Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
ལྷ་སའི་བླ་མ་ལྷ་ཁང་གི་རྗེ་བཙུན་བཙོང་ཁ་པ་ཆེན་པོའི་སྐུ་བརྙན་ལ་ཕུལ་བའི་ཁ་བཏགས་ཉིན་མོ་བདེ་ལེགས་མའི་ཞལ་བྱང་།
   


 
previousལྷ་སའི་བླ་མ་ལྷ་ཁང་གི་རྗེ་བཙུན་བཙོང་ཁ་པ་ཆེན་པོའི་སྐུ་བརྙན་ལ་ཕུལ་བའི་ཁ་བཏགས་ཉིན་མོ་བདེ་ལེགས་མའི་ཞལ་བྱང་།next

ལྷ་སའི་བླ་མ་ལྷ་ཁང་གི་རྗེ་བཙུན་བཙོང་ཁ་པ་ཆེན་པོའི་སྐུ་བརྙན་ལ་ཕུལ་བའི་ཁ་བཏགས་ཉིན་མོ་བདེ་ལེགས་མའི་ཞལ་བྱང་།


GLG018_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སའི་བླ་མ་ལྷ་ཁང་གི་རྗེ་བཙུན་བཙོང་ཁ་པ་ཆེན་པོའི་སྐུ་བརྙན་ལ་ཕུལ་བའི་ཁ་བཏགས་ཉིན་མོ་བདེ་ལེགས་མའི་ཞལ་བྱང་། །རྒྱལ་ཀུན་བློ་གྲོས་ལྡན་པས་མཁས་པའི་དཔྱིད། །ཕྲ་མོའི་ལྟུང་བས་མ་གོས་བཙུན་པའི་མཆོག །བདག་གཞན་མཉམ་བརྗེའི་ལྷག་བསམ་བཟང་པོ་ཅན། །གྲགས་པ་དོན་ལྡན་འཇམ་མགོན་བཙོང་ཁ་པ། །མངོན་སངས་རྒྱས་གནས་རྨད་བྱུང་བཀོད་ཞིང་དུ། །ས་སྤྱོད་འཕྲིན་ལས་རྒྱ་མཚོ་ཉེར་དྲངས་ཏེ། །དམ་ཆོས་བདུད་རྩིས་ཡིད་ཀྱི་ཟ་མ་ཏོག །ལེགས་གཏམས་ཟུངས་འཇུག་ས་ལ་འགོད་བྱིན་རློབས། །ར་མོ་ཆེར་ཇོ་བོ་མི་བསྐྱོད་རྡོ་རྗེ་ལ་ཕུལ་བའི་བཀྲས་བཏགས་ཉིན་མོ་བདེ་ལེགས་མའི་ཞལ་བྱང་། ཞབས་སེན་རྡུལ་གྱི་ཆ་ཙམ་གཙུག་ཏོར་རྩེར། །ལྷུངས་པས་འཁོར་བའི་ཟུག་རྔུ་དྲུངས་འབྱིན་ན། །དངོས་དང་དབྱེ་བའི་སྐབས་བྲལ་སྣང་བརྙན་གཟུགས། །མཐོང་བས་རྣམ་གྲོལ་མི་བསྐྱོད་རྡོ་རྗེའི་དྲུང་། །འགྲོ་རྣམས་མགོན་ཁྱོད་སར་འགོད་ལྷག་པའི་སེམས། །མཚོན་པའི་འཆི་མེད་དུ་ཀཱུ་ལ་ཡི་གོས། །རེག་བྱའི་ཁྱད་པར་བདེ་བའི་གཏེར་ཆེན་པོར། །ཏིང་འཛིན་མོས་པའི་བློས་སྤྲུལ་འབུལ་བྱེད་ན། །འཕྲིན་ལས་རྒྱ་མཚོར་འབོད་པའི་ནོར་འཛིན་བདག །སྐྱེ་མང་འདབ་ཆགས་བགྲོད་དང་ལྷན་ཅིག་པར། །མགོན་ཁྱོད་ཐུགས་རྗེ་རང་གྲིབ་གཉིས་པའི་གཟུགས། །ནམ་ཡང་མི་འབྲལ་མཐུ་ཡིས་ཡིད་ཅན་ཀུན། །འཁོར་མཚོ་ལས་སྒྲོལ་གཟིངས་སུ་གྱུར་བར་ཤོག །རྣམ་སྦྱར་གཞི་མཆིན་ཁ་དང་མཐའ་སྔོན་པོའི་ལྕགས་རི་དང་སངས་རྒྱས་སྟོང་སྐུ་ཡོད་པ་ར་མོ་ཆེའི་ཇོ་བོར་ཕུལ་བའི་ཁ་བྱང་། (༡༡༣ན)


GLG018_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཞལ་ཁྱིམ་མི་བསྐྱོད་རྡོ་རྗེའི་སྐུར། །ཟ་འོག་རབ་བཀྲར་འདྲེན་པ་སྟོང་ཕྲག་གི །སྣང་བརྙན་ཚར་དུ་དངར་བའི་རུང་མཐུན་གོས། །རེག་བདེའི་ཁྱད་པར་གཡང་ཆགས་འདི་ཕུལ་བའི། །རྣམ་སྨིན་ཆེས་དཀར་འཛག་པ་མཐོ་རིས་ཆུས། །ས་དབང་འཕྲིན་ལས་རྒྱ་མཚོའི་ལས་ཉོན་དྲི། །རབ་བཀྲུས་སྤང་དང་རྟོགས་པའི་ཡོན་ཏན་ཏོག །ཟུང་འཇུག་རྒྱལ་མཚན་རྩེར་མོར་འོད་འབར་ཤོག །ར་མོ་ཆེར་གོས་གཞི་སྔོན་ཚོན་ཁྲའི་འཕན་དུ་ཕུལ་བའི་ཞལ་བྱང་། གནམ་སྔོན་ཐགས་སུ་འཁྱིལ་བའི་རྫིང་བུ་རུ། །ས་གཞི་མཛོད་ཀྱི་འདབ་བརྒྱ་བཞད་པའི་འཕྲེང་། །མགོན་ཁྱོད་མཛེས་པའི་རྒྱན་དུ་ལེགས་སྤུད་ནས། །མ་སྨད་ཐུགས་རྗེ་འཇུག་པའི་སྨྲེང་གསོལ་ན། །མི་བདག་འཕྲིན་ལས་རྒྱ་མཚོར་གཟིགས་པའི་སྤྱན། །དཀྱུས་རིང་འཁོར་བའི་ཕ་མཐའ་ལས་བརྒལ་ཏེ། །བྱང་ཆུབ་སྙིང་པོའི་བར་དུ་ཉེར་བཙའ་བར། །མཛོད་ཅིག་རྣམ་འདྲེན་དོན་ཀུན་གྲུབ་པ་ཀྱེ། །རང་བྱུང་འཕགས་པ་མཆེད་ལ་ཕུལ་བའི་ཁ་བཏགས་ཉིན་མོ་བདེ་ལེགས་མའི་ཞལ་བྱང་། ལག་ན་པད་དཀར་འགྲོ་ལ་མངོན་སུམ་དུ། །སྟོན་ཕྱིར་རང་བྱུང་འཕགས་མཆོག་མཆེད་གཉིས་སྐུ། །དྲན་པས་སྲིད་ཞིའི་གདུང་བ་ཀུན་འབྱིན་པའི། །སྒྲིབ་པའི་ནད་བརྒྱ་འཇོམས་པའི་རྩི་སྨན་ཆེས། །ས་སྐྱོང་འཕྲིན་ལས་རྒྱ་མཚོའི་བདེ་ལྡན་གྱི། །ཞིང་དུ་འདབ་སྟོང་དབུས་སྐྱེས་ལྷ་ཁྱོད་ཞལ། །མཐོང་ནས་ཟབ་རྒྱས་ཆོས་ཀྱིས་རྒྱུད་སྨིན་ཏེ། །རྣམ་པར་གྲོལ་བའི་ལམ་བཟང་མངོན་འགྱུར་ཤོག །འཕན་མགོ་བར་གཟུགས། །མ་གོས་སྔོན་ཐོག་སེའུ་ཚོན་ཁྲའི་པ་ཏྲ། །དེའི་དབུས་གསུམ་སོ་སོར་འཕན་མགོའི་དབྱིབས་འདྲའི་གསེར་ཟངས་ཀྱི་རྒྱན་ལག་པ་ཙམ་རེར་(༡༡༣བ)


GLG018_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་བྱུ་རུ། ནལ། མཆོང་སོགས་རིན་པོ་ཆེའི་ཕྲ་ཡོད། །མཐའི་མུ་རན་ལ་གསེར་ཟངས་ཀྱི་འབུ་ཧྲིལ་འཕུལ་མའི་མཚམས་བཞིར་བྱུ་རུ་མུ་ཏིག་སོགས་ཀྱི་བརྒྱན། སྐེད་མཚམས་སུ་བྱུ་རུ་སེ་འབྲས་ཙམ་བཞི་བཅུ་རེ་ལོང་པར་སྟོང་སྐུད་སྔོ་དམར་ཟི་ཧུན་སོགས་སྣ་ཚོགས་ཀྱི་རྫར་ཡན་ལག་གོས་ཚོས་ཁ་སྣ་ཚོགས་སྤེལ་མའི་ཐོག་སེའུ་ཚོན་ཁྲའི་རྒྱལ་མཚན་དང་། ལཉྪའི་མ་ཎི། སྤྲིན་དང་པདྨ་སོགས་ཡོད་པའི་བཅད་གསེར་སྐུད། །རྒྱབ་ཤ་ལིང་དམར་ཞི་མ་འགྲེས་བྱས་པའི་འདོགས་ཐག་དངུལ་གྱི་ཨ་ལོང་བཅས་ལེགས་པ་ཆ་གཉིས་བསམ་ཡས་སུ་བྱང་ཆུབ་ཆེན་པོར་ཕུལ་བའི་ཞལ་བྱང་། ལྟ་བར་མི་མངོན་གཙུག་ཏོར་ལས་འཕྲོས་ཟེར། །ཞིང་ཁམས་རྒྱ་མཚོ་སྣང་བྱེད་རྫུ་འཕྲུལ་ཅན། །ལྷ་ཡི་ལྷར་གྱུར་དོན་ཀུན་གྲུབ་པའི་དཔལ། །ཆེར་སྙིགས་ལྔ་བརྒྱའི་འགྲོ་ལ་རབ་བརྩེས་དགོངས། །བྱིན་རླབས་མཐོ་རིས་ཆུ་བོས་མི་ཡི་བདག །འཕྲིན་ལས་རྒྱ་མཚོར་འབོད་པའི་སྡིག་སྒྲིབ་ཀྱི། །དྲི་བཀྲུས་དལ་འབྱོར་ཁྱབ་འཇུག་རྐང་པའི་རྩེར། །ཐར་པའི་རྒྱལ་མཚན་ཏོག་གིས་མཛེས་པར་ཤོག ། ལིང་སྐྱེར་ཁ། ལི་ཧུན། སྔོན་པོ། དཀར་པོ། རྒྱལ། ངུར་རྨིག ལྗང་ཁུ་སོགས་ཤམ་བུ་བརྩེགས་བཅུ་གསུམ་རེ་ཡོད་པའི་རྒྱལ་མཚན། ཐོད་གོས་སྔོན་འཇམ་སང་། ཤམ་གོང་གོས་སྔོ་འཇམ་སྟེང་ཇུས་དཀར་གྱི་མུ་ཏིག །ཤམ་གདན་ལྷོ་རས་ཀྱི་བྱས་པའི་ལེགས་པ་ཆ་གཅིག་ཁྲ་འབྲུག་ཏུ་ཕུལ་བའི་ཞལ་བྱང་། སྡིག་དང་ལྷན་ཅིག་མི་གནས་རང་རྒྱུད་སར། །དགེ་བའི་ས་བོན་བཏབ་པའི་བྱང་ཆེན་གྱི། །མྱུ་གུ་ཡོངས་སུ་སྨིན་པའི་འབྲས་བུ་ལ། །མཁའ་མཉམ་ཅན་ཀུན་གྱིས་སྤྱོད་པར་ཤོག ། དགའ་ལྡན་དངུལ་གདུང་རིན་པོ་ཆེར་སྙན་ཤལ་གོས་དམར་ཡུག་ཕུལ་བའི་ཞལ་བྱང་། །གངས་ལྗོངས་འཇམ་མགོན་ངུར་སྨྲིག་གོས་འཆང་ཡང་། །ངོ་མཚར་རྨད་བྱུང་བཀོད་པའི་ཞིང་ཁམས་ན། །རྒྱལ་མཆོག་སེངྒེའི་ང་རོའི་སྐུར་བསྟན་པ། །ཐུགས་རྗེ་བསྐུལ་ཚིག་གསོལ་ལ་མ་གཡེལ་དགོངས། །ས་སྐྱོང་འཕྲིན་ལས་རྒྱ་མཚོ་(༡༡༤ན)


GLG018_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བར་མའི་སྲིད། །འཛིན་པའི་དུས་འདིར་ཡ་ངའི་འཇིགས་སྐྲག་དང་། །མི་ཁོམ་གནས་ཀྱི་མུན་ཞི་བདེ་སྐྱིད་ཀྱི། །སྣང་བ་ཐུགས་རྗེའི་ཉི་མས་སྤར་དུ་གསོལ། །མཐོ་རིས་བདུན་དང་ལྡན་པའི་རྟེན་བཟང་ཐོབ། །དམ་པས་རྗེས་བཟུང་ཐོས་བསམ་སྒོམ་པ་སྒྲུབ། །འབྲས་བུ་རང་གཞན་དོན་གཉིས་ལྷུན་གྲུབ་པའི། །རྣམ་པ་ཐམས་ཅད་མཁྱེན་པ་འཐོབ་བྱིན་རློབས། །འདིས་མཚོན་ལྷག་བསམ་བློས་སྤྲུལ་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་རྣམ་ཐར་བཞིན་ཕུལ་བས། །མི་དབང་འཕྲིན་ལས་རྒྱ་མཚོ་སྲིད་ཞིའི་རྒྱ། །ལས་གྲོལ་རིང་མིན་བྱང་ཆུབ་མཆོག་རྙེད་ཤོག །ཅེས་ས་སྐྱོང་འཕྲིན་ལས་རྒྱ་མཚོའི་ཆེད་དུ་ཇོ་ཤཱཀ་གང་ལའང་ཕུལ་ཆོག་པའི་སྙན་དར་གྱི་ཞལ་བྱང་འདི་ནི་ཡི་གེའི་འདུ་བྱེད་པ་དར་རྒྱས་བཀྲ་ཤིས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །ས་སྤྲེལ་སོག་བོད་ཀྱི་མི་རྗེ་བསྟན་འཛིན་དཱ་ཡན་རྒྱལ་པོ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་ལྷ་ས། ར་མོ་ཆེ། པོ་ཏ་ལ། བསམ་ཡས་སོགས་སུ་སྙན་ཤལ། བླ་གོས། གོས་འཕན། རྒྱལ་མཚན་བཅས་ཕུལ་བ་རྣམས་ཀྱི་ཁ་བྱང་མངོན་མཐོ་ངེས་ལེགས་ཀྱི་སྙེ་མ། ལྷ་སར་ཕུལ་བའི་བླ་བྲེའི་ཞལ་བྱང་། འཕྲུལ་སྣང་བརྟེན་དང་རྟེན་པའི་གཙུག་ཏོར་རྩེར། །དབང་གཞུའི་མདངས་འཕྲོག་བཟང་གོས་བླར་བྲེས་པས། །བསྟན་འཛིན་དཱ་ཡན་རྒྱལ་པོས་ལྷ་མིའི་རྟེན། །བརྒྱུད་མར་རྙེད་ནས་རིང་མིན་འཚང་རྒྱ་ཤོག །ཇོ་བོ་རིན་པོ་ཆེར་སྣམ་སྦྱར་སངས་རྒྱས་སྟོང་སྐུ་ཡོད་པ་ཕུལ་བའི་ཞལ་བྱང་། ལྟ་ན་ཉེར་སྡུག་མཚན་དང་དཔེ་བྱད་གཟི། །མངོན་སུམ་ལྟར་འབར་གསེར་དམར་ཞུན་མའི་སྐུར། །འདྲེན་པ་སྟོང་གི་སྣང་(༡༡༤བ)


GLG018_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་རབ་བཀྲ་བའི། །དགེ་སྦྱོང་མཆོག་གི་ན་བཟའ་ཕུལ་བའི་འབྲས། །ཧོར་བོད་ཟུང་དུ་འཇུག་པའི་མི་ཡི་བདག །སྟོབས་ཀྱིས་བསྟན་འཛིན་དཱ་ཡན་ཆོས་ཀྱི་རྒྱལ། །སྐྱེ་བར་མཐོ་རིས་བདུན་ལྡན་སྲིད་བཟུང་ཞིང་། །རིང་མིན་རྣམ་པ་ཐམས་ཅད་མཁྱེན་གྱུར་ཅིག །ར་མོ་ཆེའི་ཇོ་བོར་ཕུལ་བའི་སྣམ་སྦྱར་གྱི་ཞལ་བྱང་། སྤང་རྟོགས་ཡོན་ཏན་མཐོ་དམའ་མེད་མཉམ་པར། །སྙིང་སྟོབས་བརྩོན་པ་ས་གཅིག་ཏུ་མངོན་མཐོ་བ། །དོན་ཀུན་གྲུབ་པའི་ཞལ་སྐྱིན་མཛེས་སྐུ་ལ། །མུ་ཏིག་ལས་སྤྲས་རུང་མཐུན་གོས་སྤུད་པས། །ཐུབ་བསྟན་བསྐལ་མཐར་མི་ཉམས་འཛིན་སྐྱོང་ལ། །བློ་སྟོབས་མེས་པོའི་རྗེས་སུ་རབ་སྙེག་པ། །གནམ་སའི་མངའ་བདག་དཱ་ཡན་རྒྱལ་པོ་ཡི། །ཡང་སྲིད་བརྒྱུད་མར་དལ་འབྱོར་རྟེན་རྙེད་ཤོག །མཐོ་རིས་རིན་ཆེན་སྐས་ལ་གྱེན་འཛེགས་ནས། །མི་གནས་མྱ་ངན་འདས་པའི་ཁང་བཟང་དུ། །ཉེར་ཞུགས་གསང་གསུམ་བཀོད་པའི་ཆོ་འཕྲུལ་གྱིས། །མཁའ་མཉམ་ལུས་ཅན་མ་ལུས་འདྲེན་གྱུར་ཅིག ། ར་མོ་ཆེར་འཕན་སྟོད་གསེར་མ་ལ་སྨད་ཚོན་ཁྲས་བྱས་པ་ཕུལ་བའི་ཁ་བྱང་། ཐགས་རིས་ཚོན་ཁྲའི་བ་དན་མགོན་ཁྱོད་ཀྱི། །སྤྱན་སྔར་སྲི་ཞུའི་ཚུལ་གྱིས་ཉེར་བསྒྲེང་བས། །བསྟན་འཛིན་དཱ་ཡན་རྒྱལ་པོ་བྱང་ཆུབ་བར། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་ཤོག ། ར་མོ་ཆེར་གོས་འཕན་སྔོན་པོ་ཕུལ་བའི་ཁ་བྱང་། །མཁའ་དབྱིངས་དབང་གཞུས་འཁྱུད་ལ་ཉེར་འཁུ་བའི། །གན་གོས་བ་དན་བསྒྲེང་པས་སྒྲིབས་གཉིས་ཀྱི། །གཡུལ་ལས་བསྟན་འཛིན་དཱ་ཡན་རབ་རྒྱལ་ཏེ། །བྱང་ཆུབ་མཆོག་གིས་ས་ཆེན་སྐྱོང་བར་ཤོག །བསམ་ཡས་སུ་ཕུལ་བའི་རྒྱལ་མཚན་གིས་ཁ་བྱང་། །བཟང་གོས་(༡༡༥ན)


GLG018_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཀྲ་བརྩེགས་པའི་རྒྱལ་མཚན་རྩེར། །མི་ཡི་བདག་པོའི་བསོད་ནམས་རྐང་པའི་རྡུལ། །བཀོད་ཚེ་འགྲན་ཟླའི་རྒོལ་བར་དོགས་མེད་ཅིང་། །གཉེན་འདུན་རྩ་ལག་ཡིད་ལ་སིམ་པར་ཤོག ། ས་སྤྲེལ་སྟག་ལུང་ཞབས་དྲུང་ངག་དབང་བཀྲ་ཤིས་དཔལ་གྲུབ་གཞན་སྣང་དུ་བསྐྲུན་པའི་ཚེ་ཕྱག་མཛོད་བློ་བཟང་ངག་དབང་གིས་ཇོ་ཤཱཀ་གཉིས། རང་བྱོན་ལྔ་ལྡན། འཕགས་པ་མཆེད་བཅས་པར་སྙན་དར་འབུལ་སྐབས་ཁ་བྱང་དགོས་ཚུལ་ལྟར་བྲིས་པ་གཟུགས་སྐུ་སྲིད་མཐར་བརྟན་བྱེད་གཡུལ་དྲུང་འཁྱིལ་བ། ཇོ་བོ་རིན་པོ་ཆེར། བསྐལ་བཟང་འདྲེན་པ་སྟོང་གི་ནང་ཚན་ནས། །གདུལ་དཀའ་འདུལ་ལ་སྨོན་ལམ་ཁྱད་པར་གྱིས། །མཆོག་གྱུར་ཀུན་མཁྱེན་བུ་རམ་ཤིང་པ་ཡི། །ཐུགས་རྗེ་ཉི་མ་དངོས་བརྒྱའི་འོད་སྤྲོས་ནས། །དེང་དུས་གྲུབ་རིས་རྒྱ་མཚོའི་གཙུག་གི་རྒྱན། །ངག་གི་དབང་ཕྱུག་བཀྲ་ཤིས་དཔལ་གྲུབ་པ། །ཚུལ་བསྟན་བསྙུན་གྱི་མུན་པ་ཉེར་སངས་ཏེ། །ཚེ་མཐའ་ཡས་པའི་མགོན་ལྟར་བྱིན་གྱིས་རློབས། །འཕགས་པ་ཝ་ཏིར། ངག་གི་དབང་ཕྱུག་བཀྲ་ཤིས་དཔལ་གྲུབ་རྗེ། །བསྙུན་ཚུལ་གཞན་ངོར་བསྟན་ལས་རྣམ་གྲོལ་ཏེ། །སྲིད་མཐའི་བར་དུ་གཡོ་མེད་རྡོ་རྗེ་ལྟར། །བཞུགས་པར་མཛོད་ཅིག་འཕགས་མཆོག་ཝ་ཏི་བཟང་། །བཅུ་གཅིག་ཞལ། སྔོན་ཚེ་ཁྱོད་ཞལ་ལས་འཕྲོས་མེ་དཔུང་གིས། །ཡིད་སྲུབས་སྡེ་བཅས་བཅོམ་པའི་གྲགས་སྙན་ལྟར། །ངག་དབང་བཀྲ་ཤིས་དཔལ་གྲུབ་སྐུ་ཚེ་ཡི། །བར་བཅོད་ཕ་མཐར་སྐྲོད་ཅིག་ནམ་མཁའི་རྒྱལ། །འཕགས་པ་ལོ་ཀེ་ཤ་ར། ཕྱག་མཐིལ་ལས་བབས་བདུད་རྩིའི་ཆུ་རྒྱུན་གྱིས། །ངག་གི་དབང་ཕྱུག་བཀྲ་ཤིས་དཔལ་གྲུབ་པའི། །ཚུལ་བསྟན་ཉེས་བརྒྱའི་དྲི་མ་ཅན་བཀྲུས་(༡༡༥བ)


GLG018_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །གཡོ་མེད་བརྟན་པར་མཛོད་ཅིག་སྙིང་རྗེའི་གཏེར། །ར་མོ་ཆེའི་ཇོ་བོར། ཡིད་སྲུབས་སྡེ་བཅས་བ་དན་ཡོངས་བསྙལ་ནས། །སྐུ་བཞིའི་རྒྱལ་མཚན་སྲིད་པའི་རྩེར་བསྒྲེང་བ། །ཐུབ་དབང་བརྒྱད་པའི་ལང་ཚོར་བབས་པའི་སྐུ། །མཐོང་ཐོས་དྲན་རེག་དོན་ལྡན་ལ་སྦྱོར་ཀྱེ། །གྲུབ་རིས་ཤིང་རྟ་རྙོག་མའི་འདམ་རྫབ་ལས། །འདྲེན་མཛོད་དྭགས་བརྒྱུད་གཙུག་རྒྱན་ངག་གི་དབང་། །བཀྲ་ཤིས་དཔལ་གྲུབ་ངེས་དོན་ཆོས་ཀྱི་ཉི། །རྣམ་གྲོལ་མཆོག་སྡེ་སྲིད་མཐར་བརྟན་བྱིན་རློབས། །ས་བྱ་གནམ་ལོ་གསར་ཚེས་ཀྱི་གཏོར་ཆེན་ཐོག་སྲིད་གསུམ་དབང་སྒྱུར་རེ་མ་ཏཱིར་དར་ཚོན་སྣ་ལྔའི་སྙན་ཤལ་ཕུལ་བའི་ཁ་བྱང་ཕན་བདེའི་ཡོངས་འདུ་གཡུར་ཟ། ལྗང་། དོན་ཀུན་གྲུབ་པའི་བསྟན་ལ་སྨོན་ལམ་གྱིས། །མཐུ་རྩལ་ཆོས་སྲུང་གཞན་ལས་ཁྱད་པར་དུ། །ཆེས་ལྷག་དབྱངས་ཅན་ལྷ་མོ་ཁྲོ་གཏུམ་གཟུགས། །རབ་འཛིན་འདོད་ཁམས་ཀུན་ལ་མངའ་སྒྱུར་མ། །སྲིད་པའི་རྒྱལ་མོ་འཕྲིན་ལས་དཀྱིལ་འཁོར་ལྷར། །མ་མོ་གཡག་གི་མགོ་ཅན་ཐོད་རློན་འཆང་། །ངེས་པའི་དོན་དུ་རྡོ་རྗེ་དབྱིངས་ཕྱུག་མ། །ཐམས་ཅད་རྣལ་འབྱོར་སེམས་ཀྱི་རོལ་པའི་རྩལ། །ཁྱོད་བསྟེན་ཡིད་བཞིན་དབང་གི་རྒྱལ་པོ་ལྟར། །ཅི་འདོད་བསམས་པའི་མོད་ལ་འབད་མེད་དུ། །ལས་བཞིའི་འཕྲིན་ལས་དངོས་གྲུབ་ཆར་ཆེན་པོ། །ལེགས་ཕོབ་ཕན་བདེའི་ཡོངས་འདུ་གཡུར་ཟར་མཛོད། །དཀར། སྲིད་པའི་ཉེས་བརྒྱ་ཀུན་དང་ལྷན་ཅིག་ཏུ། །སྒྲིབ་གཉིས་སྟུག་པོའི་སྨག་རུམ་མ་ལུས་པ། །ཁྱོད་ཞལ་ཟླ་བ་དཀར་པོ་ཤར་ཙམ་གྱིས། །རབ་གཞིལ་བདེ་སྐྱིད་སྣང་བ་རྒྱས་པར་མཛོད། །སེར།ཛམྦུའི་གསེར་སྦྱངས་བརྒྱ་ཕྲག་གཉིས་བཞུ་བའི། །འོད་ཀྱིས་འཁོར་(༡༡༦ན)


GLG018_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཡོན་ཏན་མ་ལུས་པ། །བསོད་ནམས་ཉམས་སུ་མྱོང་བར་བྱིན་གྱིས་རློབས། །དམར།ཕྱག་མཚན་པད་རཱག་ལྕགས་ཀྱུ་ཕྱར་ཙམ་གྱིས། །བརྟན་གཡོའི་དངོས་ཀུན་བཀུག་པའི་གཙུག་ཏོར་རྩེར། །རྐང་སེན་ཟླ་བ་ཚེས་པའི་ཅོད་པན་གྱིས། །མཛེས་པར་མཛོད་ཅིག་ཁམས་གསུམ་དབང་བྱེད་ལྷ། །ནག་པ།གནག་པའི་ཡིད་ལ་གང་ཤར་སྦྱོར་བ་ཡི། །རྩོམ་བྱེད་གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །རྣོ་ངར་མཚོན་གྱིས་ཁོག་པ་ཉེར་གཤགས་ཏེ། །དོན་སྙིང་ཁྲག་དྲོན་བཅས་པ་ཞལ་དུ་རྔུབས། །ས་བྱའི་བརྒྱད་གཏོར་ཐོགས་མགོན་པོ་ཆེ་ཆུང་འཁོར་བཅས་ལ་ཕུལ་བའི་སྙན་དར་ཞལ་བྱང་བདུད་སྡེའི་གཡུལ་ངོ་བཅོམ་པའི་རྒྱལ་མཚན། བསྟན་སྲུངས་རྒྱ་མཚོའི་འཁོར་ལོས་སྒྱུར་རྒྱལ་དུ། །རྣམ་སྣང་ཐུགས་ལས་སྤྲུལ་པའི་ནག་པོ་ཆེ། །ལྕམ་དྲལ་ཕོ་ཉ་བཀའ་སྡོད་བྲན་གཡོག་ཚོགས། །བདུད་ཀྱི་སྡེ་ཆོམས་ཕན་བདེའི་རྒྱལ་མཚན་སྒྲོངས། །དར་དཀར།བདེ་ཆེན་འཁོར་ལོར་ཆུ་ཤེལ་ཞུན་མའི་མདངས། །ལེགས་གསལ་ཕྱག་གི་བུམ་ཐོད་བདུད་རྩི་ཡིས། །མི་ཤིགས་སྲོག་གི་ཀ་བ་རབ་བཙུགས་ཏེ། །འཆི་མེད་རིག་འཛིན་འགྲུབ་པར་བདགབྱིན་རློབས། །དར་སེར།སྤྲུལ་པའི་འཁོར་ལོར་ཛམྦུའི་གསེར་མདངས་ཅན། །རིན་ཆེན་བྱུར་བུར་གཏམས་པའི་ཀ་པ་ལིས། །ཅི་འབྱོར་ཆར་དུ་སྙིལ་ཏེ་ཚེ་འབྱོར་སྟོབས། །ལུང་རྟོགས་སྲིད་ཞིའི་ཡོན་ཏན་རྒྱས་པར་མཛོད། །དར་དམར།ལོངས་སྤྱོད་འཁོར་ལོར་པད་རཱག་མདངས་འཛིན་པའི། །ལྕགས་ཀྱུ་ནམ་མཁའི་དབྱིངས་སུ་གཟས་ཙམ་གྱིས། །འཁོར་འདས་ཀུན་གྱི་ལེགས་ཚོགས་མ་ལུས་པ། །(༡༡༦བ)


GLG018_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་དབང་དུ་བསྡུ་བའི་འཕྲིན་ལས་མཛོད། །དར་མཐིང་། །ཆོས་ཀྱི་འཁོར་ལོར་མིའུ་ཐུང་སྲིན་པོའི་གཟུགས། །གྲི་གུག་འབར་བའི་རྩེ་ལ་དགྲ་བགེགས་དཔུང་། །མི་རྟག་ལམ་དུ་བཀོད་དེ་མངོན་སྤྱོད་ཀྱི། །ལས་སྦྱོར་རྡོ་རྗེའི་ཐོག་མདའ་མྱུར་དུ་སྒྲུབས། །དར་ལྗང་། །བདེ་ཆེན་འཁོར་ལོ་སྡོམ་མཛད་བཅོམ་ལྡན་འདས། །དགྲ་བགེགས་སྟེང་དུ་བྲོ་བརྡུངས་སྲིན་པོའི་གཟུགས། །སྟོབས་འཕྲོག་དབང་པོ་ལྷ་ཆེན་གདོང་བཞི་པ། །བཀའ་སྡོད་ཚོགས་བཅས་མ་གཡེལ་གནས་འདིར་སྤྱོན། །དམར་ཆེན་གཏོར་མའི་རི་བོ་མཁའ་ལ་སྙེག །ཁྲག་ཚང་བཏུང་བ་རྒྱ་མཚོ་ལྟ་བུར་འཁྱིལ། །ཕྱི་ནང་གསང་རྟེན་ཀུན་ཏུ་བཟང་པོ་ཡི། །མཆོད་སྤྲིན་མི་འཛད་མཛོད་དུ་སྤེལ་འདི་བཞེས། །སྨིན་གྲོལ་གདམས་པའི་ཆུ་རྒྱུན་མ་ནུབ་འཕེལ། །སྙན་བརྒྱུད་མཁའ་འགྲོའི་ཁ་རླང་ངད་མ་ཡལ། །ཚད་མ་བཞི་ལྡན་འཛིན་པའི་རྣལ་འབྱོར་ཀྱིས། །བཅོལ་བའི་ཞི་རྒྱས་དབང་དྲག་ལས་ཀུན་སྒྲུབས། །འཆི་བདག་གཤིན་རྗེའི་རྒྱལ་པོ་པུ་ཏྲ་ནག །འཁོར་བཅས་མ་གཡེལ་བསམ་ངན་སྦྱོར་རྩུབ་དགྲའི། །དོན་སྙིང་ཁྲག་དྲོན་ཧུབ་ཀྱིས་མྱུར་དྲོངས་ལ། །ནག་པོའི་རྩ་ལག་སྡེ་དང་བཅས་པ་ཆོམས། །གནོད་སྦྱིན་སྡེ་དཔོན་སྐྱེས་བུ་དབང་གི་མདོག །རིག་པའི་ལྷ་མོ་ལྕམ་དྲལ་བཀའ་སྡོད་བཅས། །དམར་ཟླུམ་སྤྱན་གྱིས་ཕྱོགས་བཅུར་རབ་གཟིགས་ནས། །ཚར་གཅོད་རྗེས་འཛིན་ལས་རྣམས་མྱུར་དུ་སྒྲུབས། །ས་བྱ་ཧོར་ཟླ་གསུམ་པའི་ནང་དུ་མཆོད་དཔོན་བློ་བཟང་མཐུ་སྟོབས་ཆོས་འཁོར་རྒྱལ་མི་གྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་གཏོར་གསོ་ལ་བཏང་སྐབས་བྱམས་ཆེན་ལ་དར་ཚོན་སྣ་སོགས་ཀྱི་སྙན་ཤལ་ཕུལ་བའི་ཁ་བྱང་དངོས་གྲུབ་འཛད་མི་ཤེས་(༡༡༧ན)


GLG018_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆུ་རྒྱུན། ཀུན་ལ་གཅིག་བརྩེའི་བྱམས་པའི་དཔུང་ཆེན་པོས། །བདུད་བཞིའི་གཡུལ་ལས་རྣམ་པར་རབ་རྒྱལ་ཏེ། །རིགས་དྲུག་ངེས་ལེགས་ལ་སྦྱོར་ས་བཅུའི་གཙོ། །མི་ཕམ་མགོན་ཞལ་དགྱེས་འཛུམ་ལྷུག་པར་སྟོན། །སྒྲིབ་གཉིས་སྡིག་པའི་ཆོས་ཀྱིས་གོས་མིན་པར། །རྫོགས་སངས་རྒྱས་ཀུན་ཡོན་ཏན་མ་ལུས་པ། །ཁྱོད་ཀྱིས་རང་གིར་བཟུང་བའི་སྤོབས་མཐོ་ཡིས། །ཆེར་སྙིགས་འགྲོ་འདྲེན་དམ་བཅའི་ཁུར་དུ་ལྕི། །གང་ཐུགས་བསྐུལ་བའི་གསོལ་འདེབས་ཏམྦུརའི། །རྒྱུད་ལས་ཉེར་དྲངས་དབྱངས་སྙན་རབ་འཁྲོལ་ན། །མཁྱེན་བརྩེ་ཉི་མའི་དངོས་བརྒྱ་ཡོངས་སྤར་ཏེ། །འཇིག་རྟེན་གསུམ་གྱི་དུཿཁའི་སྨག་རུམ་སོལ། །མི་དགེ་སྤྱད་འབྲས་རྩོད་པའི་དུས་སྨིན་པ། །འགྲོ་འདིའི་རང་ཉེས་གཞན་གྱིས་(༡༡༧བ)


GLG018_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མིན་པས། །ད་དུང་ལྕགས་ལ་གསེར་འགྱུར་ཇི་བཞིན་དུ། །རྫོགས་ལྡན་མྱོང་པའི་གོ་སྐབས་མེད་དམ་ཅི། །ས་བོན་མ་བཏབ་མྱུ་གུའི་རྗེས་འགྲོ་ལྟར། །རང་འདོད་བླུན་ཚིག་གིས་གསོལ་རིགས་མིན་ཡང་། །དུས་གསུམ་བསགས་པའི་ལེགས་བྱས་ཕུང་པོ་འདིས། །ཡིད་ཅན་འཆི་མེད་བདེ་ལ་སྤྱོད་སྦྱིན་རློབས། །འཇམ་མགོན་བློ་བཟང་གྲགས་པའི་ཆོས་སྲིད་གདུགས། །ཚངས་པའི་ཡུལ་སར་བླ་ནས་བླར་འཁོར་བའི། །གྲིབ་མར་སྤུར་རྒྱལ་ཡངས་པའི་རྒྱལ་ཁམས་ཀྱི། །སྐྱེ་རྒུ་སིམ་པའི་ངལ་གསོར་གཡུར་བར་ཤོག །བསོད་ནམས་ཨ་མྲའི་ཚི་གུ་གངྒཱའི་རྡུལ། །གྲངས་སྙེད་བསྔོ་སྨོན་གཤེར་གྱིས་ཡོངས་སྨིན་པས། །སྲིད་དང་ཞི་བར་ཉེར་བདེ་ལྗོན་ཤིང་གི །འབྲས་བུར་བྱང་ཆུབ་བར་དུ་སྤྱོད་པར་ཤོག །རིང་ནས་རྣམ་འདྲེན་ཀུན་དང་སྤང་རྟོགས་ཚོགས། །མཉམ་ཡང་ཆོས་སྦྱིན་ས་ལ་གནས་ཟོལ་གྱིས། །བསྐལ་བཟང་སྒྲོན་མེ་ལྔ་པར་དབུས་འགྱུར་དུ། །མྱུར་འཚང་རྒྱ་བར་ཞལ་འཆེས་བྱམས་མགོན་ཀྱེ། །ཁྱོད་ཕྱག་རིང་པོར་བརྐྱངས་ནས་འཁོར་འཁྱམས་འགྲོ །ཀུན་གྱི་དབུགས་དབྱུང་མཐོ་རིས་ཐར་པའི་སར། །རབ་བཀོད་བསྟན་འགྲོའི་བདེ་སྐྱིད་དཀར་ཆའི་ཟླ། །བསྐལ་པའི་ཕ་མཐའ་དེ་སྲིད་འཕེལ་བར་མཛོད། །བདག་སོགས་ཚེ་དཔལ་སྟོབས་འབྱོར་ལུང་རྟོགས་ཆོས། །འཁོར་འདས་དགེ་ལེགས་འབྲས་བུས་ཡོངས་དུད་ཅིང་། །གང་བསགས་ཆོས་དཀར་མཁའ་མཉམ་ལུས་ཅན་ཚོགས། །ཀུན་མཁྱེན་ཡིད་བཞིན་འཐོབ་པའི་རྒྱུ་རུ་བསྔོ། །མཐིལ་མགོན་ཁང་ཆེན་མོའི་ཆོས་སྐྱོང་སྤྱིར་གོས་དམར་མེ་ཏོག་ཟླུམས་མཛེས་སུ་ཕུལ་བའི་ཁ་བྱང་། འཇམ་དཔལ་ཁྲོས་པའི་འཇིགས་མཛད་མ་ཧེའི་ཞལ། །ལས་བྱེད་དུས་ཀྱི་དགྲ་བོ་ཕྱི་(༡༡༨ན)


GLG018_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གསང་། །བླ་མགོན་དབྱེར་མེད་མིའུ་ཐུང་སྲིན་པོའི་གཟུགས། །གནོད་སྦྱིན་བྱེ་བའི་སྡེ་དཔོན་ངལ་བསོས་བུ། །སྲིད་རྒྱལ་འདོད་ཁམས་དབང་མོ་རེ་མ་ཏཱི། །སྟོབས་འཕྲོག་ནག་པོ་ལྷ་ཆེན་གདོང་བཞི་པ། །བཀའ་སྡོད་བཤན་པ་བེག་ཙེ་ལྕམ་དྲལ་སོགས། །མཐུ་ལྡན་བསྟན་སྲུངས་རྒྱ་མཚོའི་ཚོགས་བཅས་ལ། །དངོས་འབྱོར་མཆོད་གཏོར་སྤྱན་གཟིགས་ཡོངས་བསྟར་བ། །ཏིང་འཛིན་སྔགས་རྒྱས་ནམ་མཁའི་ཁམས་བཀང་སྟེ། །འབུལ་ན་འཕྲིན་ལས་རྣམ་བཞི་མ་ལུས་པ། །ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་མཛོད། །རྡོ་སྐུ་མེ་འབར་མར་མཐིང་ཁ་མེ་ཏོག་འདབ་དྲུག་རིས། བསྟེན་པས་དངོས་གྲུབ་སྩོལ་ལ་ཡིད་བཞིན་དབང་། །རྦད་ན་དགྲ་དཔུང་ཚར་གཅོད་གནམ་ལྕགས་ཐོག །དྲན་པས་ཡིད་ཀྱི་གདུང་སེལ་ཞལ་བཞི་པ། །སྙིང་དབུས་འདབ་བརྒྱའི་ཟེའུ་འབྲུར་རྟག་བཞུགས་མཛོད། །མགོན་པོ་ཀོ་གཏུམས་མ་ལ་མེན་དམར་པོ་ཁ་གསུམ། ལྷ་ཁྱོད་གཡར་ངོ་འཕྱར་བའི་མོད་ཉིད་ལ། །གནག་པའི་བསམ་སྦྱོར་འཆང་བའི་དཔུང་བཅས་རྣམས། །ཕྱེ་མར་འཐག་པའི་ལེགས་ལྡན་ནག་པོ་ཆེས། །བསྟན་དང་བསྟན་འཛིན་སྡེ་དང་བཅས་པ་སྐྱོངས། །ཚེ་བདག་ལ་ཁ་བཏགས་འདོམ་འཁོར། གང་གི་མཐུ་སྟོབས་ནུས་པའི་དཔུང་ཆེན་པོས། །འཁོར་འདས་ཕྱག་རྒྱ་མ་ལུས་ཟིལ་གནོན་ཕྱིར། །འཇམ་དཔལ་དུས་དགྲར་ཁྲོས་པ་ཚེ་བདག་ནག །བན་བོན་བྱད་ཁ་རང་གཤེད་རང་ལ་ཕོབ། །ཙེ་ཏྲང་ཀ་ལ་གོས་ནག་གསུམ་འབྲེལ། འཁོར་འགྲོ་སྲིད་དོ་ཅོག་གི་གཉའ་བ་ན། །གདོད་ནས་གྲུབ་པའི་འཆི་བདག་ཡབ་ཡུམ་གྱིས། །གནམ་ས་ལྟ་བུར་གདངས་པའི་ཁ་ནང་དུ། །དགྲ་བགེགས་གནོད་བྱེད་བསྟབ་བོ་ཁ་རཾཁཱ


GLG018_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཧི། །སྟག་ཞོན་ལ་ཁ་བཏགས་འདོམ་འཁོར། སྣང་སྲིད་སྡེ་བརྒྱད་རྦ་ཀློང་འཁྲུག་པའི་དབུས། །སྟག་ཆེན་སྨྱོན་པར་ཞོན་ནས་དགྲ་བོའི་བླ། །འགུགས་མཛད་དཔལ་མགོན་ལེགས་ལྡན་ནག་པོ་ཡིས། །གནོད་བྱེད་གདུག་པའི་ཚོགས་རྣམས་ཚར་ཆོད་ཅིག །མཐུ་ཆེན་སྡེ་བཞི་ལ་ཁ་བཏགས་འདོམ་འཁོར། ཟབ་གཏེར་བསྟན་སྐྱོང་ལྷ་བཙན་བདུད་ཀྱི་བུ། །ཀླུ་བདུད་རྡོ་རྗེ་སྤྱན་གཅིག་མར་བཅས་པའི། །མཐུ་ཆེན་སྡེ་བཞི་འཁོར་བཅས་ཁྱེད་རྣམས་ཀྱིས། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་མ་ལུས་སྒྲུབས། །མགོན་ཁང་བར་དམག་ཟོར་མར་ལིང་ཡུག་གསུམ་འབྲེལ། དབྱངས་ཅན་ངེས་པའི་དོན་དུ་དབྱིངས་ཕྱུག་ལྷ། །མ་མོའི་གཙོ་མོར་རབ་སྤྲུལ་རེ་མ་ཏཱིས། །བསྟན་དང་བསྟན་འཛིན་རྣལ་འབྱོར་ལེགས་སྐྱོངས་ལ། །ཡིད་སྲུབས་སྡེ་བཅས་བ་དན་ས་ལ་སྙོལ། །དེ་ཝཱི་ཀོཊིའི་དམག་ཟོར་མར་གོས་དམར་རྒྱན་བཞི་ཕུལ། ཀུན་ལ་བཏང་སྙོམས་སྤྲོས་བྲལ་ཉེར་ཞིའི་གདངས། །ཆོས་ཀྱི་དབྱིངས་ནས་ཡོངས་ལ་རྟག་འཆར་ཡང་། །དགྲ་བགེགས་གཤེད་དུ་ཁྲོ་གཏུམ་སྲིན་མོའི་གཟུགས། །སྟོན་མཛད་དམག་དང་ཟོར་གྱི་སྣ་འདྲེན་མ། །ཁྱོད་སྐུ་དཀར་སེར་དམར་མཐིང་དབང་གཞུའི་མདོག །གཅིག་ལས་དུ་མར་སྒྱུར་བའི་གར་མཁན་གྱིས། །ཅི་འདོད་འཕྲིན་ལས་སྒྲུབ་པ་རིག་པའི་རྩལ། །མཁའ་ལ་འཇའ་འདྲའི་ཚུལ་དུ་ངེས་པ་རྙེད། །དྲེགས་པའི་ཚུལ་འཛིན་མ་མོ་སྲིད་པའི་རྒྱལ། །ཚངས་པའི་བུ་མོར་དབྱངས་ཅན་ལུས་ཕྲའི་ཚུལ། །འཁོར་ལོའི་གཙོ་མོར་རྡོ་རྗེ་དབྱིངས་ཕྱུག་མ། །མཆོག་དམན་བར་པར་འཛིན་པ་འཁྲུལ་པའི་བློ། །ཨེ་མ་དང་པའི་མཚོ་ལ་སྣང་བརྙན་བཞིན། །གང་གང་ཐབས་ཀྱིས་འདུལ་བའི་སྒྱུ་མ་མཁན། །ངེས་པའི་དོན་དུ་ཀུན་ཏུ་བཟང་མོ་(༡༡༩ན)


GLG018_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རུ། །བཅོས་མིན་ཡིད་ཀྱིས་གསོལ་བ་གདབ་བྱེད་ན། །རྒྱལ་བསྟན་དེ་འཛིན་སྲིད་སྡེ་བོད་འབངས་བཅས། །བསོད་ནམས་ཛམྦུའི་སྙེ་མ་ཟད་མི་ཤེས། །རྟག་པར་ལོངས་སྤྱོད་སེམས་ལ་གདུང་བའི་ཚེར། །མངོན་སུམ་ལྟ་ཞོག་མིང་ཡང་མེད་པར་མཛོད། །ཁྱད་པར་རིག་སྔགས་འཆང་བ་བདག་ཅག་ལ། །ས་བྱ་ལྕགས་ཁྱིར་རྩུབ་པའི་བར་གཅོད་མུན། །ཐུགས་རྗེའི་སྐྱ་རེངས་ཀྱིས་དྲངས་མཐུ་སྟོབས་ཉིས། །མཐར་བྱས་ཕན་བདེའི་སྣང་བ་འབར་བར་མཛོད། །དགྲ་སྡེའི་དཔུང་ཆོམས་སྲིད་གསུམ་དབང་དུ་སྡུས། །ཚེ་དཔལ་འབྱོར་རྒྱས་ནད་གདོན་ཉེར་འཚེ་དང་། །ཉོན་མོངས་ཤེས་བྱའི་སྒྲིབ་པ་ཀུན་ཞི་བའི། །འཕྲིན་ལས་སྒོ་ཕྱེ་དམག་ཟོར་ལྷ་མོ་ཀྱེ། །ལྷ་མོའི་གསེར་སྐུར་ཁ་བཏགས་དཀར་པོ། ལྷ་ཁྱོད་བསྟེན་པའི་མོད་ལ་ཡོངས་འདུ་དང་། །བུམ་བཟང་འདོད་འཇོའི་བ་མོ་ཇི་བཞིན་དུ། །སྔོན་ཆད་བསམས་དོན་ལྷུན་གྱིས་གྲུབ་པ་ལྟར། །བྱང་ཆུབ་ཐོབ་མེད་དེ་སྲིད་སྒྲུབ་པར་མཛོད། །བསྟན་མ་བཅུ་གཉིས་ལ་ཁ་བཏགས་འདོམ་འཁོར་ལེགས། གནས་སྲུངས་མཁའ་འགྲོའི་དབང་མོ་གཡུ་སྒྲོན་མ། །གཙོར་གྱུར་བོད་སྐྱོང་བསྟན་མ་བཅུ་གཉིས་ཚོགས། །རིགས་འཛིན་པདྨའི་དམ་ཚིག་ཉེར་དགོངས་ལ། །དེང་འདིར་བཅོལ་བའི་འཕྲིན་ལས་ཡིད་བཞིན་སྒྲུབས། །སིལ་པ་ཚལ་གུར་མགོན་པོ་ལ་ཁ་བཏགས་འདོམ་འཁོར། རྣམ་སྣང་ཐུགས་ཀྱི་ཀློང་ནས་ནག་པོ་ཆེ། །མིའུ་ཐུང་སྲིན་པོའི་ཟློས་གར་སྒྱུར་པ་ལ། །བསྟན་སྲུངས་རྒྱ་མཚོའི་སྡེ་དཔོན་གུར་མགོན་ཞེས། །འཕགས་བོད་ཀུན་ཏུ་ཉི་ཟླ་ལྟར་གྲགས་ལྷ། །མཆོག་སྲེད་ལ་སོགས་པཎ་གྲུབ་བགྲང་ཡས་དང་། །རིན་བཟང་མལ་ལོ་འཇམ་དབྱངས་ས་སྐྱ་པ། །རིམ་པར་བྱོན་(༡༡༩བ)


GLG018_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་ཚིག་རྡོ་རྗེའི་ཐོད། །འཆང་བ་ཇི་བཞིན་ཐུབ་པའི་བསྟན་པ་སྲུངས། །ཁྱད་པར་རྣམ་དག་དབང་གི་རྒྱུན་མ་ནུབ། །མན་ངག་མཁའ་འགྲོའི་ཁ་བརླང་ངད་མ་ཡལ། །སྙན་བརྒྱུད་ཚད་མ་བཞི་ལྡན་འཛིན་བདག་གིས། །བཅོལ་བའི་འཕྲིན་ལས་མ་ལུས་མྱུར་སྒྲུབས་མཛོད། །ཞལ་ལ་ཁ་བཏགས་འདོམ་འཁོར། དག་པའི་སྣང་བར་ཚད་མེད་བཞི་ཡི་སྒོ། །ལོག་འདྲེན་དགྲ་བོའི་འཁྲུལ་ངོར་གདངས་པའི་ཞལ། །ཆེམ་ཆེམ་བམ་རོ་བཟས་ཀྱང་མ་ཚིམ་པར། །ཞིང་བཅུའི་སྟེང་དུ་བྲོ་རྡུང་སྟོབས་འཕྲོག་ནག །ཀླུ་སྒྲུབ་རྣལ་འབྱོར་དབང་མོ་ལོ་ཆེན་གཉན། །འཁོར་རིགས་འཇམ་མགོན་གདུང་གསོབ་རིམ་བྱོན་དང་། །ཁྱད་པར་ཀུན་སྤངས་བླ་མ་མཚར་པ་རྗེ། །ཡབ་སྲས་བརྒྱུད་པའི་དམ་ཚིག་ཉེར་དགོངས་ལ། །བསྟན་འགྲོའི་ལེགས་ཚོགས་ཡར་ངོའི་ཟླ་ལྟར་རྒྱས། །རིགས་འཛིན་བདག་གི་ཆོས་སྲིད་ཡོན་ཏན་སྤེལ། །གནག་པའི་དགྲ་བགེགས་མ་ལུས་རྡུལ་དུ་རློག །ཕྱོགས་ལས་རྣམ་པར་རྒྱལ་བའི་འཕྲིན་ལས་སྒྲུབས། །པུ་ཏྲ་ལ་ཁ་བཏགས་འདོམ་འཁོར། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་ལྕམ་དྲལ་རྣམས། །ཀླུ་སྒྲུབ་པདྨ་ཐོད་འཕྲེང་ས་སྐྱ་པ། །རྩ་བརྒྱུད་བླ་མའི་དམ་དགོངས་དེང་གི་དུས། །བདག་གིས་བཅོལ་བའི་ལས་བཞི་མ་ལུས་སྒྲུབས། །ཆོས་འབྱུང་སྟེང་དུ་ཆོས་སྐྱོང་སྤྱིར་གོས་ནག་རྒྱན་བཞི་ཕུལ། ཁྲོ་ཆགས་འཇོ་སྒེག་ལ་སོགས་རྣམ་རོལ་གྱིས། །བསྟན་པ་སྐྱོང་ལ་དཔག་དཀའི་རྫུ་འཕྲུལ་ཅན། །དམ་ལྡན་སྲུང་མ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །བསམས་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཞིང་སྐྱོང་ལ་དར་མཐིང་། ཕ་མེས་རིགས་ཀྱི་སྲུང་མ་བདུད་ཀྱི་མགོན། །སེང་གེའི་གདོང་ཅན་ལྕམ་དྲལ་འཁོར་བཅས་ཀྱིས། །བདག་(༡༢༠ན)


GLG018_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཐོ་འཚམས་དགྲ་བགེགས་མ་ལུས་སྒྲོལ། །ཆོས་སྲིད་ལེགས་ཚོགས་བླ་ནས་བླར་འཕེལ་མཛོད། །བེག་རྩེ་ལྕམ་སྲིང་ལ་ཁ་བཏགས་འདོམ་འཁོར། ཟངས་ཀྱི་ཁྲབ་ཅན་སྐྱེས་བུ་དབང་གི་མདོག །ལྕམ་དྲལ་སྲོག་གཤེད་བཤན་པ་ཉེར་གཅིག་སོགས། །འཁོར་བཅས་མཐུ་དཔུང་བསྐྱེད་ལ་བདག་ཅག་གིས། །བཅོལ་བ་རྣམ་བཞིའི་འཕྲིན་ལས་མྱུར་དུ་སྒྲུབས། །རིག་པའི་ལྷ་མོ་ལ་ཁ་བཏགས་འདོམ་འཁོར། །རིག་པའི་ལྷ་མོ་མི་ཟན་དྲེད་ཞོན་ཏེ། །སྟོང་གསུམ་སྐད་ཅིག་མྱུལ་ནས་བསམ་ངན་དང་། །སྦྱོར་བ་རྩུབ་སྟོན་དགྲ་བགེགས་གར་འདུག་ཀྱང་། །སྙིང་ཁྲག་འཐུང་ལ་པགས་རློན་གོས་སུ་གྱོན། །རཱ་ཧུ་ལར་ཁ་བཏགས་འདོམ་འཁོར། ལུས་ལ་ཁྲག་གི་མིག་སྟོང་རབ་གསལ་བས། །གཟིགས་ནས་སྟེང་འོག་ཕྱོགས་མཚམས་གར་གནས་པའི། །གནོད་བྱེད་གཟུགས་ཅན་གཟུགས་མེད་བདུད་ཀྱི་སྡེ། །ཐལ་བར་རློག་ཅིག་གཟའ་བདུད་རཱ་ཧུ་ལ། །རྒྱལ་པོ་སྐུ་ལྔ་ལ་ཁ་བཏགས་འདོམ་འཁོར། ཁྱོད་ཀྱི་མཐུ་སྟོབས་ཡིད་བཞིན་དབང་གི་རྒྱལ། །འཕྲིན་ལས་རྒྱལ་མཚན་རྩེ་མོར་བཀོད་པའི་ཚེ། །བསམས་པ་ལྷུན་གྱིས་གྲུབ་པའི་འདོད་དགུའི་ཆར། །ཕོབ་ཅིག་སྤྲུལ་པའི་ཆོས་རྒྱལ་སྡེ་ལྔ་པོ། །ཙི་དམར་བར་ཁ་བཏགས་ཟངས་ཁ། ལི་ཡུལ་ཁྲིམས་ལྡན་དམོད་པ་འགྲུབ་པའི་འབྲས། །གནོད་སྦྱིན་ཆེན་པོ་ཡ་བ་སྐྱ་བདུན་གྱིས། །སྡེ་བརྒྱད་དམག་གི་ཁ་ལོ་ཉེར་བསྒྱུར་ནས། །དགྲ་དང་བགེགས་ཀྱི་དཔུང་ཚོགས་ཕྱེ་མར་རློགས། །རྡོར་ལེགས་ལ་ཁ་བཏགས་ཟངས་ཁ། མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས་པ་ཡིས། །པདྨའི་བཀའ་རྟགས་གཙུག་ན་ཉེར་བསྟན་བཞིན། །མ་གཡེལ་མ་གཡེལ་བཅོལ་པའི་ལས་རྣམས་ཀུན། །མྱུར་དུ་(༡༢༠བ)


GLG018_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབས་ཤིག་དམ་ཅན་ཐིག་ལེ་རྩལ། །གཟའ་གདོང་དམར་ནག་ལ་ཁ་བཏགས་འདོམ་འཁོར། གཟའ་རྒོད་མིག་དམར་བཤན་པའི་དབང་པོ་ཁྱོད། །པདྨ་ཐོད་འཕྲེང་ཐ་ཚིག་ཉེར་དགོངས་ལ། །རིགས་འཛིན་བདག་ལ་གནོད་པའི་དགྲ་བགེགས་སྙིང་། །ཐོད་པར་བླུག་ནས་ཞལ་དུ་ཆེམ་ཆེམ་གསོལ། །ཇོ་བོ་རྒྱལ་མཚན་པར་ཁ་བཏགས་འདོམ་འཁོར། སྔོན་ཚེ་ལངྐའི་ཡུལ་དུ་དཀར་པོའི་ཕྱོགས། །སྐྱོང་བའི་མཐུ་ལྡན་ཇོ་བོ་རྒྱལ་མཚན་པ། །མཆོད་གཏོར་སྙན་ཤལ་རྫས་ཀྱིས་ཉེར་སྐོང་ན། །བར་གཅོད་ཀུན་སོལ་མཐུན་རྐྱེན་སྒྲུབས་པར་མཛོད། །རྟ་རྒོད་ཤེལ་ལྕགས་ལ་ཁ་བཏགས་འདོམ་འཁོར། ཏེ་སེའི་མཛེས་པ་འཕྲོག་པའི་གངས་རི་ལ། །གནས་བཅས་གནོད་སྦྱིན་རྟ་རྒོད་ཤེལ་ལྕགས་ལ། །དངོས་འབྱོར་ཡིད་སྤྲུལ་མཐུན་པའི་རྫས་འབུལ་ན། །གཞི་ལམ་བྱེས་གསུམ་ཀུན་ཏུ་སྟོང་གྲོགས་མཛོད། །མངོན་དགའ་ལྕོག་གི་རྒྱལ་པོར་ཁ་བཏགས་འདོམ་འཁོར། ཆོས་རྒྱལ་ཆེན་པོ་གསང་ཡུམ་སྤྲུལ་པ་ལྔ། །ཕོ་ཉ་བློན་པོ་བཀའ་སྡོད་བཅས་རྣམས་ཀྱིས། །འགྲོ་ཀུན་བདེ་ཞིང་འདྲེན་པའི་བསྟན་པ་རྒྱས། །རིགས་འཛིན་བདག་གི་བསམས་དོན་ལྷུན་གྲུབ་མཛོད། །འཛིན་པ་ལག་མང་གི་དར་ལྕོག་ལ་འབྲི་རྒྱུ། ཡིད་བཞིན་འདོད་པ་འཇོ་བའི་གདེངས་ཅན་དབང་། །འཛད་མེད་རིན་ཆེན་གཏེར་གྱི་སྒྲོམ་བུ་ལས། །བསམ་པའི་རེ་བ་མ་ལུས་ཡོངས་སྐོང་ཞིང་། །ནད་གདོན་དབུལ་ཕོངས་ཉེས་བརྒྱ་ཞི་བར་མཛོད། །ས་བྱ་ཟླ་བ་བཞི་པའི་ཚེས་ལྔ་ནས་བཟུང་ཉིན་བདུན་གྱི་བར་བསམ་ཡས། ཁྲ་འབྲུག །ཡོམ་བུ་གླ་སྒང་གསུམ་གྱི་རྟེན་བརྟེན་པའི་ཚོགས་ལ་བརྒྱ་མཆོད་སྣ་ལྔ་ཕུལ་ཞིང་གསེར་ཆབ་སྤྱན་འབྱེད་བགྱིས་པའི་དུས་ཕུལ་བའི་སྙན་དར་ཞལ་བྱང་འདི་ཕྱིའི་འདུན་མ་ལྷུན་གྲུབ། བསམ་ཡས་སུ་བྱང་ཆུབ་ཆེན་པོར། སྤང་རྟོགས་མཐོ་དམའ་མེད་མཉམ་སངས་རྒྱས་ཀྱི། །རང་བཞིན་མཚུངས་(༡༢༡ན)


GLG018_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐུགས་རྗེ་ཆེར་སྙོམས་ཀྱང་། །སྙིགས་མའི་འགྲོ་འདྲེན་སྙིང་སྟོབས་ཁྱོད་གཅིག་པུས། །ཁུར་བའི་དམ་བཅའ་གཏོང་མིན་ཤཱཀྱའི་རྒྱལ། །མཚན་དཔེའི་སྣང་བརྙན་དངོས་ལྟའི་སྐལ་ཕྲ་རྣམས། །མཐོང་ཐོས་དྲན་རེག་དོན་ལྡན་ལ་སྦྱོར་བ། །ཁྱད་པར་འབྱེད་པའི་སྐབས་བྲལ་བྱང་ཆུབ་ཆེ། །ལེགས་བྱས་རྒྱ་མཚོའི་ཞིང་མཆོག་ཉེར་དགོངས་ཀྱེ། །ཕན་བདེའི་གཟུགས་སྒྲིབ་ཉོན་མོངས་ཤེས་བྱའི་མུན། །བསགས་ཀུན་གང་བྱིན་མཐུ་ཡི་ཉི་འོད་ཀྱིས། །རབ་བསལ་སིམ་པར་ཚོར་བའི་སྣང་བ་ལ། །དེང་ནས་བྱང་ཆུབ་བར་དུ་སྤྱོད་པར་ཤོག །འགྲོ་རྣམས་དཀར་མིན་ལས་སྐྱེས་ཟུག་རྔུའི་ཚེར། །ཐུགས་རྗེའི་བཅད་ཀྱིས་དབྱུང་ནས་རྟག་བདེ་ཞིང་། །དེ་རྒྱུ་རྒྱལ་བསྟན་རིན་ཆེན་མུ་ཀུ་ཊ། །འཇིག་རྟེན་གསུམ་གྱི་ཐོད་དུ་མཛེས་གྱུར་ཅིག །ཁྱོད་ཀྱི་བྱམས་པ་ཆེན་པོའི་ཏིང་འཛིན་གྱིས། །ལྗོངས་འདིའི་ཡིད་སྲུབས་མ་ལུས་གདོང་སྨད་དེ། །དཀར་ཕྱོགས་སྐྱོང་བར་ཞལ་འཆེས་རྣམས་ཀྱི་མཐུ། །འཕེལ་བའི་ཐུགས་རྗེའི་འཇུག་པ་ཉེར་སྩོལ་ཞིག །ཁྲ་འབྲུག །སོམ་ཉི་དང་བྲལ་དད་ཅན་འགྲོ་རྒྱུད་ལ། །བྱིན་རླབས་འཇུག་པར་ཆགས་ཐོགས་མི་མངའ་བ། །སངས་རྒྱས་ཀུན་གྱི་ཐུན་མོང་ཡོན་ཏན་ཏེ། །ཐུགས་རྗེ་བསྐུལ་བར་གསོལ་ལ་ཉེར་དགོངས་ཤིག །བདག་སོགས་མཁའ་མཉམ་སྐྱེ་རྒུས་ཉེར་སྤྱོད་པའི། །ནག་པོའི་ལས་ཀྱི་རྩ་ལག་དྲུངས་ཕྱུང་ནས། །བྱང་ཆུབ་བར་དུ་སྒོ་གསུམ་བདེ་སྐྱིད་ལ། །རྟག་ཏུ་སྤྱོད་པའི་སྐལ་བཟང་མཆོག་སྦྱིན་སྩོལ། །བོད་ཡུལ་ཕུང་བྱེད་ནག་པོའི་རིས་ཀྱི་སྟོབས། །འཇོམས་པར་དཀར་ཕྱོགས་ལ་འདུན་ལྷ་རྣམས་ཀྱི། །རྒྱུད་ལས་སྲས་བཅས་རྒྱལ་བའི་ཐུགས་རྗེའི་མཐུ། །(༡༢༡བ)


GLG018_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མེད་མྱུར་དུ་འཇུག་པར་མཛད་དུ་གསོལ། །ཡོམ་བུ་བླ་སྒང་། བསྙན་སྲིང་མི་མངའ་བྱམས་པའི་གོ་ཆ་ཡིས། །སེམས་ཅན་སྤྱི་དང་ཁྱད་པར་ལྡན་གངས་ལྗོངས་འགྲོ །བདག་སོགས་མོས་པར་ལྡན་རྣམས་ཡིད་སྲུབས་མདས། །ནམ་ཡང་འབུག་པ་མེད་པར་བྱིན་གྱིས་རློབས། །ས་བྱ་ཟླ་བ་བཞི་པའི་སངས་རྒྱས་སྐུ་ལྟམས་པའི་དུས་ཆེན་ཚེས་བདུན་ནས་བཟུང་བདུད་བཏུལ་ཏེ་སངས་རྒྱས་པའི་དུས་ཚེས་བཅོ་ལྔའི་བར་ར་ས་འཕྲུལ་སྣང་། ར་མོ་ཆེ། པོ་ཏ་ལ་དང་བཅས་པའི་གནས་རྟེན་ཁྱད་པར་ཅན་རྣམས་ལ་བརྒྱ་མཆོད་སྣ་ལྔ་ཕུལ་ཞིང་ཞལ་གསེར་སྤྱན་འབྱེད་བགྱིས་པའི་དུས་སྙན་ཤལ་ཕུལ་བའི་ཞལ་བྱང་ཕུན་ཚོགས་ཕན་བདེའི་དཔལ་སྟེར། ཇོ་བོ་རིན་པོ་ཆེ། དྲན་པའི་མོད་ལ་སྲིད་ཞིའི་ཉེས་བརྒྱའི་ཚོགས། །ཡོངས་བཅིལ་ལུས་ཅན་རྣམས་ཀྱི་མ་འདྲིས་བཤེས། །དོན་ཀུན་གྲུབ་པའི་བཅུ་གཉིས་བགྲང་བྱ་ཡི། །ཞལ་སྐྱིན་ཤཱཀྱ་མུ་ནིའི་སྣང་བརྙན་མཆོག །འགྲོ་ངོར་རིན་ཆེན་ཞུན་མའི་སྐུར་ཤར་ཡང་། །ངེས་པར་དུས་གསུམ་བདེ་གཤེགས་ཀུན་འདུས་ལྷ། །ཕུལ་བྱུང་བསོད་ནམས་ཞིང་དུ་ངེས་བརྙེད་ནས། །ནམ་མཁའི་མཛོད་ཀྱི་མཆོད་སྤྲིན་སྟོབས་ལ་སྤྲོ། །སྔོན་བསགས་ལས་ཉོན་འབྲས་བུའི་བ་མོ་རྣམས། །ཐུགས་རྗེའི་ཉི་ཤར་མོད་ལ་ཉེར་དག་སྟེ། །སྒོ་གསུམ་གཅིག་ཏུ་བདེར་གནས་བསྟན་འགྲོའི་དོན། །སྒྲུབ་པའི་འདོད་འཇོ་ཡོངས་འདུའི་དཔེར་བྱིན་རློབས། །འཁོར་འཁྱམས་འགྲོ་བའི་ཟུག་རྔུ་ཞི་བའི་སྨན། །ལུང་དང་རྟོགས་པའི་རྒྱ་མཚོ་ཆེར་རྒྱས་ལྟོར། །འགྲོ་བསྔོའི་བསོད་ནམས་ཆུ་ཀླུང་འདུས་སོ་ཅོག །བྱང་ཆུབ་སྙིང་པོའི་ཀློང་དུ་རོ་གཅིག་ཤོག །ལག་ན་རྡོ་རྗེ་འཆང་བས་མུ་སྟེགས་སྡེ། །བཏུལ་བ་ཇི་བཞིན་ལྗོངས་འདིའི་ནག་པོའི་དཔུང་། །བདུད་རིས་མིང་ཙམ་ལྷག་བྱས་དཀར་པོའི་ཕྱོགས། །སྐྱོང་རྣམས་མཐུ་དཔལ་འབར་པར་ཁྱོད་བྱིན་(༡༢༢ན)


GLG018_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །བཅུ་གཅིག་ཞལ། ལྷ་གཅིག་བཞད་ལས་ཉེར་འཕྲོས་དུས་མཐའི་མེས། །གདུག་པའི་ལྷ་སྲིན་བཏུལ་ལྟར་དེང་གི་དུས། །གཟེངས་མཐོའི་ནག་ཕྱོགས་མ་ལུས་རབ་བཅོམ་སྟེ། །དགེ་བའི་དར་ཆེན་སྲིད་རྩེར་བསྒྲེང་བར་མཛོད། །བྱམས་པ་ཆོས་འཁོར། ཀུན་ལ་བཏང་སྙོམས་བྱམས་པ་ཆེན་པོའི་རྩིས། །བདུད་རིས་རྩུབ་སེམས་ལྕགས་ཁམས་གསེར་སྦྱངས་སུ། །ལེགས་སྒྱུར་རབ་དཀར་ཕན་བདེའི་སྣང་བ་ཡིས། །གངས་ཅན་སཱ་ལའི་ལྗོངས་འདི་གང་བར་མཛོད། །མར་མེ་མཛད། སྲིད་འཁྱམས་ཡིད་ཅན་ཀུན་གྱི་མ་རིག་མུན། །གང་གི་བྱིན་རླབས་མར་མེ་ཆེར་སྤར་ནས། །གསལ་མཛད་བདེ་སྐྱིད་སྣང་བརྙན་ཀུན་མཐོང་བར། །སླར་ཡང་མགོན་པོ་ཐུགས་རྗེའི་མཐུ་དཔུང་སྐྱེད། །བླ་མ་ལྷ་ཁང་དུ་རྗེ་རིན་པོ་ཆེར། བློ་གྲོས་ཡངས་པས་མཁས་བཙུན་བཟང་པོའི་གར། །ལེགས་སྒྱུར་གྲགས་པ་ཀུན་ཁྱབ་བཙོང་ཁ་པ། །འཇམ་དཔལ་དུས་དགྲའི་ངོ་བོར་ཐུགས་བསྐྱེད་ནས། །ནག་པོའི་རྩ་ལག་མ་ལུས་ཞི་བར་མཛོད། །དཔལ་ལྷར། ཧེ་རུ་ཀར་སྦྱོར་རྡོ་རྗེ་བཙུན་མོའི་སྐུ། །ཞིང་བཅུའི་གཤེད་དུ་དམག་དང་ཟོར་གྱི་ལྷ། །ཞི་རྒྱས་དབང་གི་ལས་སྒྲུབ་དུང་སྐྱོང་མ། །དང་བའི་ཡིད་ཀྱིས་གསོལ་བ་མ་གཡེལ་དགོངས། །ཉེར་འཚེའི་ནད་གདོན་དེ་བསྐྱེད་དུག་གསུམ་བཅས། །རབ་བསལ་ཚེ་དང་བསོད་ནམས་དབང་ཐང་རྒྱས། །འཁོར་འདས་ལེགས་ཚོགས་མ་ལུས་སྡུད་བྱེད་པའི། །འཕྲིན་ལས་སྨོན་པ་ཇི་བཞིན་ལྷུན་གྲུབ་མཛོད། །ཁ་བའི་ལྗོངས་འདིར་ནད་རིམས་དབུལ་ཕོངས་དང་། །གཡུལ་འཁྲུག་དུས་ཀྱི་ཆད་པ་ཀུན་ཞི་ཞིང་། །དེང་དུས་ནག་པོའི་རྩ་ལག་ལུས་མེད་དཔུང་། །ཆེར་ཆོད་དཀར་ཕྱོགས་རྒྱལ་(༡༢༢བ)


GLG018_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རུ་མཚོན་སྒྲོངས། །འཕགས་པ་ལོ་ཀེ་ཤ་ར། རྒྱུད་ལྔའི་ལུས་ཅན་རྣམས་ལ་ཉེར་བརྩེ་ཡང་། །བོད་ཡུལ་ཁྱོད་ཀྱིས་འདུལ་བའི་ཞིང་ཡིན་པས། །ནག་པོའི་ལྷ་སྲིན་འཚུབ་པའི་སྦྱོར་ངན་ཀུན། །ཁྲག་འཐུང་རྟ་མཆོག་སྐུར་བཞེངས་ཚར་གཅོད་ཅིང་། །སྔོན་གྱི་སྨོན་ལམ་ཐུགས་བསྐྱེད་བདེན་པའི་མཐུས། །ལྗོངས་འདིའི་འགྲོ་རྣམས་སུམ་རྩེན་ལྷ་ཡི་ཚེ། །རྨུགས་འཛིན་འབྱོར་བར་སྤྱོད་པའི་སྐལ་བཟང་དུ། །ལེགས་བསྒྱུར་ཉེས་བརྒྱའི་ཟུག་རྔུ་དྲུང་འབྱིན་མཛོད། །སྙིང་ནས་གུས་པས་གསོལ་བ་ཉེར་གདབས་རྣམས། །ལུས་ངག་ཡིད་ཀྱི་གདུང་བ་ཀུན་ཞི་ཞིང་། །དེང་ནས་རྣམ་པ་ཐམས་ཅད་མཁྱེན་མིན་པར། །མགོན་སྐྱབས་བཤེས་གཉེན་མཛོད་ཅིག་འཇིག་རྟེན་དབང་། །འཕགས་པ་ཝ་ཏི་བཟང་པོ། གར་དབང་མགོན་པོའི་སྤྱན་སྔར་འགྲོ་བ་སྤྱི། །ཁྱད་པར་བོད་ཡུལ་སྐྱོང་བར་ཞལ་འཆེས་པའི། །བཞེད་པ་ཇི་བཞིན་འགྲུབ་པའི་སྙིང་སྟོབས་ཁུར། །བརྩོན་པའི་འཕྲག་པར་ལོངས་ཤིག་ཝ་ཏི་བཟང་། །ར་མོ་ཆེའི་ཇོ་བོར། ས་སྤྱོད་ཀྲྀ་ཀིའི་བསོད་ནམས་མཆོད་སྡོང་ཆེར། །བསྐལ་བཟང་འདྲེན་པ་གསུམ་པས་བྱིན་བརླབས་པའི། །མཐོང་ཐོས་དྲན་རེག་མི་བསྐྱོད་རྡོ་རྗེ་ཞེས། །དོན་གྲུབ་བརྒྱད་པའི་སྐུ་ཡི་སྣང་བརྙན་དྲུང་། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །སྤྱན་སྔར་ཡོངས་བསྟར་ཐུགས་རྗེ་ཉེར་བསྐུལ་ན། །དབུས་འགྱུར་འཆང་དུ་ལུས་མེད་བཏུལ་བ་བཞིན། །ནག་པོ་བདུད་སྡེའི་ཚོགས་རྣམས་ཞི་བར་མཛོད། །བྱམས་ཐུགས་ཏེ་སེའི་གཙུག་ཏོར་ལས་བབས་པའི། །བྱིན་རླབས་ཡན་ལག་བརྒྱད་ལྡན་ཆུ་བོ་ཡིས། །བདག་སོགས་ཁ་བའི་སྨན་ལྗོངས་འགྲོ་རྣམས་ཀྱི། །ཉེས་བརྒྱའི་དྲི་མ་མ་ལུས་(༡༢༣ན)


GLG018_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུ་བྱིན་རློབས། །ས་བྱ་ཧོར་ཟླ་བཞི་པའི་ནང་དུ་རྣམ་པར་རྒྱལ་པའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་ཉིན་བདུན་གྱི་བར་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་གྱི་གསང་བའི་སྤྱན་གཟིགས་དང་བཅས་པ་ཟབས་གསོལ་བགྱིས་པའི་ཐོག་ཕུལ་བའི་སྙན་དར་ཞལ་བྱང་དངོས་གྲུབ་འདོད་པ་འཇོ་བའི་བུམ་བཟང་། མི་བསྲུན་སྡེ་བརྒྱད་འདུལ་བའི་གཉེན་པོ་རུ། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་གང་། །ཤེལ་གིང་གནམ་ལྷ་དཀར་པོའི་སྐུར་བསྟན་པ། །ཟུར་ཕུད་ལྔ་པ་རྡོ་རྗེ་འབར་བ་རྩལ། །གསང་ཡུམ་རྡོ་རྗེ་གཡུ་སྒྲོན་གནམ་མཚོའི་རྒྱལ། །མཆེད་འཁོར་གཙང་མའི་རིས་ཀྱི་ཚོགས་རྣམས་ཀུན། །པདྨ་ཐོད་འཕྲེང་གཏེར་སྟོན་རྒོད་ལྡེམ་སོགས། །རྩ་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །ནད་རིམས་གཡུལ་འཁྲུག་བྱད་ཕུར་སྡེ་བརྒྱད་ཀྱི། །ཉེར་འཚེ་བར་དུ་གཅོད་པའི་ཕྱོགས་རྣམས་ཀུན། །ལྷ་ཁྱོད་ཞི་རྒྱས་དབང་དྲག་ཟློས་གར་གྱིས། །མཐུ་སྟོབས་གནམ་ལྕགས་འབར་བས་ཕྱེ་མར་ཐོགས། །ཚེ་རིང་ལོངས་སྤྱོད་རྒྱས་ཞིང་རིགས་བརྒྱུད་སྤེལ། །བསྒྲུབ་བྱ་དབང་སྡུས་ཕ་རོལ་ཟིལ་གྱིས་གནོན། །ལེགས་ཉེས་པྲ་སྟོན་ལུས་དང་གྲིབ་མ་བཞིན། །འབྲལ་མེད་བསྲུང་སྐྱོབ་སྦ་བའི་འཕྲིན་ལས་མཛོད། །ནག་པོའི་སེམས་འཆང་མཐའ་དབུས་འདྲེ་གདོན་དཔུང་། །གང་གི་འཇིགས་རུང་སྣ་ཚོགས་ཟློས་གར་གྱིས། །ཐལ་བར་རློག་སྟེ་ནམ་ཡང་སྦྱོར་རྩུབ་རྣམས། །ལྡང་དུ་མེད་པའི་འཕྲིན་ལས་གཉན་པོ་མཛོད། །ལྷ་ཆེན་ཁྱོད་ཀྱིས་བསྲུང་ཞིང་སྐྱོང་བའི་ཡུལ། །གངས་རིའི་འཕྲེང་མཛེས་བོད་ཀྱི་རྒྱལ་ཁམས་འདིའི། །མི་མཐུན་ཉེས་པའི་ཚོགས་རྣམས་ཀུན་ཞི་ཞིང་། །མ་སྨད་བདེ་སྐྱིད་དཔལ་ལ་སྤྱོད་པར་(༡༢༣བ)


GLG018_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཡིད་བཞིན་ནོར་བུར་ཡོངས་འདུ་ས་བརྟོལ་དང་། །བུམ་བཟང་འདོད་པ་འཇོ་བའི་བ་མོ་བཞིན། །དཔལ་ལྡན་དྲི་ཟའི་རྒྱལ་མོ་ཁྱོད་ཉིད་ཀྱིས། །རིགས་འཛིན་བདག་གི་བསམ་དོན་ལྷུན་གྲུབ་མཛོད། །ས་བྱ་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་ཕན་བདེའི་ལེགས་བཤད་གླིང་པའི་མགོན་ཁང་དུ་དམག་ཟོར་ལྷ་མོ། བེག་ཙེ། རྡོར་ལེགས། རྒྱལ་བཙན་རྣམས་ལ་སྙན་དར་ཞལ་ཡིག་འབུལ་སྐབས་ཁ་བྱང་ཞིག་དགོས་ཚུལ་བྱུང་བ་ལྟར་བྲིས་པ་འཛད་མེད་ནམ་མཁའ་མཛོད་ཀྱི་སྒོ་འབྱེད། འདོད་ཁམས་བདག་མོར་ཀུན་བཟང་མཆོད་པའི་སྤྲིན། །གངྒཱའི་རྒྱུན་ལྟར་ཆད་པ་མེད་འབུལ་བའི། །རེ་བ་ཇི་བཞིན་འགྲུབ་པར་བྱིན་བརླབས་ནས། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །གནོད་སྦྱིན་བེག་རྩེ་ལྕམ་དྲལ་བཀའ་སྡོད་བཅས། །རིགས་ཀྱི་སྲུང་མ་རྡོ་རྗེ་ལེགས་པ་ལ། །ལྷ་རྫས་དར་གྱི་སྙན་ཤལ་འདི་འབུལ་ན། །དེང་ནས་བྱང་ཆུབ་བར་དུ་བསྲུང་ཞིང་སྐྱོབས། །ཆོས་རྒྱལ་སྐུ་ལྔ་གསང་ཡུམ་བློན་པོར་བཅས། །སྡེ་བརྒྱད་དམག་དཔོན་ཙེའུ་དམར་པོ་ཡིས། །གནོད་བྱེད་དགྲ་བགེགས་དཔུང་ཚོགས་ཚར་ཆོད་ལ། །ཞི་རྒྱས་དབང་གི་འཕྲིན་ལས་ཐོགས་མེད་སྒྲུབས། །ལྕགས་ཁྱི་གནམ་ལོ་གསར་ཚེས་ཀྱི་གཏོར་ཆེན་ཐོག་དཔལ་ལྡན་དམག་ཟོར་རྒྱལ་མོར་དར་ཚོན་སྣ་ལྔའི་སྙན་ཤལ་ཕུལ་བའི་ཁ་བྱང་ཕན་བདེའི་སྣང་བ་འཛད་མེད། དར་དཀར། གང་ཐུགས་རབ་དཀར་བྷྱོཿཡིག་ལས་འཕྲོས་པའི། །འོད་གཟིས་བདག་སོགས་རྣམས་ཀྱི་ནད་གདོན་མུན། །ཞི་དང་ལྷན་ཅིག་ལྗོངས་འདིའི་ཡིད་ཅན་ལ། །འཚེ་བའི་རིམས་འཁྲུག་ཉེས་བརྒྱའི་མུན་སངས་མཛོད། །སེར། ཁྱོད་ཐུགས་དཔལ་གྱི་བེའུར་ཞུན་མའི་གསེར། །འཁྱིལ་འདྲའི་བྷྱོཿཡིག་ལས་འཕྲོས་ཟེར་འཕྲེང་གིས། །ཚེ་དང་(༡༢༤ན)


GLG018_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ལུང་རྟོགས་ཡོན་ཏན་ཀུན། །འཕགས་ཆེན་དམ་པའི་ཚོགས་དང་སྐལ་མཉམ་མཛོད། །དམར། ཐུགས་ཀའི་བྷྱོཿཡིག་དམར་པོ་ལས་འཕྲོས་པའི། །ལྕགས་ཀྱུ་ལྟ་བུའི་འོད་ཀྱིས་སྲིད་དང་ཞིའི། །སྣོད་བཅུད་ཀུན་གྱི་ཕུན་ཚོགས་མ་ལུས་པ། ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་ལེན་ལྟར་དྲོངས། །མཐིང་། མཐིང་ནག་བྷྱོཿཡིག་ལས་འཕྲོས་ཕོ་ཉ་དང་། །རབ་འབར་མེ་ལྕེ་མཚོན་ཆའི་ཚ་ཚ་ཡིས། །ཆོས་སྲིད་ཚེ་སྲོག་ལ་འཁུའི་དགྲ་བགེགས་ཚོགས། །རྩི་སྦུར་ཞུགས་ཀྱིས་བསྲེགས་ལྟར་རྡུལ་དུ་རློག །ལྗང་། མི་འགྱུར་ཆོས་དབྱིངས་མཁའ་ཀློང་ཡངས་པ་ལས། །སྣ་ཚོགས་སྤྲུལ་པའི་ཉིན་བྱེད་མཐའ་ཀླས་པས། །ཡིད་སྲུབས་སྨག་རུམ་དྲུངས་འབྱིན་ཕན་དང་བདེའི། །སྣང་བ་མི་འཛད་འདོད་དགུའི་གཏེར་གྱུར་ལྷ། །སྟོན་མཚན་ཟླ་བ་ཛམྦུ་ཆུ་བོའི་གསེར། །པདྨ་རཱ་ག་མིག་སྨན་ཁུ་བའི་མདངས། །འཇའ་ཚོན་བཞིན་དུ་མ་འདྲེས་སྐུར་བསྟན་ནས། །ཞི་རྒྱས་དབང་དང་མངོན་སྤྱོད་འཕྲིན་ལས་རྣམས། །ཐོགས་མེད་སྒྲུབ་མཛད་འདོད་ཁམས་དབང་ཕྱུག་མ། །ནོར་སྐྱོང་གོས་དཀར་འཛིན་པ་གནམ་ལོའི་ཞལ། །ངོམ་པ་འདི་ནས་བསྐལ་པ་ཇི་སྲིད་བར། །བསྟན་འགྲོའི་ཆོས་སྲིད་ལེགས་བྱས་རབ་འཕེལ་ཞིང་། །རྣལ་འབྱོར་བདག་གི་བསམས་དོན་ལྷུན་གྲུབ་མཛོད། །ལྕགས་བྱི་ནག་པ་ཟླ་བའི་བརྒྱད་གཏོར་ཐོག་མགོན་པོ་ཆེ་ཆུང་ལས་མཁན་གཉིས་དང་བཅས་པར་ཕུལ་བའི་སྙན་དར་ཞལ་ཡིག་དཔག་བསམ་འདོད་པའི་རེ་སྐོང་། འོག་མིན་ཞིང་ཁམས་ཞིང་གི་གཙོར་བཞུགས་པའི། །རྣམ་སྣང་ཐུགས་རྗེའི་ཟློས་གར་ནག་པོ་ཆེ། །ཕྱི་ནང་གསང་བའི་མཆོད་(༡༢༤བ)


GLG018_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ཉེར་འབུལ་ན། །ཞི་རྒྱས་དབང་དྲག་འཕྲིན་ལས་ཐོགས་མེད་སྒྲུབས། །དཀར། སྟོན་མཚན་ཉ་རྒྱས་ཟླ་བའི་འཛུམ་ཞལ་གྱིས། །ཉེར་བཀུག་འཆི་མེད་བདུད་རྩི་བུམ་ཐོད་དུ། །རབ་འཁྱིལ་བཅུད་ཀྱིས་ལུས་བརྟས་མི་ཤིགས་པའི། །རྡོ་རྗེའི་སྲོག་གི་ཀ་བ་ཚུགས་པར་མཛོད། །སེར། ཡིད་བཞིན་ནོར་བུས་ཡོངས་གཏམས་ཐོད་པ་ལས། །འཛད་མེད་མཆོག་ཐུན་དངོས་གྲུབ་ཆར་ཆེན་པོས། །སྲིད་ཞིའི་ཡོན་ཏན་མྱུ་གུ་གཡུར་ཟ་བའི། །བདེ་སྐྱིད་སྙེ་མ་འབྲས་བུས་ལྕི་བར་མཛོད། །དམར། ཀུན་གསལ་ཕ་མཐའ་འཆིང་བའི་ཞགས་པ་ཡིས། །འགྲོ་ཀུན་ཡིད་དབང་རབ་འཕྲོག་གཙུག་ཏོར་རྩེར། །ཉེར་བཀོད་གོམ་པའི་སོར་མོའི་རྗེས་གསལ་བ། །རྡོ་བའི་རི་མོ་ཇི་བཞིན་བརྟན་པར་མཛོད། །མཐིང་། སྣ་ཚོགས་མཚོན་གྱིས་དགྲ་སྙིང་འབིགས་པ་དང་། །མཚུངས་པར་ཞུགས་ཀྱི་ཕུང་པོར་བགེགས་དཔུང་རྣམས། །བསྲེགས་ནས་དགའ་རབ་དབང་ཕྱུག་མྱ་ངན་གྱི། །ཁང་བུར་ཆུག་ཅིག་ལེགས་ལྡན་ནག་པོ་ཆེ། །ལྗང་། མིག་སྨན་ལྟར་གནག་སྲིན་པོའི་ཞལ་གདངས་ནས། །ལོག་འདྲེན་སྡེར་བཅས་ཆེམ་ཆེམ་གསོལ་ན་ཡང་། །ཞི་དང་བརྗིད་ཆགས་སྣ་ཚོགས་ཟློས་གར་གྱིས། །ལས་རྣམས་ཀུན་སྒྲུབ་སྟོབས་འཕྲོག་གདོང་བཞི་པ། །དྲི་བྲལ་དམར་ཟླུམ་སྤྱན་རས་ཉེར་བགྲད་ནས། །མངོན་གྱུར་བག་ལ་ཞ་བའི་དགྲ་བགེགས་ཀྱི། །སྙིང་ཁྲག་ལོང་ལོང་ཐོད་པར་ཁོལ་བའི་རྒྱུན། །གསོལ་ལ་སྡེ་དཔུང་སྲིད་བཅས་ཐལ་བར་རློག །ཐོས་བསམ་སྒོམ་པའི་བསྟན་པ་རིན་ཆེན་སྤེལ། །ཉི་འོག་འགྲོ་རྣམས་ཕན་དང་བདེ་ལ་སྦྱོར། །རྣལ་འབྱོར་བདག་གི་འདོད་པའི་རེ་བ་ཀུན། །(༡༢༥ན)


GLG018_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པ་ཙམ་གྱིས་འབད་མེད་ལྷུན་གྲུབ་མཛོད། །པུ་ཏྲ། གནོད་སྦྱིན་ཕོ་མོ་བཤོས་ནས་སྤྲུལ་པའི་སྲས། །གཤིན་རྗེ་པུ་ཏྲ་མིང་སྲིང་འཁོར་བཅས་རྣམས། །ཚུར་གཤེགས་ཁྲག་ཆང་མཆོད་གཏོར་འདི་བཞེས་ལ། །དགྲ་བོའི་མགོ་འཕྲེང་དཔའ་རྟགས་རྒྱན་དུ་ཆོངས། །བེག་ཙེ། རིགས་འཛིན་བདག་ཅག་མི་ནོར་དགོན་གནས་བཅས། །གཉེར་དུ་གཏད་ན་ཉིན་མཚན་དུས་དྲུག་ཏུ། །མ་གཡེལ་སྲུངས་ཤིག་བེག་ཙེ་ལྕམ་དྲལ་ཀྱེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་སྒྲོངས། །ལྕགས་བྱི་སྐྱིད་ཤོད་ཕ་བོང་ཁར་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་ཀྱི་དངུལ་གདུང་རིན་པོ་ཆེར་མཆོད་ཚོགས་སྙན་ཤལ་ཕུལ་བའི་ཞལ་བྱང་གླིང་མཚོ་སྒྲོལ་བའི་གྲུ་ཆེན། གཟོད་མ་ཉིད་ནས་སྤང་རྟོགས་ཡོན་ཏན་ཀུན། །རྫོགས་སངས་རྒྱས་ཀྱང་ཚུར་མཐོང་བྱིས་པའི་བློ། །བྲིད་ཕྱིར་སློབ་པའི་ལམ་གྱི་ཟོལ་བསྟེན་པའི། །མགོན་ཀྱེ་དག་པའི་ཞིང་ནས་ཉེ་བར་དགོངས། །བསྟན་འགྲོའི་དཔལ་མགོན་ཆོས་ཀྱི་འབྱོར་པའི་མཛོད། །ལྷུན་གྲུབ་གདན་གསུམ་ཚང་བའི་དེད་དཔོན་གྱིས། །བྱང་ཆུབ་སྙིང་པོའི་བར་དུ་བཤེས་མཛད་དེ། །ཐེག་མཆོག་ཆོས་ལ་རྟག་ཏུ་ལོངས་སྤྱོད་ཤོག །ཀུན་གསལ་ལུས་ཕྲའི་གོམ་པས་འཇལ་བའི་མཐས། །རྙེད་མིན་མ་རྒན་སྐྱེ་རྒུ་བགྲང་ཡས་རྣམས། །སྲིད་མཚོ་ཐུགས་རྗེའི་གྲུ་ཡིས་རབ་བསྒྲལ་ཏེ། །རྨད་བྱུང་ཐར་གླིང་བགྲོད་པར་བྱིན་གྱིས་རློབས། །ལྕགས་ཁྱི་སྐྱིད་ཤོད་གུང་ཐང་དུ་ཁྱབ་བདག་བླ་མ་ཆོས་དབྱིངས་རང་གྲོལ་གྱི་དངུལ་གདུང་རིན་པོ་ཆེར་མཆོད་པ་སྙན་དར་ཕུལ་བའི་ཞལ་བྱང་། མཁྱེན་བརྩེ་ནུས་པའི་ཚོན་རིས་རབ་བཀྲ་བ། །གདུལ་བྱའི་མན་ཤེལ་ལང་ཚོར་ཤིས་པའི་


GLG018_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དངོས། །ཀུན་དགའ་དགེ་ལེགས་དཔལ་འབྱོར་ཡོངས་སྩལ་བའི། །འཕྲིན་ལས་སྲིད་མཐར་རབ་རྒྱས་རྡོ་རྗེ་འཛིན། །ལངྐའི་རྒྱལ་ཁབ་ཞི་ཁྲོའི་གཞལ་ཡས་སུ། །གཉག་བན་རང་གི་ཁྲི་ལ་ངལ་གསོ་ཡང་། །ད་དུང་ཕྱོགས་འདིའི་གདུལ་བྱ་རྫོགས་མིན་པས། །ངོ་མཚར་སྐྱེ་བའི་འཕྲེང་བ་གཟུང་དུ་གསོལ། །ཁྱོད་ཞབས་གཙུག་ཏུ་བསྙེན་པའི་རྣལ་འབྱོར་གྱིས། །རྩ་གསུམ་མ་ལུས་རང་རིག་དག་པའི་ངོར། །རང་ངོ་འཕྲོད་ནས་འགྲོ་འདྲེན་ས་མཁན་དུ། །འགྱུར་བར་བྱིན་རླབས་སྙིང་ལ་སིམ་པར་མཛོད། །ལྕགས་ཁྱི་ཡར་ཀླུང་བཀྲ་ཤིས་ཆོས་སྡེར་རིགས་ཀུན་བདག་པོ་མགོན་པོ་བསོད་ནམས་མཆོག་ལྡན་གྱི་དངུལ་གདུང་རིན་པོ་ཆེར་མཆོད་སྤྲིན་སྙན་དར་ཕུལ་བའི་ཞལ་བྱང་ཚེ་འདིར་གྲུབ་མཐའ་སྙོག་པའི་བདེན་ཚིག །གྲངས་མེད་གདུལ་བྱའི་མགོན་པོ་ཧེ་རུ་ཀ །ངུར་སྨྲིག་གར་བསྒྱུར་བསོད་ནམས་ཞིང་གི་མཆོག །སྐལ་ལྡན་ཡོངས་ཀྱི་གཙུག་ཏོར་མཐོན་ཀའི་རྩེར། །ཞབས་སེན་ཟླ་བ་ཉེར་ཚེས་དགེ་བའི་བཤེས། །འོག་མིན་ཞིང་ཁམས་ཞིང་གི་གཙོར་བཞུགས་ཀྱང་། །འགྲོ་མགོན་མི་གཏོང་ཐུགས་བསྐྱེད་ཞལ་འཆེས་པ། །དམ་པའི་ངང་ཚུལ་གཞན་དུ་འགྱུར་མིན་ཕྱིར། །མ་སྨད་ཐུགས་རྗེའི་སྤྱན་གྱི་དཀྱུས་རིང་ཁྱོངས། །བསྟན་འགྲོའི་ཕན་བདེ་བླ་ནས་བླར་འཕེལ་ཞིང་། །བདག་སོགས་སྙན་བརྒྱུད་ཚད་མ་བཞི་ལྡན་ཆོས། །སྐྱེ་བར་གོམས་པས་གྲུབ་པའི་མཐའ་སྙོགས་ཏེ། །རིང་མིན་རྡོ་རྗེ་འཆང་དབང་འགྲུབ་བྱིན་རློབས། །ལྕགས་ཁྱི་ལྷག་བསམ་དགེ་བའི་དབང་པོས་རྟེན་ལ་ན་བཟའ་ཕུལ་བའི་ཁ་བྱང་མུ་ཏིག་འཁྲི་ཤིང་། མཆོག་ཞིང་བཀུར་འབྲས་གཏམ་གྱིས་ཡིད་དྲངས་ནས། །དར་ཟབ་ཐགས་བསྐྲུན་པཉྩ་ལི་ཀའི་གོས། །སྲས་བཅས་རྒྱལ་བའི་ཡེ་(༡༢༦ན)
ཤེས་དངོས་ཞུགས་སྐུ། །ཉེར་ཕུལ་འཛད་མེད་ས་བོན་ལེགས་བཏབ་པས། །གདན་སུམ་ཚང་བའི་བཤེས་གཉེན་རྡོ་རྗེ་འཛིན། །འཇིག་མེད་སེང་གེའི་ཁྲི་ལ་རྟག་བརྟན་ཤིང་། །ས་སྤྱོད་མི་དབང་སྐུ་ཚེ་ཆབ་སྲིད་རྣམས། །དཀར་ཕྱོགས་ཟླ་བའི་ཆ་བཞིན་འཕེལ་བར་ཤོག །རྒྱུ་སྦྱོར་བྱེད་པོ་འདི་སྣང་རྟག་བདེ་ཞིང་། །སྐྱེ་བར་ལྷ་མིའི་རྟེན་རྒྱུད་རིང་མིན་དུ། །ཡེ་ཤེས་མཆོག་ཐོབ་མཁའ་མཉམ་ལུས་ཅན་ཚོགས། །སྟོབས་བཅུའི་རྩལ་མངའ་ཐོབ་པའི་རྒྱུ་རུ་བསྔོ། །


previousལྷ་སའི་བླ་མ་ལྷ་ཁང་གི་རྗེ་བཙུན་བཙོང་ཁ་པ་ཆེན་པོའི་སྐུ་བརྙན་ལ་ཕུལ་བའི་ཁ་བཏགས་ཉིན་མོ་བདེ་ལེགས་མའི་ཞལ་བྱང་།next