིང་གསེབ་དངས་མ་ཉི་འོད་ཀྱིས། །སྨིན་པ་རྒྱལ་རིགས་སཱ་ལ་ཆེན་པོའི་བརྒྱུད། །འཕགས་པས་བྱིན་བརླབས་གངས་ཅན་ཐོག་མའི་རྗེར། །ལེགས་བྱོན་གཉའ་ཁྲི་བཙན་པོར་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༣༨༽འོད་གསལ་དམུ་ཐག་ཆད་མེད་ལམ་ཡངས་པོར། །རྣམ་དག་སྨོན་ལམ་གོམ་པ་ཉེར་བཏབ་སྟེ། །མངའ་འབངས་བསོད་ནམས་ཞིང་ས་གཤིན་པོ་རུ། །ལེགས་བྱོན་མུ་ཁྲི་བཙན་པོར་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༣༩༽ཆེས་ཕྲའི་ན་ཚོད་ཟླ་བ་ཚེས་ན་ཡང༌། །རིགས་རུས་འོད་ཀྱིས་བློ་གྲོས་རྒན་པོ་ཅན། །མདུན་ན་འདོན་གྱི་རྒྱུ་སྐར་འཕྲེང་བ་ཀུན། །ཟིལ་གནོན་དིང་ཁྲི་བཙན་པོར་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༤༠༽འཛུམ་ལྡན་མཆུ་སྒྲོས་ཨུཏྤལ་དམར་པོ་ནས། །ཚེམས་ཕྲེང་ཟེའུ་འབྲུར་སྙན་འཇེབས་བུང་བའི་གླུ། །ཡིད་ཅན་ཐོས་འཛིན་དངར་བའི་མཆོག་སྦྱིན་པའི། །བྱེད་པོ་མེར་ཁྲི་བཙན་པོར་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། ༼༤༡༽།མི་གཡོ་བློ་གྲོས་བརྟན་པའི་འཛིན་མ་ལ། །རྣམ་དཔྱོད་ས་ཧ་ཀ་རའི་སྙེ་མའི་འབྲས། །གཟུར་གནས་ཤེས་ལྡན་ཡོངས་ཀྱི་དགའ་སྟོན་དུ། །སྩོལ་མཛད་གདགས་ཁྲི་བཙན་པོར་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༤༢༽ བདེ་སྐྱེད་རོ་བརྒྱའི་བཅུད་དང་ལྡན་པའི་ཟས། །བདེ་ཆེན་འགྲོ་ལ་གཏོང་བའི་སྦྱིན་པའི་སྒོ། །བརྒྱ་ཕྲག་འབྱེད་ལ་ཞུམ་པ་མེད་པ་ཡི། །ལྷ་སྲས་སྲིབས་ཁྲི་བཙན་པོར་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་


GLG018_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༤༣༽ཡུམ་གྱིས་དམོད་བོར་ཀུན་ལས་རྒྱལ་བའི་ལུང༌། །ཉེར་ཐོབ་ཕོ་བྲང་བརྩིག་དང་སོ་ནམ་གྱི། །སྲོལ་བཏོད་སྡེ་སྣོད་གསུམ་བླུད་རྟེན་འབྲེལ་འགྲིག །པོ་དེ་གུང་རྒྱལ་གྲགས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༤༤༽ཞིང་ལ་དོར་དང་འབྲོག་ལ་ཐུལ་བརྩིས་ཤིང༌། །ཕུ་ཆུ་ཡུར་དུ་འདྲེན་སོགས་མངའ་འབངས་རྣམས། །མཁོ་དགུའི་འབྱོར་པ་སྤེལ་བའི་ཐབས་མཁས་སྒོ། །འབྱེད་མཛད་ཨི་ཤོ་ལེགས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༤༥༽ མཆོག་དམན་ཡོངས་ཀྱི་མགོ་བོའི་ཅོད་པན་སྟེང༌། །ཞབས་སེན་རྡུལ་དམར་ལྷུངས་བའི་མོད་ཉིད་ལ། །ཀུན་དགའི་མཛའ་བ་གསར་པ་སྟེར་ནུས་པ། །ལྡེ་འཕྲུལ་གནམ་གཞུང་བཙན་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༤༦༽ཆབ་སྲིད་སྐྱོང་བའི་བློ་གྲོས་དཀྱིལ་ཆེན་པོ། །དཔོག་པར་མི་ནུས་མཚོ་ལྟར་གཏིང་ཟབ་ཀྱང༌། །འཛངས་པའི་ལག་རྗེས་རིས་མེད་ནམ་མཁའ་ལྟར། །ཀུན་ཁྱབ་སེ་སྣོལ་ནམ་སྡེར་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། ༼༤༧༽ཡོངས་ཀྱིས་བཀུར་བར་བསྙེམས་པ་མི་མངའ་ཡང༌། །གཞན་བརྩེར་འཇིགས་པ་མེད་པའི་དཔའ་བརྟུལ་ལ། །པུར་རྒྱལ་གངས་རིའི་རྩེར་བགྱིང་སེང་གེའི་རྩལ། །རྫོགས་པ་ལྡེ་རྒྱལ་ཞབས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༤༨༽ཡ་རབས་ཆེས་བཙུན་གསེར་སྦྱངས་རི་བོ་ཡི། །དྲུང་དུ་འཁོད་པའི་འདབ་ཆགས་མ་ལུས་པ། །བཟང་སྤྱོད་ཀུངྐུམ་ཡི་ཁ་དོག་ཏུ། །བསྒྱུར་མཛད་ལྡེར་སྤྲིན་བཙན་ལ་གསོལ་བ་(༡༠༥ན)


GLG018_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །བཅུ་ཕྲག་འཇུག་མིང་མིག་སྔཽན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༤༩༽པད་འབྱུང་རྫུ་འཕྲུལ་འོད་ཀྱིས་འཁྲུལ་རྟོག་མུན། །སངས་པས་ཐེག་པ་མཆོག་གི་རིགས་སད་ནས། །སྨིན་གྲོལ་ལམ་བརྙེས་ཤར་ཕྱོགས་བྷཾ་ག་ལའི། །མི་བདག་གཙུག་ལག་འཛིན་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༥༠༽ཆབ་འབངས་ཟླ་བཞིན་བྱམས་བརྩེའི་ཆུ་ཀླུང་གིས། །ཉེར་བཀྲུས་བདེ་སྐྱིད་རིན་ཆེན་རྒྱན་གྱིས་སྤུད། །ཅི་དགར་ཚིམ་པའི་རྒྱང་གླུ་ལེན་མཛད་པ། །ས་སྤྱོད་སྒྲ་དཔུང་བཙན་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༥༡༽མཐོ་བཙུན་གདུང་གི་མ་ལ་ཡ་ཡི་ནགས། །དཔྱོད་ལྡན་བློན་པོའི་དྲི་ཞིམ་གྱིས་བསྐུལ་བས། །ཡོངས་ལ་སྨན་པའི་དྲི་བསུང་ངད་འཐུལ་བ། །ཁྲི་ཐོག་རྗེ་བཙན་ཞབས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༥༢༽ཀུན་ཏུ་བཟང་པོའི་འཕྲིན་ལས་ཞུགས་པའི་སྒོར། །གཉན་པོ་གསང་བ་ཡུམ་བུ་བླ་སྒང་དུ། །བབས་པས་ལྗོངས་འདིར་བསྟན་པའི་དབུ་བརྙེས་པ། །ཐོ་རི་སྙན་ཤལ་ཞབས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༥༣༽རྒྱ་དང་གྲུ་གུ་བཏུལ་ཞིང་སྨན་རྩིས་བླངས། །འདོ་བ་ཅང་ཤེས་རྙེད་ཅིང་འཕུང་གཡག་ཤ། །ལྷུང་བའི་རྐྱེན་གྱིས་ཚྭ་ཁ་ཐོག་མར་རྙེད། །གནམ་རི་སྲོང་བཙན་རྗེ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༥༤༽སྲིན་མོ་གན་རྒྱལ་དབྱིབས་ལ་མེ་བཙའ་བཏབ༌། །ཡི་གེའི་སྲོལ་བཏོད་ཇོ་ཤཀ་ཕོ་བྲང་བསྐྲུན། །དགེ་བཅུའི་ཁྲིམས་བཅས་ཐུབ་བསྟན་སྲོལ་(༡༠༥བ)


GLG018_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བཏོད་པ། །ལྷ་གཅིག་སྲོང་བཙན་སྒམ་པོར་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༥༥༽རྩལ་ཆེན་བློན་པོ་བདུན་གྱིས་ཁྲིམས་པ་བསྒྱུར། །ཇ་དང་དཀར་ཡོལ་དཔྱད་པའི་གསར་སྲོལ་གཏོད། །རྣམ་དཀར་ལ་བརྩོན་ཕན་བདེའི་རྒྱུན་བཟང་བསྐྱངས། །འདུས་སྲོང་མང་རྗེར་གྲགས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་༝། །༼༥༦༽ དཀོར་མཛོད་ཟངས་བྱང་ལུང་བསྟན་ལ་འཁྲུལ་ནས། །གནྡྷོལ་ལྔ་མཆོད་རྟེན་སུམ་ཅུ་བཞེངས། །མདོ་སྡེ་འགའ་དང་སྨན་དཔྱད་སླར་ཡང་བསྒྱུར། །ཁྲི་ལྡེ་བཙུག་བརྟན་ཞབས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་༝། །༼༥༧༽མཁན་སློབ་གཉིས་སོགས་ལོ་པཎ་ཐོད་དུ་བཀུར། །ཟན་གཡང་གཙུག་ལག་ཁང་བཞེངས་རབ་བྱུང་དང༌། །མདོ་སྔགས་འཆད་ཉན་བསྟན་པ་དར་རྒྱས་མཛད། །ཁྲི་སྲོང་ལྡེ་བཙན་རྗེ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་༝། །༼༥༨༽གསར་བཅད་སྐད་ཀྱིས་ཆོས་རྣམས་དག་ཐེར་མཛད། །དགེ་འདུན་རེ་ལ་མི་ཁྱིམ་བདུན་ཕུལ་ཞིང༌། །བཀྲ་ཤིས་དཔེ་མེད་དགེ་འཕེལ་ལྷ་ཁང་བསྐྲུན། །མངའ་བདག་ཁྲི་རལ་ཞབས་གསོལ་བ་འདེབས། །བཅུ་ཕྲག་འཇུག་༝། །༼༥༩༽མི་དགེའི་ངན་སྤྱོད་ན་བུན་དང་བྲལ་ཞིང༌། །རབ་དཀར་ལྷག་བསམ་ཁ་བའི་རྡུལ་བརྩེགས་ལས། །བསོད་ནམས་ཚོགས་ཆེན་ཆུ་ཀླུང་རྟག་འབབ་པ། །ཆོས་རྒྱལ་དགེ་བ་དཔལ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག༝། །(༦༠)གཏུམ་པོ་གོས་སྔོན་ཅན་གྱིས་རྗེས་སུ་བཟུང༌། །གནོད་སྦྱིན་སྡེ་དཔོན་རྣམ་སྲས་བྲན་དུ་འཁོལ། །དངོས་གྲུབ་མཆོག་བརྙེས་ཀསྨི་ར་བ་ཡི། །མཁས་གྲུབ་དགོན་པ་བ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་༝། །༼༦༡༽དཱི་པཾ་ཀཱ་རའི་འཕྲིན་ལས་སྤེལ་བ་ལ། །རྗེ་བཙུན་འཕགས་མས་ལུང་བསྟན་དགེ་བསྙེན་ཆེ། །འཕྲིན་ལས་མ་དྲོས་མཚོ་ལས་བཀའ་གདམས་ཀླུང༌། །འབེབས་(༡༠༦ན)


GLG018_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་འབྲོམ་སྟོན་རྗེ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་༝། །༼༦༢༽རྣལ་འབྱོར་དབང་ཕྱུག་དངོས་ཀྱིས་རྗེས་སུ་བཟུང༌། །བདུན་ཅུ་རྩ་གཉིས་རྒྱུད་སྡེ་མཁྱེན་པ་རྒྱས། །གྲུབ་པའི་མཐའ་སྙོགས་ཟུང་འཇུག་མངོན་དུ་གྱུར། །བརྩེ་ཆེན་ཀུན་དགའ་སྙིང་པོར་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་༝། །༼༦༣༽སྟོང་ཆེན་ཕྱག་རྒྱའི་གནས་ལུགས་གཅིག་གི་ངང༌། །ཀུན་རྫོབ་འཁྲུལ་པའི་རྫུན་ཕུག་ཡོངས་བརྡིབ་ནས། །སྐུ་གསུམ་ཡོན་ཏན་སེམས་ལ་རབ་རྫོགས་པ། །གཡུ་བྲག་འགྲོ་བའི་མགོན་པོར་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་༝། །༼༦༤༽གསང་བདག་ལྷ་སྔགས་ཡེ་ཤེས་མཐར་ཕྱིན་པ། །དྲང་སྲོང་ཁྱབ་འཇུག་གུས་པས་འབངས་སུ་བསྙེན། །དུག་ཅན་ནད་ལས་འགྲོ་ཁྱབ་གཡའ་བཟང་པ། །ཆོས་ཀྱི་སྨོན་ལམ་ཞབས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་༝། །༼༦༥༽ཚོགས་གཉིས་ཟབ་མོའི་གཏེར་གྱི་སྒོ་འཕར་ཕྱཻ། །མཁའ་འགྲོའི་བཀའ་བབས་དོན་སྒོ་ནག་པོའི་སྒོར། །རྒྱལ་ཡུམ་འཚོ་རྒྱལ་མ་ཡིས་དངོས་སུ་གཏད། །ཉི་མ་འོད་ཟེར་ཞབས་ལ་གསོལ་བ་འདེབས། །བཅུ་ཕྲག་༝། །༼༦༦༽ཀླུ་བདུད་ལྟོ་བའི་ཟབ་ཆོས་སྙིང་ནོར་སོགས། །བཅོ་བརྒྱད་གཏེར་གྱིས་སྒོ་འཕར་གེགས་མེད་ཕྱེ། །ཁྱད་པར་བླ་མའི་བསྒྲུབ་སྐོར་བཀའ་བབས་པ། །གུ་རུ་ཆོས་དབང་ཞབས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་༝། །༼༦༧༽རིགས་འདུས་སྨན་པའི་རྒྱལ་པོ་གཡུ་ཐོག་པའི། །འཆི་མེད་ཚེ་ཡི་རིག་བྱེད་གདམས་པའི་བཅུད། །ཐུགས་གསང་དཔལ་གྱི་བེའུར་ཡོངས་འཁྱིལ་བ། །སུམ་སྟོན་ཡེ་ཤེས་གཟུངས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་༝། །༼༦༨༽གནམ་གྱི་ཤེ་མོང་དཔུང་པའི་འཁོར་ལོ་ཡི། །དབང་སྒྱུར་ཤར་ཕྱོགས་གོང་མའི་རིགས་ཀྱི་བདག །འཁོན་(༡༠༦བ)


GLG018_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་འཇམ་མགོན་བློ་གྲོས་རྒྱལ་མཚན་དཔལ། །འཕགས་ཆེན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་༝། །༼༦༩༽འཁྲུལ་སྣང་གདེངས་ཅན་ཡུལ་འདྲེན་སྔོན་འགྲོའི་ཆབ། །བཟློག་ཕྱིར་རྫུ་འཕྲུལ་མཐུ་ཡིས་རི་རྡོ་ཀུན། །ཀླུངས་ཕབ་རགས་ཀྱི་བོད་ཡུལ་བདེ་སྐྱིད་སོགས། །འཚོ་མཛད་དགེ་བ་འབུམ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་༝། །༼༧༠བ༽ནཻ་པ་ལ་ཡི་ཡུལ་འཁྲུངས་སྒྲ་ཚད་དང༌། །བཟོ་གསོ་ནང་དོན་ཕ་མཐར་ཡོངས་སོན་པས། །མཁས་པའི་སྙན་གྲགས་ནོར་འཛིན་ཀུན་ཁྱབ་པ། །པདྨ་བཛྲ་ཞབས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་༝། །༼༧༡༽མཁྱེན་པའི་ཕ་མཐའ་མི་མངོན་ཡངས་པ་ལ། །པཎ་ཆེན་འཇིགས་མེད་གྲགས་པ་ཐུགས་ཕྲོགས་ནས། །ཐམས་ཅད་མཁྱེན་པར་མཚན་གསོལ་ཇི་བཞིན་དུ། །དོན་ལྡན་དགེ་འདུན་གྲུབ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་༝། །༼༧༢༽ཚད་མ་བཞི་ལྡན་སྙན་བརྒྱུད་སློབ་བཤད་བསྟན། །སྤེལ་ལ་ས་སྐྱའི་བླ་ཆེན་ངུར་སྨྲིག་གར། །ལེགས་བསྒྱུར་བདག་ཆེན་རྡོ་རྗེ་འཆང་ཆེན་པོ། །བློ་གྲོས་རྒྱལ་མཚན་དཔལ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་༝། །༼༧༣༽ཀུན་མཁྱེན་བུ་ཡིས་ཡིད་དགའ་ཆོས་འཛིན་ནས། །རྣལ་འབྱོར་རྒྱུད་ཀྱི་བསྟན་པ་སྤེལ་བ་ལ། །ཉེར་མངགས་ཁྲི་དཔོན་སྐུ་ཞང་རིགས་འཁྲུངས་པ། །མཁྱེན་རབ་ཆོས་ཀྱིས་རྗེ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་༝། །༼༧༤༽རྣམ་དཔྱོད་གཞོན་ནུར་དབྱངས་ཅན་ལུས་ཕྲ་མ། །རྗེས་ཆགས་བཞད་པས་བགྲང་ཡས་གཙུག་ལག་ལ། །མི་འཇིགས་རྡོ་རྗེའི་སྤོབས་པ་གཟེངས་མཐོ་བ། །དགེ་འདུན་རྒྱ་མཚོའི་དཔལ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་༝། །༼༧༥༽འོད་གསལ་ལྷ་རིགས་བརྒྱུད་འཁྲུངས་ཆོས་ཀུན་གཟིགས། །རྣམ་སྣང་ཀློང་སྒྲོམ་མཆོག་ཟུང་ལྷུང་བཟེད་ནས། །ཡོངས་འདུས་རྣམ་གསུམ་སྤྱན་དྲངས་གློ་བོ་པ། །གཏེར་ཆེན་པདྨ་(༡༠༧ན)


GLG018_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་༝། །༼༧༦༽སྟོང་ཁུན་མི་ཉག་བརྒྱུད་འཁྲུངས་ཟབ་མོའི་གཏེར། །སྤྱན་དྲངས་སྡེ་བརྒྱད་བྲན་བཀོལ་དམག་དཔུང་ཚོགས། །ཕྱེར་བཏགས་མཁའ་འགྲོ་འཕྲིན་ལས་ཡོངས་གྲུབ་རྩལ། །ཆོས་རྒྱལ་དབང་པོའི་སྡེ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་༝། །༼༧༧༽ཕྱོགས་ལྷུང་གྲུབ་མཐའ་བྲལ་བའི་རིས་མེད་ཆོས། །ལམ་དུ་འགྲོ་བའི་ལུང་བསྟན་ཉེར་ཐོབ་ཅིང༌། །མཐའ་འཁོབ་མུན་གླིང་དཀར་པོར་བསྒྱུར་མཛད་པ། །བསོད་ནམས་རྒྱ་མཚོའི་དཔལ་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་༝། །༼༧༨༽ཇིང་གིར་གནམ་གྱི་རྒྱལ་པོའི་བརྒྱུད་ལས་འཁྲུངས། །རྩོལ་མེད་འཕྲིན་ལས་ཉི་མའི་གཟི་བྱིན་གྱིས། །དྲེགས་ལྡན་འབྱུང་པོའི་བྱ་ཚོགས་ཟིལ་གནོན་པ། །ཡོན་ཏན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །བཅུ་ཕྲག་འཇུག་མིང་མིག་སྔོན་གཅིག་པུའི་འཕྲུལ། །ཕན་བདེའི་ནོར་འཛིན་འདེགས་པའི་སྒྱུ་ཐབས་བཞིན། །གདུལ་བྱའི་བློ་བྲིད་ཙམ་དུ་སྣ་ཚོགས་གར། །ཅིག་ཅར་རིམ་བརྒྱུད་དབྱེ་བའི་གོ་སྐབས་ཕྲ། །འོན་ཏེ་ཀུན་འདུས་འཇིག་རྟེན་དབང་ཕྱུག་གི །སྤྱན་རས་རྟག་ཏུ་གཟིགས་པ་མུ་ཐི་ལའི། །འཁྲི་ཤིང་གསར་པའི་སྤེལ་ལེགས་བྱང་ཆུབ་པར། །འཛད་མེད་མཛེས་པའི་རྒྱན་དུ་འགྱུར་བར་ཤོག །འདི་གའི་རྟོགས་བརྗོད་ཀྱི་ཞིང་བཀོད་ཤིན་ཏུ་རྒྱས་པ་གཙོ་བོ་རྣམས་བཀའ་གདམས་གླེགས་བམ་སོགས་དུ་མས་ཁ་བཀང་པའི་བྲིས་ཐང་ས་སྐྱོང་སངས་རྒྱས་རྒྱ་མཚོའི་ལྷག་བསམ་གྱིས་ཀུན་ནས་བླངས་ཏེ་དྲག་པོ་ཞེས་པ་ལྕགས་སྤྲེ་ལོར་བཞེངས་པའི་དབུ་བཙུགས། ལྕགས་མོ་བྱའི་ལོར་ལེགས་པར་གྲུབ་པའི་ཤོག་དཔེ་གཞིས་ཀ་ཤར་པ་ཟུར་གུ་རུ་རྡོ་རྗེ། འཕྲིན་ལས་རྣམ་རྒྱལ་ངག་དབང་འཕྲིན་ལས། ངག་དབང་རྒྱ་མཚོ་བཞིས་བྱས་སྐབས་རྟོགས་(༡༠༧ན)


GLG018_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཀྱི་སྙིང་པོ་སྤུད་པའི་ཚེ་དཔལ་གྲོང་སྔགས་རམས་པས་ཡང་ནས་ཡང་དུ་བཀླགས་ཤིང༌། ཆད་ལྷག་གི་དོགས་གླེངས། སྔ་ཕྱིའི་ཞུས་དག་པ་འདར་པ་ལོ་ཆེན་ངག་དབང་ཕུན་ཚོགས་ལྷུན་གྲུབ། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས། དགེ་སློང་འཇམ་དབྱངས་གྲགས་པ། དོ་དམ་འབོག་གོང་ཆོས་མཛད་བློ་གྲོས་རྒྱལ་མཚན། རི་མོ་བ་སྨན་ཐང་ནས་མགོན་པོ་ཚེ་རིང༌། དབུ་འབྲིང་ཕོ་བྲང་ཕུན་ཚོགས་དང༌། རགས་ཁ་འཇམ་དབྱངས་དབང་པོ། དབུ་ཆུང་འོ་རློན་འཇམ་དབྱངས་དང་སྟག་ལུང་བཀྲ་ཤིས། བྱིངས་གྲས་སུམ་ཅུ་སོ་བདུན། །ཕོགས་དགོས་བྱེད་སོགས་སྤྲོད་མི་དར་རྒན་བཀའ་བཅུ་དང་སྤུས་སྲང་པ་གཉིས། ནང་གི་ཞལ་བྱང་དང༌། གཙོ་བོ་རྣམས་ཀྱི་ཁ་བྱང་རྣམ་གླིང་ནས། ཡིག་མཁན་རྒྱལ་རྩེ་འཇམ་དབྱངས་དབང་པོ་དང༌། ངག་དབང་ཕུན་ཚོགས། ལྕགས་བཟོ་དོ་དམ་བྱ་སྒོ་པ་བློ་བཟང་དབང་ཕྱུག་དང༌། འཚོ་བྱེད་ངག་དབང་རིན་ཆེན་དབུ་མཛད་ར་ཕྱི་ཤག་པ་ཨྱོན་དང་བསོད་ནམས་སོགས་བཅུ་གཅིག །ཏོག་བཟོ་བ་བཀྲ་ཤིས་རྣམས་ཀྱིས་བགྱིས་སྐབས། ཕན་བདེ་ལེགས་བཤད་གླིང་པ། བདེ་ཆེན་རབ་བརྟན་པ། བྱང་གླིང་པ། འབྲང་རྒྱས་ཤག་པ། ཟུར་ཁང་པ། སྤུས་སྲང་པ། མགྲོན་གཉེར་ནོར་བུ། བསྙེན་གནས་མ་སྤྱི། རི་མོ་བའི་བྱེ་བྲག་དང་བཅས་པ་རྣམས་ཀྱིས་སྟོན་མོ་སྟེར་ཆ་སོགས་སྣ་ཚོགས། རྟ་དཔོན་རྣམ་འཇོམས་ཀྱིས་གྲང་གསེར་སྲང་གང་གི་ཞལ་འདེབས་བགྱིས་པ་གེགས་མེད་གྲུབ་པར་ཉེ་སྐབས་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གཙུག་ལག་མང་པོར་བལྟ་བའི་བློ་མིག་ཅན་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་པ་ཛཡནྟུ། །(༡༠༨ན)


GLG018_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞིའི་སྒྲིབ་གཉིས་ཆ་རྣམས་རྫོགས་པ་ལས་རླུང་ཉི་ཟླའི་དཀྱིལ་འཁོར་ཟུང༌། །འགྱུར་མེད་དབུ་མ་ཡེ་ཤེས་དྷཱུ་ཏི་སེང་གེ་མོའི་བུས་ཉེར་བཟས་པས། །རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེན་པོ་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་སྐུར། །མངོན་པར་བཞེངས་པ་དང་པོའི་སངས་རྒྱས་ཀཱ་ལ་ཙཀྲས་རྟག་ཏུ་སྐྱོངས། །མ་གདྷ་ཡི་ལྷོ་ཕྱོགས་མཛེས་རྒྱན་འབྲས་སྤུངས་མཆོད་རྟེན་ཆེར། །ལག་ན་རྡོ་རྗེས་དབང་ཚུལ་བཟུང་སོ་མ་བྷ་དྲལ། །དཔལ་གྱི་མགུར་ནས་རྩ་བའི་རྒྱུད་གསུངས་ཤཱཀྱ་སེང་གེ་ཡི། །འཁོར་ལོས་མཚན་པའི་ཕྱག་མཐིལ་བདག་སོགས་འགྲོ་འདིའི་གཙུག་ཏུ་ཁྱོངས། །ལེགས་པའི་ཆ་བསགས་གྲོང་ཁྱེར་ཆེན་པོ་ཤམྦྷ་ལར། །འདྲེན་མཆོག་དེ་སྲས་མི་ཡི་བདག་པོར་རྣམ་སྤྲུལ་བ། །ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔའི་ཞབས་པད་རྡུལ། །དམར་པོ་ལུས་ཅན་ཡོངས་ཀྱི་གཙུག་ཏུ་ལྷུང་བར་མཛོད། །དུས་འཁོར་ཞབས་པ་རྭ་འབྲོ་ཤོང་(༡༠༨བ)


GLG018_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དཔང་བུ། །རྗེས་འབྲངས་འཕགས་བོད་ལོ་པཎ་མཁས་རྣམས་ཀྱི། །རྣམ་དཔྱོད་ཤིང་རྟས་ཕྱི་ནང་གཞན་གསུམ་ནོར། །འདྲེན་པའི་མཛད་པ་མཆོག་ལ་སུ་མི་དད། །འོན་ཏེ་ཟླ་དཀྱིལ་རི་དྭགས་གཟུགས་བརྙན་དང༌། །དཀར་བའི་གངས་རིར་ན་བུན་འཁོར་བ་བཞིན། །འཁྲུལ་རྟོག་རྙོག་མས་སྦགས་ཀླུང་དངས་བྱེད་པ། །དཔྱད་གསུམ་དག་པའི་ཀེ་ཏ་ཀ་ཡི་རང༌། །དེ་ཕྱིར་སྨྲ་བའི་ཉི་མ་ཆོས་ཀྱི་གྲགས། །ལམ་འདིས་ཟུང་འཇུག་མངོན་གྱུར་ནོར་བུ་བཟང༌། །རྩིས་རིག་མཐར་སོན་ལྷུན་གྲུབ་རྒྱ་མཚོའི་ཞབས། །ཕྱག་ན་པད་དཀར་ས་འདིར་བྱོན་པ་བཞིན། །གསར་རྙིང་ཕུག་པའི་རིངལུགས་མཐོ་རིས་ཆབ། །རྣམ་དཔྱོད་ཧུབ་ཀྱིས་འཐུང་མཁས་ཛཧྣུ། །དཔལ་ལྡན་ཐོག་མའི་མགོན་གྱི་འཕྲིན་ལས་རྒྱུན། །མན་ངག་གངྒཱས་ལོག་རྟོག་དྲི་རྣམས་འཁྲུད། །ཟུར་ཆེན་ཀུན་མཁྱེན་སྨོན་འགྲོ་པཎྜིཏ༔། །གཉགས་བན་ནང་ར་གཟུག་པོ་གཞོན་ནུའི་མཚན། །ལྡུམ་པོ་དོན་གྲུབ་དབང་གི་རྒྱལ་པོ་སོགས། །མཚུངས་མེད་ཡོངས་འཛིན་བཀའ་དྲིན་ཕ་མཐའ་ཡས། །རྣམ་དག་བརྗོད་པའི་ལུས་ལ་མང་ཐོས་རྒྱན། །སྔོན་རབས་མཁས་མང་གླང་ཆེན་ཕྲ་མོའི་རྩིས། །ཚ་གདུང་མ་བཟོད་འཁྱོག་བཤད་གོམ་འགྲོས་ཀྱིས། །རིགས་ལྡན་བཞད་པའི་པད་ཚལ་འདམ་ལྟར་བརྫིས། །ཕྱི་ནང་གཞན་སྦྱར་སྟོང་གཟུགས་ཕྱག་རྒྱ་ཆེ། །མངོན་གྱུར་ལྟ་ཞོག་གཟའ་སྐར་འཕྲོད་སྦྱོར་ཀྱང༌། །ནོངས་པས་འཇིག་རྟེན་བདེ་སྐྱིད་སྙིང་ཕུག་པའི། །ཁྲག་དྲོན་འཇིབ་ལ་ཁེངས་པར་སྙིང་པོ་ཅི། །འཆར་དུས་སྤྲིན་དཀར་ལང་ལོང་འཁྲིགས་པའི་དབུས། །དབྱར་རྔའི་སྒྲ་ཐོས་རྨ་བྱ་མོ་ཡི་མངལ། །སྟེས་དབང་ཙམ་གྱིས་བཟུང་ལ་འཁྲིགས་པ་ཡི། །མངོན་འདོད་རྩེ་དགའི་དགའ་སྟོན་ལ་འཁྲུལ་མང༌། །གསེར་རིའི་སྦུབས་ནས་རི་བོང་འཛིན་པའི་གཟུགས། །ཤར་ཚེ་ཨུཏྤལ་འདབ་མ་བྱེ་བ་ལ། །འཛུམ་ཕྲེང་ཚེམས་དཀར་གྱིས་བསུས་ཟེའུ་(༡༠༩ན)


GLG018_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུའི་མིག །མཚར་འཛིན་བསྙེམས་པ་རང་མཚང་གཞན་ངོམ་བཞིན། །ལྕགས་ལ་རྔུལ་ཆུས་ཟ་ལྟར་སྦྱངས་གཞིའི་ལུས། །ལྔ་ལྡན་ཡེ་ཤེས་སྐུར་འགྱུར་སྨོན་ཡུལ་ཙམ། །ཀྱེ་མ་འགྲོ་འདི་འཚེངས་པའི་བླངས་དོར་གནས། །བསྟན་པ་དེས་ཀྱང་བྱང་ཆུབ་མི་རིང་ཉེ། །དེ་ཚུལ་ཚོན་རིས་ལྷག་བསམ་མན་ཤེལ་ངོས། །ཤར་བས་པདྨ་དཀར་པོའི་ཞལ་གྱི་ལུང༌། །མ་བུར་བཅས་པ་མི་ཟད་མཆོད་སྦྱིན་གྱི། །པར་དུ་སྤེལ་བའི་སྙིང་སྟོབས་ཕྲག་པར་བླངས། །ཤཱཀྱ་སེང་གེའི་གཞུང་ལུགས་མདོ་སྔགས་སྦྱི། །བྱེ་བྲག་དཔལ་ལྡན་དང་པོའི་སངས་རྒྱས་ཀྱིས། །སྨིན་གྲོལ་རྒྱུད་འགྲེལ་མན་ངག་འཆད་ཉན་རྒྱུན། །འཛམ་གླིང་ཆུང་ངུའི་ཁྱོན་ཀུན་ཁྱབ་པར་ཤོག །དུས་ཀྱི་འཁོར་ལོས་ཟླ་བཟང་དང་མཚུངས་པར། །གསུངས་པར་མ་བལྟོས་བདེན་གཉིས་མ་ལུས་ཀུན། །མངོན་སུམ་གཟིགས་པ་བློ་བཟང་གྲགས་པ་ཡི། །རིང་ལུགས་འཁོར་མཐའ་རྫོགས་མིན་དར་བར་ཤོག །གང་འདིའི་ཆོས་སྲིད་བསྟན་པ་བླ་ནས་བླར། །གྱེན་འདེགས་དགའ་ལྡན་ཕོ་བྲང་རྒྱལ་ཁབ་ཆེའི། །ཁྲིམས་གཉིས་རྩིབས་སྟོང་འཛམ་གླིང་ཆེན་པོའི་གཞིར། །གནམ་གྱི་ཤེ་མོང་དཔུང་པས་འཁོར་བར་ཤོག །སངས་རྒྱས་དེའི་གསུང་དགེ་འདུན་བདེན་པའི་མཐུས། །ས་དབང་སྐུ་ཚེ་རིགས་བརྒྱུད་མངའ་ཐང་གི །རྒྱ་མཚོའི་རླབས་ཕྲེང་དུས་ལས་མི་ཡོལ་པར། །བདེ་སྐྱིད་འདོད་དགུའི་ནོར་བུ་ཆར་འབེབས་ཤོག །འཇིག་རྟེན་སྤྱི་དང་ཁྱད་པར་རྒྱ་ཧོར་བོད། །ནོར་འཛིན་དཔལ་མོའི་མངལ་དུ་རྫོགས་ལྡན་དུས། །གསར་པའི་ཁུར་ལྕི་སིམ་པའི་ཚོར་བ་ཡིས། །རྔུལ་བའི་ཆུ་རྒྱུན་ཆད་པ་མེད་པར་ཤོག །མི་ཟད་ཆོས་ཀྱི་སྦྱིན་པའི་སྒོ་འཕར་བརྒྱ། །འབྱེད་པའི་ཞུས་ཆེན་ཡིག་མཁན་རྐོས་པ་དང༌། །གཉེར་གྱི་ལས་འཛིན་བྱེད་པོར་གཏོགས་སོ་(༡༠༩བ)


GLG018_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག །འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ལྷུན་གྲུབ་ཤོག །མཁའ་ལ་འཁྲུལ་མེད་གཟའ་སྐར་འཕྲོད་ཀྱིས་དགེ །ས་ལ་སྡེ་བཞིའི་དགའ་སྟོན་གཡང་དུ་ཆགས། །མཆོག་གསུམ་བདེན་ཚིག་ལྷ་དང་དྲང་སྲོང་གིས། །བཀྲ་ཤིས་གླུ་དབྱངས་ཕྱོགས་བཅུར་སྒྲོག་པར་ཤོག །དེའང་ཚེ་གཅིག་ལུས་གཅིག་ལ་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་མཆོག་གི་གོ་འཕང་མངོན་དུ་བྱེད་པ་ལ་ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོས་ཀྱང༌། །རྒྱུད་སྡེ་གཞན་དང་བཤད་སྲོལ་མི་འདྲ་བ། །ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད། །གསལ་བྱེད་དྲི་མ་མེད་པའི་འོད་ལ་སྦྱངས། །ཞེས་བཀའ་སྩལ་བ་ལྟར་བླ་ན་མེད་པའི་རྒྱུད་སྡེ་གཞན་རྣམས་ལས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ནའང་གཞན་དུས་ཀྱི་འཁོར་ལོ་ཤེས་པ་ལ་ནང་དུས་ཀྱི་འཁོར་ལོ་ཤེས་དགོས། །ནང་དུས་ཀྱི་འཁོར་ལོ་ཤེས་པ་ལ་ཕྱི་དུསཀྱི་འཁོར་ལོ་ཤེས་དགོས། དེ་ལ་དཀར་རྩིས་ཀྱི་ཡན་ལག་འདི་ཉིད་ཤིན་ཏུ་གཅེས་ཀྱང་མཁས་པ་ཤོང་དཔང་བུ་དོལ། སྟག་ཚང་ལོ་ཙཱ་བ་སོགས་མང་པོས་གཟའ་འདས་པར་བཞེད་པས་མཚོན་ལོག་རྟོག་གི་བཤད་པ་སྣ་ཚོགས་དང༌། འགོས་ཡེ་བཟང་རྩེ་བས་ཟླ་བའི་སྐར་མའི་གོང་སོལ་སྐར་ཐོག་མར་འཆར་བ་སོགས་ལ་འཁྱོག་བཤད་ཡིག་ཆ་མང་པོ་མཐོང་བས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བཞེད་པའི་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་མངོན་སུམ་དུ་རྟོགས། ཀུན་རྫོབ་ཀྱི་བདེན་པ་ལ་མི་བལྟོས་ཀྱང་ཚུར་མཐོང་གི་སྐྱེ་དགུ་རྣམས་མ་དག་འཁྲུལ་པའི་སྣང་བ་དགག་ཏུ་མི་ནུས་པས་གཟའ་སྐར་ལོག་པར་བསྟན་ནས་སེམས་ཅན་མང་པོ་འཕངཔ་རྣམས་ཉེས་པ་དེ་དག་ལས་ལྡོག་ན་སྙམ་པའི་ལྷག་བསམ་གྱིས་ཀུན་ནས་བླངས་ཏེ་པད་དཀར་ཞལ་ལུང་མ་དང་བུ་ཡིག་གསལ་སྒྲོན་སྐོར་ཞལ་ལུངམཛེས་རྒྱན་དང་བཅས་ལེ་ཚན་རྣམས་འཕགས་པའི་ཡུལ་དུ་དུ་རྨ་ཏི་ཞེས་བློ་ངན་དུ་འབོད་ཅིང༌། མཧཱ་ཙི་ནའི་ཡུལ་དུ་ཟིན་ཡེའུ་ལྟེ་ལྕགས་མོ་བྱའི་ལོ་པར་དུ་བརྐོ་བའི་སྟ་གོན་དུ་ས་སྐྱོང་(༡༡༠ན)


GLG018_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྒྱ་མཚོས་གང་ཅིའི་མཐུན་རྐྱེན་གྱི་ཁྱབ་བྱ་དང༌། པཱ་ཎི་སོགས་སྒྲ་རིག་རྒྱ་མཚོའི་ཕ་མཐར་སོན་པ་འདར་པ་ལོ་ཆེན་ངག་དབང་ཕུན་ཚོགས་དང་བྱ་ནག་རིགས་ལས་རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་གཉིས་ཀྱིས་ཞུས་དག །པར་ཞུས་པ། པར་རྐོས་པ་ཡིག་མཁན་གཉེར་པ་སོགས་ཆེ་གེས་བྱས་ཏེ་བསྒྲུབས་པའི་ཚེ་པར་བྱང་དུ་སྨོན་ལམ་ཚིགས་སུ་བཅད་པ་འདི་ནི་ཟ་ཧོར་གྱི་རིགས་ལས་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་པའི་ཡི་གེ་བ་ནི་སྒྲ་སྙན་སྡེབ་སྦྱོར་རྩིས་སོགས་ལ་བློ་མིག་ཡངས་པའི་འཕྱོང་རྒྱས་ལྐོག་བསམ་མཐོང་ལོ་ཙཱ་བ་ཕུན་ཚོགས་དབང་པོའོ། །ངག་དབང་གིས་འབྲས་སྤུངས་གླིང་བསྲེའི་དུས་བདེ་ཡངས་གྲྭ་ཚང་དུ་བླ་བྲེ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་ངེས་ལེགས་ཤིང་རྟ། རྒྱལ་དང་དེ་སྲས་རང་རྒྱལ་མཐའ་ཀླས་པའི། །སྣང་བརྙན་གནྡྷོ་ལ་ཡི་མཆོད་སྡོང་ཆེར། །བླ་བྲེ་ལྷག་བསམ་གྱིས་ཕུལ་གྲུ་རྫིངས་ཀྱིས། །སྲིད་པ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །པདྨ་རྡོ་རྗེ་རྟ་མགྲིན་རྡོ་རྗེ་སྤུན། །ཉེར་བསྒྲལ་མངོན་མཐོ་ངེས་ལེགས་རྟེན་ཐོབ་ཅིང༌། །རྒྱུ་སྦྱར་བྱེད་པོའི་སྲིད་ཞིའི་ཡོན་ཏན་ཀུན། །ཡར་ངོའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །


GLG018_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousལྷ་ས་ཚེས་བཅུ་ནུབ་མ་བ་རྣམས་ཀྱིས་ལྕགས་བྱ་ཧོར་ཟླ་ཚེས་བཅུ་ཆེན་མོའི་ཉིན་ཡེར་པ་ལྷ་རི་སྙིང་པོའི་མཆོད་ཁང་དུ་འཕན་སུམ་ཅུ་ཕུལ་བའི་ཁ་བྱང་རིགས་འཛིན་འཇུག་ངོགས།next