Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
ལྕགས་བྱི་བོད་འབངས་བདེ་ཐབས་སུ་དམིགས་པའི་བསམ་ཡས་སུ་གསེར་ཆབ་བརྒྱ་མཆོད་ཕུལ་བའི་དུས་བྱང་ཆུབ་ཆེན་པོའི་སྙན་དར་ཞལ་ཡིག་ཕན་བདེའི་སྐྱ་རེངས་དང་པོ་སོགས།
   
   


 
previousལྕགས་བྱི་བོད་འབངས་བདེ་ཐབས་སུ་དམིགས་པའི་བསམ་ཡས་སུ་གསེར་ཆབ་བརྒྱ་མཆོད་ཕུལ་བའི་དུས་བྱང་ཆུབ་ཆེན་པོའི་སྙན་དར་ཞལ་ཡིག་ཕན་བདེའི་སྐྱ་རེངས་དང་པོ་སོགས།next

ལྕགས་བྱི་བོད་འབངས་བདེ་ཐབས་སུ་དམིགས་པའི་བསམ་ཡས་སུ་གསེར་ཆབ་བརྒྱ་མཆོད་ཕུལ་བའི་དུས་བྱང་ཆུབ་ཆེན་པོའི་སྙན་དར་ཞལ་ཡིག་ཕན་བདེའི་སྐྱ་རེངས་དང་པོ་སོགས།


GLG018_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་བྱི་བོད་འབངས་བདེ་ཐབས་སུ་དམིགས་པའི་བསམ་ཡས་སུ་གསེར་ཆབ་བརྒྱ་མཆོད་ཕུལ་བའི་དུས་བྱང་ཆུབ་ཆེན་པོའི་སྙན་དར་ཞལ་ཡིག་ཕན་བདེའི་སྐྱ་རེངས་དང་པོ་སོགས། །བརྩེ་ཆེན་ལྷག་བསམ་གཤེར་གྱིས་སྦྲན་པ་ལས། །ཚོགས་གཉིས་ས་བོན་སྨིན་པའི་ཆོས་གཟུགས་ཀྱི། །ཡོངས་འདུའི་ལྗོན་པ་དར་བབས་ཐམས་ཅད་མཁྱེན། །མ་འདྲིས་མཛའ་བཤེས་ཟས་གཙང་སྲས་པོ་ཀྱེ། །འཁོར་མུན་རྒུད་པའི་སྨག་རུམ་སྟུག་པོའི་ལམ། །མ་རིག་གཉིད་ལས་གཡུར་བའི་སྐྱེ་རྒུ་ཀུན། །འཆར་ནུབ་སྤངས་པ་ཐུགས་རྗེའི་ཉི་འོད་ཀྱིས། །བླངས་ཏེ་ཕན་བདེའི་སྐྱ་རེངས་(༦༧བ)


GLG018_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བར་མཛོད། །ཁྱད་པར་གངས་ཅན་ལྗོངས་འདིར་བསྟན་འགྲོ་ཡི། །བདེ་སྐྱིད་སྲོག་གི་ཀ་བ་གཞོམ་མེད་ཅན། །ནམ་ཡང་མི་འགྱུར་རྡོ་རྗེའི་རང་བཞིན་དུ། །མཁྱེན་བརྩེ་ནུས་པའི་དཔུང་གིས་གྲུབ་པར་མཛོད། །ལྕགས་བྱི་བོད་འབངས་བདེ་ཐབས་སུ་དམིགས་པའི་ཁྲ་འབྲུག་ཏུ་གསེར་ཆབ་བརྒྱ་མཆོད་ཕུལ་བའི་དུས་རྣམ་སྣང་གི་ནསྙ་དར་ཞལ་ཡིག་སྡེ་བཞི་སྒོ་འཕར་འབྱེད་པའི་ལྡེ་མིག །ཐབས་ཤེས་ཟུང་དུ་འཇུག་པའི་གྲུ་གཟིངས་ཀྱིས། །སྲིད་ཞིའི་ཆུ་གཏེར་ཆེ་ལས་རབ་བརྒལ་ཏེ། ཀུན་མཁྱེན་ནོར་བུའི་ཅོད་པན་གཙུག་འཆང་བ། །སངས་རྒྱས་ཞེས་བྱའི་མཚན་གྱི་དབྱངས་སྙན་ཅན། །དྲི་མེད་སྤྱན་གྱིས་སྐྱེ་རྒུ་མ་ལུས་པའི། །ཁམས་དང་བསམ་པ་བག་ལ་ཉལ་གཟིགས་ཏེ། །སྣ་ཚོགས་ཐབས་ཀྱིས་གནས་སྐབས་མཐར་ཐུག་ཀུན། །ཕན་དང་བདེ་བའི་དཔལ་ལ་སྦྱོར་བར་མཛོད། །ཁྱད་པར་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་འདིར། །ནད་མུག་འཐབ་རྩོད་ཉེར་འཚེ་ཀུན་ཞི་ནས། །ཆོས་ནོར་འདོད་པ་ཐར་པའི་སྡེ་བཞི་ལ། །སྤྱོད་པའི་སྐལ་པ་བཟང་པོར་བྱིན་གྱིས་རློབས། །ལྕགས་བྱི་བོད་འབངས་བདེ་ཐབས་སུ་དམིགས་པའི་ཡུམ་བུ་བླ་སྒང་དུ་གསེར་ཆབ་བརྒྱ་མཆོད་ཕུལ་བའི་སྙན་དར་ཞལ་ཡིག་རྫོགས་ལྡན་འགུགས་པའི་ལྕགས་ཀྱུ་སོགས། རིགས་གསུམ་སྒྱུ་དྲའི་ཐུགས་རྗེས་གངས་ཅན་འདིར། །བདེ་ལེགས་ཐོག་མར་རབ་ཕྱེའི་རྟེན་འབྲེལ་སྒོ། །འགྲིག་པ་ཇི་བཞིན་ཆོས་སྲིད་ཉི་ཟླ་ཡི། །འོད་སྣང་(༦༨ན)


GLG018_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པའི་བར་དུ་ཁྱབ་གྱུར་ཅིག །ལྕགས་བྱི་མཆིམས་ཕུའི་ལྷ་མོ་རིག་འཛིན་མར་ཕུལ་པའི་སྙན་དར་ཞལ་ཡིག་འཛུམ་ཞལ་བསུ་བའི་ལྕགས་ཀྱུ། མཁའ་ཁྱབ་དོན་དམ་ཆོས་སྐུ་འགྱུར་མེད་ལས། །སྣང་སྲིད་ཟིལ་གྱིས་རབ་གནོན་སྤྲུལ་པའི་གར། །ཨོ་རྒྱན་སངས་རྒྱས་གཉིས་པའི་བསྟན་སྲུང་ཆེ། །གངས་ཅན་བོད་ཡུལ་སྐྱོངས་པའི་རིགས་འཛིན་མར། །རབ་དཀར་ལྷ་རྫས་གོས་དང་སྙན་ཤལ་དར། །གསེར་སྐྱེམས་མཐུན་རྫས་དངོས་བཤམས་ཡིད་སྤྲུལ་ནས། །དགྱེས་བསྐྱེད་ཐུགས་དམ་གཉན་པོ་སྐོང་བྱེད་ན། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་སྒྲུབས། །ཁྱད་པར་གངས་ཅན་ར་བ་དཀར་པོ་ཡི། །ཁོར་ཡུག་གཅིག་ཏུ་གྱུར་པའི་རྒྱལ་ཁམས་འདིར། །ནད་མུག་འཐབ་རྩོད་རྒུད་པ་ཀུན་ཞི་ཞིང་། །བདེ་སྐྱིད་དགའ་སྟོན་དཔལ་ལ་སྤྱོད་པར་མཛོད། །ལྕགས་གླང་ལོ་གསར་གྱི་དུས་འདོད་ཁམས་དབང་ཕྱུག་མར་ཕུལ་བའི་དར་ཚོན་སྣ་ལྔའི་སྙན་དར་ཞལ་ཡིག་འཕྲིན་ལས་རྣམ་བཞིའི་དགའ་སྟོན། ཕུན་དཀར་པོ་ཚོགས་སྡེ་བཞི་འཛུམ་པ་ཞལ་གྱི་སྒོ། །དཀར་མཛེས་མཆེ་བའི་མྱུ་གུ་ལས་འཁྲུངས་པ། །ངག་དབང་དབྱངས་ཀྱི་རྒྱལ་མོའི་རྒྱུད་མང་སྟོང་། །རྣ་བའི་བཅུད་དུ་ལེན་པ་ལྷག་པའི་ལྷས། །དུང་སྐྱོང་མ་སོགས་གྲངས་མེད་སྒེག་མོ་ཡི། །གཟུགས་སུ་སྤྲུལ་ཏེ་སྒྲིབ་གཉིས་ནད་གདོན་དགྲ །མདོར་ན་སྲིད་ཞིའི་རྒུད་པའི་མུན་སྟུག་ཀུན། །མིང་གི་ལྷག་མར་བཅས་ཏེ་ཞི་བར་(༦༨བ)


GLG018_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །འཛམ་སེར་པོ། བུའི་གསེར་སྦྱངས་ཞུན་མའི་ལྷུན་པོ་ཡིས། །ཉི་མའི་སྣང་བ་འབུམ་གྱི་ལུས་བཟུང་ན། །དཔེར་འོས་སྲིད་པ་གསུམ་གྱི་མངའ་བདག་མ། །འདིར་སྤྱོན་ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཞེས། །ལུང་རྟོགས་ཡོན་ཏན་ཚེ་དང་བསོད་ནམས་སྟོབས། །འཇིག་རྟེན་འདས་དང་མ་འདས་ལེགས་ཚོགས་ཀུན། །ཉེར་སྩོལ་བསམ་འཕེལ་ནོར་བུ་དབང་གི་རྒྱལ། །དགོས་འདོད་རེ་བ་བསྐོང་བའི་ཆར་ཆེན་ཕོབ། །དམར་པོ། ཁྲོ་ཆགས་དཀྱུས་རིང་མིག་གི་ཞགས་པ་ཡིས། །སེམས་མེད་ནོར་འཛིན་མ་ཡང་འདར་བྱེད་ན། །སྲིད་གསུམ་འགྲོ་ཀུན་འགུགས་པར་སྒྱུ་ཐབས་ཀྱི། །ངལ་ཁུར་འཛིན་ལ་འཕྱ་བས་རྒོད་འདྲའི་ལྷ། །སུམ་རྩེན་བདག་པོས་ཉེར་མཚོན་ལུས་ཅན་རྣམས། །བསོད་ནམས་འབྲས་བཟང་དུད་པའི་དངོས་པོར་བཅས། །མངོན་འདོད་བཏུང་བས་ཆེར་མྱོས་ཟློས་གར་གྱིས། །ཟུར་ཕུད་ཅོད་པན་དཔུང་པས་རྐང་འདེགས་མཛོད། །ནག་པོ། མཐུ་སྟོབས་རྡོ་རྗེ་རྩེ་བརྒྱ་གདེངས་ཙམ་གྱིས། །ནག་པོའི་སྡེར་བཅས་ལྷ་མིན་མོ་ཡི་མངལ། །ལྷུང་མཛད་དཔལ་ལྡན་དམག་དང་ཟོར་གྱི་ལྷ། །བསྟན་སྲུང་རྒྱ་མཚོའི་དབང་མོ་གང་དེ་ཡིས། །སྙིང་གི་མེ་ལོང་ངོས་སུ་ངན་སེམས་ཀྱི། །སྣ་ཚོགས་རི་མོའི་གཟུགས་བརྙན་རབ་བཀྲ་བ། །དགྲ་བགེགས་སྡེ་དང་བཅས་པའི་དཔུང་ཚོགས་རྣམས། །ལྷག་མ་མེད་པར་ཐལ་བའི་རྡུལ་དུ་རློགས། །ལྗང་ཁུ། ཐུབ་དབང་དྲི་མེད་ལུང་དང་རྟོགས་པའི་(༦༩ན)


GLG018_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། །དེ་འཛིན་སྐྱེས་བུ་མདོ་དང་སྔགས་ཀྱི་སྡེ། །མཐུན་རྐྱེན་ལེགས་སྦྱོར་སྦྱིན་པའི་བདག་པོ་སོགས། །འཇིག་རྟེན་ཀུན་གྱི་ཕན་བདེ་རབ་རྒྱས་ཤིང་། །ཁྱད་པར་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་འདིར། །མི་ནད་ཕྱུག་ནད་འཐབ་རྩོད་འཁྲུག་ལོང་སོགས། །མི་འདོད་དུས་ཀྱི་ཆད་པ་ཀུན་ཞི་ནས། །བདེ་སྐྱིད་དཔལ་གྱི་དགའ་སྟོན་རྒྱས་པར་མཛོད། །ལྕགས་གླང་ནག་པ་ཟླ་བའི་བརྒྱད་གཏོར་ཆེན་མོའི་ཉིན་མགོན་པོ་ཞལ་ལ་ཕུལ་བའི་སྙན་དར་ཞལ་ཡིག་དུང་དཀར་གཡས་སུ་འཁྱིལ་པའི་སྒྲ་དབྱངས། ཕུན་ཚོགས་སྡེ་བཞིའི་འདོད་པ་ལེགས་འཇོ་བ། །ཚད་མེད་རྣམ་བཞིའི་ཁྲོ་ཆགས་ཞི་ལྡན་ཞལ། །སྣ་ཚོགས་ལས་བཞི་སྒྲུབས་ལ་ཐོགས་མེད་པའི། །ཞིང་སྐྱོང་གདོང་བཞི་ལྷ་ཆེན་སྟོབས་འཕྲོག་དབང་། །ངེས་པའི་དོན་དུ་བཅོམ་ལྡན་ཧེ་རུ་ཀ །བསྟན་པ་བསྲུང་ཕྱིར་འཇིགས་རུང་སྲིན་པོའི་ཚུལ། །རིག་འཛིན་བྲན་དང་གྲོགས་སུ་བྲམ་ཟེའི་གཟུགས། །སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་གར་མཁན་ཁྱོད་། །ལོ་ཆེན་གཉན་ལ་རྣལ་འབྱོར་དབང་མོ་ཡིས། །བཀའ་བསྒོས་ནས་བཟུང་བརྒྱུད་ལྡན་བླ་མ་ལ། །གནང་བའི་བྱིན་རླབས་མཁའ་འགྲོའི་ཁ་རླངས་རྒྱུན། །རྩ་བའི་བླ་མས་བདག་ལ་ཉེ་བར་སྩོལ། །དེའི་ཕྱིར་དམ་ཚིག་གཉན་པོ་ཉེར་དགོངས་ཏེ། །བསྟན་དང་འགྲོ་ལ་འཚེ་བ་སྤྱི་ཡི་དགྲ །སྔགས་འཆང་བདག་ལ་སྡོ་བ་སྒོས་ཀྱི་དགྲ །གདོན་བགེགས་ནག་པོའི་སྡེ་དཔུང་ཚར་ཆོད་(༦༩བ)


GLG018_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཆོས་ནོར་འདོད་དང་ཐར་པའི་དུང་དཀར་པོ། །བསམས་དོན་རི་མོ་གཡས་སུ་ལེགས་འཁྱིལ་བ། །ཇི་བཞིན་འགྲུབ་པའི་སྒྲ་དབྱངས་སྲིད་རྩེའི་བར། །ཁྱབ་པའི་ངོ་མཚར་སྐལ་བཟང་སྩལ་དུ་གསོལ། །དམ་ཉམས་ཞང་ཚན་རྗེས་འབྲང་རྣམས་དམར་ཕྱོགས་ཀྱི་ཟླ་བ་ལྟར་གྱུར་པར་བརྟེན་ལྕགས་གླང་ཧོར་ཟླ་བདུན་པའི་ནང་དུ་ཕོ་བྲང་པོ་ཏའི་ཚོམས་སུ་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་གནོད་སྦྱིན་བེག་རྩེ་ལ་གཏང་རག་གཟབ་རྒྱས་གཏང་བའི་དུས་སྙན་དར་ཕུལ་བའི་ཞལ་ཡིག་དབང་དྲག་གྲུབ་པའི་དགའ་སྟོན། ལྗོན་དམར་བཙན་པོའི་གོ་བགོས་རབ་རྣོའི་མཚོན། །གཟས་པ་ཙམ་གྱིས་མི་བསྲུན་དགྲ་སྡེའི་དཔུང་། །དབུགས་དང་ལྷན་ཅིག་ལྐོག་མར་སྙིང་འབྱིན་པ། །གནོད་སྦྱིན་ལྕམ་དྲལ་བཀའ་སྡོད་བྲན་འཁོར་གྱིས། །དམ་ཉམས་རྗེས་འབྲང་སྲིད་སྡེར་བཅས་པ་རྣམས། །ཐལ་བར་བརླག་པའི་སྔར་བཅོལ་གཏང་རག་དང་། །མེ་ཏོག་མདའ་ཅན་ཚོགས་ཀུན་གཞོམ་པའི་ཆེད། །ད་འཆོལ་འཕྲིན་ལས་གཉན་པོ་བསྒྲུབ་པའི་རྟེན། །ཕྱི་ནང་གསང་བའི་མཆོད་སྤྲིན་གངྒཱའི་རྡུལ། །གྲངས་མེད་དངོས་བཤམས་ཡིད་སྤྲུལ་འཆི་མེད་ལམ། །དོག་པོར་བཀོད་དེ་འབུལ་ན་ཞི་རྒྱས་དང་། །དབང་དྲག་ལས་ཀུན་མ་ལུས་གྲུབ་པར་མཛོད། །ལྕགས་གླང་ལོར་གོར་གྷས་གླང་པོ་མཁར་དུ་ཚུར་རྒོལ་བྱས་སྐབས་དུས་རིམ་རྣམས་གནད་དུ་སོང་བའི་གཏང་རག་གི་སྙན་དར་ཞལ་ཡིག་དཔའ་བོའི་གད་རྒྱངས། ཆད་ལ་མི་རྩི་མནའ་ཟན་གོར་གྷའི་དཔུང་། །སྟོབས་ནུས་བསོད་ནམས་རླུང་རྟ་ཁ་སྦུབ་ཏུ། །(༧༠ན)


GLG018_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་བྱེད་ཚེ་བདག་ནག་པོ་བཀའ་སྡོད་དང་། །སྡེ་བརྒྱད་ཚོགས་རྣམས་གཏང་རག་མཆོད་པ་བཞེས། །ཆུ་སྟག་ལོ་གསར་གྱི་ཉིན་སྲིད་གསུམ་བདག་མོ་མཆོད་པའི་དུས་ཕུལ་བའི་སྙན་དར་ཞལ་ཡིག་བདེ་སྐྱིད་སྣང་བའི་དཔལ་སྟེར། ཨེ་མ་སྲིད་ཞིའི་རྒུད་པ་སྨག་རུམ་མུན། །མཐར་བྱེད་འདི་ཕྱིའི་བདེ་སྐྱིད་སྣང་བའི་གཏེར། །འཆི་བདག་བུ་མོ་དཔལ་ལྡན་དུང་སྐྱོང་མས། །ཞི་བའི་འཕྲིན་ལས་ཐམས་ཅད་ལྷུན་གྲུབ་མཛོད། །ལེགས་བྱས་རྒྱལ་མཚན་རྩེར་སྤུང་ཡིད་བཞིན་ནོར། །ཚེ་དཔལ་སྟོབས་འབྱོར་ལུང་རྟོགས་འདོད་རྒུའི་ཆར། །ཡིད་ཀྱི་འདོད་འཇོ་དཔལ་ལྡན་རེ་མ་ཏིས། །རྒྱས་པའི་འཕྲིན་ལས་ཐམས་ཅད་ལྷུན་གྲུབ་མཛོད། །འཁོར་འདས་ཆོས་ཀྱི་བརྟན་པ་ཅིག་ཅར་དུ། །ཕྲོགས་ནས་ལེགས་ཚོགས་འགུགས་པའི་སྒྱུ་ཐབས་མཁན། །སྲིད་གསུམ་བདག་མོ་འདོད་ཁམས་དབང་ཕྱུག་མས། །དབང་གི་འཕྲིན་ལས་ཐམས་ཅད་ལྷུན་གྲུབ་མཛོད། །དགྲ་བགེགས་གཡུལ་ལས་རྣམ་པར་རབ་རྒྱལ་ནས། །རུ་མཚོན་སྲིད་པའི་རྩེ་མོར་བསྒྲེང་བཟོད་པ། །མཐུ་སྟོབས་དབང་ཕྱུག་དམག་ཟོར་ལྷ་མོ་ཡིས། །དྲག་པོའི་འཕྲིན་ལས་ཐམས་ཅད་ལྷུན་གྲུབ་མཛོད། །ཆུ་དར་གོས་གྱོན་དཔའ་བོ་སྟག་གི་ལོ། །གསར་ཚེས་བགྲང་བྱའི་རིན་ཆེན་ཟ་མ་ཏོག །ཕུན་ཚོགས་སྡེ་བཞིའི་དཔལ་གྱི་བདུད་རྩིའི་བཅུད། །ཡོངས་སུ་འཁྱིལ་བའི་སྐལ་པ་བཟང་པོར་མཛོད། །ཆུ་སྟག་མཆོད་དཔོན་བློ་བཟང་མཐུ་སྟོབས་དང་། དབུ་མཛད་བློ་བཟང་ཡོན་ཏན་གཉིས་ཀྱིས་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྣམས་སུ་དར་འཕན་དང་(༧༠བ)


GLG018_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མེ་སྙན་དར། གནོད་སྦྱིན་ཆེན་པོར་ཁྲབ་གདན་ཕུལ་བའི་ཞལ་ཡིག་བསམ་དོན་ལྷུན་གྲུབ། ཐུགས་རྗེའི་གདུགས་དཀར་སྲིད་ཞིའི་གྲིབ་བསིལ་དུ། །ཉེ་བར་འཁོར་བ་ཉི་མའི་གཉེན་གྱི་སྐུར། །གསེར་སྦྱངས་རི་མོ་བཀྲ་བའི་བཟང་གོས་འཕན། །རབ་དཀར་དང་བའི་ཡིད་ཀྱིས་ལེགས་ཕུལ་མཐུས། །དེང་ནས་བྱང་ཆུབ་བར་གྱི་རྒུད་པའི་ཚོགས། །འོག་ཁང་བྱང་ཆུབ་ཆེན་པོར། རབ་ཞི་བློ་གསལ་སྐལ་བཟང་ཆོས་ནོར་ཚེ། །མཐུ་སྟོབས་ཡོན་ཏན་ལེགས་ཚོགས་མ་ལུས་པ། །ཉི་མ་འབུམ་གྱི་གཟི་བྱིན་ལྟར་འབར་ཤོག །ཐུབ་བསྟན་འཕེལ་ཞིང་དེ་འཛིན་ཚོགས་རྣམས་རྒྱས། །མཁའ་མཉམ་སེམས་ཅན་བདེ་སྐྱིད་དཔལ་ལ་སྤྱོད། །དགེ་བའི་ཕུང་པོ་ཟད་མི་ཤེས་པའི་རྒྱུན། །བདག་གཞན་འགྲོ་རྣམས་སངས་རྒྱས་ཐོབ་ཕྱིར་བསྔོ། །བར་ཁང་དུ། ཐགས་བཟང་མཉེན་འཇམ་འཆི་མེད་གོས་འཕན་ལ། །ལྔ་ལྡན་ཡེ་ཤེས་རིགས་ཀྱིས་རབ་བཀྲ་བ། །ཕུལ་བས་དེང་ནས་ཀུན་མཁྱེན་དེ་སྲིད་དུ། །བསམས་པ་ལྷུན་གྱི་གྲུབ་པར་བདག་བྱིན་རློབས། །སྟེང་ཁང་དང་གླིང་ཕྲན་རྣམས་ལ། བསོད་ནམས་རྒྱ་མཚོའི་ཞིང་ལ་མཆོད་སྤྲིན་འཕན། །ཕུལ་བས་འདི་ཕྱིའི་བདེ་སྐྱིད་ལྷུན་གྲུབ་ཅིང་། །བདག་སོགས་ནམ་མཁའི་མཐའ་མཉམ་མ་གྱུར་འགྲོ །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་ཕྱིར་བསྔོ། །ཆོས་སྐྱོང་ལ། སྲིད་གསུམ་དབང་སྒྱུར་དཔལ་ལྡན་གནོད་སྦྱིན་ཆེར། །སྲ་བརྟན་རྡོ་རྗེའི་གོ་ཆ་ཁྲབ་ཀྱི་གདན། །དབང་གི་མདངས་ལྡན་གཡུ་འབྲུག་རི་མོ་ཅན། །ཕུལ་བས་འཕྲིན་ལས་རྣམ་བཞི་ལྷུན་གྲུབ་མཛོད། །ཆུ་སྟག་བརྒྱད་གཏོར་ཆེན་མོ་སྔ་བསྣུར་ཏེ་ཧོར་ཟླ་གཉིས་པའི་ཉེར་གསུམ་ལ་བགྱིས་སྐབས་ཞིང་སྐྱོང་གདོང་བཞི་དབང་པོར་ཕུལ་བའི་སྙན་ཤལ་ཁ་ཡིག་བསམ་པའི་རེ་བ་ཡོངས་(༧༡ན)


GLG018_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སྐོང་། སྒྲིབ་གཉིས་འབྲས་བུར་བཅས་ལ་ཞེ་སྡང་བའི། །མཚམས་སྤྲིན་ཟླུམ་འཁྱིལ་མིག་གི་ལྟ་སྟངས་ཀྱིས། །དགྲ་སྡེའི་དོན་སྙིང་གས་ཀྱང་མ་ཚིམ་པར། །བམ་ཆེན་འདམ་ལྟར་བརྫི་བའི་བྲོ་རྡུང་མཁན། །གནག་པའི་མདོག་ཅན་རྡོ་རྗེ་སྲིན་པོའི་སྐུ། །ཆེམ་ཆེམ་མི་རོ་ཟ་བའི་མཆེ་གཙིགས་ཀྱང་། །ཚད་མེད་རྣམ་བཞིའི་ཞལ་གྱིས་ལུས་ཅན་ཀུན། །སྐྱོང་བའི་བརྩེ་ལྡན་ཐུགས་རྗེ་ཆེ་འདི་མཚར། །ཕྱི་རུ་བྲམ་ཟེའི་གཟུགས་ཀྱི་ཕོ་ཉ་མཁན། །ནང་དུ་རྩ་ཁམས་དག་པའི་ཞིང་སྐྱོང་དབང་། །གསང་བ་སེམས་ཉིད་གཅིག་པུའི་རྣམ་འཕྲུལ་ཀྱང་། །རྟག་ཏུ་སྙིང་གི་ཐིག་ལེར་འབྲལ་མེད་ལྷ། །རྨི་ལམ་ཡུལ་གྱི་རོལ་བ་ཇི་ལྟ་བར། །མེད་བཞིན་སྣང་བའི་དགྲ་བགེགས་དཔུང་ཚོགས་རྣམས། །སྒྱུ་མའི་སེང་གེས་གླང་པོ་བསད་པ་ལྟར། །ལེགས་ལྡན་ནག་པོ་ཁྱོད་ཀྱིས་ཐལ་བར་རློགས། །སྲིད་ན་ཕུན་སུམ་ཚོགས་པ་འདབ་བརྒྱའི་དབུས། །ཞི་བའི་ཡོན་ཏན་སྦྲང་རྩི་རོ་བདའ་བ། །མྱང་པས་དཔལ་གྱི་རྩེ་དགའ་རྟག་རྒོད་པར། །བསམ་པའི་རེ་བ་ཡོངས་སུ་སྐོང་བར་མཛོད། །དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཡོངས་རྫོགས་བསྟན་པའི་མངའ་བདག་མཁན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞིང་འདིའི་སྐུའི་བཀོད་པ་བསྡུས་པའི་ཚེ་སྐུ་གདུང་རིན་པོ་ཆེར་འཕུལ་པའི་སྙན་དར་ཞལ་ཡིག་ཞིང་ཁམས་རྒྱ་མཚོའི་རོལ་གར། འཇམ་དཔལ་རྡོ་རྗེ་རིགས་ལྡན་གྲགས་པའི་ལྷ། །བློ་བཟང་ཆོས་ཀྱི་ཁྲི་ལ་ངུར་སྨྲིག་གི །རྒྱལ་མཚན་བསྒྲེང་ཕྱིར་མི་ཡི་ཟོལ་བརྟེན་པ། །རྫོགས་སངས་རྒྱས་ཀུན་འདུས་པ་དགེ་བའི་བཤེས། །ལྗོངས་འདིར་གཟུགས་སྐུའི་བཀོད་པ་ཡོངས་བསྡུས་ནས། །(༧༡བ)


GLG018_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ལམ་དུབ་པའི་འགྲོ་ཀུན་སྒྲོལ་སླད་དུ། །ཞིང་ཁམས་རྒྱ་མཚོར་སྣ་ཚོགས་སྤྲུལ་པའི་གར། །སྒྱུར་པའི་བཞེད་པ་ཇི་བཞིན་ལྷུན་གྲུབ་ཤོག །འོག་མིན་ཞིང་ཁམས་ཞིང་གི་གཙོ་བོ་ན། །ངེས་པ་ལྔ་དང་ལྡན་པའི་ལོང་སྐུ་རུ། །བཞེངས་ནས་ཐེག་ཆེན་དབྱངས་བདུན་རབ་རྫོགས་གླུ། །ལས་སྣང་དག་པའི་གདུལ་བྱའི་རྣར་སྙན་མོད། །ལེགས་ཉེས་བླང་དོར་བག་ལ་ཉེར་ཞ་བ། །ཆེས་ཆེར་སྙིགས་པའི་དུས་ཀྱི་སྐལ་ངན་འགྲོ །འདྲེན་ལ་མཆོག་གི་སྤྲུལ་སྐུར་མ་བསྟན་ན། །རབ་དཀར་ལྷག་བསམ་ཁྱོགས་ལ་འཕྱང་དེས་ཅི། །དཀར་མཛེས་མེ་ཏོག་ཆར་དང་འཇའ་འོད་ཀྱི། །རི་མོ་མཁའ་ལ་བླ་བྲེ་ལྟར་ཕུབ་ཀྱང་། །བསམ་བཞིན་སྐྱེས་རབས་ཚར་དུ་མི་དངར་ན། །དེ་འདྲ་བྱིས་པ་འདྲིད་པའི་རྣམ་འཕྲུལ་ཙམ། །འཆར་ནུབ་སྤངས་པ་ཐུགས་རྗེའི་འོད་ཀྱི་ཟེར། །ཕྱོགས་ལྷུང་བྲལ་བར་འཇུག་ལ་དམིགས་མེད་གཤིས། །འགྲོ་ཀུན་ཕན་བདེའི་རྩ་ལག་རྒྱལ་བའི་བསྟན། །ཡུལ་གཞན་ཕལ་དུ་མེད་ཕྱིར་བོད་འདིར་དགོངས། །སེམས་མེད་ཀུན་བཟོད་མ་འདིས་འཇིག་རྟེན་ཁམས། །འདེགས་ན་ཐར་པའི་ལམ་མཁན་གཅིག་པུ་པར། །གྲངས་མེད་བསྐལ་པར་ཚོགས་གཉིས་ཡོངས་བསགས་པའི། །འཕགས་མཆོག་ཞི་བའི་དབྱིངས་སུ་མནལ་ལམ་ཅི། །བྱང་ཕྱོགས་ཀ་ལཱ་པ་ཡི་གྲོང་ཁྱེར་ཆེར། །དྲག་པོའི་འཁོར་ལོས་སྒྱུར་པས་ཀླ་ཀློའི་དཔུང་། །འཇོམས་པའི་དུས་ཀྱིས་བསྐལ་པ་རིང་དེ་སྲིད། །ས་འདིར་ཐུགས་རྗེའི་འཇུག་པ་ཆད་མེད་ཤོག །མཁའ་མཉམ་འགྲོ་བའི་ཉོན་མོངས་སྡོང་པོ་ཡི། །རྩ་བ་དྲུང་འབྱིན་བདག་ཏུ་མེད་པའི་མཚོན། །བྱང་ཆུབ་སེམས་ཀྱི་ཁུ་བས་(༧༢ན)


GLG018_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བསྡམས་པས། །མཐའ་གཉིས་དྲ་བ་མ་ལུས་གཅོད་གྱུར་ཅིག །ཆུ་སྟག་གནོད་སྦྱིན་ཆེན་པོ་ཙིའུ་དམར་པོས་འཕྲད་དགོས་ཚུལ་བྱུང་བ་དང་། །སྡེ་པ་ཐའི་ཇི་རྡོ་རྗེ་རྣམ་རྒྱལ་གྱིས་གཙུག་ལག་ཁང་གི་ཞིག་བསོས་ཕལ་ཆེར་གྲུབ་པའི་རབ་གནས་ལ་འོང་དགོས་ཚུལ་དང་བཅས་རྒྱལ་ཁམས་བདེ་ཐབས་སུ་བསམ་ཡས་ཀྱི་རབ་གནས་ལ་ཕྱིན་སྐབས་དབུ་རྩེ་རིགས་གསུམ་གྱིས་གཙོས་པའི་རྟེན་བརྟེན་པར་བཅས་པ་ལ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་བགྱིས་སྐབས་སྙན་ཤལ་ཕུལ་བའི་ཁ་ཡིག་རིང་པོར་ཕན་བདེའི་སྲོག་འཚོ། དབུ་རྩེ་འོག་ཁང་མཁྱེན་བརྩེའི་རི་བོ་བརྩོན་པའི་ནོར་རྒྱས་ཀྱིས། །རབ་བཅིངས་ཚོགས་གཉིས་རྒྱ་མཚོར་བསྒྲིལ་བ་ལས། །འགྲོ་ཀུན་ལ་འཇུག་དམ་ཆོས་བདུད་རྩིའི་སྨན། །རིང་པོར་ཕན་བདེའི་སྲོག་འཚོ་ཉི་མའི་གཉེན། །(༧༢བ)


GLG018_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མར་སྤྱོད་པས་ཆེས་དཀའ་གདུལ་བྱ་རྣམས། །འདུལ་ལ་ཐུགས་བསྐྱེད་དམ་བཅའ་ཡོངས་འདུའི་ལྗོན། །གཏོང་མིན་བརྟན་པོས་རབ་དུད་འབྲས་བུའི་བཅུད། །མཁའ་མཉམ་འགྲོ་འདིས་མྱང་བྱ་ལས་གཞན་ཅི། །དེ་ཕྱིར་སྲིད་ལམ་དུབ་པའི་སྐྱེ་རྒུ་རྣམས། །གདུང་སྐྱོབ་མི་ལུས་ཟོལ་བརྟེན་ཤཱཀྱའི་ཏོག །གང་གི་མཁྱེན་བརྩེ་ཉི་མ་བརྒྱ་ཡི་ལུས། །འབར་བས་སྡིག་ཆོས་དེ་འབྲས་མུན་དྲུང་ཕྱུང་། །དོན་ལྡན་རིང་པོར་འཚོ་བ་བསྐལ་པའི་ཚེ། །བསོད་ནམས་གསེར་སྒོང་སྨིན་པ་ཚངས་པའི་སྤུན། །རྨུགས་འཛིན་མཛོད་ཀྱི་གཡང་ཆགས་དཔལ་འབྱོར་དུ། །བརྒྱ་བྱིན་གཙུག་ནོར་ཐོབ་ལྟར་གནས་འགྱུར་ཤོག །ཐབས་ཤེས་ཟུང་འཇུག་ཤེལ་གྱི་ཐེམ་སྐས་ལ། །རིས་མེད་ལུས་ཅན་མ་ལུས་རབ་འཛེགས་ནས། །ཐར་པ་མཆོག་གི་ཁང་བཟང་ལ་ཞུགས་ཏེ། །སྟོབས་བཅུའི་རྩལ་གྱིས་དོན་གཉིས་ལྷུན་གྲུབ་ཤོག །གངས་ཅན་ར་བས་ཡོངས་བསྐོར་མ་ལ་ཡར། །བསྟན་དང་འགྲོ་བའི་ལེགས་བྱས་ས་མཆོག་སྐྱེས། །བདེ་སྐྱིད་དྲི་བསུང་བྱམས་མགོན་དབུས་འགྱུར་དུ། །འབྱོན་མིན་དེ་སྲིད་རབ་འཕེལ་ལྡང་གྱུར་ཅིག །དགའ་ལྡན་ཆོས་སྲིད་བསྟན་པའི་གདུགས་དཀར་པོ། །སྲིད་རྩེའི་བར་དུ་འཁོར་བའི་གྲིབ་བསིལ་ལ། ཀུན་བཟོད་སྣོད་བཅུད་བཅས་པ་ངལ་གསོའི་སྟེགས། །བསོད་ནམས་གཟུགས་ཅན་བཞིན་དུ་འགྲུབ་པར་ཤོག །བར་ཁང་། མཁའ་ལྟར་ཀུན་ཁྱབ་རིགས་ཀུན་བདག་པོའི་དཔྱིད། །དབང་པོའི་(༧༣ན)


GLG018_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་ལྟར་གཅིག་ལས་དུ་མ་རུ། །མངོན་པར་བཀྲ་བ་ཡེ་ཤེས་རྣམ་ལྔ་ཡི། །བདག་ཉིད་སྲིད་ཞིའི་དངོས་ཀུན་བཏུད་བྱའི་གནས། །ཞི་བའི་འདབ་བརྒྱ་རྒོད་ཀྱང་སྲིད་བདེ་ཡིས། །ཀུནྡ་ཟུམ་མིན་ཐུགས་རྗེའི་རྟ་ལྗང་ཅན། །ཉེ་རིང་མེད་པ་ཀུན་ལ་འཇུག་པའི་རྫས། །སྔོན་མེད་ནམ་མཁའི་ནོར་བུ་ཁྱོད་ཀྱི་གཤིས། །དེ་ཕྱིར་ལུས་ཅན་ཀུན་དང་ཁྱད་པར་དུ། །བོད་ཡུལ་བསྟན་དང་སྐྱེ་རྒུའི་ལེགས་ཚོགས་རྣམས། །རྩོད་དུས་ཁེངས་པ་འཕྲོག་བྱེད་རྫོགས་ལྡན་གྱི། །དགའ་སྟོན་དཔལ་ལ་སྤྱོད་པར་བདག་བྱིན་རློབས། །བལྟ་བས་མི་ངོམ་མཚན་དཔེ་གསལ་རྫོགས་པ། །འདྲེན་བྱེད་ཡུལ་དུ་འཆར་བྱེད་སངས་རྒྱས་དངོས། །མཐོང་བས་སྐལ་བཟང་ལ་སྦྱོར་གངས་ཆེན་མཚོ། །ཚད་མེད་ཞལ་གྱི་འཛུམ་འོད་ཕྱོགས་བཞིར་འཕྲོ། །ཟླ་ཉིར་ལྟོས་མིན་ཕན་བདེའི་བ་ཀཱུ་ལ། །ཐུགས་རྗེ་ལུས་ཕྲའི་འགྲམ་ཆང་དངར་པོའི་བརླན། །ཆགས་ཆེ་ཅིག་ཅར་བཞད་པའི་འཕྲིན་ལས་རྒྱུན། །སྐྱེ་རྒུའི་རྒྱ་མཚོར་འབབ་འདི་ཆོས་ཉིད་ལག །རིང་ནས་བསགས་དང་དེང་བསྐྲུན་དགེ་བའི་ཚོགས། །རྣམ་སྨིན་དཀར་པོའི་མུ་ཏིག་འཁྲི་ཤིང་ཆར། །རྣམ་པ་ཐམས་ཅད་མཁྱེན་མིན་དེ་སྲིད་དུ། །འབབ་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །ཉི་མ་གླིང་། བདེ་ཞིང་སྐྱིད་པ་རབ་དཀར་སྣང་བའི་གཏེར། །འཕེལ་དང་འགྲིབ་པ་མེད་པར་རྟག་གང་བ། །ཉི་མས་ས་ཆེན་མུན་སེལ་དེ་སྲིད་དུ། །བསྟན་(༧༣བ)


GLG018_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟན་འཛིན་སྡེར་བཅས་གནས་གྱུར་ཅིག །ཐུགས་རྗེ་ཟླ་ཤེལ་བཅུ་དྲུག་ཆ་གང་བ། །བྱིན་རླབས་བསིལ་པའི་གཟེགས་མ་འབུམ་འཛག་པས། །ལེགས་བྱས་ཆུ་གཏེར་ཆེན་པོ་བླ་ནས་བླར། །གྱེན་དུ་འཕྱུར་པའི་སྐལ་བཟང་བདག་ལ་སྩོལ། །འཇམ་དཔལ་གླིང་། རྣམ་དཔྱོད་དཔུང་པས་ཡོངས་བཏེགས་ཨུཏྤལ་སྟེང་། །ཤེས་རབ་རལ་གྲིས་རྨོངས་པའི་དྲ་བ་ཀུན། །བཅད་དེ་ཇི་ལྟ་ཇི་སྙེད་ཆོས་ཀུན་ལ། །སྨྲ་བའི་དབང་ཕྱུག་གྲུབ་པར་བདག་བྱིན་རློབས། །ཨཱརྱ་པ་གླིང་། སྔོན་གོམས་སྒོ་གསུམ་དོ་རར་མི་དགེའི་གར། །སྒྱུར་པའི་སྡིག་ཚོགས་ནག་པོའི་འབྲས་བུ་ཀུན། །དྲི་མ་ཆུ་ཡིས་འཁྲུད་བཞིན་ཡོངས་དག་པར། །བརྩེ་ལྡན་པད་དཀར་ཅན་དེས་རྗེས་གཟུངས་མཛོད། །བྱམས་པ་ཆེན་པོའི་ཏིང་འཛིན་ཟད་མེད་ཆུས། །འཇིག་རྟེན་བརླང་པོར་སྤྱོད་པའི་བདུད་བཞིའི་མེ། །བཅིལ་ནས་མགོན་ཁྱོད་བྱང་ཆུབ་ཤིང་དྲུང་དུ། །མངོན་སངས་རྒྱས་ཚེ་འཁོར་དུ་ལུང་སྟོན་ཤོག །སེམས་བསྐྱེད་གླིང་། སྲིད་ཞིའི་འདམ་ལ་མ་ཆགས་བྱམས་པ་གླིང་། པདྨ་ཡི། །ཐུགས་རྗེའི་སྤྱན་དཀྱུས་རིང་པོ་འགྲོ་ཀུན་ལ། །ཞུགས་པས་རྒྱལ་སྲས་སྤྱོད་པའི་ཙནྡན་དྲིས། །རང་བདེ་དམན་ལམ་ཚ་གདུང་ཞི་བར་ཤོག །ཁྲིམས་ཁང་གླིང་། སྒོ་གསུམ་ཉོན་མོངས་གླང་པོ་ཉེར་འདུལ་བ། །བག་ཡོད་ཁྲིམས་ཀྱི་ལྕགས་ཀྱུ་རྣོན་པོ་ཡིས། །མངོན་མཐོའི་ལམ་དུ་བདེ་བར་བགྲོད་ནུས་པར། །བསྟན་པའི་གཙོ་དེས་རྟག་ཏུ་ཐུགས་རྗེས་སྐྱོངས། །བརྡ་སྦྱོར་ཚང་མང་གླིང་། ཟས་གཙང་(༧༤ན)


GLG018_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་དང་དེའི་གསུང་སློབ་མར་བཅས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་ཚོགས་སྤྲིན། །ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལྟར། །སྤྱོད་པའི་བསོད་ནམས་རྒྱ་མཚོར་བདག་གྱུར་ཅིག །བདུད་འདུལ་སྔགས་པ་གླིང་། དྲང་ངེས་བཀའ་དང་དགོངས་འགྲེལ་བསྟན་བཅོས་ཀུན། །ཐོས་བསམ་སྒོམ་པར་བྱེད་ལ་འཚེ་བའི་གེགས། །བྱང་ཆུབ་མཆོག་གི་མཐུ་སྟོབས་ཆེན་པོ་ཡིས། །རབ་བཅོམ་རྡོ་རྗེའི་གུར་དུ་བྱིན་གྱིས་རློབས། །སྒྲ་བསྒྱུར་རྒྱ་གར་གླིང་། རྒྱལ་གསུང་དགོངས་འགྲེལ་ལེགས་སྦྱར་ལྷ་ཡི་སྐད། །བརྡ་སྤྲོད་གཞུང་གིས་སྒྱུར་ནུས་འཇིག་རྟེན་མིག །ལོ་པཎ་རྣམ་པར་ཐར་པའི་རྗེས་ཞུགས་ནས། །བསྟན་ལ་བྱ་བ་བྱེད་པར་བདག་བྱིན་རློབས། །བཻ་ཙ་གླིང་། །སོ་སོ་ཐར་ནས་ཨ་ཏི་ཡོ་གའི་བར། །ཐེག་པའི་རིམ་པ་མ་ནོར་ཉམས་བླངས་ཏེ། །རྣམ་མཁྱེན་ཐོབ་པའི་ཐབས་སུ་ཐུབ་བསྟན་ཀུན། །གདམས་པར་འཆར་བའི་བྱིན་རླབས་སྙིང་འཇུག་མཛོད། །བསམ་གཏན་གླིང་། རྣམ་རྟོག་ཉོན་མོངས་འཁྲུགས་པའི་བུད་ཤིང་ཀུན། །བསམ་གཏན་ཞུགས་ཀྱིས་མ་ལུས་བསྲེགས་བྱས་ནས། །ཚངས་པ་ལྷ་ཡི་མེ་ཏོག་ཇི་བཞིན་དུ། །གཡོ་མེད་ཏིང་འཛིན་བརྟན་པོ་ཐོབ་པར་ཤོག །རིན་ཆེན་གླིང་། ཀུན་ལ་སྙོམས་པར་འཇུག་པའི་ཞིང་ས་ལ། །རིན་ཆེན་སེམས་ཀྱིས་ས་བོན་བརྩེ་ལྡན་ཆུས། །བརླན་པས་བདེ་སྐྱིད་རོ་བརྒྱ་བདའ་བའི་གཡང་། །གངས་ཅན་ར་བ་དཀར་པོར་ཆགས་པར་མཛོད། །(༧༤བ)


GLG018_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དཀོར་མཛོད་གླིང་། མཐོང་བས་ཡིད་ལ་རབ་དགའི་དཔལ་སྟེར་བ། །འདྲེན་པ་མཆོག་གིས་སཱ་ལའི་སྨན་ལྗོངས་འདིར། །རྣམ་མང་ཐོས་པའི་སྲས་ཀྱི་བང་མཛོད་ལྟར། །ཕུན་ཚོགས་འབྱོར་པའི་དཔལ་ལ་སྤྱོད་གྱུར་ཅིག །ཁྲུས་ཁང་གླིང་། བསྐལ་པར་གོམས་པའི་དུག་གསུམ་དྲི་མ་རྣམས། །ཐོས་བསམ་སྒོམ་གསུམ་ཆབ་ཀྱིས་དག་བྱས་པ། །བཟང་པོའི་སྐལ་པ་ཅན་གྱུར་ཟ་མ་ཏོག །གཏན་བདེའི་བདུད་རྩིའི་བཅུད་ཀྱིས་གང་བར་ཤོག །ཚང་མང་ཀེ་རུ་གླིང་། ནམ་ཡང་གཞལ་དཀའི་དྲིན་གྱིས་སྤུར་རྒྱལ་བོད། །ལེགས་བསྐྱངས་མཁན་སློབ་ཟུང་ལ་བསྙེན་བཀུར་བ། །སྔོན་བྱོན་སྤྲུལ་པའི་རྒྱལ་བློན་མཛད་པ་བཞིན། །རྟག་ཏུ་ཐེག་མཆོག་བཤེས་དང་མི་འབྲལ་ཤོག །མཐུ་རྩལ་ཀླུ་གླིང་། གསང་འཛིན་ལག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས། །གདེངས་ཅན་ནག་པོའི་ནུས་པ་ཟིལ་མནན་ཅིང་། །དཀར་ཕྱོགས་སྐྱོང་བས་ཆར་ཆུ་དུས་འབེབས་སོགས། །འཇིག་རྟེན་ཀུན་ལ་བདེ་སྐྱིད་སྤེལ་བར་ཤོག །མཆོད་རྟེན་དཀར་པོ། ཟླ་བས་ལན་བརྒྱར་བྱུགས་པ་གངྒཱའི་ཡབ། །ཏེ་སེའི་མཛེས་པ་རབ་འཕྲོག་མཆོད་སྡོང་ཆེ། །འཇིགས་མེད་གདོང་ལྔའི་རྒྱུད་ཀྱི་དབྱངས་སྙན་པོས། །རྒུད་པའི་གླང་ཆེན་སྤྱི་བོ་འགེམས་པར་ཤོག །མཆོད་རྟེན་དམར་པོ། ཨུཏྤལ་དམར་པོའི་འདབ་སྟོང་ཡོངས་གྲོལ་བའི། །རྒྱན་གྱི་ཁྱད་འཕགས་པད་རག་རྡུལ་བརྩེགས་ཀྱི། ཁེངས་པ་འཕྲོག་དང་ལྷན་ཅིག་བརྟན་གཡོའི་དངོས། །ཀུན་གྱིས་བཏུད་བྱའི་གནས་སུ་འགྱུར་བར་ཤོག །(༧༥ན)


GLG018_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་ནག་པོ། མིག་སྨན་ལྟར་གནག་སྟང་ཟིལ་ཉེར་བརྩེགས་རི། །དམ་པའི་གཟུགས་བརྙན་རྒྱན་གྱིས་རབ་དཔའ་བ། །བདེ་བར་གཤེགས་པའི་མཆོད་སྡོང་གཟི་བྱིན་གྱིས། །དགྲ་བགེགས་དཔུང་ཚོགས་མིང་གི་ལྷག་མར་ཤོག །མཆོད་རྟེན་སྔོན་པོ། བཀྲ་ཤིས་སྒོ་མང་ལྷ་ཡི་ཁང་བཟང་གིས། །མངོན་པར་སྤུད་པའི་ཨིནྡྲནཱི་ལ་ལྟར། །རབ་མཛེས་བདེ་བར་ཡོངས་གཤེགས་ཐུགས་རྟེན་གྱིས། །ཆོས་ནོར་འདོད་པ་ཐར་པའི་སྒོ་འབྱེད་ཤོག །ཁམས་གསུམ་གླིང་། མི་དགེའི་ཟོང་གིས་བདེ་ནོར་བསྒྲུབ་འདོད་པའི། །འཁྲུལ་པས་རང་ཉེས་མྱ་ངམ་ཐང་ཡངས་པོར། །མནར་པའི་འགྲོན་རྣམས་མངོན་མཐོའི་གྲོང་ཁྱེར་དུ། །མ་འདྲིས་མཛའ་བཤེས་ཁྱོད་ཀྱིས་དབུགས་ཕྱུང་ཞིག །སྒྱུ་མའི་འཕྲུལ་ལྟར་བཟོ་ཁྱད་བཅུ་གསུམ་གྱིས། །ངོ་མཚརབཀོད་པ་རྒྱ་མཚོའི་གནྡྷོལ། །དབང་གཞུ་ལྟར་བཀྲ་རིགས་ལྔའི་ལྷ་ཚོགས་ཀྱིས། །མཐོང་ཐོས་དྲན་རེག་དོན་ལྡན་རླབ་ཏུ་གསོལ། །དགེ་རྒྱས་གླིང་། འོག་མིན་ཞིང་ནས་ཐུགས་རྗེ་ཞུན་མའི་ལུགས། །མེ་ལོང་ཡེ་ཤེས་བཞིན་ལག་གཟུགས་འཁྱིལ་བ། །གཙོ་དང་འཁོར་དུ་བཏགས་པའི་རྒྱལ་རྣམས་ཀྱིས། །བསམས་པའི་རེ་སྐོང་དཔག་བསམ་ཡོངས་འདུར་མཛོད། །པེ་ཧར་སངས་རྒྱས་ཀུན་དངོས་པདྨ་ཐོད་ཕྲེང་གིས། །སྣང་སྲིད་ལྷ་སྲིན་ཡོངས་ཀྱི་དམག་དཔོན་དུ། །རྒྱལ་མཚན་རྟགས་ཀྱི་དབང་བསྐུར་ཕྱོགས་(༧༥བ)


GLG018_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལས། །རྣམ་པར་རྒྱལ་བའི་རྒྱལ་ཆེན་པེ་ཧ་ར། །གསང་ཡུམ་སྤྲུལ་པ་ཡང་སྤྲུལ་བློན་པོར་བཅས། །གཏུམ་དྲག་རབ་འབར་གཟི་བརྗིད་ཉི་མ་བརྒྱའི། །དཔལ་ལས་ལྷག་པར་འབར་བའི་མཐུ་སྟོབས་ཀྱི། །ནམ་མཁའི་རྡོ་རྗེས་དགྲ་བོའི་སྙིང་ག་འབིགས། །ལྷ་ཁྱོད་བསྟན་པའི་མེལ་ཚེའི་གཡར་དམ་གྱིས། །གཡུལ་ངོར་ཆས་པའི་དམག་གི་སྣ་འདྲེན་པ། ཁྲོ་གཉེར་སྨིན་མཚམས་བསྡུས་ཏེ་སྲིད་པ་གསུམ། །རྫུ་འཕྲུལ་ཤུགས་ཀྱིས་སྐོར་བའི་ཙི་དམར་པ། །མི་བསྲུན་དགྲ་སྡེའི་དཔུང་རྣམས་མི་རྟག་པའི། །ལམ་དུ་འགོད་ལ་འཆི་བདག་གཤིན་རྗེའི་ཁ། །གདངས་འདྲའི་ལྷ་ཆེན་མངག་གཞུག་བཅས་རྣམས་ཀྱིས། །བདུད་སྡེའི་གཡུལ་ལས་རྒྱལ་བའི་རྫ་རྔ་རྡུངས། །དགའ་ལྡན་ཆོས་སྲིད་ཟུང་ལྡན་ཉི་ཟླའི་ཁམས། །ཡིད་སྲུབས་སྒྲ་གཅན་ལམ་ལས་རྟག་ལྡོག་ནས། །སྡིག་ཏོའི་མུན་སྟུག་ཕྱུང་སྟེ་སྲིད་དང་ཞིའི། །ལེགས་ཚོགས་སྣང་བའི་དགའ་སྟོན་འབར་བར་མཛོད། །ཙི་དམར་པ། བྱུ་རུའི་ལྷུན་པོ་ཉི་མ་འབུམ་གྱི་གོས། །ཀླུབས་པའི་བརྗིད་ལྡན་གནོད་སྦྱིན་དབང་པོ་ལ། །ཕུན་ཚོགས་འདོད་རྒུའི་དཔལ་གྱིས་ཚིམ་བྱེད་ན། །བསམ་དོན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །མཆིམས་ཕུ་གསང་ཕུག །སྙན་འགྱུར་ཉམས་དང་ལྡན་པ་ཚངས་པའི་གསུང་། །ཡན་ལག་དྲུག་ཅུའི་དབྱངས་ཀྱིས་གདུལ་བྱའི་རྣར། །ཐེག་མཆོག་ཟིལ་དངར་བབས་པ་གསང་བའི་ཕུག །རྩ་གསུམ་རྣམ་རོལ་གཞལ་ཡས་ཁང་ཆེན་པོར། །ལོ་ཆེན་བཻ་(༧༦ན)


GLG018_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རོའི་ཕྱག་སོར་གྱིས་བསྐྲུན་པའི། །དུས་གསུམ་སངས་རྒྱས་མ་ལུས་གཅིག་བསྡུས་པ། །པདྨ་ཀ་རའི་སྣང་བརྙན་ཡིད་བཞིན་ནོར། །མཐོང་ཐོས་དྲན་རེག་དོན་དང་ལྡན་པ་ཡིས། །སྣང་སྲིད་ཆོས་ཀུན་རིག་པའི་རང་རྩལ་དུ། །ཤར་བས་མཆོག་དང་མཐུན་མོང་དངོས་གྲུབ་ཀུན། །བསམས་པ་ཇི་བཞིན་ལྷུན་གྱིས་ཡོངས་གྲུབ་པར། །པདྨ་ཐོད་ཕྲེང་དང་མཚུངས་བདག་བྱིན་རློབས། །ལྷ་མོ་རིགས་འཛིན་མ། གངས་ཅན་བསྟན་སྐྱོང་རིགས་འཛིན་དབང་མོ་ཡིས། །མི་མཐུན་ཉེས་པའི་དྲི་མ་ཀུན་ཁྲུས་ལ། །ཚེ་དཔལ་དབང་ཐང་རླུང་རྟ་ཡར་སྐྱེད་དར། །སྲིད་པའི་རྩེར་སོན་བར་དུ་འཕྱར་བར་མཛོད། །དགེ་རྒྱས་གྱི་དམག་ཟོར་མར། མཐུ་སྟོབས་རླབས་འཕྲེང་ཚངས་པའི་ཡུལ་ས་ཆེར། །རབ་འགོངས་འདོད་ཁམས་དབང་མོའི་ཆུ་གཏེར་ནས། །ལས་བཞིའི་ཟླ་ཉི་ས་སྲུང་བདུད་རྩིའི་གཏེར། །འབད་མེད་ལག་རྩེར་སྩོལ་བའི་སྐལ་བཟང་མཛོད། །གར་དབང་པདྨའི་རིགས་ལྡན་དབང་ཆེན་ལྷ། །རྟ་སྐད་དྲག་པོར་བཞད་པའི་སྒྲ་དབྱངས་ཀྱིས། །བར་དུ་གཅོད་བྱེད་གདོན་བགེགས་ཀུན་ཆོམས་ལ། །སྣང་སྲིད་དྲེགས་པའི་ཚོགས་ལ་མངའ་སྒྱུར་མཛོད། །ཨཱཪྻཔ་གླིང་གི་རྟ་མགྲིན་བོད་ཤིང་སྒོ་ཅན་གྱི་རྒྱལ་སྲིད་མི་ཉམས་པའི་རྟེན་འབྲེལ་དུ་ར་ས་འཕྲུལ་སྣང་གི་སྲུང་མ་དུང་སྐྱོང་རྒྱལ་མོ་ལ་ཆུ་སྟག་ཟླ་བ་དྲུག་པའི་ཚེས་གཅིག་ཉིན་གསེར་ཟངས་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་ཕུལ་བའི་དུས་སྙན་ཤལ་ཁ་ཡིག་བསོད་ནམས་ཉི་མ་བདུན་འབར། (༧༦བ)


GLG018_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ལྟར་ལྷ་ཀླུ་བདུད་སྲིན་གནོད་སྦྱིན་གྱི། །མ་སྲིན་ཆུང་མའི་རྣམ་རོལ་འཇིག་རྟེན་ཚུལ། །བསྟན་ཀྱང་ནང་དུ་དབང་ཕྱུག་ཉེར་བརྒྱད་གཙོ། །གསང་བ་འཁོར་ལོ་རྒྱས་འདེབས་ཌཱ་ཀི་མ། །ཨེ་མ་དེ་ཀུན་སེམས་ཉིད་གཅིག་པུའི་འཁྲུལ། །སྣ་ཚོགས་འཆར་སྒོའི་རང་མདངས་འགག་མེད་པ། །དཔྱད་ཚེ་གཉིས་འཛིན་འཁྲུལ་པའི་ཕ་རོལ་དུ། །རིག་པའི་རང་རྩལ་རྫོགས་པའི་ལྷ་གཅིག་པུ། །འོན་ཏེ་དག་གསལ་དབྱིངས་ཀྱི་ལྷ་ལམ་ན། །དབང་པོའི་གཞུ་རིས་བཀྲ་བའི་ལྟད་མོ་བཞིན། །རྒྱལ་ཀུན་བསྟན་སྲུང་དབང་མོ་དུང་སྐྱོང་མའི། །མཚན་སྙན་དྲི་ཟའི་རྒྱུད་མངས་རྣ་བའི་དཔྱིད། །ནག་ཕྱོགས་མུན་པའི་སྨག་རུམ་མཐར་བྱེད་པ། །གསེར་སྦྱངས་སྣང་བ་རབ་འབར་འོད་པོ་ཆེ། །བསོད་ནམས་རྩིབས་སྟོང་འཁོར་ལོ་ཆེར་འཕགས་པ། །ཕུལ་བའི་འབྲས་བུ་དོན་བཞིན་སྨིན་པར་མཛོད། །སཱ་ལའི་ནགས་ཀྱི་ལྗོངས་འཁོད་ཡིད་ཅན་རྣམས། །བརྒྱད་ཁྲིའི་ཚེ་ལྡན་འཛམ་བུ་གླིང་པའི་མི། །ཇི་བཞིན་གདུང་བས་གཅོས་མིན་བདེ་སྐྱིད་ཀྱི། །རྩེ་དགའ་ཁོང་ནས་རབ་རྒོད་དགའ་སྟོན་སྩོལ། །དོན་ཀུན་གྲུབ་པའི་གསུང་རབ་བདུད་རྩིའི་བཅུད། །མཁྱེན་ཡངས་བློ་ཡི་ཟ་མ་ཏོག་འཁྱིལ་བ། །མཁས་བཙུན་བཟང་པོའི་གྲགས་པ་དོན་ལྡན་ཅན། །བསྟན་པ་བླ་ནས་བླར་འདེགས་འཕྲིན་ལས་སྒྲུབས། །ཡངས་པའི་ས་ལ་མང་པོས་ཡོངས་བཀུར་བ། །མཆོད་ཡོན་ཉི་ཟླ་ཟུང་དུ་འཇུག་པའི་(༧༧ན)


GLG018_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས། །སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་ཆེན་པོ་ཡི། །མཆོག་དམན་ལུས་ཅན་གཉའ་བར་རབ་ལྕི་མཛོད། །གཏུམ་དྲག་ཀུན་ཁྱབ་འཇུག་པ་བཅུ་ལྡན་པ། །མཐུ་སྟོབས་མི་ཡི་སེང་གེའི་སྡེར་མོའི་དབལ། །དགྲ་བགེགས་གསེར་ཅན་ལྟོ་བ་ཡོངས་ཕྲལ་ནས། །གསོད་པའི་མངོན་སྤྱོད་ལས་སྦྱོར་མྱུར་དུ་སྒྲུབས། །ཨུཏྤལ་ཟེ་འབྲུའི་བཅུད་བཞུ་ཐིག་ལེའི་མཆོག །རྣ་གོང་རྒྱུད་ལས་འཕོས་པའི་མིག་དཀྱུས་མདས། །ཚངས་པ་མི་མཇེད་ཞིང་གི་མངའ་འབངས་བཅས། །ཀུན་ཡིད་བརྟན་པ་ཕྲོགས་ཏེ་དབང་དུ་སྡུས། །ཆད་མེད་མཐོ་དམའ་ཀུན་འབབ་ཡང་སྲིད་ཀླུང་། །ནད་གདོན་དབུལ་འཁྲུག་སྒྲིབ་གཉིས་ཀྱིས་སྦགས་དུག །མཐོང་བས་རྣམ་གྲོལ་བྱིན་རླབས་ཆུ་ལྷའི་བུ། །རབ་གསལ་ཕན་བདེའི་ཡན་ལག་བརྒྱད་ལྡན་མཛོད། །རྣམ་སྨིན་རབ་ཏུ་ཆེས་དཀར་མུ་ཀྟི་ཀ །དགེ་ལེགས་འཁྲི་ཤིང་རྩེ་མོར་དུད་པའི་ཆར། །འཛད་མེད་རྟག་འབབ་བསོད་ནམས་སྤུངས་པའི་འོད། །ཉི་མ་བདུན་ལྟར་འབར་བའི་འཕྲིན་ལས་སྒྲུབས། །མཛེས་བྱེད་ཅེས་པ་ཆུ་ཡོས་གནམ་ལོ་གསར་ཚེས་དུས་སྲིད་གསུམ་བདག་མོ་མཆོད་སྐབས་དར་ཚོན་སྣ་ལྔའི་སྙན་དར་ཕུལ་བའི་ཁ་ཡིག་ལས་བཞིའི་ལྷུན་གྲུབ། དཀར་པོ། ཆོས་ནོར་འདོད་དང་ཐར་པའི་ཞལ་གྱི་སྒོའི། །མཆེ་བ་ལས་འཁྲུངས་ཚངས་པའི་བུ་མོ་ཞེས། །ཡིད་འཕྲོག་དབྱངས་ཀྱི་རྒྱལ་མོའི་རྒྱུད་མངས་གླུ། །སྒྲ་འཛིན་བཅུད་(༧༧བ)


GLG018_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལེན་པའི་ལྷ་ཁྱོད་དགོངས། །དུག་གསུམ་དེས་བསྐྱེད་སྲིད་ཞིའི་གདུང་བའི་མུན། །མཐར་བྱེད་ཞི་བའི་འཕྲིན་ལས་རྟ་ལྗང་ཅན། །བདེ་སྐྱིད་སྣང་བ་དམ་པ་འོད་པོ་ཆེ། །མི་འཛད་རྟག་ཏུ་འཆར་བའི་དཔལ་གྱིས་སྐྱོངས། ཁྱད་པར་བྱིན་རླབས་མཐོ་རིས་ཆུ་བོ་ཡིས། །བོད་ཡུལ་བསྟན་འགྲོའི་ཉེས་བརྒྱའི་དྲི་མ་ཀུན། །རབ་བཀྲུས་ཆེས་དཀར་དག་པའི་སྣོད་ཡངས་པོར། །ལེགས་བྱས་འབྲས་སྨིན་ཟིལ་དངར་འཁྱིལ་བར་མཛོད། །སེར་པོ། སྲིད་ཞིའི་དགེ་ལེགས་ན་ཚོད་དར་དྲག་པོར། །ཚོགས་གཉིས་བཅུད་ཀྱིས་བསྐྱེད་དུ་བསྲིང་པའི་གཟུགས། །གཟི་བྱིན་ཉི་མའི་དངོས་པོ་བརྒྱ་ཡི་ལུས། །ལེགས་འཛིན་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །སྒོ་གསུམ་བརྟས་བྱེད་སིམ་པའི་ཚོར་བ་ཡི། །རོ་བདའ་ལེགས་མྱངས་ཚེ་དཔལ་སྟོབས་འབྱོར་གཡང་། །རབ་ཆགས་འཆི་མེད་གཙོ་དང་སྐལ་མཉམ་པར། །སྤྱོད་པའི་འདོད་པ་ཡོངས་སུ་འཇོ་བར་མཛོད། །ཁ་བའི་ལྗོངས་འདིར་མཐའ་བཞིའི་ཡུལ་གྱི་དཔྱ། །མི་འཛད་འདུ་བའི་ལོངས་སྤྱོད་སྒོ་འབྱེད་གཡང་། །རྩི་བཅུད་འབྲུ་སོགས་སྣོད་ཀྱི་ཡོན་ཏན་ཀུན། །རྫོགས་ལྡན་དུས་ཀྱི་རྩེ་དགའ་དགོད་པར་མཛོད། །དམར་པོ། བཾ་ཡིག་ཐབས་མཆོག་དཔལ་ལྡན་ཧེ་རུ་ཀར། །ཨེ་ཡིག་ཤེས་རབ་འཁོར་ལོ་རྒྱས་འདེབས་མ། །རྗེས་ཆགས་སྒྲ་ཡིས་རྒྱལ་ཀུན་དབང་བསྡུས་ནས། །ཞུ་བདའི་མདངས་ཀྱིས་སྲིད་གསུམ་བརྟན་འཕྲོག་མ། །རྐང་སེན་ཟླ་བ་ཚེས་པ་ཕྲ་མོའི་ཆ། །སྲིད་གསུམ་དབང་ཕྱུག་ཀུན་གྱི་(༧༨ན)


GLG018_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རལ་པ་ཡི། །མཛེས་བྱེད་ཅོད་པན་རྟག་ཏུ་ཡོངས་སྦ་བས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་དེ་སྩོལ། །གངས་ཅན་མང་བཀུར་ཡངས་པའི་རྒྱལ་ཁབ་ན། །སྲིད་ཞིའི་ཕུན་ཚོགས་དངོས་ཀུན་རང་དབང་དུ། །གྱུར་ཏེ་ཚངས་གནས་ཡུལ་སའི་རྩེར་སོན་པ། །དུས་ཀྱི་བདག་པོའི་ལས་ཤུགས་འཐོབ་པར་མཛོད། །སྔོན་པོ། བསྟན་སྲུང་དྲེགས་པའི་དབུས་ན་སྲིད་པའི་རྒྱལ། །དབང་ཕྱུག་ཉེར་བརྒྱད་ཀུན་གྱི་གཙོ་མོའི་ཚུལ། །ཕུར་སྐྱོང་སྲུང་མའི་དབང་མོ་རེ་མ་ཏི། །མཐུ་སྟོབས་དྲག་ཤུལ་རྩལ་འཆང་དམག་ཟོར་མ། །གཉེན་སྲིད་སྡེ་དཔུང་གྱ་གྱུའི་སྒྱུ་ཐབས་ཀྱིས། །བསྟན་འགྲོའི་བདེ་ལེགས་འཕྲོག་པའི་ཆོམ་པོ་དང་། །རིང་འཁོན་གློ་བུར་བཀའ་འདས་དམ་ལོག་སོགས། །རིགས་འཛིན་སྒོས་དགྲའི་སྙིང་ཁྲག་ཞལ་དུ་དྲོངས། །སད་སེར་ཐན་པ་མི་ཕྱུག་ནད་མུག་དང་། །འཁྲུག་རྩོད་གཏོང་ཞིང་སྣོད་བཅུད་ཉམས་བྱེད་པའི། །བོད་ཁམས་ཕུང་འདྲེ་དམ་སྲི་འགོང་པོ་སོགས། །ནག་པོ་བདུད་སྡེའི་རུ་མཚོན་ས་ལ་སྙོལ། །ལྗང་གུ། རིང་ནས་མཆོད་བསྟེན་བསྒྲུབས་པ་ལྷག་པའི་ལྷ། །སྲིད་གསུམ་མངའ་བདག་དཔལ་ལྡན་ནམ་གྲུ་མ། །རེས་འགའ་དུང་སྐྱོང་རྒྱལ་མོའི་མཚན་སྙན་ཅན། །ཞལ་ཁྱིམ་སྟོན་ཟླ་ལྟར་དཀར་ངོམ་ཞིང་སྤྱོན། །དམ་རྫས་གཏོར་མའི་རི་བོ་མཁའ་ལ་བསྙེགས། །སྨན་ཕུད་རཀྟའི་བཏུང་བ་རྒྱ་མཚོར་བསྐྱིལ། །ཕྱི་ནང་གསང་མཆོད་དངོས་བཤམས་ཡིད་སྤྲུལ་ན། །(༧༨བ)


GLG018_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པར་རོལ་ལ་འཕྲིན་ལས་རྣམ་བཞི་སྒྲུབས། །མཆོད་བྱ་མཆོད་བྱེད་མཆོད་པའི་ངོ་བོ་ཀུན། །སེམས་ཉིད་གཅིག་པུའི་རྣམ་པར་འཕྲུལ་པ་སྟེ། །བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་རྣམས། །དབྱེར་མེད་མཆོད་པའི་མཆོག་འདི་ངོ་མཚར་རྨད། །ཀུན་ཁྱབ་ཛཱ་ཏིའི་དྲི་བསུང་འཕྲོ་བ་ནས། །ཤར་ཕྱོགས་རྒྱ་མཚོའི་མཐས་གཏུགས་ནོར་འཛིན་ལ། །ཞྭ་སེར་ཅོད་པཎ་ལེགས་འཆང་ཆོས་སྲིད་ཀྱི། །བསྟན་པའི་གདུགས་དཀར་གཅིག་གིས་ཁྱབ་པར་མཛོད། །བརྩེ་གདུང་ཐུགས་རྗེའི་དཔག་བསམ་ཡོངས་འདུ་ལས། །དངོས་གྲུབ་རྣམ་གཉིས་ཡིད་བཞིན་ནོར་བུའི་གཏེར། །དམ་ལྡན་རིག་འཛིན་སློབ་མར་བཅས་པ་ལ། །སྩོལ་བའི་བསམ་དོན་ལྷུན་གྱིས་གྲུབ་པར་མཛོད། །ཁམས་ཆབ་མདོའི་ཁུར་ལེན་ཞི་བ་བཟང་པོ་དང་། ཀོང་པོ་ཕན་བདེ་སྐུ་སྐྱེ་སྤུན་ཁོངས་གཅིག་པའི་ཁམས་ཀོང་ལག་སྤྲེལ་གྱིས་འབངས་གྱེན་ལོག་བྱས་སྐབས་མཁའ་འགྲོ་བློ་བཟང་བསྟན་སྐྱོང་གིས་ཐོག་དྲངས་སྣེ་སླེབས་སྒར་སྟོད་འགྲོན་པོ་སོགས་འཛོམ་ཐོག་ཞི་བ་བཟང་པོས་དཀར་ཡང་མ་ཐོན་པས་ཁམས་ཕྱོགས་རང་ཞིར་སོང་། །ཀོང་པོའི་ས་འགག་ལ་འཁྲ་བཟུང་གི་དམིགས་རྣམ་བྱས་པ་བསྟན་འཛིན་དཱ་ཡན་རྒྱལ་པོས་གཙོས་པའི་བོད་སོག་གི་དཔུང་ཁྲི་ཁྲག་ཏུ་ཉེ་བ་བཏེག་པས་མང་ཐལ་དུ་གྱུར་ཅིང་། །ཇོ་མོ་རྫོང་ཁྲ་ཁུལ་ལ་དམར་བཤལ། མཁྲིས་པ་རྩ་རྒྱུགས། སྨྱོ་འབོག་སོགས་ནད་སྣ་ཚོགས་ཀྱིས་མི་བཞི་བརྒྱ་ལྷག་ཙམ་འཇིག་རྟེན་ཕ་རོལ་དུ་སོང་སྟེ་འཇའ་ལྟར་ཡལ། །རང་ཕྱོགས་ནད་མེད་ས་གཙང་བ་བྱུང་བའི་ཚེ་བསྲུང་ཟློག་མནན་སྲེགས་འཕང་གསུམ་མདུན་བཤིག་ཁྲི་འབེབས་སོགས་ཇུས་རིམ་(༧༩ན)


GLG018_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་རྣམས་གནད་དུ་སོང་བའི་ཚེ་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་སུ་ཆོས་སྲུང་རྒྱ་མཚོར་གཏང་རག་ཕུལ་བའི་སྙན་དར་ཁ་ཡིག་བདུད་ལས་རྣམ་པར་རྒྱལ་བའི་དར་ཆེན། དར་སེར་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཀུན་འདུས་པ། །དངོས་གྲུབ་གཏེར་གྱུར་རྡོ་རྗེ་དྲག་པོ་རྩལ། །རིག་འཛིན་བླ་མ་མཆོག་མཆོད་བྱིན་རླབས་ཀྱིས། །བསམས་པའི་དོན་ཀུན་ལྷུན་གྱིས་གྲུབ་འདི་སྤྲོ། །དར་ལྗང་། ཀུན་ཁྱབ་འཕྲིན་ལས་འཁོར་ལོའི་བདག་ཉིད་ཅན། །དཔལ་ལྡན་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱིས། །བདུད་དང་དེས་བརླམས་དགྲ་བོ་ཚར་བཅད་པའི། །དགའ་སྟོན་ཀུན་བཟང་མཆོད་སྤྲིན་མཁའ་ཁྱབ་འབུལ། །དར་མཐིང་། སངས་རྒྱས་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཏེར། །འཇམ་དཔལ་དཔའ་བོ་དུས་དགྲའི་དབང་པོའི་གར། །རྣམ་རོལ་སྣང་སྲིད་ཟིལ་གནོན་ཧེ་རུ་ཀ །དེ་བཞིན་གཤེགས་པའི་རིགས་མཆོག་ཚེ་བདག་ལྷ། །འགྲོ་ལ་རྗེས་ཆགས་རབ་དམར་ཞལ་གྱི་སྒོ །ཆོས་ཀྱི་དབྱིངས་ནས་གདངས་པའི་ཧོམ་ཁུང་དུ། །མི་བསྲུན་དགྲ་དཔུང་ཚེ་སྲོག་སྟོབས་འབྱོར་ཀུན། །དགྱེས་རོལ་འཁོར་བའི་གཞི་རྩ་དྲུང་ནས་འབྱིན། །བསྒྲལ་བྱ་སྒྲོལ་བྱེད་ཐམས་ཅད་སེམས་ཉིད་ཀྱི། །རྟོག་ཚོགས་རི་མོར་བྲིས་ལས་གཞན་མིན་ཀྱང་། །ཀུན་རྫོབ་ཙམ་དུ་ཕྱི་ནང་གསང་མཆོད་ཚོགས། །སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་འབུལ། །དར་དཀར། བཅུ་གསུམ་འཁོར་ལོའི་བདག་ཉིད་བཀའ་སྡོད་བཅས། །(༧༩བ)


GLG018_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་སུམ་བརྩེགས་འཇིག་པ་མྱུར་མཛད་མགོན། །རྣམ་མང་ཐོས་པའི་སྲས་གྱུར་རྒྱལ་པོ་ཆེས། །འཕྲིན་ལས་ལྷུན་གྲུབ་དགའ་སྟོན་མཆོད་སྤྲིན་སྤྲོ། །དར་དཀར། ལེགས་ལྡན་ནག་པོ་གུར་མགོན་སྟོབས་འཕྲོག་ཞལ། །གཤིན་རྗེ་པུ་ཏྲ་གནོད་སྦྱིན་བེག་ཙེ་སོགས། །དམ་ཅན་རྒྱ་མཚོར་བཅས་པས་འཕྲིན་ལས་རྣམས། །བསྒྲུབས་པར་ཕྱི་ནང་གསང་བའི་མཆོད་པ་འབུལ། །དར་དམར། གཉེར་གཏད་དགྲ་དཔུང་ཆུ་སྲིན་མགྲིན་པའི་ནང་། །བསྐལ་པར་ཐར་མེད་རྒྱས་བཏབ་བཏང་རག་ཏུ། །སྨན་གཏོར་རཀྟའི་མཆོད་པ་ཉེར་འབུལ་ན། །བཞེས་ཤིག་ཀིང་ཀང་ལས་ཀྱི་མཐའ་སྡུད་བཅས། །དར་མཐིང་། ཞི་རྒྱས་དབང་དྲག་མངོན་སྤྱོད་ལས་བསྒྲུབས་པར། །དཀར་སེར་དམར་ནག་རོལ་གར་འཇའ་ཚོན་ལྟར། །རྣམ་བཀྲ་ངོ་མཚར་བཀོད་པ་རྒྱ་མཚོའི་རྡུལ། །དེ་སྙེད་གྲངས་སྟོན་དཔལ་ལྡན་དམག་ཟོར་མ། །རྩལ་ལྡན་ནགས་ཀྱི་དཔའ་བོ་ག་རྒྱས་རྩེར། །རུ་མཚོན་ནམ་མཁར་བསླངས་ཏེ་མངོན་ཕྱོགས་ནས། །མཛེས་ཞལ་འཛུམ་པར་བྱེད་ཚེ་མགོ་བོའི་ཕྲེང་། །ཀུན་བཟོད་རྒྱན་དུ་རིང་སྐྱོང་ངོ་མཚར་རྨད། །ནད་དང་རིམས་ཀྱི་རླང་པ་ན་བུན་ལྟར། །འཚུབ་པའི་རྐྱལ་པ་དགྲ་ལ་ཁ་ཕྱེ་ནས། །མི་རྟག་ལམ་དུ་འགྲོ་མང་ཉེར་ཁྲིད་པའི། །དྲག་སྦྱོར་འཕྲིན་ལས་ལེགས་བསྒྲུབས་གཏང་རག་ཏུ། །ཕྱི་མཆོད་ཡིད་འོང་ལྷ་ཡི་མདུན་ས་བཞིན། །ནང་མཆོད་སྲིན་པོའི་བཤས་རའི་རྗེས་(༨༠ན)


GLG018_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྲོ །གསང་མཆོད་བཅུ་དྲུག་ཆ་རྫོགས་དགའ་བ་བཞི། །ཀུན་ཀྱང་བདེ་སྟོང་ཟུང་འཇུག་ངང་ནས་འབུལ། །རང་རིགས་གདོད་མའི་རྡོར་སེམས་འདོད་ཁམས་མར། །ངོ་འཕྲོད་རང་ངོ་ཤེས་ནས་ལེགས་སྐྱོང་བ། །རྟག་ཏུ་འདུ་འབྲལ་མེད་པའི་རྣལ་འབྱོར་གྱི། །རྨད་བྱུང་མཆོད་པའི་མཆོག་འདི་ཨེ་མ་ཧོ། །དར་མཐིང་། ཆོས་སྐུ་ཡེ་དག་འཇམ་དཔལ་ཀུན་བཟང་ཀློང་། །སྒྲིབ་གཉིས་དྲི་མ་མ་ལུས་ཉེར་ཞི་ཡང་། །འགྲོ་བའི་གཉིས་འཛིན་འཁྲུལ་ངོར་ཚེ་སྲོག་བླ། །ཧབ་ཟ་རྐན་སྒྲ་རྡེབ་པ་འཆི་བདག་གིས། །བསམ་ངན་སྦྱོར་རྩུབ་འཆང་བ་དགྲ་བོ་ཡི། །སྙིང་ཁྲག་ཧུབ་ཀྱིས་དྲངས་པའི་གཏང་རག་ཏུ། ཁྲག་ཆང་སྐྱེམས་ཀྱི་བཏུང་བ་མཚོ་ལྟར་བསྐྱིལ། །དམར་ཆེན་གཏོར་མ་རི་ལྟར་སྤུངས་འདི་བཞེས། །དར་དཀར། མཛེས་སྡུག་འཇོ་སྒེག་ཉམས་ལྡན་ཡིད་འོང་ལྷ། །དྲན་པས་འདོད་རྒུའི་དཔལ་སྟེར་དཔག་བསམ་དབང་། །སྲིད་ཞིའི་གདུང་སེལ་དཔལ་ལྡན་དུང་སྐྱོང་མ། །ཉ་རྒྱས་ཟླ་འདྲའི་ཞལ་ཁྱིམ་འཛུམ་ལྡན་ཅན། །ཁྱོད་འཁོར་བོད་སྐྱོང་བསྟན་མ་བཅུ་གཉིས་ཞེས། །རེས་འགའ་སྲིན་མོའི་ཆ་ལུགས་འཇིགས་རུང་སྟོན། །ཕལ་ཆེར་དར་ཟབ་གོས་དང་རིན་ཆེན་རྒྱན། །རྗེས་ཆགས་ཞི་དང་རྒྱས་པའི་རྩེ་འཇོར་རོལ། །ཀྭ་ཡེ་གངས་ཅན་ལྗོངས་ཀྱི་བདེ་སྐྱིད་ནོར། །འཕྲོག་པའི་ཆོམ་རྐུན་མི་བསྲུན་དགྲ་སྡེའི་དཔུང་། །རྩད་ནས་བཅད་པའི་དགའ་སྟོན་མཆོད་ཚོགས་སྤྲིན། །དངོས་བཤམས་ཏིང་འཛིན་སྔགས་(༨༠བ)


GLG018_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མང་པོར་སྤེལ། །དར་དཀར། ཀོང་བཙུན་དེ་མོ་སྨན་སྐྱོང་ཡོངས་ཀྱི་གཙོར། །འཕྲིན་ལས་གཉེར་གཏད་ཇི་བཞིན་གྲུབ་པ་ཡི། །དབང་པོ་སྒོ་ལྔར་དགྱེས་བྱེད་མཆོད་པའི་ཚོགས། །འཆི་མེད་ལམ་ཀུན་ཁྱབ་པར་སྤྲོས་ཏེ་འབུལ། །དར་ལྗང་། སྔགས་སྲུང་ཐང་ལྷ་སྟག་གཞོན་བདུད་མགོན་ནག །ཁྱབ་འཇུག་ཆེན་པོ་སྐྱེས་མཆོག་རྡོ་རྗེ་ལེགས། །ཕུར་སྐྱོང་དཀར་བདུད་མཐུ་ཆེན་སྡེ་བཞི་སོགས། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་དམག་ཚོགས་ཀྱེ། །ཟས་ཀྱི་སྐལ་བར་གཏད་པ་ལོག་འདྲེན་དགྲ །དཔུང་བཅས་སྲིད་སྡེ་མྱ་ངན་ཁང་བུ་རུ། །བཅུག་པའི་སྔར་བཅོལ་ལེགས་པའི་གཏང་རག་ཏུ། །སྨན་གཏོར་རཀྟ་ཕྱི་ནང་མཆོད་པ་འབུལ། །དར་དཀར། ཉི་མ་འཆར་ཀའི་མདངས་ལྡན་མིག་ཟླུམ་དགྲར། །བལྟ་བའི་ཤུགས་ཀྱིས་དོན་སྙིང་ཚལ་པ་བརྒྱར། །འགས་ནུས་སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་པོ། །ཡུམ་ཆེན་ཕོ་ཉ་བློན་པོར་བཅས་པ་དང་། །སྡེ་བརྒྱད་དྲེགས་པའི་དམག་གི་དཔུང་ཚོགས་ཀྱི། །ལས་ཀྱི་ཁ་ལོ་སྒྱུར་བྱེད་ཙི་དམར་བ། །གནོད་སྦྱིན་བཙན་རྒོད་ཆེན་པོ་འཁོར་བཅས་ཀྱིས། །སྔར་བཅོལ་འཕྲིན་ལས་བསྒྲུབས་པའི་དགའ་སྟོན་དུ། །སྟེང་ན་དམ་རྫས་གཏོར་མ་འཕྱུར་བུར་སྤུངས། །འོག་ཏུ་ཁྲག་གི་རྒྱ་མཚོ་རྦ་གློང་འཁྲུག །ཉེར་སྤྱོད་ལྔ་བསྒྲེང་རོལ་མོ་འབྲུག་སྟོང་ལྡིར། །གཟུགས་སྒྲ་དྲི་རོ་རེག་བྱར་བཅས་པ་སྤེལ། །དར་དཀར་པོ། དབང་ཕྱུག་གཤིན་རྗེ་མ་བདུད་པེ་ཧ་ར། །ཚངས་པ་རྡོར་ལེགས་ཁྱབ་འཇུག་གནོད་སྦྱིན་སྲིན། །མགོན་ནག་(༨༡ན)


GLG018_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བམ་ཆེན་དམུ་དང་གུ་ལང་ནག །ཤམ་པོ་བྲག་བཙན་གནམ་ཐེ་དཀར་པོ་དང་། །ཡམ་ཤུད་བགེགས་རྒྱལ་ཀླུ་བདུད་ནག་པོ་སོགས། །དྲག་པོའི་ལས་མཛད་དྲེགས་པའི་སྡེ་དཔོན་ཆེ། །འཁོར་དང་བཅས་ལ་ཕྱི་ནང་གསང་མཆོད་ཀྱེ། །སྔར་བཅོལ་གཏང་རག་འབུལ་ལོ་དགྱེས་པར་རོལ། །ཆུ་ཡོས་ནག་པ་ཟླ་བའི་བརྒྱད་གཏོར་གྱི་ཉིན་གདོང་བཞི་མགོན་པོར་ཕུལ་བའི་སྙན་དར་ཞལ་ཡིག་ཐབས་ཤེས་ཟུང་འཇུག །ཨེ་ཡིག་སྟོང་ཆེན་ཆོས་སྐུའི་མཁའ་དབྱིངས་ལས། །ཝཾ་ཡིག་བདེ་ཆེན་གཟུགས་སྐུ་ཁྲོ་བོའི་གར། །གླིང་བཞི་རི་རབ་བཏིང་པའི་གདན་སྟེང་ན། །གྱད་ཀྱི་དོར་སྟབས་ཚུལ་འགྱིང་སྟོབས་འཕྲོག་དབང་། །ཨེ་མ་ཕྱི་རོལ་སྡེ་བརྒྱད་དམག་དཔོན་དུ། །ལེགས་ལྡན་གདོང་བཞི་ལས་བྱེད་ཕོ་ཉར་བཅས། །རྣམ་རྟོག་འཁྲུལ་ངོའི་སེམས་ཀྱི་ཆུ་མཚོའི་ནང་། །ཀུན་རྫོབ་རྫུན་པའི་སྣང་བ་འབྱམས་སུ་ཀླས། །འོན་ཏེ་རྩ་ཁམས་རླུང་གི་ངོ་བོ་རུ། །གཞི་ལམ་འབྲས་བུར་ལྷུན་གྱིས་གྲུབ་པའི་ལྷ། །དེ་ཡང་རང་སེམས་གསལ་སྟོང་ཟུང་འཇུག་ཏུ། །ངོ་འཕྲོད་གདོད་མའི་མགོན་པོ་ལས་གཞན་སུ། །མཆོད་བྱ་མཆོད་བྱེད་མཆོད་པའི་ངོ་བོ་ཀུན། །བྱར་མེད་བློ་འདས་མཁའ་ལས་འཇའ་ཚོན་ལྟར། །ཕྱི་ནང་གསང་རྫས་ཀུན་ཏུ་བཟང་པོ་ཡི། །རྨད་བྱུང་མཆོད་པའི་སྤྲིན་ཕུང་འདི་ཀོ་མཚར། །རྒྱལ་བའི་བསྟན་དང་ལུས་ཅན་ཕན་བདེའི་ནོར། །དབྱར་མཚོ་ལྟ་བུར་བླ་ནས་བླར་འདེག་ཅིང་། །སྔགས་འཆང་བདག་གིས་བཅོལ་བའི་འཕྲིན་ལས་བཞི། །བསམ་པ་ཇི་(༨༡བ)


GLG018_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལྷུན་གྱིས་གྲུབ་པར་མཛོད། །མཛེས་བྱེད་ཀྱི་ལོ་མཆོད་དཔོན་བློ་བཟང་མཐུ་སྟོབས་དང་། དབུ་མཛད་བློ་བཟང་ཡོན་ཏན་གཉིས་ཀྱིས་གསང་སྔགས་ཕོ་བྲང་ཀ་གླིང་གཅིག་གི་གནམ་རྒྱན་ཕུལ་བའི་ཁ་ཡིག་དངོས་གྲུབ་གཏེར་མཛོད། རྣམ་པར་རྒྱལ་བའི་དངོས་གྲུབ་བྱེ་བའི་གཏེར། །ཕན་བདེའི་དགེ་ལེགས་སྤེལ་པའི་བཤད་སྒྲུབ་སྟེ། །ཁྲིམས་ལྡན་འདུས་པའི་རིག་འཛིན་གླིང་གི་མཆོག །གསང་བ་སྔགས་ཀྱི་ཕོ་བྲང་གནམ་རྒྱན་དུ། །རྒྱ་གྲམ་རྟགས་བརྒྱད་རི་མོའི་བུམ་གདན་དང་། །བར་སྣང་ས་གཞི་མཛོད་རིས་གོས་བསྒྲིགས་འདི། །དམ་རྫས་ངོ་མཚར་རྒྱན་གྱིས་མཆོད་སྤྲིན་དང་། །རྔམས་བརྗིད་སྙན་འགྱུར་དབྱངས་ཀྱི་བྱང་འདྲེན་པ། །གཏོང་ཕོད་བློ་དང་ལྷག་བསམ་བཟང་པོ་དག །བརྩོན་པའི་མཐུ་ལས་སྙིང་སྟོབས་ཡོན་ཏན་གྱིས། །ཕུལ་བའི་ལེགས་བྱས་ས་བོན་ཡོངས་སྨིན་པའི། །འདི་དང་གཏན་འདུན་སྙེ་མ་གཡུར་ཟ་ཤོག །ཞྭ་སེར་ཅོད་པན་འཆང་བའི་ལུང་རྟོགས་ཀྱི། །བསྟན་པ་སྤྱི་དང་ཁྱད་པར་ཕན་དང་བདེའི། །འབྱུང་གནས་རྡོ་རྗེ་ཐེག་པའི་ལེགས་བཤད་གླིང་། །སྲིད་པའི་མཐའ་ཅན་དེ་སྲིད་རྒྱས་གྱུར་ཅིག །བསོད་ནམས་རྒྱ་མཚོའི་ཞིང་ལ་རི་མོ་རུ། །བགྱིས་པའི་དགེ་ཚོགས་དབྱར་གྱི་ཆུ་གཏེར་ཆེ། །མངོན་པར་འཕེལ་གང་མཁའ་མཉམ་མར་གྱུར་འགྲོ །ཀུན་མཁྱེན་ཡེ་ཤེས་ཐོབ་པའི་རྒྱུར་གྱུར་ཅིག །དབུ་མཛད་མཆོད་དཔོན་གཉིས་ཀྱིས་ཕན་བདེ་ལེགས་བཤད་གླིང་པའི་སྤྱི་རྫས་སུ་འཕན་སུམ་ཅུ་དང་ཕྱེ་ཕུར་གཅིག་ཕུལ་བའི་ཁ་ཡིག་མཆོད་སྤྲིན་རྒྱ་མཚོ། ནམ་མཁའ་བར་སྣང་ས་གཞི་མཛོད་རིས་སོགས། །རྣམ་པར་བཀྲ་བའི་གན་(༨༢ན)


GLG018_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གོས་བཟང་བསྒྲིགས་ལས། །ལེགས་གྲུབ་སུམ་ཅུའི་གྲངས་ལྡན་འཕན་ཕུལ་དགེས། །བདག་གཞན་འགྲོ་ཀུན་བདེ་སྐྱིད་ལ་སྤྱོད་ཤོག །ཕྱེ་ཕུར། ཁ་དོག་རྣམ་པར་བཀྲ་བའི་དར་དཔྱངས་ཚོགས། །ཚར་དུ་ལེགས་དངར་བཀོད་མཛེས་མཆོད་པའི་སྤྲིན། །དཀོན་ཅོག་རིན་ཆེན་རྣམ་གསུམ་སྤྱན་སྔ་རུ། །འབུལ་ན་སྲིད་ཞིའི་ལེགས་ཚོགས་ལྷུན་གྲུབ་ཤོག །ཆུ་ཡོས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་སུ་འདོད་ཁམས་དབང་མོ་དགྱེས་པ་བསྐྱེད་པའི་མདོས་བསྐང་འབུམ་ཐེར་བཙུགས་སྐབས་སྙན་ཤལ་ཕུལ་བའི་ཁ་ཡིག་ཞིང་ཁམས་རྒྱ་མཚོ། སྲ་བརྟན་ལྕགས་རིའི་ཁོར་ཡུག་གཅིག་གྱུར་ནང་། །རིན་ཅེན་ལྷུན་པོ་གླིང་བཞི་གླིང་ཕྲན་དང་། །ལྷ་མིའི་འདོད་ཡོན་མཁོ་དགུའི་འབྱོར་པ་ཀུན། །ལེགས་སྤུངས་ནམ་མཁའ་མཛོད་ཀྱི་སྒོ་ཕྱེའི་མདོས། །རྒྱལ་ཡུམ་ངག་གི་དབང་ཕྱུག་དབྱངས་ཅན་ལྷ། །འདོད་ཁམས་བདག་མོའི་རྣམ་རོལ་དམག་ཟོར་མ། །འཁོར་བཅས་ཟག་མེད་དབྱིངས་ནས་དགྱེས་པའི་ཞལ། །འཛུམ་བྱེད་ཀུན་བཟང་མཆོད་སྤྲིན་འདི་སྤྲོ་ན། །དགའ་བའི་དཔལ་དང་ལྡན་པའི་ཕོ་བྲང་ཆེའི། །ཆོས་སྲིད་འབངས་དང་བཅས་པའི་བདེ་སྐྱིད་སྲོག །འཕྲོག་བྱེད་གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །སྡེ་བཅས་ཕྲ་རག་རྡུལ་ཕྲན་བཞིན་དུ་རློག །དཀར་མིན་འབྲས་ངན་དེ་བསྐྱེད་སྒྲིབ་གཉིས་མུན། །བྱིན་རླབས་ཉི་མའི་གཟི་ཡིས་མཐར་བསྐྲད་ཅིང་། །བརྟན་གཡོ་དབང་སྡུད་ཚེ་དཔལ་སྟོབས་འབྱོར་དང་། །ལུང་རྟོགས་ཡོན་ཏན་དབྱར་མཚོ་ལྟར་འཕེལ་མཛོད། །(༨༢བ)


GLG018_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མེད་ཡིད་བཞིན་ནོར་ལས་ཁྱད་པར་དུ། །སྐུ་གསུམ་མངོན་གྱུར་འཁོར་ལོ་རྒྱས་འདེབས་ལྷ། །ཐུན་མོང་སྣང་ངོར་སྲིད་གསུམ་དབུལ་སེལ་མས། །བསམ་དོན་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །ཆུ་ཡོས་ལོ་དཔལ་གྲོང་ཤག་པ་བློ་བཟང་རྣམ་རྒྱལ་གྱིས་ལྷ་སའི་མི་དཔོན་བྱེད་རིང་ལོ་ལོ་བཞིན་དུང་སྐྱོང་རྒྱལ་མོར་གསོལ་མཆོད་འབུལ་བའི་དུས་ཀྱི་མདའ་དར་ཁ་ཡིག་དགོས་ཚུལ་བྱུང་བ་ལྟར་བྲིས་པ་འདོད་འཇོའི་འབྲས་བཟང་ཡོངས་འདུ། ཕྲ་ལྡེམ་མཛེས་སྡུག་གཟུགས་སྐུའི་འཁྲི་ཤིང་རྩེར། །ཕུན་ཚོགས་འདོད་འཇོའི་འབྲས་བཟང་ཡོངས་དུད་པ། །སྲིད་གསུམ་དཔའ་མོ་དཔག་བསམ་ཡོངས་འདུའི་ལྗོན། །དུང་སྐྱོང་རྒྱལ་མོ་ལྷ་སྙན་ཚིག་འདི་གསོན། །རང་སེམས་སྒྲིབ་བྲལ་གདོད་ནས་དཀར་བའི་མདོག །སྣ་ཚོགས་རྟོག་པའི་འཕྲོ་འདུ་འཆར་སྒོའི་ཐགས། །མི་ཕྱེད་དད་པའི་རི་མོ་རྣམ་བཀྲའི་དར། །ཚོགས་མཆོད་བཀང་བའི་རྫས་བཅས་ལེགས་འབུལ་ན། །བློ་ལྡན་སྐལ་བཟང་མི་ནོར་བཅས་པ་རྣམས། །ནད་རིམས་གདོན་བགེགས་མི་དང་མི་མིན་གྱི། །ཉེར་འཚེ་འཇིགས་པའི་སྨག་རུམ་མུན་པ་ལས། །རྣམ་པར་རྒྱལ་པའི་འོད་སྟོང་འབར་བར་མཛོད། །རྫོགས་ལྡན་དུས་ཀྱི་ཚེ་དང་རྨུགས་འཛིན་འབྱོར། །འཁོར་ལོས་སྒྱུར་རྒྱལ་སྟོབས་སོགས་བསོད་ནམས་གྱི། །ཕུང་པོ་ནོར་འཛིན་མངལ་དུ་ལྕི་བའི་ཁུར། །རྣམ་སྨིན་དཀར་པོའི་རྔུལ་ཆུ་འབབ་པར་མཛོད། །ནོངས་རྣམས་སྙིང་ནས་བཤགས་ན་སྒྲིབ་མེད་པར། །རྒྱལ་བ་ཀུན་ཡུམ་ཁྱོད་ཀྱིས་བྱིན་རློབ་ཅིང་། །བླ་མེད་ཡེ་ཤེས་ཐོབ་མིན་དེ་སྲིད་དུ། །མགོན་སྐྱབས་མཛོད་ལ་བསམ་དོན་ལྷུན་གྲུབ་(༨༣ན)


GLG018_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཆུ་ཡོས་ཧོར་ཟླ་བརྒྱད་པའི་ནང་དུ་བོད་ཁམས་བདེ་ཐབས་ལ་དམིགས་ཏེ་བསམ་ཡས། ཁྲ་འབྲུག།ཡུམ་བུ་གླ་སྒང་གསུམ་དུ་གསེར་ཆབ་བརྒྱ་མཆོད་འབུལ་བར་ལྷ་ཁང་པ་བློ་བཟང་དབང་རྒྱལ་བཏང་སྐབས་ཕུལ་པའི་སྙན་དར་ཞལ་ཡིག་ཐབས་ཤེས་ཟུང་དུ་འཇུག་པའི་དཀྱིལ་འཁོར། བསམ་ཡས། འགྲོ་རྣམས་མར་ཤེས་བཅུ་དྲུག་ཆ་འཕེལ་བ། །སྙིང་རྗེའི་དཀྱིལ་འཁོར་ཡོངས་རྒྱས་ལྷག་བསམ་ཟླ། །འཕྲིན་ལས་ཟད་མི་ཤེས་པའི་བསིལ་ཟེར་གྱིས། །ཕན་བདེའི་ཀུ་མུད་རབ་བཞད་ཟས་གཙང་སྲས། །རིང་བསྐལ་དུས་ནས་རྣམ་པ་ཐམས་ཅད་མཁྱེན། །མཐའ་མེད་མ་རྒན་སྐྱེ་རྒུའི་མཆེད་བསྒྲུབས་ན། །ཆེས་ཆེར་སྙིགས་པའི་དུས་འདིར་ཐུགས་རྗེའི་དཔུང་། །བསྐྱེད་ནས་རྫོགས་ལྡན་གསར་པའི་སྒོ་འཕར་ཕྱེ། །ཁྱད་པར་རྒྱ་ཧོར་ཁ་བའི་སྨན་ལྗོངས་སུ། །ནད་མུག་རྩོད་སོགས་སྡིག་ཏོའི་འབྲས་ཞི་ཞིང་། །ཕན་ཚུན་གཉེན་གཤིན་ཡུན་འཚོ་མཁོ་དགུའི་འབྱོར། །རབ་འཕེལ་བདེ་སྐྱིད་དཔལ་ལ་སྤྱོད་བྱིན་རློབས། །ཐོས་དོན་བསམས་ནས་ནང་དུ་མཉམ་བཞག་པས། །རྣམ་པར་གྲོལ་བའི་ལོ་འབྲས་གཡུར་ཟ་བ། བུ་རམ་ཤིང་པའི་རིང་ལུགས་ཡོངས་འདུའི་ལྗོན། །སྐལ་བཟང་འཆི་མེད་དཔལ་དུ་དར་གྱུར་ཅིག །ཞྭ་སེར་རིན་ཆེན་ཅོད་པན་ཐོད་བཅིངས་ནས། །ལུང་རྟོགས་གླིང་བཞིར་འཁོར་ལོས་སྒྱུར་བའི་དཔལ། །བློ་བཟང་གྲགས་སྙན་བསྟན་པ་ཉི་ཟླ་ཡིས། །འཇིག་རྟེན་མུན་སེལ་དེ་སྲིད་རྒྱས་གྱུར་ཅིག །ཁྲ་འབྲུག །ཉོན་མོངས་དག་པའི་རང་མདངས་ཡེ་ཤེས་ལྔ། །རྣམ་སྣང་མི་བསྐྱོད་རིན་འབྱུང་སྣང་མཐའ་ཡས། །(༨༣བ)


GLG018_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་གྲུབ་པའི་གཟུགས་ཤར་ནང་ཚན་གསུམ། །ལུས་ཅན་བསོད་ནམས་བྱེད་པོའི་ཟོང་གིས་བསྒྲུབས། །བླ་མེད་ཡེ་ཤེས་མཆོག་གི་བུམ་བཟང་ལས། །སྲིད་ཞིའི་དངོས་གྲུབ་འཁྱིལ་བ་བདུད་རྩིའི་རྒྱུན། །གཏོང་བའི་སྒོ་འཕར་བརྒྱ་ཕྲག་རབ་ཕྱེ་ནས། །མཁའ་མཉམ་སྐྱེ་རྒུ་ཀུན་ལ་སྩོལ་ཅིག་ཀྱེ། །བསིལ་ལྡན་ལྗོངས་འདིར་རྣམ་སྨིན་དཀར་པོའི་འབྲས། །རབ་དུད་དེའི་རྒྱུ་ཐུབ་པའི་བསྟན་པ་དར། །ཁྱད་པར་མཉམ་མེད་རི་བོ་དགའ་ལྡན་པའི། །རིང་ལུགས་འཇིག་རྟེན་གསུམ་གྱི་རྒྱན་གྱུར་ཤོག །ཡུམ་བུ་གླ་སྒང་། རྒྱལ་དང་དེ་སྲས་ཐུགས་རྗེ་ཆེན་པོའི་དཔུང་། །མུ་ཏིག་འཁྲི་ཤིང་གྲིབ་ཏུ་ཉེར་བསིལ་བ། །བདེ་སྐྱིད་སྣང་བ་དཀར་པོའི་རྩེ་དགའ་ལ། །འགྲོ་རྣམས་སྤྱོད་པའི་བྱེད་པོར་བདག་བྱིན་རློབས། །ཆུ་ཡོས་དཔལ་ཞ་ལུ་གསེར་བཀང་གི་མ་ཧེ་མཆོད་པའི་དུས་ལས་གཤིན་ཡབ་ཡུམ་གྱི་ཞལ་འབགས་ཕུལ་བའི་སྙན་དར་ཁ་ཡིག་འཕྲིན་ལས་རྣམ་བཞིའི་བ་དན། འཇམ་དཔལ་རྡོ་རྗེ་ཁྲོས་པ་དུས་དགྲའི་དབང་། །བཀའ་སྡོད་འཆི་བདག་ལས་ཀྱི་གཤིན་རྗེ་ཡིས། །བསྟན་དང་བསྟན་འཛིན་འགྲོ་བའི་བདེ་སྐྱིད་རྣམས། །རྒྱས་བྱེད་འཕྲིན་ལས་རྣམ་བཞི་ལྷུན་གྲུབ་མཛོད། །དཔལ་ལྡན་མ་ཧེའི་ཞལ་ཅན་གསང་བའི་ཡུམ། །སྣང་སྲིད་མ་མོའི་སྡེ་དཔོན་ཙ་མུཎྜཱིས། །སྤྱི་དང་ཁྱད་པར་ཁ་བའི་སྨནལྗོངས་འདིར། །བསྟན་འགྲོའི་བདེ་ལེགས་དབྱར་མཚོ་ལྟར་འཕེལ་མཛོད། །གཙང་སྟོད་བཀྲ་ཤིས་ལྷུན་པོའི་གདན་ས་བཅོ་ལྔ་པ་མཁན་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་སྐུ་གདུང་རིན་པོ་ཆེའི་བཞུགས་ཁང་ལྷ་བབས་མཆོད་རྟེན་ལ་བླ་བྲེ། བརྒྱ་མཆོད་སོགས་འབུལ་བར་གདོང་ཁ་བ་བློ་བཟང་བསྟན་འཛིན་དབང་རྒྱལ་བཏང་སྐབས་གོས་ཡུག་དམར་སེར་གྱི་སྙན་ཤལ་ཁ་ཡིག་འོག་མིན་ཞིང་རས་འཆར་བའི་ཉིན་བྱེད། (༨༤ན)


GLG018_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དམར། གང་ཐུགས་སྤང་རྟོགས་དཔལ་གྱི་བེའུའི་གཟུགས། །རྫོགས་པར་འཁྱིལ་བའི་སྙིང་པོ་རྒྱལ་ཀུན་གྱི། །ཡོན་ཏན་ཕུང་པོར་གཏམས་པའི་ཟ་མ་ཏོག །ཕན་བདེའི་ས་ཆེན་རབ་འདེགས་ཉེ་བའི་དབང་། །ལྷ་དང་བཅས་པའི་སྐྱེ་རྒུའི་བསོད་ནམས་ཀྱི། །ཞིང་དུ་ཕུ་དུད་ཡོངས་སྤེལ་སྙན་གྲགས་རྔ། །སྲིད་རྩེར་བརྡུངས་ལ་ངེས་པའི་གཏན་ཚིགས་སུ། །འདབ་བརྒྱའི་ཆར་གྱིས་དབྱིག་འཛིན་འགེང་འདིར་ལྟོས། །རྣམ་འདྲེན་སྲས་བཅས་གངྒཱའི་རྡུལ་སྙེད་པ། །ཉེར་བཀོད་དག་པའི་ཞིང་དུ་ཡིད་བཞིན་གདུང་། །འདྲེན་པའི་སྔོན་འགྲོར་འཇའ་ཚོན་གསར་པའི་ལམ། །ཌཱཀི་མ་ཚོགས་གོམ་སྟབས་ཅི་ཡང་བསྒྱུར། །འོན་ཏེ་གངས་ཅན་དཔལ་མོའི་མངལ་སྦྲུམ་པར། །དུས་སུ་བདེར་བཙས་ལེགས་བྱས་ལུས་ཕྲ་མས། །སྐལ་བར་ཐོབ་པའི་བྱིན་རླབས་(༨༤བ)


GLG018_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་འཇོའི་རྟེན། །རྟེན་བྱེད་རིན་ཆེན་མཆོད་སྡོང་འདི་རྨད་བྱུང་། །འགྲོ་འདིའི་ཆེད་བཏབ་ཚོགས་གཉིས་ས་བོན་འབྲས། །སྨིན་པའི་སྐུ་གསུམ་སྙེ་མ་གཡུར་ཟ་བ། །སངས་རྒྱས་ཀུན་གྱི་བཞད་པའི་གཞན་ཕན་ཁུར། །མགོན་ཁྱོད་ཕྲག་པར་བྱེད་ལ་མཆོག་ཏུ་ལྕི། །དེ་ཕྱིར་རྣམ་འདྲེན་དུ་མས་རིང་སྔགས་པ། །སྙིགས་མར་ཆེར་སྤྱོད་གདུལ་དཀའ་སེམས་ཅན་གྱི། །དོན་བྱེད་བྱང་ཕྱོགས་སཱ་ལའི་སྨན་ལྗོངས་སུ། །ངོ་མཚར་སྤྲུལ་སྐུའི་རོལ་གར་མྱུར་སྟོན་གསོལ། །དཀར་པོར་བྱས་པའི་ལས་ཀུན་ཅུང་ཟད་ཙམ། །ཆུད་མི་འཛའ་བར་མཁའ་མཉམ་སྐྱེ་རྒུ་རྣམས། །བླ་མེད་བྱང་ཆུབ་སྙིང་པོ་གཟུགས་ཅན་བཞིན། །མངོན་སུམ་ཉམས་སུ་མྱོང་བའི་རྒྱུ་རུ་བསྔོ། །མཐའ་བྲལ་སྟོང་ཆེན་ས་བོན་དྲི་མ་མེད། །ཕྱིན་དྲུག་དྲོད་གཤེར་གྱིས་སྨིན་སྐྱེད་བསྲིངས་པས། །ཆོས་གཟུགས་མྱང་ངན་མེད་པའི་ལྗོན་པ་ཆེ། །སངས་རྒྱས་ཀུན་གྱི་འབྱུང་གནས་གཅིག་པུ་པ། །(༨༥ན)


GLG018_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་བྲལ་ཡོན་ཏན་རྫོགས་པར་རྒྱལ་བ་ཀུན། །མཚུངས་ལས་མཆོག་དམན་ཤེས་བྱར་མི་སྲིད་ཀྱང་། །དེང་དུས་ལྔ་བརྒྱའི་གཉེན་དུ་མགོན་ཁྱོད་ཀྱི། །མི་ཟད་ཐུགས་རྗེ་ཆེ་འདི་གང་གིས་བསྐྲུན། །ཞིང་འདིའི་བཀོད་པ་ཉེར་བསྡུས་འོག་མིན་ན། །ལོངས་སྤྱོད་རྫོགས་སྐུའི་ཉི་མ་འོད་པོ་ཆེ། །གངས་ཅན་འགྲོ་ངོར་གདུགས་གཅིག་མངོན་སུམ་དུ། །ཕུལ་བྱུང་མཚན་དཔེའི་དཀྱིལ་འཁོར་འཆར་དུ་གསོལ། །ངལ་བརྒྱས་འབད་ནས་དོན་ལྡན་སྙིང་པོ་རུ། །སྒྲུབ་འདོད་འཁོར་བ་མཐའ་མེད་ཆུ་ཤིང་ལ། །ཐར་པའི་སྙེ་མ་གཡུར་དུ་ལེགས་ཟ་བར། །མཁའ་ཁྱབ་ཡིད་ཅན་མ་ལུས་སྤྱོད་གྱུར་ཅིག །སེམས་ཅན་བསམ་པའི་ཁྱད་པར་དེ་ཉིད་དང་། །མཐུན་པར་རབ་འཇུག་ཆོས་ཕུང་རྒྱ་མཚོའི་སྒོ། །ཕྱེ་བའི་སྙིང་པོ་བརྒྱ་ཕྲག་ཐབས་མཁས་ཀྱིས། །རྣམ་པ་ཐམས་ཅད་མཁྱེན་པའི་སར་བཀྲི་ཤོག །མངོན་པར་རབ་བཀྲ་དགེ་མཚན་བླ་ན་མེད། །ཤིས་པ་བརྗོད་པ་སཱ་སྟིའི་དབྱངས་སྙན་ཅན། །ལྷུན་པོའི་སྤོ་ལྟར་ཆེས་མཐོ་ཁྲིམས་ལྡན་སྡེ། །ཐོས་དང་བསམ་པའི་བ་དན་རིང་རྐྱོང་ཤོག །མཁའ་ཁྱབ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ཕུང་པོར་འཁྱིལ་ལས་གཅིག་ཏུ་དཀར་བའི་ཆར། །འཇིག་རྟེན་གསུམ་གྱི་འཛིན་མ་གཤེར་བའི་རྒྱུན། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོར་འཇུག་གྱུར་ཅིག །ཤིང་འབྲུག་གནམ་ལོ་གསར་ཚེས་ཀྱི་དུས་སྲིད་གསུམ་བདག་མོ་མཆོད་པའི་ཚེ་འཕུལ་བའི་སྙན་ཤལ་ཁ་ཡིག་རང་སེམས་གཅིག་པུར་ངེས་པའི་སྒྱུ་འཕྲུལ་རྒྱ་མཚོ། དཀར། བཀྲ་ཤིས་དབྱངས་སྙན་མགྲིན་པར་འཁྲོལ་བའི་འབྲུག །བཞི་(༨༥བ)


GLG018_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འབྱུང་བའི་གནམ་ལོའི་རང་ཞལ་འཛུམ། །བདེ་ལེགས་ཉིན་མཚན་སྦྲེལ་བར་བསུས་པའི་མགྲོན། །ཕུན་ཚོགས་ཐོག་མར་ཚེས་པའི་དགའ་སྟོན་འདིར། །ཚངས་པའི་བུ་མོས་བརྡུངས་པའི་པི་ཝང་སྒྲར། །སྲིད་ཞིའི་གདུང་བ་མ་ལུས་བཅིལ་པའི་གཏམ། །རབ་སྙན་རྣ་བར་འཁྲོལ་དང་ལྷན་ཅིག་པར། །ཀུན་དགའི་མཛའ་བ་ཡིད་ཀྱི་གྲོགས་སུ་སྩོལ། །འཇིགས་ཆེན་བརྒྱད་སོགས་མི་མཐུན་ཉེས་བརྒྱའི་མུན། །ཐུགས་རྗེའི་ཆ་ཤས་ཉ་གང་ཟླ་འོད་ཀྱིས། །ཕ་མཐར་རབ་གཞིལ་བདེ་སྐྱིད་ཀུ་མུ་དའི། །ཆུན་པོ་བསྐལ་བརྒྱར་རྙིང་མེད་ཐོད་འཆིང་མཛོད། །སེར། མཆོག་གསུམ་བྱིན་རླབས་ལྷ་ཁྱོད་མཐུ་སྟོབས་སུ། །གྲུབ་པའི་སྣང་བ་ཉི་མ་འབུམ་གྱི་གཟི། །ལེགས་བྱས་བསིལ་རིའི་སྦུབས་ནས་འཛད་མེད་དུ། །ཡིད་ཀྱི་འདབ་བརྒྱ་བཞད་ལ་རྟག་འཆར་མཛོད། །བསོད་ནམས་ཕུང་པོའི་མ་དྲོས་མཚོ་ཆེན་ལས། །འཆི་མེད་ཚེ་དང་འཛད་མེད་སྟོབས་འབྱོར་སོགས། །སྡེ་བཞིའི་ཆུ་ཀླུང་དབང་ཐང་རྒྱ་མཚོ་ཆེར། །འབབ་པའི་རྨད་བྱུང་སྐལ་བཟང་དེང་འདིར་སྩོལ། །འཛམ་བུ་ཆུ་བོའི་གསེར་སྦྱངས་བརྩེགས་པའི་རི། །ཡིད་འཕྲོག་འཆི་མེད་བུ་མོའི་སྤྲུལ་སྒྱུར་མཁན། །དེང་ནས་བྱང་ཆུབ་བར་དུ་ལྷག་པའི་ལྷ། །མངའ་གསོལ་རྟག་ཏུ་བརྩེ་བས་རྗེས་འཛིན་མཛོད། །དམར། རྗེས་ཆགས་དམར་འོད་ཞགས་པ་གཅིག་གིས་ཀྱང་། །ཚངས་པའི་ཡུལ་ས་ནས་བཟུང་འཇིག་རྟེན་ཀུན། །བཅིངས་ནས་རྗེས་སུ་འབྲང་བའི་སྒྱུ་ཐབས་མཁན། །སྲིད་གསུམ་མངའ་སྒྱུར་དཔལ་ལྡན་རེ་མ་ཏཱི། །དབང་བྱེད་འཕྲུལ་གྱིས་གཟུགས་ཅན་གཟུགས་མེད་སྙིང་། །གསེར་འགྱུར་བཞིན་དུ་གླགས་ལྟའི་(༨༦ན)


GLG018_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་སྦྱོར་རྣམས། །རང་སྲིད་བསྟན་ལ་དགའ་བས་གཙུག་ཏོར་རྩེས། །རྐང་སྟེགས་འཁུར་ལ་གུས་པས་ལྷུར་ལེན་སྩོལ། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེ། །དུས་ཀྱི་བདག་པོའི་ལས་ཤུགས་དར་དྲག་པས། །གནམ་སའི་དཀྱིལ་འཁོར་ཀུན་ལ་བར་མེད་དུ། །སྟོབས་ཀྱི་འཁོར་ལོས་དབང་དུ་སྒྱུར་བར་མཛོད། །སྔོ། མཐུ་སྟོབས་རྡོ་རྗེ་འབར་བའི་མཚོན་རྣོན་པོས། །ཡིད་སྲུབས་སྡེར་བཅས་ལྷ་མིན་མོ་ཡི་མངལ། །ཅིག་ཅར་ལྷུངས་པས་བདུད་ལས་རྒྱལ་བའི་རྔ། །སྲིད་པའི་རྩེ་མོར་བརྡུང་བའི་རེ་མ་ཏཱི། །རང་སྲིད་བསྟན་འགྲོའི་བདེ་སྐྱིད་སཱི་ཏ་མ། །འཕྲོག་བྱེད་ཆོམ་རྐུན་དགྲ་བགེགས་ལངྐའི་མགོ །ཁེངས་པའི་གཙུག་ཏོར་དང་བཅས་དྲག་རྩལ་མདས། །ཆོད་ཅིང་འདོད་ཁམས་དབང་ཕྱུག་དགའ་བྱེད་ལྷ། །མཐུ་བྱད་དུག་མཚོན་ངན་གྲོས་གཤོམ་པ་སོགས། །རྣལ་འབྱོར་སྒོས་སུ་འཚེ་བའི་དགྲ་བགེགས་རྣམས། །སྦྱིན་ཟའི་ཕུང་པོར་མཆོངས་པའི་ཕྱེ་མ་ལེབ། །ཇི་བཞིན་ལྷག་མ་མེད་པར་ཚར་ཆོད་ཅིག །ལྗང་། ཕྱི་ལྟར་དྲི་ཟའི་བུ་མོ་མེས་པོའི་སྲས། །ནང་དུ་སྤྱན་རས་གཟིགས་དབང་ཚེམས་ལས་སྤྲུལ། །གསང་བ་འཇམ་དཔལ་རྡོ་རྗེར་མཉམ་སྦྱོར་མ། །སྤྲུལ་པའི་རྣམ་རོལ་མཁའ་ལྟར་འབྱམས་སུ་ཀླས། །དབང་ཕྱུག་ཉེར་བརྒྱད་གཙོ་དང་ཕུར་སྲུང་མ། །སྡེ་དཔོན་སུམ་ཅུའི་ནང་ན་སྲིད་པའི་རྒྱལ། །གཅིག་པུ་ཉིད་ལས་དུ་མའི་གར་མཛད་ཀྱང་། །ངེས་པའི་དོན་དུ་འཁོར་ལོ་རྒྱས་འདེབས་ལྷ། །ཨེ་མ་སྣ་ཚོགས་སྤྲུལ་དང་སྤྲུལ་པའི་གཞི། །ཀུན་ཀྱང་སེམས་ཉིད་གཅིག་པུས་བཏགས་པའི་འཕྲུལ། །དོན་དམ་རང་རིག་བླ་མ་ཡི་དམ་ལྷ། །དབྱེར་མེད་དག་པའི་རང་ཞལ་མཇལ་དེ་སྤྲོ། །ཉི་མའི་ཟེར་ལ་ཞོན་པའི་མ་མོ་ཆེ། །ལས་བཞིའི་འཕྲིན་ལས་སྒྲུབས་ལ་འཇའ་ཚོན་ལྟར། །མ་འདྲེས་སོ་སོར་བཀྲ་བའི་འཛུམ་ལྡན་ཞལ། །ཉ་རྒྱས་


GLG018_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ལྟ་བུར་ངོམ་ཞིང་སྤྱོན། །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་གཏེར། །དཔག་མེད་ཚེ་དང་ཕུན་ཚོགས་འདོད་དགུའི་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །ཆར་དུ་སྙིལ་བའི་འདོད་འཇོའི་བུམ་བཟང་སྩོལ། །ཤིང་འབྲུག་དབྱར་ཟླ་དང་པོའི་ནང་དུ་ཆོས་འཁོར་རྒྱལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་མི་ཕམ་མགོན་པོའི་སྐུ་བརྙན་གྱི་དྲུང་དུ་བརྒྱ་མཆོད། མགོན་ཁང་སོ་སོར་གཏོར་གསོ་སྤྱན་གཟིགས་དང་བཅས་ཐུགས་དམ་སྐོང་བར་མཆོད་དཔོན་བློ་བཟང་མཐུ་སྟོབས་ཀྱིས་གཙོས། ཕན་བདེ་ལེགས་བཤད་གླིང་པའི་གྲྭ་པ་ཁ་ཤས་བཏང་པའི་ཚེ་ཕུལ་བའི་སྙན་ཤལ་ཁ་ཡིག་དངོས་གྲུབ་འདོད་པ་འཇོ་བའི་གཏེར། བྱམས་པའི་སྙན་གཡས། འོག་མིན་ཞིང་ཁམས་ཞིང་གི་གཙོ་བོར་ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་ཀྱང་། །རྡོ་རྗེས་ཉེར་བཏེགས་རྩྭ་འཇམ་གདན་སྟེང་མཉམ་གཞག་ཏིང་འཛིན་ཐུན་གཅིག་གིས། །མཆོག་གི་སྤྲུལ་(༨༧ན)


GLG018_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་མངོན་པར་འཚང་རྒྱ་རྒྱལ་ཚབ་མི་ཕམ་མགོན་པོ་ཞེས། །གྲགས་སྙན་སྲིད་འདིའི་འགྲོ་བའི་གདུང་སེལ་བླ་མེད་གཏན་གྱི་སྐྱབས་གནས་དྲུང་། །མཚན་དཔེའི་གཟི་ལྡན་འདྲེན་བྱེད་དགའ་སྟོན་དཔྱིད། །རྣ་བ་བདུད་རྩིར་བྱེད་པ་ཚངས་པའི་གསུང་། །ཤེས་བྱ་ཐམས་ཅད་མཁྱེན་ཐུགས་ཟབ་བརླིང་བར། །ཆོས་རྗེས་འབྲངས་པས་ལག་པད་སྙིང་གར་ཟུམ། །འགྲོ་ལ་གཅིག་ཏུ་དཀར་བའི་རང་སེམས་དར། །མ་སྨད་དད་པའི་རི་མོ་རབ་གསལ་པ། །འཆི་མེད་དུ་ཀཱུ་ལ་ཡི་གོས་བཟང་པོར། །མོས་བློས་སྤྲུལ་ཏེ་སྒྲ་འཛིན་རྒྱན་དུ་སྤུད། །འཛད་མེད་དགེ་བའི་ཉི་མ་འོད་པོ་ཆེས། །མཐའ་དང་ཚད་བྲལ་ལུས་ཅན་སྡུག་བསྔལ་མུན། །མངོན་སུམ་ལྟ་ཞོག་མིང་ཡང་གྲག་མིན་པར། །ཐར་པའི་(༨༧བ)


GLG018_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་རབ་ཏུ་འབར་གྱུར་ཅིག །འཛམ་གླིང་མི་རྣམས་ཚེ་ལོ་བརྒྱད་ཁྲིའི་དུས། །མགོན་ཁྱོད་དབུས་འགྱུར་འཆང་དུ་ཉེར་བྱོན་པའི། །འཁོར་གྱི་ཐོག་མར་སྐྱེས་ནས་དམ་ཆོས་རོ། །བརྒྱ་ཕྲག་བདའ་བའི་བཅུད་བཟང་འཐུང་བར་ཤོག །སྙན་གཡོན། དམ་པ་ཏོག་དཀར་མེས་ཀྱིས་ཅོད་པན་གང་གི་དབུ་ལ་ཉེར་བཅིངས་ནས། །ཆོས་ཀྱི་འཁོར་ལོས་སྒྱུར་པའི་རྒྱལ་ཚབ་རང་རིགས་ཐུ་བོར་དབང་བསྐུར་བས། །(༨༨ན)


GLG018_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་འཆི་མེད་ཞིང་གི་འདུན་སར་ཐེག་ཆེན་ལས་སད་གདུལ་བྱ་ལ། །ཤེར་ཕྱིན་ལམ་བཟང་རྒྱ་ཆེར་སྟོན་མཛད་རྒྱལ་སྲས་ཚུལ་འཛིན་མི་ཕམ་མགོན། །བསྙེན་སྲིད་མེད་པར་རྒྱུད་ལྔའི་འགྲོ་བ་ལ། །རྟག་ཏུ་རྗེས་བརྩེ་པད་འདབ་ལྟར་རྒྱས་སྤྱན། །བཙའ་བའི་དཀྱུས་རིང་ནམ་མཁའི་ཁོངས་བརྒལ་བ། །མགོན་ཁྱོད་འཕྲིན་ལས་ཕ་མཐའི་ཚད་དུ་འཁུམས། །འགྲོ་ལ་རྗེས་ཆགས་མདངས་ལྡན་མཆུ་སྒྲོས་འདབ། །འཛུམ་དབུས་ལྷག་བསམ་ཚེམས་འཕྲེང་ཟེའུ་འབྲུས། །ལུས་ཅན་བུང་བ་ངེས་ལེགས་སྦྲང་རྩིའི་བཅུད། །མྱང་པར་རིངས་ནས་མགྲོན་དུ་བསུ་བ་བཞིན། །དམ་བཅའི་གཟུངས་སྔགས་ཐོས་དང་ཁ་ཏོན་དུ། །བགྱིད་རྣམས་གནས་ངན་བླངས་ཀྱང་མགོན་ཁྱོད་ཀྱིས། །(༨༨བ)


GLG018_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་རིས་ཐར་པའི་སྐས་ལ་ཉེར་འདྲེན་པར། །ཞལ་གྱིས་འཆེས་པའི་འབྲས་བུ་མངོན་སུམ་སྩོལ། །བོད་དང་རྒྱ་ཧོར་ཡངས་པའི་རྒྱལ་ཁམས་སུ། །ཞྭ་སེར་འཆང་བའི་བསྟན་པས་ལེགས་ཁྱབ་ཅིང་། །ཁྱད་པར་ཆོས་འཁོར་རྒྱལ་གྱི་འདུས་པའི་སྡེ། །སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་ཤོག །མགོན་ཁང་ཤོད་ཀྱི་རྡོ་རྗེ་འཇིགས་བྱེད། སངས་རྒྱས་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །དུས་ཀྱི་དགྲ་བོར་ཁྲོས་པ་མ་ཧེའི་ཞལ། །རབ་འབར་རྡོ་རྗེས་ཡིད་སྲུབས་འཇིགས་བྱེད་པའི། །འཁོར་ལོའི་འཁོར་གྱིས་མཆོག་ཐུན་དངོས་གྲུབ་སྩོལ། །ཕྱག་དྲུག་པ། རྒྱལ་ཀུན་ཐུགས་རྗེ་ཆེན་པོའི་སྒྱུ་འཕྲུལ་གར། །མིའུ་ཐུང་དྲག་པོར་ཁྲོས་པ་སྲིན་པོའི་གཟུགས། །སྟོབས་ལྡན་མ་ཧཱ་ཀཱ་ལ་ཕྱག་དྲུག་པས། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་སྒྲུབས། །ལས་གཤིན། ཐོད་པའི་པད་སྐོར་ལྕགས་ཁང་འབར་བའི་ནང་། །སྐྱེ་རྒུའི་བླ་སྲོག་ཚེ་ལ་དབང་སྒྱུར་བ། །ཕྱི་ནང་གསང་བའི་ལས་ཀྱི་གཤིན་རྗེ་ཡིས། །བསྟན་ལ་གནོད་པའི་དགྲ་བགེགས་ཚར་ཆོད་ཅིག །རྣམ་སྲས། གདུལ་དཀའ་མུ་སྟེགས་ཉི་མ་གྲུབ་པ་སོགས། །ཐལ་བར་རློག་པའི་མཐུ་སྟོབས་རྩལ་ལྡན་ཞིང་། །ལྷ་མིན་ཚར་གཅོད་ལྷ་རྣམས་ངལ་གསོ་བའི། །བདེ་སྟེར་རྣམ་ཐོས་སྲས་ཀྱིས་ལས་ཀུན་སྒྲུབས། །དམག་ཟོར་མ། རྒྱལ་བ་ཀུན་ཡུམ་ངག་གི་དབང་ཕྱུག་མ། །སྲིད་གསུམ་བདག་མོའི་སྐུར་བསྟན་རེ་མ་ཏཱི། །དམག་དང་ཟོར་གྱིས་དགྲ་བགེགས་དཔུང་འཇོམས་མ། །ལྷག་པའི་ལྷ་ཀྱེ་དུས་ཀུན་རྗེས་བརྩེར་མཛོད། །ཞལ། གླིང་བཞི་རི་རབ་གདན་བཏིངས་སྟོབས་འཕྲོག་དབང་། །རིགས་འཛིན་སྒྲུབ་པོའི་བྲན་དུ་(༨༩ན)


GLG018_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེའི་གཟུགས། །རྩ་ཁམས་དངས་མའི་ངོ་བོ་ཞིང་སྐྱོང་ཆེ། །རྟག་ཏུ་སྙིང་གི་ཐིག་ལེར་འབྲལ་མེད་བཞུགས། །བེག་ཙེ། བྱང་ཤར་དབང་དྲག་རོལ་པའི་བསེ་མཁར་ནས། །སྲོག་གི་གཤེད་མ་གཏུམ་པོ་གནོད་སྦྱིན་ཆེ། །སྲིང་མོ་རིག་པའི་ལྷ་མོ་གདོང་དམར་མ། །བཀའ་སྡོད་བཤན་པར་བཅས་པས་འཕྲིན་ལས་སྒྲུབས། །རྡོ་སྐུ་མེ་འབར། སྲ་མཁྲེགས་རྡོ་བར་ཉེར་ཞུགས་ཡེ་ཤེས་སེམས། །མངོན་སུམ་གྲུབ་པའི་མེ་དཔུང་རབ་འབར་བས། །དགྲ་བགེགས་དཔུང་བཅས་བསྲེགས་པ་བྲམ་ཟེའི་གཟུགས། །གཏུམ་ཆེན་དཔའ་བོ་ཁྱོད་ཀྱིས་དངོས་གྲུབ་སྩོལ། །རྩི་ཏྲང་ཁང་། འཁོར་འདས་ཞི་ཁྲོ་ཀུན་གྱི་ཕྱག་རྒྱ་ཆེ། །མ་ལུས་ཟིལ་གནོན་འཇམ་དཔལ་ཚེ་བདག་ལྷ། །བཀའ་ཉན་ལྷོ་ཕྱོགས་ས་འོག་རིམ་བདུན་ན། །ལས་ཀྱི་གཤིན་རྗེ་པེ་ཝ་ས་ཏྭའི་མིང་། །དམར་ནག་མེ་རླུང་འཚུབ་མར་འཁྱིལ་བའི་དབུས། །སྟག་ཆེན་སྨྱོན་པ་ཞོན་པའི་མོན་པ་ནག །ལྷ་བཙན་བདུད་དང་ཀླུ་མོ་དྲག་རྩལ་ཅན། །གཏེར་སྲུངས་མཐུ་ཆེན་སྡེ་བཞི་བཅས་པ་ལ། །སྨན་གཏོར་རཀྟ་ཚོགས་ཀྱི་འཁོར་ལོ་རུ། །ཉེར་སྤུངས་མཆོད་པའི་སྤྲིན་ཕུང་འབུལ་བྱེད་ན། །ལོག་འདྲེན་དགྲ་བགེགས་ཐལ་བར་རློག་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ཆེན་ཕོབ། །རྩི་ཏྲང་ཁང་ནི་གོང་དང་འདྲ་ལ། ལེགས་ལྡན་ནག་པོ་ཁྱོད་ཞལ་བསྟན་ཙམ་གྱིས། །མི་བསྲུན་ལོག་པར་འཁུ་བ་དགྲ་སྡེའི་དཔུང་། །སྦྱིན་ཟའི་ཕུང་པོར་ཕྱེ་མ་ལེབ་ཇི་བཞིན། །ཐལ་བར་རླག་བྱེད་གང་དེས་འཕྲིན་ལས་སྒྲུབས། །མགོན་ཁང་བར། རྟག་ཏུ་རྣ་བར་འཇེབས་པ་ཕང་འགྲོའི་(༨༩བ)


GLG018_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲར། །དོན་ཀུན་གྲུབ་པའི་གཏམ་སྙན་ཉེར་དྲངས་ནས། །འཁྲོལ་མཛད་དབྱངས་ཅན་འདོད་ཁམས་དབང་ཕྱུག་མས། །ཡིད་ལ་ཀུན་དགའི་བདེ་བ་ཆད་མེད་སྩོལ། །དེ་ཝཱི་ཀོ་ཊི། ལྗང་། ཨོཾ་ཡིག་ཐོག་མར་བཀོད་པ་བཀྲ་ཤིས་དབྱངས། །རབ་སྙན་སྭ་སྟིའི་རྒྱུད་ལས་དྲངས་པའི་གླུ། །རྨད་བྱུང་དགའ་བའི་ཉམས་ལྡན་གར་སྟབས་སུ། །བསྒྱུར་དང་ལྷན་ཅིག་མགྲིན་པར་ལེན་འདི་གསོན། །འཇམ་དབྱངས་དགྱེས་དགུར་སྤྱོད་པའི་དབྱིངས་ཕྱུག་མ། །འཕྲིན་ལས་འཁོར་ལོར་ཐབས་ཤེས་ཟུང་འཇུག་ལྷ། །དབང་ཕྱུག་ཉེར་བརྒྱད་གཙོ་དང་སྲིད་རྒྱལ་མ། །སྤྲུལ་པའི་རྣམ་རོལ་ཕུར་སྐྱོང་རེ་མ་ཏཱི། །སངས་རྒྱས་ཀུན་གྱི་ཡུམ་གཅིག་དབྱངས་ཅན་མ། །ནག་ཕྱོགས་བདུད་སྡེའི་གཤེད་དུ་དམག་ཟོར་ལྷ། །རྣལ་འབྱོར་འདོད་པའི་རེ་སྐོང་ཡིད་བཞིན་ནོར། །ཞི་རྒྱས་དབང་གི་སྒྱུ་འཕྲུལ་ཅིར་ཡང་སྟོན། །ཨེ་མ་འདོད་པ་ཁམས་ཀྱི་དབང་ཕྱུག་གཙོ། །རྟག་ཏུ་བསྟེན་ཅིང་མཆོད་ཡུལ་ལྷག་པའི་ལྷ། །དགྱེས་ཞལ་སྟོན་ཟླ་ངོམས་ལྟར་འདིར་སྤྱོན་ལ། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་ཚོགས་འདི་བཞེས། །རིགས་འཛིན་བདག་དང་བསྲུང་བར་བཅུག་རྣམས་ལ། །དུས་མིན་འཆི་དང་དུག་མཚོན་ནད་རིམས་གདོན། །ཞི་ཞིང་ཚེ་དཔལ་བསོད་ནམས་ཟླ་ལྟར་རྒྱས། །ཁམས་གསུམ་དབང་སྡུས་དགྲ་བགེགས་ཚར་ཆོད་ཅིག །འཇིག་རྟེན་སྤྱི་དང་ཁྱད་པར་གངས་ཅན་འདིར། །གཡུལ་འཁྲུག་འཐབ་རྩོད་ནད་ཡམས་མུ་གེ་སོགས། །དུས་ཀྱི་ཆད་པའི་མིང་ཡང་མི་གྲག་ཅིང་། །བདེ་སྐྱིད་དགའ་སྟོན་དཔལ་ལ་སྤྱོད་པར་མཛོད། །དེང་ནས་བྱང་ཆུབ་བར་དུ་རེ་མ་ཏཱི། །(༩༠ན)


GLG018_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་དགྲ་ལྷའི་གཙོ་བོར་མངའ་གསོལ་ན། །མི་འཛད་གཏེར་བུམ་དཔག་བསམ་ལྗོན་པ་བཞིན། །བསམ་དོན་ལྷུན་གྱིས་འགྲུབ་པའི་དགའ་སྟོན་སྩོལ། །དཀར། ལྟ་བས་མི་ངོམ་ཡིད་འཕྲོག་སྒེག་མོའི་གཟུགས། །འཆི་མེད་བདུད་རྩིའི་གཏེར་གྱིས་མཆོད་སྦྱིན་མཁན། །སྙིང་ལ་ཀུན་དགའི་དགའ་སྟོན་སྐྱེད་པའི་མ། །མཛའ་བའི་རྩེ་དགའ་ནམ་ཡང་གཏོང་མིན་མཛོད། །སེར། ཉིན་བྱེད་བྱེ་བས་དཔལ་འཛིན་གསེར་ཞུན་རི། །རབ་བརྗིད་འཇོ་སྒེག་གར་གྱི་ཉམས་ལྡན་མ། །བསམ་འཕེལ་ཡིད་བཞིན་ནོར་བུ་ཁྱོད་ཉིད་ཀྱིས། །ཡིད་ལ་འདོད་པའི་རེ་བ་མ་ལུས་སྐོངས། །དམར། དམར་འོད་ལྕགས་ཀྱུ་གཅིག་གིས་འཇིག་རྟེན་གསུམ། །འདར་བར་བྱེད་དང་ལྷན་ཅིག་སྲིད་དང་ཞིའི། །སྣོད་བཅུད་ལྷ་ཆེན་དབང་ཕྱུག་རལ་པའི་རྩེར། །རྐང་སེན་ཟླ་བའི་མེ་ལོང་མཛེས་པར་མཛོད། །མཐིང་། མུན་ལྟར་ཚེས་གནག་སེམས་ཀྱི་ཀུན་སློང་དང་། །རྩུབ་སྦྱོར་ལག་ཏུ་བསྟར་པའི་དགྲ་དང་བགེགས། །དཔུང་བཅས་སྙིང་གི་ཁྲག་དྲོན་སྦུ་འཕྲེང་ཅན། །ཚེམས་དཀར་འདབ་སྟོང་འཛུམ་པའི་ཟེའུ་འབྲུར་མཛོད། །ལྷ་མོ་འཇའ་ཚོན་མ། རླུང་གི་ཤུགས་འཆང་རྐྱང་སེར་དྲེའུའི་སྟེང་། །འཇིགས་རུང་སྲིན་མོའི་གར་གྱིས་རྣམ་རོལ་ཀྱང་། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་དབང་ཕྱུག་མ། །སངས་རྒྱས་ཀུན་ཡུམ་ཁྱོད་ཀྱིས་རྟག་ཏུ་སྐྱོངས། །བསྟན་མ་བཅུ་གཉིས། དང་པོར་གངས་ཅན་བོད་ཀྱི་རྒྱལ་ཁམས་ཀུན། །སྐྱོང་བར་གཤེན་རབས་མེས་པོའི་གཡར་དམ་འཛིན། །བར་དུ་རྒྱལ་དབང་པདྨའི་བྲན་གཡོག་མ། །ད་ལྟ་རྣལ་འབྱོར་སྲུང་(༩༠བ)


GLG018_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཐུ་རྩལ་ཅན། །བདུད་དང་གནོད་སྦྱིན་སྨན་མོའི་ཚུལ་འཛིན་པའི། །རུ་བཞི་སྐྱོང་བའི་བསྟན་མ་བཅུ་གཉིས་པོ། །བྱེ་བྲག་གངས་ཀྱི་ཡུམ་མཆེན་བཀྲ་ཤིས་མ། །ཚེ་རིང་དངོས་གྲུབ་སྟེར་བ་མཆེད་ལྔར་བཅས། །ཁྱད་པར་མི་འགྱུར་ལྷུན་གྲུབ་ཆོས་འཁོར་རྒྱལ། །རྟེན་དང་བརྟེན་པར་བཅས་པའི་སྲུང་མ་མཆོག །དཔལ་ལྡན་ལྷ་མོ་རྡོ་རྗེ་གཡུ་སྒྲོན་མས། །མཐུ་སྟོབས་དཔུང་སྐྱེད་ལས་བཞི་མ་ལུས་སྒྲུབས། །བསིལ་ཚལ་གུར། བསྟན་སྲུངས་དམ་ཅན་རྒྱ་མཚོའི་སྡེ་དཔོན་དུ། །རྣམ་པར་སྣང་མཛད་རྡོ་རྗེ་སྲིན་པོའི་གཟུགས། །སྟོབས་ལྡན་ནག་པོ་ཆེན་པོ་གུར་གྱི་མགོན། །གར་དགུའི་རོལ་པས་འདིར་སྤྱོན་མཆོད་གཏོར་བཞེས། །ཨེ་མ་ཀུན་རྫོབ་འཁྲུལ་ངོར་ཕྱི་རོལ་ནས། །གཤེགས་ཤིང་བཞུགས་པའི་བློ་བྲིད་སྒྱུ་མའི་འཕྲུལ། །དཔྱད་ན་རང་ལུས་རྩ་རླུང་ཐིག་ལེའི་གདངས། །འགག་མེད་དཔལ་ལྡན་མགོན་པོའི་ཟློས་གར་མཁན། །ཀུན་ཀྱང་བློ་འདས་བརྗོད་བྲལ་གདོད་མའི་གཤིས། །གསལ་སྟོང་ཟུངས་འཇུག་རང་སེམས་ནག་པོ་ཆེར། །ངེས་རྙེད་མཆོག་གི་མཆོད་པ་དམ་པ་འདིས། །བསྟན་དང་བསྟན་འཛིན་སྐྱོང་པའི་མཐུ་ལྡན་ཤོག །ཞལ། སེམས་ཉིད་གདོད་ནས་དག་པའི་ནག་པོ་ཆེ། །རྩ་གསུམ་འཁོར་ལོ་བཞི་དབུས་སྲིན་པོའི་གཟུགས། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཞལ། །ཆོས་ཀྱི་དབྱིངས་ནས་གདངས་པའི་ཞིང་སྐྱོང་དབང་། །རྣལ་འབྱོར་ལུས་དང་གྲིབ་མ་ལྟར་འགྲོགས་ནས། །བསྲུང་སྐྱོབ་མེལ་ཚེ་མཛད་པའི་བྲམ་ཟེ་ཆེ། །བྱང་ཆུབ་བར་དུ་ནམ་ཡང་མི་འབྲལ་བར། །སྙིང་གི་ཟེའུ་འབྲུར་བཞུགས་པ་ལྷག་པའི་ལྷས། །(༩༡ན)


GLG018_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་རྒྱས་དབང་གི་དངོས་གྲུབ་མ་ལུས་པ། །བསམས་པ་ཙམ་གྱིས་ཡིད་བཞིན་སྩོལ་བ་དང་། །དགྲ་སྡེའི་སྙིང་ལ་འདམ་ལྟར་བརྫི་བའི་བྲོ། །བརྡུངས་ཏེ་མངོན་སྤྱོད་ལས་ཀྱིས་མྱུར་དུ་སྒྲོལ། །པུ་ཏྲ། །སྐྱེ་འགྲོའི་ལུས་ལ་སྲོག་གི་བདུད་པོ་རུ། །བྲན་ཟེའི་དམོད་པའི་ལས་ཀྱིས་ཉེར་གྲུབ་པ། །པུ་ཏྲ་མིང་སྲིང་གནོད་སྦྱིན་ཡབ་ཡུམ་རྣམས། །ལྷ་སྲིན་སྡེ་བརྒྱད་དམག་གི་རུ་འདྲེན་མཁན། །ནང་དུ་རོ་རྐྱང་དངས་མ་སྣང་སྟོང་ལྷ། །ཕྱི་རོལ་རླུང་ལྟར་འཚུབ་པ་དྲེགས་པའི་དཔུང་། །ཀུན་ཀྱང་རང་གིས་སེམས་ཉིད་རོལ་པའི་རྩལ། །འབྲལ་མེད་གསང་རྟེན་ཧཱུཾ་དང་རོ་གཅིག་ལྷ། །ཀླུ་སྒྲུབ་པདྨ་བཛྲ་ས་སྐྱ་པ། །མཚར་ཆེན་བརྒྱུད་པར་བཅས་པའི་བཀའ་བཞིན་དུ། །དམ་ལས་མ་འདའ་སྔགས་འཆང་བདག་ཅག་གི །ཞི་རྒྱས་དབང་དྲག་ལས་ཀུན་ཐོགས་མེད་སྒྲུབས། །ཆོས་འབྱུང་སྟེང་གི་གཏེར་མགོན། ཆེ་མཆོག་ཧེ་རུ་ཀ་དཔལ་ཕྱག་བཞི་པར། །རྣམ་རོལ་དཔལ་ལྡན་མ་ཧཱ་ཀཱ་ལ་སོགས། །བསྟན་སྲུངས་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །མཆོད་གཏོར་འདི་བཞེས་མཐུན་པའི་དངོས་གྲུབ་སྩོལ། །མ་ནིང་། དྲེགས་པ་ཕོ་བརྒྱུད་མོ་བརྒྱུད་གཉིས་མེད་ཀྱི། །ངོ་བོ་དཔལ་དགོན་མ་ནིང་ནག་པོ་ཆེ། །བསྟན་སྲུངས་ཡོངས་རྫོགས་བྲན་དང་ཕོ་ཉར་བཅས། །རིགས་འཛིན་དགྲ་ལྷ་ཁྱོད་ཀྱིས་འཕྲིན་ལས་སྒྲུབས། །ཞིང་སྐྱོང་། རླུང་གི་ཤུགས་ལྡན་རྟ་མཆོག་སྒ་སྲབ་ཅན། །ཞོན་ནས་སྟོང་གསུམ་མྱུལ་པའི་སེང་གེའི་གདོང་། །བདུད་མགོན་ཡབ་ཡུམ་བམ་རོ་ཕོ་མོར་བཅས། །ཕ་མེས་བརྒྱུད་ནས་བསྟེན་པའི་སྲུང་མ་ཆེ། །སྙན་པའི་(༩༡བ)


GLG018_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དང་རྔམས་བརྗིད་རོལ་མོའི་སྒྲ། །གསུར་ཆེན་དུད་འཐུལ་དམར་གྱི་ཨ་རྒྷཾ་སྦྲེང་། །མི་ལག་དར་གྱིས་གཡབས་ཏེ་ཁྱོད་འབོད་ན། །ཆོས་འཁོར་གཙུག་ལག་སྐྱོང་ལ་ཐུགས་མ་གཡེལ། །སྟེང་ན་གཏོར་མའི་རི་བོ་མ་ཉིལ་སྤུངས། །འོག་ཏུ་སྨན་དང་རཀྟའི་མཚོ་མ་བསྐམས། །ཕྱི་ནང་གསང་བའི་མཆོད་ཚོགས་འདི་བཞེས་ལ། །དུས་གསུམ་གཡེལ་བ་མེད་པར་སྟོང་གྲོགས་མཛོད། །ཆོས་འབྱུང་ཤོད་ཀྱི་བེག་རྩེ། འཆར་ཀའི་ཐུན་འཚམས་ལྟར་དམར་བགྲད་པའི་མིག །དགྲ་ལ་ཞེ་སྡང་ཤུགས་ཀྱིས་བལྟ་བ་དང་། །ལྷན་ཅིག་རྣོན་པོའི་མཚོན་གྱིས་སྙིང་ཕུབ་ནས། ཁྲག་དྲོན་ཞལ་དུ་གསོལ་བའི་བེག་རྩེ་ཆེ། །རྒྱ་གར་ལི་ཡུལ་བྱང་ཤར་མ་རུ་ཙེའི། །དགྲ་ལྷ་ཆོས་དང་གནས་ཀྱི་སྲུང་མ་ཁྱོད། །ད་ལྟ་དགའ་ཚལ་དབང་དྲག་རོལ་པ་ན། །བསྟན་དང་དགོན་གནས་སྐྱོང་བའི་བཤན་པ་ཆེ། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན་ཕུང་རྣམས། །སྔགས་རྒྱས་འཛད་མེད་ནམ་མཁའི་མཛོད་ཆེན་པོར། །རྒྱ་ཆེར་སྤེལ་བ་དགྱེས་དགུར་ལེགས་སྤྱད་དེ། །ལས་ཀུན་སྒྲུབ་ལ་གནོད་སྦྱིན་ཐུགས་མ་གཡེལ། །རིག་པའི་ལྷ་མོ། དྲེད་མོ་མི་ཟན་སྟེང་ན་འགྱིང་བག་གི །གར་གྱི་དབང་ཕྱུག་མ་ཚོགས་མཁའ་འགྲོའི་གཙོ། །སྲིང་མོ་རིག་པའི་ལྷ་མོ་གདོང་དམར་མས། །ཐུབ་བསྟན་དེ་འཛིན་སྡེ་དང་བཅས་པ་སྐྱོངས། །ཁྱབ་འཇུག །དུག་རླངས་ན་བུན་ལྟ་བུར་འཚུབ་པ་ཡིས། །དགྲ་རྣམས་མི་རྟག་ལམ་དུ་རབ་འགོད་ཀྱང་། །བསྐལ་པའི་མེ་སྟག་ལྟ་བུར་འཕྲོ་བའི་སྤྱན། །ལེགས་ཉེས་སོ་སོར་འབྱེད་ལ་ཟླུམ་པོར་གཟིགས། །ཀླུ་སྲིན་གཤོལ་པའི་དྲང་སྲོང་མཐུ་རྩལ་ཅན། །སྲིད་(༩༢ན)


GLG018_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྣམ་པར་རྒྱལ་པའི་སྟོབས་ལྡན་ཀྱང་། །ངེས་པའི་དོན་དུ་ཁྱབ་བདག་ཀུན་ཏུ་བཟང་། །བདེ་སྟོང་ཟུང་འཇུག་ཐུགས་ཀྱི་རོལ་པའི་གར། །པདྨ་ཐོད་འཕྲེང་ཚུལ་ཁྲིམས་རྡོ་རྗེ་དང་། །དྲི་མེད་འོད་ཟེར་ལ་སོགས་རྩ་བརྒྱུད་ཀྱི། །རིགས་འཛིན་རིམ་བྱོན་དམ་ལས་མ་འདའ་བར། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །པེ་ཧར། རྟ་མཆོག་གསང་བདག་པདྨ་ཀ་ར་ཡི། །སྤྱན་སྔར་སྲོག་གི་སྙིང་པོ་རབ་ཕུལ་བ། །དགྲ་ལྷ་ཁྱུང་ཆེན་འབར་བའི་གསང་མཚན་ཅན། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྐུ་ལྔ་པོ། །གཉིས་མེད་ཡུམ་ཆེན་སྤྲུལ་པ་བློན་པོ་ལྔ། །རུ་འདྲེན་སྡེ་བཞིར་བཅས་པའི་དྲེགས་པའི་དཔུང་། །ལོག་འདྲེན་དགྲ་ལ་རྔམས་པའི་མཆེ་གཙིགས་ཀྱང་། །བདག་སོགས་སྒྲུབ་པོར་དགྱེས་པའི་འཛུན་ཞལ་སྟོན། །གཏོར་མའི་རི་བོ་བཏུང་བ་རྒྱ་མཚོ་ལྟར། །བསྐྱིལ་ནས་ལྷ་ཁྱོད་རྟག་ཏུ་མཆོད་བྱེད་ན། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་ལ། །མ་གཡེལ་མཐུ་སྟོབས་ནུས་པའི་དཔུང་ཚོགས་སྐྱེད། །ཙི་དམར་བ། དྲེགས་མྱོས་དགྲ་དཔུང་གླང་པོའི་མགོ་འགེམས་པར། །དཔའ་ཆེན་གདོང་ལྔའི་མཆེ་སྡེར་རྣོན་པོ་ཅན། །གཡེལ་མེད་གཡར་དམ་འཆང་བའི་དགྲ་ལྷ་ཆེ། །དཔལ་ལྡན་གནོད་སྦྱིན་ཆེན་པོ་ཙི་དམར་བ། །ལི་ཡུལ་ཁྲིམས་ལྡན་དམོད་པའི་ལས་ཀྱི་ཤུགས། །དར་དྲག་སྐྱེ་རྒུའི་བླ་ཚེར་དབང་སྒྱུར་ཡང་། །བསྟན་འགྲོའི་བདེ་སྐྱིད་སྤེལ་བའི་སྙིང་སྟོབས་ཀྱིས། ཁུར་ཆེན་ཕྲག་པར་ཁྱེར་བའི་སྲུང་མ་མཆོག །གནོད་ཅིང་འཚེ་བ་ནག་པོ་བདུད་ཀྱི་སྡེའི། །རུ་མཚོན་ས་ལ་སྙོལ་དང་ལྷན་ཅིག་པར། །རང་སྲིད་རྣམ་པར་རྒྱལ་བའི་བ་(༩༢བ)


GLG018_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དན་ལྕེ །ཚངས་པའི་ཡུལ་སར་ཁྱོངས་ལ་ལྷ་རྒྱལ་འཐེན། །རྡོ་རྗེ་ལེགས་པ། གཙུག་ན་དམ་ཚིག་གཉན་པོའི་རྡོ་རྗེ་ཡི། །རི་མོ་རྟག་ཏུ་མ་ཡལ་ལེགས་བཀྲ་བ། །རྣམ་སྤྲུལ་ཅིར་ཡང་སྟོན་པའི་དགེ་བསྙེན་ཆེ། །མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས་པ་རྣམས། །ཚུར་མཐོང་ཕ་ཝང་ལོང་བུའི་སྐུ་མཁར་ལ། །དངོས་དོན་ཐོད་ར་རྡོ་རྗེའི་དྲ་བ་དང་། །མེ་རླུང་འཁྲུག་དབུས་འཇའ་ཚོན་གུར་ཕུབ་པའི། །ཡིད་འཕྲོག་ཕོ་བྲང་ཆེན་པོར་རྟག་བཞུགས་ལ། །དངོས་བཤམས་ཡིད་ཀྱི་རྒྱ་ཆེར་རབ་སྤེལ་བ། །སྒོ་ལྔ་དགྱེས་སྐྱེད་འདོད་ཡོན་ལྔ་ལྡན་པས། །ལྷ་ཁྱོད་ཐུགས་དམ་གཉན་པོ་སྐོང་གྱུར་ཏེ། །བསམས་པའི་དོན་ཀུན་འགྲུབ་པའི་འཕྲིན་ལས་མཛོད། །གཟའ་གདོང་དམར་ནག །གདུག་རྩུབ་མེ་རླུང་མཚོན་ཆར་འཁྲུག་པའི་དབུས། །ཡཀྴ་ཛྭལ་ཀླུ་མོ་དམར་ཤམ་གཉིས། །བཤོས་པའི་སྲས་པོ་གནོད་སྦྱིན་དམར་ནག་ཆེ། །གསང་བདག་ལག་ན་རྡོ་རྗེའི་ཕོ་ཉ་བ། །ཡང་ལེ་ཤོད་དུ་རིགས་འཛིན་པདྨའི་དྲུང་། །སྔོན་གྱི་མཆེད་ཟླའི་ལོ་རྒྱུས་དང་བཅས་ཏེ། །བཀའ་ཡི་སྲུང་མར་ཁས་བླངས་མཐུ་རྩལ་ཅན། །གཏེར་བདག་ཆེན་པོ་སྨུག་པོ་སྤྱན་མང་ཁྱོད། །ཧེ་ཆེན་དྷ་ནའི་དུར་ཁྲོད་ཆེན་པོ་ནས། །ཚུར་སྤྱོན་བདག་སོགས་དགོན་གནས་འཁོར་བཅས་སྲུངས། །གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་རྣམས། །ཐལ་བའི་རྡུལ་ཕྲན་བཞིན་དུ་རླག་པར་མཛོད། །ཇོ་བོ་རྒྱལ་མཚན་པ། སྔོན་ཚེ་ལངྐའི་ཕོ་བྲང་སྒོ་སྲུངས་མཁན། །བར་དུ་རྭ་སྒྲེང་གཞི་བདག་ཕྱིང་དཀར་བ། །ད་ལྟ་དཀར་མོའི་ལྗོངས་ཀྱི་དགོན་གནས་སྡེ། །གཡེལ་མེད་སྐྱོང་བའི་ཇོ་བོ་རྒྱལ་མཚན་པ། །རྟ་མཆོག་(༩༣ན)


GLG018_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སྒ་སྲབ་མཛེས་པའི་རྒྱན་ལྡན་སྟེང་། །དར་ཐོད་ལྷབ་ལྷུབ་གོས་ཅན་རུ་མཚོན་འཕྱར། །རེས་འགའ་ལྷ་བཙན་དྲག་པོའི་རྣམ་འགྱུར་སོགས། །གྲངས་མེད་སྤྲུལ་པའི་རོལ་གར་ཅིར་ཡང་སྟོན། །པད་འབྱུང་ཨ་ཏི་ཤ་དང་འབྲོམ་སྟོན་རྗེ། །རྒྱ་མཚོའི་མཐའ་ཅན་དགེ་འདུན་བསོད་ནམས་མཚན། །སྤྱན་སྔར་ཁས་བླངས་གཡར་དམ་མ་འདའ་བར། །བདེ་སྐྱིད་དཔལ་ལ་སྤྱོད་པའི་འཕྲིན་ལས་སྒྲུབས། །རྟ་རྒོད་ཤེལ་ལྕགས། ཨེ་མ་དཔའ་བོ་མཁའ་འགྲོ་འདུ་བའི་གླིང་། །ཆོས་འཁོར་རྒྱལ་གྱི་སྒོ་སྲུངས་རྫུ་འཕྲུལ་ཅན། །གནོད་སྦྱིན་ཆེན་པོ་རྟ་རྒོད་ཤེལ་ལྕགས་ཁྱོད། །དངོས་བཤམས་ཡིད་སྤྲུལ་མཆོད་པས་མཉེས་བྱེད་ན། །རབ་དཀར་རྟ་མཆོག་ཞོན་ནས་ཐོགས་མེད་དུ། །བཀའ་ཉན་འཁོར་ཚོགས་དམ་ཅན་རྒྱ་མཚོར་བཅས། །འདིར་སྤྱོན་འཛུམ་ཞལ་རྡུལ་བྲལ་སྟོན་གྱི་ཟླ། །ཉ་རྒྱས་ལྟ་བུར་རྣལ་འབྱོར་བདག་ལ་སྟོན། །ཕྱག་གཡས་མདུང་དམར་རྣོན་པོས་དགྲ་བགེགས་དཔུང་། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པ་དང་། །ཕྱག་གཡོན་བསམ་འཕེལ་ཡིད་བཞིན་ནོར་བུ་ཡིས། །འདོད་པའི་རེ་བ་ཡོངས་སྐོང་འཕྲིན་ལས་མཛོད། །ཤིང་འབྲུག་ཆོས་འཁོར་རྒྱལ་དུ་གཏོར་གསོལ་མཆོད་དཔོན་བློ་བཟང་མཐུ་སྟོབས་བཏང་སྐབས་སྙན་དར་འབུལ་རྒྱུའི་ཁ་ཡིག་དགོས་ཚུལ་བྱུང་བ་བཞིན་བྲིས་པ་འདོད་དོན་ཡོངས་འདུའི་སྙེ་མ། བྱམས་བརྩེའི་དཔུང་གིས་བདུད་ཀྱི་སྡེ་ཆེན་ལས། །རྣམ་པར་རྒྱལ་པའི་མི་ཕམ་མགོན་པོའི་དྲུང་། །འཆི་མེད་དུ་ཀཱུ་ལ་ཡི་གོས་བཟང་གི །རྗེས་འགྲོ་ལྷ་རྫས་སྙན་ཤལ་ཕུལ་བའི་དགེས། །རྒྱལ་བསྟན་དར་ཞིང་དེ་འཛིན་སྐྱེས་བུ་རྣམས། །ཞབས་པད་རབ་བརྟན་(༩༣བ)


GLG018_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ལྡན་འདུས་པའི་སྡེ། །དབྱར་མཚོ་ལྟར་འཕེལ་མཁའ་མཉམ་འགྲོ་བ་ཀུན། །བདེ་ཞིང་སྐྱིད་པའི་དཔལ་ལ་སྤྱོད་པར་ཤོག །བདག་སོགས་བསྐལ་པར་འཚོ་བ་རིང་པོའི་ཚེ། །མཆོད་སྦྱིན་བརྒྱ་པའི་ལེགས་བྱས་དཔལ་ཐོབ་ཅིང་། །དེང་ནས་བྱང་ཆུབ་བར་དུ་མགོན་ཁྱོད་ཀྱིས། །རྗེས་སུ་བཟུང་སྟེ་དོན་གཉིས་ལྷུན་གྲུབ་ཤོག །དེ་ཝཱི་ཀོ་ཊི། རྒྱལ་བ་ཀུན་ཡུམ་འདོད་ཁམས་དབང་ཕྱུག་མས། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །གཏན་གྱི་སྐྱབས་གནས་མཛོད་ལ་བར་ཆད་ཀུན། །ཞི་ཞིང་མཐུན་རྐྱེན་དངོས་གྲུབ་སྩལ་དུ་གསོལ། །བསིལ་ཚལ། བསྟན་སྲུངས་དབང་པོ་རྡོ་རྗེ་གུར་གྱི་མགོན། །ལེགས་ལྡན་ནག་པོ་ལྷ་ཆེན་གདོང་བཞི་པ། །པུ་ཏྲ་མིང་སྲིང་དམ་ཅན་རྒྱ་མཚོ་ཡིས། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །མགོན་ཁང་མཐིལ། དཔལ་ལྡན་མ་ཧེའི་ཞལ་ཅན་བཀའ་སྡོད་བཅས། །བླ་མགོན་དབྱེར་མེད་རྣམ་མང་ཐོས་པའི་སྲས། །སྲིད་གསུམ་བདག་མོ་སྟོབས་ལྡན་བྲམ་ཟེའི་གཟུགས། །བེག་རྩེ་ལྕམ་དྲལ་བཅས་པས་འཕྲིན་ལས་སྒྲུབས། །ལྕམ་སྲིང་། དབང་གི་སྐྱེས་བུ་ཟངས་ཀྱི་བེག་རྩེ་ཅན། །སྲིང་མོ་རིག་པའི་ལྷ་མོ་གདོང་དམར་མ། །ལས་མཁན་སྲོག་བདག་བཤན་པའི་དམག་ཚོགས་ཀྱིས། །ཞི་རྒྱས་དབང་དྲག་ལས་རྣམས་གྲུབ་པར་མཛོད། །རྒྱལ་པོ། དཔལ་ལྡན་ཆོས་རྒྱལ་ཆེན་པོ་སྐུ་ལྔ་དང་། །སྤྲུལ་པ་སྲས་ཡུམ་བློན་པོར་བཅས་པའི་ཚོགས། །བཀའ་སྡོད་གཙོ་བོ་གནོད་སྦྱིན་ཙི་དམར་བ། །འཁོར་དང་བཅས་པས་རྣལ་འབྱོར་སྟོང་གྲོགས་མཛོད། །གཟའ། དཔལ་ལྡན་ཀུན་བཟང་ཐུགས་རྗེའི་སྒྱུ་འཕྲུལ་གར། །གདུག་པ་འདུལ་ཕྱིར་ཀླུ་སྲིན་(༩༤ན)


GLG018_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བཤོས་པའི་སྲས། །ལྷ་ཆེན་ཁྱབ་འཇུག་དྲང་སྲོང་རཱ་ཧུ་ལས། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ལེགས་ཚོགས་སྤེལ། །གཟའ་གདོང་དམར་ནག །ཁྱབ་འཇུག་ཆེན་པོའི་སྲས་པོ་གནོད་སྦྱིན་རིགས། །ཁྱུང་དམར་ཞོན་ནས་སྲིད་གསུམ་ཀུན་མྱུལ་བ། །གཟའ་གདོང་དམར་ནག་དྲེགས་པའི་འཁོར་ཚོགས་བཅས། །བདག་སོགས་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་མཛོད། །རྡོར་ལེགས། དམ་ལྡན་སྙིང་ཉེ་མཐུ་སྟོབས་རྫུ་འཕྲུལ་ཅན། །རྡོ་རྗེ་ལེགས་པ་ཆེད་འཁོར་ཚོགས་བཅས་ཀྱིས། །ཉིན་མཚན་གཡེལ་བ་མེད་པར་གྲོགས་མཛོད་ལ། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །དེ་ཝཱི་ཀོ་ཊི་གཡུ་སྒྲོན། ཆོས་འཁོར་གནས་སྐྱོང་རྡོ་རྗེ་གཡུ་སྒྲོན་མ། །ལྷ་རིགས་ཇོ་བོ་ཆེན་པོ་རྒྱལ་མཚན་དང་། །གནོད་སྦྱིན་རྟ་རྒོད་ཤེལ་ལྕགས་ལ་སོགས་པ། །གཞི་བདག་སྲུང་མར་བཅས་པས་འཕྲིན་ལས་སྒྲུབས། །ཤིང་འབྲུག་ནག་པ་ཟླ་བའི་བརྒྱད་གཏོར་གྱི་དུས་སྟོབས་འཕྲོག་དབང་པོར་ཕུལ་བའི་སྙན་དར་ཞལ་ཡིག་རི་བོ་མངོན་སུམ་རྒྱུ་བའི་བསོད་ནམས་ཕུང་པོ། དཀར། བདེ་ཆེན་འཁོར་ལོའི་དབུས་ན་འཛུམ་ལྡན་ཞལ། །རིགས་འཛིན་སྒྲུབ་པོར་སྟོན་པའི་ཟླ་ཞུན་སྐུར། །རྣམ་རོལ་གདོང་བཞི་མགོན་པོ་ཚེ་འཕེལ་ལྷས། །འཆི་མེད་སྲོག་གི་ཀ་བ་དེང་འདིར་ཚུགས། །དམར། ལོངས་སྤྱོད་འཁོར་ལོའི་དབུས་ན་རྗེས་ཆགས་སུ། །ཁམས་གསུམ་བརྟན་པ་འཕྲོག་པའི་ཟློས་གར་མཁན། །དམར་ཟླུམ་སྤྱན་ཟུར་གཟིགས་པ་ལྷུང་ཙམ་གྱིས། །སྲིད་ཞིའི་ལེགས་ཚོགས་མ་ལུས་དབང་དུ་སྡུས། །མཐིང་། ཆོས་ཀྱི་འཁོར་ལོའི་ཆུ་སྐྱེས་ཟེའུ་འབྲུའི་དབུས། །རང་སེམས་དག་པའི་མགོན་པོ་སྲིན་(༩༤བ)


GLG018_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གཟུགས། །ཡེ་ཤེས་མཚོན་གྱི་གཉིས་འཛིན་འཆིང་རྒྱ་དང་། །ལྷན་ཅིག་དགྲ་བགེགས་དཔུང་ཚོགས་རྩད་ནས་ཆོད། །སེར། སྤྲུལ་པའི་འཁོར་ལོར་ཉིན་བྱེད་དངོས་བརྒྱའི་ལུས། །རབ་འཛིན་ཕྱག་གི་རིན་ཆེན་ཟད་པ་ལས། །ཚེ་དཔལ་སྟོབས་འབྱོར་ལུང་རྟོགས་ཡོན་ཏན་ཀུན། །ཡར་ངོའི་ཟླ་ལྟར་རྒྱས་པའི་དངོས་གྲུབ་སྩོལ། །ལྗང་། ཉེར་བཞིའི་ཡུལ་ཀུན་མྱུལ་བའི་བྲམ་ཟེ་ཆེ། །གསལ་སྟོང་ཟུང་འཇུག་མགོན་པོའི་ཟློས་གར་གྱིས། །རང་ལུས་རྩ་རླུང་དངས་མའིཐེག་ལེ་རྣམས། །ཟུང་འཇུག་རྡོ་རྗེའི་སྐུ་རུ་འགྲུབ་བྱིན་རློབས། །འཁྲུལ་ངོར་ཤར་བའི་དགྲ་བགེགས་ཕུང་པོ་ལ། །གདོད་ནས་གྲུབ་པའི་མགོན་པོ་འཁོར་བཅས་རྣམས། །གཤེད་གྱུར་སྲོག་བཅད་ཤ་ཁྲག་དགྱེས་རོལ་ནས། །རྣམ་ཤེས་མི་བསྐྱོད་རྒྱལ་བའི་ཞིང་དུ་སྤོར། །རྣལ་འབྱོར་བདག་སོགས་དགོན་གནས་སྡེ་བཅས་ལ། །ཆོས་སྲིད་བསོད་ནམས་ཕུང་པོར་ཆེར་སྤུངས་པ། །མངོན་སུམ་རྒྱུ་བའི་རི་བོ་ཇི་བཞིན་དུ། །ཐོབ་པའི་སྐལ་བཟང་དགའ་སྟོན་དེང་འདིར་སྩོལ། །ཤིང་འབྲུག་ཧོར་ཟླ་བཞི་པའི་ཚེས་གཅིག་ནས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་སུ་འདོད་ཁམས་དབང་ཕྱུག་མར་མདོས་བཀང་འབུམ་ཐེར་གཉིས་བཏང་བའི་དུས་ཕུལ་བའི་སྙན་ཤལ་ཁ་ཡིག་བདུད་རྩིའི་ཆུ་རྒྱུན། དཀར། མངོན་གྱུར་བག་ཞ་གདུང་མཚོར་མི་ཟད་དུག །དྲུངས་འབྱིན་དཀར་མཛེས་རྀཥྀའི་ཞལ་སྟོན་ལ། །སྒོ་གསུམ་བདེ་སྐྱིད་ཡན་ལག་བརྒྱད་ལྡན་ཆུར། །སྒྱུར་ཞིང་ཚངས་པའི་བུ་མོ་དུང་སྐྱོང་མ། །སེར། མཐོ་རིས་ལྷ་མིའི་ལེགས་བྱས་གཏེར་གྱི་དཔྱ། །གཅིག་ཏུ་བསྡུས་པའི་ཕུང་པོ་གཟུགས་ཅན་བཞིན། །རྒྱུ་བ་ལྟ་བུའི་སྐལ་བ་ལེགས་ཐོབ་པར། །མཛོད་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་(༩༥ན)


GLG018_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མ། །དམར། སྲིད་ཞི་མགྲིན་སྔོན་གནག་སྣུམ་རལ་པའི་རྩེར། །དངོས་ཀུན་གྱིས་འདུད་དབང་ཐང་རྒྱ་མཚོ་ལས། །རྐང་སེན་ཟླ་བའི་ཅོད་པན་སྒྱུ་ཐབས་ཀྱིས། །དྲོངས་ཤིག་ཁམས་གསུམ་ཡོངས་ལ་མངའ་སྒྱུར་མ། །མཐིང་། གནོད་བྱེད་ལྟ་ཞོག་ངན་སེམས་མུན་ཁུང་དུ། །སྡིག་འབྲས་འཁྱིལ་བའི་དགྲ་བགེགས་དུག་སྤྲུལ་སྲོག།མཐུ་སྟོབས་འདབ་བཟང་དབང་པོའི་མཆུ་སྡེར་གྱིས། །ཆོད་ཅིག་དམག་ཟོར་རྒྱལ་མོ་རེ་མ་ཏཱི། །ལྗང་། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཡོད་དོ་ཅོག །མདོས་མཆོད་ནམ་མཁའི་མཛོད་ཀྱི་སྒོ་འབྱེད་ན། །ཡིད་བཞིན་དབང་གི་རྒྱལ་པོ་ཇི་བཞིན་དུ། །འདོད་པའི་རེ་བ་སྐོང་ཞིག་ལྷག་པའི་ལྷ། །ཤིང་འབྲུག་ལོ་ཡར་ཀླུངས་རྒྱལ་འོལ་དགའ་རྣམས་ཀྱི་གཙུག་ལག་ཁང་དང་མགོན་ཁང་ཁ་ཤས་ལ་སྙན་དར་ཕུལ་བའི་ཁ་ཡིག་དགོས་ཚུལ་སྟག་རུ་བ་ནོར་བུས་བྱུང་བ་ལྟར་བྲིས་པ་གསེར་གཞུང་ཕན་བདེའི་ལང་ཚོ། བསམ་ཡས། ཆེས་ཆེར་གདུལ་དཀའི་འགྲོ་འདྲེན་དམ་བཅའ་ཡིས། །སངས་རྒྱས་རྣམས་ཀྱི་བླ་ནས་བླར་མཐོ་བ། །བུ་རམ་ཤིང་པའི་སྣང་བརྙན་བྱང་ཆུབ་ཆེ། །མཐོང་ཐོས་དྲན་རེག་དོན་ལྡན་ལ་སྦྱོར་ཀྱེ། རྒྱལ་ཀུན་མཆོད་ཅིང་སྨོན་ལམ་ལེགས་བཏབ་ལས། །རྣམ་སྨིན་གཅིག་ཏུ་དཀར་པོར་འཛག་ནུས་ཅན། །ནམ་ཡང་བསླུ་མེད་རྟེན་ཅིང་འབྲེལ་འབྱུང་བ། །བདེན་པའི་ཆེ་བ་ཕུལ་དུ་བྱུང་བའི་མཐུས། །མ་རིག་འཐིབས་མུན་ཁུང་འཁྱིལ་ཉེས་བརྒྱའི་ལུས་། །བདེར་སེམས་མར་གྱུར་ཉམ་ཐག་དུག་སྦྲུལ་ཚོགས། །ཐུགས་རྗེའི་ཕྱག་གིས་དབུགས་དབྱུང་ལྷ་མིའི་རྟེན། །ལེགས་བརྒྱུད་ཐར་པའི་གྲོང་དུ་མྱུར་འདྲེན་མཛོད། །ངག་གི་དབང་ཕྱུག་འཇམ་མགོན་མི་ལུས་ཟོལ། །ཉེར་བརྟེན་བློ་


GLG018_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གྲགས་པའི་ཆོས་སྲིད་བསྟན། །ཛཱཏིའི་མེ་ཏོག་བཀྲ་ནས་རྒྱ་མཚོའི་མཐར། །སྤེལ་མཛད་རྗེ་བཙུན་བླ་མ་ཞབས་བརྟན་ཤོག །བདག་སོགས་འཁོར་འཁྱམས་དེ་སྲིད་མཐོ་རིས་ཀྱི། །ཕུན་ཚོགས་བདེ་བའི་དངོས་པོར་ལོངས་སྤྱོད་ཅིང་། །རིང་པོར་མི་ཐོགས་སྒྲིབ་གཉིས་དྲུངས་ཕྱུང་ནས། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །ཁྲ་འབྲུག །ས་ལམ་ཡོན་ཏན་འབྲས་སྨིན་གྲོང་ཁྱེར་ཆེ། །སངས་རྒྱས་ཀུན་གྱི་འབྱུང་ཁུངས་འོག་མིན་ནས། །དེ་བཞིན་གཤེགས་རིགས་ཡེ་ཤེས་ཞུན་མའི་ཁམས། །ས་འདིར་དངོས་མཐོང་རྣམ་སྣང་གཙོ་དང་འཁོར། །བསོད་ནམས་ས་བོན་ཚོགས་ཀྱི་ཞིང་ས་རུ། །བཏབ་འབྲས་བྱང་ཆུབ་ཆེར་བསྔོའི་སྨོན་མཐུ་ཡིས། །ནམ་མཁའ་མཛོད་ལྟར་འཛད་མེད་དགེ་བའི་གདུགས། །ཕན་བདེའི་གྲིབ་མར་འགྲོ་རྣམས་ངལ་གསོར་ཤོག །རང་གཞན་ལུས་ངག་ཡིད་གསུམ་དགེ་བ་བཅུའི། །དབང་བྱེད་བློ་ལྡན་མཁས་བཙུན་བཟང་པོའི་གར། །རྒྱ་ཆེར་རྣམ་དཔྱོད་མཚོ་བྱུང་དགྱེས་པའི་བཤེས། །འགྱུར་མེད་གཡུང་དྲུང་ལྟ་བུར་རྟག་བརྟན་ཤོག །གསེར་གཞུང་བདེ་ཆེན་ཁང་བཟང་གསར་པའི་བདག །ནོར་བུའི་མིང་འཛིན་གཉེན་འདུན་འབངས་བཅས་ཀུན། །རྣམ་ཐོས་བུ་ཡི་ནོར་དང་རྫོགས་ལྡན་མིའི། །རིང་འཚོའི་ཚེ་ཡི་སྐལ་བཟང་འཐོབ་གྱུར་ཅིག །ལུས་ཅན་ལོག་རྟོག་རྙོག་མའི་ཡིད་ཀྱི་མཚོ། །དཔྱད་གསུམ་དག་པའི་ཀེ་ཏ་ཀས་སྦྱངས་པར། །དཀོན་མཆོག་ཡོན་ཏན་གཟུགས་ཤར་མ་གདྷ། །བཟང་མོའི་རྣམ་ཐར་ཀུན་གྱི་འཛིན་གྱུར་ཅིག །ཡུམ་བུའི་ཇོ་བོ། འོག་མིན་ཞིང་གི་གཙོ་བོའི་སྐུར་བཞེངས་ཀྱང་། །རྡོ་རྗེའི་གདན་ལ་ཀུ་ཤའི་རྩཱའཇམ་སྟེང་། །སྐྱིལ་(༩༦ན)


GLG018_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་གཅིག་གིས་བདུད་དཔུང་ཉེར་བཏུལ་ཏེ། །མཆོག་གི་སྤྲུལ་སྐུར་སངས་རྒྱས་ཟས་གཙང་སྲས། །སྙིང་སྟོབས་ཕྲག་པར་རྒྱལ་ཀུན་སེམས་བསྐྱེད་ཁུར། །ལེན་ཁྱོད་ཐུགས་རྗེ་བསྐུལ་བར་ལྟོས་མིན་ཀྱང་། །ཉམ་ཐག་སྐྱེ་རྒུ་མ་བཟོད་གདུང་ཤུགས་སྨྲེང་། །ཆུ་ཡི་ལྕིད་ལྡན་དབུས་ཀྱི་དབྱར་རྔ་བཞིན། །གང་གི་སྣང་བརྙན་ཐུགས་གསང་དཔལ་བེའུ། །ཡིད་བཞིན་ནོར་བུས་གཏམས་པས་མཐོང་ཐོས་དང་། །དྲན་རེག་མ་ལུས་ཁྱོད་མཚན་ཇི་ལྟ་བར། །མཁའ་མཉམ་འགྲོ་ཀུན་འདྲེན་པའི་དོན་འགྲུབ་ཤོག །དགེ་བཅུ་རྫོགས་ལྡན་འབྲས་སྨིན་འཛམ་གླིང་མིས། །རིང་འཚོའི་ཚེ་དང་བསགས་པའི་བསོད་ནམས་གཏེར། །མངོན་སུམ་ཉམས་མྱོང་བསྟར་པའི་དབང་ཐང་ལ། །སྤྱོད་པའི་སྐལ་བ་ཅན་དུ་བདག་བྱིན་རློབས། །གངས་ཅན་སཱ་ལའི་ནགས་ཀྱི་སྨན་ལྗོངས་འདིར། །ཐུབ་བསྟན་མྱ་ངན་མེད་ལྗོན་གྲིབ་བསིལ་ལ། །ལུས་ཅན་མཐའ་དག་བདེ་བར་ངལ་བསོས་ཏེ། །སྐྱིད་པའི་ཉི་མ་གུང་ནས་འཆར་བར་ཤོག །འོལ་དགའ་རྫིང་ཕྱིའི་བྱམས་པ། གང་སྐུ་སྟེ་འུས་གཞོགས་པའི་འཚེ་བ་དང་། །ས་མཆོག་ཙནྡན་བྱུགས་པའི་སྲི་ཞུ་ལ། །བསྙེན་སྲིང་མེད་པ་ཚད་མེད་བཏང་སྙོམས་མཐུ། །མ་འདྲེས་ཀུན་ལ་བྱམས་ལྡན་མི་ཕམ་མགོན། །དམ་པ་ཏོག་དཀར་ཅོད་པན་ཉེར་བཅིངས་ནས། །འཆི་མེད་གདུལ་བྱར་ཆོས་སྟོན་གྱིས་བྲེལ་ཀྱང་། །འཛམ་བུའི་གླིང་ནས་དད་པས་གསོལ་བདེབས་ན། །མ་གཡེལ་ལྷང་ལྷང་སྒྲ་འདིར་སྙན་དབང་གཏོད། །ཕུལ་བྱུང་ཐུགས་རྗེ་ཆེན་པོའི་ཉི་མའི་འོད། །བདག་སྙིང་འདབ་སྟོང་དབུས་སུ་ཉེར་ཞུགས་ཏེ། །འདི་ཕྱིའི་ལེགས་ཚོགས་(༩༦བ)


GLG018_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲང་རྩི་རོ་བདའི་བཅུད། །མྱང་ནས་ཀུན་ཏུ་དགའ་བའི་གླུ་ལེན་ཤོག །མགོན་ཁྱོད་དམ་བཅས་གཟུངས་སྔགས་བཀླགས་པ་དང་། །ཐོས་རྣམས་དམྱལ་སོགས་གནས་ངན་གར་སྐྱེས་ཀྱང་། །ངེས་པར་བཙལ་ནས་བཏོན་ཏེ་འདྲེན་ནོ་ཞེས། །ཞལ་འཆེས་བདག་གི་ཡང་སྲིད་དུས་སུ་སྩོལ། །འདིས་མཚོན་སྐྱེ་བར་གོམས་པའི་བསོད་ནམས་ཀྱི། །ཕུང་པོ་གཟུགས་ཅན་བཞིན་དུ་སྤུངས་པ་ཀུན། །ལུས་ཅན་ཀུན་གྱི་སྐྱབས་དང་གླིང་གྱུར་པའི། །རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུ་རུ་བསྔོ། །རྒྱལ་གྱི་བྱམས་ཆེན། འགྲོ་ཀུན་ཡིད་མཁར་འོང་བའི་རྗེས་བརྩེའི་སྤྱན། །དཀྱུས་རིང་འཁོར་བའི་ཕ་མཐར་དེ་སྲིད་ལས། །བརྒལ་བར་བརྐྱངས་ཏེ་མ་རྒན་སྐྱེ་རྒུ་རྣམས། །ཐར་པའི་གྲོང་དུ་འཁྲིད་མཛད་བྱམས་མགོན་ཀྱེ། །བདག་སོགས་འདི་དང་ཚེ་རབས་ཡོངས་བསགས་པ། །ལེགས་བྱས་མུ་ཏིག་འཛད་མེད་ཤེས་པའི་ཆར། །དེང་ནས་བྱང་ཆུབ་བར་གྱི་དབང་ཐང་སྣོད། །བླ་ནས་བླར་བརྩེགས་འཕྱུར་བུར་འགེང་པར་ཤོག །ཕན་བདེའི་ནམ་མཁའ་འབུབས་ནུས་ནག་པོའི་ལས། །སྡིག་འབྲས་མཐོར་བརྩེགས་སྔོན་མེད་འབིགས་བྱེད་རིས། །བསྙལ་ཏེ་ལུས་ཅན་དབང་ཕྱུག་རལ་པའི་རྩེར། །བསོད་ནམས་ཟླ་བ་རྟག་ཏུ་ཚེས་པར་ཤོག །གངས་ཅན་གསེར་རིའི་སྦུབས་ནས་ཐུགས་རྗེའི་ཉི། །ཤར་བས་ནད་མུག་འཐབ་རྩོད་དུཿཁའི་མུན། །མཐར་བྱས་བདེ་སྐྱིད་སྣང་བའི་གཏེར་མཛོད་ཀྱི། །བརྒྱ་ཕྲག་སྒོ་འཕར་འབྱེད་པའི་བཀའ་དྲིན་སྩོལ། །ནོར་འཛིན་དཔལ་མོའི་མངལ་དུ་སྨིན་པའི་ཁུར། །གནམ་བསྐོས་མཆོད་ཡོན་ཉི་ཟླ་ཟུང་གི་ཁྲིམས། །མཆོག་དམན་ཀུན་གྱི་ཕྲག་པར་(༩༧ན)


GLG018_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྦྱངས་ཀྱི། །གཉའ་ཤིང་འཛིན་རི་རྟག་ཏུ་ལྕི་གྱུར་ཅིག །རྒྱལ་མགོན་ཁང་མཐིལ། འཇིགས་མཛད་རྡོ་རྗེ་བཀའ་ཉན་ལས་གཤིན་དང་། །བླ་མགོན་དབྱེར་མེད་རྒྱལ་ཆེན་ངལ་བསོས་པོ། །རེ་མ་ཏཱི་དང་གདོང་བཞི་བཤན་པར་བཅས། །བདག་སོགས་རྣམས་ཀྱི་སྐྱབས་དང་དཔུང་གཉེན་མཛོད། །དགའ་ཚལ་དེ་ཝཱི་ཀོ་ཊི། བདེ་ཆེན་འཁོར་ལོ་རྒྱས་འདེབས་བཅོམ་ལྡན་མ། །སྲིད་པའི་རྒྱལ་མོར་ཡོངས་གྲགས་དམག་ཟོར་ལྷས། །བདག་སོགས་དགྲ་བགེགས་གཡུལ་ལས་རབ་རྒྱལ་ཏེ། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །དགའ་ཚལ་བསིལ་བ་ཚལ། དགྲ་སྲོག་གཅོད་ལ་ཧ་ལ་ནག་པོའི་དུག །དམ་ལྡན་འདོད་པ་འཇོ་བའི་དཔག་བསམ་ཤིང་། །རྡོ་རྗེ་གུར་མགོན་གདོང་བཞི་པུ་ཏྲ་ཡིས། །དུས་དྲུག་མེལ་ཚེ་མཛོད་ལ་བདག་སོགས་སྲུངས། །དགའ་ཚལ་བེག་རྩེ། འཆར་ཀའི་འཐུན་འཚམས་ལྟར་དམར་བགྲད་པའི་མིག །བདུད་སྡེའི་དཔུང་ལ་གཡེལ་མེད་ཉེར་གཟིགས་ནས། །ཐལ་བར་རླག་མཛད་བེག་རྩེ་ལྕམ་དྲལ་གྱིས། །བྱང་ཆུབ་བར་དུ་བདག་ཅག་འཁོར་བཅས་སྐྱོངས། །དགའ་ཚལ་ཆོས་འབྱུང་སྟེང་ཤོད། སྦས་ཡུལ་ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་། །དགའ་ཚལ་དབང་དྲག་རོལ་བའི་ཕོ་བྲང་ཆེའི། །ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །དངོས་གྲུབ་ཆར་ཆེན་འབེབས་པའི་འཕྲིན་ལས་མཛོད། །དགའ་ཚལ་ལམ་ཀར་དགོས། སྣང་སྲིད་ལྷ་སྲིན་དྲེགས་པའི་དམག་དཔུང་གི །སྣ་འདྲེན་སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་པོ། །གསང་ཡུམ་བློན་པོ་ལས་མཁན་དང་བཅས་པས། །བསམ་དོན་མ་(༩༧བ)


GLG018_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལྷུན་གྱིས་གྲུབ་པར་མཛོད། །རྒྱལ་གྱིས། དཀར་མོའི་ལྗོངས་ཀྱི་རི་མཚོ་གནས་བསྲུང་བའི། །རྟ་རྒོད་ཤེལ་ལྕགས་ཇོ་བོ་རྒྱལ་མཚན་སོགས། །མདོར་ན་ཡུལ་ལྷ་གཞི་བདག་ཚོགས་རྣམས་ཀྱིས། །གཞིས་ལམ་བྱེས་གསུམ་ཀུན་ཏུ་སྟོང་གྲོགས་མཛོད། །རི་བོ་བདེ་ཆེན། དགེ་བཅུ་ཀུན་ཚང་ཡར་ཀླུངས་ནུབ་ཀྱི་ཆར། །གླང་ཆེན་རི་བོའི་ངོས་ན་འདུས་པའི་གླིང་། །ཕུན་ཚོགས་བདེ་བ་ཆེན་པོའི་འབྱུང་གནས་ཀྱི། །བསྟན་སྲུངས་གཞི་བདག་མ་གཡེལ་སྟོང་གྲོགས་མཛོད། །སྲིད་པའི་ལྷ་ཆེན་ཤམ་པོ་ལ་སོགས་པ། །ཡར་ཀླུངས་ཤར་ནུབ་མཐིལ་གསུམ་ནོར་འཛིན་མའི། །ཡུལ་ལྷ་གཞི་བདག་རིགས་དང་བརྒྱུད་ལ་འགོ །ཕ་མེས་དགྲ་ལྷར་བཅས་པས་རྟག་ཏུ་སྲུངས། །ཤིང་འབྲུག་ལོ་གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོའི་ཕྱི་རྟེན་དུ་སྨན་སྒོམ་འབྲང་རྒྱས་པ་ངག་དབང་དོན་འགྲུབ་ཀྱིས་དོ་དམ་བྱས་ནས་གསང་ཕུང་ཞེངས་པའི་རྒྱལ་བ་སྨན་གྱི་ལྷའི་སྐུ་བརྙན་ལ་འབུལ་རྒྱུའི་སྙན་དར་ཁ་ཡིག་འཚོ་བྱེད་ངག་དབང་ལྷག་བསམ་གྱིས་དགོས་ཚུལ་བྱུང་བ་ལྟར་བྲིས་པའི་བཻཌཱུཡ་ཞིང་ཁམས་དངོས་མཐོང་། རྒན་པོའི་བློ་འཆང་རྣམ་དཔྱོད་མ་དྲོས་ལས། །ཚེ་ཡི་རིག་བྱེད་ཆད་མེད་ཆུ་བོའི་རྒྱུན། །སྐལ་བཟང་གདུལ་བྱ་རྒྱ་མཚོར་ལེགས་བབས་པའི། །བྱེད་པོ་བཤེས་གཉེན་དྲང་སྲོང་ཆེན་པོ་ཁྱོད། །བཻ་ཌཱུར་འོད་སྣང་འབྱམ་ཀླས་ཞིང་ཁམས་སུ། །འཇའ་ལུས་སྒྱུ་འཕྲུལ་གར་གྱིས་ལས་དག་འགྲོ །འདྲེན་པས་མ་གཡེལ་འདི་ན་གསོལ་འདེབས་ཚེ། །མ་སྨད་ཐུགས་བརྩེས་རྟག་ཏུ་རྗེས་འཛིན་མཛོད། །ཆོས་དཀར་བསྐྲུན་ལས་མཐའ་མེད་མ་རྒན་རྣམས། །སྨན་གྱི་བླ་མའི་གོ་འཕང་ཉེར་ཐོབ་ཅིང་། །ཕན་དང་བདེ་བའི་རྩི་སྨན་ལྗོན་པ་ཆེ། །གསོ་རིག་བསྟན་(༩༨ན)


GLG018_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབྱར་མཚོ་ལྟར་རྒྱས་ཤོག །ཤིང་འབྲུག་ལོ་དཔལ་ལྡན་དམག་ཟོར་མར་དུས་རིམ་གྱི་མདོས་བསྐང་ཐོག་ཏུ་ཕུལ་བའི་སྙན་དར་ཞལ་ཡིག་བསམ་པ་ལྷུན་གྲུབ། གདན་གསུམ་ཚང་བའི་མགོན་རྣམས་ཞབས་བརྟན་ཅིང་། །རིག་འཛིན་བདག་ཅག་སློབ་འཁོར་སྦྱིན་བདག་ཚོགས། །བར་གཅོད་ལས་རྒྱལ་ཆོས་སྲིད་ལེགས་ཚོགས་འཕེལ། །བོད་ཡུལ་འགྲོ་ཀུན་ཕན་བདེར་ལོངས་སྤྱོད་མཛོད། །ཤིང་འབྲུག་ལོ་ལྷོ་བྲག་མཁོ་མཐིང་ལྷ་ཁང་དུ་འབུལ་རྒྱུའི་སྙན་དར་ཁ་ཡིག་དགོས་ཚུལ་ལྷ་ཁང་པ་བློ་བཟང་དབང་རྒྱལ་གྱིས་བྱུང་པ་ལྟར་བྲིས་པ་དབང་པོའི་གཞུ་རིས། གར་གྱི་དབང་ཕྱུག་ཚེ་མཐའ་ཡས་པའི་མགོན། །གྲངས་མེད་གདུལ་བྱའི་བསམ་པ་ལྷ་ལམ་ངོས། །དབངགཞུ་ལྟར་བཀྲ་རིགས་ལྔ་ཉེ་སྲས་བརྒྱད། །ལེགས་བྱས་ཞིང་དུ་ས་བོན་སྨིན་པའི་འབྲས། །གངས་ཀྱི་ར་བས་བསྐོར་པའི་སྨན་ལྗོངས་འདིའི། །འགྲོ་ཀུན་རྫོགས་ལྡན་སྐྱེ་རྒུ་ལྟར་བདེ་ཞིང་། །གང་དེའི་འབྱུང་གནས་ཟས་གཙང་སྲས་ཀྱི་བསྟན། །འཛམ་གླིང་མཛེས་པའི་རྒྱན་དུ་རྒྱས་གྱུར་ཅིག །ཆོས་དཀར་འདིས་མཚོན་དུས་གསུམ་དགེ་ཚོགས་རྒྱུན། །བྱང་ཆུབ་སྙིང་པོའི་རྒྱ་མཚོར་རྟག་འབབ་ཅིང་། །ངེས་པར་ལེགས་མིན་དེ་སྲིད་མངོན་མཐོ་ལ། །སྤྱོད་པའི་སྐལ་པ་བཟང་པོར་བདག་གིས་བྱིན་རློབས། །ཤིང་འབྲུག་ལོ་འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་བསྟན་འཛིན་གྱིས་ཆོས་སྐྱོང་སྤྱི་བྱེ་བྲག་ལ་སྙན་དར་འབུལ་བའི་ཁ་ཡིག་དགོས་ཚུལ་བྱུང་བ་ལྟར་བྲིས་པའི་འདི་ཕྱིའིལེགས་ཚོགས་སྤེལ་པའི་སྒོ་འཕར། ཆོས་སྐྱོང་སྤྱི། གདོད་ནས་དག་པའི་ཆོས་དབྱིངས་མཁའ་ཀློང་ལས། །གཏུམ་དྲག་རྡོ་རྗེའི་ཚ་ཚ་ཆེར་འབར་བས། །ནག་ཕྱོགས་བདུད་དཔུང་ཕྱེ་མར་འཐག་མཛད་པ། །བསྟན་སྲུངས་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །


GLG018_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྫས་སྙན་ཤལ་འདིས་མཚོན་དངོས་འབྱོར་དང་། །རྣམ་སྤྲུལ་འཛད་མེད་ནམ་མཁའ་མཛོད་ཀྱི་སྒོ། །རབ་ཕྱེ་མཆོད་བྱ་མཆོད་བྱེད་དང་བྲལ་བའི། །བདེ་སྟོང་མཆོག་གི་མཆོད་པས་དགྱེས་སྐྱེད་ན། །ཞྭ་སེར་འཆང་བའི་ཆོས་དང་སྲིད་ཀྱི་བསྟན། །ཚངས་པའི་ཡུལ་སར་རབ་བསྒྲེང་འགྲོ་བ་ཀུན། །རྫོགས་ལྡན་ལྟར་བདེ་བདག་ཅག་བསམས་པའི་དོན། །ལྷུན་གྲུབ་འཕྲིན་ལས་དབྱར་གྱི་མཚོ་ལྟར་སྤེལ། །དམག་ཟོར་མ། དྲི་ཟའི་བུ་མོ་ཡིད་འོངས་མཛེས་སྡུག་མ། །ངེས་པའི་དོན་དུ་རྒྱལ་ཡུམ་དབྱངས་ཅན་ལྷ། །ཉི་མའི་གཉེན་གྱི་བསྟན་པ་བསྲུང་བ་ལ། །འཇིགས་རུང་སྲིན་མོའི་གཟུགས་ཅན་རེ་མ་ཏཱི། །གངྒཱའི་ཡབ་གཅིག་ལ་འགྲན་ལྷག་པའི་སེམས། །མཚོན་བྱེད་རབ་དཀར་ཐགས་ཀྱི་རི་མོ་ཅན། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་ཆེར། །མི་ཕྱེད་དད་པའི་མོས་བློས་ཕུལ་པའི་མཐུས། །འགྲོ་བའི་ཕན་བདེ་འབྱུང་གནས་ཐུབ་པའི་བསྟན། །དཀར་ཕྱོགས་ཟླ་གཞོན་ལྟ་བུར་རབ་འཕེལ་ཞིང་། །འདི་ཕྱིའི་ལེགས་ཚོགས་ནོར་བུར་བདག་ཅག་གི། །ཡིད་ཀྱི་ཡོལ་གོར་རབ་དགའ་གཡས་འཁྱིལ་མཛོད། །དཔེ་ཧར། དམུ་དང་ཀླུ་སྲིན་བཤོས་པའི་སྲོག་གི་བདག །སྣང་སྲིད་དྲེགས་པ་ཡོངས་ཀྱི་སྡེ་དཔོན་ཆེ། །བོད་ཡུལ་གཙུག་ལག་ཁང་སྲུངས་བི་ཧཱ་ར། །བཀའ་ཉན་འཁོར་ཚོགས་རྒྱ་མཚོ་བཅས་རྣམས་ལ། །དབང་ཕྱོགས་གན་མཛོད་ལས་འོངས་འཇམ་མཉེན་དར། །ནེའུ་ལེའི་མགྲིན་ལས་སྐྱུག་པའི་འདོད་དགུའི་གཏེར། །ཕུན་ཚོགས་འབྱོར་བའི་དངོས་ཀུན་དང་བཅས་ཏེ། །སྤྱན་སྔར་མཐུན་པའི་རྫས་སུ་ལེགས་སྤེལ་བས། །འཇིགས་ཆེན་བརྒྱད་སོགས་མི་མཐུན་རྒུད་(༩༩ན)


GLG018_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔུང་། །མཐུ་སྟོབས་ཉི་མའི་འོད་ཀྱིས་རབ་བསལ་ནས། །རྟག་ཏུ་ཕན་བདེར་སྤྱོད་པའི་བྱེད་པ་པོ། །བསོད་ནམས་སྣང་བའི་དཔལ་གྱིས་སྐྱོང་བར་མཛོད། །ཤིང་འབྲུག་གནམ་ལོ་གསར་ཚེས་ཀྱི་ཐོག་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོར་སྙན་ཤལ་དར་ཚོན་སྣ་ལྔ་ཕུལ་པའི་ཁ་ཡིག་འཆི་བ་མེད་པའི་དགའ་སྟོན། དཀར། ཉ་རྒྱས་ཟླ་བཞིན་འཛུམ་པའི་འོད་དཀར་གྱིས། །སྲིད་གདུང་མུན་པའི་སྨག་རུམ་གཞིལ་བ་དང་། །ལྷན་ཅིག་བདེ་སྐྱིད་ག་བུར་གཟེགས་མ་འབུམ། །སྙིང་ལ་སིམ་པའི་རྩེ་དགའ་དགོད་པར་མཛོད། །སེར། བསོད་ནམས་ཉི་མའི་དངོས་བརྒྱ་འཛིན་པའི་གཟི། །རབ་འབར་འཆར་ནུབ་སྤངས་པའི་འོད་པོ་ཆེས། །བརྒྱད་ཁྲིའི་ཚེ་ལྡན་འཛམ་གླིང་སྐྱེ་རྒུ་ཡི། །སྐལ་བཟང་མངོན་སུམ་མྱོང་བའི་དགའ་སྟོན་སྩོལ། །དམར། ཀུན་བཟོད་ཕ་མཐའ་འཆིང་ནུས་སྒྱུ་ཐབས་ཅན། །རྗེས་ཆགས་དམར་འོད་གཅིག་གིས་སྲིད་དང་ཞིའི། །བརྟན་གཡོ་ཕུན་ཚོགས་བྱེ་བའི་གཙུག་ཏོར་གྱི། །རྩེ་མོར་རྐང་རྡུལ་རིན་ཆེན་ཕྲས་མཛེས་མཛོད། །མཐིང་། མཐུ་སྟོབས་བརྒྱ་བྱིན་རྡོ་རྗེ་གདེངས་ཙམ་གྱིས། །ནག་ཕྱོགས་ལྷ་མིན་ལྐོག་མར་སྙིང་ཕྱུང་ཞར། །ངན་སེམས་སྦྲུམ་མའི་མངལ་ཡང་ཕྱིར་ལྷུང་སྟེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་མཛོད། །ལྗང་། ཨུ་མ་སྲིད་རྒྱས་ཕུར་སྐྱོང་རེ་མ་ཏཱི། །དབང་ཕྱུག་ཉེར་བརྒྱད་གཙོ་སོགས་ཚུལ་བཟུང་ནས། །ལས་བཞི་སྒྲུབ་ལ་དབང་པོའི་གཞུ་རིས་ལྟར། །སྟོན་མཛད་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ངེས་དོན་ཤེས་རབ་རྡོ་རྗེ་བཙུན་མོའི་གཟུགས། །འཁོར་ལོའི་མགོན་པོར་མཉམ་སྦྱོར་རྒྱས་འདེབས་མ། །སྟོང་ཉིད་སྙིང་རྗེའི་(༩༩བ)


GLG018_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཟུགས་རྒྱལ་བའི་ཡུམ། །ཨེ་མ་དེ་ཀུན་སེམས་ཉིད་གཅིག་པུའི་འཕྲུལ། །འོན་ཏེ་རིག་པའི་རྩལ་གྱིས་མ་འགགས་གདངས། །དམག་དང་ཟོར་གྱི་ལྷ་མོར་ཡོངས་ཤར་བར། །ཀུན་བཟང་རྣམ་འཕྲུལ་ལས་བྱུང་ཕྱི་དང་ནང་། །གསང་མཆོད་ནམ་མཁའ་མཛོད་གྱི་སྒོ་ཕྱེ་འབུལ། །སྤྱི་དང་ཁྱད་པར་གངས་ཅན་སྨན་ལྗོངས་འདིར། །ནད་མུག་འཁྲུག་རྩོད་དུས་ཀྱི་ཆད་པའི་མུན། །མཐུ་སྟོབས་ཉིན་བྱེད་ཀྱིས་བསལ་བསྟན་དང་འགྲོའི། །ཕན་བདེའི་འོད་སྣང་ཆེས་དཀར་ཁྱབ་པར་མཛོད། །རིགས་འཛིན་སྒྲུབ་པར་གླགས་ལྟ་ཡིད་སྲུབས་ལུས། །འཕྲིན་ལས་མིག་མེད་རབ་བསྲེག་རིང་འཚོའི་ཚེ། །སྟོབས་འབྱོར་རྒྱ་མཚོར་སྤྱོད་པའི་དབང་ཕྱུག་ཆེ། །ལྷུན་གྲུབ་འཆི་བ་མེད་པའི་དཔལ་ཐོབ་མཛོད། །ཤིང་སྤྲུལ་ནག་པ་ཟླ་བའི་བརྒྱད་བཏོར་གྱི་དུས་དྲག་པོ་གཟི་ལྡན་དབང་ཕྱུག་ལ་སྙན་ཤལ་དར་ཚོན་སྣ་ལྔ་ཕུལ་བའི་ཁ་ཡིག་འཁོར་ལོ་རྣམ་བཞིའི་ཡེ་ཤེས་རང་གསལ། དཀར། བདེ་ཆེན་ཚངས་པའི་གནས་སུ་ཚད་མེད་བཞིའི། །རབ་དཀར་འཛུམ་ཞལ་འོད་ཀྱིས་དུས་མུན་དཔུང་། །མཐར་བྱེད་དཔལ་ལྡན་མགོན་པོས་འཆི་མེད་ཚེའི། །བདུད་རྩིས་སྙིང་གི་བུམ་པ་དགེང་པར་མཛོད། །དམར། ལོངས་སྤྱོད་འདབ་སྟོང་གྲོལ་དབུས་རྗེས་ཆགས་སྐུ། །འཁོར་འདས་ཀུན་གྱི་བརྟན་པ་འཕྲོག་པའི་གར། །སྒྱུར་མཛད་ལེགས་ལྡན་ཆེན་པོས་སྲིད་དང་ཞིའི། །ཕུན་སུམ་ཚོགས་པའི་དཔལ་ཀུན་དབང་དུ་སྡུས། །མཐིང་། སྙིང་གའི་ཆུ་སྐྱེས་བཞད་པའི་ཟེའུ་འབྲུའི་རྩེར། །མིག་སྨན་ལྟ་བུར་གནག་པ་སྲིན་བུའི་ཞལ། །དགྲ་བགེགས་ཟར་རྔམས་སྟོབས་འཕྲོག་དབང་པོ་ཡིས། །ཡིད་སྲུབས་སྡེ་དང་བཅས་པའི་དཔུང་ཚོགས་(༡༠༠ན)


GLG018_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཆོམས། །སེར། སྤྲུལ་པའི་འཁོར་ལོའི་དབུས་ན་འབར་བའི་གཟི། །བརྗིད་ལྡན་ཉི་མ་འབུམ་གྱི་དཔལ་འཛིན་ལྷས། །ལུང་རྟོགས་ཡོན་ཏན་བསོད་ནམས་སྟོབས་འབྱོར་ཀུན། །དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་བར་མཛོད། །ལྗང་། ཕུང་ཁམས་སྐྱེ་མཆེད་སྦྱོང་བྱང་ལམ་གྱི་མགོན། །དྲག་པོ་གཟི་ལྡན་དབང་ཕྱུག་རང་སེམས་དང་། །གདོད་ནས་དབྱེར་མེད་དག་པའི་རྣལ་འབྱོར་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ཆེན་ཕོབ། །ཤིང་སྤྲུལ་གུང་ཐང་ལྷ་མོ་ལྕགས་ཕུར་མ་ལ་དྲུང་ཡིག་འཇམ་དབྱངས་དཔལ་བཟང་གིས་སྙན་དར་འབུལ་བའི་ཁ་བྱང་དགོས་ཚུལ་ལྟར་བྲིས་པ་ཕུན་ཚོགས་པད་སྦྲུལ་དཀར་ཆུན་པོ། སྤྲུལ་པའི་སྣང་བརྙན་མཁའ་ལྟར་འབྱམ་ཀླས་ཀྱང་། །འདི་ན་གཏུམ་དྲག་སྲིན་མོའི་ཟློས་གར་མཁན། །མ་མོ་ཆེན་མོ་དཔལ་ལྡན་ལྕགས་ཕུར་ཅན། །དགྱེས་ཞལ་སྟོན་མཚན་ཟླ་འདྲའི་ཞལ་གྱིས་གཟིགས། །དངོས་འབྱོར་མཆོད་པ་ཡིད་ཀྱིས་རྣམ་སྤྲུལ་པ། །འཛད་མེད་ནམ་མཁའ་མཛོད་ཀྱི་སྒོ་འཕར་ལས། །ལེགས་ཐོན་ཀུན་ཏུ་བཟང་པོའི་སྤྲིན་ཕུང་གིས། །བསྟན་སྲུངས་དབང་མོའི་ཐུགས་དམ་རབ་སྐོང་ན། །སྲིད་ན་མི་མཐུན་ཉེས་བརྒྱའི་མུན་པ་ཀུན། །མཐུ་སྟོབས་ཉི་མའི་འོད་ཀྱིས་མཐར་བྱས་ཏེ། །ཚེ་དཔལ་སྟོབས་འབྱོར་རིགས་བརྒྱུད་ཕུན་ཚོགས་ཀྱི། །པད་དཀར་ཆུན་པོ་གཙུག་ཏུ་རྟག་འཆིང་མཛོད། ཤིང་སྦྲུལ་འོལ་དགའ་དྲུང་ཡིག་དར་རྒྱས་བཀྲ་ཤིས་ཀྱིས་དུང་སྐྱོང་རྒྱལ་མོར་སྙན་དར་འབུལ་བའི་ཁ་བྱང་དགོས་ཚུལ་ལྟར་བྲིས་པ་ཉེས་ཚོགས་རྙོགས་མ་དངས་པའི་ཆུ་ཀླུང་། དྲི་བྲལ་དང་བའི་ཡིད་ཀྱི་རྒྱལ་མཚན་རྩེར། །སྲིད་གསུམ་བདག་མོ་ཡིད་བཞིན་དབང་རྒྱལ་མར། །རང་བློས་སྤྲུལ་པའི་ཀུན་བཟང་(༡༠༠བ)


GLG018_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྤྲིན་དང་། །ལྷན་ཅིག་སྲིད་ཞིའི་ལེགས་ཚོགས་ཀུན་འབུལ་ན། །དུག་གསུམ་གྱིས་རྨོངས་ནོངས་པའི་དྲི་མ་ཡིས། །ཁྱོད་ཐུགས་ཆུ་ཀླུང་རྙོག་པར་བྱས་པ་ཀུན། །སྙིང་ནས་བཤགས་པའི་ནོར་བུ་ཀེ་ཏ་ཀས། །ལེགས་དྲུངས་དགྱེས་པའི་སྣང་བརྙན་འཆར་དུ་གསོལ། །བསོད་ནམས་ཕུང་པོ་དར་བའི་ཞིང་ས་ལ། །རིང་འཚོའི་ཚེ་ཡི་སྙེ་མ་རབ་རྒྱས་ཤིང་། །རྟག་ཏུ་ཕན་བདེའི་བཀྲ་ཤིས་དགའ་སྟོན་ཆེར། །སྤྱོད་པའི་དངོས་གྲུབ་སྩོལ་ཤིག་དུང་སྐྱོང་མ། །མེ་རྟ་ལོ་གསར་གྱི་འདོད་ཁམས་དབང་ཕྱུག་མར་སྙན་ཤལ་དར་ཚོན་སྣ་ལྔ་ཕུལ་བའི་ཁ་བྱང་དཔག་བསམ་ལྗོན་པའི་འབྲས་སྨིན། ལྗང་། ཡིད་སྲུབས་སྡེ་དང་བཅས་པ་མ་ལུས་པ། །རྣམ་པར་གནོན་པའི་མཐུ་སྟོབས་རྩལ་ཀུན་གྱི། །ཕ་རོལ་ཕྱིན་པའི་བདག་ཉིད་བཅོམ་ལྡན་འདས། །དཔལ་ལྡན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །འཇམ་དཔལ་དུས་དགྲར་མཉམ་པར་སྦྱོར་བའི་ཡུམ། །ཕུར་སྐྱོང་སྲུང་མའི་དབུས་ན་རེ་མ་ཏཱི། །དྲེགས་པའི་སྡེ་དཔོན་ནང་ཚན་སྲིད་པའི་རྒྱལ། །འདས་དང་མ་འདས་སྤྲུལ་པ་བསམ་མི་ཁྱབ། །ཨེ་མ་མཁའ་ལ་འཇའ་ཚོན་གློག་སྤྲིན་བཞིན། །ཀུན་ཀྱང་རྣལ་འབྱོར་སེམས་ཀྱི་ཆོ་འཕྲུལ་ཏེ། །རང་རིགས་དག་པའི་རྡོ་རྗེ་གཙོ་མོའི་གར། །སྟོང་ཉིད་སྙིང་རྗེ་རོལ་པ་ལས་གཞན་ཅི། །ལྷག་པའི་ལྷ་ཀྱེ་ཞི་རྒྱས་དབང་དྲག་ལས། །གྲུབ་ཆེན་བརྒྱད་དང་མཆོག་གི་དངོས་གྲུབ་ཀུན། །བསམས་པ་ཇི་ཞིན་དཔག་བསམ་ཡོངས་འདུའི་འབྲས། །དུས་སུ་སྨིན་པའི་དགའ་སྟོན་འགྲུབ་པར་མཛོད། །དཀར། རྡུལ་བྲལ་སྟོན་ཟླ་ལྟར་དཀར་དུང་སྐྱོང་མས། །ནད་གདོན་དབུལ་ཕོངས་འཁྲུག་རྩོད་མུན་པའི་དཔུང་། །(༡༠༡ན)


GLG018_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བྱས་བདེ་སྐྱིད་སྣང་བས་སཱ་ལའི་ལྗོངས། །ཡོངས་ཁྱབ་བསམས་པ་ཇི་བཞིན་ལྷུན་གྲུབ་མཛོད། །སེར། ཚེ་ཡི་གཡུང་དྲུང་འཁྱིལ་བའི་སྣོད་ཡངས་པོར། །བསོད་ནམས་གྱེན་ནས་གྱེན་འཕྱུར་ཕུང་པོ་ཡིས། །མེས་པོ་ཚངས་པས་བསྒྲུབས་པའི་དབང་ཐང་དང་། །མཉམ་པོར་ལོངས་སུ་སྤྱོད་པའི་སྐལ་བཟང་སྩོལ། །དམར། འཇིག་རྟེན་གསུམ་གྱི་རལ་པའི་ཅོད་པན་རྩེར། །རྐང་སེན་ཟླ་བ་ཚེས་དང་ལྷན་ཅིག་པར། །སྲིད་ཞིའི་ཁོངས་ན་གནས་སོ་ཅོག་ཀུན་གྱི། །ཕུན་ཚོགས་ཡོན་ཏན་དབང་དུ་འདུ་བར་མཛོད། །མཐིང་། དངོས་བསྟན་བག་ལ་ཞ་བའི་དགྲ་དང་བགེགས། །གང་དུ་གནས་ཀྱང་དམར་ཟླུམ་སྤྱན་རས་ཀྱིས། །གཟིགས་ནས་སྡེ་དང་བཅས་པ་རབ་བཅོམ་སྟེ། །རྣམ་པར་རྒྱལ་བའི་རྒྱལ་མཚན་སྲིད་རྩེར་སྒྲོངས། །མེ་རྟ་ནག་པ་ཟླ་བའི་བརྒྱད་གཏོར་གྱི་དུས་སྟོབས་འཕྲོག་དབང་པོ་ལ་སྙན་ཤལ་དར་ཚོན་སྣ་ལྔ་ཕུལ་བའི་ཞལ་ཡིག་རྩ་ཁམས་ཞིང་སྐྱོང་དབང་པོར་ཤར་བའི་ངེས་གནད། ལྗང་། སྲིད་ཞིའི་དགྲ་ཚོགས་བཅོམ་པའི་ཟུང་འཇུག་སྐུ། །འོག་མིན་ཞིང་དུ་བཞེངས་པའི་མཚན་དཔེའི་གར། །སྒྲིབ་པའི་ཡིད་ཅན་སྣང་ངོའི་མེ་ལོང་དུ། །གཏུམ་དྲག་སྲིན་པོའི་གཟུགས་ཤར་སྟོབས་འཕྲོག་དབང་། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཞལ། །འགྲོ་ཀུན་ཐར་པར་བསུ་ལ་འཛུམ་ལྡན་ཀྱང་། །སྡིག་འབྲས་མངོན་སུམ་མྱོང་བ་དགྲ་བགེགས་ཀྱི། །སྙིང་ཁྲག་ཧུབ་ཀྱིས་འདྲེན་ལ་གདངས་པ་བཞིན། །མ་རིག་འཁྲུལ་ངོར་གྲུབ་པ་དྲེགས་པའི་དཔུང་། །རང་སེམས་དག་པའི་དབྱིངས་སུ་ཧེ་རུ་ཀཿ །སྒྱུ་མའི་འཕྲུལ་ལྟར་མྱོང་ཚེ་འཕྲིན་ལས་ཀུན། །ལོགས་ནས་མི་འཚོལ་ལྷུན་(༡༠༡བ)


GLG018_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་འདི་མཚར། །འོན་ཏེ་ཀུན་རྫོབ་ཆོས་ཀྱི་རོལ་རྩེད་དུ། །གཏོར་མའི་རི་བོ་བཏུང་བ་རྒྱ་མཚོར་བསྐྱིལ། །ཕྱི་ནང་གསང་རྟེན་མཆོད་སྤྲིན་དངོས་བཤམས་དང་། །རྣམ་སྤྲུལ་ནམ་མཁའ་མཛོད་ཀྱི་སྒོ་འབྱེད་ན། །ལུང་རྟོགས་བསྟན་པ་འགྲོ་བའི་བདེ་སྐྱིད་དང་། །ས་སྐྱོང་རྒྱལ་པོའི་མངའ་ཐང་ཆབ་སྲིད་སྤེལ། །ཁྱད་པར་སྔགས་འཆང་བདག་གི་ཞི་རྒྱས་དབང་། །མངོན་སྤྱོད་ལས་རྣམས་བསམ་པ་ཇི་བཞིན་སྒྲུབས། །དཀར། རྩ་གཉིས་འཁོར་ལོ་བདེ་བ་ཆེན་པོའི་དབུས། །ཟླ་ཤེལ་ལྟར་འཚོར་ཞི་བའི་ཉམས་ལྡན་ལྷས། །འཆི་མེད་བདུད་རྩིས་ཨ་ཝདྷུ་ཏཱིའི་ལམ། །རབ་དཀར་མི་ཤིགས་སྲོག་གི་ཀ་བ་ཚུགས། །དམར། བཅུ་དྲུག་འདབ་གྲོལ་ལོངས་སྤྱོད་འཁོར་ལོ་ཆེར། །ཁྲོ་ཆགས་ཉམས་ཀྱི་གར་བརྒྱ་ཡོངས་བརྩེན་པས། །ཀུན་ཡིད་བརྟན་པ་ཅིག་ཅར་འཕྲོག་པ་དང་། །ལྷན་ཅིག་སྲིད་ཞིའི་ཕུན་ཚོགས་མ་ལུས་སྡུས། །སྔོ། རྩིབས་བརྒྱད་ཆོས་ཀྱི་འཁོར་ལོའི་ལྟེ་བ་ན། །མིག་སྨན་ལྟར་གནག་རབ་ཁྲོས་གཏུམ་པོ་ཆེས། །དགྲ་བགེགས་བརྫིས་པས་མ་ཚིམ་རྡུལ་ཕྲན་ལྟར། །བརླག་པའི་གཡུལ་དུ་ཞུགས་ཀྱེ་དཔའ་བོ་ཆེ། །སེར། དྲུག་ཅུ་རྩ་བཞིའི་འདབ་ལྡན་སྤྲུལ་འཁོར་ནང་། །ཉི་མའི་དངོས་བརྒྱ་འཛིན་པའི་གཟི་བརྗིད་ཀྱིས། །ཚེ་དཔལ་སྟོབས་འབྱོར་གྱེན་ནས་གྱེན་འཕྱུར་བ། །འཇིག་རྟེན་མེས་པོའི་མངའ་ཐང་རྗེས་འགྲོར་མཛོད། །མེ་རྟ་ཧོར་ཟླ་བརྒྱད་པའི་ནང་འཕན་ཡུལ་ཕྱོགས་ལ་ཕྱིན་སྐབས་སྲུང་མ་རང་བཞིན་གྱི་བཞུགས་གནས་དཔལ་ལྡན་རྩེར་ངོས་ཀྱི་བགྲོད་དེ་མཆོད་གཏོར་གོ་དཀར་ལྡེམ་གཉིས་སྙན་ཤལ་ཉི་ཤུ་སྐོར་སོགས་ཕུལ་བའི་གུར་ཞལ་པུ་ཏྲ་རྣམས་ཀྱི་སྙན་དར་ཞལ་ཡིག་ཞི་རྒྱས་དབང་དྲག་བསྒྲུབ་པའི་དགའ་སྟོན། ཆོས་ཀྱི་དབྱིངས་(༡༠༢ན)


GLG018_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྲོ་ལ་རྗེས་བརྩེའི་ཐུགས། །སྒྲིབ་གཉིས་དགྲ་ལ་རྣམ་པར་ཁྲོས་པའི་ཞལ། །ཆེར་གདངས་སྲིད་གསུམ་ཟ་བའི་ནག་པོ་ཆེ། །བསྟན་སྲུངས་ཀུན་གྱི་སྡེ་དཔོན་རྡོ་རྗེ་གུར། །རྒྱུད་གསུམ་དྲེགས་པ་སྤྲོ་བསྡུ་རལ་གཅིག་མ། །སྲིང་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་གཙོ། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་ཚོགས། །ཕྱི་རོལ་དུར་ཁྲོད་བརྒྱད་མྱུལ་སྲིན་པོའི་གཟུགས། །རྩ་ཁམས་དངས་མའི་ངོ་བོ་ནང་གི་མགོན། །རང་སེམས་གསལ་སྟོང་ཟུང་འཇུག་དག་པའི་ལྷར། །གནས་ལུགས་རང་ངོ་ཤེས་ནས་མཆོད་པ་དང་། །ཕྱི་ནང་གསང་མཆོད་དངོས་བཤམས་ཡིད་སྤྲུལ་ན། །བསྟན་དང་འགྲོ་བའི་ཕན་བདེ་རབ་བརྒྱས་ཤིང་། །ས་སྤྱོད་རྒྱལ་པོའི་མངའ་ཐང་ཆབ་སྲིད་བརྟན། །ཁྱད་པར་ཟབ་མོ་གསང་ཆེན་སློབ་བཤད་ཀྱི། །རིང་ལུགས་སྲིད་མཐའི་བར་དུ་འཕེལ་བར་མཛོད། །རིགས་འཛིན་བདག་གི་ལས་བཞི་ལྷུན་གྲུབ་ཅིང་། །འཁོར་ལོ་གསུམ་གྱིས་བསྟན་ལ་རི་མོར་བྱེད། །མ་དག་འཁྲུལ་གཞི་ལམ་གྱིས་རབ་སྦྱངས་ནས། །འབྲས་བུ་ཟུང་འཇུག་ཚེ་འདིར་མངོན་གྱུར་མཛོད། །ཞལ། དགྲ་བགེགས་སྲོག་ལ་ཆེར་རྔམས་མཆེ་གཙེགས་ཀྱང་། །ཚད་མེད་རྣམ་བཞིའི་ཞལ་གྱིས་ལུས་ཅན་ཀུན། །ཐར་པའི་ཞིང་དུ་བསུ་པའི་འཛུམ་ལྡན་ཅན། །ཞིང་སྐྱོང་དྲག་པོ་གཟི་ལྡན་དབང་ཕྱུག་ཆེ། །རིགས་འཛིན་གྲོགས་སུ་བྲམ་ཟེའི་ཟློས་གར་མཁན། །དུར་ཁྲོད་བརྒྱད་མྱུལ་ལྷ་ཆེན་ཞལ་བཞི་པ། །རྩ་འཁོར་རྣམ་བཞིར་འཕྲིན་ལས་བཞི་ཡི་མགོན། །ཀུན་ཀྱང་གསལ་སྟོང་རང་སེམས་གདོད་མའི་རྩལ། །མཁའ་ལམཁའ་ཡིས་སྦྱོར་བ་ཇི་བཞིན་དུ། །བློ་(༡༠༢བ)


GLG018_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཡིད་མཁར་ཕྱི་ནང་གསང་མཆོད་ཚོགས། །དབང་གཞུ་ལྟར་བཀྲ་ནམ་མཁའ་མཛོད་ཀྱི་སྒོ། །རབ་ཕྱེ་འཛད་པ་མེད་པར་འབུལ་བྱེད་ན། །རྡོ་རྗེ་འཆང་དབང་ནཱ་ག་རྫུ་ན་དང་། །གཉན་ལོ་འཁོན་རིགས་འཇམ་མགོན་རིམ་པར་བྱོན། །ཁྱད་པར་མཚར་ཆེན་མཁྱེན་བརྩེའི་དབང་ཕྱུག་ནས། །རིམ་བརྒྱུད་དྲིན་ཅན་བླ་མས་བཀའ་བསྒོས་ལྟར། །འཇིག་རྟེན་ཀུན་བདེ་ཆོས་སྲིད་བསྟན་པ་རྒྱས། །སྙན་བརྒྱུད་སློབ་བཤད་ཆོས་ཀྱི་སྒྲོན་མེ་གསལ། །སྔགས་འཆང་བདག་གི་འདི་དང་གཏན་འདུན་གྱི། །ལས་རྣམས་བསམས་པ་ཇི་བཞིན་སྒྲུབ་པར་མཛོད། །པུ་ཏྲ། ཚངས་སྤྱོད་གཉིས་སྐྱེས་བདེན་ཚིག་དམོད་བོར་འབྲས། །གྲུབ་པའི་མོན་པ་པུ་ཏྲ་མིང་སྲིང་རྣམས། །རྡོ་རྗེ་འཆང་དང་པདྨ་ཐོད་འཕྲེང་སོགས། །རྩ་བརྒྱུད་བླ་མའི་དམ་ཚིག་གཉེར་དགོངས་ལ། །དུས་མཐའི་རླུང་ལྟར་ཐོགས་མེད་འཚུབ་ཅིང་སྤྱོན། །འཇིགས་གཟུགས་མིག་སྨན་ལྷུན་པོ་ལྟ་བུར་སྔོན། །དམར་ཟླུམ་སྤྱན་གྱིས་ལེགས་ཉེས་གསལ་བར་ལྟོས། །དགྲ་བགེགས་ཐོག་གིས་བྲག་རི་བཤིག་ལྟར་ཆོམས། །སྲིད་ཞིའི་དཔལ་འབྱོར་ཁབ་ལེན་རྡོ་བཞིན་སྡུས། །ཆོས་སྲིད་ཡོན་ཏན་ཡར་ངོའི་ཟླ་ལྟར་སྤེལ། །དྲུངས་པའི་ཆུ་བཞིན་ཉེས་ཚོགས་ཀུན་ཞི་སོགས། །འཁོར་འདས་ཀུན་གྱི་ཕུན་ཚོགས་ལྷུན་གྲུབ་མཛོད། མཆོད་དཔོན་བློ་བཟང་མཐུ་སྟོབས་ཀྱིས་རི་བོ་ཆོས་གླིང་གི་འདུ་ཁང་དུ་གནམ་རྒྱན་ཕུལ་བའི་ཁ་བྱང་ཕན་དང་བདེ་བའི་གཏེར་མཛོད། སྣ་ཚོགས་ཚོན་བཀྲ་མཁའ་ལ་ཡོངས་བྲེས་པ། །རྒྱལ་སྲས་སློབ་མར་བཅས་ལ་ཉེར་ཕུལ་བས། །དེང་ནས་བྱང་ཆུབ་བར་དུ་ཕན་བདེའི་གཏེར། །འཛད་མེད་ལོངས་སུ་སྤྱོད་པའི་སྐལ་བཟང་ཤོག །ཟིལ་གནོན་གྱི་ལོ་ཧོར་ཟླ་བཅུ་པའི་ཉེར་དགུའི་(༡༠༣ན)


GLG018_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་སྔགས་ཁང་དུ་དཔལ་རྡོ་རྗེ་འཇིགས་མཛད་ལ་བསམ་ཡས་དང་བཅས་པ་དང་མྱུར་མཛད་མགོན་པོ་གཙོ་འཁོར་རྣམས་ལ་ཁྲོམ་གོས་དམར་པོ་ཡུག་ཚང་གི་སྙན་ཤལ་ཕུལ་བའི་ཁ་ཡིག་འཇིག་རྟེན་གསུམ་གྱི་མཛེས་རྒྱན། ཆེས་དཀར་སྙན་པའི་དབྱངས་ལྡན་ངག་གི་ལྷ། །རྒྱལ་ཀུན་ཡབ་གྱུར་རྒན་པོ་གཞོན་ནུའི་ཚུལ། །འཛིན་ཡང་སྲིད་གསུམ་ཟ་ལ་གནམ་ས་ལྟར། །རབ་གདངས་མ་ཧེའི་ཞལ་ཅན་དུས་དགྲའི་དབང་། །ཁྱོད་མཐོང་མོད་ལ་སྲིད་གསུམ་དྲེགས་ལྡན་ཀུན། །སྙིང་ཤུབས་ནས་ཐོན་དྲན་མེད་བརྒྱལ་གྱུར་ན། །དྲག་པོའི་གཡུལ་ངོར་ཞུགས་པའི་མཚོན་རྣོན་རྩེར། །ཡིད་སྲུབས་སྡེ་བཅས་མི་རྟག་ལམ་དུ་འགོད། །སྲིད་ཞིའི་སྙིང་གི་གདུང་མུན་སེལ་བའི་ལྷ། །(༡༠༣བ)


GLG018_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་དབྱེར་མེད་མྱུར་མཛད་མགོན། །རིགས་དྲུག་ལྟག་པར་རང་ཆས་འཆི་བདག་ནག །ལས་གཤིན་བླ་ཚེ་སྲོག་ལ་མངའ་སྒྱུར་བ། །དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་མ་ལུས་ཀུན། །བསམས་པ་ཇི་བཞིན་འདོད་འཇོ་དཔག་བསམ་ལྗོན། །ཐུན་མོང་དངོས་གྲུབ་ཞར་བྱུང་སྟེར་བ་ལ། །མཚར་འཛིན་བྱིས་པའི་མིག་རྒྱང་ཐུང་ངུར་ལུས། །ཐུབ་བསྟན་སྲོག་གི་ཟུངས་གྱུར་མདོ་རྒྱུད་བསྟན། །ཀུན་མཁྱེན་བློ་བཟང་གྲགས་པའི་རིང་ལུགས་མཆོག །བྱམས་མགོན་དབུས་འགྱུར་འཆང་དུ་སྤྲུལ་སྐུའི་གཟུགས། །བསྟན་མིན་དེ་སྲིད་འཛམ་གླིང་རྒྱན་གྱུར་མཛོད། །དུས་ཀྱི་བྱེད་པོའི་ལས་ཤུགས་དར་དྲག་པོས། །ས་ལ་སྟོབས་ཀྱིས་དབང་སྒྱུར་མཆོད་ཡོན་ཟུང་། །ཚེ་ཡི་གཡུང་དྲུང་ཉ་ཕྱིས་ཁོག་ཡངས་པོར། །མངའ་ཐང་མུ་ཏིག་ཕུང་པོ་གྱེན་འཕྱུར་མཛོད། །རྒྱལ་ཕྲན་གཟའ་ཚོགས་དབུས་ན་བསོད་ནམས་ཀྱི། །འབུམ་ཕྲག་ཉི་མའི་གཟི་བྱིན་ཆེར་འབར་བས། །ཡན་ལག་བཞི་ལྡན་དཔུང་ཚོགས་བཤམས་ཙམ་གྱིས། །མི་བསྲུན་རྒོལ་ངན་གདོང་དམར་འདུལ་བར་མཛོད། །གངས་ཅན་ལེགས་བྱས་དཔལ་མོས་བསུས་པའི་མགྲོན། །བདེ་སྐྱིད་ཚེམས་དཀར་འཕྲེང་མཛེས་འཛུམ་ཞལ་ཅན། །རྫོགས་ལྡན་མངོན་སུམ་ཉམས་སུ་མྱོང་བའི་གླུ། །ལེན་པའི་མགྲིན་པ་ཆེས་མཐོར་འདེགས་པར་མཛོད། །སྡེ་འདིར་ལུས་མེད་བསམ་སྦྱོར་གདུག་པའི་རླང་། །ཞི་ཞིང་སྔོན་རབས་དུས་སྲི་ཉེར་སློང་བའི། །རིགས་སྐྱེས་བར་གཅོད་མི་བསྲུན་ཁྭ་ཏའི་ཚོགས། །མཚུན་ནམ་ཆུ་ལྷའི་ཕང་བར་མྱུར་དུ་སྐྲོད། །ཟླ་བའི་མ་མ་ལྟ་བུར་གཏིང་ཟབ་(༡༠༤ན)


GLG018_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གཞུང་མང་བརྒལ་བརྟག་ཐོས་དང་བསམ་པ་ཡིས། །གཏན་ལ་འབེབས་པའི་འཆད་ཉན་ཡོངས་འཕེལ་ཞིང་། །དཔྱོད་ལྡན་མཁས་པས་དབྱིག་འཛིན་ལྕི་བར་མཛོད། །ནག་པོ་སྡིག་ཏོའི་དྲི་མ་ཀུན་བཀྲུས་ནས། །གངྒཱའི་ཡབ་གཅིག་ལྟར་དཀར་དགེ་བ་བཅུའི། །ལས་ལམ་ཡོངས་སུ་རྫོགས་པར་ལོངས་སྤྱོད་པས། །འཇིག་རྟེན་གསུམ་གྱི་མཛེས་པའི་རྒྱན་དུ་མཛོད། །ཟིལ་གནོན་གྱི་ལོ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་འདུ་ཁང་གི་སྦུག་མགོན་ཁང་བསིལ་བའི་ཚལ་དུ་སྙན་དར་ལྔ་བརྒྱ་སྐོར་གོ་མཚོན་སོགས་སྤྱན་གཟིགས་གྱ་ནོམ་པ་ཕུལ་སྐབས་འདོད་གསོལ་གོས་སྔོན་བར་སྣང་མཛོད་ལ་བྲིས་པ་དོན་གཉིས་འདོད་འཇོ། གསང་སྔགས་ཞི་ཁྲོ་ཀུན་གྱི་ཕོ་བྲང་མཆོག །དམ་ཅན་སྤྲིན་བཞིན་འདུ་བ་བསིལ་པའི་ཚལ། །བདེ་སྟོང་ཡེ་ཤེས་དཀྱིལ་འཁོར་གཅིག་གི་གཞིར། །བྱེ་བ་ཕྲག་བརྒྱའི་ཞིང་ཁམས་རྒྱ་མཚོའི་གཙོར། །དཔལ་ཆེན་ཁྲག་འཐུང་སྣ་ཚོགས་ཟློས་གར་མཁན། །སྲིན་པོའི་གཟུགས་འཆང་མྱུར་མཛད་གུར་མགོན་ཞལ། །རྣམ་ཐོས་བུ་དང་འདོད་ཁམས་དབང་སྒྱུར་མ། །བེག་ཙེ་ལྕམ་དྲལ་སྡེ་དཔོན་སུམ་ཅུར་བཅས། །ཀུན་ཀྱང་ཀ་དག་རིག་པའི་རྩལ་སྣང་དུ། །མ་བཅོས་གདོད་ནས་གྲུབ་པའི་ཀུན་ཏུ་བཟང་། །མ་རིག་ཆགས་སྡང་འཁྲུལ་ངོར་ཁྲོ་གཏུམ་ཅན། །རྒྱུད་གསུམ་དྲེགས་པའི་རྣམ་པ་འབྱམས་སུ་ཀླས། །སྟེང་ན་དམ་རྫས་གཏོར་མའི་རི་མ་སྙིལ། །འོག་ཏུ་སྨན་རག་བཏུང་བའི་མཚོ་མ་བསྐམས། །ཕྱི་ནང་གསང་མཆོད་ལྷ་ལམ་ཕ་མཐའི་ཚད། །འཇལ་བ་ཇི་བཞིན་དངོས་བཤམས་ཡིད་ཀྱིས་སྤྲུལ། །སྒྱུ་མའི་རོལ་རྩེད་མཆོད་རྫས་མཆོད་(༡༠༤བ)


GLG018_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུལ། །ཡེ་དག་རང་ངོ་འཕྲོད་པའི་གནས་ལུགས་ཀྱིས། །བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་དང་། །རྟག་ཏུ་འདུ་འབྲལ་མེད་པ་མཆོད་པའི་མཆོག །མཐུ་སྟོབས་མཁའ་ལྡིང་དབང་པོའི་མཆུ་སྡེར་གྱིས། །བསྟན་འགྲོར་འཚེ་བའི་དགྲ་བགེགས་དུག་སྤྲུལ་སྙིང་། །ཕྱུང་སྟེ་གཙུག་གི་ཡིད་བཞིན་ནོར་བུ་ལས། །བདེ་སྐྱིད་འདོད་དགུའི་ཆར་ཆེན་མི་ཟད་ཕོབ། །གངས་ཅན་ཆོས་སྲིད་ཟུང་དུ་འཇུག་པའི་བསྟན། །མང་བཀུར་རྒྱལ་པོའི་མངའ་ཐང་རྒྱས་འགྲོ་ཞིང་། །ཆབ་འབངས་ཡོངས་ལ་ནད་འཁྲུག་མུ་གེའི་མིང་། །གྲག་མིན་སུམ་རྩེན་འདུན་པ་ལྟ་བུར་མཛོད། །ཕྱོགས་ལས་རྣམ་རྒྱལ་ཕན་བདེའི་ལེགས་ཚོགས་གཞི། །ཐེག་མཆོག་བཤད་དང་ཚུལ་བཞིན་སྒྲུབ་པའི་གླིང་། །ཆོས་སྲིད་ཡོན་ཏན་མ་ལུས་རབ་རྒྱས་ཤིང་། །སྡང་དགྲ་གནོད་བགེགས་ཐལ་བའི་རྡུལ་དུ་རློག །རིགས་འཛིན་སྔགས་འཆང་བདག་གི་འཕྲིན་ལས་བཞི། །གྲུབ་ཆེན་བརྒྱད་དང་བསྐྱེད་རྫོགས་ཟུང་འཇུག་སོགས། །ལྷུན་གྲུབ་སྲིད་འཚོར་འཁྱམས་པའི་འགྲོ་བསྒྲལ་སླད། །ཟུང་འཇུག་ལམ་བཟང་ཚེ་འདིར་མངོན་འགྱུར་ཤོག །ཟིལ་གནོན་གྱི་ལོ་ཧོར་ཟླ་ཅུ་གཅིག་པའི་ཚེས་བཞི་ལ་གནས་ཆུང་ལྕོགས་ཏུ་སྤྲུལ་པའི་ཆོས་རྒྱལ་ཆེན་པོར་སྐུ་ཆས་སྙན་ཤལ་གསེར་སྐྱེམས་གོས་ཕྱི་ནང་ཇ་ཁྲབ་སོགས་ཕུལ་བའི་སྙན་དར་ཁ་ཡིག་བསམ་དོན་ལྷུན་གྲུབ། སྣང་སྲིད་དྲེགས་པའི་སྡེ་དཔོན་མཐུ་རྩལ་ཅན། །དཔེ་ཧར་རྒྱལ་པོ་གསང་ཡུམ་བློན་པོ་སོགས། །ཕོ་ཉ་ཡང་སྤྲུལ་མངག་གཞུག་བཅས་པ་རྣམས། །དགྱེས་པའི་འཛུམ་ཞལ་རྡུལ་བྲལ་ཟླ་ལྟར་སྟོན། །སྒོ་ལྔའི་ཡུལ་ཀུན་བདེ་སྟོང་ཟུང་འཇུག་གིས། །ལེགས་ཚིམ་དགྱེས་པ་སྐྱེད་པར་བྱེད་པའི་ཆེད། །འཛད་མེད་ནམ་(༡༠༥ན)


GLG018_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་མཛོད་ཀྱི་སྒོ་ཕྱེ་ནས། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་འབུལ་བྱེད་ན། །པདྨ་ཐོད་འཕྲེང་རྩལ་སོགས་རིག་པ་འཛིན། །རིམ་བྱོན་དམ་ཚིག་གཉན་པོ་ཉེར་དགོངས་ལ། །སྔགས་འཆང་བདག་གིས་བཅོལ་བའི་འཕྲིན་ལས་བཞི། །བསམས་པ་ཇི་བཞིན་ཐོགས་མེད་ལྷུན་གྱི་སྒྲུབས། །སྤྲེའུ་ཞེས་པ་མེ་ལུག་གི་ལོ་གསར་དུ་ཚེས་པའི་སྲིད་གསུམ་བདག་མོ་མཆོད་དུས་ཕུལ་བའི་སྙན་ཤལ་ཁ་ཡིག་མཆོག་མཐུན་ལྷུན་གྲུབ། དར་དཀར། ཞལ་ཁྱིམ་ཟླ་རྒྱས་ཤར་བའི་མོད་ཉིད་ལས། །སྒྲིབ་གཉིས་མུན་པས་སངས་ན་དེ་བསྐྱེད་པའི། །སྲིད་གདུང་ཉེས་བརྒྱ་གཞར་ཡང་བཅིལ་བའི་ལྷ། །ཞི་བའི་ལས་ཀུན་ལྷུན་གྱིས་སྒྲུབས་ཤིག་ཀྱེ། །སེར། ཉི་མའི་དངོས་བརྒྱ་འཛིན་པའི་རྣམ་འགྱུར་གྱིས། །ཟག་མེད་བདེ་སྟོང་ཟུང་འཇུག་སྐྱེད་ནུས་ན། །ཚེ་དཔལ་འབྱོར་བའི་འོད་ཟེར་འབུམ་སྤྲོས་ནས། །བདེ་སྐྱིད་སྣང་བའི་དཔལ་དེས་རྟག་ཁྱབ་མཛོད། །དམར། རྗེས་ཆགས་ཉམས་ཀྱིས་བླ་མེད་ཡེ་ཤེས་ཀྱང་། །འགུགས་པར་ནུས་ན་བརྟན་གཡོའི་ཕུན་ཚོགས་ཀུན། །འབད་མེད་སྡུས་ལ་བསམ་པའི་འདོད་པ་རྣམས། །རབ་འཇོ་དཔག་བསམ་ཡོངས་འདུའི་མཆེད་ཟླར་མཛོད། །སྔོ། དུག་གསུམ་དགྲ་ལ་དབྱིངས་ནས་ཁྲོས་པའི་ཞལ། །རྣོ་དབལ་མཆེ་བས་མ་རིག་རྒྱ་འབྲལ་ན། །འཁྲུལ་ངོར་ཤར་པའི་དགྲ་བགེགས་དཔུང་ཚོགས་རྣམས། །རྩ་སྦུར་ཞུགས་སུ་བསྲེགས་ལྟར་རྡུལ་དུ་རློག །ལྗང་། བསྟན་འགྲོའི་ཕན་བདེའི་འཚེ་བའི་སྨག་རུམ་ཞི། །ཆོས་ནོར་འདོད་དང་ཐར་པ་ཆེས་ཆེར་རྒྱས། །འཁོར་འདས་ཡོན་ཏན་རང་གིར་དབང་དུ་སྡུས། །གནོད་བྱེད་ཡིད་(༡༠༥བ)


GLG018_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སྲུབས་སྡེ་བཅས་དྲག་པོས་སྒྲོལ། །གྲ་བསམ་དར་བས་གྲ་ནང་དུ་ཞང་བློན་ལ་མདའ་དར་ཕུལ་བའི་ཁ་ཡིག་རྫོགས་ལྡན་དགའ་སྟོན། གནོད་སྦྱིན་སྡེ་དཔོན་ཞང་བློན་ཆེན་པོ་ཡི། །སྤྱན་སྔར་གྲ་ནང་བསམ་གྲུབ་དར་རྒྱས་ནས། །ནག་ཟླའི་ཚེས་བརྒྱད་དུས་སུ་ཇི་སྲིད་བར། །མདའ་དར་མཆོད་གཏོར་འཕྲིན་ལས་བསྒྲུབ་རྟེན་དུ། །ཕུལ་ནས་མི་ནོར་བཅས་པ་གཉེར་གཏོད་ན། །ཀུན་དགའ་དབང་ཆེན་ཆུང་སྲི་ལས་ཐར་ཞིང་། །ཕ་མ་གཉེན་འདུན་རྩ་ལག་བཅས་རྣམས་ལ། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད། །བྱམས་མགོན་དབུས་འགྱུར་འབྱོན་པའི་འཛམ་གླིང་མིའི། །ཚེ་དཔལ་འབྱོར་བའི་བདེ་སྐྱིད་མ་ལུས་ལ། །མཉམ་པོར་ལོངས་སུ་སྤྱོད་པའི་སྐལ་བཟང་དུ། །མཐུ་ལྡན་སྲུང་མའི་དབང་པོ་ཁྱོད་ཀྱིས་སྒྲུབས། །མེ་ལུག་ནག་པ་ཟླ་བའི་བརྒྱད་གཏོར་གྱི་ཐོག་གུར་ཞལ་ལས་མཁན་གཉིས་དང་བཅས་པར་ཕུལ་པའི་སྙན་ཤལ་ཁ་ཡིག་བརྒྱུད་གསུམ་དགྱེས་པའི་དགའ་སྟོན། ཟུར། སྔོན་རྣམ་པར་སྣང་མཛད་ཡེ་ཤེས་སྒྱུ་མའི་གར། །འགྲོ་བློར་རྒྱུད་གསུམ་དྲེགས་པའི་སྡེ་དཔོན་དུ། །བསྒྱུར་ཡང་གསལ་སྟོང་ཟུང་འཇུག་དག་པའི་མགོན། །རང་ཞལ་མངོན་སུམ་བསྒྲུབ་བྱའི་རིགས་ཀུན་བདག །གཞི་ལུས་རྡོ་རྗེའི་གྲོང་དུ་གདོད་མ་ནས། །ལྷུན་གྲུབ་གུར་མགོན་ལྕམ་དྲལ་འཁོར་བཅས་རྣམས། །རྩ་ཁམས་དངས་མའི་དབྱིངས་སུ་མི་བྲལ་བར། །ལོགས་ནས་སྤྱན་འདྲེན་འཁྲུལ་པའི་རང་སྣང་ཙམ། །འོན་ཏེ་སྒྱུ་མའི་གླངས་སེང་ཇི་བཞིན་དུ། །ཐུགས་དམ་སྐོང་བའི་ཕྱི་ནང་གསང་བའི་རྫས། །བཤམས་ན་འདིར་སྤྱོན་དགྱེས་པར་ལེགས་རོལ་ནས། །བཅོལ་བའི་ལས་ཀུན་ཐོགས་མེད་སྒྲུབ་པར་མཛོད། །ལྗང་། མིག་སྨན་བརྩེགས་པའི་ལྷུན་པོ་ལྟར་བརྗིད་(༡༠༦ན)


GLG018_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །དུས་མཐའི་ཞུགས་ཀྱི་ཕུང་པོའི་གོས་གྱོན་ནས། །དགྲ་བགེགས་སྙིང་ཁར་རྔམས་པའི་བྲོ་བརྡུངས་མཁན། །སྟོབས་འཕྲོག་ཞིང་སྐྱོང་དབང་པོ་གདོང་བཞི་ཀྱེ། །སྨིན་བྱེད་དབང་གི་ཆུ་བོ་མ་ནུབ་ཅིང་། །མཁའ་འགྲོའི་ཁ་རླངས་ན་བུན་མ་ཡལ་བའི། །ཚད་མ་བཞི་ལྡན་སྙན་བརྒྱུད་འཛིན་མཛད་པ། །རྩ་རྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །བསྟན་འགྲོའི་བདེ་སྐྱིད་འཕྲོག་པ་སྤྱི་ཡི་དགྲ །སྔགས་འཆང་བདག་ལ་འཚེ་བའི་སྒོས་དགྲ་སོགས། །མི་དང་མི་མིན་བསམ་ངན་སྦྱོར་རྩུབ་ཅན། །མི་ལུས་སྙིང་གི་ཁྲག་རྒྱུན་དྲོན་མོར་འཐུངས། །ཀུན་མཁྱེན་བློ་བཟང་གྲགས་པའི་བསྟན་སྲིད་ཀྱིས། །ཡོངས་ཁྱབ་གདུགས་དཀར་གཅིག་གི་གྲིབ་བསིལ་ལ། །བརྟེན་པའི་འགྲོ་ཀུན་རྫོགས་ལྡན་དགའ་སྟོན་དུ། །ལོངས་སྤྱོད་རྩོད་པའི་སྨག་རུམ་ཞི་བར་མཛོད། །མཁས་དང་གྲུབ་བརྙེས་ཚངས་པའི་རལ་ཀླུང་ནས། །ཆད་པ་མེད་འབབ་སྙན་བརྒྱུད་གངྒཱའི་རྒྱུན། །ཁའུ་བྲག་རྫོང་བཞེད་སྲོལ་མ་ཉམས་པར། །སྲིད་མཐའི་བར་དུ་རྒྱས་པའི་འཕྲིན་ལས་སྒྲུབས། །དཀར་པོ་ནན་ཅིང་རྟགས་བརྒྱད་མ། རབ་དཀར་ལྷ་ཆེན་ནུས་མཐུ་ཨཱ་གསྟྱ། །མི་བཟད་གདུང་བའི་དུག་ཀུན་ཡོངས་བཅིལ་ནས། །ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཀླུང་ལ། །བདེ་བའི་གཟུགས་བརྙན་རྟག་ཏུ་གསལ་བར་མཛོད། །སེར། བྱིན་རླབས་གཟི་བྱིན་རབ་འབར་བུམ་བཟང་ནས། །རྨད་བྱུང་བདུད་རྩི་ཚངས་བུག་ལམ་བརྒྱུད་དེ། །སྙིང་གི་ཟ་མ་ཏོག་ཏུ་ཡོངས་འཁྱིལ་བས། །ཚེ་དཔལ་བསོད་ནམས་ཉི་མ་བདུན་ཆར་མཛོད། །དམར། ཆགས་མེད་ཀུན་ལ་རྗེས་ཆགས་བརྩེ་ལྡན་ཞལ། །རབ་འཛུམ་ཐུགས་རྗེ་ཆེན་པོའི་རྒྱ་མཚོ་ལས། །བརྟན་(༡༠༦བ)


GLG018_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གཡོའི་ཆོས་ཀུན་འགུགས་པའི་རླབས་ཀྱི་འཕྲེང་། །ནམ་ཡང་ཡོལ་བ་མེད་པར་ཉེར་འཁྲོལ་མཛོད། །མཐིང་། དགྲ་བགེགས་ལུས་ཀྱི་རྩ་ཁམས་འཁོར་ལོ་ལ། །དུག་གསུམ་ལས་ཀྱིས་གྲུབ་པ་དྲེགས་པའི་ཚོགས། །རབ་བདུད་སྲོག་གི་སྤུ་གྲི་རྣོན་པོ་ཡིས། །བསྒྲལ་ནས་རྣམ་ཤེས་བྱང་ཆུབ་ཞིང་དུ་སྤོར། །འགང་དཀར། དགྲ་སྲོགས་ལ་གདངས་ཞལ་སྒོར་མཆེ་བའི་དབལ། །ཁྲག་གིས་ཆེར་སྦགས་འགྲོ་ཀུན་སྲོག་གི་གཤེད། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་རྣམས། །ལས་བཞི་སྒྲུབ་ལ་མཐུ་སྟོབས་རྩལ་ཕྱུངས་ཤིག །མ་ཧནྱེ། དབང་གི་སྐྱེས་བུ་མིང་སྲིང་བཤན་པའི་གཙོ། །དམར་ཟླུམ་འཁྱིལ་པའི་ཡེ་ཤེས་སྤྱན་མིག་གིས། །བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བགེགས་རྣམས། །རབ་གཟིགས་ཤ་ཁྲག་སྲོག་དབུགས་ཚོགས་སུ་རོལ། །མེ་ལུག་ས་ག་ཟླ་བའི་ནང་དུ་དཔལ་ལྡན་དམག་ཟོར་མར་མདོས་བཀང་འབུམ་ཐེར་བཏང་དུས་ཕུལ་བའི་སྙན་དར་ཁ་ཡིག་སྲིད་འབྱོར་ཕུང་པོ། དཀར། སྲ་བརྟན་ལྕགས་རི་གླིང་བཞི་གླིང་ཕྲན་གྱིས། །ཡོངས་བསྐོར་ལྷ་མིའི་འདོད་ཡོན་ཕུང་པོའི་དབུས། །སྣ་བཞི་རིན་ཆེན་ལས་གྲུབ་རི་རབ་སྟེང་། །ཡིད་འོང་ལྟ་ན་སྡུག་པའི་གྲོང་ཁྱེར་ཅན། །ནམ་རྒྱང་མདའ་འཕང་ངར་མི་མཐུན་པའི་རྫས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་རབ་སྤེལ་བའི། །ཕྱི་ནང་གསང་བ་ཀུན་བཟང་མཆོད་པའི་སྤྲིན། །ནམ་མཁའི་མཛོད་ལྡན་མདོས་མཆོད་འདི་འབུལ་ན། །སྟོན་མཚན་ཟླ་རྒྱས་འཛུམ་ཞལ་ལས་འཕྲོས་ཟེར། །མཐུ་སྟོབས་ཆེས་དཀར་སྣང་བ་ཡོངས་ཁྱབ་པའི། །བསྟན་འགྲོའི་བདེ་སྐྱིད་འཕྲོག་པའི་སྨག་རུམ་དཔུང་། །གཞིལ་བར་མཛོད་ཅིག་འདོད་ཁམས་དབང་ཕྱུག་མ། །བདག་སོགས་སློབ་འབངས་སྦྱིན་བདག་སྡེ་བཅས་(༡༠༧ན)


GLG018_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །ཆོས་དང་སྲིད་ཀྱི་ཕུན་ཚོགས་ཡོན་ཏན་ཀུན། །བླ་ནས་བླར་འཕེལ་ལ་འཚེའི་ཟུག་རྔུ་རྣམས། །དྲུངས་འབྱིན་སྨན་གྱི་ལྗོན་པ་ཆེན་པོར་མཛོད། །བསིལ་ལྡན་ལྗོངས་འདིར་ནད་འཁྲུག་དབུལ་ཕོངས་དང་། །ཁྱད་པར་རྡོ་རྗེའི་ཚེར་མའི་ནད་རྣམས་ཀུན། །མངོན་སུམ་ལྟ་ཅི་མིང་ཡང་མི་གྲག་པའི། །ལས་བཅོལ་འཕྲིན་ལས་འབྲས་བུ་མཆིས་པར་མཛོད། །སེར། ཨ་ཧ་མཱ་དྱཱཙཱཪྻཤིཥྱཧེཏུཡོ་གྱིས་ཧཱནཱམཱཡུརྩཔུཎྱཔུཥྚིཾཀུརུ། །དར་ནག །ཨཧམཱདྱཱཙཱཪྻཤིཥྱཧེ་ཏུ་ཡོ་གྱེ་བྷྱོ྅པ ཀཱརཱཎཱཾསརྦཤཏྲུཾབིགྷྣཏཱིཪྻཾཀུརྦནྟུ། །དམར། ཨ་སྨ་ཀ་མཱ་ཙཱཪྻཤི་ཥྚཱ་རྩ་ཀ་དཱན་པ་ཏི་བྷྱོབྷ་བ་ཤནྟཱནཱཾསུགཎསརྦཻཤྭཪྻེ་ས་མཱས་ཏུ། །མཐིང་། ཨ་ཧ་མཱདིནྟུརྨནོཡུཀྟཔརུཥདྷར་སྱཤཏྲུཏྲིབཧྱནྟརྦཱིཛིཡསྨིན་སྟྱཔིནིགྲྀཧནྟུ། །སྔོ་སྐྱ། ལོ་ཀ་དྷཱཏུ་ས་མཱནྱཤྩ་བིཤེ་ཧཻ་མ་དོཤཱཏྲེཥུསཽཁྱཾལ་ཀྵྨིདྷབིཏཱཀུརུ། །ལྗང་། བིདྱདྷརཱཏྨཀེནེཥྚཾཔ་ཙིཏུརྐརྨིནིརཱ བྷོགཾཀུརུ། །ཟངས་ཁ། ཤཱཡནོད་ཡ་ཤྩཏ་དྡྷརཱཎཱཾཔུརུཥཱཝཱདཡ་པདྨཏི་ཥྛཏ་མནསྭཏཱཀཱལས་ཁྱཾཀུརྦནྟུ། །སྐྱར་པོ་བ་བློ་བཟང་ལེགས་ལྡན་གྱིས་དགའ་གདོང་ཆོས་སྐྱོང་ལ་ཕུལ་བའི་སྙན་ཤལ་ཁ་བྱང་སྒྲ་འཛིན་མཛེས་པའི་དར་དཔྱངས། བཀྲ་ཤིས་སྲད་བུ་ཐགས་སུ་ཉེར་བཏགས་གོས། །དཀར་འཇམ་ཁ་ཚར་ལྡན་པའི་དུ་ཀཱུ་ལ། །རྣ་བ་མཛེས་པར་བྱེད་པའི་དར་དཔྱངས་སུ། །མ་སྨད་དང་བའི་སེམས་ཀྱིས་ལེགས་འབུལ་ན། །ལུས་ཅན་དགའ་བདེར་སྤྱོད་པ་རྒྱལ་བའི་བསྟན། །སྲུང་ལ་གདོང་པ་སྟོན་མཚན་ཟླ་བ་ལྟར། །སྟོན་མཛད་དཔལ་ལྡན་རྒྱལ་པོ་ཆེན་པོ་ཡིས། །དབྱིངས་ནས་དགྱེས་པའི་འཛུམ་ཞལ་ལྷུག་པར་སྟོན། །ལྷ་ཁྱོད་མཐུ་སྟོབས་ནུས་པའི་ཉིན་བྱེད་(༡༠༧བ)


GLG018_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །བདག་སོགས་མི་ནོར་འཁོར་འབངས་བཅས་པ་ཡིས། །ནད་གདོན་ཉེས་བརྒྱའི་སྨག་རུམ་དྲུངས་ཕྱུང་ནས། །ཕན་བདེའི་སྣང་བས་རྟག་ཏུ་ཁྱབ་པར་མཛོད། །མེ་ལུག་མཆོད་དཔོན་བློ་བཟང་མཐུ་སྟོབས་ཀྱིས་རི་བོ་ཆོས་གླིང་གི་འདུ་ཁང་ལ་ཞིག་གསོས་བྱས་སྐབས་དམག་ཟོར་མར་སྙན་དར་ཕུལ་བའི་ཁ་ཡིག་འདོད་པའི་རེ་སྐོང་། འདོད་ཁམས་བདག་མོ་མ་གཅིག་སྲིད་པའི་རྒྱལ། །དབང་ཕྱུག་གཙོ་དང་ཕུར་སྐྱོང་རེ་མ་ཏཱི། །གྲངས་མེད་མཚན་ལྡན་རྣམ་འགྱུར་སྟོན་མཛད་མ། །རྒྱལ་བ་ཀུན་ཡུམ་དམག་ཟོར་ལྷག་པའི་ལྷས། །འགྱུར་མེད་རི་བོའི་སྤོ་ལ་ཆོས་སྤྱོད་བཅུ། །ཚུལ་བཞིན་སྒྲུབ་པའི་ཁྲིམས་ལྡན་དགེ་འདུན་རྣམས། །ཉེ་བར་འདུ་གནས་ཀུན་དགའ་ར་བའི་གླིང་། །གསར་དུ་བསྐྲུན་པའི་བྱེད་པོར་གཏོགས་ཀུན་ལ། །གློ་བུར་རྐྱེན་གྱིས་གེགས་བྱད་ནད་གདོན་སོགས། །མི་མཐུན་ཉེར་འཚེ་མཐའ་དག་རབ་ཞི་ཞིང་། །རིང་པོར་མི་ཐོགས་ལྷུན་གྱི་གྲུབ་པ་ཡི། །འདོད་པའི་རེ་བ་མ་ལུས་སྐོང་བར་མཛོད།ཨ་པ་ལས་དཀའ་བཅུ་དཀོན་ཅོག་རྒྱ་མཚོས་སྒོ་མང་གྲྭ་ཚང་གི་དགེ་སྐོས་ཀྱི་དུས་འདུ་ཁང་དུ་རྒྱལ་མཚན་འཕན་ཕྱེ་ཕུར་སོགས་ཕུལ་བའི་ཁ་བྱང་ཕུན་ཚོགས་མཆོད་སྤྲིན། རྒྱལ་མཚན། ཕུན་ཚོགས་དགེ་བའི་ཏོག་མཛེས་ཤམ་བུ་ཅན། །རྣམ་དག་ལྷག་བསམ་ཡུ་བས་ཉེར་བཏེགས་པ། །བླ་མེད་བྱང་ཆུབ་མཆོག་གི་སྲིད་པའི་རྩེར།།བདག་སོགས་ལུས་ཅན་ཀུན་གྱིས་སྒྲེང་བར་ཤོག །འཕན། རྣམ་བཀྲ་ཟ་འོག་ཐགས་བཟང་དབང་གཞུའི་འཕན། །ཡིད་མཁར་རབ་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །མཆོག་གསུམ་སྤྱན་སྔར་ཕུལ་བས་བདག་གཞན་ཀུན། །འདི་ཕྱིའི་འདུན་མ་ལྷུན་གྱིས་འགྲུབ་བྱིན་རློབས། །ཕྱེ་ཕུར། སྣ་ཚོགས་དར་གྱིས་ཅོད་པན་ཕང་ཕུང་དུ། །འགོད་མཛེས་ནམ་མཁའ་མཛོད་ཀྱི་སྒོ་(༡༠༨ན)


GLG018_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་བརྒྱ། །ཕྱེ་བའི་དགེ་ཚོགས་ཡན་ལག་བརྒྱད་ལྡན་ཆུ། །ཀུན་མཁྱེན་རྒྱ་མཚོའི་དབྱིངས་སུ་རོ་གཅིག་ཤོག །མེ་ལུག་ལྷོ་འབྲུག་པའི་སྲིད་ཀྱི་ཁུར་ལེན་པ་མངོན་བླ་མ། ནང་བློན་གསོལ་དཔོན་པད་དཀར་རབ་རྒྱས་། །གྲོས་དབང་བྱང་ཆེན་སྟེ་སེ་སོགས་ཁ་ཤས་དང་། ཁམས་བདེ་དགེའི་བླ་དཔོན་ཕུན་ཚོགས་རྣམས་འཇིག་རྟེན་ཕ་རོལ་གྱི་ལྟད་མོར་སོང་བའི་ཚེ་བླ་མ་ཡི་དམ་ཆོས་སྲུངས་རྣམས་ལ་གཏོར་མའི་རི་བོ། སྨན་རག་གི་རྒྱ་མཚོ་སོགས་མཆོད་པའི་བྱེ་བྲག་གྱ་ནོམ་པ་དང་བཅས་གཏང་རག་གི་ཐོག་ཕུལ་བའི་སྙན་དར་ཞལ་བྱང་རྣམ་པར་རྒྱལ་བའི་དར་ཆེན། རྒྱལ་ཀུན་མཁྱེན་བརྩེ་ནུས་ཞུན་ཁོལ་མའི་ཆུ། །རབ་ཁྲོས་སྲིན་གཟུགས་པར་དུ་ཉེར་བླུག་པས། །དྲག་གཏུམ་མི་བཟད་རྡོ་རྗེའི་ཚ་ཚ་ཡིས། །སྲིད་གསུམ་སྲེག་བྱེད་འཇམ་དཔལ་དུས་དགྲའི་དབང་། །གང་ཐུགས་ཡེ་ཤེས་སྒྱུ་མའི་རོལ་གར་ལས། །གཤིན་རྗེ་གཤེད་པོ་ཀིང་ཀང་དམར་ནག་གིས། །ལོག་འདྲེན་ཀླུ་བདུད་ནག་པོ་ཏི་པ་ཙའི། །ཟས་སུ་གཏོད་བྱེད་མནན་པའི་རྣ་ཆ་ཅན། །འཁོར་འདས་ཟིལ་གྱིས་གནོན་ཁྱོད་བཀའ་རྟགས་རྒྱས། །སྤྱི་བོར་རབ་བརྒྱན་བྷེ་ཝ་ས་ཏྭ་ཞེས། །རིམ་བདུན་ས་འོག་ལྕགས་མཁར་སྒོ་མེད་ན། །ལས་ཀྱི་གཤིན་རྗེ་བླ་ཚེ་སྲོག་གི་བདག །གསུར་དུད་མེ་རླུང་དྲག་པོར་འཚུབ་པའི་དབུས། །གཟའ་རྒོད་ངོ་བོ་སྟག་ཆེན་སྨྱོན་པ་ལ། །ཞོན་ནས་སྟོང་གསུམ་མྱུལ་ཏེ་དགྲ་བགེགས་རྣམས། །ཐལ་བར་རླག་བྱེད་ལེགས་ལྡན་ནག་པོ་ཆེ། །ཟབ་གཏེར་སྐྱོང་བའི་ལྷ་བཙན་བདུད་ནག་ཀླུ། །གློག་འགྱུ་ལྟར་མྱུར་མཐུ་ཆེན་རྣམ་པ་བཞི། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཡོད་དོ་ཅོག །འདུས་པའི་དྲེགས་པའི་སྡེ་དཔོན་སུམ་ཅུ་ཀྱེ། །མོན་ཡུལ་དབུས་གཙང་མདོ་ཁམས་ས་ཕྱོགས་ན། །བསམ་ངན་སྦྱོར་རྩུབ་འཆང་འགའི་སྙིང་དྲོན་ཁྲག །(༡༠༨བ)


GLG018_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཧུབ་ཀྱིས་དྲངས་ལ་དགྱེས་སྐྱེད་གཏང་རག་དང་། །སླད་མར་འཕྲིན་ལས་མྱུར་བར་བསྒྲུབ་རྟེན་དུ། །དམ་རྫས་གཏོར་མ་བཟའ་བཅའ་རི་ལྟར་སྤུངས་། །བདུད་རྩི་ཁྲག་ཆང་བཏུང་བ་མཚོ་བཞིན་བསྐྱིལ། །ཕྱི་ནང་སྤྱན་གཟིགས་ནམ་མཁའི་ཁམས་བཀང་ན། །ཚིམ་པར་རོལ་ཅིག་དམ་ཅན་ཆོས་སྲུངས་ཚོགས། །ཞི་ཁྲོ་འདུས་པའི་མཐུ་སྟོབས་བྱ་བ་ཀུན། །ལྷུན་གྲུབ་ཡེ་ཤེས་རྩལ་ཤར་ཁྲག་འཐུང་དབང་། །འཕྲིན་ལས་རིགས་རྣམས་ཀུན་གྱི་བདག་ཉིད་ཆེ། །དཔལ་ཆེན་རྡོ་རྗེའི་གཞོན་ནུ་ཕུར་པའི་ལྷ། །ལྟེ་བར་ལེགས་བྲིས་ཀུན་གྱི་སྲོག་གི་མཁར། །བཅས་ཏེ་བཅུད་བྲལ་སྡེ་བཅས་སྤ་བཀོང་པའི། །དཔལ་ལྡན་འདོད་ཁམས་གཙོ་མོ་རེ་མ་ཏཱི། །དབང་ཕྱུག་སྲས་མོ་ཤུགས་དྲག་རྫུ་འཕྲུལ་ཅན། །ལྷ་ཁྱོད་མཛེས་སྡུག་ཁྲོ་ཆགས་བརྗིད་པའི་སྐུས། །ཞི་རྒྱས་དབང་གི་ལས་སྒྲུབ་དུང་སྐྱོང་མ། །ཕོ་ཉས་སཱ་ལའི་ལྗོངས་འདི་སྐྱོང་བྱེད་པ། །བསྟན་མ་བཅུ་གཉིས་བདུད་སྨན་གནོད་སྦྱིན་རིས། །ཐེག་པའི་ཡང་རྩེའི་བཀའ་སྐྱོང་རལ་གཅིག་སོགས། །ལྷོ་བྲག་གཏེར་སྲུངས་ཕོ་རྒྱུད་མོ་རྒྱུད་སྡེ། །ཁྱད་པར་ཟུར་ཕུད་ལྔ་ལྡན་འབར་བ་རྩལ། །དཀར་བདུད་ལྕམ་དྲལ་ཕུར་སྐྱོང་སྲུང་མའི་ཚོགས། །མོན་ཁམས་དབུས་གནས་ཞིང་བཅུ་འགའ་ཞིག་གི །བླ་སྲོག་རྟེན་དང་ཕྲལ་བའི་གཏང་རག་དང་། །སླར་ཡང་བཅོལ་བའི་འཕྲིན་ལས་བསྒྲུབ་པའི་ཆེད། །ཕྱི་ནང་གསང་མཆོད་ནམ་མཁའ་མཛོད་ལྟར་སྒོ། །རྟག་ཏུ་ཞི་བ་ཆོས་སྐུའི་གློང་ཡངས་ལས། །འཇམ་དཔལ་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ། །དུས་ཀྱི་དགྲ་བོར་སྤྲུལ་པའི་གར་མཁན་ཅན། །མི་བཟད་སྒྲ་དབྱངས་སྒྲོག་པའི་ཁྲོ་བོའི་དབང་། །གྲུ་འཛིན་(༡༠༩ན)


GLG018_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས་འགྲོ་ལ་གཟིགས་པའི་སྤྱན། །མཛེས་སྡུག་དཀྱུས་རིང་སྙིགས་མ་ལྔ་བདོའི་གཤེད། །དམར་ཟླུམ་སྡང་མིག་གཟི་བྱིན་ཡིད་སྲུབས་ཀྱི། །སྙིང་ལ་འཆི་བའི་འཇིགས་སྟེར་མྱུར་མཛད་མགོན། །གསེར་སྦྱངས་ལྷུན་པོ་ཉི་འོད་འབུམ་ཕྲག་གིས། །བྱུགས་འདྲས་ལྷ་རྣམས་ངལ་གསོར་བྱེད་པའི་བུ། །རེས་འགའ་དབང་དྲག་སྐུ་ཡི་རྣམ་འགྱུར་གྱིས། །གནོད་སྦྱིན་བྱེ་བའི་དམག་སྣ་འདྲེན་པ་བཞིན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ཡངས་པའི་དབུས། །ཡི་དྭགས་བྱེ་བའི་སྡེ་དཔོན་མ་ཧེའི་ཞལ། །འཆི་བདག་དྲེགས་པའི་ཕོ་ཉ་གྲངས་མེད་པ། །དུས་མེའི་ཚ་ཚ་ལྟར་འཕྲོས་སྲིད་གསུམ་འགེང་། །སྡེ་བརྒྱད་ཡོངས་ཀྱི་དམག་དཔོན་རཱ་ཧུ་ལ། །སྤྲུལ་པའི་ཆོས་རྒྱལ་བཀའ་ཉན་ཙེའུ་དམར། །ཀུན་དགའ་གཞོན་ནུ་རྡོ་རྗེ་ལེགས་པ་སོགས། །མཐུ་ལྡན་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །མི་བསྲུན་དགྲ་དཔུང་བསྒྲལ་དང་སྒྲོལ་འགྱུར་གྱི། །ཆེད་དུ་བཤམས་དང་སྤྲུལ་པའི་མཐུན་པའི་རྫས། །ས་གཞི་བར་སྣང་ཁྱོན་ཀུན་བཀང་སྟེ་འབུལ། །འོག་མིན་དག་ཞིང་མགོན་པོ་རྣམ་སྣང་མཛད། །བདུད་སྡེའི་གཤེད་དུ་རྡོ་རྗེ་སྲིན་པོའི་གཟུགས། །སྲིད་གསུམ་བདག་མོ་དུད་པའི་སོལ་བ་ཅན། །ལྕམ་དྲལ་བསྟན་སྲུངས་རྒྱ་མཚོའི་སྡེ་དཔོན་ཆེ། །ཚད་མེད་བཞི་ཞལ་འགྲོ་ལ་འཛུམ་བསྟན་ཡང་། །སྲིད་བཞི་ཞིང་སྐྱོང་བམ་རིག་འཁྲུལ་ངོར་མཆེ་བའི་རྣོ་དབལ་རྩེས། །དགྲ་སྙིང་ཐལ་མར་འབིགས་པའི་སྟོབས་འཕྲོག་དབང་། ཤན་པའི་དམག་གི་ཚོགས། །ལྷོ་ཕྱོགས་བས་མཐའི་བྲམ་ཟེས་དམོད་པའི་འབྲས། །གནོད་སྦྱིན་ཡབ་ཡུམ་བཤོས་(༡༠༩བ)


GLG018_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྲས་གྱུར་པ། །དམ་ཅན་པུ་ཏྲ་མིང་སྲིང་སྣང་སྲིད་འགྲོའི། །སྲོག་དབུགས་བླ་ཚེ་ཡོངས་ཀྱི་གཤེད་མ་ཆེ། །རྡོ་རྗེའི་ཐོག་གི་རྗེས་འགྲོའི་དྲག་ཤུལ་གྱིས། །ཕས་རྒོས་ཕྱེ་མར་འཐག་པའི་གནོད་སྦྱིན་ཆེ། །སྲོག་བདག་གྲི་ཐོགས་རོ་བཤན་ཉེར་གཅིག་སོགས། །གཏུམ་དྲག་རྔམས་བརྗིད་དྲེགས་པའི་དམག་ཚོགས་རྣམས། །གཉེར་གཏད་སྡང་དགྲ་སྲོག་དང་རབ་ཕྲལ་ཞིང་། །དེ་བཞིན་བཅོལ་བའི་ལས་རྣམས་མྱུར་བསྒྲུབ་ཆེད། །དམ་རྫས་གཏོར་མ་ཁྲག་གི་ཨ་རྒྷཾ་སོགས། །སྤྱན་གཟིགས་མཆོད་པས་ཐུགས་དམ་གཉན་པོ་སྐོང་། །སེ་ར་ཆོས་མཛད་བློ་བཟང་དགེ་འདུན་བྲོ་འཚལ་བའི་དུས་ཕན་བདེ་ལེགས་བཤད་གླིང་གི་མགོན་ཁང་དུ་སྙན་ཤལ་དབུལ་བའི་ཁ་བྱངདགོས་ཚུལ་ལྟར་བགྱིས་པ་གདུང་སེལ་ཟླ་བ། ཚངས་པའི་སྲས་མོ་སྲིད་གསུམ་མ་ལུས་ལ། །དབང་སྒྱུར་དཔལ་ལྡན་དམག་དང་ཟོར་གྱི་ལྷས། །ཐུབ་བསྟན་འཕེལ་ཞིང་དེ་འཛིན་བསྐལ་བརྒྱར་བརྟན། །འཇིག་རྟེན་ཁམས་ཀུན་བདེ་སྐྱིད་དཔལ་ལ་སྦྱོར། །ཁྱད་པར་བློ་གྲོས་ལང་ཚོ་ན་དར་བའི་། །སྐལ་བཟང་དགེ་ལ་འདུན་པའི་ནད་གདོན་མུན། །ལྷ་ཁྱོད་ཐུགས་རྗེའི་འོད་ཀྱིས་བསལ་བྱས་ནས། །ཆོས་སྲིད་ལེགས་ཚོགས་དངོས་གྲུབ་སྣང་བ་སྩོལ། །རྩ་ལག་གཉེན་བཤེས་མི་ནོར་བཅས་པ་ཡི། །བསོད་ནམས་ཕུང་པོ་ཡོངས་སུ་ལེགས་སྨིན་ནམ། །གཅིག་ཏུ་རབ་དཀར་འབྲས་བུ་འདི་དང་གཏན། །ཀུན་ཏུ་སྤྱོད་པའི་སྐལ་བ་ཅན་དུ་མཛོད། །ས་སྤྲེལ་ལོ་གསར་གྱི་གཏོར་ཆེན་ཐོག་པོ་ཏ་ལའི་དབང་ཕྱུག་ལྷ་མོ་རེ་མ་ཏཱིར་མཚོན་སྣ་ལྔའི་སྙན་ཤལ་ཕུལ་པའི་ཁ་བྱང་ཛམྦུའི་སྙེ་མ། དར་ལྗང་། ཆོས་ཀྱི་དབྱིངས་ནས་སེམས་ཅན་ཡོངས་ཡེའི་དོན། །བསྒྲུབ་སླད་རྡོ་རྗེ་ཁྲོ་མོའི་(༡༡༠ན)


GLG018_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་བསྟན་ནས། །བདེ་ཆེན་དགའ་བཞིའི་ཡེ་ཤེས་ཐེམ་སྐས་ལས། །དྲངས་ཏེ་ཟུང་འཇུག་གྲོང་ཁྱེར་སར་འཁྲིད་ཀྱང་། །ཡིད་སྲུབས་སྡེ་བཅས་འདུལ་ལ་རྔམས་པའི་ཁ། །གནམ་ས་ལྟ་བུར་གདངས་པའི་རེ་མ་ཏཱི། །རྐྱང་སེར་རླུང་གི་ཤུགས་འཆང་དྲེལ་རྟ་ལ། །ཞོན་ནས་དགྱེས་ཞལ་ངོམ་བཞིན་གནས་འདིར་སྤྱོན། །བཀོད་ལེགས་དངོས་བཤམས་རིན་ཆེན་རྩིག་ངོས་ལ། །ཏིང་འཛིན་པིར་གྱིས་རི་མོར་ཡོངས་བྲིས་པའི། །ཕྱི་ནང་གསང་བ་དེ་ཉིད་མཆོད་པ་ཡི། །ངོ་མཚར་སྒྱུ་འཕྲུལ་རོལ་པའི་དགྱེས་སྐྱེད་ན། །དགའ་བའི་དཔལ་ལྡན་སྡེའི་བཞིའི་ཕོ་བྲང་ཆེའི། །ཆོས་སྲིད་ཉི་ཟླ་ཟུང་དུ་འཇུག་པའི་བསྟན། །བྱམས་མགོན་དབུས་འགྱུར་འཆང་དུ་འབྱོན་མིན་པར། །རབ་བརྟན་དབྱར་གྱི་མཚོ་ལྟར་གྱེན་འཕྱུར་མཛོད། །ཞི་རྒྱས་དབང་དྲག་འཕྲིན་ལས་རྒྱ་མཚོ་ཆེར། །འདོད་དོན་ཛམྦུའི་འབྲས་བུ་ཉེར་ལྷུངས་པ། །བསམས་པ་ཇི་བཞིན་འགྲུབ་པའི་གསེར་སྦྱངས་ཀྱི། །སྙེ་མ་གཡུར་དུ་ཟ་བར་མཛད་དུ་གསོལ། །དཀར། ཞལ་ཁྱིམ་རྡུལ་བྲལ་སྟོན་ཟླ་ལས་འཕྲོས་ཟེར། །འབུམ་ཕྲག་འོད་ཀྱིས་ནད་གདོན་སྡིག་གྲིབ་སོགས། །ཉེས་བརྒྱའི་མུན་པ་མཐར་བྱས་བདེ་སྐྱིད་ཀྱི། །སྣང་བ་གསར་པའི་དགའ་སྟོན་རྟག་འབར་མཛོད། །སེར། ཟད་མི་ཤེས་པའི་འཕྲིན་ལས་ཡིད་བཞིན་ནོར། །དབང་གི་རྒྱལ་པོ་ལས་འོངས་ཚེ་འབྱོར་སྟོབས། །ལུང་རྟོགས་སྲིད་ཞིའི་ལེགས་བྱས་མ་ལུས་པའི། །ཕུང་པོ་གྱེན་ནས་གྱེན་དུ་འཕྱུར་བར་མཛོད། །དམར། ཤེས་བྱར་སྲིད་པའི་བརྟན་གཡོའི་ལྕགས་ཀྱི་རྡུལ། །རྗེས་ཆགས་ཁབ་ལེན་རྡོ་(༡༡༠བ)


GLG018_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་འཁྲུལ་འཁོར་གྱིས། །བཀུག་སྟེ་དབང་ཕྱུག་སྲས་པོ་བགེགས་རྒྱལ་དང་། །སྐལ་མཉམ་འདོད་པ་འཇོ་བའི་སྒྱུ་ཐབས་མཛོད། །མཐིང་། ངན་སེམས་སྦྱོར་རྩུབ་ལྕེ་གཉིས་རྐྱོང་བྱེད་པའི། །དགྲ་བགེགས་དུག་སྤྲུལ་སྡེ་དང་བཅས་པའི་སྙིང་། །མཐུ་སྟོབས་ཁྱུང་སྡེར་གྱིས་ཕྱུང་བགྲང་བྱའི་མཁར། །ཕྱོགས་ལས་རྣམ་རྒྱལ་གཤོག་པས་ནམ་འཕང་ཆོད། །རྩེས་དང་པ་འོད་ཟེར་རྒྱ་མཚོས་ཕན་བདེ་ལེགས་བཤད་གླིང་པའི་མགོན་ཁང་དུ་སྙན་དར་འབུལ་སྐབས་ཁ་བྱང་དགོས་ཚུལ་བྱུང་བ་ལྟར་བྲིས་པ་བར་གཅོད་སྨག་རུམ་སེལ་བའི་ཉི་འོད། །འཁོར་འདས་ཕྱག་རྒྱ་ཐམས་ཅད་ཟིལ་གནོན་པའི། །དུས་དགྲའི་དབང་པོའི་ཐུགས་རྗེའི་འོད་ཟེར་གྱིས། །ལུས་མེད་འབྱུང་པོའི་གནོད་འཚེ་རྦོད་གཏོང་བྱེད། །རྒྱ་མཚོའི་ཕ་མཐར་སྐྲོད་ལ་རྡུལ་དུ་རློག །ཡུན་དུ་འཚོ་བའི་ཚེ་དང་དཔལ་འབྱོར་སོགས། །འདི་དང་ཡང་སྲིད་འཕྲེང་བ་ལེགས་འཕེལ་ཞིང་། །རང་རིག་དོན་གྱི་འཇམ་མགོན་ཀུན་ཏུ་བཟང་། །རིན་ཆེན་མངོན་དུ་འགྱུར་བར་བདག་བྱིན་རློབས། །ས་སྤྲེལ་བརྒྱད་གཏོར་དུས་མགོན་པོ་ཆེ་ཆུང་མཁན་རྣམ་པ་གཉིས་དང་བཅས་པར་ཕུལ་པའི་སྙན་དར་ཞལ་ཡིག་ཡིད་སྲུབས་སྡེ་བཅས་འདར་བ་དཔའ་བོའི་གད་རྒྱངས། ལེགས་ལྡན་ཆེན་པོ་རྡོ་རྗེ་གུར་མགོན་གྱིས། །ཆོས་དང་སྲིད་ཀྱི་ཕུན་ཚོགས་མ་ལུས་པ། །དཀར་ཕྱོགས་ཟླ་བའི་ཆ་ཤས་ལྟར་འཕེལ་ཞིང་། །ཉེས་བརྒྱའི་སྨག་རུམ་དྲུངས་ནས་འབྱིན་པར་མཛོད། །ཆོས་དབྱིངས་མི་འགྱུར་མཐིང་ནག་སྲིན་པོའི་ཞལ། །ཡིད་སྲུབས་སྡེ་བཅས་ལ་གདངས་མཆེ་བ་ཡིས། །དགྲ་བགེགས་སྙིང་ལ་བསྣུན་པས་མ་ཚིམ་པར། །བམ་སྟེང་སྟང་སྟབས་ཚུལ་གྱིས་བྲོ་བརྡུང་མཁན། །རྣལ་འབྱོར་མངག་གཞུག་ཕོ་ཉ་བྲམ་ཟེའི་གཟུགས། །རྡོ་རྗེའི་(༡༡༡ན)


GLG018_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་གནས་པའི་ཞིང་སྐྱོང་དབང་། །གསལ་སྟོན་ཟུང་འཇུག་དོན་གྱི་ནག་པོ་ཆེ། །ཀུན་ཀྱང་རང་སེམས་གདོད་མའི་ཆོ་འཕྲུལ་ཙམ། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་གྱིས། །ཐུགས་དམ་གཉན་པོ་དབྱིངས་སུ་སྐོང་བྱེད་ན། །བོད་འབངས་ཕན་དང་བདེ་བའི་དཔལ་འབར་ཞིང་། །བསྟན་སྲིད་རྡོ་རྗེའི་སྲོག་གི་ཀ་བ་ཚུགས། །ཁྱད་པར་རིགས་འཛིན་བདག་ཅག་འཁོར་བཅས་ལ། །མཐོ་འཚམ་དགྲ་བགེགས་བདུད་དཔུང་ཚར་ཆོད་ལ། །ཞི་རྒྱས་དབང་གི་འཕྲིན་ལས་མ་ལུས་པ། །བསམས་པ་ཇི་བཞིན་ལྷུན་གྱིས་གྲུབ་པར་མཛོད། །དུག་མཚོན་གཡུལ་འཁྲུག་རྦོད་གཏོང་ལ་སོགས་པའི། །ངན་སྦྱོར་གཤོམ་བྱེད་ཀུན་གྱི་སྙིང་ཁྲག་རྒྱུན། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་གིས། །ཧུབ་ཀྱིས་དྲོངས་ལ་ཐལ་བའི་རྡུལ་དུ་རློག །གནོད་སྦྱིན་ཆེན་པོ་ཟངས་ཀྱི་བེག་ཙེ་ཅན། །རིག་པའི་ལྷ་མོ་གར་གྱི་དབང་ཕྱུག་མ། །སྲོག་བདག་གཤན་པ་བཙན་དམག་སྟོང་སྡེ་ཡིས། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །ས་སྤྲེལ་ས་སྐྱོང་ཕྱག་མཛོད་འཕྲིན་ལས་རྒྱ་མཚོ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་ལྷ་ས། ར་མོ་ཆེ། བསམ་ཡས། ཁྲ་འབྲུགརི་བོ་དགའ་ལྡན་དང་བཅས་པའི་བརྟེན་རྟེན་པར་སྙན་ཤལ། །ཕྱེ་ཕུར། སྣམ་སྦྱར། །འཕན་བླ་བྲེ་སོགས་མཆོད་རྫས་ཕུལ་བའི་ཁ་བྱང་མཐོ་རིས་ཐར་པར་བགྲོད་པའི་རིན་ཆེན་ཐེམ་སྐས། །ཕྱེ་ཕུར་ཐོང་གོས་སྐྱེར་གསེར་མའི་མཐར་འཇའ་གོས་སྔོན་གསེར་མཐོང་ལྡེབས་སུ་དངུལ་ལྗང་བརྡུངས་ཀྱི་བབ་ལེའི་གོང་པ་རྡོ་རྗེའི་བུམ་པ། །གཡུ་དང་སྤོས་ཤེལ་སོགས་ཀྱི་ཕྲ་ཡོད་སྟོད་གོས་ཏ་ཧུང་གི་སྟང་སྟོང་སྐུད་ཚོན་ཁྲའི་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་ཚེམ་དྲུབ་བཅད་གསེར་སྐུད། དེའི་གཤམ་གོས་ནག་སྟེང་སེའུའི་མེ་ཏོག །སྟོད་ཧོར་ཀྱི་ཚོས་ཚོགས་སྣ་ཚོགས་ཀྱི་ལྕེ་ལེ་བརྩེགས་བཅུ་རེ་ཡོད་པའི་(༡༡༡བ)


GLG018_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་སོ་སོར་བྱུ་རུ་དང་སྤུག་ཤེལ་སྣ་ཚོགས་ཀྱི་རྒྱན་དང་སྟོང་སྐུད་ཀྱི་རྫོབ། ལག་ཉི་ཤུ་རྩ་གསུམ་རེ་ཡོད་པ་ནང་ཤ་སྨན་རྩེས་བྱས་པའི་ལྕགས་ཀྱི་འདོགས་ཐག་དང་བཅས་པ་ཆ་གཅིག་ཇོ་བོ་ཤཱཀྱ་མུ་ནིར་ཕུལ་བའི་ཞལ་བྱང་། བསྙེན་སྲིང་མེད་པ་ཀུན་ལ་བརྩེ་བའི་སྤྱན། །འགྲོ་རྣམས་བྱང་ཆུབ་བརྙེད་མིན་དེ་སྲིད་དུ། །གཟིགས་པའི་དམ་བཅའ་མི་གཏོང་སྙིང་སྟོབས་ཅན། །ཤཱཀྱའི་གཙོ་ཀྱེ་དྲི་བྲལ་ཐུགས་ཀྱིས་དགོངས། །མི་བདག་འཕྲིན་ལས་རྒྱ་མཚོ་ལྔ་པའི་ལམ། །དེང་ཞུགས་བཟོད་དཀའི་གནས་ངན་ལེན་ཀུན་ལས། །ལེགས་ཐར་མཐོ་རིས་རྟེན་བཟང་ཉེར་བཟུང་ནས། །ཕུན་ཚོགས་བདེ་བའི་དཔལ་ལ་སྤྱོད་བྱིན་རློབས། །ལྷ་མིའི་སྲིད་པའི་ཐེམ་སྐས་ལ་འཛེགས་ཏེ། །ངེས་ལེགས་ཐར་པ་མཆོག་གི་བ་གམ་རྩེར། །སོན་ནས་རང་གཞན་དོན་ཀུན་ལྷུན་གྲུབ་པ། །སྟོབས་བཅུ་མངའ་བའི་གོ་འཕང་འཐོབ་པར་ཤོག །མཐའ་འཇག་དང་ཚལ་བུ་རྣམས་མངགས་བཏགས་གསེར་གྱི་མེ་ཏོག་ཟླུམ་རིས་ཅན་ཧོར་གོས་སེར་པོའི་རྣམ་སྦྱར་ཇོ་བོ་རིན་པོའི་ཆེར་ཕུལ་བའི་ཞལ་བྱང་། ཐུན་འཚམས་ལང་ཚོའི་དཔལ་འཛིན་ཐགས་རིས་ངོས། །གསེར་སྦྱངས་ས་གཞི་མཛོད་རིས་ཟླུམ་སྐོར་གྱིས། །ལེགས་བཏེགས་བཀྲ་ཤིས་རྟགས་བརྒྱད་རི་མོ་ཅན། །ཧོར་གོས་ལས་གྲུབ་དགེ་སྦྱོང་ན་བཟའི་མཆོག །ས་དབང་འཕྲིན་ལས་རྒྱ་མཚོའི་ཕན་བདེའི་རྒྱུར། །ཤཱཀྱ་མུ་ནིའི་དྲུང་ཕུལ་བསོད་ནམས་ཀྱི། །ཕུང་པོ་སྲིད་པའི་རྩེ་མོ་ལས་བརྒལ་རྒྱུན། །ཆད་མེད་བྱང་ཆུབ་རྒྱ་མཚོར་འབབ་གྱུར་ཅིག །ཧོར་གོས་དིང་ཕོན་གསེར་ཐགས་ཀྱི་བླ་བྲེ་ཇོ་བོ་ཤཱཀྱ་མུ་ནིར་ཕུལ་བའི་ཁ་བྱང་། དབང་པོའི་གཞུ་རིས་མཁའ་ལ་བླ་བྲེས་པ། །སྣ་ཚོགས་རི་མོའི་བཀོད་པ་ཁྱད་པར་ཅན། །དོན་ཀུན་གྲུབ་དང་མཚུངས་(༡༡༢བ)


GLG018_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྣང་བརྙན་ལ། །ལྷག་བསམ་དག་པས་སྲི་ཞུའི་ཆེད་སྤེལ་བས། །ས་དབང་འཕྲིན་ལས་རྒྱ་མཚོའི་སྐྱེ་འཕྲེང་དུ། །སུམ་རྩེན་བདག་པོའི་བདེ་བ་ལྟར་མྱོང་ཞིང་། །རིང་མིན་རང་གཞན་དོན་གཉིས་ལྷུན་གྲུབ་པའི། །དཔལ་ལྡན་སྟོབས་བཅུ་མངའ་བ་མངོན་འགྱུར་ཤོག །ལྷ་སར་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ལ་ཕུལ་བའི་སྙན་དར་ཞལ་བྱང་། ལག་ན་པད་དཀར་འཆང་བའི་རང་བྱུང་སྐུ། །མཆོག་དམན་ཡོངས་ཀྱིས་མངོན་སུམ་ལྟ་བའི་ལྷ། །མཐོང་ཐོས་དྲན་དང་རེག་པས་འཁོར་བ་ཡི། །མི་བཟད་ཟུག་རྔུ་དྲུངས་ནས་འབྱིན་པའི་དཔྱད། །ཀུན་ལ་སེམས་བསྐྱེད་ཉེ་རིང་མི་མངའ་བས། །ཐུགས་རྗེ་བསྐུལ་བར་གཅིག་ཏུ་ལྟོས་མིན་ཡང་། །སྲིད་ཞིའི་འཇིགས་པ་སྐྱོབ་ཕྱིར་མཆོག་གསུམ་ལ། །ར་མདའ་སྦྲོན་པ་ཐུབ་གསུང་གཞུང་ལས་གསུངས། །དེ་ཕྱིར་མི་རྗེ་འཕྲིན་ལས་རྒྱ་མཚོ་ཡི། །ཡང་སྲིད་གྲུ་འཛིན་ཞིང་དུ་ལེགས་བཟུང་ནས། །རྒྱལ་སྲས་སྤྱོད་པ་ཆེ་ལ་རབ་བསླབས་ཏེ། །རིང་མིན་བྱང་ཆུབ་མཆོག་གི་ས་བརྙེས་ཤོག །ལྷ་སའི་བྱམས་པ་ཆོས་འཁོར་ལ་ཕུལ་བའི་སྙན་དར་ཞལ་བྱང་། དམ་པ་ཏོག་དཀར་ཅོད་པན་ལེགས་བཅིངས་ནས། །ཡིད་དགའ་ཆོས་འཛིན་སེང་ཁྲིར་རྟག་བཞུགས་ཀྱང་། །འཛམ་གླིང་སྐྱེ་རྒུར་གཡེལ་མེད་གཟིགས་པའི་སྤྱན། །དཀྱུས་རིང་མི་ཕམ་མགོན་ཀྱེ་དེང་འདིར་དགོངས། །ས་དབང་འཕྲིན་ལས་རྒྱ་མཚོ་ཕྱི་མའི་སྲིད། །གནས་ངན་རྣམས་སུ་ནམ་ཡང་མི་འཛིན་ཞིང་། །མངོན་པར་མཐོ་བའི་གྲུ་གཟིངས་ལ་བརྟེན་ནས། །ཐར་པའི་རིན་ཆེན་གླིང་དུ་འཇུག་བྱིན་རློབས། །སྐྱེ་མང་གོམས་པའི་བསོད་ནམས་(༡༡༢བ)
མུ་ཏིག་ཆར། །བྱང་ཆུབ་མཆོག་བསྔོས་འཕེལ་སྐྱེད་འཛད་མེད་འབྲས། །དེང་ནས་རྣམ་མཁྱེན་ཐོབ་མིན་དེ་སྲིད་དུ། །སྐྱོད་པའི་དགའ་སྟོན་དཔལ་ལ་སྦྱོར་བར་མཛོད། །


previousལྕགས་བྱི་བོད་འབངས་བདེ་ཐབས་སུ་དམིགས་པའི་བསམ་ཡས་སུ་གསེར་ཆབ་བརྒྱ་མཆོད་ཕུལ་བའི་དུས་བྱང་ཆུབ་ཆེན་པོའི་སྙན་དར་ཞལ་ཡིག་ཕན་བདེའི་སྐྱ་རེངས་དང་པོ་སོགས།next