Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
ལྕགས་ཁྱི་སེ་འབྲས་དགེ་གསུམ་ལྷ་ལྡན་བཀྲ་ཤིས་ལྷུན་པོ་རྣམས་ཀྱི་རྟེན་ལ་དབུལ་བའི་སྙན་ཤལ་ཀྱི་ཚིགས་བཅད་སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་དགོས་ཚུལ་བྱུང་བ་ལྟར་བྲིས་པ་ཕན་བདེའི་ཤིང་རྟ་སོགས།


 
previousལྕགས་ཁྱི་སེ་འབྲས་དགེ་གསུམ་ལྷ་ལྡན་བཀྲ་ཤིས་ལྷུན་པོ་རྣམས་ཀྱི་རྟེན་ལ་དབུལ་བའི་སྙན་ཤལ་ཀྱི་ཚིགས་བཅད་སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་དགོས་ཚུལ་བྱུང་བ་ལྟར་བྲིས་པ་ཕན་བདེའི་ཤིང་རྟ་སོགས།no next

ལྕགས་ཁྱི་སེ་འབྲས་དགེ་གསུམ་ལྷ་ལྡན་བཀྲ་ཤིས་ལྷུན་པོ་རྣམས་ཀྱི་རྟེན་ལ་དབུལ་བའི་སྙན་ཤལ་ཀྱི་ཚིགས་བཅད་སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་དགོས་ཚུལ་བྱུང་བ་ལྟར་བྲིས་པ་ཕན་བདེའི་ཤིང་རྟ་སོགས།


GLG018_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཁྱི་སེ་འབྲས་དགེ་གསུམ་ལྷ་ལྡན་བཀྲ་ཤིས་ལྷུན་པོ་རྣམས་ཀྱི་རྟེན་ལ་དབུལ་བའི་སྙན་ཤལ་ཀྱི་ཚིགས་བཅད་སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་དགོས་ཚུལ་བྱུང་བ་ལྟར་བྲིས་པ་ཕན་བདེའི་ཤིང་རྟ་སོགས། །ཇོ་བོ་ཤཱཀྱ་མུ་ནི། སྲས་བཅས་རྒྱལ་བའི་ཐུགས་རྗེ་མངོན་སུམ་བཞིན། །འགྲོ་ལ་རབ་སྣང་མཐོང་བས་དོན་ལྡན་སྐུར། །རབ་མཛེས་མུ་ཀྟི་ཀ་ཡི་དོ་ཤལ་རྒྱན། །ལྷག་བསམ་ཟླ་ལྟར་དཀར་བས་ཕུལ་བའི་འབྲས། །ནམ་ཡང་འཛད་མི་ཤེས་པའི་འཁྲི་ཞིང་ཆར། །ཡང་སྲིད་ཀུན་ཏུ་འབབ་པའི་བསོད་ནམས་ལ། །འགྲོ་ཀུན་བྱང་ཆུབ་མཆོག་ལ་རེག་མིན་བར། །བདག་དང་ལྷན་ཅིག་མཉམ་པོར་ལོངས་སྤྱོད་ཤོག །ཇོ་བོ་མི་སྐྱོད་རྡོ་རྗེ། ཕུལ་བྱུང་ཐུགས་རྗེ་ཆེན་པོའི་ཟླ་སྣང་གིས། །སྐྱེ་རྒུའི་དུག་གསུམ་ཚ་གདུང་དྲུངས་ཕྱུང་ནས། །ངེས་ལེགས་བསིལ་བའི་བདེ་ཆེན་ཉམས་མྱོང་བར། །མགོན་པོས་བདག་སོགས་བྱིན་གྱིས་བརླབ་ཏུ་གསོལ། །རང་བྱོན་ལྔ་ལྡན། ཁྱོད་ཞལ་ཞུགས་ཀྱིས་སྔོན་ཚེ་ཡིད་སྲུབས་སྡེ། །ཕ་མཐའ་བསྐྲད་ལྟར་དིང་ཡང་བསྟན་དང་འགྲོའི། །ཉེར་འཚེའི་སྨག་(༡༢༦བ)


GLG018_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

རུམ་མ་ལུས་ཡོངས་སྐྲོད་པའི། །བྱིན་རླབས་ཉི་མའི་དངོས་བརྒྱ་འབར་བར་མཛོད། །བྱམས་པ་ཆོས་འཁོར། གཤེ་དང་བཀུར་བར་བཏང་སྙོམས་བྱམས་པའི་ཆུས། །འགྲོ་རྒྱུད་ཁྲོ་སྡང་མེ་ལྕེའི་ཚ་རེག་ཀུན། །ཡོངས་བཅིལ་མཐའ་དག་མཉེས་གཤིན་ངང་ཚུལ་གྱིས། །རྫོགས་ལྡན་དུས་ཀྱི་རྣམ་ཐར་འཛིན་པར་ཤོག །ལྷ་སའི་རྗེ་བླ་མའི་སྐུ་བརྙན། མཐོན་མཐིང་ཟུར་ཕུད་དོར་ནས་འཚམས་སྤྲིན་གོས། །ལེགས་འཆང་བསྟན་པའི་གདུགས་མཛེས་ཁོར་ཡུག་གི །གྲིབ་མར་རྒྱ་མཚོའི་མཐའ་ཀླས་སྐྱེ་རྒུ་རྣམས། །ངལ་གསོར་མཛོད་ཅིག་ཀུན་མཁྱེན་བཙོང་ཁ་པ། །ལྷ་སའི་སྒྲོལ་མ། མཐུ་སྟོབས་གདོང་ལྔའི་དབང་པོའི་གད་རྒྱངས་ཀྱིས། །འཇིགས་པ་བརྒྱད་སོགས་ཉེས་བརྒྱའི་གླང་པོའི་སྲོག །རབ་ཕྲོག་བདག་སོགས་མཁའ་མཉམ་མ་རྒན་ཀུན། །སྲིད་པའི་ཆུ་གཏེར་ལས་སྒྲོལ་ཏཱ་རེ་མ། །འཕགས་པ་ལོ་ཀེ་ཤྭ་ར། འགྲོ་ཀུན་འདྲེན་པར་དམ་བཅའི་ཁུར་པོ་ཆེ། །སྙིང་སྟོབས་ཕྲག་པས་ཉེར་བཏེགས་འཇིག་རྟེན་དབང་། །ཞལ་འཆེས་ཡོལ་བ་མེད་པར་རྡོ་བའི་རིས། །ལྔ་བརྒྱའི་འགྲོ་ལ་ཆེ་ཆེས་གསལ་བར་ཤོག །ཆོས་རྒྱལ་སྲོང་བཙན་སྒམ་པོ། སྡིག་ཏོའི་སེམས་འཆང་ས་སྤྱོད་ཡིད་ཀྱི་ལྕགས། །ཞི་བའི་གསེར་འགྱུར་རྩི་ཡིས་ལུས་ཅན་རྣམས། །ལེགས་ལྡན་ཐར་པའི་གྲོང་དུ་འཁྲིད་བྱེད་པའི། །ལྷ་གཅིག་སྲོང་བཙན་རྣམ་ཐར་འཛིན་པར་ཤོག །འབྲས་སྤུངས་བྱམས་ཆེན། དབུས་འགྱུར་འཆང་དུ་མཆོག་གི་སྤྲུལ་པའི་སྐུར། །སྔོན་སངས་རྒྱས་ཚེ་འདུས་པ་དང་པོ་རུ། །བདག་སོགས་འགྲོ་རྣམས་གྱུར་ཏེ་དམ་ཆོས་ཀྱི། །བདུད་རྩིས་ཐར་པའི་སྲོག་འཚོར་ཐུགས་རྗེས་གཟིགས། །རྣམ་(༡༢༧ན)


GLG018_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་སྒོ་གསུམ། སྲས་བཅས་རྒྱལ་བའི་བཀོད་པ་རྒྱ་མཚོའི་ཞིང་། །ངོ་མཚར་མིག་གི་བདུད་རྩི་གནྡྷོལ། །མཐོང་བས་རྣམ་པར་ཐར་པའི་སྒོ་གསུམ་པོ། །རབ་ཕྱེད་མཁའ་མཉམ་འགྲོ་ཀུན་འདྲེན་གྱུར་ཅིག །ཆུ་མིག་སྒྲོལ་མ། མི་བཟད་འཇིགས་ཆེན་བརྒྱད་ལས་དུག་སྤྲུལ་གྱིས། །རྣམ་པར་འཚེ་བའི་འཇིགས་རུང་ཆུ་གཏེར་གྲོང་། །ཐུགས་རྗེའི་གཟིངས་ཀྱིས་སྒྲོལ་བའི་འཕགས་མ་ཀྱེ། །ད་དུང་རྒྱུད་ལྔའི་འགྲོ་ལ་སྤྱན་གྱིས་གཟིགས། །དགའ་ལྡན་དངུལ་གདུང་རིན་པོ་ཆེ། རྨད་བྱུང་མཁྱེན་པའི་དཔུང་པས་བཏེག་པའི་རྩེར། །དཔྱད་གསུམ་རྣམ་པར་དག་པའི་རལ་གྲི་ཡིས། །མི་ཤེས་རྨོངས་པའི་དྲ་བ་ཉེར་བཅད་དེ། །བདག་བློས་ཤེས་བྱའི་ཁྱོན་ཀུན་འཇལ་ནུས་ཤོག །ཐུབ་པ་ཚུལ་ཁྲིམས་མ། བརྒྱ་ཕྲག་དཔག་ཚད་ཁྱོན་དངར་ཚུལ་ཁྲིམས་དྲི། །ཡང་སྲིད་ཀུན་ཏུ་འཐུལ་བའི་བག་ཡོད་པར། །སྒོ་གསུམ་ཉེ་བར་བསྡམས་པའི་ངང་ཚུལ་གྱིས། །ཉེ་བར་འཁོར་གྱི་རྣམ་ཐར་འཛིན་བྱིན་རློབས། །བཀྲ་ཤིས་ལྷུན་པོའི་དངུལ་གདུང་། རིན་ཆེན་ཕུང་པོར་སྤུངས་པ་དབང་པོའི་གཞུ། །རི་མོ་ཚར་དུ་དངར་བའི་གཟིགས་མོ་ལ། །ཚུར་མཐོང་འགྲོ་བའི་མིག་གི་བདུད་རྩི་རུ། །སྤྱོད་པའི་བགོ་སྐལ་ཉམས་སུ་བསྟར་བར་ཤོག །ངུར་སྨྲིག་སྒྲོལ་མ། རྣམ་འདྲེན་ཀུན་གྱི་འཕྲིན་ལས་གཟུགས་ཅན་བཞིན། །སྐེད་ཕྲ་ནུ་འབུར་མངོན་མཐོའི་འཇོ་སྒེག་ཅན། །རྒྱལ་ཡུམ་འཕགས་མའི་བྱིན་རླབས་བདག་སྙིང་ལ། །ལེགས་ཞུགས་སྲིད་ཞིའི་མཐའ་ལས་རྣམ་གྲོལ་ཤོག །ཐུབ་པ་བདུད་འདུལ་ཅན། བྱེ་བ་ཕྲག་བརྒྱའི་དགའ་རབ་དབང་ཕྱུག་དཔུང་། །མཉམ་གཞག་གཅིག་(༡༢༧བ)


GLG018_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གཡུལ་ངོར་ཕམ་མཛད་པ། །ཟས་གཙང་སྲས་ཀྱེ་རིང་པོའི་ཕྱག་ཁྱོངས་ལ། །བདག་སོགས་དབུགས་དབྱུང་ཐར་པའི་ཞིང་དུ་དྲོངས། །བྱམས་སྐུ། རིས་སུ་མ་ཆད་སེམས་ཅན་མཐའ་དག་ལ། །བརྩེ་ལྡན་བྱམས་པས་རྗེས་སུ་ཉེར་སྐྱོང་བའི། །ཐུགས་རྗེས་ཡིད་དགའ་ཆོས་འཛིན་ཞིང་ཁམས་སུ། །མཐའ་ཡས་སྐྱེ་རྒུ་མ་ལུས་དྲང་དུ་གསོལ། །ལྕགས་བྱི་ཕན་བདེ་ལེགས་བཤད་གླིང་དུ་དམག་ཟོར་མ་དང་དཔེ་ཧར་རྒྱལ་པོར་སྙན་དར་གྱི་ཞལ་ཡིག་བློ་བཟང་དགེ་འདུན་ཀྱི་འདོད་པ་ལྟར་བྲིས་པ་དངོས་གྲུབ་དཔལ་འབར། །འདོད་པ་ཁམས་ལ་དབང་སྒྱུར་རེ་མ་ཏཱིར། །འདོད་ཡོན་ལྷ་རྫས་སྙན་ཤལ་འདི་ཕུལ་བས། །འདོད་དོན་བསམས་པ་བཞིན་དུ་ལྷུན་གྲུབ་ནས། །འདོད་དགུའི་དངོས་གྲུབ་བདག་ལ་ཆར་བཞིན་སྩོལ། །སྤྲུལ་པའི་རྒྱལ་པོ་ཆེ་ཁྱོད་དཔག་དཀའ་བའི། །མཐུ་སྟོབས་ཉིན་མོར་བྱེད་པའི་འོད་བརྒྱ་པས། །བདག་གི་ནད་གདོན་གནོད་པ་ཀུན་ཞི་ནས། །ཕན་བདེའི་སྣང་བ་རྒྱས་པའི་འཕྲིན་ལས་མཛོད། །ལྕགས་ཕག་ལོ་གསར་གྱི་ཚེ་འདོད་ཁམས་དབང་ཕྱུག་མར་སྙན་དར་ཕུལ་བའི་ཞལ་བྱང་ཕན་བདེའི་ཉི་མ་གུང་ཤར། དཀར། ཡིད་འཕྲོག་ཚངས་པའི་བུ་མོའི་ཕྱག་སོར་གྱིས། །ཉེར་བཏག་བུམ་བཟང་ལས་འོངས་བདུད་རྩིའི་ཆུས། །ནད་གདོན་སྡིག་སྒྲིབ་དྲི་བཀྲུས་བདེ་སྐྱིད་ཀྱི། །སྣང་བ་རབ་གསལ་ཞི་བའི་ལས་ཀུན་སྒྲུབས། །སེར། ཛམྦུའི་གསེར་མདངས་ལྟར་བརྗིད་འཛུམ་ཞལ་ལས། །འཕྲོས་པའི་ཟེར་གྱིས་ཚེ་དཔལ་སྟོབས་འབྱོར་དང་། །ལུང་རྟོགས་ཡོན་ཏན་མ་ལུས་ཉེར་བསྡུས་ནས། །རྒྱས་པའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །དམར། ཡིད་འོངས་མིག་གི་ཟུར་མདའ་གཅིག་གི་རྩེ། །བསྣུན་པའི་མོད་ལ་བརྟན་པ་ཀུན་ཕྲོགས་ཏེ། །འཇིག་རྟེན་འཇིག་རྟེན་འདས་(༡༢༨ན)


GLG018_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལེགས་ཚོགས་ཀུན། །མ་ལུས་ཐོགས་པ་མེད་པར་དབང་དུ་སྡུས། །མཐིང་། རབ་ཁྲོས་གདངས་པའི་ཞལ་ལས་འབར་བའི་མེས། །ནག་པོ་བདུད་ཀྱི་སྡེ་བཅས་ཀུན་བསྲེགས་དང་། །ལྷན་ཅིག་དགྲ་དཔུང་ཕྱེ་མར་ཡོངས་འཐག་པའི། །དྲག་སྦྱོར་དཔའ་བོའི་ལག་རྟགས་མངོན་སུམ་སྟོན། །ལྗང་། ངོ་བོ་འཇམ་དཔལ་གཤིན་རྗེར་སྦྱོར་བའི་ཡུམ། །ཕྱི་ནང་ཐུན་མོང་སྣང་ངོར་དབྱངས་ཅན་ལྷ། །ཐུབ་པའི་བསྟན་པ་བསྲུང་ཕྱིར་རེ་མ་ཏཱི། །གཅིག་པུ་ཉིད་ལས་དུ་མའི་གར་མཁན་ཁྱོད། །སྤྱི་དང་ཁྱད་པར་བློ་བཟང་གྲགས་པ་ཡི། །ཆོས་སྲིད་དཀར་ཆའི་ཟླ་ལྟར་རབ་འཕེལ་ཞིང་། །གངས་ཅན་ལྗོངས་འདིར་ནད་རིམས་དབུལ་ཕོངས་སོགས། །དུཿཁའི་སྨག་རུམ་ཕ་མཐར་བཅིལ་བར་མཛོད། །འགྲོ་རྣམས་ཕན་བདེའི་ཉི་མ་གུང་ནས་ཤར། །བཤད་སྒྲུབ་ལུང་རྟོགས་འདབ་བརྒྱ་མངོན་པར་བཞད། །བདག་གིས་བཅོལ་བའི་འཕྲིན་ལས་རྣམ་བཞི་སྒྲུབས། །ཕུན་ཚོགས་དགའ་སྟོན་སུམ་རྩེན་རྗེས་འགྲོར་མཛོད། །ལྕགས་ཕག་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་རྒྱས་དར་གོང་པ་མཆོད་དཔོན་ངག་དབང་ཤེས་རབ་ཀྱི་སྙན་དར་སུམ་བརྒྱ་སྐོར་བཅས་ཕུལ་བའི་ཞལ་བྱང་ལེགས་བྱས་དཀར་ཆའི་ཟླ་འཕེལ། བཟང་གོས་སྤེལ་ལེགས་བསྒྲིགས་པའི་གོང་བ་ལ། །ལྷ་རྫས་འཇའ་ཚོན་ལྟར་བཀྲའི་སྙན་ཤལ་འཕྲེང་། །རྩ་གསུམ་དགྱེས་བསྐྱེད་ཀུན་བཟང་མཆོད་པའི་སྤྲིན། །འཛད་མེད་ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་ནས། །མཆོད་དཔོན་ངག་དབང་ཤེས་རབ་བརྩོན་པ་དང་། །སྟོན་ཟླ་ལྟར་དཀར་བསམ་པས་ཉེར་ཕུལ་དགེས། །ཐུབ་པའི་བསྟན་འཕེལ་དེ་འཛིན་སྐྱེས་བུ་རྣམས། །ལེགས་བརྟན་འགྲོ་རྣམས་བདེ་སྐྱིད་(༡༢༨བ)


GLG018_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབར་ཤོག །རྒྱུ་སྦྱོར་མཐུན་རྐྱེན་སྒྲུབས་པར་གཏོགས་སོ་ཅོག །དེང་ནས་བྱང་ཆུབ་བར་དུ་འཁོར་བ་ཡི། །ཉེས་བརྒྱའི་གདུང་བ་ཀུན་ཞི་ཆོས་སྲིད་ཀྱི། །ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་བྱིན་རློབས། །ལྕགས་ཕག་ནག་པ་ཟླ་བའི་བརྒྱད་གཏོར་གྱི་དུས་མགོན་པོ་ཆེ་ཆུང་རྣམས་ལ་ཕུལ་བའི་སྙན་དར་གྱི་ཞལ་བྱང་འཕྲིན་ལས་མ་དྲོས་ཀླུང་ཆེན། གུར། ལྔ་ལྡན་ཡེ་ཤེས་བཞུ་བླུགས་ནག་པོ་ཆེ། །རྒྱུད་གསུམ་དྲེགས་པའི་འབྱུང་གནས་རལ་གཅིག་མ། །སྲིད་གསུམ་དབང་སྒྱུར་དུད་པའི་སོལ་ཅན་གྱིས། །བསྟན་འགྲོའི་ཕན་བདེ་བླ་ནས་བླར་སྤེལ་མཛོད། །དཀར། ཐུགས་རྗེ་ག་བུ་ར་ཡི་གཟེགས་མ་ཡིས། །ཉོན་མོངས་དུག་གསུམ་ནད་དང་དེས་བསྐྱེད་པའི། །བཞི་བརྒྱ་རྩ་བཞིའི་ཟུག་རྔུ་མ་ལུས་པ། །དྲུངས་ནས་ཕྱུང་སྟེ་ཉེ་བར་ཞི་བར་མཛོད། །སེར། ལུང་རྟོག་ཚེ་དཔལ་སྲིད་ཞིའི་ཡོན་ཏན་རྣམས། །དཀར་པོའི་ཕྱོགས་ཀྱི་ཟླ་བའི་ཆ་ཤས་བཞིན། །འཕེལ་བ་བསོད་ནམས་ཕུང་པོར་སྤུངས་པའི་གཟི། །ཉི་མའི་ལུས་བརྒྱ་མངོན་སུམ་འཛིན་པར་མཛོད། །དམར། ཚངས་པའི་བསྐལ་པ་ཡིན་ནོ་ཅོག་ཀུན་ལ། །མཉམ་པོར་སྤྱོད་ལ་དབང་ཐང་རབ་འབར་ཡུན། །སྐྱེ་རྒུའི་བདག་པོའི་ཚེ་ཡི་ཚད་ཀྱིས་ཀྱང་། །གཞལ་དཀའི་བསྐལ་ཆེན་བརྒྱ་ཕྲག་འཕྲེང་སྤེལ་མཛོད། །མཐིང་ཁྲ། སྟེང་ཟིལ་ལྷུན་པོ་དུས་ཀྱི་མེ་དཔུང་གོས། །ཉེར་ཀླུབས་སྲིན་པོའི་ཞལ་གདངས་ལོག་འདྲེན་སྙིང་། །ཆེམ་ཆེམ་ཟ་བར་རྔམས་ཀྱང་འགྲོ་ཀུན་ལ། །ཚད་མེད་རྣམ་བཞིའི་ངོ་བོ་མི་གཏོང་འཛུམ། །བདེ་ཆེན་འཁོར་ལོའི་ལྷ་ཚོགས་སྡོམ་པའི་གཙོ། །མི་བསྲུན་གཤེད་མར་ཞིང་སྐྱོང་སྟོབས་འཕྲོག་དབང་། །རང་སེམས་གསལ་སྟོང་དག་པའི་རྡོ་རྗེ་སེམས། །གཅིག་ལས་དུ་(༡༢༩ན)


GLG018_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྣམ་པར་འཕྲུལ་དེ་མཚར། །ཉེར་བཞིའི་ཡུལ་དུ་རྒྱུ་བ་དཔའ་བོའི་གཟུགས། །ཕྱག་ན་མི་རྐང་གླིང་བུའི་སྒྲ་སྙན་པོས། །ཆོས་སྲུངས་དམ་ཅན་རྒྱ་མཚོ་ཉེར་བོས་ནས། །ཀུན་བཟང་མཆོད་པའི་ཚོགས་ཀྱི་འཁོར་ལོར་རོལ། །མ་རུངས་བསམ་སྦྱོར་འཆང་བ་གདུག་པའི་དགྲ །དེའི་གྲོགས་ཡིད་སྲུབས་གཉེན་སྲིད་སྡེ་དཔུང་བཅས། །སྟོབས་འབྱོར་ཚེ་སྲོག་ནུས་པ་ཀུན་ཆོམས་ལ། །བསྟན་འགྲོའི་ཕན་བདེའི་ཉི་མ་གུང་འཆར་མཛོད། །རྡོ་རྗེ་འཆང་དངོས་རྩ་བརྒྱུད་བླ་མ་ཡིས། །བཀའ་བསྒོས་དམ་ཚིག་རྒྱ་ལས་མ་བསྒྲལ་པར། །དེང་འདིར་བཅོལ་བའི་ཞི་རྒྱས་དབང་དྲག་གི །ལས་རྣམས་ཐོགས་པ་མེད་པར་ལྷུན་གྱིས་སྒྲུབས། །ལྗང་། མཁྱེན་བརྩེ་ནུས་པའི་མ་དྲོས་ཀླུང་ཆེན་ལས། །རྣམ་བཞིའི་འཕྲིན་ལས་ཆུ་བོ་བཞི་འབབ་པ། །བྱང་ཆུབ་སྙིང་པོར་མཆིས་མིན་དེ་སྲིད་དུ། །སྲིད་ཞིའི་ལེགས་བྱས་རྒྱ་མཚོར་རོ་གཅིག་མཛོད། །ལས་མགོན། ཞེ་སྡང་ཉི་མ་འཆར་ཁའི་དམར་ཟླུམ་སྤྱན། །རབ་གདངས་ཁྲོས་པའི་གོམ་སྟབས་ཤུགས་དྲག་པོས། །དགྲ་དཔུང་གར་གནས་སར་སོང་ཁྲག་དྲོན་རྒྱུན། །འཐུང་ཞིག་པུ་ཏྲ་མིང་སྲིང་ཡབ་ཡུམ་ཀྱེ། །གནོད་སྦྱིན། ཆོས་བཞིན་སྒྲུབ་ལ་བར་དུ་གཅོད་པའི་བགེགས། །ཐལ་པར་རློག་བྱེད་བེག་ཙེ་ལྕམ་དྲལ་ཆེ། །མི་ཟན་དྲེད་ལ་ཞོན་ནས་སྟོང་གསུམ་ཀུན། །མྱུལ་ནས་ལས་ཀུན་སྒྲུབས་ཤིག་གར་དབང་མ། །ལྕགས་ཕག་ཕན་བདེ་ལེགས་བཤད་གླིང་པར་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་གྱི་(༡༢༩བ)


GLG018_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་བསྐལ་ཞག་བདུན་གྱི་བར་བཙུགས་པའི་སྙན་ཤལ་ཁ་ཡིག་ནད་སེལ་སྨན་གྱི་ལྗོན་པ། གངས་ཅན་བོད་ཀྱི་ལྷ་ཆེན་དྲི་ཟའི་རྒྱལ། །གཡུང་དྲུང་ཞིང་གི་སྲུང་མ་གཉན་ཆེན་ལྷ། །རྒྱལ་དབང་པདྨས་དམ་བཏགས་ཡ་ཞུར་ཞེས། །ཡོངས་གྲགས་ཐང་ལྷ་གསང་མཚན་འབར་བ་རྩལ། །གནས་དགུར་སྐུ་ཡི་ཟློས་གར་སྒྱུར་བ་ལ། །སྣ་ཚོགས་མཚན་གྱི་བརྡ་སྐད་མ་འདྲེས་གསལ། །ངོ་བོ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་། །གདོད་ནས་དག་པའི་རང་རིག་ཀུན་ཏུ་བཟང་། །མཆོད་བྱ་མཆོད་བྱེད་མཆོད་ཡུལ་སྤྲོས་པའི་རླབས། །གནས་ལུགས་རྒྱ་མཚོའི་དབྱིངས་སུ་རོ་གཅིག་པའི། །ཡེ་དག་ལྷུན་གྱིས་གྲུབ་པ་མཆོད་པའི་མཆོག །ཟུང་འཇུག་རྣལ་འབྱོར་ལམ་བཟང་འདི་ཀོ་མཚར། །འོན་ཏེ་ཚོན་བརྒྱ་མྱུལ་བའི་ཤིང་བཞིན་དུ། །ལས་ཀུན་མ་འདྲེས་འཆར་ཕྱིར་རྒྱལ་སྲིད་དང་། །དམ་སྲི་ལ་སོགས་གནོད་བྱེད་གདོན་བགེགས་ཀུན། །སྤྲུལ་པའི་ལྷ་གཡག་དཀར་པོས་ཐལ་བར་རློག །བཞི་བརྒྱ་རྩ་བཞིའི་ནད་སེལ་རྩི་སྨན་ལྗོན། །སྲོག་གི་ཀ་བ་ཉེར་འཛུགས་བདུད་རྩིའི་བཅུད། །བསམས་པའི་རེ་བ་ཀུན་སྐོང་དཔག་བསམ་དབང་། །མཛོད་ཅིག་ལྷ་ཆེན་བཙུན་མོ་སྲས་འཁོར་ཀྱེ། །སྐུ་འབག་སྲོག་སྔགས་རྒྱན་གོས་ཕྱག་མཚན་སོགས། །བསྟེན་པའི་དམ་རྫས་དེ་ལ་རྟག་བཞུགས་ཏེ། །ལས་ཀུན་ཐོགས་མེད་སྒུབས་ཤིག་འབར་བ་རྩལ། །རྩ་བརྒྱུད་བླ་མའི་དམ་ཚིག་གཉན་པོ་དགོངས། །(༡༣༠ན)


GLG018_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀུན་ཁྱབ་བདག་ཁྲ་ཚང་པ་ཆེན་པོ་བློ་གྲོས་མཆོག་གི་རྡོ་རྗེ་ཞིང་འདིར་སྐུའི་བཀོད་པ་བསྡུས་ཚེ་སྐུ་གདུང་རིན་པོ་ཆེར་ཕུལ་བའི་སྙན་ཤལ་ཁ་བྱང་དག་ཞིང་བཀོད་པ་རྒྱ་མཚོའི་གར་མཁན། བློ་གྲོས་རབ་གསལ་གདུལ་བྱར་མཆོག་གི་ལམ། །ཐུན་མོང་དངོས་གྲུབ་སྩོལ་བའི་རིགས་བརྒྱའི་བདག །རྡོ་རྗེའི་སློབ་དཔོན་གཟུགས་སུ་ཡོངས་ཤར་བ། །ཞིང་འདིར་ཐ་མའི་མཛད་པ་མངོན་སུམ་བསྟན། །འོད་གསལ་གཞོན་ནུ་བུམ་སྣོད་ཟ་མ་ཏོག །ཉེར་སྤངས་གང་ཐུགས་རང་བྱུང་རིག་པའི་སྒྲོན། །བདེ་ཆེན་ཞི་བའི་ཀློང་དུ་རོ་གཅིག་པ། །ཀྱེ་མ་གཞན་འདྲིད་སྒྱུ་མའི་རོལ་རྩེད་བཞིན། །འོན་ཏེ་ཆུ་ནང་ཟླ་བའི་དཀྱིལ་འཁོར་ལྟར། །དག་པའི་ཞིང་གི་བཀོད་པ་གངྒཱའི་རྡུལ། །དེ་སྙེད་ཟློས་གར་སྒྱུར་བའི་མིག་འཕྲུལ་གྱིས། །འགྲོ་ཀུན་འདྲེན་པའི་འཕྲིན་ལས་གཅིག་ཏུ་ཆེ། །ཀ་ནས་དག་པའི་རང་གི་སེམས་ཉིད་འདི། །ལྷུན་གྲུབ་འོད་ལྔའི་འཇའ་ལུས་རྡོ་རྗེ་སེམས། །བཙལ་ཚེ་གཞན་མིན་དཔལ་ལྡན་བླ་མ་ཡི། །ངོ་བོར་ངེས་རྙེད་རྣལ་འབྱོར་ལ་གཞོལ་སྤྲོ། །དེ་ཕྱིར་པད་འབྱུང་རང་སྣང་རིག་མ་དང་། །མཉམ་སྦྱོར་རྡོ་རྗེ་འཆང་དང་མགོན་པོ་ཁྱོད། །དབྱེར་མེད་གཙུག་ཏུ་བཞུགས་ལ་གསོལ་འདེབས་ན། །དབང་བཞིའི་བྱིན་རླབས་སྙིང་ལ་འབབ་པར་ཤོག །གང་གི་ཐུགས་རྗེའི་གྲིབ་ཏུ་ཉེར་བསིལ་བར། །མཁའ་མཉམ་ཡིད་ཅན་མཐའ་དག་ངལ་གསོ་ཞིང་། །དག་དང་མ་དག་གདུལ་བྱའི་དབང་པོ་དང་། །འཚམ་པར་སྤྲུལ་པའི་རྣམ་རོལ་སྟོན་པར་ཤོག ། ཕོ་བྲང་གེ་ར་བ་བློ་བཟང་དགེ་འདུན་གྱིས་ཕན་བདེ་ལེགས་བཤད་གླིང་པའི་ཆོས་སྲུང་སྤྱི་བྱེ་བྲག་ལ་སྙན་(༡༣༠བ)


GLG018_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཕུལ་བའི་ཞལ་བྱང་བསམ་དོན་རེ་སྐོང་། ཕྱག་དྲུག་པ། མ་རུངས་གདུལ་དཀའི་གཉེན་པོར་པད་དཀར་འཆང་། །རྡོ་རྗེ་སྲིན་པོའི་གཟུགས་ཀྱི་ཉེར་ཁྲོས་པ། །དཔལ་ལྡན་མྱུར་མཛད་ཡེ་ཤེས་མགོན་པོ་ཆེར། །རབ་དཀར་ལྷ་རྫས་སྙན་ཤལ་འདི་ཕུལ་བས། །ཐུབ་བསྟན་འཕེལ་ཞིང་དེ་འཛིན་ཚོགས་རྣམས་རྒྱས། །ཡངས་པའི་འཇིག་རྟེན་ཀུན་ཏུ་བདེ་སྐྱིད་དར། །བདག་སོགས་ནད་གདོན་བར་ཆད་ཀུན་ཞི་ཞིང་། །བསམས་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད། །ལས་གཤིན། དུས་ཀྱི་དགྲ་བོར་ཁྲོས་པའི་དཔའ་བོ་ཆེ། །དུས་མཚན་མ་སོགས་འཁོར་གྱི་རབ་བསྐོར་ནས། །དུས་གསུམ་རྒྱལ་བའི་བསྟན་སྲུང་མཐུ་བོ་ཆེས། །དུས་དེང་བཅོལ་བའི་ལས་རྣམས་ཐོགས་མེད་སྒྲུབས། །ལྷ་མོ། སྲིད་ལམ་དུབ་པའི་སྐྱེ་རྒུའི་ངལ་སྟེགས་གནས། །སྲིད་ཞིའི་མགོན་པོ་ཤཱཀྱའི་ཆོས་སྐྱོང་ཆེ། །སྲིད་པའི་རྒྱལ་མོ་དཔལ་ལྡན་རེ་མ་ཏཱིས། །སྲིད་མཐའི་བར་དུ་མགོན་སྐྱབས་དཔུང་གཉེན་མཛོད། །རྣམ་སྲས། རྣམ་ཀུན་མཆོག་ལྡན་རྒྱལ་བ་རིན་ཆེན་མང་། །རྣམ་ཐོས་སྲས་ཞེས་གནོད་སྦྱིན་སྡེ་དཔོན་ཆེས། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་མིན་པར། །རྣམ་མང་ཆོག་ཐུན་དངོས་གྲུབ་མ་ལུས་སྩོལ། །ཆོས་སྐྱོང་སྤྱི། རབ་འབྱམས་རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་ནས། །རབ་ཁྲོས་བསྟན་སྐྱོང་རྒྱ་མཚོའི་ཚོགས་རྣམས་ཀྱིས། །རབ་མང་ཉེས་བརྒྱའི་སྨག་རུམ་མ་ལུས་པ། །རབ་དཀར་ཟླ་རྒྱས་ཤར་ལྟར་ཞི་བར་མཛོད། །ལྕགས་ཕག་ཧོར་ཟླ་བརྒྱད་པར་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་ཆོས་(༡༣༡ན)


GLG018_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྒྱལ་གྱི་བྱམས་ཆེན་དང་ཆོས་སྐྱོང་ཁ་ཤས་ལ་སྙན་དར་ཕུལ་བའི་ཁ་བྱང་ལས་བཞི་ལྷུན་གྲུབ། མ་སྨད་བཟོད་པའི་ཆར་གྱིས་ཁྲོ་བའི་མེ། །གྲངས་མེད་སྐྱེ་བར་རབ་གཞིལ་གཤིན་པའི་སར། །བརྩེ་ཆེན་བསྐྱེད་བསྲིངས་ཡོངས་འདུ་ཐུགས་རྗེའི་གར། །བསིལ་བར་འགྲོ་ཀུན་དབུགས་དབྱུང་མ་ཕམ་མགོན། །ལྷ་གཅིག་བྱམས་པའི་སྟོབས་ཀྱིས་བདུད་བཞིའི་ཚོགས། །དེང་ནས་བྱང་ཆུབ་བར་དུ་ཉེར་སྲུངས་ལ། །དགྱེས་པའི་སྤྱན་རས་གཟིགས་པ་ལྷུར་མཛད་དེ། །རྟག་ཏུ་ཕན་དང་བདེ་བའི་ལམ་ལ་སྦྱོར། །དེ་ཝཱི་ཀོཊི། དཔལ་ལྡན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་གར། །དབྱངས་ཅན་ལྷ་མོའི་རོལ་པར་ཡོངས་སྒྱུར་ཡང་། །ཐུབ་བསྟན་སྲུངས་མར་དཔལ་ལྡན་རེ་མ་ཏཱི། །འདོད་ཁམས་དབང་མོའི་ཐུགས་དམ་རྒྱུད་བསྐུལ་ན། །དཀར་སེར་དམར་མཐིང་ལྗང་འཕྲུལ་ཉིན་བྱེད་ཀྱིས། །མི་མཐུན་ཉེས་བརྒྱའི་སྨག་རུམ་སངས་པ་དང་། །ལྷན་ཅིག་ཕན་བདེའི་སྣང་བ་འོད་པོ་ཆེས། །ཀུན་ཁྱབ་འཕྲིན་ལས་རྣམ་བཞི་ལྷུན་གྱིས་སྒྲུབས། །རྒྱལ་པོ། ནད་གདོན་བར་ཆད་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་དཔལ་ལུང་རྟོགས་ཡོན་ཏན་དཀར་ཕྱོགས་ཀྱི། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་ཚོགས། །ཐོགས་མེད་སྒྲུབས་ཤིག་སྤྲུལ་པའི་ཆོས་རྒྱལ་ཆེ། །རྡོར་ལེགས། རྒྱལ་དབང་པདྨའི་དགེ་བསྙེན་དམ་ཚིག་ཅན། །རྡོ་རྗེ་ལེགས་པ་མཆེད་འཁོར་བཅས་པ་ཡིས། །བདག་སོགས་མི་ནོར་འཁོར་དང་བཅས་པ་རྣམས། །རྟག་ཏུ་སྲུང་སྐྱོབ་འཕྲིན་ལས་མ་ལུས་(༡༣༡བ)


GLG018_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབས། །འགལ་བྱེད་ཅེས་པ་ལྕགས་ཕག་ཧོར་ཟླ་བརྒྱད་པའི་ནང་དུ་སྡེ་པ་བློ་བཟང་མཐུ་སྟོབས་ཆུ་ཚན་དང་སྒྲགས་ཆོས་འཁོར་རྒྱལ་གྱི་གཏོར་གསོལ་ལ་བཏེག་སྐབས་གནྡྷོ་ལ་དང་མགོན་ཁང་རྣམས་ལ་སྙན་ཤལ་ཕུལ་བའི་ཞལ་བྱང་ཀུན་བཟང་རྣམ་པར་འཕྲུལ་བའི་ཟློས་གར། བྱམས་ཆེན། གང་གི་ཞལ་གྱིས་འཆེས་པའི་དམ་བཅའི་འབྲས། །ལུས་ཅན་ཡོངས་ཀྱིས་མངོན་སུམ་ཉམས་མྱོང་བ། །ཁྱོད་ཀྱི་ཁྱད་པར་མ་ལགས་དམ་པ་ཀུན། །ངང་ཚུལ་དེ་ལས་འགྱུར་མེད་རང་གི་གཤིས། །འོན་ཏེ་ནམ་མཁའི་ཁྱོན་གྱི་མཐའ་དང་ཚད། །གཞལ་དཀའི་སྐྱེ་རྒུ་མ་ལུས་རིང་མིན་དུ། །མགོན་པོ་ཐུགས་རྗེའི་ཐེམ་སྐས་ལ་འཛེགས་ནས། །བླ་མེད་བྱང་ཆུབ་ཁང་པར་འཇུག་བྱིན་རློབས། །རྡོ་རྗེའི་གདན་དུ་མཆོག་གི་སྤྲུལ་པའི་སྐུར། །མངོན་སངས་རྒྱས་ཚེ་བདག་སོགས་འདུས་པའི་འཁོར། །(༡༣༢ན)


GLG018_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་སྐྱེས་ནས་ཆོས་ཀྱི་བདུད་རྩིའི་རོ། །མྱོང་བའི་སྐལ་བ་བཟང་པོར་རྗེས་ཟུངས་ཤིག །མགོན་ཁང་ཆེན་མོ། ཉིན་མཚན་གཡེལ་བ་མེད་པར་ཐུབ་བསྟན་ལ། །མེལ་ཚེ་མཛད་པའི་ཆོས་སྲུང་རྒྱ་མཚོའི་ཚོགས། ཀུན་བཟང་མཆོད་པའི་སྤྲིན་གྱིས་མཉེས་བྱེད་ན། །ཞི་རྒྱས་དབང་གི་འཕྲིན་ལས་མ་ལུས་སྒྲུབས། །རྡོ་སྐུ་མེ་འབར་མ། རབ་ཏུ་འབར་བ་བྱིན་ཟའི་ཕུང་པོའི་རྩེར། །དགྲ་བགེགས་ཕྱེ་མ་ལེབ་རྣམས་མི་རྟག་ལམ། །འགོད་མཛད་སྟོབས་འཕྲོག་དབང་པོས་ལོག་འདྲེན་གྱི། །སྙིང་ག་འདམ་ལྟར་བརྫི་བའི་བྲོ་ཆེན་རྡུངས། །ཀོ་གཏུམས་མ། གང་ཞིག་གཡུལ་ངོར་ཤར་བའི་མོད་ཉིད་ལ། །ཕས་རྒོལ་དུས་མཐའི་རླུང་གིས་སྦུར་མ་བཞིན། །མཐར་བྱེད་དཔལ་ལྡན་མ་ཧཱ་ཀཱ་ལ་ཡིས། །དགོན་གནས་སྡེ་དང་བཅས་འདི་རྟག་ཏུ་སྲུངས། །ཙི་ཏྲང་ཁང་ཟིལ་གནོན་ལས་གཤིན་དང་བཅས་པ། འཁོར་འདས་ཕྱག་རྒྱ་ཟིལ་གནོན་ཐོག་མའི་མགོན། །བཀའ་ཉན་གདོད་ནས་གྲུབ་པའི་འཆི་བདག་ཞལ། །གདངས་པའི་མགྲིན་པར་དགྲ་རྣམས་ཁྱུར་མིད་དུ། །བཏང་ནས་སྲིད་པའི་གྲོང་དུ་སྲོག་དང་ཕྲོལ། །སྟག་ཞོན་གཏེར་སྲུང་དང་བཅས་པ། སྟག་ཆེན་སྨྱོན་པ་ཞོན་པའི་མོན་པ་ནག །ལེགས་ལྡན་དབང་པོ་མཐུ་ཆེན་སྡེ་བཞིའི་ཚོགས། །དམ་རྫས་མཆོད་གཏོར་སྤྱན་གཟིགས་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་དུས་ལས་མ་གཡེལ་ཞིག །མགོན་ཁང་བར་གྱི་དམག་ཟོར་མ། སྲིད་ཞིའི་གདུང་བའི་ནད་བརྒྱ་མ་ལུས་པ། །སེལ་བའི་སྨན་གཅིག་རྣམ་རྒྱལ་རེ་མ་ཏཱིའི། །བྱིན་རླབས་ཟིལ་དངར་སྙིང་གི་ཟ་མ་ཏོག །ཕྱུར་ཕུར་གཏམས་པའི་སྐལ་བཟང་མངོན་སུམ་སྩོལ། །དེ་ཝཱི་ཀོ་ཊི། གང་ལ་བརྟེན་ན་བསམ་པའི་རེ་བ་ཀུན། །འགྲུབ་(༡༣༢བ)


GLG018_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཡིད་བཞིན་དབང་གི་རྒྱལ་པོའི་མཆེད། །དྲན་པས་སྙིང་གི་གདུང་སེལ་དབྱངས་ཅན་མ། །ལོག་འདྲེན་གཤེད་དུ་དམག་དང་ཟོར་གྱི་ལྷ། །གཏོར་མའི་བཟའ་བཅའ་སྨན་རག་བདུད་རྩིའི་སྐྱེམས། །ཕྱི་ནང་གསང་མཆོད་ནམ་མཁའ་མཛོད་ཀྱི་སྒོ། །ཏིང་འཛིན་སྔགས་བརྒྱའི་ལྡེ་མིག་གིས་ཕྱེ་ནས། །ཐུགས་དམ་གཉན་པོ་དབྱིངས་སུ་སྐོང་བྱེད་ན། །རྣལ་འབྱོར་བདག་གི་ཆེད་དུ་གཉེར་གཏད་པའི། །དགོན་གནས་མི་ནོར་སྡེ་དང་བཅས་པ་སྐྱོབས། །ཞི་རྒྱས་དབང་དྲག་འཕྲིན་ལས་ཀུན་སྒྲུབས་ལ། །བསམས་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད། །དམག་ཟོར་མའི་གསེར་སྐུ། གཅིག་པུ་ཉིད་ལས་ཁྲོ་ཆགས་རྒྱས་དང་ཞིའི། །སྣ་ཚོགས་གར་མཛད་འདོད་ཁམས་དབང་ཕྱུག་མས། །རིག་འཛིན་བདག་གི་བསམས་པའི་དོན་རྣམས་ཀུན། །ལྷུན་གྱིས་གྲུབ་པའི་མཐུ་སྟོབས་དཔུང་ཚོགས་སྐྱེད། །གཡུ་སྒྲོན་མ། བོད་ཁམས་བསྲུང་མཛད་རྡོ་རྗེ་གཡའ་མ་སྐྱོང་། །ལ་སོགས་བདུད་དང་གནོད་སྦྱིན་སྨན་མོའི་ཚོགས། །མཐུ་རྩལ་སྐྱེད་ལ་གངས་ཅན་ཡུལ་ཁམས་འདིར། །འཐབ་བརྩོད་ནད་རིམས་མུ་གེ་མ་ལུས་གཞིལ། །བསིལ་ཚལ་གྱི་གུར་མགོན། རྣམ་སྣང་ཡེ་ཤེས་བཞུ་བླུགས་མཐུ་སྟོབས་ཆུ། །རབ་ཁོལ་རྡོ་རྗེ་སྲིན་པོའི་ཕྱག་བཟུང་དབུས། །རྣམ་འཕྲུལ་གཎྜིའི་སྒོ་གསུམ་ཕྱེ་བ་ལས། །ལེགས་སྤྲོས་སྤྲུལ་པའི་དམག་གིས་དགྲ་དཔུང་ཆོམས། །ཞལ། གཏུམ་ཆེན་ཧ་ཧའི་གད་རྒྱངས་དྲག་པོའི་སྒྲས། །ལོག་འདྲེན་སྙིང་ག་འགས་དང་ལྷན་ཅིག་པར། །བྱིན་རླབས་བུམ་བཟང་ལས་འོངས་བདུད་རྩིའི་ཆུས། །ལུས་ངག་ཡིད་རྣམས་བརྟས་པའི་འཕྲིན་ལས་མཛོད། །པུ་ཏྲ། བྲམ་ཟེའི་དམོད་པ་བཙན་པོའི་མཐུ་སྟོབས་ཀྱིས། །བསམ་ངན་སྦྱོར་རྩུབ་འཆང་བ་ཉམས་པའི་མགོ །(༡༣༣ན)


GLG018_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བྲེགས་པའི་ཐོད་རློན་ནང་དུ་སྙིང་ཁྲག་རྒྱུན། །ལང་ལོང་ཁོལ་བ་ཧུབ་སྒྲས་ཞལ་དུ་གསོལ། །ཆོས་འབྱུང་སྟེང་གི་ཆོས་སྐྱོང་སྤྱི། དཔལ་ལྡན་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཤཱཀྱའི་བསྟན་དང་བསྟན་འཛིན་སྡེར་བཅས་ལྗོན། །སྲིད་མཐའི་བར་དུ་རྒྱས་པའི་གྲིབ་བསིལ་ལ། །ལུས་ཅན་མཐའ་དག་ངལ་གསོར་སྤྱོད་པར་མཛོད། །ཞིང་སྐྱོང་། རྟ་མཆོག་རླུང་གི་ཤུགས་ཅན་ལ་ཞོན་ནས། །སྟོང་གསུམ་སྐད་ཅིག་མྱུལ་ཏེ་དམ་ཉམས་ཚོགས། །ཕྱེ་མར་བཏགས་པའི་ཤ་ཁྲག་རུས་པ་རྣམས། །སེང་ཞལ་གདངས་པའི་ནང་དུ་ཁ་རཾ་ཁཱཧི། །བེག་ཙེ་ལྕམ་སྲིང་། འཇམ་དཔལ་ཐུགས་སྤྲུལ་གནོད་སྦྱིན་དབང་གི་མདོག །བཀའ་ཉན་བཤན་པར་བཅས་པའི་འཁོར་ཚོགས་ཀྱིས། །ཐུབ་བསྟན་འཇོམས་རྣམས་མྱུར་དུ་ཚར་ཆོད་ལ། །གཙུག་ལག་གནས་དང་སྡེ་བཅས་མ་ལུས་སྐྱོངས། །རིག་པའི་ལྷ་མོ། རིག་པའི་ལྷ་མོའི་དམར་ཟླུམ་སྤྱན་རས་གྱིས། །ལྐོག་ཏུ་གྱུར་པའི་གཟིགས་ན་མངོན་སུམ་དུ། །བསྟན་དང་འགྲོ་ལ་ཉེར་འཚེའི་དཔུང་ཚོགས་ཀྱི། །སྲོག་དབུགས་ཤ་ཁྲག་རུས་རྣམས་ཚོགས་སུ་རོལ། །རཱ་ཧུ་ལ། པདྨ་ཐོད་འཕྲེང་བརྒྱུད་པར་བཅས་པ་ཡི། །བཀའ་དང་དམ་ལས་ནམ་ཡང་མ་འདས་པར། །རིག་འཛིན་བདག་ལ་འཁུ་བའི་ལོག་འདྲེན་རྣམས། །ཁ་མིག་ལྟག་པར་སྐྱོལ་ལ་རྡུལ་དུ་རློགས། །ཚེར་ཕུང་རྒྱལ་པོ་སྐུ་ལྔ། མཚོ་སྐྱེས་རྡོ་རྗེས་གངས་ཅན་གཙུག་ལག་ཁང་། །བསྲུང་བར་གཉེར་གཏད་ལི་བྱིན་ཧ་ར་ཆེ། །མཆེད་ལྔ་གསང་ཡུམ་བློན་པོ་བཀའ་སྡོད་རྣམས། །མཆོད་གཏོར་འདི་བཞེས་འཕྲིན་ལས་མ་ལུས་སྒྲུབས། །ཙེའུ་དམར་བ། ཟབ་མོ་གཏེར་གྱི་སྲུང་མ་མཐུ་རྩལ་ཅན། །འབར་བ་སྤུན་བདུན་བཙན་རྒོད་བཤན་པའི་(༡༣༣བ)


GLG018_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ། །ཐུགས་དམ་སྐོང་ན་ལས་ཀུན་བསྒྲུབ་པའི་ཆེད། །རླུང་གི་ཤུགས་ཅན་རྟར་ཞོན་སྟོང་གསུམ་མྱུལ། །རྡོར་ལེགས། རྡོ་རྗེའི་ཐོ་བས་དགྲ་དཔུང་ཕྱེར་བཏགས་ལྷག །སྦུད་མཆུའི་རླུང་ཤུགས་ཀྱིས་སྦར་མེ་ལྕེ་ཡིས། །བསྲེགས་པའི་ཐལ་བ་ཙམ་ཡང་རྗེས་མེད་དུ། །མཛོད་ཅིག་དམ་ཅན་དགེ་བསྙེན་རྡོ་རྗེ་ལེགས། །གཟའ་གདོང་དམར་ནག །སྔགས་འཆང་བདག་གི་ཆོས་སྲིད་དཔལ་འབྱོར་ལ། །འཁུ་བར་བྱེད་རྣམས་སྟེང་འོག་ཕྱོགས་མཚམས་གར། །བྲོས་ཀྱང་བཤན་པ་མིག་དམར་བྱ་ཁྱུང་ལ། །ཞོན་ནས་རྗེས་སྙོགས་རྩ་བ་དྲུང་ནས་ཕྱུངས། །ཇོ་བོ་རྒྱལ་མཚན་པ། ལངྐའི་བདག་པོའི་སྒོ་སྲུངས་མཐུ་བོ་ཆེ། །ཡང་སྲིད་དཀར་མོ་ལྗོངས་ཀྱི་གནས་སྐྱོང་དུ། །ཉེར་བཟུང་གཞི་བདག་ཇོ་བོ་རྒྱལ་མཚན་པས། །གཡེལ་བ་མེད་པར་མཐུན་པའི་ལས་རྣམས་མཛོད། །རྟ་རྒོད་ཤེལ་ལྕགས། ཡིད་འོངས་ཁ་བའི་རྡུལ་མང་རབ་བརྩེགས་ཤིང་། །ཆུ་ཀླུང་ཕྱོགས་བཞིར་འབབ་པའི་ཕོ་བྲང་ལ། །ཉེར་བརྟེན་གནོད་སྦྱིན་རྟ་རྒོད་ཤེལ་ལྕགས་ཀྱིས། །མཐུན་པའི་རྐྱེན་རྣམས་བསྒྲུབ་པའི་སྟོང་གྲོགས་མཛོད། །མངོན་དགའ་ལྕོག་གི་རྒྱལ་པོ། དམ་པའི་རིགས་ལས་གདེངས་ཅན་དབང་པོའི་ཚ། །དཔེ་ཧར་རྒྱལ་པོ་སྡེ་ལྔ་འཁོར་བཅས་ཀྱིས། །ཆོས་འཁོར་རྒྱལ་གྱི་རྟེན་དང་བརྟེན་པ་རྣམས། །བསྲུང་སྐྱོབ་སྤེལ་པའི་འཕྲིན་ལས་མ་ལུས་སྒྲུབས། །འཛིན་པ་ལག་མང་གི་དར་ལྕོག་ལ་འབྲི་རྒྱུ། ནོར་བུའི་ཐོད་མཛེས་སྦྲུལ་གྱི་གདེངས་ཀ་ཅན། །འཛིན་པ་ལག་མང་ཀླུ་ཡི་སྡེ་དཔོན་གྱིས། །གནས་འདིར་ཕུན་ཚོགས་འདོད་གུའི་ལོངས་སྤྱོད་ཆར། །འཛད་མེད་འབབ་པའི་སྒོ་འཕར་རྟག་ཏུ་ཕྱེ། །ཆུ་ལྷའི་ནགས་ཀླུང་རྒྱུ་བའི་རྒྱ་སྟག་ཀླད། །འགེམས་ནུས་(༡༣༤ན)


GLG018_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འཛིན་འཕྲོག་བྱེད་སྡེར་མོའི་དབལ། །རྣོ་ངར་རྩལ་གསུམ་རྫོགས་པའི་དམ་ཚིག་པར། །ཡེ་ཤེས་སེམས་དཔའ་དངོས་སུ་ཞུགས་པ་བཞིན། །བསོད་ནམས་བཙན་པོའི་ལས་རླུང་ཤིང་རྟའི་ཤུགས། །དུས་ཀྱི་མཁའ་ལ་རྒྱུ་བའི་སྟོབས་འབྱོར་ཉི། །རབ་འབར་ཕ་རོལ་སྨག་རུམ་བརྟན་འཕྲོག་པ། །འཇུག་པ་བཅུ་པའི་ངང་ཚུལ་རྗེས་སུ་འགྲོ །སངས་རྒྱས་ཀུན་གྱི་འཕྲིན་ལས་ནམ་མཁའི་མཐའ། །སྐལ་བཟང་གདུལ་བྱའི་རྒྱ་མཚོར་ཕན་བདེའི་རླབས། །འཕྲེང་བ་དུས་ལས་མི་ཡོལ་ནོར་བུའི་དཔྱ། །འབྱུང་གནས་ནམ་མཁའ་མཛོད་ཀྱི་མཆེད་ཟླ་དངོས། །བློ་ཆེན་ཚངས་པའི་ཡུལ་སར་འཁོར་བའི་གདུགས། །བཟང་པོའི་ལྷག་བསམས་ཡུ་བས་ཉེར་བཏེགས་པའི། །གྲིབ་ཏུ་བསིལ་བའི་སྟེགས་ལ་ལུས་ཅན་ཀུན། །ངལ་གསོའི་གྲགས་པ་ཕྱོགས་ཀྱི་རྣ་བར་འཇེབས། །མི་བཟད་ལག་ན་འབར་བའི་རྡོ་རྗེའི་མཚོན། །གདེངས་པས་ཡིད་སྲུབས་དྲུངས་འབྱིན་སྟོབས་པོ་ཆེ། །སྒེག་དཔའ་མི་སྡུག་གར་བསྐྱོད་རྐང་སེན་རྡུལ། །དྲེགས་ཅན་རལ་པའི་ཁྲོད་དུ་འཐུལ་བ་བཞིན། །བློ་གསལ་འདུས་སྡེས་གང་བའི་སྤུར་རྒྱལ་ཡུལ། །གཅིག་ཏུ་བཟང་པོའི་སྐལ་ལྡན་འཇིག་བྱེད་གདོན། །མཐུ་ཆེན་གསང་བདག་ཁྱོད་ཞལ་གདངས་ཙམ་གྱིས། །འཇོམས་ནུས་དཔའ་བའི་ང་རོ་གཅིག་ཏུ་བརྗིད། །དགེ་ཚོགས་འཇམ་མཉེན་དཀར་བ་ཨུཏྤ་ལའི། །ཆུན་པོ་མ་རྙིངས་རྣ་གོང་མཛེས་པའི་རྒྱན། །ཁ་འབྱེད་བསོད་ནམས་ཟླ་བ་ཚེས་པའི་ཆ། །ཉ་རྒྱས་སྣང་བའི་དཔལ་དེ་འབར་བར་ཤོག །ཅེས་པ་འདི་ཡང་ཚོང་འདུས་ཆོས་སྐྱོང་ཆེན་པོས་པོ་ཏ་ལར་གསང་བདག་གི་སྐུ་བཞེངས་ཞེས་བསྐུལ་བ་དང་ལྷན་དུ་ནང་བཞུགས་དང་སྙན་(༡༣༤བ)


GLG018_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཁ་ཡིག་འདི་ལྟ་བུ་ཞིག་བྲིས་ཤིག་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དཔལ་ལོ། །ལྕགས་ཕག་ཟླ་བ་བཅུ་པར་བསྟན་འཛིན་ད་ལའི་རྒྱལ་པོས་དུང་སྐྱོང་དབང་མོར་སྙན་ཤལ་ཕུལ་བའི་ཞལ་བྱང་ཕན་བདེའི་རྟ་བདུན་གུང་འཆར། དཔལ་ལྡན་དུང་སྐྱོང་ལྷ་མོ་དགྱེས་ཞལ་ཟླ། །འཛུམ་འཕྲེང་བསིལ་པའི་ཟེགས་མ་འབུམ་ཕྲག་གིས། །བསྟན་འཛིན་རྒྱ་མཚོའི་དབང་ཕྱུག་གནམ་བསྐོས་རྒྱལ། །ཐུགས་ཀྱི་ཀུནྡ་རྒྱས་པའི་འདབ་མ་ཕྱེ། །གོས་སེར་ཡལ་གའི་རི་དྭགས་བགྲང་བྱའི་སྲི། །སྨག་རུམ་མཐར་བྱེད་མཐུ་སྟོབས་རྟ་ལྗང་ཅན། །ཕན་བདེའི་གུང་ནས་འཆར་བའི་སྣང་བ་ཡིས། །བོད་ཧོར་སྐྱེ་རྒུའི་ཡིད་ཀྱི་ངལ་གསོར་མཛོད། །ལྕགས་ཕག་ཟླ་བ་བཅུ་པའི་ནང་དུ་རྒྱལ་པོ་ཡུལ་འཁོར་བསྲུང་ལ་སྙན་ཤལ་ཕུལ་པ་ཐོགས་མེད་དྲགས་རྩལ། ཡངས་པའི་ཡུལ་འཁོར་ཆེན་པོ་མ་ལུས་པ། །རྣམ་པར་སྐྱོང་པའི་དཔལ་ལྡན་རྒྱལ་པོ་ཆེ། །བཙུན་མོ་སྲས་བློན་སྡེ་བརྒྱད་དཔུང་ཚོགས་རྣམས། །དཔའ་གཏུམ་ཐོགས་མེད་དྲག་རྩལ་བརྟུལ་ཞུགས་ཀྱིས། །སཱ་ལའི་སྨན་ལྗོངས་བདེ་སྐྱིད་བདོག་པ་ཀུན། །འཕྲོག་བྱེད་ཆོམ་རྐུན་བསམ་ངན་སྦྱོར་རྩུབ་ལྡན། །གང་གནས་ཁྱོད་སྤྱན་དམར་ཟླུམ་སྒྲིབ་མེད་ཀྱིས། །ཉེར་གཟིགས་བཟློག་བསོད་བསྐྲད་རྨོངས་རེངས་པར་མཛོད། །ལྕགས་ཕག་དགེ་སློང་འཇམ་དབྱངས་གྲགས་པས་རི་བོ་བདེ་ཆེན་གྱི་བྱམས་ཆེན། དམག་ཟོར་མ། པེ་དཀར་གསུམ་ལ་སྙན་ཤལ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་ཀུན་བཟང་མཆོད་སྤྲིན། བྱམས་ཆེན། ཁྱོད་ཐུགས་ཀུན་ལ་བྱམས་པའི་བརླན་གཤེར་གྱིས། །ཡིད་སྲུབས་སྡེ་བཅས་སྙིང་ལ་གདུང་བའི་མེ། །འབར་མཛད་མི་ཕམ་མགོན་ཀྱེ་བདག་སོགས་འགྲོར། །ཐེག་ཆེན་ཆོས་འཁོར་རྒྱུན་ཆད་(༡༣༥ན)


GLG018_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྐོར་གསོལ། །དམག་ཟོར་མ། རྡོ་རྗེ་དབྱིངས་ཕྱུག་སྲིད་པའི་རྒྱལ་མོའི་གཟུགས། །ཉེར་བསྟན་དམག་དང་ཟོར་གྱི་དབང་མོ་ཡིས། །མཆོག་ཐུན་དངོས་གྲུབ་སྤེལ་བའི་འཕྲིན་ལས་བཞི། །བསམ་པའི་རེ་བ་ཇི་བཞིན་ལྷུན་གྲུབ་མཛོད། །རྒྱལ་པོ། དམུ་རིགས་ཀླུ་ཚ་སྟོབས་ལྡན་དགེ་བསྙེན་ཆེ། །ཆོས་དང་སྲིད་ཀྱི་མཐུན་རྐྱེན་མ་ལུས་པ། །གྲུབ་པའི་དཔག་བསམ་ཡོངས་འདུ་མཛོད་ཅིག་ཀྱེ། །ལྕགས་ཕག་དགེ་སློང་འཇམ་དབྱངས་གྲགས་པས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་འདུ་ཁང་དུ་བཀའ་བརྒྱད་སྲུང་མར་བཅས་པ་ལ་སྙན་ཤལ་ཕུལ་བའི་ཚེ་འདོད་གསོལ་དགོས་ཚུལ་བྱུང་བ་བཞིན་བྲིས་པ་སྒོ་གསུམ་དག་པའི་སྣང་བ། བཀའ་བརྒྱད། བདེ་གཤེགས་ཞི་ཁྲོ་གངྒཱའི་རྡུལ་སྙེད་ཀླུང་། །དཀྱིལ་འཁོར་གཅིག་འདུས་སྒྲུབ་ཆེན་བཀའ་བརྒྱད་ཀྱི། །མ་སྨད་ཐུགས་རྗེ་སྙིང་དབུས་ལ་ཞུགས་ནས། །ལྷ་སྔགས་ཡེ་ཤེས་དབང་པོར་བདག་འགྱུར་ཤོག །མ་ནིང་། འགྲོ་འདིའི་སྡང་དང་ཆགས་པའི་འཁྲུལ་སྣང་གཟུགས། །དྲེགས་པ་ཕོ་མོར་ཤར་བ་གཏི་མུག་དབྱིངས། །གཉིས་མེད་རྒྱུད་གསུམ་བདག་པོ་མ་ནིང་ནག །མཐུ་དཔུང་སྐྱེད་ལ་དགྲ་བགེགས་རྡུལ་དུ་རློག །སྡེ་དཔོན། སྔོན་གྱིས་ལས་སྨོན་ཤུགས་དྲག་རྣོ་ངར་མཚོན། །འཁོར་བས་དགྲ་སྲོག་དུམ་བུར་གཅོད་མཛད་པ། །མངའ་བདག་དྲེགས་པའི་སྡེ་དཔོན་སུམ་ཅུ་ཡིས། །ཞི་རྒྱས་དབང་གི་འཕྲིན་ལས་ལྷུན་གྱིས་སྒྲུབས། །ཡོངས་འཛིན་ཅེས་པ་ཆུ་བྱིའི་གནམ་ལོ་གསར་ཚེས་ཀྱི་བསྐང་བའི་དུས་འདོད་ཁམས་དབང་ཕྱུག་མར་སྙན་ཤལ་དར་ཚོན་སྣ་ལྔ་ཕུལ་བའི་ཁ་བྱང་སྲིད་ཞིའི་ལེགས་ཚོགས་རབ་རྒྱས། ལྗང་། མཛེས་སྡུག་དྲི་ཟའི་བུ་མོ་འཇོ་སྒེག་མཁན། །དགྲ་སྙིང་(༡༣༥བ)


GLG018_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཆེམ་ཆེམ་ཟ་བ་སྲིན་མོའི་གཟུགས། །མིག་འཕྲུལ་ལྟ་བུར་སྣང་བ་ཚུར་མཐོང་བློ། །དཔྱད་ཀྱིན་སེམས་ཀྱི་འཆར་སྒོའི་ཀུན་རྟོག་ཙམ། །འོན་ཏེ་དབྱིངས་རིག་དག་པའི་ནམ་མཁའ་ལ། །འདོད་ཁམས་དབང་མོའི་ཁ་རླང་ཡོངས་འཁྲིགས་ལས། །བྱིན་རླབས་འཛད་པ་མེད་པའི་ཆར་རྒྱུན་གྱིས། །མཆོག་ཐུན་དངོས་གྲུབ་སྙེ་མ་སྨིན་པར་མཛོད། །སྒྲིབ་གཉིས་སྲོག་རྩ་བཅད་ནས་ཞི་བའི་ལམ། །བགྲོད་ཚེ་སྲིད་ཞིའི་ལེགས་ཚོགས་རྒྱས་པ་དང་། །དབང་དུ་སྒྱུར་ལ་ངེས་པ་རྙེད་དེའི་ཕྱིར། །སྒྲུབས་ཤིག་རྒྱལ་བ་ཀུན་ཡུམ་དབྱིངས་ཕྱུག་ཀྱེ། །དཀར། ཐུགས་རྗེ་རྩི་སྨན་ལྗོན་པ་བདུད་རྩིའི་ཐིགས། །བྲན་པའི་མོད་ལ་བཞི་བརྒྱ་རྩ་བཞིའི་ནད། །དྲུང་ཕྱུང་སྒོ་གསུམ་བདེ་བའི་ངལ་སྟོབས་ལ། །རྟག་ཏུ་སྦྱོར་ཞིག་ཞི་མཛད་དུང་སྐྱོང་མ། །སེར། ཚངས་པའི་བསྐལ་བ་དང་མཉམ་བསོད་ནམས་གཟི། །འབར་བ་ཉིན་བྱེད་དངོས་བརྒྱའི་ལུས་བཟུང་སྟེ། །བསམ་པའི་རེ་འབྲས་འབད་དང་རྩོལ་བ་ལ། །བལྟོས་མིན་སྒྲུབས་ཤིག་རྒྱས་པའི་ལྷ་མོ་ཀྱེ། །དམར། ལྷ་མིའི་བསྙེམས་པ་ཆེས་ཆེར་སྲ་བའི་གཞུ། །ཆགས་མྱོས་བརླང་པོའི་རྒྱུད་ཀྱི་ཉེར་བཀུག་ནས། །ཚངས་པའི་ཡུལ་ས་ཚུན་གྱི་འཇིག་རྟེན་རྣམས། །འགུགས་པར་མཛོད་ཅིག་དབང་མཛད་ལྷ་མོ་ཆེ། །མཐིང་། མི་དང་མི་མིན་ལོག་འདྲེན་ལྷ་མིན་མོའི། །ངན་སྦྱོར་མངལ་སྦྲུམ་མཐུ་སྟོབས་རྡོ་རྗེའི་མཚོན། །གདེངས་པའི་མོད་ལ་ལྷུང་བ་མངོན་སྤྱོད་ལས། །སྒྲུབས་ཤིག་དམག་དང་ཟོར་གྱི་རྒྱལ་མོ་ཆེ། །ཆུ་བྱི་ཧོར་ཟླ་དང་པོའི་ནང་དུ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་ཉིན་ལྔའི་བར་སྲིད་གསུམ་བདག་མོའི་བསྐང་བ་བཙུགས་སྐབས་དར་ཚོན་སྣ་ལྔའི་སྙན་ཤལ་ཕུལ་བའི་ཞལ་བྱང་ཙནྡན་དྲི་བསུང་། ལས་ཉོན་དེ་འབྲས་སྨག་རུམ་གཉིད་གཡུར་ལས། །(༡༣༦ན)


GLG018_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་སློང་གང་སྐུ་ལས་འཕྲོས་སྣང་བའི་འོད། །བླ་ནས་བླར་འབར་སྐྱ་རེངས་མས་དྲངས་པའི། །བདེ་སྐྱིད་ཉི་མ་གུང་དུ་འཆར་བར་མཛོད། །སེར། ལེགས་བྱས་ཛམྦུའི་འབྲས་བུ་ཆུ་གཏེར་དང་། །དཀར། རོ་གཅིག་གསེར་སྦྱངས་སྙེ་མ་ཟད་མི་ཤེས། །དེང་ནས་སྐྱེ་བར་སྤྱོད་ལ་གྲོ་བཞིན་སྐྱེས། །རྣམ་ཐར་མངོན་སུམ་མྱོང་བའི་འཕྲིན་ལས་མཛོད། །དམར། སྔོན་གོམས་བསོད་ནམས་ཤུགས་དྲག་དབང་ཐང་རྡོས། །སྲིད་ཞིའི་དངོས་པོ་ཀུན་གྱི་ལྕགས་ཀྱི་ཟོང་། །དབང་མེད་རྗེས་སུ་འབྲང་བ་ང་ལས་ནུ། །གཅིག་པུའི་གྲོགས་ཀྱི་མཆེད་ཟླ་དེང་འགྲུབ་མཛོད། །ནག །གནམ་ལྕགས་ཚ་ཚ་འཕྲོ་བ་རྡོ་རྗེའི་མཚོན། །གདེངས་པས་གཞན་སྡེ་ལྷ་མིན་མོ་ཡི་མངལ། །ལྷུངས་དང་ལྷན་ཅིག་ཡིད་སྲུབས་མཆིས་བྲང་བཅས། །མྱ་ངན་ཁང་བུར་བརྒྱལ་བའི་འཕྲིན་ལས་མཛོད། །ལྗང་། ཁྱོད་མཚན་ཐོས་པའི་མོད་ལ་འཁོར་འདས་ཀྱི། །ཉེས་བརྒྱའི་ཚ་གདུང་ཀུན་སེལ་སིམ་པའི་དྲི། །མངར་པོར་འཐུལ་བ་སྔོན་མེད་ཙནྡན་གྱི། །རྗེས་འགྲོར་མཛོད་ཅིག་འདོད་ཁམས་དབང་ཕྱུག་ཀྱེ། །ཆུ་བྱི་ནག་པ་ཟླ་བར་ཆོས་འཁོར་རྒྱལ་རི་མཐིལ་གྱི་མགོན་ཁང་ཚོར་འབྲུམ་ནད་ལས་གྲོལ་བའི་གཏང་རག་བསྐང་བ་གཟབ་རྒྱས་བཙུག་པའི་དུས་ཕུལ་བའི་སྙན་ཤལ་ཁ་བྱང་འདོད་འཇོའི་དཔག་བསམ། དེ་ཝཱི་ཀོ་ཊི། དཀར་པོ། སྟོན་མཚན་ཟླ་བའི་དཀྱིལ་འཁོར་ཉ་གང་ཞལ། །དགྱེས་འཛུམ་ལྷུག་པར་སྟོན་ལ་སྒྲིབ་གཉིས་དང་། །ལྷན་ཅིག་ནད་གདོན་ཉེས་བརྒྱའི་མུན་པ་ཀུན། །ཞི་བར་མཛོད་ཅིག་འདོད་ཁམས་དབང་ཕྱུག་ཀྱེ། །སེར་པོ། གསེར་སྦྱངས་ཞུན་མའི་ལྷུན་པོའི་རྗེས་(༡༣༦བ)


GLG018_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སྐུར། །ཉི་མའི་དངོས་པོ་བརྒྱ་ཡིས་གོས་ཀླུབས་གཟི། །ཚེ་དཔལ་བསོད་ནམས་མངའ་ཐང་རྣམ་ཐོས་བུའི། །མཆེད་ཟླར་མཛོད་ཅིག་འདོད་ཁམས་དབང་ཕྱུག་མ། །དམར་པོ། བརྒྱ་ཕྲག་རྣམ་འགྱུར་མཐོང་བའི་མོད་ཉིད་ལ། །སྲིད་གསུམ་ཡོན་ཏན་ཐམས་ཅད་དབང་སྡུད་པའི། །འཕྲིན་ལས་བསམས་པ་ཇི་བཞིན་ཐོགས་མེད་དུ། །གྲུབ་པར་མཛོད་ཅིག་བསམས་འཕེལ་ཡོངས་འདུའི་ལྗོན། །མཐིང་ཁྲ། ཚེ་འབྱོར་ཆོས་དང་སྲིད་ལ་མཐོ་འཚམ་པའི། །ཡིད་སྲུབས་དགྲ་དང་བགེགས་ཀྱི་དཔུང་ཚོགས་ཀུན། །རྡུལ་དུ་རློག་ལས་ཕྱོགས་ལས་རྣམ་རྒྱལ་བའི། །བ་དན་སྲིད་པའི་རྩེ་མོའི་བར་དུ་ཕྱོར། །ལྗང་གུ། རྒྱལ་བ་ཀུན་ཡུམ་དབྱངས་ཅན་ངག་གི་ལྷ། །གདུག་པ་འདུལ་ཕྱིར་དཔལ་ལྡན་རེ་མ་ཏཱིས། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་པ། །འཛད་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །དཀར་པོ་ཆོས་འབྱུང་སྟེང་། བསྟན་སྲུང་རྒྱ་མཚོའི་སྤྱན་སྔར་མཐུན་པའི་རྫས། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ལྟར་སྤྲོ་ན། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །འཛད་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ནན་ཅིང་ཁ་བཏགས། བསིལ་བ་ཚལ། གུར་གྱི་མགོན་པོ་སྟོབས་འཕྲོག་ནག་པོ་ཆེ། །བཀའ་ཉན་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཞི་རྒྱས་དབང་གི་འཕྲིན་ལས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །བེག་ཙེ། དབང་དྲག་ལྷུན་གྲུབ་ཟངས་ཀྱི་བེག་ཙེ་ཅན། །སྲིང་མོ་རིག་པའི་ལྷ་མོ་གདོང་དམར་མ། །སྲོག་བདག་བཤན་པ་ཉེར་གཅིག་དམག་དཔུང་གིས། །བདག་ལ་གནོད་པའི་དགྲ་བགེགས་ཐལ་བར་རློག །དཀར་པོ། མགོན་ཁང་མཐིལ། དགོན་(༡༣༧ན)


GLG018_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདི་ཉིད་བསྲུང་ཞིང་སྐྱོབ་མཛད་པའི། །ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་སྤྱན་ལམ་དུ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་འབུལ་བྱེད་ན། །འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་གྲུབ་པར་མཛོད། །དཀར་པོ། མངོན་དགའ་ལྕོག །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྐུ་ལྔ་པོ། །གསང་ཡུམ་སྤྲུལ་པ་བློན་པོ་ལས་བྱེད་ཚོགས། །གནོད་སྦྱིན་བཙན་རྒོད་འབར་བ་སྤུན་བདུན་གྱིས། །ཞི་རྒྱས་དབང་གི་འཕྲིན་ལས་ལྷུན་གྱི་སྒྲུབས། །ཆུ་བྱི་ཟླ་བའི་ཡར་ཚེས་བརྒྱད་ཀྱི་དུས་གཏོར་མགོན་པོ་ཆེ་ཆུང་ལས་མཁན་དང་བཅས་ལ་ཕུལ་པའི་སྙན་ཤལ་ཁ་ཡིག་ལས་ཀུན་ཐོགས་མེད་རླབས་འཕྲེང་། གུར་མཐིང་། འོག་མིན་ཞིང་ཁམས་གཙོ་བོའི་ཐུགས་ག་ནས། །ཡེ་ཤེས་སེམས་དཔའ་བཞུ་བླུགས་ནག་པོ་ཆེའི། །རྣམ་འཕྲུལ་གཎྜི་ལས་སྤྲོས་ཕོ་ཉ་ཡིས། །ཡིད་སྲུབས་སྡེ་དང་བཅས་པ་ཐལ་བར་རློག །དཀར། བདེ་ཆེན་འཁོར་ལོའི་རྩ་འདབ་དབུས། །ལེགས་ལྡན་དཀར་པོ་ཚེ་བུམ་འཛིན། །འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །ལུས་ཟུངས་སྲོག་གི་ཀ་བ་ཚུགས། །དམར། ལོངས་སྤྱོད་འཁོར་ལོའི་རྩ་འདབ་ནང་། །ལེགས་སྣང་དམར་པོ་ལྕགས་ཀྱུ་འཛིན། །བརྟན་གཡོའི་ཕུན་ཚོགས་མ་ལུས་པ། །རང་དབང་མེད་པར་དབང་གིས་སྡུས། །སྔོ། ཆོས་ཀྱི་འཁོར་ལོའི་རྩ་འདབ་དབུས། །ལེགས་ལྡན་ནག་པོ་གྲི་གུག་འཛིན། །གནོད་བྱེད་དགྲ་དང་བགེགས་རྣམས་ཀྱི། །སྲོག་རྩ་དམར་པོ་མྱུར་དུ་ཆོད། །སེར། སྤྲུལ་པའི་འཁོར་ལོའི་རྩ་འདབ་དབུས། །ལེགས་ལྡན་སེར་པོ་རིན་ཆེན་འཛིན། །ཚེ་དང་བསོད་ནམས་དཔལ་འབྱོར་དང་། །ལུང་རྟོགས་ཡོན་ཏན་རྒྱས་པར་མཛོད། །ལྗང་། ཕྱི་(༡༣༧བ)


GLG018_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གསང་བའི་སྒྱུ་འཕྲུལ་ཀུན། །རང་ཤེས་དག་པའི་ནག་པོ་ཆེར། །ངེས་རྙེད་དཔལ་ལྡན་ཧེ་རུ་ཀས། །བྱང་ཆུབ་བར་དུ་བསྲུང་སྐྱོབ་མཛོད། །དཀར། མི་སྡུག་གནོད་སྦྱིན་ཡབ་ཡུམ་བཤོས་པའི་སྲས། །པུ་ཏྲ་བྷ་ཏྲ་སྲིང་མོ་རལ་གཅིག་མས། །བསམ་སྦྱོར་ངན་འཆང་དགྲ་དང་བགེགས་རྣམས་ཀྱི། །ལང་ལོང་ཁོལ་བའི་སྙིང་ཁྲག་ཞལ་དུ་རྔུབས། །དཀར། གནོད་སྦྱིན་བེག་ཙེ་སྲིང་མོ་གར་གྱི་དབང་། །སྲོག་བདག་དམར་པོ་བཤན་པའི་ཚོགས་རྣམས་ཀྱིས། །གནོད་པར་བྱེད་པའི་དགྲ་བགེགས་གར་གནས་ཀྱང་། །རྩ་སྦུར་མེ་ལ་བསྲེགས་པ་བཞིན་དུ་ཐོང་། །ཡོངས་འཛིན་གྱི་ལོ་ས་ག་ཟླ་བའི་ཚེས་བདུན་གྱི་དུས་ཆེན་ལ་འཕྲུལ་སྣང་དང་ར་མོ་ཆེར་བརྒྱ་མཆོད་སྣ་ལྔའི་ཐོག་སྙན་ཤལ་ཕུལ་བའི་ཁ་བྱང་ཐུགས་རྗེའི་ཉི་མ་གུང་ཤར། ཐུགས་རྗེའི་ཉི་མ་གུང་དུ་ཤར་བའི་འོད། །སྣང་བ་དམ་པའི་གཟི་བྱིན་ཆེར་འབར་བས། །སྒྲིབ་གཉིས་ངེས་བསྐྱེད་སྲིད་ཞིའི་ཟུག་རྔུ་ཀུན། །གཞིལ་བའི་མཆོག་སྦྱིན་སྩོལ་ཅིག་ཤཱཀྱའི་རྒྱལ། །ཇོ་བོ་མི་བསྐྱོད་རྡོ་རྗེ། ཇོ་བོ་ཤཱཀྱ་མུ་ནི། ཟས་གཙང་སྲས་སྐུ་བལྟམས་པའི་མོད་ཉིད་ལ། །དོན་ཀུན་ལྷུན་གྱིས་གྲུབ་པའི་མགོན་ཁྱོད་ཀྱིས། །སྲིད་ཞིའི་གདུང་བ་མ་ལུས་ཐར་མཛད་ནས། །ཕན་བདེའི་དགའ་སྟོན་མཆོག་ལ་སྦྱོར་བྱིན་རློབས། །རང་བྱོན་ལྔ་ལྡན། མཁའ་ལྟར་ཚད་བཟུང་གྲལ་བའི་འགྲོ་བ་ཀུན། །མི་བཟད་སྲིད་པའི་གློང་མཁར་ལས་བསྒྲལ་ནས། །ཐར་པའི་རིན་ཆེན་གླིང་དུ་ཉེར་ཁྲིད་དེ། །གཏན་བདེའི་ཡིད་བཞིན་ནོར་ལ་ལོངས་སྤྱོད་ཤོག །བྱམས་པ་ཆོས་འཁོར། དགྲ་གཉེན་བར་མར་ཆགས་སྡང་སྒང་གཤོངས་དང་། །བྲལ་བའི་བྱམས་པ་ཆེན་པོས་(༡༣༨ན)


GLG018_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་དཔུང་། །ལེགས་བཅོམ་རྣམ་པར་ཐར་པ་བདག་སོགས་འགྲོས། །འཛིན་པའི་སྐལ་པ་བཟང་པོར་འགྱུར་བར་ཤོག །རྗེ་རིན་པོ་ཆེ། རྣམ་དཔྱོད་དཔུང་པས་བཏེགས་པའི་ཨུཏྤལ་རྩེར། །མཁྱེན་པའི་རལ་གྲིས་ལོག་རྟོག་དྲ་བ་ཀུན། །གཅོད་མཛད་འཇམ་དབྱངས་བླ་མ་བཙོང་ཁ་པའི། །འཕྲིན་ལས་སྲིད་པའི་ཕ་མཐར་རྒྱས་གྱུར་ཅིག ། ཆུ་བྱི་ཧོར་ཟླ་བཞི་པའི་ནང་དུ་ཆོས་འཁོར་རྒྱལ་གྱི་དམག་ཟོར་མ་དང་ལས་གཤིན་གྱི་མཚོར་དགའ་གདོང་སྔགས་རམ་པ་དང་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གཉིས་གོས་དར་གསེར་དངུལ་སྨན་སྣ་སོགས་མཚོ་རྫས་ཕོན་ཆེ་བ་འབུལ་བར་བཏང་སྐབས་བྱམས་ཆེན་ལ་སྙན་ཤལ་ཕུལ་བའི་ཞལ་བྱང་ངེས་ལེགས་ལ་སྦྱོར། འགྲོ་ལ་གཅིག་ཏུ་བརྩེ་བའི་མཐོ་རིས་ཆུས། །ཡིད་སྲུབས་འདབ་ལྡན་གྱིས་སྦར་ཞུགས་ཀྱི་དཔུང་། །གཞིལ་མཛད་མི་ཕམ་མགོན་ཀྱི་རྒྱུད་ལྔའི་འགྲོ །ངེས་པར་ལེགས་པའི་ལམ་ལ་སྦྱར་དུ་གསོལ། །གེ་ར་ཆོས་མཛད་བློ་བཟང་དགེ་འདུན་ཚེའི་དུས་བྱས་སྐབས་གསོལ་དཔོན་བློ་བཟང་མཁྱེན་བརྩེས་ཇོ་ཤཱཀ། །རང་བྱོན་ལྔ་ལྡན། འཕགས་པ་ལོ་ཀེ་ཤ་ར་རྣམས་ལ་སྙན་ཤལ་ཕུལ་བའི་ཁ་ཡིག་དགོས་ཚུལ་བྱུང་བ་ལྟར་བཀོད་པ་བྱང་ཆུབ་མཆོག་ལ་སྤྱོད་པའི་ཐུགས་རྗེ་བསྐུལ་བ། ཇོ་བོ་རིན་པོ་ཆེ། གདུལ་དཀའི་འགྲོ་ལ་ཆེད་དུ་བརྩེ་བའི་ཐུགས། །རབ་བསྐྱེད་ཉི་མའི་གཉེན་ཞལ་ལྟ་བའི་སྐལ། །དམན་ལ་མགོན་ཁྱོད་བྱིན་རླབས་མངོན་སུམ་དུ། །འཇུག་ཕྱིར་ཉིད་ལས་གཞན་མིན་ཉེར་དགོངས་ཀྱེ། །ལྔ་པའི་ལམ་གྱུར་དམིགས་ཡུལ་བར་མ་དོའི། །དངངས་སྐྲག་དུཿཁ་ལས་དྲངས་དལ་བའི་རྟེན། །ཐོབ་པ་དོན་ལྡན་བསྒྲུབས་པས་ཡིད་ཅན་ཀུན། །འདྲེན་ཕྱིར་བྱང་ཆུབ་མཆོག་གི་སར་སྙེག་ཤོག །ཐུགས་རྗེ་ཆེན་པོ། དམིགས་བྱའི་རྒྱུད་ལ་དགོས་པའི་དུག་ལྔའི་མེ། །བྱམས་བརྩེ་ཀཏྤུ་ར་ཡིས་ཟེགས་(༡༣༨བ)


GLG018_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིས། །རབ་གཞོམ་ངེས་ལེགས་བསིལ་ལྡན་རེག་བྱའི་བདེར། །སྤྱོད་པའི་བསོད་ནམས་རི་བོ་དངོས་རྒྱུར་ཤོག །ལོ་ཀེ་ཤྭ་ར། འཇིག་རྟེན་དབང་ཕྱུག་ལྷག་བསམ་སྤྱན་གྱི་ཟུར། །དཀྱུས་རིང་ནམ་མཁའི་མཐའ་སྙེད་དེ་སྲིད་དུ། །འགྲོ་རྣམས་མི་འདོད་དམ་བཅའི་ཁུར་ཁྱེར་དོན། །ཇི་བཞིན་ཐུགས་རྗེ་བསྐུལ་བའི་སྨྲེང་འདི་གསོལ། །བྱིན་རླབས་མཐོ་རིས་ཆུ་བོས་མི་ཁོམ་པའི། །འཇིགས་རུང་ཞུགས་ཀྱི་ཕུང་པོ་ཡོངས་བཅིལ་ནས། །བློ་བཟང་དགེ་འདུན་མངོན་མཐོའི་ལམ་བཟང་དུ། །ཉེར་ཁྲིད་ཐར་པའི་གྲོང་དུ་འཇུག་བྱིན་རློབས། །འདིའི་ཆེད་དམིགས་སོ་ཅོག་གི་ཆོས་དཀར་རྡུལ། །བསགས་པའི་ཕུང་པོ་མཐོར་བརྩེགས་རི་རབ་སྤོར། །གཏན་བདེ་རྣམ་པར་རྒྱལ་བའི་ཕོ་བྲང་དུ། །ཆོས་ཀུན་གཟིགས་པའི་མིག་སྟོང་ལྡན་གྱུར་ཅིག ། དགེ་སློང་ཕུན་ཚོགས་རྒྱ་མཚོས་འཕྲུལ་སྣང་གཙུག་ལག་དང་རང་བྱུང་འཕགས་པར་འཕན་ཕུལ་བའི་ཁ་བྱང་བྱང་ཆུབ་མཆོག་ལ་ངེས་སྦྱོར། སྣ་ཚོགས་རི་མོ་བཀྲ་བའི་གོས་འཕན་འདིས། །ཉེར་མཚོན་དངོས་བཤམས་ཡིད་སྤྲུལ་མཆོད་པའི་ཚོགས། །སྲས་བཅས་རྒྱལ་བར་ཕུལ་བས་ལུས་ཅན་ཀུན། །བླ་མེད་བྱང་ཆུབ་གོ་འཕང་འཐོབ་པར་ཤོག །བྱེ་བ་ཕྲག་བརྒྱའི་ཀླུང་གི་རྡུལ་སྙེད་གྲངས། །རྣམ་འདྲེན་སྲས་དང་སློབ་མར་བཅས་པ་རྣམས། །གཅིག་བསྡུས་འཕྲུལ་སྣང་ལྷ་ཚོགས་ཐུགས་རྗེ་ཡིས། །བདག་སོགས་འགྲོ་ཀུན་ངེས་ལེགས་སར་འཁྲིད་ཤོག །ལག་ན་པད་དཀར་འཆང་བ་རང་བྱུང་དུ། །གཟུགས་བརྙན་སྐྱེ་རྒུར་དངོས་སྟོན་འཇིག་རྟེན་དབང་། །བྱིན་རླབས་སྙིང་ལ་ཞུགས་ཏེ་མཁའ་མཉམ་གྱི། །མ་རྒན་སེམས་ཅན་མཐའ་དག་འདྲེན་པར་ཤོག ། འབྲུམ་ནད་ལས་གྲོལ་སྐབས་ཕན་བདེ་ལེགས་(༡༣༩ན)


GLG018_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་གླིང་པའི་གྲལ་དུ་ཆོས་སྐྱོང་སྤྱིར་བཏང་རག་བཏང་དུས་སྙན་དར་ཁ་བྱང་འཕྲིན་ལས་རྣམ་བཞི་ལྷུན་གྲུབ། དཀར་པོ། རབ་དཀར་ཐུགས་རྗེའི་བདུད་རྩི་མཐོ་རིས་ཆུས། །ལས་ཉོན་དེས་བསྐྱེད་ནད་གདོན་ཉེས་ཚོགས་ཀུན། །ལེགས་བཀྲུས་སྲིད་ཞིའི་བདེ་ཆེན་ཟིལ་དངར་གྱི། །སྙིང་གི་བུམ་བཟང་རྟག་ཏུ་འགེང་པར་མཛོད། །སེར་པོ། བྱིན་རླབས་གཟི་བརྗིད་ཡིད་བཞིན་ནོར་བུ་ལས། །ལུང་རྟོགས་ཡོན་ཏན་ཚེ་དཔལ་སྟོབས་འབྱོར་འོད། །བརྒྱ་ཕྲག་ཉི་མའི་མདངས་ལ་འགོང་ནུས་པ། །བླ་ནས་བླ་རུ་འབར་བའི་འཕྲིན་ལས་མཛོད། །དམར་པོ། དཀྱུས་རིང་སྤྱན་གྱི་ཟུར་མངའ་ཕོག་པའི་མོད། །འཁོར་འདས་ཕུན་ཚོགས་བརྟན་པ་ཅིག་ཅར་དུ། །ཕྲོགས་ཏེ་ཁམས་གསུམ་དབང་ཕྱུག་གཙུག་ཏོར་རྩེར། །ལེགས་བྱས་ཟླ་བའི་ཆ་ཤས་ཉ་གང་མཛོད། །སྔོན། ལྷ་བུས་ཡིད་ཞུགས་བརླང་སྤྱོད་གོམ་པའི་རྗེས། །བསྟན་འགྲོའི་བདེ་སྐྱིད་པད་མཚོར་འཇོག་བྱེད་ཀུན། །དྲག་ཤུལ་སྲབ་མེད་སེང་གེར་རབ་འཕྱོ་བའི། །སྡེར་མོས་ཕུག་པའི་སྙིང་གི་ཁྲག་དྲོན་གསོལ། །ལྗང་གུ། འདོད་པའི་མན་ཤེལ་རྡུལ་མང་བརྩེགས་པའི་ངོས། །འཕྲིན་ལས་སྣ་ཚོགས་འཇའ་རིས་ཡོངས་ཤར་ནས། །དོན་རྣམས་གྲུབ་པའི་ཡོངས་འདུ་ས་བརྟོལ་གྱི། །དགེ་ལེགས་རོ་བརྒྱ་བདའ་བའི་འབྲས་མྱོང་མཛོད། །ཧེ་ཤྲཱི། ༈ སྨན་ཙེ། ལུ་ཧང་། སྟོད་གོས། མདྡི་ཝཱིམ་མ་ཀརྨནིརཱབྷོག་ཡུཪྺནྟུ། །ཆུ་གླང་གནམ་ལོ་གསར་ཚེས་ཀྱི་སྲིད་གསུམ་དབང་མོ་མཆོད་པའི་དུས་དར་ཚོན་སྣ་ལྔའི་སྙན་ཤལ་ཕུལ་བའི་ཁ་ཡིག་རང་བྱུང་ལུས་ཀྱི་རྡོ་རྗེར་འབྲལ་བ་མེད་པའི་གཏན་སྙན། དཀར་པོ་ཞི་བའི་འཕྲིན་ལས་འབུམ་ཕྲག་ཟླ་དཀྱིལ་ཆ། །ཉ་གང་འོད་ཀྱིས་སྡིག་དང་དེ་འབྲས་(༡༣༩བ)


GLG018_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

མུན། །མཐར་བྱེད་ཚངས་པའི་བུ་མོ་ཡིད་འཕྲོག་མ། །བདེ་ཆེན་འཁོར་ལོར་རྟག་རོལ་བསམས་དོན་སྒྲུབས། །སེར་པོ། རྒྱས་པའི་འཕྲིན་ལས་སྟོང་ཕྲག་ཉི་མའི་གཟི། །ཆོས་སྲིད་འཁོར་ལོར་རྟག་རོལ་བསམས་དོན་སྒྲུབས། །དམར་པོ། དབང་གི་འཕྲིན་ལས་ཟུར་མིག་དཀྱུས་རིང་མདའ། །ཕོག་པའི་མོད་ལ་འཁོར་འདས་བརྟན་འཕྲོག་པའི། །ཆོམ་རྐུན་ལག་ན་པད་དཀར་སྲས་མོ་ཁྱོད། །ལོངས་སྤྱོད་འཁོར་ལོར་རྟགས་སྤྱོད་བསམས་དོན་སྒྲུབས། །མཐིང་ཁ། དྲག་པོའི་འཕྲིན་ལས་གནམ་ལྕགས་རྡོ་རྗེའི་རྩེ། །བབས་དང་ལྷན་ཅིག་ཡིད་སྲུབས་སྡེར་བཅས་དྲག །མཐར་བྱེད་དབང་ཕྱུག་བུ་མོ་ཕུར་པའི་ལྷ། །ཆོས་ཀྱི་འཁོར་ལོར་རྟག་རོལ་བསམ་དོན་སྒྲུབས། །ལྗང་གུ། སྣ་ཚོགས་འཕྲིན་ལས་དཔག་བསམས་ཡོངས་འདུའི་ལྗོན། །འདོད་པའི་རེ་བ་སྐོང་བའི་འབྲས་སྟེར་མ། །རོལ་གཅིག་ལྷ་མོས་རྗེས་བཟུང་རེ་མ་ཏཱི། །བདེ་སྐྱིད་འཁོར་ལོར་རྟག་རོལ་བསམས་དོན་སྒྲུབས། །ཆུ་གླང་ཆོ་འཕྲུལ་མཆོད་པའི་དུས་ཇོ་བོ་ཤཱཀྱ་མུ་ནིར་ལྕགས་རི་དང་ཚལ་བུ་རྒྱ་མུ་ཏིག་གིས་བསྐོར་བའི་གོས་ཏཱ་ཧུང་གི་སྣམ་སྦྱར། ལྷ་ཁང་སོ་སོར་སྙན་ཤལ་སྤྱིར་བཟང་གོས་ཀྱི་བླ་བྲེ། འཕན་ཆ་གསུམ། དེ་ནས་མི་རིང་བར་ངེད་རང་ལ་དམིགས་ནས་གཞན་གྱིས་བྱིན་པའི་སེར་གན་གོས་ཚོན་ཁྲ། གོས་སྒྲིལ་བཏགས། །བཀྲས་བཏགས་སོགས་བཟང་གོས་ལས་གྲུབ་པ་བཅུ་གསུམ་སྐོར་ནང་ཤ་ཡང་གོས་སྔོ་ལྗང་ལས་བྱས་པ་མཎྜལ་ར་བའི་བླ་བྲེར་ཕུལ་བའི་སྣམ་སྦྱར་སོགས་ཀྱི་ཁ་ཡིག་ནམ་མཁའི་མཛོད་ཀྱི་སྒོ་བརྒྱ་འབྱེད་པ། བསྐལ་མང་སྔོན་ནས་གོམས་པའི་ཐུགས་བསྐྱེད་ཀྱི། །དམ་བཅའི་ཕུང་པོ་མཁའ་མཉམ་སེམས་ཅན་མཐའ། །མ་ཟད་དེ་སྲིད་རྫོགས་མིན་སྙིང་རྗེ་ཡིས། །ཆེས་ཆེར་(༡༤༠ན)


GLG018_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མའི་ཚུལ་འདིར་ལྷག་པར་དགོངས། །འགྲོ་རྣམས་ཐོགས་མེད་དུས་ནས་གནག་པའི་ལས། །ཉེར་བསགས་འབྲས་སྨིན་རང་གི་ཐོག་བབས་པ། །སྲས་བཅས་རྒྱལ་བར་ཡུས་ཆེན་བྱར་མེད་ཀྱང་། །ཉམ་ཐག་འདྲེན་ཁུར་ཁྱོད་མིན་ལས་གཞན་སུ། །དེ་ཕྱིར་བརྒྱུད་ལྔའི་ལམ་འཁྱམས་མ་རྒན་ཀུན། །མགོན་ཁྱོད་མཁྱེན་བརྩེ་ནུས་པའི་ཕྱག་ཁྱོངས་ལ། །ཕན་དང་བདེ་བའི་མངོན་མཐོ་ངེས་ལེགས་གྲོང་། །འདྲེན་པའི་བཀའ་དྲིན་བླ་ན་མེད་དེ་སྩོལ། །༈ ཇོ་བོ། མགོན་པོ་རྟག་ཏུ་གསལ་པའི་སྤྱན་རས་ཀྱིས། །ནམ་མཁའི་མཐའ་མཉམ་འགྲོ་ལ་ཉེར་གཟིགས་ཏེ། །སྡུག་ཀུན་བདེན་ལས་རྣམ་གྲོལ་འགོག་ལམ་གྱི། །གཏན་བདེའི་མཆོག་སྦྱིན་སྒོ་བརྒྱ་འབྱེད་པར་གསོལ། །བཅུ་གཅིག་ཞལ། ནམ་ཡང་ཁྲོ་བ་མེད་པ་སྙིང་རྗེ་ཅན། །བདུད་སྙིང་ཟར་རྔམས་གཏུམས་པའི་མཆེ་གཙིགས་པ། །སྔོན་ཚེ་འབྱུང་པོའི་དཔུང་ཚོགས་ཚར་བཅད་བཞིན། །དེང་ཡང་དབང་དྲག་རོལ་གར་ཅི་ཡང་སྟོན། །དཔལ་ལྷ། ཁྱོད་ཀྱི་འབངས་མིན་སྲིད་འདིར་མ་མཆིམས་ན། །བར་གཅོད་སྨག་རུམ་མཐར་བྱེད་མཐུ་རྩལ་གྱིས། །ཉིན་བྱེད་ཐུགས་རྗེའི་དགུང་ལས་ཡོངས་འཆར་བར། །བསྐུལ་ན་འདོད་དོན་སྒྲུབས་ཤིག་དཔུང་སྐྱོང་ལྷ། །ལྷ་ཁང་གཞན། མ ཧཱ ཀཱ རུ ཎི ནཱུ དྷི ཥྛ ཏི བ རཱ ནུ བྷྲཱ བ སྱ སི ཏྡྷི ཡ ཙྪ ། ཆུ་གླང་འདར་པ་ལོ་ཙཱ་བ་འཁོར་ཞག་གི་སྐབས་ཐུབ་བསྟན་དགེ་འཕེལ་གྱི་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་བརྙན་ལ་སྙན་ཤལ་ཕུལ་བའི་ཁ་བྱང་དངོས་གྲུབ་རོལ་མཚོ། མགོན་ཁྱོད་རྡོ་རྗེའི་ལུས་ལ་གདན་གསུམ་ལྷ། །ཚང་བའི་ངེས་པ་ལྔ་ལྡན་མཚན་དཔེའི་སྐུ། །ཚུར་མཐོང་འགྲོ་ངོར་བཤེས་གཉེན་དམ་པའི་ཚུལ། །འཛིན་མཛད་རིགས་ཀུན་བདག་པོ་ཚར་པ་རྗེ། །དག་པའི་ཡེ་ཤེས་(༡༤༠བ)


GLG018_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་སྤྱོད་པའི་ཞིང་། །རྡོ་རྗེ་བཙུན་མོའི་གྲོང་ཁྱེར་ཉམས་དགའ་བར། །ཟུང་འཇུག་སྒྱུ་དྲའི་རོལ་རྩེད་མངོན་བསྒྱུར་ཀྱང་། །ལྗོངས་འདིར་གདུལ་བྱའི་ཚོགས་ལ་གཅིག་ཏུ་བརྩེ། །དེ་ཕྱིར་ཐུགས་རྗེ་ཆེན་པོའི་ཉི་ཟེར་གྱིས། །བདག་བློའི་འདབ་བརྒྱ་ཡོངས་སུ་རབ་བཞད་ནས། །མཆོག་ཐུན་དངོས་གྲུབ་བདུད་རྩི་དངར་པོའི་རོར། །སྤྱོད་པའི་སྐལ་བ་བཟང་པོར་རྗེས་སུ་ཟུངས། །འདར་ལོས་ཐུབ་བསྟན་དགེ་འཕེལ་མགོན་ཁང་གི་གུར་མགོན་ལ་ཕུལ་བའི་སྙན་དར་ཞལ་བྱང་བདེ་སྐྱིད་འཛད་པ་མེད་པའི་མཛོད། སངས་རྒྱས་ཀུན་གྱི་མཐུ་སྟོབས་ནུས་པའི་ཁམས། །རྡོ་རྗེ་སྲིན་པོར་བཞུ་བླུགས་ནག་པོ་ཆེ། །གནས་སྲུང་མཁའ་འགྲོའི་གཙོ་མོ་དུད་སོལ་མ། །ལས་སྒྲུབ་འཆི་བདག་གཤིན་རྗེ་པུ་ཏྲ་ནག །ཤུགས་དྲག་ཐོགས་མེད་བྱིན་རླབས་གྲུ་བོ་ཆེས། །བདག་སོགས་ཉེས་བརྒྱའི་ཆུ་གཏེར་ལས་བསྒྲལ་ནས། །བདེ་སྐྱིད་རིན་ཆེན་གླིང་དུ་དངོས་གྲུབ་ཀྱི། །འཛད་མེད་ནོར་ལ་སྤྱོད་པའི་འཕྲིན་ལས་མཛོད། །འདར་ལོས་དགེ་འཕེལ་མགོན་ཁང་གི་མགོན་པོ་ཞལ་ལ་སྙན་ཤལ་ཕུལ་བའི་ཁ་ཡིག་དངོས་གྲུབ་ཡིད་བཞིན་ཆར་སྙིལ། གདོང་བཞི་མགོན་པོའི་རྩུབ་འགྱུར་དྲག་པོའི་རྩལ། །མཐོང་བའི་མོད་ལ་ལྷ་ཆེན་ཁྲག་སྐྱུག་ན། །ཡིད་སྲུབས་སྡེ་བཅས་དོན་སྙིང་དུམ་བུ་རུ། །གས་ལ་མཚར་འཛིན་བྱིས་པའི་བློ་གྲོས་ཙམ། །གང་གི་ལས་མཁན་བེག་ཙེ་ལྕམ་དྲལ་སོགས། །འཁོར་ཚོགས་དྲེགས་པའི་དམག་གི་དཔུང་ཆེན་པོས་། །གནོད་བྱེད་དགྲ་དང་བགེགས་རྣམས་ཚར་བཅད་དེ། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་ཆར་དུ་སྙིལ། །ཆུ་གླང་ཟླ་ཚེས་ལ་འདར་ལོ་ཆེན་འཁོར་བཞག་ལ་འདེགས་སྐབས་ཞར་བྱུང་དུ་མང་མཁར་ཐུབ་བསྟན་དགེ་འཕེལ་གྱི་རྡོ་རྗེ་འཆང་(༡༤༡ན)


GLG018_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་པ་ཆོས་རྗེའི་སྐུ་བརྙན་ལ་འབུལ་རྒྱུ་བསྐུར་བའི་སྙན་ཤལ་ནན་ཅིང་ཁ་བཏགས་བཀྲ་ཤིས་རྟགས་བརྒྱད་མའི་ཁ་བྱང་འདི་ཕྱིའི་གཏན་མདུན་ལྷུན་གྲུབ། དྷིཿཡིག་དམར་སེར་ས་བོན་ཞུ་བ་ལས། །འཇམ་མགོན་གོས་དཀར་འཆང་བ་སྙིང་པོའི་ཞབས། །ཚད་མ་བཞི་ལྡན་སྙན་བརྒྱུད་སློབ་བཤད་ཆོས། །འཛིན་མཛད་རྒྱལ་ཀུན་ངོ་བོ་ཚར་པ་རྗེ། །སྨིན་གྲོལ་ཁྲོན་པའི་ནང་དུ་ཁེངས་པའི་སྙིང་། །ཟབ་དོན་རྒྱ་མཚོ་མཐོང་ཚེ་འགས་བྱེད་པའི། །ས་བརྫུས་ཕལ་གྱིས་མ་ཐོས་གོང་མ་ཡི། །གསེར་ཆོས་གདམས་པའི་འཛིན་མཁས་བློ་གསལ་ཞབས། །མགོན་པོ་དྲུག་ཅུ་པར་གྲགས་ཟན་རློན་གྱིས། །ནོར་སྐྱོང་རྔན་ལ་མཐུ་སྟོབས་ཆེར་རློམ་དང་། །མཚུངས་མིན་བསྙེན་སྒྲུབ་ལས་སྦྱོར་ཚད་ལྡན་གྱིས། །རྡོ་རྗེ་ཆོས་སྐྱོང་བྲན་བཀོལ་གྲགས་པའི་མཚན། །རྟག་ཏུ་འཁོར་འཁྱམས་བདག་གི་ཉིང་འཁྲུལ་ངོར། །ཞིང་སྐྱོང་བྲམ་ཟེའི་གཟུགས་ཅན་བཀའ་གཏད་དེ། །ཟབ་ཆོས་སྩལ་བའི་བརྡ་ཐབས་བསྟན་པ་བཞིན། །མངོན་སུམ་ཉམས་སུ་མྱོང་བ་ཁྱོད་ཀྱི་དྲིན། །དེང་ནས་དགྱེས་མཛད་རྡོ་རྗེ་ཧེ་རུ་ཀའི། །རང་ཞལ་རང་ངོ་འཕྲོད་མིན་དེ་སྲིད་དུ། །དམ་པའི་བཤེས་གཉེན་ཁྱོད་ཀྱིས་རྗེས་བཟུང་ནས། །འདི་ཕྱིའི་གཏན་མདུན་འགྲུབ་པར་བདག་བྱིན་རློབས། །འདར་ལོ་འཁོར་ཞག་སྐབས་ཞར་བྱུང་དུ་བསེ་འབག་ནག་པོ་འཕུར་ཤེས་ལ་གཞི་གོས་ནག་ཐོག་བར་སྣང་མཛོད་ཀྱི་རི་མོ་ཅན་ཡུག་རིང་གི་སྙན་ཤལ་ཕུལ་བའི་ཞལ་བྱང་བདུད་སྙིང་འབིགས་པའི་གནམ་ལྕགས་ཐོག་མདའ། གཏུམ་དྲག་འབར་བའི་དུར་ཁྲོད་ཆེན་པོའི་དབུས། །བསྟན་སྲུང་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེ། །ཤུགས་ཆེན་གནམ་ལྕགས་ཐོག་གིས་བདུད་སྡེའི་སྙིང་། །འབིགས་མཛད་གཏུམ་དྲག་སྲིན་པོ་གུར་གྱི་མགོན། །རྡོ་རྗེ་(༡༤༡བ)


GLG018_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་རྩ་འཁོར་དངས་མའི་ཁམས། །རྒྱུད་གསུམ་དྲེགས་པར་ཤར་བའི་ཟློས་གར་གྱིས། །ལས་རླུང་དྷུ་ཏཱིར་དག་ནས་རྣམ་གྲོལ་ཏེ། །ལས་ཀུན་ཐོགས་མེད་གྲུབ་པ་ནང་གི་མགོན། །ཀུན་ཀྱང་དངས་མའི་མཚོ་ལ་ཟླ་གཟུགས་བཞིན། །གསལ་སྟོང་ཟུང་འཇུག་བརྗོད་བྲལ་རང་གི་སེམས། །རང་ཞལ་མངོན་སུམ་མཐོང་ནས་ཚེ་འདི་ལ། །བཅུ་གསུམ་རྡོ་རྗེའི་ས་བརྙེས་གསང་བའི་མགོན། །དེང་ནས་གྲུབ་མཐའ་རྙོགས་མིན་དེ་སྲིད་བར། །ཞི་རྒྱས་དབང་དྲག་སྨིན་གྲོལ་ས་ལམ་གྱི། །ལུང་རྟོགས་ལེགས་ཚོགས་ཡོན་ཏན་མ་ལུས་པ། །དཀར་ཆའི་ཟླ་ལྟར་རྟག་འཕེལ་འཕྲིན་ལས་མཛོད། །འདར་ལོ་འཁོར་ཞག་སྐབས་ཞར་བྱུང་ཁའུ་སྐྱེས་ལྷས་སུ་གོས་ནག་སྤྲིིན་རིས་ཡུག་གི་སྙན་དར་ཕུལ་བའི་ཁ་ཡིག་མཆོག་མཐུན་སྒྲུབ་པའི་ཉེ་ལམ། ཆོས་ཀྱི་དབྱིངས་ནས་ཚད་མེད་རྣམ་བཞིའི་ཞལ། །རིས་བྲལ་འགྲོ་ཀུན་འཛུམ་གྱིས་ཉེར་བསུ་ཡང་། །མ་རིག་འཁྲུལ་ངོར་རྣོ་ངར་མཆེ་བ་ཡིས། །ཆེམ་ཆེམ་མི་རོ་ཟ་བ་སྟོབས་འཕྲོག་དབང་། །གསལ་སྟོང་སེམས་ཀྱི་གདངས་ལས་རྩ་ཁམས་རླུང་། །དག་པའི་མགོན་པོར་ཤར་བའི་ཆོ་འཕྲུལ་གར། །ཏེ་སེ་གྲུ་འཛིན་ཧ་ཧ་དགོད་སོགས་ན། །རྒྱུད་གསུམ་དྲེགས་པའི་དམག་དཔུང་ནག་པོ་ཆེ། །བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བགེགས་སྟེང་། །བརྡུངས་པའི་བྲོ་ཡིས་སྙིང་དབུགས་ལྐོག་མ་རུ། །ཐོན་ལ་མཚར་དུ་མ་འཛིན་ཁྲག་དྲོན་རྒྱུན། །ཧུབ་དྲོངས་བདུན་བརྒྱད་ཚུན་གྱི་རྩ་བ་ཆོད། །ཚེ་འདིར་མཆོག་གི་སྙིང་པོ་ཟུང་འཇུག་ལམ། །ཉེ་བར་སྒྲུབ་ལ་མཐུན་པའི་གྲོགས་མཛད་ཞར། །ནད་གདོན་ཉེས་ཚོགས་ཀུན་ཞི་ཚེ་དཔལ་རྒྱས། །ཁམས་གསུམ་དབང་དུ་བསྡུ་བའི་འཕྲིན་ལས་མཛོད། །འདར་ལོ་འཁོར་(༡༤༢ན)


GLG018_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་སྐབས་ཞར་བྱུང་པུ་ཏྲ་ཁང་དུ་གོས་ནག་འདོམ་གང་གི་སྙན་དར་ཕུལ་བའི་ཁ་ཡིག་དཀར་ཕྱོགས་རྒྱལ་བའི་རུ་མཚོན། བྲམ་ཟེའི་དམོད་པ་བོར་བའི་འབྲས་བུ་ལས། །སྐྱེ་འགྲོ་ཡོངས་ཀྱི་བླ་སྲོག་ཚེ་གསུམ་ལ། །དབང་སྒྱུར་འཆི་བདག་གཤིན་རྗེ་པུ་ཏྲ་ནག །ལྕམ་དྲལ་གནོད་སྦྱིན་ཡབ་ཡུམ་འཁོར་བཅས་ཀྱེ། །བསྟན་བདེའི་ཕན་བདེ་འཕྲོག་པའི་ཆོམ་རྐུན་སྤྱི། །རྣལ་འབྱོར་ཆོས་བཞིན་སྤྱོད་ལ་སྒོས་ཀྱི་དགྲར། །མཐུ་སྟོབས་གནམ་ལྕགས་རྡོ་རྗེ་དྲག་ཕོབ་ལ། །དཀར་ཕྱོགས་རྒྱལ་བའི་རུ་མཚོན་མཁའ་ལ་ཕྱོར། །འདར་ལོ་འཁོར་ཞག་སྐབས་ཞར་བྱུང་བྲག་རམ་མགོན་ཁང་དུ་གོས་དམར་འདོམ་གང་གི་སྙན་ཤལ་ཕུལ་བའི་ཁ་བྱང་ལས་སྒྲུབ་སྣང་བས་ཀུན་ཁྱབ། །དབང་དྲག་སྐྱེས་བུ་ལྕམ་དྲལ་མཐུ་སྟོབས་གཟི། །བརྒྱ་ཕྲག་ཉི་མའི་འོད་ཀྱིས་དགྲ་བགེགས་མུན། །མཐར་བྱས་ཕན་བདེའི་སྣང་བས་ཀུན་ཁྱབ་པའི། །ལས་རྣམས་སྒྲུབས་ཤིག་བེག་ཙེ་ལྕམ་དྲལ་ལྷ། །ཉི་འོད་གྲགས་པ་གཉན་ལོ་འདར་ཕྱར་ཞབས། །མུས་སྲད་པ་དང་ཚར་ཆེན་ཆོས་ཀྱི་རྒྱལ། །བརྒྱུད་པའི་བླ་མའི་འཁོར་ལོའི་མགོན་རྣམས་ཀྱིས། །བཀའ་དང་དམ་ལ་བཏགས་པ་ཉེར་བར་དགོངས། །ཁྱད་པར་རྩ་བའི་བླ་མ་གནས་གསར་བ། །མགོན་དེས་རྗེས་བཟུང་ཆོས་དབྱིངས་རང་གྲོལ་གྱིས། །རིག་འཛིན་བདག་གི་སྲུང་མར་གཉེར་གཏད་པ། །མ་གཡེལ་བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབས། །ཆུ་གླང་ནག་པ་ཟླ་བའི་བརྒྱད་གཏོར་གྱི་མཆོད་པའི་དུས་ཆོས་སྐྱོང་ཆེ་ཆུང་ལས་མཁན་དང་བཅས་པར་སྙན་ཤལ་ཕུལ་བའི་ཁ་བྱང་མཁའ་འགྲོའི་ཞལ་དྲོད་ལེགས་མྱང་། བཀྲས་བཏགས། འོག་མིན་ཞིང་ཁམས་གཙོ་བོའི་རྣམ་སྤྲུལ་(༡༤༢བ)


GLG018_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །མ་ཧཱ་ཀཱ་ལ་ཡོངས་ཀྱི་སྡེ་དཔོན་དུ། །མིའུ་ཐུང་སྲིན་པོའི་གཟུགས་ཅན་གུར་གྱི་མགོན། །ཡུམ་མཆོག་སྲིད་གསུམ་དབང་སྒྱུར་དུད་སོལ་མ། །རྩ་ཁམས་ཡུལ་གྱི་རྒྱུད་གསུམ་དྲེགས་པ་རྣམས། །སྐྱེད་མཛད་ཀུན་གྱི་ཡུམ་གཅིག་རལ་གཅིག་དང་། །ལྕམ་དྲལ་དམ་ཅན་རྒྱ་མཚོའི་ལྷ་ཡི་ཚོགས། །ཕྱི་ནང་མཆོད་པས་ཐུགས་དམ་སྐོང་བྱེད་ན། །བསྟན་དང་འགྲོ་བའི་བདེ་སྐྱིད་རྒྱས་པ་དང་། །རྣལ་འབྱོར་བདག་གི་ཞི་རྒྱས་དབང་དྲག་གི ། ལས་ཀུན་ཐོགས་པ་མེད་པར་ཉེར་བསྒྲུབས་ཏེ། །བསམས་པའི་རེ་བ་མ་ལུས་སྐོང་བར་མཛོད། །ལིང་ལྗང་། སྟང་ཟིལ་བརྩེགས་པའི་ལྷུན་པོ་དུས་མཐའི་མེས། །ཀླུབས་ཀྱང་ལྷ་ཁྱོད་ཆ་ཙམ་བསྒྲུན་མིན་པས། །དཔེ་ཟླ་མ་རྙེད་ཚངས་པ་རྒན་པོ་དེས། །འཆོལ་བའི་མོད་ལ་ཟག་བཅས་གཉིད་ལ་གཡུར། །བསྟན་དགྲའི་གཤེད་དུ་བཅོམ་ལྡན་ཧེ་རུ་ཀཿ །མིའུ་ཐུང་སྲིན་པོའི་ལུས་འཛིན་སྟོབས་འཕྲོག་ནག །རང་ལུས་ཉེར་བཞི་ཡུལ་གྱི་ཞིང་སྐྱོང་བ། །རྣལ་འབྱོར་ལས་སྒྲུབ་ཁོལ་པོ་བྲམ་ཟེའི་གཟུགས། །རྒྱལ་ཀུན་ཡེ་ཤེས་ཟླ་བ་གདུལ་བྱའི་མཚོར། །ཤར་བའི་ཐུབ་བསྟན་བསྲུང་མ་ཆེས་མང་ཡང་། །ཤུགས་དྲག་མཐུ་སྟོབས་འབར་བའི་ཐོག་མདའ་ཡིས། །སྲིད་གསུམ་ཅིག་ཅར་འགེམས་ནུས་ཁྱོད་ཉིད་ཙམ། །དེ་ཕྱིར་འཕགས་ཡུལ་མཁས་གྲུབ་ཀུན་གྱི་གཙོ། །ཀླུ་སྒྲུབ་ཏ་ཐཱ་ག་ཏ་རི་སུལ་མ། །གངས་ཅན་མིག་གཅིག་གཉན་ལོ་ས་སྐྱ་པ། །འཁོན་རིགས་འཇམ་མགོན་རིམ་བྱོན་སྲུང་མ་མཆོག །ཁྱད་པར་ཚར་ཆེན་ཡབ་སྲས་བྱིན་རླབས་དྲོད། །མ་ཡལ་གནས་གསར་ཟུར་ཆེན་ཞ་ལུ་པ། །ཁྱབ་བདག་རྩ་བའི་བླ་མ་རྣམ་གསུམ་གྱིས། །རིག་འཛིན་བདག་ལ་བཀའ་བསྒོས་གཉེར་གཏད་དགོངས། །གནོད་བྱེད་གཟུགས་ཅན་གཟུགས་མེད་སྙིང་གི་ཁྲག །ཧུབ་དྲོངས་ཤ་ཁྲག་(༡༤༣ན)


GLG018_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

རུས་པ་ཆེམ་ཆེམ་ཟོ། །ཡིད་སྲུབས་སྡེ་བཅས་ལས་རྒྱལ་རྔ་བོ་ཆེ། །ཁམས་གསུམ་ཀུན་ལ་ཐོས་པར་དྲག་ཏུ་རྡུངས། །མ་དང་མཁའ་འགྲོའི་ཞལ་དྲོད་ཆེས་དངར་བའི། །སྙན་བརྒྱུད་ཚད་མ་བཞི་ལྡན་འཛིན་བདག་གི །ཚེ་དཔལ་བསོད་ནམས་ས་ལམ་ཡོན་ཏན་ཚོགས། །ཡོངས་འདུ་ལྟར་རྒྱས་འགྲོ་བའི་རེ་སྐོང་མཛོད། །ཁ་བཏགས། བུམ་ཐོད་ལས་བབས་རབ་དཀར་བདུད་རྩིའི་རྒྱུན། །བདེ་ཆེན་འཁོར་ལོའི་ལམ་བརྒྱུད་རྩ་ཁམས་ཀུན། །གང་བས་འཆི་མེད་ཚེ་དབང་དངོས་གྲུབ་རྣམས། །སྩོལ་བར་མཛོད་ཅིག་སྐུ་ཡི་མགོན་པོ་ཀྱེ། །ལིང་དམར། དམར་འོད་གློག་སྟོང་འཁྱུག་འདྲའི་ལྕགས་ཀྱོ་ཡིས། །སྲིད་དང་ཞི་བའི་ཕུན་ཚོགས་ཡིན་ནོ་ཅོག །བརྟན་པ་འཕྲོག་པའི་སྒྱུ་འཕྲུལ་ཐབས་ཆེན་པོས། །དབང་དུ་མཛོད་ཅིག་གསུང་གི་མགོན་པོ་ཀྱེ། །ལིང་སྔོན། གནམ་ལྕགས་འབར་བའི་གྲི་གུག་གདེངས་ཙམ་གྱིས། །ལོག་འདྲེན་སྡེ་དང་བཅས་པའི་ཤ་ཁྲག་རུས། །དུམ་བུར་གཅོད་པའི་གཏུམ་ཆེན་དྲག་ཤུལ་ཆེས། །མངོན་སྤྱོད་ལས་མཛོད་ཐུགས་ཀྱི་མགོན་པོ་ཀྱེ། ལིང་སེར། རིན་ཆེན་གྱིས་གང་ཐོད་པ་ལས་འོངས་པའི། །སྲིད་ཞིའི་ཕུན་ཚོགས་དངོས་གྲུབ་ཆར་ཆེན་པོས། །ཚེ་དཔལ་ལུང་རྟོགས་ཡོན་ཏན་མ་ལུས་པ། །རྒྱས་པར་མཛོད་ཅིག་ཡོན་ཏན་མགོན་པོ་ཀྱེ། ཁ་བཏགས། ཚངས་སྤྱོད་བྲམ་ཟེའི་སྨོན་ལམ་བཏབ་པའི་འབྲས། །གདུག་པའི་གནོད་སྦྱིན་ཕོ་མོ་བཤོས་པ་ལས། །སྲིད་གསུམ་སྐྱེ་འགྲོའི་སྲོག་བདག་པུ་ཏྲ་ནག །གནོད་སྦྱིན་བྷ་ཏྲ་སྲིང་མོ་རལ་གཅིག་ཀྱེ། །གློག་ལྟར་འཁྱུག་ཅིང་མྱུར་བའི་རྫུ་འཕྲུལ་དང་། །སུས་ཀྱང་མི་ཐུབ་ཐོགས་མེད་སྟོབས་རྩལ་མཐུས། །འཇམ་པོའི་ལས་གསུམ་(༡༤༣བ)


GLG018_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་མངོན་སྤྱོད་ཀྱིས། །དགྲ་དཔུང་ཐལ་བའི་རྡུལ་ཕྲན་བཞིན་དུ་རློག །ལིང་དམར། སྣད་པའི་མིག་ཆུ་ཁ་སྣའི་ཁྲག་རྒྱུན་འབབ། །དབུགས་བྲལ་བམ་མྱགས་རུལ་པའི་དྲི་འཐུལ་བ། །བསེ་མཁར་ཐོད་པའི་ཁ་བད་མ་རུ་རྩེའི། །གནོད་སྦྱིན་ལྕམ་དྲལ་ལས་མཁན་འཁོར་ཚོགས་ཀྱི། །ཉི་འོད་གྲགས་པ་གཉན་ལོ་འདར་ཕྱར་ཞབས། །ཚར་ཆེན་ཡབ་སྲས་རྩ་བའི་བླ་མ་ཟུང་། །བརྒྱུད་པར་བཅས་པའི་དམ་ཚིག་གཉན་པོ་རྣམས། །ཉེ་བར་དགོངས་ལ་མ་གཡེལ་མཐུ་དཔུང་སྐྱེད། །སྔར་བྱས་ཕྱིས་འབྱུང་ད་ལྟ་མངོན་གྱུར་དགྲའི། །དོན་སྙིང་དྲོན་མོ་ཕྱུངས་ལ་ཞལ་དུ་གསོལ། །མི་ནོར་སྲིད་སྡེར་བཅས་པ་རྡུལ་དུ་རློགས། །རྗེས་ཤུལ་མིང་ཙམ་བརྡ་ཙམ་མེད་པར་མཛོད། །ཆུ་གླང་དར་མོ་སྨན་རམས་པས་གསང་ནེའུ་ཐོག་གི་དབྱར་ཆོས་ཆེན་མོར་འདི་གའི་རིང་འཚོའི་རྟེན་འབྱུང་དུ་མང་དུ་བསྐུལ་བའི་ཚེ་སྒྲོལ་མ་རྩོད་རྒྱལ་མ་དང་ཆོས་སྐྱོང་བསེ་ཁྲབ་པ་གཉིས་ལ་སྙན་དར་འབུལ་བའི་ཁ་བྱང་དགོས་ཚུལ་བྱུང་བ་ལྟར་བཀོད་པ་འཇིགས་ཆེན་བརྒྱད་ལས་རྣམ་གྲོལ། །འཕགས་མ་ཁྱོད་ཞབས་བསྙེན་པའི་མོད་ཉིད་ལ། །མཉེན་འཇམ་ཕྱག་སོར་སྤྱི་བོར་ཉེར་བཀོད་དེ། །འཇིགས་ཆེན་བརྒྱད་སོགས་ཉེས་བརྒྱ་ཀུན་ཞི་བའི། །ཐུགས་རྗེ་བྱིན་རླབས་བདག་སྙིང་འཇུག་པར་ཤོག །དཔལ་ལྡན་སྐྱེས་བུའི་མཐུ་སྟོབས་ནུས་པའི་གཟིས། །དགྲ་བགེགས་སྨག་རུམ་མཐར་བྱས་བསྟན་དང་འགྲོའི། །ཕན་བདེའི་སྣང་བ་རྒྱས་པའི་མཆོད་སྦྱིན་སྒོ། །འབྱེད་པའི་འཕྲིན་ལས་ལྷུན་གྲུབ་ཐོགས་མེད་མཛོད། །ཆུ་གླང་ནག་པ་ཟླ་བའི་ནང་དུ་ངེད་རིང་འཚོའི་རྟེན་འབྱུང་དུ་དམིགས་དགེ་སློང་འཇམ་དབྱངས་གྲགས་པས་ཕན་བདེ་ལེགས་བཤད་གླིང་པར་གྲ་དར་བཞེས་ཐུག་གི་ཐོག་སྙན་དར་བརྒྱ་དང་བདུན་ཅུ་(༡༤༤ན)


GLG018_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལྔ་ཕུལ་བའི་ཚེ། ཚེ་དཔག་མེད། བཀའ་བརྒྱད། ཚེ་བདག །དམག་ཟོར་མ། ཆོས་སྐྱོང་སྤྱི་རྣམས་ལ་འཕུལ་བའི་ཁ་ཡིག་དགོས་ཚུལ་བྱུང་བ་ལྟར་བཀོད་པ་འདོད་དོན་ཡོངས་འདུའི་འབྲས་བཟང་། ཚེ་དཔག་མེད། སྲིད་ཞིའི་དངས་མའི་བཅུད་ཀུན་ཐབས་ཤེས་ཀྱིས། །སྲོག་གི་ཟུངས་སུ་འདྲེན་མཛད་ཚེ་མཐའ་ཡས། །བྱིན་རླབས་གཟི་ཡིས་འཆི་མེད་འཕོ་བ་ཆེ། །འགྱུར་མེད་རྡོ་རྗེའི་སྐུ་རུ་དེང་འགྲུབ་མཛོད། །བཀའ་བརྒྱད། བགྲང་ཡས་དཀྱིལ་འཁོར་ཀུན་འདུས་སྒྲུབ་སྡེ་བརྒྱད། །བྱིན་རླབས་འཛད་པ་མེད་པའི་ཆུ་རྒྱུན་གྱིས། །གནས་སྐབས་འཕྲིན་ལས་བཞི་འགྲུབ་བསྐྱེད་རྫོགས་དང་། །རྫོགས་ཆེན་ལམ་གྱིས་ཚེ་འདིར་གྲོལ་བྱིན་རློབས། །ཚེ་བདག །ལྷུན་གྲུབ་ཀུན་བཟང་འཇམ་མགོན་གཞོན་ནུ་དེ། །འཁོར་འདས་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ཆེད། །དུས་དགྲའི་གར་བསྒྱུར་ཚེ་བདག་ནག་པོ་ཡིས། །ཕྱོགས་ལས་རྣམ་པར་རྒྱལ་པའི་ལས་མཛོད་ཅིག །དམག་ཟོར་མ། ཚངས་པའི་བུ་མོ་ངག་གི་མཆོད་སྦྱིན་མཁན། །དགྲ་བགེགས་གཤེད་མར་ཁྲག་འཐུང་སྲིན་མོའི་གཟུགས། །དྲན་པས་གདུང་སེལ་འདོད་ཁམས་དབང་ཕྱུག་མས། །བསམ་པའི་རེ་བ་མ་ལུས་སྐོང་བར་མཛོད། །ཆོས་སྐྱོང་སྤྱི། སུམ་བརྩེགས་གྲོང་ཁྱེར་འཇིག་པ་ལེགས་ལྡན་ལྷ། །མྱུར་མཛད་རྡོ་རྗེ་གུར་དང་སྟོབས་འགྲོགས་དབང་། །གཉིས་མེད་མ་ནིང་ནག་པོ་ལ་སོགས་པ། །བསྟན་སྲུང་དམ་ཅན་རྒྱ་མཚོས་འཕྲིན་ལས་སྒྲུབས། །ཆུ་གླང་ཕན་བདེ་ལེགས་བཤད་གླིང་པའི་གཉེར་དགེ་སློང་ཕུན་ཚོགས་རྒྱ་མཚོ། དགེ་སློང་ཡོན་ཏན་དཔལ་བཟང་། འཇམ་དབྱངས་རྒྱལ་མཚན་གསུམ་གྱིས་གཙུག་གཏོར་རྣམ་རྒྱལ་མར་སྙན་ཤལ་ཕུལ་བའི་ཁ་བྱང་འཆི་མེད་མཆོད་སྦྱིན། གང་གི་ཞབས་སེན་མེ་ལོང་དངས་(༡༤༤བ)


GLG018_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོས། །འཆི་མེད་རྡོ་རྗེའི་སྲོག་གི་གཟུགས་ཤར་བས། །ལྷ་ཆེན་ཉི་མའི་བུ་ཡི་ཨཱ་དཪྴ། །འཛིན་པའི་ངལ་བ་གཏོང་མཛད་བཅོམ་ལྡན་མ། །ཁྱོད་ཞལ་དྲན་པའི་མོད་ལ་འཁོར་འདས་ཀྱི། །མི་བཟད་གདུང་བ་མཐའ་དག་རབ་གཞིལ་ཚེ། །མཆོད་བསྟོད་གསོལ་བ་མཛད་པར་འདོད་པའི་དོན། །འགྲུབ་ན་ཡོངས་འདུའི་ལྗོན་པ་དམིགས་སུ་མེད། །དེ་ཕྱིར་གར་དབང་འོད་དཔག་མེད་མགོན་གྱིས། །ལེགས་བསྔགས་རྣམ་པར་རྒྱལ་མ་ལྷ་དགུ་ཡི། །ཐུགས་རྗེའི་ཕྱག་རིང་བརྐྱངས་ནས་བདག་སོགས་འགྲོ། དབུགས་དབྱུང་ཕན་བདེའི་དཔལ་ལ་སྦྱོར་བར་གསོལ། ཆུ་གླང་ཟླ་བ་དགུ་པའི་ཚེས་བཅོ་ལྔ་ལ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་ཇོ་ཤཱཀ་རྣམ་གཉིས། རང་བྱོན་ལྔ་ལྡན། རྗེ་བཙུན་བཙོང་ཁ་པ། ལོ་ཀེ་ཤྭ་རྭ་རྣམས་ལ་སྙན་ཤལ་ཕུལ་བའི་ཁ་བྱང་གཞན་ཕན་སྒོ་འབྱེད། ཇོ་བོ་ཤཱཀྱ་མུ་ནེ། མགོན་ཁྱོད་སྤྱན་སྔར་གསལ་བྱེད་སྒྲོན་མེའི་འཕྲེང་། །སྦར་བས་སྲིད་པའི་སྡུག་བསྔལ་སྨག་རུམ་དཔུང་། །མཐར་བྱས་བདེ་སྐྱིད་སྣང་བ་འོད་པོ་ཆེས། །ཁྱབ་པའི་སྐལ་པ་བཟང་པོ་བདག་ལ་སྩོལ། །ཇོ་བོ་མི་བསྐྱོད་རྡོ་རྗེ། མ་རིག་གཉིད་དུ་གཡུར་བའི་ལུས་ཅན་ཀུན། །རྨོངས་མལ་ལས་སློང་དགེ་བའི་སྐྱ་རེངས་ཀྱིས། །བླང་དང་དོར་བྱའི་གཟུགས་ཀུན་མངོན་སུམ་དུ། །མཐོང་བའི་དགའ་སྟོན་དེང་འདིར་སྩལ་དུ་གསོལ། །བཅུ་གཅིག་ཞལ། རྟག་ཏུ་སྙིང་རྗེའི་ཆུ་ཡིས་རབ་གཤེར་ཡང་། །ཡོངས་འགྲོས་རྡོ་རྗེའི་ཚ་ཚས་ནག་པོའི་སྡེ། །སྔོན་བཞིན་ཆོམས་ལ་གངས་ཅན་སྨན་ལྗོངས་འདིར། །ཕན་བདེའི་ལེགས་ཚོགས་ཕྱུར་བུར་སྤུང་པར་མཛོད། །འཕགས་པ་ལོ་ཀེ་ཤྭ་རྭ། དགྱེས་པའི་འཛུམ་གྱི་ཞལ་སྒོའི་ཟེར་འཕྲེང་གིས། །རྒྱུད་ལྔའི་སེམས་ཅན་ཡོངས་ཀྱི་ཟུགས་རྔུའི་ནད། །གཞིལ་བའི་སྨན་པ་(༡༤༥ན)


GLG018_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འཇིག་རྟེན་དབང་། །རིང་པོའི་ཕྱག་གིས་བདག་སོགས་དབུགས་འབྱིན་མཛོད། །རྒྱལ་བ་བ་ཙོང་ཁ་པ། རྒྱལ་བའི་ཡབ་གྱུར་བློ་གྲོས་རྒན་པོ་ཡི། །བཟང་པོའི་བརྟུལ་ཞུགས་འཆང་ཡང་གཞོན་ནུའི་གཟུགས། །ཟུར་ཕུད་ལྔ་ལྡན་དགེ་སློང་ཚུལ་འཛིན་པ། །གྲགས་པའི་མཚན་ཅན་ཁྱོད་ཀྱིས་འགྲོ་འདི་སྐྱོངས། །ཆུ་གླང་ཟླ་༧ཚེས་༡༧ལ་རི་རྒྱ་བ་དབང་རྒྱལ་རྡོ་རྗེས་ཕན་བདེའི་ལེགས་བཤད་གླིང་དུ་སྙན་དར་བརྒྱ་དང་བདུན་ཅུ་དོན་ལྔ་ཕུལ་བའི་ཞལ་བྱང་ལས་བཞི་དཔལ་འབར། དཀར་པོ། ལས་ཉོན་དེས་བསྐྱེད་ལུས་ངག་ཡིད་མནར་དྲི། །རྩ་གསུམ་ཐུགས་རྗེའི་ཀླུང་གིས་རབ་བཀྲུས་ནས། །མྱང་འདས་གྲོང་ཁྱེར་ཆེན་པོར་བདག་སོགས་འགྲོ། །འཇུག་ཕྱིར་ཞི་བའི་ས་ལམ་སྒོ་འཕར་ཕྱེ། །སེར་པོ། རླུང་སེམས་དྷུ་ཏཱིར་ཆུད་པའི་བདེ་བ་ཆེས། །སྲིད་པའི་ལེགས་བྱས་རྣམས་ཀྱང་ཞར་རྒྱས་པའི། །གཉིས་མེད་ཐབས་ཤེས་ལང་ཚོ་དར་དྲག་སྟེ། །འདི་ཕྱིའི་གཏན་མདུན་མྱུར་དུ་གྲུབ་པར་མཛོད། །དམར་པོ། རང་རིག་མཚན་དཔེའི་ངོ་མཚར་དཔལ་འབར་ལ། །མཛེས་སྡུག་སྲིད་ཞིའི་བུ་མོ་རྗེས་ཆགས་པས། །སྣང་བ་དབང་དུ་སྡུད་ལ་མི་ངལ་བར། །ཀུན་ཡིད་བརྟན་པ་ངང་གིས་འཕྲོག་པར་མཛོད། །ནག་པོ། མི་བསྲུན་དུག་གསུམ་ཆེར་རྒྱས་དམར་པོའི་སྙིང་། །ཉེར་ཕྱུངས་སླར་ཡང་ལྡང་དུ་མེད་བྱས་པས། །ཕྱི་རོལ་དགྲ་བགེགས་བརྩེ་བའི་གཉེན་བཤེས་སུ། །ཤར་བའི་མངོན་སྤྱོད་ལས་ཀྱི་སྦྱོར་བ་སྒྲུབས། །ལྗང་གུ། དངོས་བཤམས་ཡིད་སྤྲུལ་མཆོད་པའི་རྒྱལ་མཚན་རྩེར། །བྱིན་རླབས་ནོར་བུ་དབང་གི་རྒྱལ་པོ་ཆེ། །གསོལ་གདབ་བཀྲུ་ཡི་སྲི་ཞུར་བྱས་པའི་འབྲས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་དུ་(༡༤༥བ)


GLG018_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བསྙིལ། །ཤིང་སྟག་ནག་པ་ཟླ་བའི་བརྒྱད་གཏོར་གྱི་ཚེ་མགོན་པོ་ཆེ་ཆུང་ལས་མཁན་དང་བཅས་པར་སྙན་དར་ཕུལ་བའི་ཁ་བྱང་འཕྲིན་ལས་བྱེ་བའི་སྒོ་འབྱེད། ལྔ་ལྡན་སྣང་མཛོད་ཐུགས་གསང་དཔལ་བེའུར། །རྡོ་རྗེ་སྲིན་པོའི་གཟུགས་ཤར་གུར་གྱི་མགོན། །འཕྲིན་ལས་མ་ལུས་སྒྲུབས་ཞེས་བསྐུལ་བྱེད་ན། །མཧཱ་ཀཱ་ལིའི་འཁོར་ལོས་སྒྱུར་རྒྱལ་དགོངས། །དཀར། གངས་རིའི་ཕུང་པོ་ཟླ་བ་ཞུན་མ་ཡིས། །འཁྱུད་འདྲ་ཞི་བའི་ལས་མཛོད་ཞལ་བཞི་པ། །གང་གིས་ཐུགས་རྗེའི་འོད་ཟེར་སྤྲོས་པའི་མོད། །ནད་གདོན་ཉེས་བརྒྱའི་སྨག་རུམ་བཅིལ་བར་མཛོད། །སེར། ཛམྦུ་ཆུ་བོའི་གསེར་མདངས་ལ་འཁུ་བའི། །རྒྱས་པའི་འཕྲིན་ལས་ཡོངས་མཛད་ཞལ་བཞི་པ། །ཁྱོད་ཀྱིས་ཚེ་དཔལ་བསོད་ནམས་ལུང་རྟོགས་ཀུན། །བརྒྱ་ཕྲག་ཉི་མའི་ཕུང་པོ་ལྟར་འབར་མཛོད། །དམར། པདྨ་རཱགའི་ལྷུན་པོའི་ཁེངས་འཕྲོག་པའི། །དབང་གི་འཕྲིན་ལས་རབ་མཛད་ཞལ་བཞི་པ། །གང་གིས་སྲིད་ཞིའི་ཡོན་ཏན་ཇི་སྙེད་ཀུན། །ཐོགས་པ་མེད་པར་འགུགས་པའི་འཕྲིན་ལས་མཛོད། །མཐིང་། སྟང་ཟིལ་བརྩེགས་པའི་རི་བོ་དུ་མཐའི་མེས། །ཀླུབས་འདྲ་དྲག་པོའི་ལས་མཛད་ཞལ་བཞི་པ། །ཁྱོད་ཀྱིས་བསམས་སྦྱོར་ངན་འཆང་དགྲ་བགེགས་ཀུན། །ཞུགས་རྩེར་ཕྱེ་མ་ལེབ་བཞིན་ཚར་ཆོད་ཅིག །ལྗང་། ཞིང་བཅུའི་གཤེད་དུ་དཔལ་ལྡན་ཧེ་རུ་ཀཿ །ཆེས་ཆེར་རབ་ཁྲོས་ལྷ་ཆེན་སྟོབས་འཕྲོག་དབང་། །གང་གིས་བསྟན་དང་བསྟན་འཛིན་སྦྱིན་པའི་བདག །ལེགས་སྐྱོངས་བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབས། །པུ་ཏྲ། གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་དང་། །འབངས་བཅས་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་(༡༤༦ན)


GLG018_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་མཆོད་པ་འདི་བཞེས་ལ། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་སྒྲུབས། །བེག་ཙེ། གནོད་སྦྱིན་ཡོངས་ཀྱི་མངའ་བདག་བེག་ཙེ་དང་། །བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བགེགས་ཀྱི། །ལང་ལོང་ཁོལ་བའི་སྙིང་གི་ཁྲག་དྲོན་འཐུང་། ཤིང་སྟག་ཟླ་བ་ལྔ་པའི་ཚེས་བཅུ་ལ་ཕན་བདེ་ལེགས་བཤད་གླིང་པའི་ཆོག་གྲྭ་བཞིར་དགེ་སློང་འཇམ་དཔལ་དབྱངས་གྲགས་པ་སྤུན་གྱིས་སྙན་དར་ཉེེར་གཅིག་ཕུལ་བའི་ཁ་བྱང་རྩ་གསུམ་མཆོད་སྤྲིན། ཚེ་དཔག་མེད། འཇམ་མཉེན་པཉྩ་ལི་ཀའི་གོས་ཟུངས་ཀྱིས། །འོད་མཚན་སྟོང་འབར་སྐུ་ལ་ཉེར་ཀླུབས་པས། །གཤིན་རྗེའི་ཕོ་ཉ་མེ་ལོང་འཛིན་པའི་ཁུར། །བཏང་ནས་འགྲོ་ཀུན་འཆི་མེད་གྲོང་འཇུག་ཤོག །རྡོ་རྗེ་གྲོ་ལོད། ཕྱག་ན་འབར་བའི་རྡོ་རྗེའི་ཚ་ཚ་ཡིས། །གནོད་བྱེད་འབྱུང་པོ་བསྲེགས་དང་ལྷན་ཅིག་ཏུ། །གནམ་ལྕགས་ཕུར་བུས་དམ་སྲིའི་ཚོགས་ཀྱི་སྙིང་། །ཟང་ཐལ་ཕུག་སྟེ་ལུས་མེད་ལས་རྒྱལ་མཛོད། །ཡང་གསང་དྲག་པོ། ལྷ་བུ་ཕུང་པོ་ཉོན་མོངས་འཆི་བདག་གི །བདུད་བཞིའི་འདམ་ལྟར་བརྫིས་ནས་འཕུང་བྱེད་གདོན། །འདྲི་སྲིན་འབྱུང་པོའི་ཆོ་འཕྲུལ་སྟུག་པོའི་སྨག །ཤུགས་དྲག་ཉི་མའི་འོད་ཀྱིས་སངས་པར་མཛོད། །དྲེགས་པ་འཇོམས་བྱེད། ལོག་སྨོན་བདོ་བའི་གཟུགས་ཅན་ལུས་མེད་ཀྱི། །ངན་པའི་བསམ་སྦྱོར་མཐུ་སྟོབས་རབ་བཅོམ་ཞར། །བན་བོན་གདུག་པའི་རྦོད་གཏོང་རང་གཤེད་དུ། །ཕོབ་ལ་སྲིད་གསུམ་ཀུན་ལས་རྒྱལ་བར་མཛོད། །ཤིང་སྟག་ཟླ་བ་ལྔ་པའི་ཚེས་ཉེར་དྲུག་ལ་ཡར་ཀླུངས་ཕྱོས་ཀྱི་སྲུང་མ་རྣམས་ལ་འབུལ་རྒྱུའི་སྙན་དར་ཞལ་ཡིག་དབུ་མཛད་བློ་བཟང་ཡོན་ཏན་གྱིས་དགོས་ཚུལ་ལྟར་བྲིས་པ་ཆོས་ལྡན་བསམ་


GLG018_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རེ་སྐོང་། འདོད་པ་ཁམས་ལ་དབང་སྒྱུར་རེ་མ་ཏཱི། །བཙན་རྒོད་ཡང་ལེ་བེར་སོགས་སྲུང་མ་ཡིས། །ཆོས་ལྡན་བསམ་པའི་བྱ་བ་མཐར་ཕྱིན་མཛོད། །སྲིད་པའི་ལྷ་ཆེན་མཐུ་སྟོབས་རྫུ་འཕྲུལ་ཅན། །འཕྱོས་ལུང་སྐྱོང་བའི་དྲང་སྲོང་དཀོན་པ་དང་། །གཏེར་སྲུང་བཤན་པ་རྫོང་བཙན་དགྲ་ལྷ་ཡིས། །འགལ་རྐྱེན་ཀུན་སོལ་རེ་བ་མ་ལུས་སྐོངས། །བལ་གླང་སྣ་རིང་ལ་ཞོན་སྲིད་པ་གསུམ། །མྱུལ་མཛད་སྤྲུལ་པའི་ཆོས་རྒྱལ་བརྒྱ་བྱིན་ཆེ། །བཀའ་ཉན་བཙན་རྒོད་བཤན་པར་བཅས་རྣམས་ཀྱིས། །བསམས་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད། །ཤིང་སྟག་ཟླ་བ་དྲུག་པའི་ཚེས་བརྒྱད་ལ་ལྷ་ས་བ་ངག་དབང་དཀོན་མཆོག་གིས་རིང་འཚོའི་རྟེན་འབྱུང་བསྒྲིགས་པའི་ཚེ་རྩ་བ་གསུམ་ལ་སྙན་དར་བརྒྱ་དང་ཉི་ཤུ་རྩ་གཅིག་ཕུལ་བའི་ཞལ་ཡིག་བྱིན་རླབས་སྤྲིན་ཕུང་། སྐྱབས་མཆོག་རིག་འཛིན་བླ་མ་རྡོ་རྗེ་འཆང་། །ངོ་མཚར་སྒྱུ་དྲའི་དཀྱིལ་འཁོར་རྒྱ་མཚོའི་གར། །ལེགས་བསྒྱུར་ཁྱབ་བདག་པདྨ་ཐོད་འཕྲེང་རྩལ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་བྱིན་ཆེན་ཕོབ། །ཞི་དང་ཁྲོ་བོའི་ལྷ་ཚོགས་མ་ལུས་པ། །ཀུན་འདུས་སྒྲུབ་པ་ཆེན་པོ་སྡེ་བརྒྱད་ཀྱི། །རྨད་བྱུང་ཐུགས་རྗེས་མཆོག་དང་ཐུན་མོང་གི །དངོས་གྲུབ་ཆར་གྱིས་ཕན་བདེའི་འབྲས་སྨིན་མཛོད། །བདེ་ཆེན་ཉེར་ཞིའི་ངང་ལས་མ་གཡོས་ཀྱང་། །གནམ་གསུམ་མཁའ་འགྲོ་བྱེ་བའི་དབང་ཕྱུག་གཙོ། །ཡིད་སྲུབས་གཤེད་དུ་རབ་ཁྲོས་དམག་ཟོར་ལྷས། །ལོག་པར་འདྲེན་པའི་དགྲ་བགེགས་དཔུང་བཅས་ཆོམས། །སྲིད་ཞི་དངས་མའི་བཅུད་ཀུན་འདྲེན་ནུས་པ། །འཆི་མེད་གྲུབ་པའི་འཇའ་ལུས་འོད་འབར་བའི། །སྣང་བ་གསར་པས་འགྲོ་རྣམས་རྫོགས་(༡༤༧ན)


GLG018_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱི། །སྐྱེ་རྒུའི་ཚེ་དང་སྐལ་མཉམ་ཐོབ་པར་ཤོག །ཕུལ་བྱུང་ཞི་བའི་འཕྲིན་ལས་ཀེ་ཏ་ཀས། །འཁོར་འདས་ཉེས་བརྒྱ་རྙོག་མས་སྦགས་པའི་ཀླུང་། །རབ་བགྲུངས་བདེ་ལེགས་གཟུགས་བརྙན་འཆར་བྱེད་པའི། །དཔལ་ལྡན་དུང་སྐྱོང་དབང་མོས་རྟག་ཏུ་སྐྱོངས། །ཤིང་སྟག་ཟླ་བ་བརྒྱད་པའི་ཚེས་བཅོ་བརྒྱད་ལ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་དུ་འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་ཟོར་ལས་དང་བཅས་པ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་ཕྱག་ལེན་དགེ་སྦྱོར་སྲོལ་བཏོད་པའི་ཚེ་ཕུལ་བའི་སྙན་དར་ཞལ་ཡིག་སྲིད་གསུམ་རྣམ་རྒྱལ། ཀུན་བཟང་འཇམ་དཔལ་ཆོས་སྐུའི་ཀློང་ཡངས་ནས། །དུས་དགྲའི་དཔའ་བོ་ལོངས་སྤྱོད་རྫོགས་སྐུའི་གར། །སྡེ་བརྒྱད་སྤྲུལ་སྐུས་དགྲ་བགེགས་ཚར་གཅོད་པ། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག །འགྲོ་ལ་རྗེས་བརྩེའི་དམར་མདངས་འཁྲུལ་ངོ་རུ། །ལོག་འདྲེན་སྙིང་ཁྲག་ཁོལ་མས་ངོམས་པའི་ཞལ། །ཁམས་གསུམ་ཟ་བར་གདངས་པའི་གད་བརྒྱངས་ཀྱིས། །མཐུ་བྱེད་བྱད་མའི་རང་གཤེད་རང་ལ་ཕོབ། །མི་བསྲུན་གཟུགས་ཅན་གཟུགས་མེད་དམག་ཚོགས་ཆོམས། །རང་སྐྱོབ་བཙན་པོའི་རྡོ་རྗེའི་གུར་ཁང་ཕུབ། །རྣམ་པར་རྒྱལ་བའི་རྫ་རྔ་སྲིད་རྩེར་སྒྲོགས། །བཀྲ་ཤིས་དཔལ་གྱི་དར་ཆེན་ཕྱོགས་ཀུན་ཕྱོར། །ཤིང་སྟག་ཟླ་བ་བཅུ་པར་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་ལ་བཀང་མཆོད་ཤིན་ཏུ་རྒྱས་པ་ཉིན་བདུན་གྱི་བར་བཏང་བའི་སྙན་དར་ཞལ་ཡིག་ཡོངས་འདུའི་ལྗོན་པ། མཆོད་ཚོགས་ས་བོན་ཐུགས་རྗེ་བསྐུལ་གཤེར་གྱིས། །ལེགས་བསྐྱེད་མཐུ་རྩལ་མངོན་ཕྱུངས་ཡོངས་འདུའི་ལྗོན། །ལས་བཞིའི་འཕྲིན་ལས་རོ་བརྒྱ་བདའ་བའི་འབྲས། །དུད་པའི་


GLG018_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྟོན་དཔལ་ལ་རྟག་སྤྱོད་མཛོད། ཤིང་སྟག་ཧོར་ཟླ་བཅུ་གཉིས་པའི་ཚེས་ལྔ་ལ་འཕྱོང་རྒྱས་པ་ངག་དབང་བསྟན་འཛིན་གྱིས་རྣམ་པར་རྒྱལ་པའི་ཕན་བདེ་ལེགས་བཤད་གླིང་དུ་དུང་གོས་དང་སྙན་དར་སྣ་ཚོགས་བདུན་ཅུ་དོན་བདུན་ཕུལ་བའི་ཁ་བྱང་རིག་འཛིན་བཀྲ་ཤིས་གཡས་འཁྱིལ། ཨཽ་ཌྜི་ཡཱ་ན་གཉིས་པ་ངེས་གསང་གི །ཐེག་མཆོག་ཆོས་མཛོད་ཀུན་དགའ་ར་བ་རུ། །གསུམ་ལྡན་རིག་པ་འཛིན་རྣམས་འདུ་བའི་བརྡར། །རབ་སྙན་བཀྲ་ཤིས་འཁྱིལ་བའི་དུང་གི་གོས། །སྣ་ཚོགས་དབང་པོའི་གཞུ་མདངས་རྗེས་འགྲོ་བ། །ཟ་འོག་ཐགས་སུ་བཏགས་པ་བབ་ལེའི་དབྱིབས། །འཕྱོང་རྒྱས་ངག་དབང་བསྟན་འཛིན་དང་བའི་སེམས། །སྟོན་ཟླ་ལྟ་བུས་བསྐྲུན་པའི་ལེགས་བྱས་འབྲས། །ཐུབ་པའི་རིང་ལུགས་འཕེལ་ཤིང་ལུས་ཅན་བདེ། །རྒྱུ་སྦྱོར་ལས་བྱེད་མཐའ་དག་སྐྱེ་བའི་འཕྲེང་། །མངོན་མཐོའི་ཐེམ་སྐས་ལ་འཛེགས་རིང་མིན་བར། །བྱང་ཆུབ་མཆོག་གི་གླིང་དུ་འཇུག་པར་ཤོག །སྣ་ཚོགས་དར་གྱི་ལྡ་ལྡི་སྤེལ་ལེགས་འཕྲེང་། །ཀུན་བཟང་མཆོད་པའི་སྤྲིན་དུ་མོས་པའི་བློས། །ཡོངས་སྤྲུལ་མཁའ་འགྲོ་ལྷ་ཡི་སྤྱན་ལམ་དུ། །ངག་དབང་བསྟན་འཛིན་སྙིང་སྟོབས་ཀྱིས་ཕུལ་བས། །རྣམ་མཁྱེན་ཡེ་ཤེས་ཐོབ་མིན་དེ་སྲིད་བར། །རྩ་གསུམ་ཐུགས་རྗེའི་འཇུག་པ་རབ་ཤར་ནས། །འདི་ཕྱི་གཏན་མདུན་པདྨ་དཀར་པོའི་ཚལ། །ལེགས་རྒྱས་ཕན་བདེའི་གེ་སར་བཞད་པར་ཤོག །ཤིང་ཡོས་གནམ་ལོ་གསར་ཚེས་ཀྱི་ཐོག་འདོད་ཁམས་དབང་ཕྱུག་མར་སྙན་ཤལ་སྣ་ལྔ་ཕུལ་བའི་ཁ་བྱང་ལས་བཞི་ལྷུན་གྲུབ། དཀར་པོ། ཟླ་བཞིན་འཛུམ་འོད་སྤྲོས་པའི་སྒྲིབ་གཉིས་དང་། །དེ་འབྲས་ནད་གདོན་ཉེས་མུན་སེལ་ལྷན་ཅིག །སྤྱི་དང་ཁྱད་པར་(༡༤༨ན)


GLG018_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དགྲའི་པད་དཀར་འདབ། །ཟུམ་སྟེ་དམིགས་སུ་མེད་པར་རྒྱས་ཐོབ་ཅིག །སེར་པོ། ཛམྦུ་གསེར་གྱི་སྙེ་མའི་གཟི་འོད་ཀྱིས། །ལུང་རྟོགས་ཚེ་དང་བསོད་ནམས་ཟླ་ཚེས་པ། །བླ་ནས་བླར་འཕེལ་ཕུན་ཚོགས་རྣམ་རྒྱས་པའི། །སྣང་བས་ཕན་བདེའི་ཀུནྡ་བཞད་པར་མཛོད། །དཀར་པོ། པད་རཱག་མདངས་ཟེར་རྣོན་པོའི་ལྕགས་ཀྱོ་ཡིས། །མཐོ་རིས་གནས་སོ་ཅོག་འགྲོའི་སྙིང་ཕུག་ནས། །ལུང་ལས་ནམ་ཡང་མི་འདའི་ཡི་དམ་དར། །ཐོད་དུ་བཅིངས་པའི་ཅོད་པན་མཛེས་པར་མཛོད། །མཐིང་ཁ། བཟོད་དཀའ་སྲིན་མོ་དྲག་ཁྲོས་རལ་ཀླུང་ནས། །གྲངས་མེད་ཕོ་ཉ་སྤྲོས་པའི་ཞགས་པ་ཡིས། །ཡིད་སྲུབས་སྡེ་བཅས་བསྡམས་ཏེ་ཐར་མེད་པའི། །གནམ་ལྕགས་འབར་བའི་བཙོན་ཁང་ནང་དུ་ཆུག །ལྗང་གུ། རྡོ་རྗེ་འཆང་དབང་པཎ་ཆེན་དམར་པོའི་ཞབས། །ཞང་སྟོན་རིམ་པར་བྱོན་དང་དགེ་འདུན་གྲུབ། །དབྱངས་ཅན་བཞད་པ་བསོད་ནམས་རྒྱ་མཚོ་སོགས། །རྩ་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ནས། །སྤྱི་དང་བྱེ་བྲག་ཐུབ་བསྟན་རིན་ཆེན་ལ། །གནོད་པའི་གཟུགས་ཅན་ལོག་འདྲེན་དགྲ་བོ་དང་། །དེ་རྒྱུད་ཞུགས་པའི་གདོན་བགེགས་འབྱུང་པོའི་ཚོགས། །ཚར་ཆོད་ཐལ་བའི་རྡུལ་ཕྲན་བཞིན་དུ་རློག །ཆོས་དང་སྲིད་ཀྱི་རིང་ལུགས་རྨ་མེད་པ། །རྫོགས་ལྡན་དུས་བཞིན་ཆེས་ཆེར་རབ་རྒྱས་ཤིང་། །ཡིད་ལ་རེ་བའི་དཔག་བསམ་ལྗོན་པའི་འབྲས། །སྨིན་པའི་སྐལ་བ་བཟང་པོ་ལྷུན་གྲུབ་མཛོད། །ཤིང་ཡོས་ནག་པ་ཟླ་བའི་བརྒྱད་གཏོར་ཀྱི་ཚེ་དཔལ་མགོན་ཆེ་ཆུང་བཀའ་སྡོད་དང་བཅས་པའི་ཐུགས་དམ་རྒྱ་ཆེར་སྐོང་བའི་དུས་སྙན་ཤལ་ཕུལ་བའི་ཁ་བྱང་ཀུན་བཟང་དཔའ་བོའི་གད་རྒྱངས།(༡༤༨བ)


GLG018_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གུར། བདེར་གཤེགས་ཀུན་གྱི་འཕྲིན་ལས་ཁོལ་མའི་ཞུན། །རྡོ་རྗེ་སྲིན་པོའི་གཟུགས་སུ་རབ་སྨུགས་པའི། །དྲག་ཤུལ་ཚ་ཚ་འཕྲོས་པས་ཡིད་སྲུབས་སྡེ། །ཕྱེ་མར་ཐོགས་ཤིགས་མ་ཧཱ་ཀཱ་ལ་ཀྱེ། །ཞལ། རྡུལ་དྲལ་སྟོན་ཟླ་བཞུན་མ་བྱུགས་པའི་བཞིན། །དཀར། ཁྲོ་འཛུམ་འདབ་བརྒྱ་གྲོལ་བའི་སྣང་བ་ཡིས། །ཉེས་བརྒྱའི་དཔུང་ཚོགས་སྟུག་པོ་སྨག་གི་རུམ། །རབ་སངས་ཞི་བའི་འཕྲིན་ལས་ལྷུན་གྲུབ་མཛོད། །སེར། རི་རྒྱལ་གླིང་བཞི་གདན་དུ་བཏིང་བའི་གཟིས། །འཁོར་འདས་རྩལ་སྟོབས་འཕྲོག་པའི་ཟིལ་ཆེན་པོས། །ལེགས་བྱས་བླ་ནས་བླར་ཡང་འབར་བའི་འབྲས། །ཡོངས་དུད་རྒྱས་པའི་འཕྲིན་ལས་ལྷུན་གྲུབ་མཛོད། །དམར། པད་རཱག་ས་འཛིན་ལ་འགྲན་གཡོན་གྱི་ཞལ། །ཧ་ཧར་བཞད་པའི་གད་རྒྱངས་ཐོས་པའི་མོད། །སྲིད་ཞིའི་ཕུན་ཚོགས་བརྟན་པ་མ་ལུས་པ། །ཉེར་བཀུགས་དབང་གི་འཕྲིན་ལས་གྲུབ་པར་མཛོད། །ནག །ཆེམ་ཆེམ་མི་རོ་ཟ་བ་མཆེ་བའི་འཕྲེང་། །ཁྲག་དྲོན་ཆལ་ཆིལ་གཡོ་བ་སྲིན་པོའི་ཞལ། །གདངས་པས་དགྲ་བགེགས་དོན་སྙིང་དུམ་བུ་རུ། །རབ་བཀས་དྲག་པོའི་འཕྲིན་ལས་ལྷུན་གྲུབ་མཛོད། །ལྗང་། རྩ་ཁམས་དངས་མཚོར་རང་སེམས་གསལ་སྟོན་གཟུགས། །ཡོངས་ཤར་རྣམ་འཕྲུལ་དུར་ཁྲོད་བརྒྱད་མྱུལ་མགོན། །གཅིག་ལས་དུ་མའི་རོལ་པས་མཆོག་ཐུན་གྱི། །སྣ་ཚོགས་འཕྲིན་ལས་མ་ལུས་ལྷུན་གྲུབ་མཛོད། །པུ་ཏྲ། སེར། གནོད་སྦྱིན་ཡབ་ཡུམ་བཤོས་སྲས་གཤིན་རྗེའི་གཙོ། །པུ་ཏྲ་མིང་སྲིང་རུ་འདྲེན་སྡེ་བཞིར་བཅས། །འཕྲལ་བསད་འདར་བའི་དབང་པོ་སྣ་ལྔའི་ཟས། །སྙིང་ཁྲག་དྲོན་མོ་འཐུངས་ལ་ལས་ཀུན་སྒྲུབས། །བེག་ཙེ། བརྒྱ་ཕྲག་གཉིས་(༡༤༩ན)


GLG018_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་བྱུ་རུའི་ལྷུན་པོའི་གཟི། །འཕྲོག་མཛད་གནོད་སྦྱིན་ལྕམ་དྲལ་འཁོར་ཚོགས་རྣམས། །སྟོང་གསུམ་སྐད་ཅིག་མྱུལ་ལ་གནག་པའི་དགྲའི། །བྱང་ཁོག་གཤགས་ནས་དོན་སྙིང་དམར་ཟས་མཛོད། །ཤིང་སྟག་ལྗངས་རྒྱལ་ཐང་དུ་རྒྱབ་བྱས་གཙོས་ཀར་དགོན་སོགས་སྐྱ་སེར་དུ་མ་ཨུ་ཆིར་པཱ་ཐུར་ཐའི་ཇིས་ཐོག་དྲངས་བོད་སོག་གི་དཔུང་འབྱོར་པ་ཙམ་ནས་དམིགས་མེད་དུ་སོང་བའི་ཚེ་བསྟན་སྲུང་དམ་ཅན་རྒྱ་མཚོར་གཏང་རག་བཏང་བའི་དུས་སྙན་དར་ཞལ་ཡིག་སྲིད་གསུམ་རྣམ་རྒྱལ། དུས་ཀྱི་དགྲ་བོར་ཕྱག་རྒྱ་ཟིལ་གནོན་གར། །རབ་བསྒྱུར་བཀའ་ཉན་མ་ཧཱ་ཀཱ་ལ་དང་། །འདོད་ཁམས་མ་སོགས་ཕོ་རྒྱུད་མོ་རྒྱུད་ཀྱི། །དྲེགས་པའི་སྡེ་དཔོན་དམ་ཅན་རྒྱ་མཚོ་ཀྱེ། །བསམ་སྦྱོར་ངན་འཆང་ལོག་པར་འདྲེན་པའི་དཔུང་། །བསོད་ནམས་མངའ་ཐང་ཚེ་སྲོག་མི་རྟག་པའི། །ལམ་དུ་ཉེར་བཀོད་སྙན་གྲགས་དབྱར་གྱི་རྔས། །ཡིད་ཀྱི་རྨ་བྱ་དགའ་བའི་ཟློས་གར་སྒྱུར། །དེ་ཕྱིར་དངོས་བཤམས་ཡིད་སྤྲུལ་གཏང་རག་གི །ཕྱི་ནང་གསང་བའི་མཆོད་སྤྲིན་ལེགས་སྤེལ་ན། །སླར་ཡང་སྟོད་སྨད་ཕྱོགས་མཚམས་མི་བསྲུན་དགྲའི། །དོན་སྙིང་ཁྲག་དྲོན་ཧུབ་ཀྱིས་འདྲེན་པར་མཛོད། །རབ་བྱུང་བཅུ་གཅིག་པའི་སྲིན་པོ་ཞེས་པ་ཤིང་ཡོས་ཀྱི་ལོ་གདན་ས་བར་པ་ཤབ་དགེ་སྡིངས་བཀྲ་ཤིས་བསམ་གྲུབ་ཏུ་ས་སྐྱ་ཁྲི་ཆེན་ངག་དབང་བསོད་ནམས་དབང་ཕྱུག་དང་ཁྱབ་བདག་བཀའ་འགྱུར་བའི་དཔོན་གནས་གསར་ངག་དབང་བསོད་ནམས་སོགས་ལ་མཁན་ཆེན་ཆོས་ཀྱི་རྒྱལ་པོ་ཞ་ལུ་བས་སློབ་བཤད་སྙན་བརྒྱུད་བཞི་ལྡན་སྩལ་བའི་ཚེ། སྒོ་རུམ་མགོན་ཁང་དུ་བཞུགས་པ་སངས་རྒྱས་དངོས་ཀྱིས་རབ་གནས་མཛད་པའི་བསེ་འབག་ནག་པོ་འཕུར་ཤེས་ལ་བཟང་


GLG018_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གོས་མུ་མིན་མདོག་ལུག་གི་སྙན་ཤལ་ཕུལ་བའི་ཁ་བྱང་ཡོངས་འདུའི་འབྲས་སྨིན། བརྒྱ་ཕྲག་ཉི་མས་འཁྱུད་པའི་སྟང་ཟིལ་རི། །མིའུ་ཐུང་སྲིན་པོའི་གར་མཁན་ནག་པོ་ཆེ། །བསྟན་སྲུང་ཡོངས་ཀྱི་འཁོར་ལོས་སྒྱུར་བའི་ལྷ། །མཐུ་སྟོབས་དབང་ཕྱུག་གུར་གྱི་མགོན་པོ་ཀྱེ། །འཕགས་བོད་རྩ་རྒྱུད་བླ་མའི་དམ་ཚིག་བཞིན། །འཇིག་རྟེན་ཀུན་བདེ་ཐུབ་པའི་ལུང་རྟོགས་དང་། །དེ་འཛིན་སྐྱེས་བུ་འདུས་པའི་སྡེ་བཅས་རྣམས། །དབྱར་གྱི་ཆར་སྤྲིན་ལྟ་བུར་ཆེར་འཕེལ་ཞིང་། །ཁྱད་པར་བདག་མེད་མཁའ་འགྲོའི་གསུང་ངག་ཆོས། །སྙན་བརྒྱུད་སློབ་བཤད་སྤེལ་ལ་འཚེ་བའི་གེགས། །རབ་གཞིལ་ཚད་མ་བཞི་ལྡན་འཆད་ཉན་རྒྱུན། །སྲིད་མཐའི་བར་དུ་ཆད་མེད་འཕེལ་བར་མཛོད། །རབ་བྱུང་བཅུ་གཅིག་པའི་སྲིན་པོ་ཞེས་པ་ཤིང་ཡོས་ཀྱི་ལོ་གདན་ས་བར་པ་ཤབ་དགེ་སྡིངས་བཀྲ་ཤིས་བསམ་གྲུབ་ཏུ་ས་སྐྱ་ཁྲི་ཆེན་ངག་དབང་བསོད་ནམས་དབང་ཕྱུག་དང་། ཁྱབ་བདག་བཀའ་འགྱུར་པའི་དབོན་གནས་གསར་ངག་དབང་བསོད་ནམས་སོགས་ལ་མཁན་ཆེན་ཆོས་ཀྱི་རྒྱལ་པོ་ཞ་ལུ་པས་སློབ་བཤད་སྙན་བརྒྱུད་བཞི་ལྡན་སྩལ་བའི་ཚེ་དམ་ཅན་སྲུང་མ་སྤྲིན་བཞིན་འདུ་བའི་གནས་མཆོག་ཁའུ་བྲག་རྫོང་དུ་ལེགས་ལྡན་གདོང་བཞི་པར་བཟང་གོས་འཇམ་སང་ཡུག་གི་སྙན་ཤལ་ཕུལ་བའི་ཁ་ཡིག་བདུད་སྡེ་འཇོམས་པའི་གད་བརྒྱངས། གསལ་སྟོང་སེམས་ཉིད་གཅིག་པུའི་རྣམ་སྤྲུལ་མགོན། །རྩ་ཁམས་རླུང་གི་དངས་མར་གྲུབ་པའི་རྩལ། །ཕྱི་རོལ་འཁྲུལ་མཚོར་ཤར་བ་དྲེགས་པའི་གཟུགས། །དྲག་པོ་གཟི་ལྡན་དབང་ཕྱུག་གདོང་བཞི་པ། །རྣལ་འབྱོར་དབང་མོ་གཉན་ལོ་ས་སྐྱ་པ། །ཚར་ཆེན་ཡབ་སྲས་རྣམས་ཀྱི་འདའ་དཀའི་(༡༥༠ན)


GLG018_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དམ། །ཉེར་བཞགས་མ་བསྙེལ་སློབ་བཤད་འཆད་ཉན་ལ། །འཚེ་བའི་བདུད་རིགས་སྡེ་བཅས་ཐལ་བར་རློག །གསུང་ངག་གསེར་ཆོས་བཅུ་བཞི་མགོན་ཟུང་གི །ཟབ་དོན་རང་བསྟན་ཁའུ་བྲག་རྫོང་སྲོལ། །ཉི་མའི་དངོས་བརྒྱ་འཛིན་པའི་འོད་པོ་ཆེའི། །སྣང་བས་ཡིད་ཀྱི་འདོད་པ་ཀུན་འཇོར་མཛོད། །རབ་བྱུང་བཅུ་གཅིག་པའི་སྲིན་པོ་ཞེས་པ་ཤིང་ཡོས་ཀྱི་ལོ་གདན་ས་པ་བར་པ་ཤབ་དགེ་སྡིངས་བཀྲ་ཤིས་བསམ་གྲུབ་ཏུ་ས་སྐྱ་ཁྲི་ཆེན་ངག་དབང་བསོད་ནམས་དབང་ཕྱུག་དང་། ཁྱབ་བདག་བཀའ་འགྱུར་བའི་དབོན་གནས་སར་ངག་དབང་བསོད་ནམས་སོགས་ལ་མཁན་ཆེན་ཆོས་ཀྱི་རྒྱལ་པོ་ཞྭ་ལུ་བས་སློབ་བཤད་སྙན་བརྒྱུད་བཞི་ལྡན་བསྩལ་བའི་ཚེ་པུ་ཏྲ་ཁང་དུ་ལས་ཀྱི་གཤིན་རྗེ་པུ་ཏྲ་མིང་སྲིང་ལ་རྟགས་བརྒྱད་ཁ་བཏགསའདོམ་འཁོར་མའི་སྙན་དར་ཕུལ་བའི་ཁ་བྱང་རྣམ་པར་རྒྱལ་བའི་རུ་མཚོན། བྲམ་ཟེའི་དམོད་པས་གནོད་སྦྱིན་ཡབ་ཡུམ་སྲས། །སེམས་ཅན་ལས་ལ་གྲུབ་པ་ཉི་མའི་བུ། །པུ་ཏྲ་མིང་སྲིང་གཏུམ་རྔམ་འཆམས་འགྲོས་ཀྱིས། །ཚུར་སྤྱོན་སྔོན་གྱི་དམ་ཚིག་ཉེ་བར་དགོངས། །ཁྱད་པར་མཆོག་སྲེད་རྣམ་འཕྲུལ་ཀུན་སྤངས་རྗེ། །ཚར་ཆེན་མཁྱེན་བརྩེའི་ཞབས་སོགས་བླ་མ་ཡི། །སྤྱན་སྔར་ཞལ་བཞེས་ཇི་བཞིན་སློབ་བཤད་རྒྱུན། །སྤེལ་བར་མཐོ་འཚམ་དགྲ་བགེགས་སྙིང་ཁྲག་འཐུང་། །ཚད་མ་བཞི་ལྡན་སྙན་བརྒྱུད་གོ་རིམ་ལྟར། །མི་འཆོལ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ། །ལེགས་འགྲིག་དེ་འཛིན་རྣམས་ཀྱི་བཞེད་པའི་དོན། །ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་མཛོད། །རབ་བྱུང་བཅུ་གཅིག་པའི་སྲིན་པོ་ཞེས་པ་(༡༥༠བ)


GLG018_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཡོས་ཀྱི་ལོ་གདན་ས་བར་པ་ཤབ་དགེ་སྡིངས་བཀྲ་ཤིས་བསམ་གྲུབ་ཏུ་ས་སྐྱ་ཁྲི་ཆེན་ངག་དབང་བསོད་ནམས་དབང་ཕྱུག་དང་། ཁྱབ་བདག་བཀའ་འགྱུར་པའི་དཔོན་གནས་གསར་ངག་དབང་བསོད་ནམས་སོགས་ལ་མཁན་ཆེན་ཆོས་ཀྱི་རྒྱལ་པོ་ཞ་ལུ་པས་སློབ་བཤད་སྙན་བརྒྱུད་བཞི་ལྡན་སྩལ་བའི་ཚེ། བླ་བྲང་བཞི་ལས་སྙན་བརྒྱུད་བསྟན་པའི་འབྱུང་གནས་རིན་ཆེན་སྒང་མགོན་ཁང་དུ་བསྟན་སྲུང་རྒྱ་མཚོར་ཆ་བདུན་ཁ་བཏགས་འདོམ་འཁོར་མའི་སྙན་ཤལ་ཕུལ་བའི་ཁ་ཡིག་སྙན་བརྒྱུད་མ་དྲོས་མཚོ་ཆེན། རྒྱལ་ཀུན་མཐུ་སྟོབས་བཞུ་བླུགས་ཁོལ་བའི་ཞུན། །གཏུམ་བྲག་རྡོ་རྗེའི་ཚ་ཚ་རབ་འབར་བ། །གུར་གྱི་མགོན་པོ་ལེགས་ལྡན་གདོང་བཞི་པ། །བཀའ་སྡོད་འཁོར་ཚོགས་རྒྱ་མཚོར་བཅས་པ་དགོངས། །འཇམ་དབྱངས་བསོད་ནམས་རྒྱལ་མཚན་མཆོད་ལ་སོགས། །བླ་བྲང་རིན་ཆེན་སྒང་པའི་གདུང་བརྒྱུད་ལས། །ཉེར་འོངས་སློབ་མར་བཤད་པའི་སྨིན་གྲོལ་རྒྱུན། །ཐུབ་བསྟན་ཇི་སྲིད་གནས་པ་སྤེལ་བར་མཛོད། །ཟབ་མོའི་ཆོས་འདི་འཆད་ཉན་སྒྲུབ་པ་ལ། །གནོད་བྱེད་དགྲ་བགེགས་ཀླད་ཁྲག་ཧུབ་ཀྱིས་དྲོངས། །དེ་འཛིན་སྡེ་བཅས་ཡར་ངོའི་ཟླ་བ་དང་། །དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ་བར་མཛོད། །རབ་བྱུང་བཅུ་གཅིག་པའི་སྲིན་པོ་ཞེས་པ་ཤིང་ཡོས་ཀྱི་ལོ་གདན་ས་བར་པ་ཤབ་དགེ་སྡིངས་བཀྲ་ཤིས་བསམ་གྲུབ་ཏུ་ས་སྐྱ་ཁྲི་ཆེན་ངག་དབང་བསོད་ནམས་དབང་ཕྱུག་དང་། ཁྱབ་བདག་བཀའ་འགྱུར་བའི་དབོན་གནས་གསར་ངག་དབང་བསོད་ནམས་སོགས་ལ་མཁན་ཆེན་ཆོས་ཀྱི་རྒྱལ་པོ་ཞ་ལུ་པས་སློབ་བཤད་སྙན་བརྒྱུད་བཞི་ལྡན་སྩལ་བའི་ཚེ། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་བསྟི་གནས་འདར་སྟོད་རྨུག་ཤོང་དགེ་བའི་ཚལ་གྱི་བླ་བྲང་མགོན་ཁང་དུ་གནོད་སྦྱིན་(༡༥༡ན)


GLG018_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བེག་ཙེ་ལྕམ་དྲལ་ལ་ཆ་བདུན་ཁ་བཏགས་འདོམ་འཁོར་མའི་སྙན་ཤལ་ཕུལ་བའི་འདོད་པའི་ཡིད་བཞིན་རེ་སྐོང་། ཟངས་ཁྲག་རལ་པ་གསིག་པའི་གནོད་སྦྱིན་དང་། །སྲིན་མོ་བཤོས་སྲས་ཟངས་ཀྱི་བེག་ཙེ་ཅན། །རིག་པའི་ལྷ་མོ་གར་གྱི་དབང་ཕྱུག་མ། །བཀའ་སྡོད་བཤན་པའི་དམག་ཚོགས་སྙན་གསོན་ཅིག །པདྨ་ཐོད་འཕྲེང་གྲུབ་དབང་འདར་འཕྱར་ཞབས། །ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོ་སོགས། །དངོས་བརྒྱུད་བླ་མའི་དམ་དགོངས་ཐུབ་བསྟན་སྲུངས། །མི་བསྲུན་དགྲ་བོའི་སྙིང་ལ་རྗེན་ཟས་རྒྱོབ། །ཁྱད་པར་གསང་ཆེན་སློབ་བཤད་མན་ངག་མཛོད། །འཆད་ཉན་ཐོས་བསམ་བགྱིད་པར་བར་གཅོད་པའི། །གནོད་བྱེད་ནག་པོའི་བདུད་སྡེ་ཚར་ཆོད་ལ། །རྣམ་པར་རྒྱལ་བའི་བ་དན་སྲིད་རྩེར་ཕྱོར། །ཤིང་ཡོས་ཧོར་ཟླ་བཞི་པར་ཆོས་འཁོར་རྒྱལ་ཞིག་གསོས་ཀྱི་སྐབས་དགེ་སློང་ཕུན་ཚོགས་རྒྱ་མཚོ་དང་བློ་བཟང་བཟོད་པ། པད་རྡོར་གསུམ་བཏང་པའི་ཚེ་མགོན་ཁང་རྣམས་སུ་འདོད་དོན་གསོལ་བའི་སྙན་དར་ཁ་བྱང་འཕྲིན་ལས་ལྷུན་གྲུབ། །དེ་ཝཱི་ཀོ་ཊི་སྲིད་གསུམ་དབང་ཕྱུག་དམག་དང་ཟོར་གྱི་ལྷ། །གཡའ་མ་སྐྱོང་སོགས་བསྟན་མ་བཅུ་གཉིས་དང་། །ཇོ་བོ་རྒྱལ་མཚན་རྟ་རྒོད་ཤེལ་ལྕགས་གིས། །ཉེར་མཚོན་གཞི་བདག་རྣམས་ཀྱིས་བསམ་དོན་སྒྲུབས། །བསིལ་བ་ཚལ། སྟོབས་ལྡན་གུར་གྱི་མགོན་པོ་ཞལ་བཞི་པ། །བཀའ་སྡོད་པུ་ཏྲ་དམ་ཅན་རྒྱ་མཚོ་ཡིས། །ཞི་རྒྱས་དབང་དྲག་ལས་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཆོས་འབྱུང་ཤོད། བེག་ཙེ་ལྕམ་དྲལ་བཤན་(༡༥༡བ)


GLG018_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པ་དམར་པོ་དང་། །ཁྱབ་འཇུག་པེ་ཧར་སྐུ་ལྔ་ཡང་ལེ་བེར། །རྡོར་ལེགས་ལ་སོགས་དྲེགས་པའི་སྡེ་དཔོན་ཚོགས། །དེང་འདིར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཧེ་རུ་ཀཿདཔལ་སྤྱན་སྔར་བདུད་སྡེའི་དཔུང་། །འཇོམས་ཤིང་དཀར་པོ་དམ་པའི་ཆོས་སྐྱོང་བར། །ཞལ་འཆེས་བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས། །མ་གཡེལ་བཅོལ་བའི་འཕྲིན་ལས་ཐམས་ཅད་སྒྲུབས། །ཆོས་འབྱུང་སྟོད། འཇིགས་མཛད་རྡོ་རྗེ་བཀའ་སྡོད་ཉི་མའི་བུ། །ལེགས་ལྡན་ཕྱག་དྲུག་མགོན་དང་ངལ་བསོས་པོ། །སྲིད་པའི་རྒྱལ་མོ་སྟོབས་འཕྲོག་གདོང་བཞི་པ། །བེག་ཙེ་ལྕམ་དྲལ་རྣམས་ཀྱིས་ལས་ཀུན་སྒྲུབས། །ཤིང་ཡོས་མཆོད་ཡུལ་དུ་གྱུར་ཏོ་ཅོག་གང་ལ་འབུལ་ཀྱང་མི་འགལ་བའི་སྙན་དར་གྱི་ཞལ་བྱང་བཀྲ་ཤིས་ཁ་བཏགས་ལ་ཐགས་སུ་བསྐྲུན་རྒྱུ་ཞིག་དབུ་མཛད་བློ་བཟང་ཡོན་ཏན་གྱིས་དགོས་ཚུལ་ལྟར་བཀོད་པ་འཛད་མེད་གཏེར་མཛོད། མགོན་ཁང་མཐིལ། ཀུན་བཟང་མཆོད་སྤྲིན་གཡོ་བའི་ལྷ་རྫས་ཀྱིས། །བླ་མ་རྒྱལ་བ་སྲས་དང་སློབ་མར་བཅས། །རྒྱུད་སྡེ་བྱེ་བའི་འཁོར་ལོ་ཆོས་སྲུང་སོགས། །ཡོངས་འདུས་རྣམ་ལྔའི་མཁའ་འགྲོ་དགྱེས་བསྐྱེད་མཐུས། །བློ་བཟང་གྲགས་བསྟན་རྒྱ་ཧོར་ཡུལ་སྤེལ་བའི། །བསོད་ནམས་རྒྱ་མཚོའི་དཔལ་གྱི་འཕྲིན་ལས་རྒྱུན། །མཁའ་ཁྱབ་འགྲོ་རྒྱུད་རྟོག་འཇུག་ལུས་ཅན་རྣམས། །སྲིད་ཞིའི་བདེ་སྐྱིད་གྲིབ་མར་ངལ་གསོར་ཤོག །དྲིན་ཅན་རྩ་བའི་བླ་མ་ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱི་རྣམ་པར་སྤྲུལ་པ་གསང་དར་མ་སྒང་གི་བླ་མ་བསོད་ནམ་དཔལ་འབྱོར་གྱི་རིགས་སུ་འཁྲུངས་པའི་ཡིད་ཆེས་ཀྱི་(༡༥༢ན)


GLG018_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་རྙེད་པའི་དུས་ཡར་ཀླུངས་བཀྲ་ཤིས་རྩེ་ཆོས་སྡེར་མགོན་ཆེ་ཆུང་ལས་མཁན་གཉིས་དང་བཅས་པར་བསྐང་བཤགས་གཟབས་རྒྱས་བཏང་བའི་ཚེ་དགྱེས་མཛད་རྡོ་རྗེ། མགོན་པོ་ཡབ་ཡུམ་ཞལ། པུ་ཏྲ། བེག་ཙེ་རྣམས་ལ་སྙན་ཤལ་ཕུལ་བའི་ཁ་བྱང་དཔག་བསམ་སྙེ་མ། དགྱེས་མཛད་རྡོ་རྗེ་གུར་མགོན་ཞལ་བཞི་པ། །ལས་མཁན་བཅས་པས་ཁྱབ་བདག་པདྨ་དབང་། །སྤྲུལ་པའི་གར་ལ་བགེགས་རིགས་མི་འཇུག་ཅིང་། །སྐུ་ཚེ་འཕྲིན་ལས་འཕེལ་བའི་ལས་མཛོད་ཅིག ། རྒྱ་བོད་ཀྱི་ཡིག་རིགས་ལ་བློ་བྱང་བ་ལྕང་གསེབ་འཇམ་དབྱངས་དཔལ་བཟང་གིས་གུང་ཐང་ལྷ་མོར་སྙན་དར་ཁ་བྱང་དགོས་ཚུལ་བཞིན་བཀོད་པ་འདོད་པའི་རེ་སྐོང་། དཔལ་ལྡན་ལྷ་མོ་མཐུ་དང་རྩལ་གྱི་བདག །སྣ་ཚོགས་འཕྲིན་ལས་བསྒྲུབ་པའི་རྫུ་འཕྲུལ་གྱིས། །མ་མོ་ཡོངས་ཀྱི་རྗེ་མོར་དབང་སྒྱུར་བའི། །སྤྱན་སྔར་སྙན་ཤལ་མཆོད་སྤྲིན་ལེགས་ཕུལ་བས། །མཐའ་ཀླས་ཡི་གེའི་འདུ་བྱེད་སྤེལ་བ་ལ། །ཡངས་པའི་བློ་གྲོས་སྤོབས་པ་དགེ་བ་ཅན། །འཇམ་དབྱངས་དཔལ་བཟང་ཟུག་རྔུས་ཉེར་གཙེས་པ། །སྒྲ་གཅན་ལས་གྲོལ་ཟླ་བཞིན་རབ་གསལ་ཞིང་། །མི་ནོར་བཅས་ལ་འཚེ་བའི་ནད་གདོན་བགེགས། །མཁའ་གླང་ལྟ་བུར་འཁྲིགས་རྣམས་ལྷ་ཁྱོད་ཀྱི། །མཐུ་སྟོབས་མི་བཟད་རླུང་གིས་ཡོངས་བསྐྲད་ནས། །འདོད་དོན་ཉི་མའི་གཟི་བྱིན་འབར་བར་མཛོད། །ཤིང་ཡོས་དཔལ་ཞ་ལུ་གསེར་བཀང་གི་ཆོས་སྡེ་ཆེན་པོར་བསྟན་པ་སྤྱི་སྒོས་ཀྱི་སྐུ་རིམ་དུ་འཆི་བདག་ལས་ཀྱི་གཤིན་རྗེ་ཡབ་ཡུམ་མཆོད་ཅིང་བསྐུལ་བའི་དུས་ཆེན་ནམ་བབས་ཀྱི་ཚེ་མ་ཧེ་ཡབ་ཡུམ་ལ་འཕྲིན་ལས་བཅོལ་བའི་སྙན་ཤལ་(༡༥༢བ)


GLG018_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁ་བྱང་སེང་གེའི་ང་རོ། སྲིད་གསུམ་ཟ་བའི་ཞལ་དགུ་ཆེར་གདངས་པས། ཁྲོ་གཞན་ལག་ཆ་སྟབས་ཅིག་མཆོར་མཛད་པའི། །བཀའ་སྡོད་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །སྐྱེ་རྒུའི་སྲོག་བདག་ལས་གཤིན་ཡབ་ཡུམ་ཀྱེ། །དང་པོའི་མགོན་པོ་ཁ་སྦྱོར་བདུན་ལྡན་ནས། །ལཱ་ལི་ཏས་མཚོན་འཕགས་བལ་པཎ་གྲུབ་དང་། །རྭ་སྐྱོ་ཞང་མལ་གཉོས་ཏེ་ལོ་ཆེན་ལྔ། །ཁྱད་པར་མཐུ་སྟོབས་དབང་ཕྱུག་རྡོ་རྗེ་གྲགས། །ཤེས་བྱ་ཐམས་ཅད་གཟིགས་པ་བུ་སྟོན་རྗེ། །རིགས་ཀུན་ཁྱབ་བདག་ཚར་ཆེན་ཡབ་སྲས་སོགས། །དཔལ་ལྡན་དུས་དགྲ་གྲུབ་པའི་རྣལ་འབྱོར་གྱིས། །བཀའ་བསྒོས་དམ་ཚིག་གཉན་པོ་ཉེར་དགོངས་ལ། །གངས་ལྗོངས་བཤད་སྒྲུབ་བསྟན་དང་དེ་སྐྱོང་བའི། །དབང་ཕྱུག་དམ་པའི་ལུགས་བཟང་ཆོས་སྲིད་ཁྲིམས། །མངའ་འབངས་སྐྱེ་རྒུའི་བདེ་སྐྱིད་འཕྲོག་བྱེད་པ། །བདུད་རིགས་ནག་པོའི་རྩ་ལག་དྲུངས་ནས་ཕྱུངས། །ཡང་སྒོས་ལྷོ་རོང་གནས་ལ་བརྟེན་བྱས་ནས། །མ་རུངས་བརླང་པོར་སྤྱོད་པ་འབྲུག་སྲིད་སྡེ། །འཆི་བདག་ཡབ་ཡུམ་གཙོར་གྱུར་སྡེ་བརྒྱད་ཀྱིས། །ཚོགས་ལ་རོལ་ལ་རྗེས་ཤུལ་རླུང་ལ་སྐུར། །མགལ་དུམ་འཕྲེང་བར་སྤེལ་བའི་དྲི་མ་དང་། །ཡོངས་བྲལ་སྨིན་གྲོལ་རྒྱུད་བཤད་ངེས་གསང་ཐེག །གཞུང་ལུགས་བརྒལ་བརྟག་ལུང་རིགས་ཐོས་བསམ་དང་། །རྣམ་དག་ཚུལ་ལྡན་བསྟན་པ་དར་བར་མཛོད། ཁ་བའི་ལྗོངས་འདིར་ཆོས་ནོར་འདོད་ཐར་ཏེ། །སྡེ་བཞིའི་སྒོ་འཕར་རྫོགས་ལྡན་ལྟར་ཕྱེ་ནས། །གནམ་སའི་དབང་ཕྱུག་(༡༥༣ན)


GLG018_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྤྱོད་རྒྱལ་པོ་ཡི། །ཁྲིམས་ཀྱི་གཉའ་ཤིང་རབ་ཏུ་ལྕི་བར་མཛོད། །སྡེ་འདིར་བསམ་སྦྱོར་ངན་འཆང་དགྲ་བགེགས་ཀྱི། །སྙིང་གི་ཁྲག་དྲོན་ཞལ་དུ་གསོལ་བ་དང་། །མ་བྱོན་སངས་རྒྱས་གསུམ་པར་འཚང་རྒྱ་བའི། །བུ་སྟོན་ཆོས་རྗེའི་རིང་ལུགས་དར་བར་མཛོད། །གོང་འོག་རྒྱུད་སྡེའི་རྒྱུན་བཟང་རིན་ཆེན་འཕྲེང་། །མཁས་གྲུབ་དམ་པའི་བཞེད་པ་དྲི་མེད་དང་། །ཚད་མ་བཞི་ལྡན་སློབ་བཤད་ལུང་རྟོགས་བསྟན། །སྲིད་མཐའི་བར་དུ་འཕེལ་བའི་འཕྲིན་ལས་མཛོད། །ནག་པོ་གཉིས། རིམ་བདུན་ས་འོག་བཤས་ར་ཆེན་པོ་ནས། །རལ་པ་ཚར་དགུ་ཡབ་ཡུམ་འཁོར་བཅས་ཀྱིས། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་དཔུང་། །མཐུ་སྟོབས་གནམ་ལྕགས་འབར་བའི་ཐོག་མངས་ཆོམས། །ལྕགས་ཁང་མེ་རླུང་འཁྲུལ་པའི་གྲོང་ཁྱེར་ནས། །བྷེ་ཝ་ས་ཏྭ་དུག་ཧྲུལ་གཏུམ་མོ་ཡུམ། །ལྷ་སྲིན་སྡེ་བརྒྱད་དམག་གི་དཔུང་ཚོགས་ཀྱིས། །དམིགས་བྱའི་བླ་སྲོག་ཚེ་གསུམ་ཞལ་དུ་རྔུབས། །མེ་འབྲུག་གནམ་ལོ་གསར་ཚེས་ཀྱི་དུས་འདོད་ཁམས་དབང་ཕྱུག་མར་སྙན་ཤལ་དར་ཚོན་སྣ་ལྔ་ཕུལ་བའི་ཁ་བྱང་འདོད་པའི་འབྲས་སྨིན། དཀར་ཟླ་བཞིན་རྗེས་འགྲོ་ཁྱོད་ཞལ་དྲན་པའི་མོད། །གུས་པའི་ཟུག་རྔུ་ཕྱུང་དང་ཆབས་ཅིག་པར། །སིམ་པའི་སྣང་བ་འདྲེན་པའི་ཞི་བའི་ལས། །ལྷུན་གྱིས་གྲུབ་པའི་རླུང་གི་ཤིང་རྟས་དྲོངས། །སེར། ཛམྦུ་ཆུ་བོའི་ལྷུན་པོ་ལྟར་བརྗིད་སྐུ། །འོད་ཀྱིས་སྲིད་ཞིའི་བསོད་ནམས་བླ་ནས་བླར། །མཐོར་བརྩེགས་(༡༥༣བ)


GLG018_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་ཚངས་པའི་ཡུལ་ས་ནས། །ཡོངས་བརྒལ་རྒྱས་པའི་འཕྲིན་ལས་སྒྲུབ་པར་མཛོད། །དམར། རྗེས་ཆགས་ཨུཏྤལ་དམར་པོའི་ཞགས་པ་ཡིས། །བརྟན་གཡོའི་དངོས་ཀུན་བཅིངས་པའི་རལ་པའི་རྩེར། །མཛེས་བྱེད་རྐང་སེན་ཟླ་བ་ཡོངས་ཚེས་པས། ཁམས་གསུམ་དབང་དུ་སྡུད་པའི་འཕྲིན་ལས་མཛོད། །མཐིང་། གཏུམ་དྲག་རྣོན་པོའི་མཚོན་ཆས་དགྲ་བགེགས་ཀུན། །མི་རྟག་ལམ་དུ་འགོད་པའི་དྲག་ཤུལ་གྱིས། །མེ་ཏོག་མདའ་ཅན་སྡེ་བཅས་ལྐོག་མར་སྙིང་། །ཐོན་པའི་དྲག་པོའི་འཕྲིན་ལས་ལྷུན་གྲུབ་མཛོད། །ལྗང་། གྲངས་མེད་དངས་མཚོར་སྣང་བརྙན་འབུམ་འཆར་ཡང་། །ནམ་མཁའི་ཟླ་བ་གཅིག་པུའི་རྣམ་འཕྲུལ་བཞིན། །གཟུགས་སྐུ་བཀོད་པའི་བྱེ་བྲག་མཐའ་ཀླས་ཀྱང་། །སྟོང་ཉིད་སྙིང་རྗེའི་རང་གདངས་དབྱིངས་ཕྱུག་མ། །བསྟན་འགྲོའི་བདེ་ལེགས་སྤེལ་བའི་མེལ་ཚེ་ལ། །རྟག་ཏུ་ངལ་བ་མེད་མོད་ཐུགས་དམ་རྒྱུད། །བསྐུལ་ན་ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱི། །འཕྲིན་ལས་ཐོགས་པ་མེད་པར་སྒྲུབ་ཏུ་གསོལ། །ཐུགས་རྗེའི་ཆུ་འཛིན་ལང་ལོང་འཁྲིགས་པ་ལས། །འཛད་མེད་བཀྲ་ཤིས་ཆར་གྱིས་ཉེར་བརླན་པའི། །འདོད་དོན་གཡུར་དུ་ཟ་བའི་སྙེ་མ་ཡི། །རོ་བདའི་འབྲས་བུར་སྤྱོད་པའི་སྐལ་བཟང་སྩོལ། །མེ་འབྲུག་ཆོ་འཕྲུལ་མཆོད་པའི་དུས་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་ར་ས། ར་མོ་ཆེ་པོ་ཏ་ལར་བརྒྱ་མཆོད་གྱི་དུས་དང་། གྲ་ཚང་དུ་མཁའ་འགྲོ་ལྔ་རྣམས་ལ་སྙན་ཤལ་ཁ་བྱང་དགོས་ཚུལ་ལྟར་བཀོད་པའི་དཔག་བསམ་ལྗོན་ཤིང་། ཐུགས་རྗེའི་(༡༥༤ན)


GLG018_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱིས་སྲིད་ཞིའི་གདུང་མུན་ཀུན། །རབ་བཅིལ་རྡོ་རྗེའི་ཁྲི་ལ་བཤེས་གཉེན་མཆོག །ཞབས་བརྟན་འགྲོ་ཀུན་བཞི་བརྒྱ་རྩ་བཞིའི་ནད། །འབྱེན་པར་ཟས་གཙང་སྲས་པོས་བདག་རྗེས་བཟུང་། །བསྟན་འགྲོའི་བདེ་སྐྱིད་སྒོ་འཕར་ཕྱོགས་བཅུར་ཕྱེ། །དཔལ་ལྡན་བླ་མ་བསྐལ་བརྒྱར་མི་འགྱུར་ཞིང་། །རོ་ནུས་ཞུ་རྗེས་སྨན་གྱིས་ལུས་ཅན་སྲོག །འཚོ་བར་མི་བསྐྱོད་རྡོ་རྗེས་བྱིན་གྱིས་རླབས། །མཐུ་སྟོབས་ཐོག་གིས་ནག་ཕྱོགས་བྲག་གི་རི། །ཕྱེར་བཏགས་བསྟན་པ་ཡོངས་དར་དེ་འཛིན་བསྟན། །འཇིག་རྟེན་ཁམས་བདེ་སྐྱེ་རྒུའི་བྲོ་ནད་རྣམས། །གཞིལ་བར་འཕགས་མཆོག་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལག་ན་པད་དཀར་འཆང་ཁྱོད་ཞིང་ཁམས་འདིར། །རྡོ་རྗེ་སློབ་དཔོན་ཚེ་དཔག་མེད་མགོན་སྐུར། །རབ་བཞེངས་གསོ་རིག་འཆད་ཉན་གཞན་ཕན་གྱིས། །ཡངས་པའི་འཇིག་རྟེན་བདེ་ལ་འགོད་པར་ཤོག །རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ཚོགས་རྣམས་ཀྱིས། །རིགས་འཛིན་སློབ་དཔོན་གཡུང་དྲུང་ལྟར་བརྟན་ཅིང་། །ཚེ་ཡི་རིག་བྱེད་ལག་ཏུ་ཉེར་བསྟར་བས། །འགྲོ་ཀུན་བདེ་སྐྱིད་དཔལ་ལ་སྦྱོར་བར་མཛོད། །མེ་འབྲུག་ནག་པ་ཟླ་བའི་བརྒྱད་གཏོར་གྱི་ཚེ་མགོན་པོ་ཆེ་ཆུང་ལས་མཁན་དང་བཅས་པར་ཕུལ་བའི་སྙན་དར་ཞལ་ཡིག་ཡོངས་འདུའི་འཁྲི་ཤིང་། ཁྲོ་མེད་འོག་མིན་ཞིང་གཙོའི་ཐུགས་ཀ་ནས། ཁྲོ་གཏུམ་སྲིན་མོ་མེའུ་ཐུང་གེལ་བའི་གཟུགས། ཁྲོ་(༡༥༤བ)


GLG018_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཡོངས་ཀྱི་དེད་དཔོན་ནག་པོ་ཆེ། །ཁྲོ་ཞལ་གྲ་ནས་དམར་ཆེན་ཁྲག་རྒྱུན་འཛག །རང་བྱུང་རྡོ་རྗེའི་ལུས་ཀྱི་ཕོ་བྲང་ནང་། །ལས་བཞི་བསྒྲུབ་པའི་རྣམ་འགྱུར་འཕྲུལ་པོ་ཆེས། །རོ་རྐྱངས་རྒྱ་བཀྲོལ་རླུང་སེམས་དྷུ་ཏཱིའི་ལམ། ཁྲིད་ནས་ཟུང་འཇུག་བདེ་ཆེན་བསྐྱེད་པའི་མ། །སྐྱབས་ཡུལ་མ་ལུས་འདུས་པ་མཁའ་འགྲོ་ལྔ། །གསལ་སྟོང་སེམས་ཀྱི་རོལ་པར་ངེས་རྙེད་ནས། །གནས་ལུགས་རང་ངོ་འཕྲོད་པ་མཆོག་ཐུན་གྱི། །དངོས་གྲུབ་སྩོལ་ཞིག་མ་ཧཱ་གུར་ཀཱ་ལ་ཀྱེ། །གངྒཱའི་ཡབ་གཅིག་མཛེས་པ་འཕྲོག་པའི་སྐུ། །ཕྱག་མཚན་བདུད་རྩིས་གཏམས་པའི་བུམ་བཟང་གིས། །དུས་མིན་འཆི་སོགས་བརྒྱ་ཕྲག་ཉེས་པའི་དྲི། །ཉེར་བཀྲུས་ཞི་བའི་འཕྲིན་ལས་སྒྲུབ་པར་མཛོད། །དཀར། ཛམྦུ་ཆུ་བོའི་སེར་གསེར་རི་ཉིན་བྱེད་ཀྱིས། །འཁྱུད་འདྲའི་ལྷ་ཆེན་རྒྱས་པའི་ལས་བསྒྲུབ་པར། །བསྐུལ་ན་ནོར་བུས་ཡོངས་གཏམས་ཀ་པཱ་ལས། །ཚེ་དཔལ་བསོད་ནམས་ལུང་རྟོགས་འཕེལ་བར་མཛོད། །དམར། པད་རཱག་འོད་ཀྱིས་ཀླུབས་པའི་ཉམས་འགྱུར་གྱིས། །གཞན་ཡིད་བརླང་པོའི་སྨག་རུམ་མཐར་བྱས་ནས། །ཆགས་མྱོང་གདུང་བས་སྲིད་ཞིའི་གཙུག་ཏོར་རྩེར། །རྐང་རྡུལ་རེག་པའི་དབང་གི་འཕྲིན་ལས་བསྒྲུབས། །མཐིང་། བདུན་ཕྲག་ཞག་ལ་གསོད་པའི་རྩལ་ཆེན་པོ། །རྫོགས་བྱེད་གྲི་གུག་འབར་བས་དགྲ་བགེགས་ཀྱི། །སྲོག་རྩ་དུམ་བུར་གཅོད་པ་མངོན་སྤྱོད་ལས། །མྱུར་སྒྲུབ་(༡༥༥ན)


GLG018_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་སྟོབས་ནུས་པའི་དཔུང་ཆེན་བསྐྱེད། །ལྗང་། གྲུབ་དབང་ཌཱ་ཀི་ནཱི་ཡིས་གཉན་ལོ་ལ། །བྲན་དུ་གཏད་པའི་དཔའ་བོ་བྲམ་ཟེའི་གཟུགས། །སྣ་ཚོགས་ལས་བསྒྲུབ་སོ་སོའི་གར་མཁན་ཅན། །ངེས་པའི་དོན་དུ་བཅོམ་ལྡན་ཧེ་རུ་ཀཿ །བདུད་སྡེའི་ནུས་སྟོབས་འཕྲོག་ལ་ཆེས་དཔའ་བས། །དགྲ་བགེགས་སྙིང་གར་དྲག་པོའི་བྲོ་བརྡུང་ཡང་། །ཚད་མེད་རྣམ་བཞིའི་ཞལ་གྱིས་འགྲོ་བ་རྣམས། །ཐར་པར་འདྲེན་པའི་སྒྱུ་ཐབས་རྨད་པོ་ཆེ། །ཀླུ་སྒྲུབ་དེ་བཞིན་གཤེགས་སྲུང་རི་སུལ་མ། །དར་མ་གྲགས་དང་རྗེ་བཙུན་ས་སྐྱ་པ། །ཚར་ཆེན་བརྒྱུད་པར་བཅས་པས་བཀའ་བསྒོས་བཞིན། །རིགས་འཛིན་བདག་གིས་ལས་བཅོལ་མ་ལུས་སྒྲུབས། །པུ་ཏྲ། གནོད་སྦྱིན་ཡབ་ཡུམ་བཤོས་ལས་གཤིན་རྗེའི་རྒྱལ། །མིང་སྲིང་དམོད་པའི་མཐུ་ཡིས་རུ་འདྲེན་སོགས། །འཁོར་ཚོགས་སྟོབས་ལྡན་ཀིང་ཀ་ར་རྣམས་ཀྱིས། །དགྲ་དང་བགེགས་ཀྱི་དཔུང་ཚོགས་ཕྱེ་མར་ཐོགས། །བེག་ཙེ། གནོད་སྦྱིན་དབང་གི་སྐྱེས་བུ་ཟངས་ཁྲབ་ཅན། གར་གྱི་དབང་ཕྱུག་སྲིང་མོ་རིག་པའི་ལྷ། །སྲོག་བདག་ལས་མཁན་བཤན་པའི་ཚོགས་རྣམས་ཀྱིས། །གནོད་བྱེད་གཟུགས་ཅན་གཟུགས་མེད་སྡེ་དཔུང་ཆོམས། །མེ་འབྲུག་ས་ག་ཟླ་བའི་ཕྱོགས་ཕྱི་མའི་བཟང་པོ་གཉིས་པ་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་དུས་མདོས་བཀང་འབུམ་ཐེར་བཙུགས་པའི་སྙན་དར་ཞལ་བྱང་ལས་བཞི་ལྷུན་གྲུབ། ཆེམ་(༡༥༥བ)


GLG018_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཆེམ་མི་རོ་ཟ་བའི་ཚེམས་དཀར་བར། ཁྲག་དྲོན་ལྦུ་འཕྲེང་འཁྲིགས་ཀྱང་མ་ངོམས་པར། །རྐྱང་སེར་རིགས་གཉིས་ཞོན་ནས་སྟོང་གསུམ་གྱི། །ལོག་འདྲེན་སྲོག་ལ་རྔམས་པའི་རེ་མ་ཏཱི། །རེས་འགའ་ཟླ་བཞིན་སྨིན་ལེགས་མཛེས་སྡུག་གཟུགས། །ལ་ལར་གསེར་ཞུན་པད་རཱག་ཁ་དོག་འཛིན། །མ་ངེས་སྤྲུལ་བསྒྱུར་ཕ་མཐའ་རྙེད་དཀའ་བ། །སེམས་ཉིད་གཅིག་པུར་འཆར་སྒོའི་རྣམ་འཕྲུལ་ཙམ། །ཐུབ་བསྟན་དར་གནས་ཐུགས་རྗེའི་གྲིབ་བསིལ་ཞར། །ལུས་ཅན་སིམ་པའི་ཚོར་བ་རྟག་མྱོང་ཞིང་། །ལྗོངས་འདིར་འབྲུམ་ནག་རིམས་གཟེར་དབུལ་འཁྲུག་སོགས། །དཀར་མིན་འབྲས་བུ་ནམ་ཡང་མི་སྨིན་མཛོད། །དགེ་བཅུ་རྫོགས་པར་ལྡན་པའི་སྐྱེ་རྒུ་ཡི། །རིང་པོར་འཚོ་བའི་ཚེ་དང་འབྱོར་པའི་ནོར། །རྗེས་འགྲོར་སྤྱོད་པའི་དབང་ཐང་བླ་ནས་བླར། །འདྲེན་པའི་ལེགས་བྱས་ཤིང་རྟ་ལྷུན་གྲུབ་མཛོད། །ལྷ་མིའི་འདོད་ཡོན་དངོས་བཤམས་ཡིད་སྤྲུལ་པ། །ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང་བའི་མཐུས། །བདག་སོགས་མི་མཐུན་ཀུན་ལས་རྣམ་རྒྱལ་ཞིང་། །བསམ་དོན་འགྲུབ་ལ་དབང་གི་རྒྱལ་པོར་མཛོད། །མེ་འབྲུག་ཧོར་ཟླ་བརྒྱད་པའི་ནང་དུ་མཆོད་དཔོན་ངག་དབང་ཤེས་རབ་ཆོས་འཁོར་རྒྱལ་གྱི་མགོན་ཁང་རྣམས་སུ་གཏོར་གསོལ་ལ་རྫོང་བདའ་བྱས་སྐབས་ཕུལ་བའི་སྙན་ཤལ་ཁ་བྱང་དངོས་གྲུབ་བྱེ་(༡༥༦ན)


GLG018_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རོལ་མཚོ། སེམས་ཅན་ཀུན་རྒྱུད་ནམ་མཁའི་ཁམས་དེ་སྙེད། །སོང་མཐའ་བརྩེ་ཆེན་ཞགས་པས་འཆིང་བ་ལ། །མི་ངལ་བྱམས་པའི་དཔུང་གིས་བདུད་བཞི་ལས། །རྣམ་པར་རྒྱལ་བ་མ་ཕམ་མགོན་པོ་ཀྱེ། །བྱམས་པ་ཆེན་པོར་གོས་སྐྱེར་འཇམ་སང་ཡུག །ཡིད་དགའ་ཆོས་འཛིན་ཞིང་གི་གཙོར་བཞུགས་ཀྱང་། །འཛམ་གླིང་འགྲོ་ལ་གཅིག་ཏུ་རྗེས་ཆགས་ཅན། །དཀྱུས་རིང་སྨིན་མའི་ནགས་ཀླུང་ཚད་འཇལ་བ། །ཀཱ་ཤིའི་མཛེས་དགའི་མིག་ཟུར་དེས་མཚོན་མིན། །དུག་ལྔའི་གདུང་བ་ཉེར་འབར་ཞུགས་ཀྱི་དཔལ། །ཐུགས་རྗེ་བསིལ་ཆུས་བཅིལ་བའི་རེག་བྱ་ལས། །མེ་ཏོག་མདའ་ཅན་ཆུང་མར་བཅས་པའི་སྙིང་། །སྲེག་བྱེད་ཚ་དྲོད་ལྡེ་གུ་གཅིག་ཏུ་ཆེ། །རང་བསགས་ལས་ཀྱི་ས་བོན་(༡༥༦བ)


GLG018_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

འཆོལ་མེད་དུ། །སྨིན་ཞེས་བཏང་སྙོམས་འཇོག་ན་སེམས་ཅན་རྣམས། །འདྲེན་པར་ཐུགས་བསྐྱེད་རྫོགས་སངས་རྒྱས་པའི་གཏམ། །སྙན་གྱི་བུ་རམ་དངར་ཡང་དོན་ལ་མིན། །འཇིག་རྟེན་སྤྱི་དང་ཁྱད་པར་རྒྱ་ཧོར་བོད། །མི་བཟད་ཟུག་རྔུས་གཙེས་ལས་ཉེར་བསྐྱབས་ནས། །ཕན་བདེའི་དཔལ་ལ་སྦྱོར་ཞེས་མགོན་ཁྱོད་དྲུང་། །པུས་བཙུགས་སྙིང་གར་ཐལ་མོ་སྦྱར་ནས་གསོལ། །ཁྱད་པར་སངས་རྒྱས་རྣམས་ཀྱིས་གང་གཟིགས་ཆོས། །མངོན་སུམ་མཁྱེན་པ་འཇམ་མགོན་བཙོང་ཁ་པའི། །བསྟན་སྲིད་རྒྱལ་མཚན་གསེར་སྦྱངས་ཞུན་མའི་ཏོག །གཟི་འོད་འཛམ་གླིང་ཀུན་ལ་འབར་བར་ཤོག །ལྷ་དང་དྲང་སྲོང་བདེན་པའི་ཚིག་འགྲུབ་ན། །རྣམ་འདྲེན་ཐུགས་རྗེའི་འཇུག་པ་མི་ཡོལ་ཕྱིར། །འདོད་སྨོན་ཤེལ་ངོས་ཅི་བསམས་བརྒྱ་ཕྲག་ཚོན། །རྣམ་པར་བཀྲ་བའི་དགའ་སྟོན་ལ་སྤྱོད་ཤོག །སྤུ་གྲི་ལྟར་རྣོ་སྔོ་བསངས་རྡོ་རྗེའི་རྭ། །རྩེ་མོ་ཚངས་པའི་ཡུལ་སར་གདེངས་པ་དང་། །ལྷན་ཅིག་སྲིད་གསུམ་ཟ་བའི་བཞད་སྒྲ་ཅན། །དུས་དགྲའི་དབང་པོ་བཛྲབྷཻར་ཝ། །བཀའ་སྡོད་གཤིན་རྗེའི་སྡེ་དཔོན་མ་ཧེའི་གདོང་། །མགོན་ཁང་ཆེན་མོར་གོས་དམར་སྤྲིན་རིས་མ་ཡུག །བསེ་བྱ་བཞིས་བསྐོར་ཁྲག་མདོག་ཡབ་ཡུམ་བཅས། །སྟོབས་ལྡན་མ་ཧཱ་ཀཱ་ལ་ཕྱག་དྲུག་པ། །ལྷ་རྣམས་བདེ་བའི་ངལ་གསོ་གནོད་སྦྱིན་དབང་། །སྲིད་གསུམ་བདག་མོ་ཞིང་སྐྱོང་སྟོབས་འཕྲོག་ནག །བེག་ཙེ་ལྕམ་དྲལ་རྡོ་རྗེ་གཡའ་མ་སྐྱོང་། །བསྟན་སྲུང་རྒྱ་མཚོས་བསྟན་འགྲོའི་བདེ་སྐྱིད་(༡༥༧ན)


GLG018_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ། །དགྲ་བགེགས་དཔུང་ཚོགས་ཚར་གཅོད་འཕྲིན་ལས་སྒྲུབས། །རྡོ་སྐུ་མེ་འབར་མར་ཁ་བཏགས་མཐིང་ཁྲ། ཁམས་གསུམ་བསྲེག་པའི་མེ་དཔུང་འབར་བའི་དབུས། །བྲམ་ཟེའི་གཟུགས་འཆང་སྟོབས་ལྡན་དཔའ་བོ་ཆེ། །རྐང་གླིང་སྒྲ་ཡིས་མ་དང་མཁའ་འགྲོའི་ཚོགས། །དབང་སྡུས་དངོས་གྲུབ་ཆར་འབེབས་འཕྲིན་ལས་མཛོད། །མགོན་པོ་ཀོ་གཏུམས་མར་བཀྲས་བཏགས་འདོམ་འཁོར་མ་དཀར་པོ། ཁྱོད་ཞལ་ཕྱར་བ་ཙམ་གྱིས་ཕ་རོལ་དཔུང་། །ནད་མཚོན་ཐན་ལྟས་ངན་པའི་འཁྲུལ་ཆེན་པོས། །མཐར་བྱེད་ལེགས་ལྡན་མགོན་དེས་བསྟན་འགྲོ་ཡི། །བདེ་འཕྲོག་ཆོམ་རྐུན་མ་ལུས་ཚར་ཆོད་ཅིག །ཚེ་བདག་ལ་ཁ་བཏགས་མཐིང་ཁྲ། འཁོར་འདས་ཀུན་གྱི་ཕྱག་རྒྱ་ཟིལ་གནོན་པར། །འཇམ་དཔལ་ཁྲོས་པ་སྲོག་དབུགས་བླ་ཚེའི་གཤེད། །བསམ་སྦྱོར་ངན་འཆང་དགྲ་བོའི་སྲུང་མ་རྣམས། །རང་གཤེད་ཕོབ་ལ་རྗེས་ཤུལ་རླུང་ལ་སྐུར། །ཙི་ཏྲང་ཁང་དུ་གོས་ནག་པོ་གསུམ་འབྲེལ། རིམ་བདུན་ས་འོག་ལྕགས་ཀྱི་གྲོང་ཁྱེར་ན། །འགྲོ་ཀུན་ལྟག་པར་གདོད་ནས་གྲུབ་པའི་གཤེད། །རལ་པ་ཚར་དགུ་གཤིན་རྗེའི་དམག་ཚོགས་རྣམས། །དགྲ་ཁྲག་དྲོད་རླངས་མ་ཡལ་ཧུབ་ཀྱིས་དྲོངས། །སྟག་བཞོན་བཀྲས་བཏགས་འདོམ་འཁོར་མ་དཀར་པོ། གཟའ་རྒོད་སྟག་ཏུ་སྤྲུལ་ལ་ཉེར་ཞོན་ནས། །སྟོང་གསུམ་སྐད་ཅིག་བསྐོར་ཏེ་ལོག་འདྲེན་སྙིང་། །ཆེམ་ཆེམ་ཟ་བའི་ལེགས་ལྡན་འཇིག་རྟེན་ཀུན། །གང་བའི་ཁུ་སྒྲས་དམ་ཉམས་བླ་སྲོག་ཁུག །ལྷ་བཙན་མཐུ་ཆེན་སྡེ་བཞིར་བཀྲས་བཏགས་འདོམ་འཁོར་མ་དཀར་པོ།(༡༥༧བ)


GLG018_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དང་རྡོ་རྗེ་སྤྱན་གཅིག་མ། །སྙིང་འཛིངས་ཟབ་གཏེར་སྐྱོང་བ་སྡེ་བཞི་ཡིས། །པད་གནུབས་རིགས་འཛིན་བརྒྱད་པའི་དམ་ཚིག་བཞིན། །ཞི་རྒྱས་དབང་གི་འཕྲིན་ལས་མ་ལུས་སྒྲུབས། །མགོན་ཁང་བར་དམག་ཟོར་མར་ལིང་དམར་ཁ་གསུམ་འབྲེལ་དྲི་ཟའི་བུ་མོ་ཡིད་འཕྲོག་ལྟ་ན་སྡུག །ལོག་འདྲེན་འདུལ་ཕྱིར་དཔལ་ལྡན་རེ་མ་ཏཱིས། །ཆོས་སྲིད་ལ་འཁུ་དགྲ་བགེགས་མགོ་བཅད་པའི། །ཐོད་རློན་ཁྲག་མཚོ་འཁྱིལ་བ་ཞལ་གྱི་རྔུབས། །དེ་ཝཱི་ཀོ་ཊིའི་དམག་ཟོར་མར་གོས་ལྗང་སྤྲིན་རིས་ཡུག །དབྱིངས་ཕྱུག་འཁོར་ལོ་རྒྱས་འདེབས་ལ་སོགས་པ། །ཤེས་རབས་སྟོང་ཉིད་སྙིང་རྗེའི་ཉམས་ལྡན་མ། །ཐུན་མོང་སྣང་ངོར་སྒྲ་དབྱངས་ལྷ་མོའི་ཚུལ། །སྐབས་འགར་ལས་བཞིའི་རྣམ་འགྱུར་གར་གྱིས་རྩེན། །དབང་ཕྱུག་ཉེར་བརྒྱད་གཙོ་མོ་གཡག་གི་མགོ །ཕུར་སྲུང་བཅུ་གཉིས་ནང་ཚན་རེ་མ་ཏཱི། །སྡེ་དཔོན་སུམ་ཅུའི་ཁྲོད་ན་སྲིད་པའི་རྒྱལ། །སྟོང་ཕྲག་མཚན་གྱི་ཁྱད་པར་ཕ་མཐའ་ཡས། །དུ་མར་ཤར་བ་བསིལ་བའི་གཟེར་མ་ཀུན། །ཟླ་བའི་དཀྱིལ་འཁོར་གཅིག་གི་ཆོ་འཕྲུལ་བཞིན། །མཐུ་སྟོབས་བདག་མོ་དམག་དང་ཟོར་གྱི་ལྷ། །འདོད་པ་ཁམས་ཀྱི་དབང་ཕྱུག་ཁོ་ནར་ངེས། །དངོས་བཤམས་དམ་རྫས་སྔགས་རྒྱས་ཉེར་བརླབས་ཏེ། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་སྤྲོ་བྱེད་ན། །བསམས་པའི་འདོད་དོན་མཐའ་དག་ལྷུན་གྲུབ་པར། །ཡོངས་འདུའི་ཚལ་གྱི་དཔག་བསམ་མཆེད་ཟླར་མཛོད། །དགའ་བའི་དཔལ་འབར་ཕྱོགས་ལས་རྒྱལ་བ་ཡི། །ཕོ་བྲང་འཛམ་གླིང་མཛེས་བྱེད་རྒྱན་(༡༥༨ན)


GLG018_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར། །རྫོགས་ལྡན་བཞིན་དངོམ་རྣམ་པར་ཐར་པའི་སྒོ །བརྒྱ་ཕྲག་འབྱེད་ནུས་སྐལ་བཟང་འཕྲིན་ལས་མཛོད། །ལྷ་མོའི་གསེར་སྐུར་བཀྲས་བཏགས་འདོམ་འཁོར་མ་དཀར་པོ། ཡིད་ལ་སིམ་པའི་ཚོར་བ་འདབ་བརྒྱ་པ། །ཐུགས་རྗེ་ཉི་མའི་འོད་ཀྱིས་རབ་ཕྱེ་ནས། །སྲིད་ཞིའི་ལེགས་ཚོགས་ཀེ་ས་ར་ཡི་རྩེར། །བདེ་སྐྱིད་གླུ་དབྱངས་རྒྱུན་དུ་སྒྲོག་པར་མཛོད། །བསྟན་མ་བཅུ་གཉིས་ལ་བཀྲས་བཏགས་འདོམ་འཁོར་མ་དཀར་པོ། ཟུར་ཕུད་ལྔ་པའི་གསང་ཡུམ་གནམ་མཚོའི་རྒྱལ། །སྐྱི་མཐིང་རྡོ་རྗེ་གཡུ་སྒྲོན་གཡའ་མ་སྐྱོང་། །མཆེད་མོ་བཅུ་གཉིས་བསྟན་མའི་ཚོགས་རྣམས་ཀྱིས། །འདོད་དོན་རེ་བ་མ་ལུས་སྐོང་བར་མཛོད། །བསིལ་ཚལ་གུར་མགོན་ལ་གོས་ལྗང་ནག་འཇམ་སང་ཡུག །སྟང་ཟིལ་རི་བོ་དུས་ཀྱི་བྱིན་ཟའི་གོས། །གྱོན་པས་ཆ་ཙམ་བསྒྲུན་མིན་གུར་གྱི་མགོན། །བདུད་སྡེའི་སྲོག་ལ་བརྒོལ་བའི་ཧ་ལ་ནག །རྣལ་འབྱོར་སྲོག་གི་ཟུངས་གྱུར་བདུད་རྩིའི་བཅུད། །ཞབས་སེན་སྡེར་མོས་ཉེར་དྲང་དགྲ་བོའི་ལུས། །ཞམ་ཞམ་ཁྲག་རྒྱུན་བབས་པས་མ་ཚིམ་པར། །འདམ་ལྟར་བརྫི་བ་རྡོ་རྗེ་སྲིན་པོའི་གར། །མིའུ་ཐུང་སྒེག་པའི་ཉམས་ཀྱིས་ཅིར་ཡང་སྒྱུར། །རང་བྱུང་ལུས་ཀྱི་ཕོ་བྲང་རོ་མའི་ནང་། །འབྲལ་མེད་ལེགས་བཞུགས་བསྟན་སྲུང་ཀུན་གྱི་གཙོ། །གསལ་སྟོང་ཟུང་འཇུག་མགོན་པོ་མ་མཇལ་བར། །དམར་ཟླུམ་ཐུགས་རྗེའི་སྤྱན་གྱིས་རྟག་ཏུ་གཟིགས། །བསིལ་བ་ཚལ་དུ་སྤྱིར་གོས་ཡུག་རྣམ་སྣང་ཡེ་ཤེས་སྒྱུ་དྲ་རྡོ་རྗེ་གུར། །ཧེ་རུ་ཀ་དཔལ་ལྷ་ཆེན་གདོང་བཞི་(༡༥༨བ)


GLG018_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ལས་མཁན་བཀའ་སྡོད་དམ་ཅན་ཚོགས་རྣམས་ཀྱིས། །སློབ་བཤད་སྲིད་མཐའི་བར་དུ་འཕེལ་བར་ཤོག །དཔལ་མགོན་ལ་ཁ་བཏགས་མཐིང་ཁྲ། རྣོ་དབལ་མཚོན་ཆས་དྲལ་བ་ཉམས་པའི་ཁོག །ནང་ཁྲོལ་ཁྲག་ཞག་ལྗགས་ཀྱི་ནང་བཞིན་དུ། །བམ་རོ་ཧྲིལ་པོར་རབ་དཀར་ཚེམས་འཕྲེང་གིས། །ཆེམ་ཆེམ་ཟ་བའི་བཤན་པ་སྟོབས་འཕྲོག་དབང་། །ཁྱབ་བདག་རྡོ་རྗེ་འཆང་དངོས་གནས་གསར་བས། །མངོན་སུམ་གྲོགས་གཏད་བྲམ་ཟེའི་གཟུགས་ཅན་གྱི། །བྱང་ཆེན་བར་དུ་འབྲལ་མེད་རྗེས་བཟུང་ནས། །མི་མཐུན་བར་ཆད་གཡུལ་ལས་རྒྱལ་བར་མཛོད། །མཁའ་འགྲོའི་ཁ་རླངས་མ་ཡལ་ཟབ་མོའི་ཆོས། །འཆད་ཉན་སྒྲུབ་ལ་འཚེ་བའི་དམག་གི་རུམ། །མཐུ་སྟོབས་ཉི་མའི་འོད་ཀྱིས་སངས་བྱས་ནས། །ཕུན་ཚོགས་འདོད་འཇོའི་སྣང་བ་དམ་པ་སྩོལ། །པུ་ཏྲ་ལ་མཐིང་ཁྲ། བདེན་ཚིག་དམོད་པ་བོར་བའི་ས་བོན་ཚོགས། །གནོད་སྦྱིན་ཕོ་མོ་བཤོས་ལས་སྨིན་པའི་འབྲས། །འཆི་བདག་གཤིན་རྗེའི་རྒྱལ་པོ་པུ་ཏྲ་ཆེ། །ཡབ་ཡུམ་མིང་སྲིང་བཅས་པའི་ཚོགས་རྣམས་ལ། །བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བགེགས་རྣམས། །གཏོད་ན་པགས་རློན་དམར་བཤུས་བྱས་པའི་གོས། །ལྡིང་སྟབས་གྱོན་ནས་ཤ་ཁྲག་ནང་ཁྲོལ་གྱི། །ཚོགས་ཀྱི་འཁོར་ལོ་ཚིམ་པ་མེད་པར་རོལ། །ཆོས་འབྱུང་སྟེང་གོས་ཡུག་དཀར་པོ་མེ་ཏོག་རིས། བུ་རམ་ཤིང་པའི་ལུང་དང་རྟོགས་པའི་བསྟན། །བསྲུང་ཞིང་ཉེར་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །དགྱེས་བསྐྱེད་ཐུགས་དམ་གཉན་པོ་སྐོང་བྱེད་(༡༥༩ན)


GLG018_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ན། །བར་ཆད་ཀུན་སེལ་དངོས་གྲུབ་ཆར་ལྟར་ཕོབ། །ཞིང་སྐྱོང་ལ་མཐིང་ཁྲ། སེང་གདོང་ཡབ་ཡུམ་དམར་ནག་ལས་བྱེད་ཀྱིས། །སྤྱི་བོ་བཙུགས་རྒྱུག་སྤྲེའུ་ཕོ་མོ་དང་། །བདུད་དམག་འབུམ་སྡེར་བཅས་པས་དགྲ་ཡུལ་དུ། །སོང་ལས་དྲག་པོའི་རྟགས་མཚན་མངོན་སུམ་ཐོང་། །བེག་ཙེར་གོས་དམར་སྤྲིན་རིས་ཁ་གསུམ་འབྲེལ། གང་ལ་གཏད་པའི་དོན་སྙིང་ཐལ་མ་རུ། །འབིགས་བྱེད་མཚན་འཆང་སྐྱེས་བུ་དབང་གི་མདོག །གློག་ལྟར་མྱུར་བའི་རྫུ་འཕྲུལ་ཆེན་པོ་ཡིས། །ནད་མཚོན་ལྟས་ངན་ཐན་གྱིས་དགྲ་ཡུལ་ཁོང་། །ཉི་གྲགས་གཉན་ལོ་འདར་ཆེན་ཚར་པ་རྗེ། །རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ་ཞབས། །བརྒྱུད་ལྡན་བླ་མའི་དམ་ལས་མ་འདའ་བར། །རིགས་འཛིན་བདག་གིས་བཅོལ་བའི་ལས་ཀུན་སྒྲུབས། །རིག་པའི་ལྷ་མོར་བཀྲས་བཏགས། ཟངས་ཀྱི་བེག་ཙེ་ཅན་ཡུམ་གར་དབང་མ། །མི་ཟན་དྲེད་མོ་ཞོན་ཏེ་སྟོང་གསུམ་ཀུན། །སྐད་ཅིག་མྱུལ་ནས་བསམ་ངན་སྦྱོར་རྩུབ་དགྲ །གར་འདུག་སར་རྒྱུག་སྲོག་རྩར་ཕུར་པ་ཐོབ། །རཱ་ཧུ་ལར་མཐིང་ཁྲ། དུག་གི་ཁ་རླངས་ན་བུན་ལྟར་འཁྲིགས་ཁྲོད། །དགྲ་ཚོགས་བཀུག་རིམ་སྲོག་དབང་འགགས་བྱེད་པ། །གཤིན་རྗེ་མི་ཡུལ་བརྒྱུ་བ་རཱ་ཧུ་ལ། །གདོང་མོ་སྡོང་ཟླ་དང་བཅས་དཔུང་ཚོགས་ཀྱེ། །པདྨ་ཐོད་འཕྲེང་ལུང་བཞིན་སྒྲུབ་པ་པོ། །མི་ནོར་འཁོར་བཅས་བསྲུང་ཞིང་སྐྱོང་བ་དང་། །དམིགས་ཡུལ་བརྣག་པའི་དགྲ་བོ་མ་ལུས་པ། ཁ་མིག་ལྟག་པར་སྐྱེལ་བའི་འཕྲིན་ལས་མཛོད། །རྒྱལ་པོ་སྐུ་ལྔ་ལ་བཀྲས་བཏགས། གངས་(༡༥༩བ)


GLG018_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བོད་ཀྱི་གཙུག་ལག་ཁང་མ་ལུས། །བསྲུང་བར་ཨོ་རྒྱན་མཁན་པོས་བཀའ་བསྒོས་པ། །དྲེགས་པའི་སྡེ་དཔོན་ལི་བྱིན་ཧ་ར་ཆེ། །འཁོར་དང་བཅས་པས་ལས་རྣམས་ལྷུན་གྲུབ་མཛོད། །ཙི་དམར་བར་བཀྲས་བཏགས། བཙན་རྒོད་ཆེན་པོ་ཙིའུ་དམར་པོ་སོགས། །འབར་བ་སྤུན་བདུན་འཁོར་དང་བཅས་རྣམས་ཀྱིས། །མི་མཐུན་གཡུལ་ལས་རྒྱལ་བའི་རྔ་བོ་ཆེ། །རབ་བརྡུངས་དཀར་པོའི་རུ་མཚོན་མཁའ་ལ་ཕྱོར། རྡོར་ལེགས་ལ་བཀྲས་བཏགས། མཐུ་སྟོབས་རྫུ་འཕྲུལ་ས་ཆེན་འདར་ནུས་ཀྱང་། །སྙིང་ཉེ་དམ་ཚིག་ཅན་གྱི་རྡོ་རྗེ་ལེགས། །སུམ་བརྒྱ་དྲུག་ཅུར་བཅས་པའི་མཆེད་འཁོར་རྣམས། །ཉིན་མཚན་ཀུན་ཏུ་སྲུང་སྐྱོབ་གཡེལ་མེད་མཛོད། །གཟའ་གདོང་དམར་ནག་ལ་མཐིང་ཁྲ། གནམ་ས་སྦྱོར་ནུས་སྟོབས་ལྡན་མི་བསྲུན་རིགས། །གནོད་སྦྱིན་སྡེ་དཔོན་གཟའ་གདོང་དམར་ནག་གིས། །ལོག་འདྲེན་མགོ་བོ་ས་འཛིན་ལྟར་སྤུངས་ཤིང་། །རཀྟའི་མཚོ་ཆེན་རྦ་རླབས་འཕྱོ་བར་མཛོད། །ཇོ་བོ་རྒྱལ་མཚན་པར་བཀྲས་བཏགས། སྔོན་གྱི་དམ་ཚིག་གཉན་པོ་ཉེར་དགོངས་ནས། །ཆོས་འཁོར་བསྲུང་བའི་ཇོ་བོ་རྒྱལ་མཚན་པ། །རླུང་གི་ཤུགས་ལྡན་རྟ་མཆོག་ལ་ཞོན་ནས། །ཉིན་མཚན་ཀུན་ཏུ་མལ་ཚེ་གཡེལ་མེད་མཛོད། །རྟ་རྒོད་ཤེལ་ལྕག་ལ་བཀྲས་བཏགས། རབ་དཀར་གངས་ཀྱི་རྡུལ་བརྩེགས་རི་བོ་ལ། །གནས་བྱས་གནོད་སྦྱིན་རྟ་རྒོད་ཤེལ་ལྕག་གིས། །མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་། །དགེ་འདུན་སྡེ་བཅས་འཕེལ་བའི་འཕྲིན་ལས་མཛོད། །


GLG018_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དགའ་ལྕོག་གི་རྒྱལ་པོར་བཀྲས་བཏགས། དམུ་རིགས་ཀླུ་ཡི་ཚ་བོ་རྒྱལ་པོ་ཧུ། །སྐུ་ལྔ་སྤྲུལ་ཡུམ་བློན་པོ་དམག་ཚོགས་རྣམས། །མཐུ་སྟོབས་ཐོག་མདས་ལོག་འདྲེན་བྲག་གི་རི། །ཕྱེ་མར་བཏགས་ཏེ་བསྭཱོ་སྒྲའི་ལྷ་རྒྱལ་ཐེན། །འཛིན་པ་ལག་མང་དར་ལྕོག་འཛིན་པ་ལག་མང་ཉེར་སྐྱོང་གདོངས་ཅན་དབང་། །འཁོར་བཅས་ཀླུ་སྨན་འོ་ཆོལ་བསངས་མཆོད་ཀྱིས། །དགྱེས་པ་བསྐྱེད་ནས་འགལ་རྐྱེན་ཀུན་ཞི་ཞིང་། །བསམས་པའི་དོན་ཀུན་ལྷུན་གྱི་འགྲུབ་པར་མཛོད། །རྒྱལ་བའི་ཡུམ་གཅིག་དབྱངས་ཅན་ངག་གི་ལྷ། །སྲིད་གསུམ་བདག་མོ་དཔལ་ལྡན་རེ་མ་ཏཱི། །ཞི་རྒྱས་དབང་དྲག་བསྒྲུབ་ལ་སྤྲུལ་པའི་གར། །གངྒཱའི་རྡུལ་གྱིས་མི་མཚོན་སྒྱུར་མཛད་ཀྱིས། །བདག་སོགས་མི་ནོར་འཁོར་དང་བཅས་པ་ལ། །མི་མཐུན་དགྲ་བགེགས་མཐུ་བྱད་ནད་གདོན་རིམས། །དབུལ་ཕོངས་དུས་མིན་འཆི་དང་ཀེག་ངན་སྲི། །ཉེས་མུན་ཐུགས་རྗེའི་ཉི་མས་སངས་པར་མཛོད། །སུམ་རྩེན་དབང་པོའི་སྐལ་མཉམ་རིང་པོའི་ཚེ། །བསོད་ནམས་མངའ་ཐང་ཆོས་སྲིད་ཡོན་ཏན་ཚོགས། །བླ་ནས་བླར་འཕེལ་འདོད་པའི་རེ་བ་ཀུན། །སྐོང་བ་དཔག་བསམ་ལྗོན་པའི་འབྲས་སྨིན་མཛོད། །མཆོད་དཔོན་པ་རང་གིས་རྩ་གསུམ་ལྷ་ཚོགས་ལ་ཞར་བྱུང་སྙན་ཤལ་ཕུལ་བའི་ཁ་བྱང་ལས་བཞི་ལྷུན་གྲུབ། བྱམས་པར། མ་ཕམ་ཐུགས་རྗེ་ཆེན་པོའི་ཉི་ཟེར་གྱིས། །དེང་ནས་བྱང་ཆུབ་བར་གྱི་ཕན་དང་བདེའི། །སྣང་བ་ཟད་མི་ཤེས་པའི་དགའ་སྟོན་ལ། །བདག་སོགས་འགྲོ་ཀུན་ལོངས་སུ་སྤྱོད་བྱིན་རློབས། །མགོན་ཁང་ཤོད། རྒྱལ་བའི་བསྟན་སྲུང་དམ་(༡༦༠བ)


GLG018_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྒྱ་མཚོ་ཡི། །མཐུ་སྟོབས་རྡོ་རྗེ་རྩེ་བརྒྱས་ནད་གདོན་བགེགས། །བར་གཅོད་མི་མཐུན་ལྷ་མིའི་དཔུང་བཅོམས་ནས། །ཆོས་སྲིད་ལེགས་ཚོགས་འཆི་མེད་དགའ་སྟོན་སྩོལ། །དེ་ཝཱི་ཀོ་ཊཱ། སྲིད་གསུམ་དབང་སྒྱུར་དཔལ་ལྡན་རེ་མ་ཏཱིས། །དེང་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་པར། །མགོན་སྐྱབས་དཔུང་གཉེན་མཛད་དེ་མཆོག་ཐུན་གྱི། །དངོས་གྲུབ་ཀུན་སྩོལ་བསམས་དོན་ཡིད་བཞིན་སྒྲུབས། །ཆོས་འབྱུང་སྟེང་། མི་བསྲུན་བདུད་སྡེའི་དཔུང་ཚོགས་འཇོམས་པ་ལ། །ཆོས་དབྱིངས་ངང་ལས་གཏུམ་ཆེན་ཁྲོ་བོའི་གར། །ཐུབ་བསྟན་བསྲུང་ཞིང་སྐྱོང་བར་མཛད་རྣམས་ཀྱིས། །འདི་དང་གཏན་གྱི་མདུན་མ་ལྷུན་གྲུབ་མཛོད། །བསིལ་བ་ཚལ། མ་ཧཱ་ཀཱ་ལའི་སྡེ་དཔོན་རྡོ་རྗེ་གུར། །གཟི་ལྡན་དབང་ཕྱུག་བསྟན་སྲུང་ཡོངས་ཀྱི་གཙོ། །དམར་ནག་བཀའ་སྡོད་བཤན་པའི་དམག་ཚོགས་ཀྱིས། །འགལ་རྐྱེན་ཀུན་སོལ་ལས་བཞི་ལྷུན་གྲུབ་མཛོད། །རྒྱལ་པོ་སྐུ་ལྔ། ཆོས་འཁོར་སྟོད་སྨད་ལ་སོགས་གཙུག་ལག་ཁང་། །སྐྱོང་མཛད་སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་པོ། །བཀའ་ཉན་བློན་པོ་དྲེགས་པ་སྡེ་བརྒྱད་ཀྱིས། །ཉིན་མཚན་ཀུན་ཏུ་སྲུང་སྐྱོབ་འཕྲིན་ལས་མཛོད། །རྡོར་ལེགས། པདྨ་ཐོད་ཕྲེང་བཀའ་ཡི་ཕོ་ཉ་བ། །མཐུ་སྟོབས་རྫུ་འཕྲུལ་དཔག་པར་དཀའ་བ་ཡི། །དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས། །ཞི་རྒྱས་དབང་གི་ལས་རྣམས་སྒྲུབ་པར་མཛོད། །མེ་འབྲུག་དགེ་སློང་འཇམ་དབྱངས་གྲགས་པས་བསམ་ཡས་ཁྲ་འབྲུག་རི་བོ་བདེ་ཆེན་རྣམས་སུ་སྙན་ཤལ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་བཀོད་(༡༦༡ན)


GLG018_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕན་བདེའི་ས་མཁན། བསམ་ཡས་བྱང་ཆུབ་ཆེན་པོ། མཐོང་བས་དོན་ལྡན་མཚན་དཔེ་རབ་བཀྲའི་སྐུ། །ཐོས་པས་རྣམ་གྲོལ་ཚངས་དབྱངས་དྲུག་ཅུའི་གསུང་། །དྲན་པས་གདུང་སེལ་ཇི་ལྟ་ཇི་སྙེད་ཐུགས། །གསང་གསུམ་འཁོར་ལོའི་མཛོད་འཛིན་ཉི་མའི་གཉེན། །གསེར་ཞུན་བྱུགས་འདྲའི་ཕྱག་མཐིལ་བདག་སོགས་འགྲོའི། །སྤྱི་བོར་བཞག་ནས་སྲིད་ཞིའི་སྡུག་བསྔལ་ལས། །དབུགས་དབྱུང་འདི་ཕྱིའི་བདེ་སྐྱིད་མ་ལུས་པ། །སྩོལ་བའི་བཀའ་དྲིན་ཟླ་དང་བྲལ་བར་མཛོད། །བར་ཁང་སོགས་གཙུག་ལག་ཁང་གང་འདོད་ལ་ཕུལ་ཆོག་པ། སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཀུན་ཁྱབ་འཕྲུལ། །སྲས་དང་སློབ་མར་བསྟན་པའི་ཚོགས་རྣམས་ཀྱིས། །འཁོར་འདས་ཡོན་ཏན་བླ་ནས་བླར་འཕེལ་བར། །བྱིན་གྱིས་རློབས་ཤིག་མགོན་སྐྱབས་དཔུང་གཉེན་གླིང་། །ལུགས་གསུམ་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་། །སྲུང་མཛད་ལི་བྱིན་ཧ་ར་སྡེ་བརྒྱད་གཙོ། །བསྟན་སྲུང་བྱུ་རུའི་མདངས་ལྡན་ཙི་དམར་བས། །ཞི་རྒྱས་དབང་གི་ལས་ཀུན་སྒྲུབ་པར་མཛོད། །ཁྲ་འབྲུག་དཔེ་ཧར་ལྕོག །དུག་ལྔ་དབྱིངས་སུ་དག་པའི་ཡེ་ཤེས་གདངས། །མ་འདྲེས་ཚོན་རིས་འགྲོ་ངོར་རིགས་ལྔའི་གཟུགས། །དམ་པ་རིགས་བརྒྱའི་འབྱུང་གནས་ལྷ་ཚོགས་ཀྱིས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་དུ་ཕོབ། །རི་བོ་བདེ་ཆེན་གྱི་བྱམས་པ། དགའ་ལྡན་ཞིང་ནས་བྱམས་བརྩེའི་སྤྱན་གྱི་དཀྱུས། །རིང་པོས་རྒྱུད་ལྔའི་འགྲོ་ལ་ཉེར་བཙའ་བ། །(༡༦༡བ)


GLG018_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཀྱེ་ནམ་མཁའི་མཐས་ཁྱབ་ལུས་ཅན་ཀུན། །མངོན་པར་མཐོ་དང་ངེས་ལེགས་ལམ་ལ་སྦྱོར། །དམར་སེར་ཅན་གྱི་གནམ་ལོའི་ཐོགས་མར་སྲིད་གསུམ་བདག་མོ་མཆོད་པའི་དུས་སྙན་དར་སྣ་ལྔ་ཕུལ་བའི་ཞལ་བྱང་རྫོགས་ལྡན་གསར་པ། དཀར་ཏེ་སེའི་གཙུག་ཏོར་མདངས་འཛིན་བཞིན་དངོམ་ཚེ། །ཉེས་པའི་སྨག་རུམ་ཕ་མཐར་སྐྲོད་བྱེད་མས། །ལས་ཉོན་དེས་བསྐྱེད་ནད་རིམས་གདོན་བགེགས་དགྲ །མཐའ་དག་མིང་གི་ལྷག་མ་ཙམ་དུ་བཅིལ། །སེར། ལྟར་མི་བཟོད་པའི་ཕུན་ཚོགས་གཟི་བྱིན་འོད། །ཛམ་བུའི་གསེར་གྱི་ལྷུན་པོ་སྐྱེངས་བྱེད་མས། །ལུང་རྟོགས་ཚེ་དཔལ་བསོད་ནམས་མངའ་ཐང་སོགས། །བླ་ནས་བླར་འབར་སྲིད་རྩེར་འཕྱུར་བར་མཛོད། །དམར། བརྟན་གཡོ་ཡོངས་ཀྱི་སྙིང་འབིགས་དཀྱུས་རིང་སྤྱན། །ཟུར་མདས་འཁོར་འདས་ཡོན་ཏན་འགུགས་བྱེད་མས། །དངོས་པོ་ཀུན་གྱིས་རབ་བཏུད་གནག་སྣུམ་གྱི། །རལ་པའི་རྩེ་མོར་རྐང་སེན་ཟླ་ཚེས་མཛོད། །སྔོན་པོ། འཇིགས་རུང་སྲིན་མོ་ཤིན་ཏུ་ཁྲོས་པའི་ཞལ། །རྣོ་ངར་མཆེ་བས་སྲོག་རྩ་གཅོད་བྱེད་མས། །མི་བསྲུན་དགྲ་བགེགས་དཔུང་ཚོགས་ཕྱེར་བཏགས་པའི། །རྒྱལ་རྔ་སྲིད་གསུམ་ཀུན་ཏུ་ཁྱབ་པར་རྡུངས། །ལྗང་། རབ་དཀར་གསེར་ཞུན་པད་རཱག་སྟང་ཟིལ་སོགས། །ཁ་དོག་རྣམ་འགྱུར་རྒྱ་འབག་མིག་འཕྲུལ་ལྟར། །སྟོན་ཀྱང་ངེས་པའི་དོན་དུ་དབྱིངས་ཕྱུག་མ། །ཐུན་མོང་སྣང་ངོར་འདོད་ཁམས་གཙོ་མོ་ཀྱེ། །མ་ཡུམ་སྐྱེ་རྒུའི་བདེ་སྐྱིད་འབྱུང་བའི་གནས། །མ་སྨད་ཉི་མའི་གཉེན་གྱི་(༡༦༢ན)


GLG018_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་རྟོགས་བསྟན། །མ་ལྟར་བརྩེ་བའི་ལྷག་པའི་ལྷ་ཁྱོད་ཀྱིས། །མ་ཕམ་དབུས་འགྱུར་འབྱོན་པའི་བར་དུ་སྤེལ། །མི་འཇིགས་བཞི་ལྡན་མངོན་གྱུར་དེ་སྲིད་དུ། །མི་དང་མི་མིན་ཉེ་བར་འཚེ་བས་མཚོན། །མི་དགེ་སྡིག་པའི་འབྲས་ཀྱིས་བདག་ཅག་རྣམས། །མི་བརྫི་དུས་དྲུག་གཡེལ་མེད་བསྲུང་ཞིང་སྐྱོབས། །མུ་སྟེགས་ཚངས་དབང་བསོད་ནམས་ལས་མཐོ་བའི། །མུ་ཏིག་འཁྲི་ཤིང་ཆོས་དཀར་རྗེས་འགྲོའི་འབྲས། །མུ་ཁྱུད་འཛིན་སོགས་རི་བོས་ཟླ་བྲལ་བ། །མུ་མེད་སྲིད་ཞིའི་ལེགས་ཚོགས་དེང་འདིར་སྩོལ། །མེ་ཏོག་མདའ་ལྔ་འཕེན་པས་ནུས་པའི་ཚོགས། །མེ་ཆར་རྡོ་རྗེ་ཟེགས་མས་ཕྱེར་བཏགས་ཏེ། །མེ་ཞལ་མཆོག་གིས་གཡེལ་མེད་སྐྱོབ་མཛད་སྐུ། །མེ་ལོང་ནང་གི་གཟུགས་ལྟར་མངོན་སུམ་སྟོན། །འཕྱི་བ། མོ་ཌའི་ལས་ཀྱིས་མི་མཐུན་ཡོངས་བསལ་ནས། །དགའ་བ། མོ་དས་རྟག་ཏུ་ལུས་ངག་ཡིད་བརྟས་ཏེ། །རབ་གནས། མོ་ལར་མཛད་དེ་འདོད་དོན་རྣམས་བསྒྲུབས་པ། །བརྟན་པ། མོ་ཌྷར་བྱིན་གྱིས་རློབས་ཤིག་རེ་མ་ཏཱི། །ཚངས་པའི་སྲས་མོ་ངག་དབང་དབྱངས་ཅན་མ། །བདག་སྙིང་འདབ་སྟོང་བཞད་པའི་གེ་སར་སྟེང་། །འཇོ་སྒེག་གར་གྱིས་བཞུགས་ནས་དངོས་གྲུབ་ཀུན། །སྩོལ་བའི་དཔག་བསམ་ལྗོན་ཤིང་གསར་པར་མཛོད། །དམར་སེར་ཅན་གྱི་ལོ་ནག་པ་ཟླ་བའི་བརྒྱད་གཏོར་གྱི་དུས་ཆོས་སྐྱོང་ཆེ་ཆུང་ལས་མཁན་དང་བཅས་པར་སྙན་ཤལ་ཕུལ་བའི་ཁ་བྱང་འདོད་པའི་རེ་སྐོང་། འོག་མིན་ཞིང་ཁམས་རྒྱ་མཚོའི་གཙོ་(༡༦༢བ)


GLG018_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ངེས་པ་ལྔ་ལས་མ་གཡོས་ཀྱང་། །སྲིད་གསུམ་ཀུན་ཁྱབ་སྟང་ཟིལ་ལྷུན་པོ་དུས་མཐའི་ཞུགས་ཀྱིས་ཉེར་ཀླུབས་པ། །མིའུ་ཐུང་གེལ་པའི་ཉམས་ཀྱིས་རྣམ་རོལ་གཏུམ་དྲག་རྡོ་རྗེ་སྲིན་པོའི་གཟུགས། །བསྟན་སྲུང་བྱེ་བའི་འཁོར་ལོས་སྒྱུར་དེས་བྱང་ཆུབ་བར་དུ་སྐྱོང་བར་མཛོད། །དཀར། ཅིག་ཅར་འབུམ་ཕྲག་ཟླ་ཤར་གཟི་བྱིན་གྱིས། །སྒྲིབ་གཉིས་ལས་ངན་རྣམ་སྨིན་ནག་པོའི་མུན། །མཐར་བསྐྲད་མཆོག་ཐུན་དགའ་སྐྱིད་སྣང་འོད་ཀྱིས། །ཁྱབ་པར་མཛོད་ལ་བདེ་ཆེན་འཁོར་ལོར་བཞུགས། །སྟོང་ཕྲག་བྱུ་རུའི་ལྷུན་པོ་ཉི་གཞོན་གྱིས། །འཁྱུད་འདྲའི་ཟེར་ཕྲེང་འཕྲོས་པས་བརྟན་གཡོ་ཀུན། ཁབ་ལེན་རྡོ་དང་ལྕགས་ཀྱི་ངང་ཚུལ་ལྟར། །འགུགས་པར་མཛོད་ལ་ལོངས་སྤྱོད་འཁོར་ལོར་བཞུགས། །མཐིང་། གྲི་གུག་རྣོན་པོས་དགྲ་སྲོག་བཅད་པའི་ཁྲག །ཐོད་པར་ལང་ལོང་ཁོལ་བས་མྱོས་པའི་ཞལ། །ཡིད་སྲུབས་སྡེ་ལ་གདེངས་པའི་མཆེ་བ་ཅན། །མངོན་སྤྱོད་ལས་མཛོད་ཆོས་ཀྱི་འཁོར་ལོར་བཞུགས། །སེར། ཛམ་བུའི་གསེར་ཞུན་འཁྱིལ་བའི་གཟི་འོད་ཀྱིས། །ཚངས་དབང་རྣམ་ཐོས་བུ་དང་སྐལ་མཉམ་པའི། །ཆོས་ནོར་འདོད་ཐར་ལེགས་བྱས་མཐའ་ཡས་པ། །རྒྱས་པར་མཛོད་ལ་སྤྲུལ་པའི་འཁོར་ལོར་བཞུགས། །ལྗང་། སྙན་བརྗིད་རྐང་གླིང་སྒྲ་ཡིས་གནས་གསུམ་གྱི། །མ་དང་མཁའ་འགྲོ་སྡུད་མཛད་བྲམ་ཟེའི་གཟུགས། །རང་བྱུང་ལུས་ཀྱི་རྡོ་རྗེའི་རྩ་ཁམས་རླུང་། །ལྷ་སྔགས་ཡེ་ཤེས་བསྒྱུར་བའི་(༡༦༣ན)


GLG018_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྐྱོང་ཆེ། །དགྲ་བགེགས་འདམ་ལྟར་བརྫིས་ཀྱང་ངོམས་མེད་པར། །གླིང་བཞི་རི་རབ་སྟེང་འགྱིང་སྟོབས་འཕྲོག་དབང་། །ངེས་པའི་དོན་དུ་དཔལ་ལྡན་ཧེ་རུ་ཀཿ །ཌཱཀ་ཌ་ཀྐིའི་འཁོར་ལོའི་ཁྱབ་བདག་ཆེ། །འགྲོ་རྣམས་ངལ་གསོར་མཛད་པ་ཐུབ་པའི་བསྟན། །ཉི་ཟླ་ཇི་སྲིད་གནས་པར་ལེགས་འཕེལ་ཞིང་། །རྣལ་འབྱོར་བཅོལ་བའི་ལས་ཀུན་བསྒྲུབ་པ་ལ། །ཡིད་བཞིན་ནོར་བུ་གང་གི་མཆེད་པོར་མཛོད། །པུ་ཏྲ། བདེན་ཚིག་འབྲས་བུར་གནོད་སྦྱིན་ཡབ་ཡུམ་སྲས། །པུ་ཏྲ་མིང་སྲིང་རུ་འདྲེན་དྲེགས་པའི་དཔུང་། །གཡར་དམ་ཇི་བཞིན་དགྲ་དང་བགེགས་ཀྱི་སྡེ། །སྐལ་པར་གཏད་ན་དམར་ཟས་རྐན་སྒྲ་གཏོགས། །བེག་ཙེ། གང་ལ་རྦད་ཀྱང་སྙིང་ཁྲག་མངོན་སུམ་དུ། །འབྱིན་ནུས་བྱུ་རུའི་སྐྱེས་བུ་ཟངས་ཁྲབ་ཅན། །རིག་པའི་ལྷ་མོ་སྲོག་བདག་བཤན་པའི་ཚོགས། །རིངས་པར་སོང་ལ་ལོག་པར་འདྲེན་ཀུན་ཆོམས། །ལྷོ་འབྲུག་པ་ཕྱོགས་ནས་བདེ་གཟར་རིམ་སློང་ལ་ཕར་ཁ་ཉེས་རིམ་པར་བཏང་བ་དང་། ཀོང་པོར་བསྐྱར་ལངས་བྱུང་བར་དགའ་ལྡན་དར་རྒྱས་དང་དགེ་འདུན་གྱིས་གཙོས་བོད་སོག་གི་དམག་དཔུང་བཏེག་པས་གག་པོ་གསར་རྙིང་ནས་བབས་འབུལ་དང་། འཁྲ་བཟུང་བྱེད་མཁན་རྣམས་བཅོམས་ཏེ་དུས་འཇགས་སུ་གྱུར་བའི་ཚེ་ལས་སྦྱོར་རྣམས་དམིགས་སུ་སོང་བའི་གཏང་རག་ཏུ་མེ་སྦྲུལ་ཟླ་བ་གསུམ་པའི་ཚེས་བཅུ་གསུམ་ནས་བཟུང་ཉིན་གསུམ་གྱི་བར་རྣམ་པར་རྒྱལ་བའི་ཕན་བདེའི་ལེགས་བཤད་གླིང་པས་ཆོས་སྲུང་རྣམས་ཀྱི་ཐུགས་དམ་བསྐང་བའི་སྙན་དར་ཞལ་ཡིག་རྣམ་པར་རྒྱལ་བའི་སྒྲ་དབྱངས། ཉིན་བདེ། དཀར་མཐོང་བའི་མོད་ལ་བགྲང་ཡས་ཁྲོ་བོའི་ཚོགས། །(༡༦༤ན)


GLG018_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྟབས་ཅིག་ལག་ཆ་འཆོར་བ་མ་ཧེའི་ཞལ། །སྲིད་གསུམ་ཟ་བར་གདངས་པ་དུས་དགྲའི་དབང་། །ཟག་མེད་བདེ་ཆེན་མཆོད་པའི་དབྱིངས་སུ་རོལ། །མཐིང་ཁྲ། སྒྲིབ་གཉིས་ཉེར་ཞི་འཇམ་དཔལ་ཀུན་ཏུ་བཟང་། །དུས་ཀྱི་དགྲ་བོར་བཞེངས་པ་ཚེ་བདག་ནག །འཁོར་འདས་ཕྱག་རྒྱ་ཐམས་ཅད་ཟིལ་གནོན་ཆེ། །ཆོས་དབྱིངས་ཀློང་ནས་ཁྲོས་པ་དཔའ་གཏུམ་ཅན། །མི་ཤིག་རྡོ་རྗེ་བཙན་པོའི་མཁར་རྫོང་དུ། །རང་སྡེ་འཇིགས་མེད་སྲོག་གི་ཀ་བ་བཙུགས། །ཕྱིར་བཟློག་སྦྱོར་བའི་སྟོབས་ཤིག་རང་གཤེད་ཕོབ། །བསད་མནན་སྲེག་ཟོར་ལས་ཀུན་ཡོངས་གྲུབ་པར། །བམ་ཆེན་སྐོངས་དང་ཕྱི་ནང་མཆོད་པའི་ཚོགས། །མི་ཟད་ནམ་མཁའ་མཛོད་ཀྱི་སྒོ་འཕར་བརྒྱ། །ཕྱེ་ན་སླད་མར་སྲིད་པ་གསུམ་པོ་ལས། །རྣམ་པར་རྒྱལ་བའི་མཐུ་སྟོབས་ནུས་དཔུང་བསྐྱེད། །མཐིང་ཁྲ། བསྐལ་པའི་མེ་དཔུང་དབུས་ན་མིག་སྨན་རི། ཁྲོ་གཏུམ་དགྲ་ལ་ཞལ་གདངས་སྲིན་པོའི་གཟུགས། །མྱུར་མཛད་མགོན་པོ་ལྕམ་དྲལ་གནོད་སྦྱིན་བཞི། །དམ་ཅན་རྒྱ་མཚོའི་དམག་གི་དཔུང་ཚོགས་ཀྱིས། །སྔར་བཅོལ་གྲུབ་དང་སླད་མར་བསྒྲུབ་པའི་རྟེན། །ཉེར་སྤྱོད་དམ་རྫས་རྒྱན་ལྡན་བ་ལིང་ཆེ། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་ཚོགས་རྣམས། །ཟག་མེད་བདེ་ཆེན་ཀློང་དུ་དགྱེས་པར་རོལ། །སྔོན་པོ། དོམ་ནག་སྨྱོན་པ་ཞོན་ནས་མ་རུངས་དགྲའི། །སྙིང་གི་ཁྲག་དྲོན་ཧུབ་ཀྱིས་འཐུང་བྱེད་པ། །ཀྵེཏྲ་པཱ་ལས་སླར་ཡང་ལོག་འདྲེན་གྱི། །ཤ་རུས་ནང་ཁྲོལ་ལྷ་བ་རྐང་མར་རོལ། །(༡༦༤བ)


GLG018_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ། གསེར་ཞུན་ལྷུན་པོ་ཟིལ་གནོན་རྣམ་ཐོས་བུ། །རེས་འགའ་དབང་གི་སྐྱེས་བུ་གཏུམ་དྲག་ཅན། །སླར་ཡང་མདུང་དམར་དགྲ་སྙིང་ལ་བསྣུན་པར། །ཉི་མའི་དངོས་གྲུབ་བཏུལ་ལྟར་དཔའ་བར་མཛོད། །ལྗང་། མ་ཧེའི་ཞལ་ཅན་འཇིགས་མཛད་རྡོ་རྗེ་ཡི། །བཀའ་སྡོད་འཆི་བདག་གཤིན་རྗེའི་རྒྱལ་པོ་ཆེར། །བ་ལིཾ་བཟའ་བཅའ་རི་བོ་ལྟར་སྤུངས་ཤིང་། །མཚོ་ལྟར་བསྐྱིལ་བའི་ཁྲག་ཆང་འབུལ་གྱིས་བཞེས། །དཀར། གཉིས་མེད་མ་ནིང་གནམ་ལྕགས་འབར་བའི་ཐོག །དྲེགས་པའི་སྡེ་དཔོན་སུམ་ཅུར་བཅས་པ་རྣམས། །སྙིང་ཁྲག་དྲོན་མོས་མྱོས་ལ་ལེགས་སོ་དང་། །དགྲ་སྲོག་གཅོད་ཕྱིར་རྔན་དུ་མཆོད་ཚོགས་དབུལ། །སྔོན་པོ། རིམ་བདུན་ས་འོག་ཐོད་པ་ལྕགས་མཁར་ནས། །བྷེ་ཝ་ས་ཏྭ་སྲོག་དབུགས་བླ་ཚེའི་གཤེད། །རང་བཞིན་ལས་གྲུབ་འཆི་བདག་ཁ་གདངས་ནང་། །གཉེར་གཏད་དགྲ་བོ་མི་རྟག་ལམ་བཀོད་པར། །ཁྲག་ཆེན་ཨརྒྷཾ་ཤ་རུས་ཞལ་ཟས་དང་། །གསུར་དུད་ཞུན་གྱི་སྒྲོན་མེ་རྐང་གླིང་སྒྲ། །མཆོད་ཚོགས་ལས་རྣམས་གྲུབ་པའི་གཏང་རག་ཏུ། །དབུལ་ན་མཆེ་བས་སྡང་དགྲའི་དོན་སྙིང་ཕུག །དམར། སྟོང་ཕྲག་དམར་ཟླུམ་སྤྱན་གྱི་མེ་ལོང་ནང་། །འཇིག་རྟེན་ཀུན་གསལ་དཀར་ནག་མ་འདྲེས་པར། །འབྱེད་མཛད་སྡེ་བརྒྱད་དམག་དཔོན་ཁྱབ་འཇུག་ཆེ། །ཕྱི་ནང་གཟའ་ཆེན་བརྒྱད་དང་གདོང་མོ་བཞི། །འཁོར་ཚོགས་རྒྱ་མཚོ་ཐུགས་དམ་སྐོང་བྱེད་ན། །སླར་ཡང་བརྣག་པའི་དགྲ་སྡེའི་མི་(༡༦༤བ)


GLG018_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་སྟེང་། །མཐོང་རེག་དུག་རླངས་ཐོག་སེར་ནད་མཚོན་སོགས། །མི་རུང་སྣ་དགུའི་ཐན་ལྟས་ཆར་ཕབ་ལ། །མངོན་སྤྱོད་ལས་ཀྱི་འཕྲིན་ལས་མྱུར་དུ་སྒྲུབས། །ཉིན་བདེ། དཀར། མི་འགྱུར་རྡོ་རྗེ་དྲག་པོ་འབར་བའི་རྩལ། །ཞི་ཁྲོ་བཀའ་བརྒྱད་ལུས་ཀྱི་དཀྱིལ་འཁོར་ཆེ། །ཡོངས་ཚང་རིགས་འཛིན་བླ་མས་མཆོག་ཐུན་གྱི། །དངོས་གྲུབ་ཆར་གྱིས་འདོད་པའི་རེ་བ་སྐོངས། །རྟགས་བརྒྱད། བླ་མ་རིགས་འཛིན་ཡང་དག་གཤིན་རྗེ་གཤེད། །དབང་ཆེན་རྡོ་རྗེ་གཞོན་ནུ་མངོན་རྫོགས་རྒྱལ། །དྲེགས་འདུལ་སྟོབས་ལྡན་ལ་སོགས་ཞི་ཁྲོའི་ཚོགས། །ཡོངས་འདུས་ཁྱབ་བདག་ཆེ་མཆོག་ཧེ་རུ་ཀས། །མི་བསྲུན་དགྲ་བགེགས་སྡེ་དཔུང་གདོང་དམད་ཅིང་། །རང་སྡེ་རྒྱལ་རྔ་སྲིད་རྩེར་ཉེར་བརྡུངས་པར། །གཏང་རག་ཀུན་བཟང་མཆོད་པའི་སྤྲིན་སྤྲོ་ན། །སླར་ཡང་འཕྲིན་ལས་རྣམ་བཞི་འགྲུབ་བྱིན་རློབས། །རྐྱང་སེར་མཐིང་ཁྲ། དྲེའུ་རྟ་ཞོན་ནས་སྟོང་གསུམ་ཀུན། །ཐོགས་མེད་མྱུལ་བ་མཐུ་ལྡན་རེ་མ་ཏཱི། །བམ་རོ་ཆེམ་ཆེམ་ཟ་བའི་དམག་ཟོར་ལྷ། །སྣང་སྲིད་དྲེགས་པའི་འཁོར་ཚོགས་རྒྱ་མཚོ་ཡིས། །དགྲ་བོ་དཔུང་བཅས་ཤོར་ཕབ་ཁྲམ་ལ་བཏབ། །བྱང་དམར་དཀྱུས་བཅུག་མཚོན་གྱི་དྲུ་གུ་བརྐྱང་། །ནད་རྐྱལ་ཁ་ཕྱེ་ཚེ་བཏུངས་སྲོག་རྩ་བཅད། །བསོད་ནམས་སྟོབས་འབྱོར་མངའ་ཐང་ཉེར་བརླག་པར། །མཁའ་ལ་རབ་བརྙེག་གཏོར་ཚོགས་ཕྱུར་བུར་སྦྱངས། །ནོར་འཛིན་ཁྱབ་པའི་ཁྲག་ཆང་རྦ་ཀློང་འཁྲུག །ཕྱི་ནང་ཉེར་སྤྱོད་ཐུགས་དམ་སྐོང་བའི་རྫས། །རྒྱ་ཆེར་སྤེལ་(༡༦༥ན)


GLG018_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སླར་ཡང་མཐུ་རྩལ་བསྐྱེད། །རྟགས་བརྒྱད། དུང་སྐྱོང་དབང་མོ་བསྟན་མ་བཅུ་གཉིས་ཀྱིས། །བོད་ཁམས་རང་སྡེར་གཏོགས་སོ་ཅོག་རྣམས་ལ། །འཚོ་བའི་ནད་རིམས་དལ་ཡམས་ཕྱིར་བཟློག་ལ། །ཕས་རྒོལ་དགྲ་བོའི་སྟེང་དུ་ཆར་ལྟར་ཕོབ། །སེར། སྔགས་སྲུང་རྡོར་ལེགས་ལ་སོགས་ཕོ་རྒྱུད་དང་། །མོ་རྒྱུད་གཏེར་སྲུང་དཀར་བདུད་ཕུར་སྐྱོང་ལྷ། །སྟག་ཞོན་ཞིང་སྐྱོང་མཐུ་ཆེན་སྡེ་བཞི་སོགས། །མཆོད་ཚོགས་ལ་རོལ་སླར་ཡང་ལས་ཀུན་སྒྲུབས། །བོད་སྐྱོང་རྒྱལ་པོའི་སྐུ་ལྷ་འབར་བ་རྩལ། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་རྣམས་ཀྱིས། །རྒྱལ་འགོང་དམ་སྲི་སྨྱོ་འདྲེ་ཚར་བཅད་ནས། །དགྲ་བོའི་ཡུལ་དུ་བསྒྱུར་ཅིང་བཟློག་པར་མཛོད། །དམར། ཆོས་རྒྱལ་སྐུ་ལྔ་སྤྲུལ་ཡུམ་བློན་པོར་བཅས། །ལས་བྱེད་བཙན་རྒོད་ཆེན་པོ་ཡང་ལེ་བེར། །འཁོར་བཅས་མཐུན་པའི་རྫས་ཀྱིས་སྐོང་བྱེད་ན། །དགྲ་བགེགས་དཔུང་བཅས་སླད་མར་ཆམ་ལ་ཕོབ། །མཐིང་ཁྲ། འོག་མིན་ཞིང་ལས་གཡོ་བ་མི་མངའ་ཡང་། །དགྲ་སྲོག་ལ་རྔམས་མགོན་པོ་ལྕམ་དྲལ་ཞེས། །བགྲང་ཡས་བསྟན་སྲུང་དབང་པོས་ཞི་རྒྱས་དང་། །དབང་དྲག་འཕྲིན་ལས་མ་ལུས་ལྷུན་གྱིས་སྒྲུབས། །ལྗང་། གླིང་བཞི་རི་རབ་ཉི་ཟླའི་གདན་སྟེང་ན། །ལོག་འདྲེན་འདམ་ལྟར་བརྫི་བའི་སྟོབས་འཕྲོག་ནག །གྲི་གུག་གིས་བྲེགས་མགོན་རློན་ཐོད་པའི་ནང་། །མདུང་རྣོན་གྱིས་ཕུག་ཁོང་ཁྲག་བླུགས་ལ་གསོལ། །སྔོ། གནོད་སྦྱིན་བཤོས་སྲས་པུ་ཏྲ་ལྕམ་དྲལ་གསུམ། །རུ་འདྲེན་སྡེ་བཞི་ལྷ་(༡༦༥བ)


GLG018_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་དམག་གི་དཔུང་། །རིངས་པར་དགྲ་བོའི་ཡུལ་སོང་ཚེ་སྲོག་དང་། །བསོད་ནམས་དབང་ཐང་རླུང་རྟ་རྗེས་མེད་ཐོང་། །དམར། གནོད་སྦྱིན་བེག་ཙེ་གར་གྱི་དབང་ཕྱུག་མ། །སྲོག་བདག་བཤན་དམར་བཙན་རྒོད་དཔུང་ཚོགས་རྣམས། །ལོག་འདྲེན་འདུལ་བར་ཆས་པའི་དགའ་སྟོན་དུ། །ཤ་ཁྲག་ཚོགས་ཀྱི་འཁོར་ལོ་བསྐོར་འདི་བཞེས། །ཁེ་གསུམ་པ་ངག་དབང་སྐལ་ལྡན་བྲོ་ནད་ཀྱིས་བཏབ་པའི་དུས་གནས་ཆུང་ཆོས་སྐྱོང་ཆེན་པོར་སྙན་ཤལ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་དབང་གཞུའི་རི་མོ། མཐུ་སྟོབས་རྫུ་འཕྲུལ་དཔག་པར་བཀའ་བ་ཡི། །སྤྲུལ་པའི་ཆོས་རྒྱལ་ཆེན་པོའི་སྤྱན་ལམ་དུ། །ལྷ་རྫས་སྙན་ཤལ་ལ་སོགས་དངོས་བཤམས་དང་། །ཡིད་འོངས་མཆོད་པའི་སྤྲིན་ཕུང་ཕུལ་བའི་དགེས། །གསོ་རིག་འཛིན་པ་ངག་དབང་སྐལ་ལྡན་གྱི། །ནད་གདོན་འགལ་རྐྱེན་བར་ཆད་མྱུར་ཞི་ཞིང་། །ཚེ་དཔལ་བསོད་ནམས་ཡར་ངོའི་ཟླ་བ་ལྟར། །འཕེལ་བའི་འཕྲིན་ལས་ཐོགས་མེད་སྒྲུབས་པར་མཛོད། །སྲིད་གསུམ་ཟིལ་གནོན་ཚངས་པ་རིས་ཀྱི་ལྷ། །དྲི་ཟའི་རྒྱལ་སོགས་སྣ་ཚོགས་སྤྲུལ་བསྒྱུར་མཁན། །རྣམ་བཞིའི་འཕྲིན་ལས་གྲུབ་དང་སླར་བསྒྲུབ་པར། །མཆོད་ཚོགས་རྒྱ་མཚོ་སྤེལ་ན་དགྱེས་པར་རོལ། །མེ་སྦྲུལ་ས་ག་ཟླ་བའི་ནང་དུ་རྨི་ལྟས་ཤིག་ལ་བརྟེན་ཆོས་འཁོར་རྒྱལ་གྱི་སྲུང་མ་རྣམས་གཏོར་གསོས་བསྐང་བཤགས་བགྱིས་སྐབས་སྙན་ཤལ་ཕུལ་བའི་ཁ་བྱང་རྣམ་པར་རྒྱལ་བའི་དྲི་བསུང་། བྱམས་པ། མགོན་ཁྱོད་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་བ། །ཕུལ་བྱུང་བྱམས་པའི་ཕྱག་གིས་(༡༦༦ན)


GLG018_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་མཉམ་འགྲོ །དབུགས་དབྱུང་ཕན་དང་བདེ་བའི་ལམ་ཡངས་པོར། །འགོད་པར་མཛོད་ཅིག་འཕགས་མཆོག་མ་ཕམ་པ། །དྲན་པས་གདུང་སེལ་དབྱངས་ཅན་ངག་གི་ལྷ། །གདུག་པ་འདུལ་ཕྱིར་འདོད་ཁམས་དབང་ཕྱུག་སྐུར། །སྔར་བཅོལ་ལེགས་དང་སླད་མར་འཕྲིན་ལས་རྣམས། །བསྒྲུབ་ཆེད་དངོས་བཤམས་ཡིད་སྤྲུལ་མཆོད་པ་འབུལ། །དེ་ཝཱི་ཀོ་ཊི། བསྟན་མ་བཅུ་གཉིས། གངས་ཅན་ནོར་འཛིན་དཔལ་མོའི་མངལ་ཡངས་པོ། །བསྲུང་བའི་བདུད་སྨན་གནོད་སྦྱིན་མཐུ་རྩལ་ཅན། །སྤྱི་དང་ཁྱད་པར་པྲ་སྟོན་གཡའ་མ་སྐྱོང་། །མཚན་གཞན་གཡུ་སྒྲོན་མ་ཡིས་ལས་རྣམས་སྒྲུབས། །ཆོས་འབྱུང་སྟེང་། བགྲང་ཡས་མཐུ་ལྡན་སྡེ་དཔོན་རྒྱ་མཚོའི་ཚོགས། །དབྱར་གྱི་ཆུ་འཛིན་ལྟ་བུར་འདུ་བ་ལ། །ཀུན་བཟང་མཆོད་པའི་སྤྲིན་གྱིས་དགྱེས་བསྐྱེད་ན། །བསམས་པའི་རེ་སྐོང་ཡོངས་འདུའི་ལྗོན་པར་མཛོད། །ཞིང་སྐྱོང་། གནས་མཆོག་ཙཱ་རིའི་སྤྲུལ་འཁོར་ལ་བརྟེན་ནས། །ཟབ་གཏེར་བདག་པོ་བདུད་མགོན་སེང་གེའི་གདོང་། །ཕ་མེས་བརྒྱུད་ལ་འགོ་བའི་ལྷ་ཁྱོད་ཀྱིས། །དམ་བཅའ་མ་བསྙེལ་མཐུན་པའི་རྐྱེན་རྣམས་སྒྲུབས། །བེག་ཙེ། གནོད་སྦྱིན་གཙོ་བོ་ཟངས་ཀྱི་བེག་ཙེ་ཅན། །རིག་པའི་ལྷ་མོ་གར་གྱི་དབང་ཕྱུག་མ། །ལས་མཁན་སྲོག་གི་བདག་པོ་འཁོར་བཅས་ཀྱིས། །དགྲ་བགེགས་མ་ལུས་ཐལ་བའི་རྡུལ་བཞིན་རློག །གཟའ་གདོང་དམར་ནག །ཁམས་གསུམ་སྐྱེ་རྒུའི་བླ་ཚེ་ཟ་བའི་བདག །བཤན་པ་མིག་དམར་བྱ་(༡༦༦བ)


GLG018_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་ལ་ཞོན་ནས། །བསམ་སྦྱོར་ངན་པའི་གཟུགས་ཅན་གཟུགས་མེད་དཔུང་། །གང་དུ་གནས་ཀྱང་སྙིང་གི་ཁྲག་དྲོན་འཐུང་། །རཱ་ཧུ་ལ། ལུས་ལ་ཁྲག་མིག་སྟོང་ཤར་མེ་ལོང་ངོས། །ལྐོག་གྱུར་ལེགས་ཉེས་མཐའ་དག་མངོན་སུམ་དུ། །རབ་གསལ་སྲིན་པོའི་རྒྱལ་པོ་རཱ་ཧུ་ལས། །ལོག་འདྲེན་མེ་ལ་ཕྱེ་ལེབ་བཞིན་སྲེགས་ཤིག །རྒྱལ་པོ། ཆོས་རྒྱལ་སྡེ་ལྔ་ཡུམ་བློན་སྤྲུལ་འཁོར་དང་། །ལས་མཁན་དམག་གི་སྣ་འདྲེན་ཙེའུ་དམར་བ། །དམ་ཅན་རྒྱ་མཚོས་ཞི་རྒྱས་དབང་དྲག་གི །ལས་ཀུན་ཐོགས་པ་མེད་པར་སྒྲུབ་པར་མཛོད། །རྡོར་ལེགས། རིགས་འཛིན་པདྨའི་སྤྱན་སྔར་ཁས་བླངས་པར། །ནམ་ཡང་གཡེལ་བ་མེད་པའི་དམ་ལྡན་པ། །རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དང་། །དྲུག་ཅུར་བཅས་པས་བཅོལ་བའི་འཕྲིན་ལས་མཛོད། །གུར། འོག་མིན་ཞིང་གཙོའི་ཁྱབ་བདག་རྣམ་སྣང་མཛད། །བསྟན་སྲུང་ཡོངས་ཀྱི་འཁོར་ལོས་སྒྱུར་བ་རུ། །རྡོ་རྗེ་སྲིན་པོ་གུར་གྱི་མགོན་པོ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ། །ཚད་མེད་རྣམ་བཞིའི་ཞལ་གྱིས་འགྲོ་བ་རྣམས། །ཐར་པར་འདྲེན་ཡང་དགྲ་བགེགས་འདམ་བཞིན་དུ། །རབ་བརྫིས་སྟོབས་འཕྲོག་དབང་པོ་འཁོར་བཅས་ཀྱིས། །བྱང་ཆུབ་སྙིང་པོའི་བར་དུ་བསྲུང་ཞིང་སྐྱོབས། །པུ་ཏྲ། འཆི་བདག་གཤིན་རྗེའི་རྒྱལ་པོ་པུ་ཏྲ་ནག །ཡབ་ཡུམ་མིང་སྲིང་རུ་འདྲེན་སྡེ་བཞི་སོགས། །ས་དང་བར་སྣང་གང་བའི་རྫུ་འཕྲུལ་ཅན། །གློག་ལྟར་འཁྱུག་(༡༦༧ན)


GLG018_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལས་ཀུན་ཐོགས་མེད་མཛོད། མགོན་ཁང་ཤོད་ཀྱི་འཇིགས་བྱེད། འཇམ་པའི་རྡོ་རྗེ་དཔལ་ལྡན་མ་ཧེའི་ཞལ། །དངོས་གྲུབ་རྒྱ་མཚོའི་འབྱུང་གནས་ཡིད་བཞིན་ནོར། །དྲན་པས་སྲིད་ཞིའི་གདུང་བ་སེལ་ཁྱོད་ཀྱིས། །འདོད་པའི་རེ་བ་མ་ལུས་སྐོང་དུ་གསོལ། །ཕྱག་དྲུག །གྲུ་འཛིན་ལ་དགྱེས་ལག་ན་པད་དཀར་འཆང་། །བསྟན་སྲུང་རྒྱ་མཚོའི་གཙོ་བོ་ནག་པོ་ཆེ། །ལེགས་ལྡན་མྱུར་མཛད་མགོན་པོ་འཁོར་བཅས་ཀྱིས། །འདི་དང་གཏན་གྱི་མདུན་མ་ཐམས་ཅད་སྒྲུབས། །དམ་ཅན་ཆོས་རྒྱལ། རིམ་བདུན་ས་འོག་ཐོད་པ་ལྕགས་མཁར་ནས། །སྐྱེ་འགྲོའི་བླ་ཚེ་སྲོག་ལ་དབང་སྒྱུར་བ། །འཆི་བདག་ལས་ཀྱི་གཤིན་རྗེ་འཁོར་བཅས་ཀྱིས། །དགའ་རབ་དབང་ཕྱུག་སྡེ་དཔུང་རྡུལ་དུ་རློག །རྣམ་སྲས། ཁྱོད་ཞབས་བསྟེན་པའི་མོད་ལ་སྲིད་དང་ཞིའི། །དབུལ་སེལ་ཕན་བདེའི་འདོད་དགུ་བསྙིལ་མཛད་པ། །ལྷ་རྣམས་ངལ་གསོར་བྱེད་པའི་རྣམ་ཐོས་བུ། །རྟ་བདག་བརྒྱད་ཀྱིས་འཕྲིན་ལས་མ་ལུས་སྒྲུབས། །རྩིད་ཏྲང་ཁང་གི་ཐོད་པ། མནན་སྲེག་བསད་པའི་ལས་ཀྱི་མཐའ་སྡུད་མཁན། །རལ་པ་ཚར་དགུ་གཏུམ་མོ་དུག་ཧྲུལ་མ། །འགྲོ་ཀུན་ལྟག་པའི་བདུད་སྒོར་གནས་འཆའ་བ། །ཁྱོད་ཀྱིས་ལོག་འདྲེན་རྩ་འཁོར་ཁྲག་རྒྱུན་འཇིབས། །རྡོ་སྐུ་མེ་འབར་མ། སྲིད་གསུམ་ཅིག་ཅར་བསྲེག་པ་བྱིན་ཟའི་དཔུང་། །རབ་འབར་དབུས་ན་དཔའ་བོ་བྲམ་ཟེའི་གཟུགས། །རྩ་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །ཉིན་མཚན་དུས་ཀུན་མགོན་སྐྱབས་སྟོང་གྲོགས་(༡༦༧བ)


GLG018_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །མགོན་ཁང་བར། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ལོག་འདྲེན་གཤེད། །སྲིད་པའི་རྒྱལ་མོར་བསྟན་པ་དམག་ཟོར་ལྷ། །འཁོར་འདས་ཉེས་བརྒྱ་འཇོམས་པའི་རྩི་སྨན་གྱི། །ལྗོན་པས་འགྲོ་ཀུན་ཕན་དང་བདེ་ལ་བཀོད། །ཀོ་གཏུམས་མ། ཉི་མའི་གཉེན་གྱི་སྤྱན་སྔར་ལུང་རྟོགས་ཆོས། །བསྲུང་བར་ཞལ་བཞེས་ལེགས་ལྡན་ནག་པོ་ཆེས། །བསྟན་དང་བསྟན་འཛིན་དགེ་འདུན་སྡེ་རྣམས་ཀུན། །ཉིན་མཚན་གཡེལ་བ་མེད་པར་མེལ་ཚེ་མཛོད། །མངོན་དགའ་ལྕོག །བརྟུལ་ཞུགས་གྲུབ་དབང་པདྨ་ཐོད་འཕྲེང་གིས། །གཙུག་ཏུ་རྡོ་རྗེའི་རི་མོ་ཉེར་བཀོད་པར། །བསྟན་སྲུང་སྤྲུལ་པའི་རྒྱལ་པོ་འཁོར་བཅས་ཀྱིས། །མཆོད་གཏོར་འདི་བཞེས་བཅོལ་པའི་ལས་རྣམས་སྒྲུབས། །རྟ་རྒོད་ཤེལ་ལྕག་གི་དར་ལྕོག །ཏེ་སེའི་གངས་ལ་འགྲན་པའི་རི་བོའི་ངོགས། །གནས་བཅས་སྦས་ཡུལ་ཆོས་འཁོར་ཡོངས་བསྲུང་བ། །གནོད་སྦྱིན་ཆེན་པོར་རྟ་རྒོད་ཤེལ་ལྕག་གིས། །ལེགས་ཚོགས་ཡོན་ཏན་ཡར་ངོའི་ཟླ་ལྟར་སྤེལ། །གཙུག་ན་ནོར་བུ་འཆང་བའི་ཀླུའི་སྡེ་དཔོན། །འཛིན་པ་ལག་མང་སྤྱན་སྔར་འོ་ཆོལ་དང་། །ཀླུ་སྨན་བདུད་རྩིའི་མཆོད་པ་འབུལ་བྱེད་ན། །འཇིག་རྟེན་ཀུན་ཏུ་བདེ་ཞིང་སྐྱིད་པར་མཛོད། །ཇོ་བོ་རྒྱལ་མཚན་པའི་དར་ལྕོག །སྲིན་ཡུལ་ལངྐའི་སྒོ་སྲུང་སྨོན་ལམ་མཐུས། །རྭ་སྒྲེང་གནས་སྐྱོང་ཇོ་བོ་ཕྱིང་དཀར་བ། །ཕྱོགས་དེར་རྒྱལ་མཚན་མིང་གི་མཚན་སྙན་ཅན། །ཁྱོད་ཀྱི་དམ་བཅའ་མ་གཡེལ་སྡེར་བཅས་སྐྱོངས། །(༡༦༨ན)


GLG018_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དུང་སྐྱོང་དཀར་ཕྱོགས་དགའ་བའི་ཀླུ་ཆེན་པོར། །འོ་ཆོལ་སྨན་གྱི་མཐུན་རྫས་འབུལ་བྱེད་ན། །འཇིག་རྟེན་ཁམས་སུ་ཆར་ཆུ་དུས་འབབ་ཅིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བར་ཤོག །མེ་སྦྲུལ་རྡོ་པ་བསྟན་པ་དར་རྒྱས་ཀྱིས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་གྲྭ་ཇ་བཞི་དང་ཚ་བ་གཉིས་ཀྱི་བསྙེན་བཀུར་བའི་ཐོག་རིང་འཚོའི་རྟེན་འབྱུང་བསྒྲིགས་པའི་ཚེ་བསྟན་སྲུང་རྒྱ་མཚོའི་སྤྱན་གཟིགས་སུ་སྙན་དར་བརྒྱ་དང་བརྒྱད་ཕུལ་བའི་དུས་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་ཕུན་ཚོགས་ཡོངས་འདུ། ཞི་ཁྲོ་རྣམ་པར་རོལ་པའི་གྲོང་ཁྱེར་ཆེ། །རྒྱལ་བའི་ཉན་ཐོས་ཁྲིམས་ལྡན་འདུས་པའི་སྡེ། །ཕན་བདེའི་འབྱུང་གནས་ངེས་གསང་ལེགས་བཤད་གླིང་། །ཀུན་དགའ་ར་བ་མཛེས་བྱེད་མཆོད་པའི་སྤྲིན། །བརྒྱ་དང་བརྒྱད་ཀྱི་གྲངས་ལྡན་ལྷ་ཡི་དར། །སྣ་ཚོགས་དབང་གཞུ་ལྟར་བཀྲའི་ལྡ་ལྡིའི་ཕྲེང་། །བསྟན་པ་དར་རྒྱས་ལྷག་བསམ་སྟོན་ཟླ་བཞིན། །རབ་དཀར་ཡིད་ཀྱིས་ཕུལ་བའི་བསོད་ནམས་འབྲས། །དེང་ནས་མི་ཁོམ་སྐྱོན་ཀུན་ཡོངས་བྲལ་ཞིང་། །དལ་འབྱོར་རྟེན་གྱི་ཐེམ་སྐས་ལ་འཛེགས་ནས། །ཐར་པའི་གྲོང་ཁྱེར་ཆེན་པོར་བདག་སོགས་འགྲོ །རིང་མིན་འཇུག་པར་དཀོན་མཆོག་མཐུས་བྱིན་རློབས། མེ་སྦྲུལ་སྤུན་བདུན་པ་ཡོན་ཏན་དར་རྒྱས་འདས་པའི་དུས་རིགས་བརྒྱུད་འཛིན་པ་ལྷུན་གྲུབ་རྒྱ་མཚོས་ཇོ་ཤཱཀ་རྣམ་གཉིས་དང་ཁྲ་འབྲུག་ཏུ་སྙན་དར་འབུལ་རྒྱུའི་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་ཐར་པའི་ཐེམ་སྐས། ཐུབ་དབང་དངོས་སྐུ་འགྲོར་སྟོན་ཞལ་བསྐྱིན་ལ། །ཐུགས་རྗེ་བསྐུལ་ཕྱིར་སྙན་ཤལ་ལྷ་ཡི་གོས། །ཕུལ་བས་(༡༦༨བ)


GLG018_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་དར་རྒྱས་སྲིད་མཚོ་ལས། །ཉེར་དྲངས་ངེས་ལེགས་ལམ་དུ་བཀྲི་བར་གསོལ། །དོན་ཀུན་གྲུབ་པ་བགྲང་བྱ་བརྒྱུད་པའི་ཚད། །མི་བསྐྱོད་རྡོ་རྗེའི་བྱིན་རླབས་རྨད་པོ་ཆེས། །ཡོན་ཏན་དར་རྒྱས་མི་ཁོམ་འཇིགས་པ་ལས། །རབ་བསྒྲལ་དལ་འབྱོར་རྟེན་ལ་སྦྱོར་དུ་གསོལ། །མ་དག་དུག་ལྔ་བགོས་པའི་ཕུང་པོ་ལྔ། །ཡེ་ཤེས་ངོ་བོར་བཅོམ་ལྡན་རིགས་ལྔ་ཡིས། །བསྒྱུར་བྱིན་བརླབས་ཏེ་བཅུ་གསུམ་རྡོ་རྗེའི་སར། །དགོད་པའི་སྐལ་བཟང་དེང་འདིར་སྩལ་དུ་གསོལ། །ཡར་འབྲོག་པ་བློ་གྲོས་ལེགས་བཤད་ཀྱིས་རྣམ་པར་རྒྱལ་བའི་ཕན་བདེའི་ལེགས་བཤད་གླིང་དུ་སྙན་ཤལ་གྱི་དར་ཡུག་རྣམས་ལ་ཁྱོན་ཁ་སུམ་བརྒྱ་དང་ཞེ་གཅིག་ཕུལ་བའི་ཁ་བྱང་ཀུན་བཟང་མཆོད་སྤྲིན། རྣམ་ཀུན་མཆོག་ལྡན་རིགས་བརྒྱའི་ཁྱབ་བདག་ཆེར། །མངོན་པར་བཞེངས་པ་རྒྱལ་སྲས་སློབ་མར་བཅས། །དཀྱིལ་འཁོར་རྒྱ་མཚོའི་རྟེན་དང་བརྟེན་པ་ལ། །འཇའ་རིས་ལྷ་རྫས་ལྡ་ལྡི་རབ་ཕུལ་དགེས། །འགྲོ་ལ་ཕན་བདེའི་འབྱུང་གནས་ཐུབ་པའི་བསྟན། །ངེས་གསང་ལེགས་པར་བཤད་པའི་འདུས་པའི་གླ྄ིང་། །དཀར་ཆའི་ཟླ་ལྟར་ཡོངས་འཕེལ་འཇིག་རྟེན་རྣམས། །ཕུན་ཚོགས་དགའ་སྟོན་རོ་བདའ་མྱོང་བར་ཤོག །འཇུངས་པའི་ལྕགས་བཀྲོལ་གཏོང་བའི་སྒོ་འཕར་བརྒྱ། །མངོན་པར་ཕྱེ་བས་རྒྱུ་སྦྱོར་ཡོན་གྱི་བདག །དེང་ནས་སྐྱེ་བར་འཆི་མེད་དབང་པོ་ཡི། །ཚེ་དཔལ་འབྱོར་བ་རྟག་ཏུ་སྤྱོད་པར་ཤོག །ཆོས་ཀྱི་དབྱིངས་ནས་འཕྲིན་ལས་རྣམ་པ་བཞི། །བསྒྲུབ་ལ་སྤྲུལ་པའི་རོལ་གར་འཕྲུལ་པོ་ཆེ། །(༡༦༩ན)


GLG018_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་མཛད་དམ་ཅན་ཆོས་སྲུང་རྒྱ་མཚོ་ཡིས། །བར་ཆད་ཀུན་ཞི་འདོད་པའི་རེ་བ་སྐོངས། །མཐའ་ཀླས་སྐྱེ་རྒུ་ཡོངས་ལ་སྨན་པའི་ཆེད། །ལེགས་བསྔོས་གངྒཱའི་བྱང་ཆེན་ཆུ་གཏེར་ཆེར། །རོལ་གཅིག་འཛད་པ་མེད་པར་སངས་རྒྱས་ཀྱི། །ཞལ་འཆེས་ནམ་ཡང་མི་བསླུ་ཨེ་མ་མཚར། །པདྨ་ཐོད་འཕྲེང་སོ་ཟུར་གནུབས་རླང་ཉང་། །གཏེར་སྟོན་སྔགས་འཆང་སོགས་ཀྱི་སྤྱན་སྔ་རུ། །བསྟན་འགྲོའི་བདེ་སྐྱིད་སྤེལ་བར་ཞལ་བཞེས་པ། །རྡོ་རྗེ་ཀུན་གྲགས་གཉའ་ནང་ལུང་པ་མདའི་ཤར་ཕྱོགས་ལ་ཕྱིའི་ནུབ་ཀྱི་འཛེམས་སུ་འབའ་མ་རི་ཟེར་བ་གངས་རི་ཤིན་ཏུ་ཆེ་བའི་མདུན་དུ་འགྲམ་མཚོ་ཕྱུག་མོ་ཟེར་བ་བལ་བོད་མོན་པད་ཙ་ར་གླང་བུ་མཁར་སོགས་ཕལ་ཆེར་ནས་མཐོང་བའི་རི་མཚོ་གཉིས་སོ་སོར་དར་ལྕོག་རེ་འཛུགས། །གསོལ་མཆོད་དགུན་དུས་ཕྱུག་མོའི་མཚོ་དཀྱིལ་རི་དེའུ་དང་མཚོའི་ནུབ་ཏུ་སྲིན་མོ་ཧུར་ཁྱུམ་ཟེར་བའི་རྟེན་མཁར་ཡོད་ས་ནས་བྱེད། ཏིང་ཏིང་དཀར་མོ་ཤག །གངས་ཅན་བོད་ཀྱི་ཡུལ་འདིར་ནད་རིམས་དང་། །དབུལ་ཕོངས་འཐབ་རྩོད་ཉེར་འཚེ་ཀུན་ཞི་ཞིང་། །ཆོས་དང་སྲིད་ཀྱི་དཔལ་འབྱོར་ལེགས་ཚོགས་རྣམས། །བླ་ནས་བླར་ཡང་འཕེལ་བའི་ལས་སྒྲུབས་ཤིག །ཚིག་རྐང་གཞན་རྣམས་འདྲ་བ་ལ་བཞི་པ། །ཧ་རི་གཡུ་སྒྲོན་ཕག་རི་གླིང་བཞི་པ་དྲོ་གྲམ་དང་བཅས་པའི་འཛོམས་ཇོ་མོ་ལྷ་རི་ཟེར་བར་དར་ལྕོག་འཛུགས། འཇིགས་སྐྱབས་དགོན་ཕག་རི་ལྷ་ཕུད་གངས་རི་ནས་གསོལ་མཆོད་བྱེད་ཅིང་བརྒྱགས་རྔན་ལྟར་དབུ་རུ་ཀ་ཚལ་དུའང་འཛུགས། རྡོ་རྗེ་གཡའ་མ་སྐྱོང་། །རྡོ་རྗེ་ཀུན་ལ་ཕྱིའི་མཆོད་ཁང་གི་ནུབ་ཏུ་ནག་པོ་འབུམ་རི་ཟེར་བ་རྩ་བ་བྲག་(༡༦༩བ)


GLG018_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

རི་ནག་པོ། རྩེར་གངས་ཡོད་པའི་ཤར་དུ་དཀར་པོ་འབུམ་རི། དེ་རྣམས་ཀྱི་ཤར་དུ་མཐོ་ལྡིང་གངས་ཟེར་བ་རྩ་བར་མཚོ་ཡོད་པའི་གངས་རི་ཤིན་ཏུ་ཆེ་བའི་རྩེར་འཛུགས། གསོལ་མཆོད་ས་ཡུལ་གང་འོས་ནས་བྱེད། བཟང་ཚེ་རིང་མཆེད་མོ་བཞི། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་དྲིལ་བུ་མ། །གངས་དཀར་ཤ་མེད་ཁ་རག་གི་གངས་རི་ཆེ་བའི་ས་ཡུལ་གང་འོས་དང་གསོལ་མཆོད་གང་བདེ་ནས་བྱེད། །ཡར་འབྲོག་གཡུ་མཚོའི་རི་བེ་རུ་ལྟ་བུ་ས་ཡུལ་འོས་སར་འཛུགས་ཞིང་གསོལ་མཆོད་བྱེད། གྱ་ལ་ལྷ་བུ་ཤོག་བུ་ལ་བཅས་འཛོམ་པའི་ཇོ་མོ་གངས་དཀར་གྱི་སར་འཛུགས་གསོལ་མཆོད་གནས་ནང་མཆོད་རྟེན་ནམ་ཁྱོན་སྒྲུབ་ཕུག་གང་རུང་ནས་བྱེད་ཅིང་ལྷ་འདྲེ་བཀའ་ཐང་ལྟར་མཚོ་སྲིན་མཚོའི་བར་དུའང་འཛུགས། །རྡོ་རྗེ་འོད་འབར་མ། །ཁ་རག་རྡོ་རྗེ་ཁྱུང་མདོག་དཔལ་གྱི་ཡུམ། དམར། །གསེར་ཆེན་མཁའ་ལྡིང་ཇོ་ནང་གི་རྒྱབ་རི་ཇོ་མོ་ནགས་རྒྱལ་ལྷ་ཆུའི་སྒྲུབ་ཁང་གི་རྩེར་འཛུགས་ཤིང་གསོལ་མཆོད་ཀྱང་དེ་ག་ནས་བྱེད། རྡོ་རྗེ་དཔལ་འབར་ཤོག ། ༈ སེར་མོ་ལས་དགེ་འཕེལ་གཟིམས་ཁང་གི་ལྷོ་ནུབ་ཀྱི་མཐའི་རྟེན་མཁར་གྱི་སྟེང་དུ་འཛུགས་ཤིང་གསོལ་མཆོད་ཀྱང་བྱེད། མཁན་རྡོ་རྗེ་དྲག་མོ་རྒྱལ། །ཀོང་བཙུན་དེ་མོ་རྟ་ཐོག་མཁར་དང་བྱམ་ཀྱི་འོག་ཡུལ་གསུམ་དུ་ཁང་པ་དཀར་པོ་ཞིག་ལ་གནས་ཡོད་ཟེར། དེ་དང་རི་བརྒྱུད་གཅིག་པའི་ཉིན་ལམ་གཅིག་ཙམ་ན་བྲེ་གསར་དགོན། དེའི་འོག་ན་བྲེ་ཟེར་བའི་གྲོང་ཞིག་ཡོད་འདུག་པ་ཆག་འགྲོས་ལ་དཔགས་ན་བྲེ་སྣ་ཟེར་བ་དེ་ག་ཨེ་ཡིན་སྙམ་པ་ཁུངས་གཞན་མ་ཆོད་ན་དེ་གའི་རི་སྣ་ཞིག་ཏུ་འཛུགས་ཤིང་གསོལ་མཆོད་བྱེད། །རྡོ་རྗེ་འོད་འབར་མ། །རྡོ་རྗེ་རྩལ་མོ་པ་ནམ་བསམ་སྡིངས་ཀྱི་རྒྱབ་རི་ཇོ་མོ་ལྷ་རི་ཟེར་བ་རྒྱབ་རྫ་དང་མདུན་སྤང་གཤོང་ཡོད་པའི་རྩེར་འཛུགས་ཤིང་གསོལ་མཆོད་གང་བདེ་ནས་བྱེད། ཀུན་གྲགས་ལ་རོག་མ། །སྨན་བཙུན་(༡༧༠ན)


GLG018_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཁུག་ཆོས་རྡོ་རྗེ་གཡར་མོ་རྒྱལ། །རྟ་ནག་ཐུབ་བསྟན་གྱི་ལྷོ་བཤད་ཀྱི་ཤར་ལུང་པ་ཤར་ཟེར་བའི་ཕུར་སྨད་རྫ་རི་དང་སྟོད་གངས་རི་བྱས་པ་ཇོ་མོ་ཚ་ཚའི་ས་ཡུལ་གང་བདེར་འཛུགས་ཤིང་གསོལ་མཆོད་ཀྱང་དེ་དང་མཚུངས། རྡོ་རྗེ་ཡེ་ཤེས་དྲིལ་བུ་གཟུགས་ལེགས་མ། །རག་དང་ཡེར་པ་རྣམས་ཀྱི་འཛོམས་ཇོ་མོ་སི་སི་ཟེར་བ་དེ་གར་འཛུགས་ཤིང་གསོལ་མཆོད་ཀྱང་བྱེད། རི་གསུམ་འདུས་པའི་འཛོམས་སུ་མཆོད་བྱེད་སྔོན་ཟེར་བ་ཡོད་འཕྲོས་འདུག་པ་བརྟག །ཞེས་ཁ་སྤོས་ནས་འདྲིའོ། །འདིའང་དམར་སེར་ཅན་གྱི་ལོ་མགོ་ཟླའི་ནང་དུ་བོད་ཁམས་བདེ་ཐབས་ཀྱི་ཆེད་བསྟན་མ་བཅུ་གཉིས་གནས་སར་བསངས་གསོལ་མཆོད་དང་ཆབས་ཅིག་པར་དར་ལྕོག་བཙུགས་པའི་ཁ་བྱང་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡེ་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཧ་ཨུའུ་ཞེས་པ་ས་ཕོ་རྟའི་ལོ་གསར་གྱི་འདོད་ཁམས་དབང་ཕྱུག་མ་མཆོད་པའི་དུས་ཕུལ་བའི་སྙན་ཤལ་ཁ་བྱང་འཇིགས་མེད་གདོང་ལྔའི་སྒྲ་དབྱངས། རྟག་ཏུ་སྒོ་གསུམ་ཉེར་བདེ་ཚོར་བའི་རོ། །ཆེས་བདའ་བརྒྱ་ཕྲག་མྱོང་བས་སྙིང་གི་དབུས། །ཀུན་དགའི་བདུད་རྩི་སྦྱིན་པའི་ཆོ་ག་མཁན། །དུང་སྐྱོང་ཟླ་བཞིན་དངོམ་པས་བདག་རྗེས་བཟུང་། །ཕོངས་འཆི་རྒུད་ཚོགས་འགྲོ་སྐྱབས་སེར་ཅན་ལྟོ། །དབྲལ་ནས་མི་ཡི་སེང་གེ་རྫོགས་ལྡན་གྱི། །གསར་པའི་མཛའ་བ་འཛུམས་ལ་སུ་ཝརྞའི། །གཡར་ངོ་ཕྱོར་ཞིག་ལྷ་མཆོག་མིག་སྔོན་ཀྱེ། །འདོད་མྱོས་དྲོད་ཀྱིས་ཆེར་གདུངས་བ་སྤུའི་རྩེ། །རྣོན་པོ་གྱེན་དུ་ལྡང་བྱེད་ག་བུར་རྡུལ། །འབབ་པར་པད་རཱཀ་ལྷུན་པོ་ལ་འཁུའི་གཟུགས། །འབུམ་ཕྲག་རྟ་ལྗང་གོས་ཀྱིས་ད་ཀླུབས་(༡༧༠བ)


GLG018_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ནག་ཁྲ། བསད་ཁྲག་དྲོན་མོས་ཉེར་བརྒྱངས་རྒྱུ་མའི་ཞགས། །ག་ཤར་བྱས་པ་མིག་སྨན་མདངས་འཛིན་འོད། །རབ་དཀར་མཆེ་བའི་རྩེ་མོར་དགྲ་བགེགས་རྣམས། །མི་རྟག་ལམ་དུ་འགོད་ཕྱིར་ཆེམ་ཆེམ་ཟོ། །ལྗང་། བཅུ་གཉིས་གོ་ལའི་རྒྱ་ལམ་ཐང་ཡངས་པོར། །སྡེ་བཞིའི་གསར་འགྲོས་དབང་གི་གོམས་སྟབས་ཀྱིས། །དཀྱུས་ཐོག་གཅོད་པའི་ཅང་ཤེས་གསེར་སྦྱངས་གོས། །ཡོངས་ཀླུབས་འདྲེན་བྱེད་ཟིལ་དངར་བགྲང་བྱ་འདིར། །ཀུན་འབྱུང་དེས་བསྐྱེད་སྡུག་བདེན་ཉེར་ཞིའི་འབྲས། །ཆོས་དཀར་གཡང་ལོང་སྲིད་ཞི་དཔལ་པོ་ཆེ། །རབ་ཁུགས་ལྷ་དབང་རྡོ་རྗེ་རྣོན་པོའི་རྩེས། །ལོག་འདྲེན་སྦྱིན་སྐྱེས་སྡེར་བཅས་ཆམ་ལ་ཕོབ། །དགའ་བ་བརྒྱ་པའི་ཤེ་མོང་དཔུང་ཤུགས་ཀྱིས། །ལེགས་ལྡན་རྩིབས་སྟོང་ནོར་འཛིན་ལྟོར་གྱུར་པ། །མང་བཀུར་ཕོ་བྲང་ཆེན་པོའི་ལུགས་ཟུང་ཁྲིམས། །རྒྱ་ཧོར་བོད་ཀྱི་གཉའ་བ་རབ་ལྕིར་མཛོད། །གསེར་མདོག་ཞྭ་ཡི་ཅོད་པན་འཆང་བའི་བསྟན། །ཐོས་བསམ་རིན་ཆེན་ཡུ་བས་ཉེར་བཏེགས་པའི། །གདུགས་མཛེས་གྲིབ་མས་ཀུན་བཟོད་མཐའ་བཅིངས་ནང་། །འཁོད་དོ་ཅོག་གི་བདེ་སྐྱིད་རྟག་མྱོང་མཛོད། །གཅན་གཟན་དུས་མིན་ངར་སྐད་སྒྲོག་པའི་སྲོག །འཕྲོག་བྱེད་ལས་བཞི་འཇིགས་མེད་སེང་གེའི་རྒྱུད། །ཡོངས་བདུངས་སྒྲ་དབྱངས་ས་འོག་ས་སྟེང་དང་། །ས་བླའི་འཇིག་རྟེན་མ་ལུས་ཁྱབ་པར་མཛོད། །སྙན་ཤལ་གྱི་ཁ་བྱང་འདུས་གང་ཆེ་ཞིག་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་ས་རྟ་ཆོ་(༡༧༡ན)


GLG018_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་གྱི་དུས་ཆེན་ཐོག་ར་ས་འཕྲུལ་སྣང་དུ་མཆོད་པ་སྣ་ལྔ་ཕུལ་བའི་ཚེ་དགོས་ཚུལ་ལྟར་བཀོད་པ་བསམ་པ་ལྷུན་གྲུབ། རྒྱལ་དང་དེ་སྲས་སློབ་མར་བཅས་པ་ལ། །ཉེར་སྤྱོད་མཆོད་སྤྲིན་ཕུལ་བའི་བསོད་ནམས་ལས། །བློ་བཟང་ཆོས་གྲགས་ཀྱིས་བསྐྲུན་སྨན་དཔྱད་མཐུས། །འགྲོ་རྣམས་བཞི་བརྒྱ་རྩ་བཞིའི་ནད་འཇོམས་ཤོག །ཚོར་བ་དྲག་པོའི་སྡུག་བསྔལ་དམིགས་སུ་མེད། །ལོ་བརྒྱར་འཚོ་བའི་ཚེ་ཡི་དཔལ་འབར་ཞིང་། །འདོད་པའི་ལོངས་སྤྱོད་འཕེལ་བའི་དབང་ཐང་རྒྱས། །ཆོས་སྐྱོང་སྲུང་མས་བར་ཆད་སེལ་བར་ཤོག །ངག་དབང་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས། །དེང་ནས་བརྩམས་ཏེ་ཡང་སྲིད་ཐམས་ཅད་དུ། །རྗེས་བཟུང་མངོན་པར་མཐོ་དང་ངེས་ལེགས་སར། །རབ་བཀྲིས་རིང་མིན་བྱང་ཆེན་སར་སྦྱོར་ཤོག །སྐྱེ་བ་ཀུན་ཏུ་དལ་འབྱོར་རྟེན་བཟང་རྙེད། །དཔྱོད་ལྡན་སློབ་དཔོན་མཁས་མཇལ་གསོ་རིག་གི །གཙུག་ལག་རྒྱ་མཚོར་ལེགས་སྦྱངས་མཁའ་མཉམ་འགྲོའི། །ཟུག་རྔུའི་སྡུག་བསྔལ་དྲུངས་ནས་འབྱིན་ནུས་ཤོག །ཚེ་རབས་མང་བསགས་སྡིག་པས་ངན་སོང་དུ། །སྐྱེ་བའི་ས་བོན་བཏབ་པའི་ཕུང་པོ་རྣམས། །བསོད་ནམས་ཉི་འོད་ཀྱིས་བསྲེགས་མྱོང་བྱའི་འབྲས། །རྨི་ལམ་ན་ཡང་སྨིན་པའི་སྐབས་བྲལ་ཤོག །བྱང་ཆུབ་བར་དུ་བསླུ་མེད་མཆོག་གསུམ་གྱིས། །མི་འབྲལ་རྗེས་བཟུང་ཐོས་བསམ་སྒོམ་པ་སོགས། །དམ་ཆོས་བསྒྲུབ་པའི་མཐུན་རྐྱེན་མ་ལུས་ཀུན། །བསམས་པ་ཇི་བཞིན་ལྷུན་(༡༧༡བ)


GLG018_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་པར་ཤོག །འཇིག་རྟེན་བདེ་ཞིང་ཐུབ་པའི་རིང་ལུགས་འཕེལ། །དེ་འཛིན་ཚོགས་རྣམས་ཞབས་པད་ཡུན་དུ་བརྟན། །བདག་སོགས་བཻཌཱུར་སྣང་བའི་ཞིང་ཁམས་དེར། །སྨན་གྱི་བླ་མས་རྗེས་སུ་འཛིན་པར་ཤོག །ས་རྟ་ནག་པ་ཟླ་བའི་བརྒྱད་གཏོར་དུས་ཆོས་སྐྱོང་ཆེ་ཆུང་ལ་སྙན་དར་ཕུལ་བའི་ཁ་བྱང་དམ་ཅན་དགྱེས་པའི་མཆོད་སྤྲིན། གུར་ཕྱི་ནང་གསང་བའི་བྲག་རྫོང་རྣལ་འབྱོར་གྱིས། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་ལྷ། །ཟུང་འཇུག་དོན་གྱི་རྡོ་རྗེ་སྲིན་པོའི་སྐུར། །གྲོལ་བའི་དངོས་གྲུབ་མཆོག་དེ་མྱུར་ཐོབ་ཤོག །དཀར། བུམ་བཟང་ལས་འོངས་བདུད་རྩིའི་ཆུ་རྒྱུན་གྱིས། །སྲོག་མཐར་བྱེད་གེགས་ལ་སོགས་ནད་གདོན་དྲི། །ཉེར་བཀྲུས་ཞི་བའི་འཕྲིན་ལས་ཀཏྤུ་རའི། །ཟེགས་མས་ཉེས་བརྒྱའི་ཚ་གདུང་བཅིལ་བར་མཛོད། །སེར། རིན་ཆེན་ཕྱུར་བུར་གཏམས་པའི་བདེ་སྐྱོང་ནས། །སྲིད་ཞིའི་དངོས་གྲུབ་འདོད་པ་འཇོ་བའི་སྒོ། །འབྱེད་པའི་མཐུ་སྟོབས་ལྡེ་མིག་འཕྲུལ་པོ་ཆེ། །གསེར་གྱི་འཁྲི་ཤིང་སོར་མོས་ཉེར་བཏེག་ཅིག །དམར། ས་སྟེང་ས་བླའི་འགྲོ་ཡིད་རབ་འགུགས་པ། །པདྨ་རཱ་གའི་མདངས་འཚེར་ལྕགས་ཀྱུ་ཡིས། །དྲེགས་ཅན་ཡོངས་ཀྱི་རལ་པའི་རྩེ་མོ་རུ། །རྐང་རྡུལ་དམར་འོད་ཆགས་པའི་ལས་མཛོད་ཅིག །སྔོ་དགྲ་བགེགས་སྙིང་ཁྲག་དྲོད་རླངས་མ་ཡལ་བ། །ཚད་མེད་བཞི་ལྡན་ཞལ་གྱི་ཉེར་དྲངས་ཏེ། །རྣམ་ཤེས་མི་བསྐྱོད་ཞིང་དུ་འདྲེན་(༡༧༢ན)


GLG018_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །ལྷན་ཅིག་ཤ་རུས་སྟོབས་འབྱོར་ཚོགས་སུ་རོལ། །ལྗང་། དུར་ཁྲོད་བརྒྱད་དབུས་སྲིན་པོའི་ཟློས་གར་གྱིས། །རི་རབ་གླིང་བཞི་ཉི་ཟླའི་གདན་སྟེང་ནས། །ལོག་འདྲེན་དཔུང་ཚོགས་སྟེང་དུ་དྲག་པོའི་བྲོ། །རྡུངས་མཛད་ལེགས་ལྡན་དབང་པོས་ལས་ཀུན་སྒྲུབས། །དྲེགས་པ་ཕོ་མོའི་རྣམ་འཕྲུལ་མཐའ་ཀླས་པ། །ཆོས་ཀྱི་འཁོར་ལོའི་འདབ་སྟེང་ཟེའུ་འབྲུའི་དབུས། །ནམ་ཡང་མི་གཡོ་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་དངོས་པོའི་རྟེན་འབྱུང་འདིས་བྱིན་རློབས། །རྩ་ཁམས་རླུང་གི་དངས་མ་རྒྱུད་གསུམ་གྱི། །དྲེགས་པར་ཤར་བ་ཨ་ཝ་དྡྷཱུ་ཏཱིའི་མདུད། །དྲི་བཞོན་འགྲོ་འོངས་གིས་སྤྲུལ་ཟུང་འཇུག་གིས། །གྲོང་ཁྱེར་ཆེན་པོར་མྱུར་དུ་འཇུག་ནུས་ཤོག །ཀུན་ཀྱང་སེམས་ཉིད་གཅིག་པུའི་སྒྱུ་འཕྲུལ་དུ། །ཤར་ཚེ་འཁོར་འདས་དབྱེར་མེད་དངས་མའི་མཚོར། །རང་སེམས་སྐུ་བཞིའི་བདག་ཉིད་གདོང་བཞི་པ། །མངོན་སུམ་ངོ་འཕྲོད་དགའ་སྟོན་རྟག་མྱོང་ཤོག །པུ་ཏྲ། བྲམ་ཟེའི་དམོད་པ་གྲུབ་པའི་རྡོ་རྗེའི་ཐོག །གཟུགས་ཅན་གཟུགས་མེད་ལོག་འདྲེན་མེ་ལྕེའི་རྩེར། །ཕྱེ་ལེབ་ལྟར་ཆོམས་གནོད་སྦྱིན་ཡབ་ཡུམ་དང་། །པུ་ཏྲ་ལྕམ་སྲིང་མཐུ་སྟོབས་ནུས་དཔུང་སྐྱེད། །བེག་ཙེ། བསྟན་སྲུང་བྱེ་བའི་སྡེ་དཔོན་དབང་གི་རྒྱལ། །སྲིང་མོ་རིག་པའི་ལྷ་མོ་འཁོར་དང་བཅས། །འཇམ་པོ་གསུམ་དང་མངོན་སྤྱོད་མ་ལུས་ཀུན། །ཐོགས་མེད་འགྲུབ་པ་ཡོངས་འདུའི་ལྗོན་པར་ཤོག །(༡༧༢བ)


GLG018_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲིད་ལ་བསམ་ངན་སྦྱོར་རྩུབ་འཆང་བའི་སྨན་པ་སངས་རྒྱས་འབྱུང་གནས་མེ་འབྲུག་གི་ལོ་ཁོང་ཁྲག་ཁ་དང་སྲིན་སྒོ་ནས་འགྲིམ་བཞིན་དུ་འཇིག་རྟེན་ཕྱི་མའི་ལྟད་མོར་སོང་བ་ལས་སྦྱོར་ཐོག་ཏུ་ཁེལ་བའི་གཏང་རག་ཏུ་རྒྱལ་པོ་སྐུ་ལྔ་སྤྱི་དང་ཁྱད་པར་བྱེས་ཆས་ཀེ་རུ་ལ་ས་རྟ་ཧོར་ཟླ་བཅུ་པའི་ཚེས་ལྔའི་ཉིན་གསོལ་མཆོད་རྒྱས་པར་བཏང་པའི་ཚེ་གོས་མཆིན་ལ་བཀོད་པའི་ཞལ་བྱང་དཔའ་བོའི་རྒྱང་གླུ། ཁམས་གསུམ་སྐྱེ་རྒུའི་བླ་ཚེ་སྲོག་དབུགས་ལ། །དབང་སྒྱུར་རྒྱལ་པོ་སྐུ་ལྔ་བློན་པོའི་ཚོགས། །ཁྱད་པར་བྱེས་ཆས་ཀེ་རུ་འཁོར་བཅས་ཀྱི། །སྤྱན་སྔར་དངོས་བཤམས་ཡིད་སྤྲུལ་མཆོད་པ་འདི། །ས་འོག་སྲིན་པོའི་ལུས་ལ་ཁྱབ་འཇུག་བློ། །ངན་སེམས་མུན་གཏིབས་ཚེར་ལྟར་རྩུབ་སྦྱོར་ཅན། །སངས་རྒྱས་འབྱུང་གནས་ཁྲག་དྲོན་སྐྱུག་བཞིན་དུ། །ཉི་བུའི་མཆེ་ཕྲག་སོང་བའི་དཔའ་བོའི་དར། །དམར་ཆེན་གཏོར་མའི་རི་བོ་མཁའ་ལ་བསྙེག །ཁྲག་ཆང་བཏུང་བ་རྒྱ་མཚོ་ལྟ་བུར་བསྐྱིལ། །ཟ་འོག་གོ་མཚོན་ཚོགས་ཀྱི་འཁོར་ལོ་ཆེར། །དགྱེས་པར་རོལ་ལ་དར་ཆེན་ཕྱོགས་བཅུར་ཕྱོར། །དུས་ཀྱི་ཕོ་ཉའི་ལོ་ལྕང་ར་ཟིལ་གནོན་ཚེ་དབང་ལྡོང་མཁར་དུ་མག་པར་འགྲོ་སྐབས་དཔལ་ལྡན་དམག་ཟོར་མ་དང་ལྕང་རའི་རྒྱལ་པོ་གཉིས་ལ་སྙན་དར་ཁ་བྱང་དགོས་ཚུལ་ལྟར་བྲིས་པ་འདོད་འཇོའི་སྙེ་མ། ལོང་ལོང་རླུང་ནག་འཚུབ་མ་ལེགས་འཁྱིལ་དབུས། །གསལ་གསལ་ཡེ་ཤེས་མེ་དཔུང་འབར་བའི་ནང་། །འཇིགས་འཇིགས་སྲིན་མོའི་གཟུགས་ཅན་དམག་ཟོར་མས། །ཡང་ཡང་དགྱེས་པའི་སྤྱན་གྱིས་དེང་འདིར་གཟིགས། །ཀུན་བཟང་མཆོད་སྤྲིན་དང་མཚུངས་རབ་བཤམས་པའི། མཐུན་རྫས་(༡༧༣ན)


GLG018_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་ཐུགས་དམ་ཉེར་སྐོང་ན། །ལྕང་ར་ཟིལ་གནོན་ཚེ་དབང་མི་ནོར་ལ། །འགལ་རྐྱེན་ཀུན་ཞི་དངོས་གྲུབ་སྩོལ་བར་མཛོད། །དྲག་ཤུལ་འཇིགས་རུང་སྲོག་བདག་རྒྱལ་པོ་ཆེར། །ཕྱི་ནང་མཆོད་པའི་སྤྲིན་ཕུང་རབ་སྤྲོ་ན། །བདག་སོགས་རྣམས་ཀྱི་ཉེར་འཚེ་ཀུན་ཞི་ཞིང་། །བསམ་དོན་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །ས་རྟ་ཟླ་བ་བཅུ་གཉིས་པའི་ནང་དུ་གྲོང་སྨད་ནས་རིང་འཚོའི་རྟེན་འབྱུང་རྒྱས་པར་སྒྲིགས་པའི་ཚེ་རྣམ་པར་རྒྱལ་པའི་ཕན་བདེ་ལེགས་བཤད་གླིང་དུ་རྩ་གསུམ་ཆོས་སྲུང་རྒྱ་མཚོར་སྙན་ཤལ་རྒྱས་པར་ཕུལ་བའི་ཁ་བྱང་ཡིད་བཞིན་དབང་གི་རྒྱལ་པོ། དམར་འཆི་མེད་གཟི་བྱིན་འོད་ཀྱི་སྣང་བ་འབུམ། །སྔ་འགྱུར་གྱི་བླ་མ་ཡི་དམ་ལ་ཤློ་ཀ་བཞི། རབ་འབར་གོས་དཀར་མ་དང་སྙོམས་འཇུག་པའི། །བདུད་རྩི་ཚངས་བུག་ལམ་ཞུགས་རྡོ་རྗེའི་སྲོག །གྲུབ་པའི་སྐལ་པ་བཟང་པོར་བདག་བྱིན་རློབས། །བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་བགྲང་ཡས་ཟླ། །གང་སྐུའི་དྭངས་མཚོར་ཤར་བ་པདྨ་འབྱུང་། །ཡི་དམ་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ། །བྱིན་ཆེན་སྤྲིན་ལས་དངོས་གྲུབ་ཆར་ཕོབ་ཅིག །དཀར། སྲིད་དང་ཞི་བའི་ཕྱག་རྒྱ་མ་ལུས་པ། །མཐུ་སྟོབས་ནུས་པས་ཟིལ་གནོན་ཚེ་བདག་ནག །ཤུགས་དྲགས་གནམ་ལྕགས་ཐོག་གི་མདའ་བོ་ཆེས། །བན་བོན་བྱད་མའི་རང་གཤེད་རང་ལ་ཕོབ། །ལྗང་སེར། དཔལ་ཆེན་འཕྲིན་ལས་འཁོར་ལོའི་ལྷ་ཚོགས་རྣམས། །ནག་ཁྲ། གར་དགུའི་ཉམས་ཀྱིས་རོལ་བའི་ཟེགས་(༡༧༣བ)


GLG018_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིས། །ཡིད་སྲུབས་སྡེར་བཅས་མཐར་བྱེད་སྲིན་པོའི་གཟུགས། །རྡོ་རྗེ་གཞོན་ནུས་མཆོག་ཐུན་མཐའ་དག་སྩོལ། །ཕྱི་འགྱུར་གྱི་བླ་མ་ཡི་དམ་ལ་ཤློ་ཀ་གསུམ། མཚམས་སྤྲིན་བླ་གོས་དཀར། ཀྱིས་ཀླུབས་བཙོང་ཁ་པ། །ངེས་དོན་འཇམ་དབྱངས་གཞོན་ནུ་མ་ཧེའི་ཞལ། །ལེགས་བསྟན་འཇིགས་མཛད་རྡོ་རྗེ་ལ་སོགས་པའི། །རྒྱུད་སྡེ་རྣམ་བཞིའི་ལྷ་ཡིས་ཤིས་པ་སྩོལ། །ཏིང་འཛིན་གཟུངས་སྔགས་བཟླས་ན་སྨོས་ཅི་དགོས། །མཚན་ཙམ་ཐོས་དང་དྲན་པས་འཆི་བདག་མུན། །འཇོམས་མཛད་རྣམ་པར་རྒྱལ་མ་ཟླ་བའི་བཞིན། །རབ་དཀར་སྣང་བས་དུས་ཀུན་ཁྱབ་པར་མཛོད། །དཀར། མི་འཛད་ཚེ་ཡི་མཆོག་སྦྱིན་ཕྱག་མཐིལ་ནས། །ཆད་མེད་ཟིལ་དངར་བབས་པ་སྙིང་དབུས་སུ། །རབ་བསྐྱིལ་བསྐལ་པར་འཚོ་བའི་ཡིད་བཞིན་མཛོད། །སྒོ་འབྱེད་འཁོར་ལོ་རྟག་ཏུ་བསྐོར་གསོལ་འདེབས། །ཟངས་ཁ། རྡོ་རྗེ་སྔ་འགྱུར་གྱི་ཆོས་སྐྱོང་ལ་ཤློ་ཀ་བཞི། དབྱིངས་ཕྱུག་ཐུན་མོང་གདུལ་བྱའི་ངོར། །དབྱངས་ཅན་ལྷ་མོར་བསྟན་ཀྱང་བདུད་སྡེའི་གཤེད། །འདོད་ཁམས་དབང་ཕྱུག་དམག་དང་ཟོར་གྱི་ལྷས། །ཉིན་མཚན་དུས་དྲུག་ཀུན་ཏུ་གཡེལ་མེད་སྲུངས། །སྔོན་པོ། ཁྲོ་ཆགས་ཞི་དང་རྒྱས་པའི་རོལ་གར་གྱིས། །འཕྲིན་ལས་རྣམ་བཞི་སྒྲུབ་མཛད་དུང་སྐྱོང་མས། །སྲིད་ཞིའི་ཕུན་ཚོགས་ཡིད་བཞིན་དབང་གི་རྒྱལ། །འདོད་པའི་རྒྱལ་མཚན་རྩེ་མོར་འབར་བར་མཛོད། །མ་ནིང་ལི་བྱིན་ཧ་ར་མཆེད་ལྔ་དང་། །(༡༧༤ན)


GLG018_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དམར། བཙན་རྒོད་གནོད་སྦྱིན་བསྟན་མ་བཅུ་གཉིས་སོགས། །དྲེགས་པའི་སྡེ་དཔོན་སུམ་ཅུའི་ཚོགས་རྣམས་ཀྱིས། །ལོག་པར་འཁུ་བའི་དགྲ་བགེགས་མ་ལུས་སྒྲོལ། །བྱང་སེམས་ནམ་མཁའི་སྙིང་པོ་འགྲོ་བའི་དོན། །ཚངས་དབང་སྐུར་བསྟན་རྡོ་རྗེ་འབར་བ་རྩལ། །ཟུར་ཕུད་ལྔ་པ་གསང་ཡུམ་སྤྲུལ་འཁོར་གྱིས། །ནམ་ཡང་མི་འབྲལ་བསྲུང་བསྐྱོབ་འཕྲིན་ལས་མཛོད། །མཐིང་ཁྲ། ཕྱག་ན་ཕྱི་འགྱུར་གྱི་ཆོས་སྐྱོང་ལ་ཤློ་ཀ་བཞི། པདྨ་མྱུར་མཛད་མགོན་པོའི་གཟུགས། །རྣམ་སྣང་རྡོ་རྗེ་སྲིན་པོ་གུར་གྱི་མགོན། །སྟོབས་འཕྲོག་དབང་པོ་ལས་ཀྱི་གཤིན་རྗེ་སོགས། །ཆོས་སྲུང་རྒྱ་མཚོས་མཆོག་ཐུན་དངོས་གྲུབ་སྩོལ། །སེར་ཉི་མ་འབུམ་གྱི་གཟི་ལྡན་ངལ་བསོས་པོ། །རེས་འགའ་གཏུམ་དྲག་དབང་གི་མདངས་འཛིན་པ། །རྣམ་མང་ཐོས་པའི་སྲས་ཀྱིས་སྲིད་དང་ཞིའི། །ཕུན་ཚོགས་འདོད་དགུའི་རེ་བ་མ་ལུས་སྐོངས། །བྱུ་རུའི་ལྷུན་པོ་ཉི་མ་འབུམ་གྱི་གོས། །ཉེར་ཀླུབས་ཟངས་ཀྱི་བེག་ཙེ་གནོད་སྦྱིན་གཙོ། །སྲིང་མོ་རིག་པའི་ལྷ་མོ་གར་དབང་མས། །ལོག་པར་འཁུ་བའི་དགྲ་བགེགས་ཚར་གཅོད་མཛོད། །རྒྱལ་བས་ཚོགས་ཆེན་བསགས་པའི་གཏན་ཚིགས་སུ། །མི་བསླུའི་བདེན་གཏམ་བརྗོད་པ་སའི་ལྷ་མོ། །གཙོར་གྱུར་གངས་ལྗོངས་ཡུལ་ལྷ་གཞི་བདག་གིས། །བཀྲ་ཤིས་དགའ་སྟོན་དཔལ་གྱིས་དེང་ཁྱབ་མཛོད། །དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོའི་རྟ་ཆེན་ཟླ་བའི་དགའ་བ་དང་པོར་འདོད་ཁམས་(༡༧༤བ)


GLG018_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་དུས་གསོལ་གྱི་ཐུགས་དམ་རྒྱས་པར་བཀང་བའི་ཚེ་སྙན་ཤལ་ཁ་བྱང་དཔག་བསམ་ལྗོན་པ། དཀར་མཛེས་སྐུ་རབ་དཀར་ཙནྡན་འཁྲི་ཤིང་ལས། །མཐའ་ཀླས་ཟུག་རྔུའི་གདུང་སེལ་ག་བུར་ངད། །ཐུགས་རྗེའི་རླུང་གིས་དྲངས་ནས་བདེ་སྐྱིད་ལ། །སྦྱོར་ཞིག་གངས་རིའི་མདངས་ལྡན་དུང་སྐྱོང་མ། །རྣམ་ཐོས་བུ་ཡི་ལེགས་བྱས་གཅིག་བསྡུས་གཟི། །བརྒྱ་ཕྲག་ཉི་དངོས་ལེགས་འཛིན་ཚེ་དཔལ་གྱིས། །སུམ་རྩེན་བདག་པོར་བསྙེམས་ནུས་དབང་ཐང་འབྲས། །སྩོལ་ཞིག་ཚངས་པའི་སྲས་མོ་ངག་གི་ལྷ། །དམར། དྲེགས་ལྡན་ཡོངས་ཀྱི་རལ་རྩེར་རྐང་རྡུལ་དམར། །ལྷུངས་བའི་མོད་ལ་ཡིད་འཕྲོག་ཨུ་ཏྤལའི། །ཞགས་པས་འཆིང་བའི་སྒྱུ་ཐབས་འབད་མེད་དུ། །སྩོལ་ཞིག་སྲིད་གསུམ་གསུམ་དབང་བསྒྱུར་ལུས་ཕྲ་མ། །མཐོང་བའི་དགྲ་བགེགས་སྙིང་རྩ་འདར་བ་དང་། །ལྷན་ཅིག་ལྐོག་མར་ཐོན་བྱེད་རེ་མ་ཏཱིས། །ཡིད་སྲུབས་སྡེར་བཅས་རྡུལ་ཕྲན་ལྟར་བཅོམས་ཏེ། །རྣམ་པར་རྒྱལ་བའི་རུ་མཚོན་སྲིད་རྩེར་ཕྱོར། །གདོད་ནས་འགྱུར་མེད་ཀུན་ཏུ་བཟང་མོའི་ཀློང་། །ཞི་ཁྲོའི་རྣམ་འགྱུར་འཕྲུལ་པོ་ཆེ་ཡི་གར། །ཚོན་བརྒྱར་ཉེ་བའི་ཤེལ་ལྟར་མཐའ་ཀླས་ཀྱང་། །རིག་རྩལ་གཅིག་ལས་ཆུ་ནང་ཟླ་གཟུགས་བཞིན། །ལྗང་། ཀུན་རྫོབ་སྣང་ངོར་སྲིད་རྒྱལ་འདོད་ཁམས་ཀྱི། །དབང་ཕྱུག་མ་མོ་དམག་དང་ཟོར་གྱི་ལྷར། །ཡོངས་ཤར་འཁོར་ཚོགས་རྒྱ་མཚོར་བཅས་པ་ལ། །ཕྱི་ནང་གསང་མཆོད་ནམ་མཁའི་མཛོད་སྒོ་ཕྱེ། །ཞི་རྒྱས་དབང་དགུག་མངོན་(༡༧༥ན)


GLG018_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་འཕྲིན་ལས་ཀུན། །ཐོགས་མེད་ཡིད་བཞིན་སྩོལ་བར་གསོལ་བཏབ་འབྲས། །བརྒྱ་ཕྲག་རོ་བདའ་དངོས་སུ་སྨིན་པ་ཡི། །ཡོངས་འདུ་གཉིས་པས་འདོད་པའི་རེ་བ་སྐོངས། །མ་སྐྱིད་སྐྱིད་ཀྱིས་གཙོས་པས་ཁེ་གསུམ་འཚོ་བྱེད་ནང་ཚང་དང་བཅས་པས་ལྷ་ལྡན་དུ་སྙན་ཤལ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་དོན་གཉིས་ལྷུན་གྲུབ། མཐོང་ཐོས་དྲན་རེག་འབྲེལ་ཐོགས་ཙམ་གྱིས་ཀྱང་། །འཁོར་འདས་གདུང་སེལ་འཁྲུལ་སྣང་རྟེན་གྱི་གཙོ། །ཐུབ་དབང་བྱམས་ཆེན་རང་བྱོན་ལྔན་སོགས། །སྲས་དང་སློབ་མར་བཅས་པའི་བྱིན་རླབས་མཐུས། །སྐྱིད་སྐྱིད་ལ་སོགས་ཁེ་གསུམ་འཚོ་བྱེད་ཀྱི། །རིགས་བརྒྱུད་ཚོགས་རྣམས་སྐྱེ་བར་ལྷ་མིའི་ལུས། །ཉེར་ཐོབ་འདི་དང་ཕྱི་མའི་ཡང་སྲིད་ཀུན། །རྫོགས་ལྡན་དུས་བཞིན་བདེ་སྐྱིད་ཉམས་མྱོང་ཤོག །མགོན་ཁྱོད་ཐུགས་རྗེའི་རྫིངས་ཀྱི་འཁོར་མཚོ་ལས། །རབ་བསྒྲལ་རྣམ་མཁྱེན་ཡེ་ཤེས་རིན་ཆེན་གླིང་། །ལེགས་བགྲོད་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །འདྲེན་པའི་དེད་དཔོན་མཆོག་ཏུ་འགྱུར་བར་ཤོག །ས་ལུག་ནག་པ་ཟླ་བའི་ཚེས་བཅོ་ལྔའི་དུས་ཆེན་ལ་ཉང་བྲན་གྲོང་སྨད་པས་ཟན་གཡང་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་གསེར་ཆབ་སྙན་ཤལ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་ཀུན་ཁྱབ་ཕན་བདེའི་ཉི་མ། བྱང་ཆེན་འོག་ཁང་བྱང་ཆུབ་ཆེན་པོ། ཐུགས་རྗེའི་གཟི་ཡིས་འཁོར་བ་ལ། །སྟུག་མུན་མཐར་བྱས་བསྟན་འགྲོའི་ཕན་དང་བདེ། །ཀུན་ཁྱབ་སྣང་བའི་(༡༧༥བ)


GLG018_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དཀར་གྲིབ་བསིལ་དུ། །བརྒྱད་ཁྲིའི་ཚེར་སྤྱོད་ལུས་ཅན་རྗེས་འགྲོར་ཤོག །ངག་དབང་བློ་བཟང་གྲགས་པའི་རིང་ལུགས་སྲོག །རྒྱ་མཚོའི་ཕ་མཐར་མི་འགྱུར་ཆོས་སྲིད་ཀྱི། །ལེགས་བྲིས་ཕོ་བྲང་རིན་ཆེན་བརྩེགས་པའི་ཁྲིར། །འཆི་མེད་བདག་པོར་གཡུང་དྲུང་ལྟར་བརྟན་ཤོག །ཡོན་སྦྱོར་རིགས་བརྒྱུད་རྣམས་ཀྱི་རིང་པོའི་ཚེ། །དབང་ཐང་རྣམ་ཐོས་བུ་ཡི་རྗེས་འགྲོ་བའི། །ཡང་སྲིད་ཐེམ་སྐས་བླ་ནས་བླར་འཛེགས་མཐར། །སྐུ་བཞི་ཡེ་ཤེས་ལྔ་ལྡན་མངོན་འགྱུར་ཤོག །བར་ཁང་། འདས་དང་མ་འོངས་ད་ལྟའི་སྐྱེ་རྒུ་རྣམས། །འདྲེན་ལ་ཐུགས་བསྐྱེད་ས་བོན་དར་དྲག་པ། །བྱང་ཆུབ་མཆོག་གི་ཡོངས་འདུའི་འཁྲི་ཤིང་རྩེར། །ཕན་བདེའི་འབྲས་སྨིན་དུས་གསུམ་སངས་རྒྱས་ཀྱེ། །རྒྱུད་ལྔའི་ལམ་འཁྱམས་སྤྱི་དང་ཁྱད་པར་དུ། །ཁ་བའི་སྨན་ལྗོངས་སེམས་ཅན་ཆེར་སྙིགས་ཀྱི། །དུཿཁར་སྤྱོད་ལས་དབུགས་དབྱུང་སུམ་རྩེན་ལྷའི། །དགའ་སྟོན་མཆོག་ལ་སྦྱོར་བར་བདག་བྱིན་རློབས། །འཇམ་དཔལ་སྙིང་པོའི་བསྟན་དང་བསྟན་འཛིན་སྡེའི། །ཆོས་སྲིད་དཀར་ཆའི་ཟླ་བ་ལྟར་འཕེལ་ཞིང་། །བདག་སོགས་འདི་ཕྱིའི་མདུན་མ་མ་ལུས་པ། །འགྲུབ་པའི་ཡིད་བཞིན་དབང་གི་རྒྱལ་པོར་ཤོག །འོག་མིན་ཞིང་ཁམས་བྱེ་བའི་དབང་ཕྱུག་ཏུ། །རྒྱལ་བ་རྣམ་པར་སྣང་མཛད་གངས་ཅན་མཚོ། །འཁོར་བའི་ཕ་མཐའ་རྫོགས་མིན་ཡེ་ཤེས་སྤྱན། །སེམས་ཅན་ཀུན་ལ་གཟིགས་པའི་མགོན་པོ་མཆོག །ཕྱོགས་སྟེང་ཁང་། (༡༧༦ན)


GLG018_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་གང་ནས་གསལ་བའི་ཞལ་གྱི་ཁྱིམ། །ཕྱི་ནང་རྒྱབ་མདུན་མེད་པར་ཟང་ཐལ་དུ། །མཚོན་ཕྱིར་མི་བཞི་རྒྱབ་སྤྲོད་ལྟ་བུའི་སྐུ། །མཁའ་ལ་འཇའ་ལྟར་དབྱིངས་སུ་ངོ་བོ་གཅིག །བོད་ཁམས་བསྟན་འགྲོའི་ལེགས་བྱས་ཉ་ཕྱིས་ཁོག །བདག་སོགས་བདེ་སྐྱིད་མུ་ཐི་ལའི་ཕུང་པོ། །བྱང་ཆེན་བར་དུ་སྦྲེལ་བའི་སྲད་བུ་ལ། །ཆད་པ་མེད་བརྒྱུའི་སྐལ་བཟང་ཐོབ་པར་ཤོག །བྱང་སེམས་མཛད་པ་ཉི་མ་གླིང་། ཉི་མའི་འོད་ཇི་བཞིན། །གླིང་དགུའི་རྒྱལ་ཁམས་ཡོངས་ཁྱབ་མ་རྒན་རྣམས། །བདེ་བའི་དྲོད་ཀྱིས་རབ་སྨིན་སྙེ་མ་ཡིས། །རོ་བདའི་ཟས་ལ་རྟག་ཏུ་སྤྱོད་པར་ཤོག ཟླ་བ་གླིང་། །སེམས་བསྐྱེད་ཟླ་བའི་དཀྱིལ་འཁོར་ཉ་གང་ལས། །སྨོན་ལམ་ཀཏྤུ་ར་ཡི་ཟེགས་མའི་རྡུལ། །འཛམ་གླིང་ཡིད་ཅན་སྡུག་བསྔལ་ཚ་གདུང་རྣམས། །མིང་གི་ལྷག་མར་རྗེས་སུ་འཛིན་པར་ཤོག །ལུས་ཅན་རྣམས་ཀྱི་རྒྱུད་ལ་མ་ཤར་སྒོ་འཇམ་དཔལ་གླིང་། རིག་པའི། །དྲ་བ་མཁྱེན་པའི་རལ་གྲིས་ཡོངས་བཅད་དེ། །ཤེས་བྱའི་གནས་ལུགས་ཚོགས་ལ་ལྟ་བའི་མིག །སྩོལ་ཞིག་ཟུར་ཕུད་ལྔ་པ་རྒྱལ་ཀུན་ཡབ། །སེམས་ཅན་ཡོངས་ལ་རྩེ་ཡང་གངས་ཅན་འགྲོ །སྣ་ཚོགས་སྤྲུལ་པས་འདུལ་མཛད་འཇིག་རྟེན་དབང་། །ཆེར་སྙིགས་དུས་འདིར་ལྷག་པར་ཐུགས་རྗེའི་མ། །བསྐྱེད་ནས་རྫོགས་ལྡན་གསར་པའི་མགྲོན་དེ་ཁུག །ལྷོ་སྒོ་ཨཱ་རྱ་པ་གླིང་། ༈ ནུབ་སྒོ་དགའ་ལྡན་བྱམས་པ་གླིང་། རླང་སྤྱོད་བདུད་བཞིའི་མེ་དཔུང་ཚ་བའི་དབལ། །(༡༧༦བ)


GLG018_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་བརྩེ་ཉལ་འགྲོའི་རྒྱུན་གྱིས་རབ་བཅིལ་ནས། །མགོན་ཁྱོད་མ་ག་དྷ་རུ་མཆོག་སྤྲུལ་གར། །བསྒྱུར་མིན་འཛམ་གླིང་མི་རྣམས་བདེ་ལ་སྦྱོར། །བྱང་སྒོ་སེམས་བསྐྱེད་གླིང་། འཁོར་བའི་བདེ་ལ་མ་ཆགས་པདྨའི་སྟེང་། །མཚན་དཔེའི་གཟི་བྱིན་རྣམ་བཀྲ་ཐུབ་པ་ཆེ། །སེམས་ཅན་མཐའ་དག་འཁོར་བ་ཆུ་སྲིན་གྱི། །འབྱུང་གནས་ཆེ་ལས་སྒྲོལ་བའི་གྲུ་རྫིངས་མཛོད། །རྣམ་དག་ཁྲིམས་ཀྱིས་རང་རྒྱུད་རྣམ་དག་ཁྲིམས་ཁང་གླིང་། འདུལ་ཁང་ན། །ཏིང་འཛིན་ཤེས་རབ་བསླབ་པས་ཡིན་ཅན་རྣམས། །བྱང་ཆུབ་ཆེན་པོའི་གླིང་དུ་ཉེར་འཁྲིད་པར། །མཁྱེན་དང་བརྩེ་བའི་ཤིང་རྟའི་ཁ་ལོ་སྒྱུར། །བརྡ་སྦྱོར་ཚང་མང་གླིང་། སྣ་ཚོགས་སྐད་ཀྱི་དབྱེ་བ་ལ་སོགས་པ། །བརྡ་དོན་སྦྱང་ནས་དམ་ཆོས་འཁོར་ལོ་གསུམ། །ཐུབ་དབང་དཔལ་གྱི་མགྲིན་པས་ལེགས་བསྐོར་བས། །ངེས་པའི་དོན་ལ་རབ་ཏུ་སྦྱོར་ནུས་ཤོག །ནག་པོ་བདུད་ཀྱི་དཔུང་རྣམས་འདུལ་བའི་ཆེད། །རྡོ་རྗེའི་སློབ་དཔོན་ཁྲོ་བོའི་གར་འཆམས་ལ། །རབ་བཞེངས་སྔགས་བདུད་འདུལ་སྔགས་པ་གླིང་། སྡེ་ཚོགས་པའི་གླིང་ཆེན་པོ། །སྨིན་གྲོལ་ལམ་གྱི་དགའ་སྟོན་མྱོང་བར་ཤོག །ཉི་མའི་གཉེན་གྱི་ཆོས་རྣམས་སཾ་སྐྲྀ་ཏའི། །སྒྲ་བསྒྱུར་རྒྱ་གར་གླིང་། སྐད་ལས་གསུངས་ལྟར་ལོ་པཎ་མཁས་རྣམས་ཀྱིས། །སྒྲ་བསྒྱུར་སྡེ་སྣོད་རྒྱུད་སྡེའི་བཤད་ཉན་རྒྱུན། །ལྔ་བརྒྱ་ཕྲག་བཅུའི་ཕ་མཐར་འཕེལ་བར་ཤོག །ལུང་བསྟན་པེ་ཛ་གླིང་། གཏི་མུག་ལྕགས་ཁམས་དག་(༡༧༧ན)


GLG018_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་ཀྱི་དབྱིངས། །ཡེ་ཤེས་དངས་མཚོར་སྲིད་ཞིའི་ཟློས་གར་རྣམས། །འཆར་བའི་ལུང་བསྟན་ཇི་བཞིན་རྒྱལ་བ་ཡི། །ཚེ་རབས་ཀུན་ཏུ་སྟོན་པར་བྱིན་གྱིས་རློབས། །མི་གཡོ་བསམ་གཏན་གླིང་། མི་གཡོ་བསམ་གཏན་གཅིག་གི་ཤེལ་དཀར་ངོས། །ཉོན་མོངས་ལྔ་དག་ཕུང་ལྔ་གནས་གྱུར་པ། །ཡེ་ཤེས་འཇའ་རིས་གླིང་གི་གུར་ཕུབ་པ། །གཟིགས་མོར་སྐྱེ་བ་ཀུན་ཏུ་ཚར་དངར་ཤོག །མཐའ་མེད་རིན་ཆེན་སྣ་ཚོགས་གླིང་། འཁོར་མཚོ་ཐུགས་རྗེའི་གྲུ་རྫིངས་ཀྱིས། །ཉེར་བརྒལ་གཏན་བདེའི་རིན་ཆེན་སྣ་ཚོགས་གླིང་། །རིས་མེད་ལུས་ཅན་འཁྲིད་པའི་སྡེ་དཔོན་ཆེ། །ཟས་གཙང་སྲས་པོས་བྱང་ཆུབ་བར་དུ་སྐྱོངས། །མ་རིག་གཉིད་ལས་ཉེར་སངས་ཤེས་བྱ་ཡི། །བློ་གྲོས་རབ་རྒྱས་དགའ་བའི་དཔལ་ཡོན་ལ། །ངེས་པར་སྦྱོར་མཛད་རྣམ་པར་འདྲེན་པ་ཡིས། །འཇིགས་རྟེན་མཐའ་དག་བདེ་ལེགས་ཆེན་པོར་འཁོད། །ཁྲུས་ཁང་གླིང་། ནང་གི་དུག་གསུམ་སྦྱོར་བའི་རྟེན་འབྲེལ་དུ། །ལུས་ཀྱི་དྲི་མ་འཁྲུད་པའི་ཁྲུས་ཀྱི་ཁང་། །དག་བྱེད་གཙང་མའི་གླིང་བཞིན་འགྲོ་རྒྱུད་ལ། །གོས་པའི་སྒྲིབ་གཉིས་བག་ཆགས་དག་པར་ཤོག །ཚང་མང་ཀེ་རུ་གླིང་། ལོ་པཎ་མཆོད་རྫས་གཡོས་སོགས་རབ་སྦྱར་ནས། །རྒྱལ་བློན་བསོད་ནམས་ཞིང་ས་བསྐྲུན་པ་ལྟར། །སྐྱེ་བར་སྲས་བཅས་སངས་རྒྱས་ཐམས་ཅད་ལ། །བཀུར་སྟི་རི་མོར་བགྱིད་པའི་སྐལ་ཐོབ་ཤོག །མཐུ་རྩལ་ཀླུ་གླིང་། ཀླུ་གཉན་(༡༧༧བ)


GLG018_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་ཁ་རླངས་ཚ་གདུང་ཀུན། །མཐུ་རྩལ་ཙནྡན་དྲི་ཡིས་མཐར་བྱེད་གླིང་། །ལག་ན་རྡོ་རྗེ་འབར་བའི་གཟི་བྱིན་གྱིས། །གངས་ལྗོངས་དུཿཁ་མིང་གི་ལྷག་མར་ཤིག །ཁམས་གསུམ་ཟངས་གླིང་། ཚོགས་གཉིས་ཚོགས་ཀྱིས་བསྒྲུབས་པ་རྫོགས་སངས་རྒྱས། །གོ་འཕང་དོན་གཙོ་གཞན་ཕན་ཆེད་ཡིན་ཕྱིར། །ཡལ་ཡོལ་བཏང་སྙོམས་བོར་ནས་རྒྱུ་བ་དང་། །མི་རྒྱུའི་ཡིད་ཅན་མཐའ་དག་རྗེས་སུ་བཟུང་། །བུ་ཚལ་གསེར་ཁང་གླིང་། ཀུན་ལ་བྱམས་བརྩེ་མ་དྲོས་མཚོ་ཆེན་ལས། །ཡེ་ཤེས་སྣ་ལྔའི་འཕྲིན་ལས་ཆུ་བོ་བཞི། །འཁོར་བ་ཇི་སྲིད་སྐྱེ་རྒུའི་དབང་པོ་དང་། །འཚམ་པའི་ཟླ་བའི་མ་མར་འབབ་བྱིན་རློབས། །དགེ་རྒྱས་ལི་མ་གླིང་། བདེ་ལྡན་མགོན་པོ་གར་དབང་འོད་མཐའ་ཡས། །བོད་འབངས་བསོད་ནམས་མགྲོན་དུ་མངོན་སུམ་པ། །ལེགས་བྱོན་བྱིན་རླབས་ཟིལ་དངར་བདག་སྙིང་གི །དཔལ་གྱི་བེའུའི་ནང་དུ་འཁྱིལ་བར་ཤོག །བདུད་རྩི་རབ་འཁྱིལ་དཀར་མེ་ཁང་འཁོར་འདས་དབྱིངས་སུ་སྒྲོལ། །གནོད་སྦྱིན་དབང་པོ་དཔལ་ལྡན་ངལ་བསོས་བུས། །གསལ་བྱེད་དཀར་མེ་ཕྲེང་བ་རྒྱུ་སྐར་ལྟར། །ཚར་དངར་ཟུག་རྔུའི་སྨག་རུམ་ཞི་བར་ཤོག །མཆོད་རྟེན་དཀར་པོ། འགྱུར་མེད་ཐུགས་མཆོག་ཆོས་ཀྱི་སྐུ་ཡི་རྟེན། །མན་ཤེལ་རི་བོ་སྟོན་མཚན་ཟླ་བ་ཡིས། །བྱུགས་འདྲར་རྗེས་སུ་ཡི་རངས་ལེགས་བྱས་འབྲས། །མྱ་ངན་མེད་ཀྱི་མཆེད་པོ་ཐོབ་པར་ཤོག །མཆོད་རྟེན་དམར་པོ། རྒོད་མ་ཁ་ཡི་མེ་དཔུང་ས་འཛིན་འདིར། །མངོན་སུམ་འབར་འདྲའི་ཐུགས་ཀྱི་རྟེན་བཟང་པོར། །(༡༧༨ན)


GLG018_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་གསུམ་དང་བས་འདུད་པའི་འབྲས་བུ་ཡིས། །སྒྲིབ་གཉིས་དེས་བསྐྱེད་སྡུག་བསྔལ་ཀུན་བསྲེག་ཤོག །མཆོད་རྟེན་ནག་པོ། བསྟན་འགྲོའི་བདེ་སྐྱིད་འཇོམས་པའི་དགྲ་བགེགས་རྣམས། །བསྐལ་བར་ལྡང་མི་ནུས་པར་གནོན་བྱེད་པ། །སྐུ་གདུང་ནག་པོའི་མཐུ་རྩལ་གནམ་ལྕགས་ཐོག །ལོག་འདྲེན་གཉེན་པོར་རྟག་ཏུ་འབབ་ནུས་ཤོག །མཆོད་རྟེན་སྔོན་པོ། བཻཌཱུར་ཞུན་མའི་མདངས་འཛིན་མཐོང་ཐོས་དང་། །དྲན་རེག་རྣམ་པར་གྲོལ་ནུས་ཆོས་ཀྱི་སྐུ། །རི་མོར་བྱས་འདྲའི་ཞིང་ཁམས་རྒྱ་མཚོའི་རྡུལ། །ཁྱབ་པའི་རྟེན་ལ་བྱ་བ་བྱེད་ནུས་ཤོག །པེ་ཧར་ལྕོག་གི་ཆོས་རྒྱལ་ཆེན་པོ། དྲེགས་པའི་སྡེ་དཔོན་གཙུག་ལག་སྲུང་མ་ཆེ། །རྒྱལ་པོ་ལི་བྱིན་ཧ་ར་མཆེད་ལྔ་དང་། །གསང་ཡུམ་བློན་པོ་འཁོར་ཚོགས་རྒྱ་མཚོ་ལ། །དངོས་བཤམས་ཡིད་སྤྲུལ་ཐུགས་དམ་བཀང་བའི་མཐུས། །གངས་ཅན་བསྟན་དང་དེ་འཛིན་སྐྱེས་བུའི་ཚོགས། །སྐྱེ་རྒུའི་བདེ་སྐྱིད་བླ་ནས་བླར་འཕེལ་ཞིང་། །ནད་ཡམས་འཐབ་རྩོད་མུ་གེ་གཡུལ་འཁྲུག་སོགས། །དུས་ཀྱི་ཆད་པ་ཞི་བའི་འཕྲིན་ལས་མཛོད། །བདག་སོགས་མི་ནོར་རིགས་བརྒྱུད་བཅས་པ་ཡི། །བར་ཆད་ཉེར་འཚེའི་དངོས་པོ་བཟློག་པ་དང་། །ཚེ་དཔལ་བསོད་ནམས་སྟོབས་འབྱོར་ལེགས་ཚོགས་ཀུན། །དཀར་ཆའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། །ཙི་དམར་པ། གནོད་སྦྱིན་ཀུན་ཁྱབ་རྡོ་རྗེ་དྲག་པོ་རྩལ། །གསང་བདག་རྟ་མགྲིན་པདྨ་ཐོད་འཕྲེང་གི །སྤྱན་སྔར་(༡༧༨བ)


GLG018_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བཞེས་ཇི་བཞིན་བསྟན་པ་དང་། །དེ་འཛིན་སྡེ་བཅས་རུ་བཞིའི་རྒྱལ་ཁམས་སྐྱོངས། །བདག་སོགས་རིགས་དང་མི་ནོར་བཅས་པ་ལ། །འཚེ་བའི་གཟུགས་ཅན་གཟུགས་མེད་མ་ལུས་ཆོམས། །ཚེ་དཔལ་ལེགས་བྱས་དབང་ཐང་སྙན་གྲགས་སོགས། །སྲིད་ཞིའི་ཡོན་ཏན་ཐམས་ཅད་རྒྱས་པར་མཛོད། །ཡིད་བཞིན་ནོར་དང་ཡོངས་འདུ་ས་བརྟོལ་དབང་། །བུམ་པ་བཟང་པོ་འདོད་འཇོའི་བ་ལྟ་བུར། །ཇི་བཞིན་སྨོན་ལམ་རེ་བ་མ་ལུས་ཀུན། །ཐོགས་པ་མེད་པར་ལྷུན་གྲུབ་སྟོང་གྲོགས་མཛོད། །ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས། འཁོར་ལོའི་རི་མོ་རྣམ་བཀྲ་བ། །པདྨ་ཀ་རའི་ཞབས་ཀྱི་མཐིལ། །བདག་སོགས་གཙུག་ཏོར་རྩེར་བཀོད་ནས། །མཆོག་མཐུན་དངོས་གྲུབ་སྩལ་དུ་གསོལ། །བཻ་རོའི་ཕྱག་བཟོའི་རྟ་མགྲིན། དྲན་པས་བར་ཆོད་གཡུལ་ལས་རྒྱལ། །བསམས་པས་བྱིན་རླབས་ཆར་བཞིན་འབེབས། །དཔལ་ཆེན་རྟ་མཆོག་ཡི་དམ་ལྷས། །ཚེ་རབས་ཀུན་ཏུ་རྗེས་བཟུང་ཞིག །མཁན་པོའི་དབུ་ཐོད། བསྟན་རྩ་དགེ་འདུན་འདུས་པའི་སྡེ། །བོད་ཡུལ་ཁྱབ་མཛད་ཞི་བ་འཚོ། །བྱང་ཆུབ་སེམས་ཀྱིས་ལུས་ཅན་རྣམས། །འདུལ་བར་མཛད་དེས་བདག་བྱིན་རློབས། །གཡུའི་སྒྲོལ་མ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡུམ་མཆོག་འཕགས་མ་སྒྲོལ་མ་ཡིས། །འཇིགས་ཆེན་བརྒྱད་སོགས་ཉེས་ཀུན་ལས། །བདག་སོགས་འགྲོ་རྣམ་སྐྱོབ་ཏུ་གསོལ། །དོན་གྲུབ་ཅེས་(༡༧༩ན)


GLG018_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པ་ས་ལུག་ནག་པ་ཟླ་བའི་བརྒྱད་གཏོར་དུས་མགོན་པོ་ཆེ་ཆུང་ལས་མཁན་རྣམས་ལ་སྙན་ཤལ་ཕུལ་བའི་ཁ་བྱང་རྩིབས་སྟོང་གསེར་འཁོར། གུར་མགོན། རྡོ་རྗེ་བྲག་རི་པད་མ་བམ་རོའི་གདན། །མིག་སྨན་ལྷུན་པོ་གཏུམ་རྔམ་སྲིན་པོའི་གཟུགས། །གྲི་ཐོད་བསྣོལ་འཛིན་སྟེང་ན་གཎྜི་ལས། །ཉེར་སྤྲོས་སྤྲུལ་པས་ཡིད་སྲུབས་སྡེ་བཅས་ཆོམས། །རང་བྱུང་ལུས་ཀྱི་འཁོར་ལོ་ལྔ་ལྡན་དབུས། །རྒྱུད་གསུམ་དྲེགས་པའི་རྣམ་འཕྲུལ་འཕྲིན་ལས་བཞི། །ཡོངས་གྲུབ་དྷཱུ་ཏཱིའི་རྒྱ་བཀྲོལ་བདེ་བ་ཆེ། །དོན་གྱི་མགོན་པོ་ཚེ་འདིར་མཉེས་པར་ཤོག །ཕྱི་ནང་འཆར་སྒོའི་ཀུན་རྟོག་རོལ་རྩེད་རྣམས། །གསལ་སྟོང་ཟུང་འཇུག་སེམས་ཉིད་གཅིག་པུའི་གཤིས། །མངོན་སུམ་ངོ་འཕྲོད་བདུད་རྩིས་སྙིང་མྱོས་པར། །ཨ་ཧོ་དཔྱིད་ཀྱི་གླུ་དབྱངས་རྣར་སྙན་ཤོག །ལྷ་མོ། མཆོག་སྲེད་ས་རྔོག་བརྒྱུད་པའི་རྡོ་རྗེའི་བཀའ། །མི་འདའ་སྲིད་གསུམ་དབང་སྒྱུར་དུད་སོལ་མས། །ཞི་རྒྱས་དབང་གི་ལས་རྣམས་མ་ལུས་པ། །ཐོགས་མེད་བསྒྲུབ་པའི་མཐུ་དཔུང་བསྐྱེད་དུ་གསོལ། །ཞལ་གྱི་དར་ཚོན་སྣ་ལྔའི་དཀར་པོ། ཐུགས་རྗེའི་ཆ་གང་ཆུ་ཤེལ་དབང་པོའི་ལས། །བྱིན་རླབས་ཀཏྤུ་ར་ཡི་ཟེགས་མའི་རྡུལ། །འཛགས་པས་མི་མཐུན་ཉེས་བརྒྱའི་ཚ་གདུང་ཀུན། །རབ་བཅིལ་ཞི་བའི་འཕྲིན་ལས་སྒྲུབ་པར་མཛོད། །སེར་པོ། ལེགས་བྱས་རྒྱལ་མཚན་འོད་འབར་ཏོག་གི་རྩེར། །མཐུ་རྩལ་ཡིད་བཞིན་ནོར་ལས་འདོད་དགུའི་ཆར། །ཅི་བསམས་རེ་བ་སྐོང་བའི་ཡོངས་


GLG018_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

འདུའི་ལྗོན། །རྒྱས་པའི་འཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །དམར་པོ། བཏབ་པས་བརྟན་གཡོ་མཐའ་དག་རང་དབང་དང་། །བྲལ་ཏེ་ཅིག་ཅར་འགུགས་བྱེད་རྫུ་འཕྲུལ་ཞགས། །རབ་དམར་གློག་གི་འོད་ཟེར་འཁྱུག་འདྲ་ཡིས། །ཁམས་གསུམ་མ་ལུས་བསྡུ་པའི་ལས་མཛོད་ཅིག །ནག་པོ། རོ་སྲེག་ལང་ལོང་དུད་པས་སྣ་ཡི་དབང་། །མ་ཚིམ་ལྷུང་ལྷུང་འབབ་པ་སྙིང་ཁྲག་རྒྱུན། །ཉེར་བཏུངས་ལོག་འདྲེན་སྡེ་བཅས་མཐར་བྱས་ཏེ། །མངོན་སྤྱོད་དྲག་པོའི་འཕྲིན་ལས་མྱུར་དུ་སྒྲུབས། །ལྗང་། རྐང་གླིང་སྒྲ་ཡིས་གནས་གསུམ་མཁའ་འགྲོའི་ཚོགས། །འབོད་པའི་ཕོ་ཉ་སྔོ་བསང་བྲམ་ཟེའི་གཟུགས། །ནང་གི་རྩ་ཁམས་ཉེར་བརླབ་ཞིང་སྐྱོང་ཆེ། །འཕྲིན་ལས་བཞི་བསྒྲུབ་རྣམ་འགྱུར་ཅིར་ཡང་སྟོན། །གསང་བ་སྟོབས་འཕྲོག་ཞབས་སེན་ཀང་ཀེའི་མཆུ། །དགྲ་བགེགས་སྙིང་ལ་འདམ་ལྟར་བྲོ་བརྡུང་ཡང་། །རྩ་ཞལ་བམ་རོ་ཟ་བའི་ཁྲག་གི་རྒྱུན། །དམར་པོའི་ལྦུ་འཕྲེང་ཚེམས་དཀར་གསལ་བྱེད་བཞིན། །འཁོར་ལོའི་སྡོམ་པ་རྡོ་རྗེ་སྲིན་པོ་ཡི། །རོལ་གར་སྙིང་པོའི་རྣལ་འབྱོར་ཡུམ་བཞིའི་ཚུལ། །ནམ་མཁའི་མཐའ་ཁྱབ་བཀའ་ཉན་འཁོར་ཚོགས་ཀྱིས། །ཞི་རྒྱས་དབང་གི་ལས་རྣམས་སྒྲུབ་པར་མཛོད། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་རྣམས། །བྲམ་ཟེའི་དམོད་པ་འགྲུབ་འབྲས་དེང་གི་དུས། །བསྟན་འགྲོའི་བདེ་སྐྱིད་འཇོམས་པའི་དགྲ་བགེགས་ཀྱི། །འོག་ཆོད་པགས་ཤུས་དམར་པོ་(༡༨༠ན)


GLG018_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

གོས་སུ་གྱོན། །བྱུ་རུའི་མདངས་འཛིན་གནོད་སྦྱིན་ཟངས་ཁྲབ་ཅན། །རིག་པའི་ལྷ་མོ་བཀའ་སྡོད་སྲོག་གི་བདག །བཤན་དམར་བཙན་རྒོད་བགྲང་ཡས་འཁོར་ཚོགས་ཀྱིས། །དུས་ཀུན་མེལ་ཚེ་མཛོད་ལ་ལས་ཀུན་སྒྲུབས། །ས་ལུག་ནག་ཟླའི་ནང་དུ་དགེ་སློང་ཕུན་ཚོགས་རྒྱ་མཚོ་དང་བློ་གྲོས་རྒྱ་མཚོ་གཉིས་ཆོས་འཁོར་རྒྱལ་གྱི་མགོན་ཁང་གཡས་ཀྱི་གཏོར་གསོས་ལ་བཏང་སྐབས་སྙན་ཤལ་ཕུལ་བའི་ཁ་བྱང་བདུད་ལས་རྒྱལ་པའི་སྒྲ་དབྱངས། རྒྱལ་བྱམས་ཆེན་གྱི་སྙན་དར་ཞལ་ཡིག །གང་གི་བྱམས་པའི་ཏིང་འཛིན་ཉི་མ་ཡིས། །བདུད་རིགས་འབྱུང་པོའི་མུན་པ་མཐར་བྱས་ནས། །མཁའ་མཉམ་འགྲོ་བ་མཐའ་དག་བདེ་སྐྱིད་ཀྱི། །སྣང་བ་དམ་པའི་དཔལ་ལ་སྦྱོར་བར་ཤོག །དེ་ཝཱི་ཀོ་ཊིའི་དཔལ་ལྡན་ལྷ་མོའི་སྙན་དར་ཞལ་ཡིག རྒྱལ་བ་ཀུན་གྱི་ཡུམ་གཅིག་དབྱངས་ཅན་མ། །འདོད་ཁམས་དབང་ཕྱུག་དམག་དང་ཟོར་གྱི་ལྷས། །འགལ་རྐྱེན་བར་ཆད་ཐམས་ཅད་རབ་ཞི་ཞིང་། །བསམས་དོན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །མཐིལ་མགོན་ཁང་ཆེན་མོའི་ཆོས་སྐྱོང་སྤྱིའི་སྙན་དར་ཞལ་ཡིག །དཀར་མོ་ལྗོངས་ཞེས་ཆོས་འཁོར་རྒྱལ་གྱི་གནས། །བསྲུང་མཛད་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཞི་རྒྱས་དབང་དྲག་འཕྲིན་ལས་གང་བསམས་པ། །རེ་སྐོང་ཡིད་བཞིན་དབང་གི་རྒྱལ་པོར་མཛོད། །སྲིད་གསུམ་བདག་མོར་མདོས་བསྐང་འབུམ་ཐེར་གྱིས་ཐུགས་དམ་སྐང་བ་ས་ལུག་ཧོར་ཟླ་ལྔ་པའི་(༡༨༠བ)


GLG018_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་གཅིག་ནས་བཙུགས་པའི་ཚེ་སྙན་ཤལ་ཕུལ་བའི་ཁ་བྱང་ལས་ཀུན་བསྒྲུབ་པའི་ཕོ་ཉ། དཀར་གདུང་ཤུགས་ནོར་རྒྱས་ཀྱིས་བསྡམས་གསོལ་འདེབས་རི། །ཐུགས་རྗེའི་མཚོར་བསྒྲིལ་བྱིན་རླབས་བདུད་རྩི་ཡིས། །ཡིད་སྲུབས་འཁོར་ལོས་གཅོད་མིན་གཏན་བདེའི་སྲོག །དོན་ལྡན་འཚོ་བའི་མཆོག་སྦྱིན་དཀར་མཛེས་མ། །སེར། ལེགས་བྱས་ལྗོན་ཤིང་རྩེ་མོར་འདོད་འཇོའི་འབྲས། །ཡང་སྲིད་འབུམ་ཕྲག་ལྕེས་མྱང་ཟད་མིན་རོ། །དངར་པོར་སྤྱོད་ལ་བརྒྱ་བྱིན་སྐལ་མཉམ་པའི། །དབང་ཐང་ཉེར་སྩོལ་གསེར་ཞུན་མདངས་འཛིན་ཀྱེ། །དམར། ཚེར་རྩུབ་བ་སྤུ་གྱེན་ལྡོག་ཆགས་མྱོས་སེམས། །རྐང་སེན་འདེགས་ལ་མིད་པའི་གཙུག་གཏོར་རྩེ། །འགུགས་པར་ཡིད་ཅན་ལྟ་ཅི་ཆོས་ཀུན་བརྟན། །འཕྲོག་བྱེད་པད་རཱག་གིས་བྱུགས་ཆོམ་ཀུན་མ། སྔོ། ཕྲ་མོའི་ཤ་ཟ་དགྲ་དཔུང་མི་རྟག་ལམ། །བཀོད་ལ་མཚར་ཅི་དགའ་རབ་དབང་ཕྱུག་སྙིང་། །ལྐོག་མར་ཐོན་པའི་རྩལ་རྗེས་མིག་གསུམ་པས། །དབྱེ་བའི་ནུས་བྲལ་སྐབས་ཕྱེ་སྲིན་མོའི་གཟུགས། །ལྗང་། བསྟན་འགྲོའི་མཁའ་ལ་བདེ་སྐྱིད་ཉིན་མོར་བྱེད། །རྟག་ཏུ་ཤར་བ་ཀུན་དགའི་མཛའ་ན་མོ། །ཡིད་ཀྱི་གཞོན་ནུར་རོལ་རྩེད་སྣང་བའི་སྒོ། །འཛད་མེད་ཕྱེ་ཞིག་འདོད་ཁམས་དབང་ཕྱུག་མ། །ས་སྐྱོང་སངས་རྒྱས་རྒྱ་མཚོ་ཁྲི་འདོན་གྲུབ་པའི་ས་ལུག་ཟླ་བ་དྲུག་པའི་ཚེས་དགུ་ལ་ཆོས་འཁོར་རྒྱལ་དུ་སྲུང་མ་རང་བཞིན་གྱི་བཞུགས་གནས་མགོན་ཁང་ཡས་ཕྱིན་དུ་སྙན་ཤལ་ཕུལ་བའི་ཁ་བྱང་(༡༨༡ན)


GLG018_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་སྒྱུར་བའི་གཏམ་སྙན། རིས་མེད་སྐྱེ་རྒུར་རྟག་ཏུ་གཟིགས་པའི་སྤྱན། །ཟུར་མདས་ཡིད་སྲུབས་སྙིང་བསྣུན་བརྒྱལ་བ་དང་། །ཆབས་ཅིག་འཇིག་རྟེན་གསུམ་དུ་བདེ་སྐྱིད་ཀུན། །ཁྱབ་པར་མཛོད་ཅིག་བྱམས་མགོན་ཐུགས་རྗེའི་གཏེར། །བོད་ཡུལ་འཛིན་མའི་ལྟོ་བར་ཞྭ་སེར་བསྟན། །གསེར་ཞུན་ལྷུན་པོར་ལྗིད་ཀྱིས་ལེགས་བྱས་ཀླུང་། །སྲིད་མཐར་ཆད་མེད་འབབ་པའི་ཞབས་བསིལ་གྱིས། །ཉེས་བརྒྱའི་དྲི་མ་མཐའ་དག་འཁྲུད་པར་ཤོག །ལུགས་གཉིས་ཁྲིམས་ཀྱི་དོ་རར་མཆོག་དམན་གླང་། །བཅུག་ནས་བག་ཡོད་པད་ཚལ་མི་བརྫི་བར། །བདེ་སྐྱིད་རིན་ཆེན་རྒྱན་སྤྲས་ཡ་རབ་ཀྱི། །བཟང་སྤྱོད་གོམ་སྟབས་ལྷོད་པོར་བརྒྱུ་བར་ཤོག །དཀར། བརྒྱ་ཕྲག་ཟླ་ཞུན་བྱུགས་པའི་བཞིན་རས་ཅན། །རབ་གསལ་འཛུམ་གྱིས་རྫོགས་ལྡན་གསར་པའི་མགྲོན། །འབོད་མཛད་འདོད་ཁམས་དབང་མོས་ནད་གདོན་དགྲ །དབུལ་ཕོངས་ཉེར་འཚེའི་མུན་པ་ཕ་མཐར་མཛོད། །སེར། མཚམས་སྤྲིན་མདངས་ཀྱི་དཔལ་འཛིན་ལུས་ཕྲ་མའི། །གཟི་བྱིན་སྙིང་གི་ཟ་མ་ཏོག་འཁྱིལ་བས། །རྣམ་ཐོས་བུ་ཡི་བསོད་ནམས་ཕུང་པོ་དང་། །རབ་མཉམ་མི་འཛད་གཏེར་ལ་སྤྱོད་པར་མཛོད། །དམར། རྗེས་ཆགས་པད་རཱག་འོད་འབར་འདོད་ཁམས་མས། །རྒྱ་ཧོར་བོད་སོགས་ཛམ་བུ་ཏྲི་ཤ་ཡིས། །ཉེར་མཚན་གཞིར་འཁོད་ཡིད་ཅན་བདེ་འབྱུང་གི །རལ་པར་རྐང་སེན་ཟླ་བ་འཆར་(༡༨༡བ)


GLG018_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤོག །ནག །སྟང་ཟིལ་ཁ་དོག་གཏུམ་དྲག་སྲིན་མོའི་ཞལ། །གདངས་པའི་མཆེ་བ་རྣོན་པོས་དགྲ་བགེགས་ཀྱི། །ཤ་ཁྲག་ཆེམ་ཆེམ་གསོལ་ནས་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་བའི་བ་དན་སྲིད་རྩེར་སྒྲེངས། །ལྗང་། གཅིག་ལས་དུ་མར་བསྒྱུར་བ་འཕྲུལ་པོ་ཆེས། །འཇིག་རྟེན་གསུམ་དུ་ཁྱབ་ཀྱང་ངེས་པའི་དོན། །རྡོ་རྗེ་དབྱིངས་ཕྱུག་དམག་ཟོར་ལྷ་མོའི་སྐུར། །བསྟན་དེས་ཞི་རྒྱས་དབང་དྲག་ཐམས་ཅད་སྒྲུབས། །མགོན་ཁང་ཤོད། འཇིགས་བྱེད་མ་ཧེའི་ཞལ་ཅན་མྱུར་མཛད་མགོན། །ངལ་བསོས་པོ་དང་ལས་གཤིན་རེ་མ་ཏཱི། །ཙ་ཏུ་རྨུ་ཁ་བེག་ཙེ་གཡའ་མ་སྐྱོང་། །བསྟན་སྲུང་རྒྱ་མཚོས་བསམ་དོན་མཐའ་དག་སྒྲུབས། །གུར་ཞལ། མ་ཧཱ་ཀཱ་ལའི་འཁོར་སྒྱུར་རྡོ་རྗེ་གུར། །དྲག་རྩལ་མཐུ་སྟོབས་རྩལ་ལྡན་གདོང་བཞི་པ། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་ལྕམ་དྲལ་གྱིས། །མི་བསྲུན་ལོག་འདྲེན་སྡེར་བཅས་སྤ་བཀོང་མཛོད། །བེག་ཙེ། གནོད་སྦྱིན་བྱེ་བའི་དམག་དཔོན་ཟངས་ཁྲབ་ཅན། །གར་གྱི་དབང་ཕྱུག་མ་མོ་ཀུན་གྱི་གཙོ། །སྲོག་བདག་དམར་པོ་ལ་སོགས་བཀའ་ཉན་པའི། །བགྲང་ཡས་ཀིངྐ་ར་ཡིས་ལས་རྣམས་སྒྲུབས། །བསྟན་མ་བཅུ་གཉིས། གངས་ཅན་བསོད་ནམས་རྒྱལ་མཚན་ཏོག་གི་རྩེར། །བདེ་སྐྱིད་ཡིད་བཞིན་ནོར་ལས་འདོད་དགུའི་ཆར། །འབེབས་པར་པདྨཱ་ཀ་རས་གཉེར་གཏད་པ། །བསྟན་མ་བཅུ་གཉིས་གཡེལ་མེད་གཏོང་གྲོགས་མཛོད། །མངོན་དགའ་ལྕོག །བོད་ཡུལ་གནྡྷོ་ལ་(༡༨༢ན)


GLG018_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྲུང་མ་རུ། །མཚོ་སྐྱེས་རྡོ་རྗེས་དམ་སྒྲགས་བཀའ་ཉན་ཆེ། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་འཁོར་བཅས་ཀྱིས། །ཡོངས་འདུའི་ལྗོན་པ་ཇི་བཞིན་དོན་རྣམས་སྒྲུབས། །ས་སྐྱོང་སངས་རྒྱས་རྒྱ་མཚོ་ཁྲི་འཁོད་གྲུབ་པའི་ཟླ་བ་དྲུག་པའི་ཉེར་གཉིས་ལ་ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་ར་ས་ར་མོ་ཆེའི་མཆོད་ཁང་ཡོངས་སུ་རྫོགས་པར་སྙན་ཤལ་ཕུལ་བའི་ཁ་བྱང་དཔག་བསམ་ལྗོན་ཤིང་། ཇོ་བོ་རིན་པོ་ཆེར། མཚན་དཔེའི་མཛེས་སྐུ་མིག་གི་བདུད་རྩིའི་དཔྱིད། །ཚངས་གསུང་ཆོས་སྒྲ་རྣ་བ་རྒྱུད་མང་གླུ། །རྣམ་མཁྱེན་ཡེ་ཤེས་གཟིགས་པས་འགྲོ་བ་རྣམས། །ཕན་བདེ་ལ་སྦྱོར་དོན་ཀུན་གྲུབ་པའི་དཔལ། །མགོན་ཁྱོད་དངོས་ལས་གཞན་མིན་བཅུ་གཉིས་ལོའི། །སྐུ་ཚད་ལྷ་མིའི་རིན་ཆེན་བཞུ་བླུགས་པ། །མཐོང་ཐོས་དྲན་པས་རྣམ་གྲོལ་དབང་གི་རྒྱལ། །སྲིད་ཞིའི་འདོད་དགུ་བསྙིལ་ལ་གཅིག་ཏུ་དད། །དེ་ཕྱིར་འཁོར་ལོའི་རི་མོས་མཚན་པའི་ཕྱག །བདག་ཅག་ཡིད་ཅན་ཀུན་གྱི་སྤྱི་གཙུག་ཏུ། །བཀོད་དེ་འདི་དང་གཏན་གྱི་མདུན་མ་ཀུན། །སྨོན་པ་ཇི་བཞིན་གྲུབ་པར་དབུགས་དབྱུང་ཞིག །སྐོར་གསུམ་རུ་བཞི་སྒང་དྲུག་རྒྱ་ཧོར་སོགས། །གསེར་མདོག་ཅོད་པན་འཆང་བསྟན་གྱིས་ཁྱབ་པར། །བརྒྱད་ཁྲིའི་བགྲང་བྱར་སྤྱོད་པའི་བསོད་ནམས་ཚེ། །དབང་ཐང་མངོན་སུམ་མྱོང་བར་དེང་བྱིན་རློབས། །ཆོས་སྲིད་ཟུང་འབྲེལ་རིགས་ཀྱི་བདག་པོ་ཡི། །འཕྲིན་ལས་ཆད་མེད་འཇུག་པ་ལུགས་གཉིས་ཁྲིམས། །རྩིབས་(༡༨༢བ)


GLG018_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་འཁོར་ལོ་ཛམྦ྄ུས་ལེགས་མཚན་གཞིར། །མང་བཀུར་རྒྱལ་པོའི་ངང་ཚུལ་ལྟར་བསྒྱུར་ཤོག །བཅུ་གཉིས་ཞལ། ཞལ་ནས་སྦར་བའི་ཞུགས་ཀྱིས་འབྱུང་པོའི་སྡེ། །རབ་བསྲེག་སྲོང་བཙན་བཞེད་སྐོང་ཇི་བཞིན་དིང་། །ཐུགས་རྗེ་ཉིས་བསྐྱངས་བདེ་སྐྱིད་སྙེ་མའི་འབྲས། །སྨིན་པར་མཛོད་ཅིག་ཕྱག་ན་པད་དཀར་ཀྱེ། །གངས་ཅན་ལེགས་བྱས་སྲོག་འཚོའི་སྨན་པ་ཆེར། །རྩ་གསུམ་ཞལ་རླུང་དངར་པོས་ཉེར་འཐུལ་བ། །འཁོར་འདས་ཟིལ་གནོན་འཇམ་དབྱངས་དགའ་བའི་ཞལ། །བཞད་པའི་བཤེས་གཉེན་མི་གཡོ་རྩལ་ལྡན་ཤོག །སངས་རྒྱས་གཉིས་པ་བློ་བཟང་གྲགས་པའི་བསྟན། །ཆོས་སྲིད་རྒྱ་མཚོའི་མཐའ་ཀླས་རབ་སྤེལ་བ། །གནམ་ས་བར་མེད་དབང་ཕྱུག་ལྷུན་གྲུབ་ཚེ། །མངའ་ཐང་མཆོད་སྦྱིན་བརྒྱ་པའི་མཆེད་པོར་ཤོག །བྱམས་པ། གཏུམ་དྲག་གཟུགས་དང་རྣོ་མཚོན་གཟས་མིན་པར། །རིས་བྲལ་ཀུན་ལ་ལེགས་འཛུམ་འཇམ་མཉེན་མདས། །ཡིད་སྲུབས་སྙིང་འབིགས་མ་ཕམ་མགོན་པོ་ཡིས། །དཀྱུས་རིང་སྤྱན་གྱི་ཞགས་པས་འཁོར་མཐའི་ཆིངས། །དམ་བཅའི་གཟུངས་སྔགས་མཐོང་ཐོས་དྲན་རེག་པ། །སིམ་པའི་ཚོར་བ་ལ་སྦྱོར་ཞལ་བཞེས་འབྲས། །ཆེར་སྙིགས་སྐྱེ་རྒུའི་སྡུག་བསྔལ་བརྒྱ་ཕྲག་ནད། །ལེགས་འཇོམས་སྨན་མཆོག་རྣམ་རྒྱལ་ཆར་དུ་ཕོབ། །འདུས་པ་དང་པོར་བགྲོད་བྱའི་ཉེར་བསྡོགས་པར། །འགྲོ་རྣམས་མཐོ་རིས་ཡོན་ཏན་བདུན་ཚང་རྟེན། །བརྒྱུད་མར་རྙེད་(༡༨༣ན)


GLG018_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐེག་ཆེན་དམ་ཆོས་དང་། །མཇལ་ཏེ་རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག །རྒྱལ་བ་བཙོང་ཁ་པ། ཐུབ་གཞུང་ཡོངས་ཀྱི་བཀའ་གནད་དམ་པོའི་རྒྱ། །མཁྱེན་དཔྱོད་རལ་གྲི་རྣོན་པོས་རབ་གཅོད་པར། །འཇམ་པའི་རྡོ་རྗེ་ཐུན་མཚམས་བླ་གོས་ཅན། །རྒྱལ་ཀུན་འདུས་པའི་ངོ་བོ་བཙོང་ཁ་པ། །ཛཱ་ཏིའི་འཁྲི་ཤིང་ཚལ་ནས་ཟ་འོག་ཐགས། །ལེགས་བསྐྲུན་བར་ཁྱབ་ཉེར་འཛིན་མཆོད་ཡུལ་སྡེ། །ཡོངས་བཀུར་ཟུང་འཇུག་བསོད་ནམས་ཕུང་པོའི་གཏེར། །གྲོ་བཞིན་སྐྱེས་བསྟན་ཅི་འདྲ་འཛད་མེད་ཤོག །ཐུགས་བསྐྱེད་སྔོན་གོམས་འཕྲིན་ལས་རབ་དཀར་གདུགས། །སྲིད་པའི་རྩེ་མོར་འཁོར་བའི་གསེར་སྦྱངས་ཏོག །འོད་གཟི་ནམ་མཁའི་ནོར་བུའི་རྗེས་འགྲོ་བས། །འཇིག་རྟེན་གསུམ་གྱི་མུན་པ་སེལ་བར་ཤོག །དཔལ་ལྷ། དཀར། ཚངས་པའི་སྲས་མོ་དབྱངས་ཅན་ངག་གི་ལྷ། །དུང་སྐྱོང་རྒྱལ་མོའི་གར་མཁན་ཟླ་ཟེར་གྱིས། །མི་མཐུན་སྨག་རུམ་སངས་དང་ཆབས་ཅིག་པར། །བདེ་སྐྱིད་ཨུ་ཏྤལ་དཀར་པོའི་ཚལ་བཞད་མཛོད། །སེར། གསེར་སྦྱངས་ལྷུན་པོ་སྟོང་ཕྲག་ཉིན་བྱེད་ཀྱིས། །འཁྱུད་པས་སྒྲུན་མིན་རྒྱས་པའི་མདངས་གཟི་ཡིས། །ལྷ་དབང་བསོད་ནམས་ཕུང་པོ་རི་བོ་དངོས། །རྒྱུ་འདྲའི་ངང་ཚུལ་འཛིན་ནུས་སྐལ་ཐོབ་མཛོད། །དམར། མཐོང་བའི་མོད་ལ་འཛམ་གླིང་སྐྱེ་རྒུའི་ལུས། །བ་སྤུའི་རྩེ་མོ་ཟིངས་ཏེ་རྐང་པའི་རྡུལ། །གཙུག་ཏུ་ལེན་ལ་ཉེར་གདུངས་དབང་གི་ལས། །མཛོད་ཅིག་པད་རཱག་ཞུན་མའི་མདངས་(༡༨༣བ)


GLG018_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཀྱེ། །ནག །དགྲ་བགེགས་སྲོག་རྩར་ཡོངས་བཏབ་མཆེ་བའི་རྩལ། །རྣོན་པོས་ས་གསུམ་འདར་བྱེད་ནམ་གྲུ་ཡིས། །བསམ་ངན་སྦྱོར་རྩུབ་འཆང་བ་གཟུགས་ཅན་དང་། །གཟུགས་མེད་སྡེར་བཅས་ཁྲག་དྲོན་ཧུབ་ཀྱིས་འཐུང་། །ལྗང་། ཟས་གཙང་སྲས་བསྟན་སྐྱོང་བར་ལྷན་ཅིག་ཏུ། །བཏབ་པའི་སྨོན་ལམ་དེང་འགྲུབ་གཡར་དམ་བཞིན། །དགའ་ལྡན་ཆོས་སྲིད་ཟུང་འཇུག་བླ་ནས་བླར། །འཕེལ་བའི་འཕྲིན་ལས་རྣམ་བཞི་ལྷུན་གྲུབ་མཛོད། །འོད་དཔག་མེད། འོད་ཟེར་དཔག་མེད་འཕྲོས་པས་བསྐལ་པའི་བར། །འཚོ་བའི་མཆོག་སྦྱིན་ཚེ་མཐའ་ཡས་མགོན་གྱིས། །སྲོག་རྩ་རྡོ་རྗེར་བརླབས་པའི་ཀ་བ་ཡིས། །ཨ་ཧང་གཡུང་དྲུང་ལྟ་བུར་མི་འགྱུར་ཤོག །བྱམས་པ་ཁྲུས་མཛོད་རྨད་བྱུང་ཐུགས་རྗེ་ཆད་མེད་ཆུ་ཀླུང་གིས། །སྐྱེ་རྒུའི་སྡུག་བསྔལ་ཀུན་འབྱུང་དྲི་མ་རྣམས། །བཀྲུས་ཏེ་འགོགས་ལམ་བདེན་གཉིས་ལ་འགོད་པར། །ཁྲུས་མཛད་མཚན་ལྡན་བྱམས་པས་རྗེས་གཟུང་ཞིག །རྡོ་རྗེའི་གདན་སྤོར་མཆོག་སྤྲུལ་སྐུར་བསྒྱུར་ཚེ། །རྣམ་གསུམ་འདུས་སྡེའི་འཁོར་མཚུངས་རྟེན་འབྲེལ་དུ། །ར་སའི་གཙུག་ལག་ཁོར་ཡུག་གདན་འདྲེན་པའི། །མ་ཕམ་མགོན་པོས་འགྲོ་ཚོགས་ཐར་པར་དྲོངས། །དགའ་ལྡན་ལྷ་ཁང་སེང་གེའི་ང་རོའི་སྐུར་བསྟན་ངོ་མཚར་གྱི། །བཀོད་པ་རྒྱ་མཚོའི་ཞིང་གཙོར་ལེགས་བཞུགས་ཀྱང་། །གངས་ལྗོངས་བཤད་སྒྲུབ་(༡༨༤ན)


GLG018_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ལུགས་སྤེལ་བ་ལ། །ཡེ་ཤེས་གཟིགས་པ་དུས་ལས་མི་གཡེལ་ཤོག །མཚན་བརྒྱད་ལྷ་ཁང་། སྣང་བ་མཐའ་ཡས་སྲིད་གསུམ་འབྱུང་པོའི་གཤེད། །རང་བྱུང་སྤྲུལ་པའི་སྒྱུ་འཕྲུལ་ཐོད་འཕྲེང་རྩལ། །གཅིག་ལས་དུ་མར་བསྒྱུར་པ་མཚན་བརྒྱད་ཀྱིས། །བོད་ཡུལ་ཕན་བདེའི་སྲོག་གི་ཀ་བ་ཚུགས། །བཀའ་འགྱུར་ཁང་། རྣམ་འདྲེན་འགྲོ་ལ་རབ་སྨན་མཛད་པའི་གྲངས། །གངྒཱའི་ཀླུང་གི་རྡུལ་གྱིས་མཚོན་མིན་གཙོ། །མདོ་འདུལ་ཤེར་ཕྱོགས་རྒྱུད་སྡེའི་པུ་སྟ་ཀ །བསོད་ནམས་རྒྱ་མཚོའི་ཞིང་གིས་བདག་བྱིན་རློབས། །སྤྱན་རས་གཟིགས་ཀྱི་ལྷ་ཁང་། ལུས་ཅན་ཡོངས་ལ་ཉེ་དང་རིང་མེད་པར། །རྗེས་སུ་འཛིན་པར་རྒྱལ་རྣམས་ཉེར་མཚུངས་ཀྱང་། །འདུལ་བའི་ཞིང་འདིར་སྤྱན་གྱི་རས་མ་ཡིས། །ནམ་ཡང་མི་ལྷོད་གཟིགས་གསོལ་བྱིན་གྱི་རློབས། །ཨོ་རྒྱན་ལྷ་ཁང་གཙང་པས་བཞེངས་པ། ཁྲི་སྲོང་ལྡེའུ་བཙན་སྨོན་ལམ་རླུང་ཤུགས་ཀྱིས། །དྲངས་པའི་པདྨ་སམ་བྷ་རྟ་བདུན་པས། །བདེ་སྐྱིད་པད་དཀར་སྔར་བཞད་ཇི་བཞིན་དུ། །སླར་ཡང་སྦྲང་རྩིའི་རྒྱལ་མཚན་རྒྱས་པར་མཛོད། །ཚེ་དཔག་མེད་བླ་མེད་ལྷ་ཁང་། ཝཾ་ཡིག་འཆི་མེད་གྲུབ་པ་ཚེ་མཐའ་ཡས། །ཨེ་དབྱིངས་ཤེས་རབ་མ་དང་མཉམ་སྦྱོར་བའི་། །བཅུ་དྲུག་དངས་བཅུད་སྲོག་གི་ཟུངས་གྱུར་ཏེ། །གྲངས་མེད་བགྲང་བྱའི་བར་དུ་འཚོ་བྱིན་རློབས། །སྨན་བླ་ལྷ་ཁང་། སྨན་མཆོག་རྣམ་པར་རྒྱལ་བ་ཕྱག་སོར་གྱིས། །བཟུང་ལས་ཉེར་(༡༨༤བ)


GLG018_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བབས་བདུད་རྩིས་འགྲོ་རྒྱུད་ལ། །གོས་པའི་ཀུན་འབྱུང་གིས་བསྐྱེད་བྲོ་ནད་ཀྱི། །སྡུག་བསྔལ་མ་ལུས་དྲུངས་ནས་དབྱུང་བར་ཤོག །བྱམས་ཁང་གསར་པ། མི་ཁོམ་གནས་སུ་བཟོད་དཀའི་ཟུག་རྔུ་ཡིས། །མནར་བའི་ཡིད་ཅན་མཐའ་དག་སྨོན་ལམ་བཞིན། །དམ་བཅའི་གཟུངས་སྔགས་ལྕགས་ཀྱུས་ལེགས་དྲངས་ནས། །སྒོ་གསུམ་བདེ་བར་སྦྱོར་ཞིག་བྱམས་པ་མགོན། །ཚེ་དཔག་ལྷ་ཁང་། ལྷ་ཆེན་ཉི་བུའི་ལས་ཀྱི་མེ་ལོང་དུ། །དཀར་ནག་འཆར་ཡུན་སྒུག་ལ་བསྐལ་པའི་བར། །ངལ་བསྟེན་ཚེ་མཐའ་ཡས་པ་ལྷ་དགུ་ཡིས། །འཆི་བདག་བདུད་དཔུང་འཇོམས་པར་བྱིན་གྱིས་རློབས། །བར་ཁང་གི་ཆོས་རྒྱལ་ལྷ་ཁང་། འཇིག་རྟེན་དབང་ཕྱུག་སྒྲོལ་མ་ཁྲོ་གཉེར་ཅན། །ཡབ་ཡུམ་རྒྱལ་པའི་ཚུལ་གྱིས་གདོང་དམར་ཡུལ། །དམ་པ་ཆོས་ཀྱི་དབུ་བསྙེངས་ཕན་བདེའི་གཞི། །བཙུགས་ལྟར་འཕྲིན་ལས་ཆད་མེད་འཇུག་བྱིན་རློབས། །ཨོ་རྒྱན་ཕུག །འཛམ་གླིང་བརྟུལ་ཞུགས་ལྷུན་གྲུབ་པད་འབྱུང་གིས། །དམ་སྲི་དྲེགས་པ་སྡེ་བརྒྱད་མ་ལུས་ཀུན། །ཟིལ་གནོན་སྒྱུ་འཕྲུལ་དྲ་བའི་རོལ་གར་གྱིས། །འཕུང་བྱེད་འགོང་པོའི་ཚོགས་རྣམས་སྤ་བཀོངས་ཤིག །སྨན་བླ་ལྷ་ཁང་། ཆེས་དྲག་དུག་ལྔའི་ཤུགས་ཀྱིས་མི་དགེའི་ལས། །བསགས་མཐུ་ལྷག་པར་བདེ་བ་སྙིགས་དུས་འདིར། །སྨན་བླ་མཆེད་བདུན་མདོ་གསུང་ཤཱཀྱའི་རྒྱལ། །ཐུག་རྗེའི་མཐུ་དཔུང་སྐྱེད་ལ་རྗེས་བཟུང་གསོལ། །བདེ་མཆོག་ལྷ་ཁང་། སྐུ་གསུང་ཐུགས་(༡༨༥ན)


GLG018_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དྲུག་ཅུ་རྩ་གཉིས་ལྷའི། །རིགས་ཀྱི་བདག་པོ་ཙཀྲ་སཾ་བྷ་ར། །རང་སྣང་ཤེས་རབ་མ་དང་མཉམ་སྦྱོར་བ། །བདེ་ཆེན་ཡེ་ཤེས་འགྲོ་བའི་རྒྱུད་འཇུག་མཛོད། །ཐུབ་དབང་ཉེ་སྲས་ལྷ་ཁང་། ལོག་ལྟའི་སྡེ་དཔུང་གཅན་གཟན་དུས་མིན་དུ། །འབྱིན་པའི་ངར་སྐད་ཟིལ་གནོན་སེང་གེའི་སྒྲ། །ཤཱཀྱའི་རྒྱལ་པོ་གསང་གསུམ་མི་ཟད་པས། །ལུས་ཅན་མཐའ་དག་སིམ་པའི་ཚོར་བར་སྦྱོར། །རྒྱལ་པོ་ལྕོག །ལི་བྱིན་ཧ་ར་མཆེད་ལྔ་བློན་པོ་དང་། །མངག་གཞུག་ཀིངྐ་ར་ཡི་ཚོགས་རྣམས་ཀྱིས། །ཨོ་རྒྱན་སློབ་དཔོན་སྤྱན་སྔར་ཁས་བླངས་བཞིན། །ཞི་རྒྱས་དབང་དྲག་འཕྲིན་ལས་ཐོག་མེད་སྒྲུབས། །ཆོས་རྒྱལ་ལྷ་ཁང་། མཐའ་བཞིའི་རྒྱལ་ཁམས་མ་ལུས་ཟིལ་གནོན་པར། །སྲོང་བཙན་འཁོར་ལོས་བསྒྱུར་བའི་ཆ་བྱད་ཀྱིས། །རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་འཕར་བརྒྱ། །འགྲིག་པར་སྲས་བཅས་རྒྱལ་བས་བྱིན་གྱིས་རློབས། །ཆོས་རྒྱལ་མེས་དབོན་ལྷ་ཁང་། བོད་ཁམས་འདུལ་བར་འཕགས་མཆོག་རིགས་གསུམ་མགོན། །ཆོས་ཀྱི་རྒྱལ་པོའི་སྐུར་བཞེངས་མེས་དབོན་གྱི། །བསྟན་པ་དབུ་བརྙེས་སྲོལ་བཏོད་དར་རྒྱས་སུ། །མཛད་བཟང་སྲིད་པའི་ཕ་མཐར་ཞབས་བརྟན་ཤོག །སྤྱན་རས་གཟིགས་ཐུབ་དྲུག་ལྷ་ཁང་། དམྱལ་བ་ཡི་དྭགས་བྱོལ་སོང་ལྷ་མིན་མི། །སྐབས་གསུམ་པར་བཅས་སོ་སོའི་སྡུག་བསྔལ་གྱི། །གཉེན་པོར་རིགས་དྲུག་ཐུབ་པས་ཡོངས་བསྐོར་བ། །པད་དཀར་འཆང་བས་


GLG018_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་གྲོལ་བར་མཛོད། །གཏད་རབས་ལྷ་ཁང་། རྣམ་བཞིའི་འཁོར་གྱི་ཕ་མཐའ་བགྲང་ཡས་ཀྱང་། །འཁོར་སྒྱུར་རིགས་སྲས་གཙོ་བོ་རྒྱལ་པོའི་ཁྲིར། །འདོན་ལྟར་བསྟན་པའི་གཏད་རབས་དགྲ་བཅོམ་བདུན། །ཐུགས་རྗེས་ཤཱཀྱའི་རིང་ལུགས་སྤེལ་བར་ཤོག །སྨན་བླའི་ཕོ་བྲང་། སྨན་མདོ་བརྒྱད་བརྒྱ་པར་གསུངས་ཕོ་བྲང་གི །ལྷ་ཚོགས་མིག་གི་བདུད་རྩི་བཀོད་ལེགས་པས། །སོ་སོར་ཞལ་གྱིས་འཆེས་པའི་སྨོན་ལམ་གྱིས། །དོན་ཀུན་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །རྩེ་མོའི་སྨན་བླ་ལྷ་ཁང་། ཐུབ་དབང་ལྗགས་ཀྱི་དབང་པོ་ལས་གསུངས་པ། །སྨན་རྒྱལ་མངོན་མཁྱེན་ཆོས་བསྒྲགས་མྱ་ངན་མེད། །གསེར་བཟང་རིན་ཟླ་མཚན་ལེགས་མཆེད་བདུན་གྱི། །མདོ་ནས་བྱུང་བའི་སྨོན་ལམ་དེང་གྲུབ་ཤོག །མཛད་བཅུ་ལྷ་ཁང་། ཉི་མའི་གཉེན་གྱི་བཀོད་པ་རྒྱ་མཚོའི་རྡུལ། །སྙིང་པོར་གྱུར་པའི་མཛད་བཟང་བཅུ་གཉིས་ཚུལ། །ལེགས་བསྟན་རྗེས་སུ་ནམ་མཁའི་མཐའ་སྙེད་ཀྱི། །མ་རྣམས་ཉེར་འཇུག་བརྩོན་འགྲུས་ལྷུར་ལེན་ཤོག །བླ་མ་ལྷ་ཁང་། གདན་གསུམ་ཚང་བའི་ལྷ་ཚོགས་ཐམས་ཅད་ཀུན། །རྡོ་རྗེ་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་དུ། །ཡོངས་ཤར་དད་པའི་ཤིང་རྟས་ཉེར་དྲངས་ནས། །མཆོག་ཐུན་དངོས་གྲུབ་ཆར་དུ་བསྙིལ་བར་ཤོག །གནས་བཅུ་ལྷ་ཁང་། ཐུབ་དབང་རིང་ལུགས་ཇི་སྲིད་གནས་ཀྱི་བར། །དངོས་བཞུགས་ཉན་ཐོས་ཆེན་པོ་བཅུ་དྲུག་ཚུལ། །ངེས་པའི་དོན་དུ་སྤང་རྟོགས་མཐར་ཕྱིན་(༡༨༦ན)


GLG018_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པས། །བསྟན་པ་ཕྱོགས་བཅུར་རྒྱས་པར་བྱིན་གྱིས་རློབས། །རྣམ་ཐར་སྒོ་གསུམ། རྣམ་འདྲེན་ཐུག་པ་མེད་པས་གྲངས་ཀྱི་ཚད། །བཟུང་ནུས་མིན་ཀྱང་བྱོན་ཟིན་འབྱོན་གྱུར་དང་། །ད་ལྟར་ལེགས་བཞུགས་དུས་གསུམ་སངས་རྒྱས་ཀྱི། །ཕུལ་བྱུང་མཛད་པ་ཇི་བཞིན་རྗེས་སློབ་ཤོག །སྒྲོལ་མ་ལྷ་ཁང་། སེང་གེ་གླང་ཆེན་ཆོམ་ཀུན་མ་དང་སྦྲུལ། །ལྕགས་སྒྲོག་ཤ་ཟ་རྒྱ་མཚོ་ལ་སོགས་པའི། །འཇིགས་ཆེན་ཀུན་ལ་སེམས་ཅན་མ་ལུས་པ། །སྐྱོབ་པར་མཛོད་ཅིག་རྒྱལ་ཡུམ་འཕགས་མའི་ཞབས། །རྨི་རུ་རྙིང་པ། ཟངས་མཁར་འཇིག་རྟེན་ཡོངས་ཀྱི་མིག་གཅིག་པུར། །སྩོལ་པ་ཇི་བཞིན་རིན་ཆེན་འདོད་དགུའི་གཏེར། །སྒོ་འཕར་བརྒྱ་ཕྲག་ཕྱེ་ནས་ངལ་བསོས་པོའི། །བང་མཛོད་གཉིས་པ་དེང་འདིར་གྲུབ་པར་མཛོད། །ར་མོ་ཆེའི་ཇོ་བོ། འོག་མིན་གནས་སུ་འཁོར་བ་ཇི་སྲིད་བར། །གཡོ་མེད་བཞུགས་ཀྱང་ཞིང་ཁམས་རྒྱ་མཚོ་རུ། །ཐ་དད་འགྲོ་ངོར་རྣམ་པར་འཕྲུལ་པོ་ཆེ། །སྟོན་མཛད་བསྐལ་བཟང་བཞི་པ་ཤཱཀྱའི་རྒྱལ། །འགྲོ་བའི་མཐའ་སྙིད་དེ་སྲིད་འཕྲིན་ལས་རྒྱུན། །མ་ལ་ཡར་སྐྱེས་ངད་འཐུལ་དངར་པོའི་དྲིས། །སྒྲིབ་གཉིས་དེས་བསྐྱེད་དཀར་མིན་ཚ་བའི་གདུང་། །རབ་བཅིལ་ཉེར་བསིལ་བདེ་སྐྱིད་རྟག་མྱོང་ཤོག །དོན་ཀུན་གྲུབ་པ་བརྒྱད་པའི་སྐུ་ཡི་ཚད། །གངས་ཅན་བསོད་ནམས་རྒྱ་མཚོའི་མཆོད་སྡོང་དུ། །ཉི་ཟླས་གླིང་བཞིའི་མུན་སེལ་དེ་སྲིད་བར། །(༡༨༦བ)


GLG018_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ནས་འགྲོ་རྣམས་ཕུལ་བྱུང་ཐུགས་རྗེས་བཟུང་། །ར་མོ་ཆེ་སྨན་ལྷ་ཁང་། མ་འདྲིས་སྐྱེ་རྒུ་ཡོངས་ལ་ཆེས་སྨན་པ། །འཇིག་རྟེན་གསུམ་གྱི་བླ་མ་བཻ་ཌཱུཪྻ། །འོད་མཚན་སྟོང་འབར་བདེ་བར་གཤེགས་བརྒྱད་ཀྱིས། །རྩོད་ལྡན་ཉེས་བརྒྱའི་ནད་རྣམས་དྲུངས་འབྱིན་ཤོག །ར་མོ་ཆེའི་སྟེང་ཁང་ལྷ་ཚོགས། ཀླུ་ཡི་དབང་ཕྱུག་རྒྱལ་པོ་སེང་གེའི་སྒྲ །རྣམ་འདྲེན་སྲས་སློབ་བཅས་པས་གདེངས་ཅན་ཚོགས། །ཆེས་རགས་དུག་ལྔ་ཞི་ནས་སྒོ་གསུམ་ལ། །མི་འཛད་བདེ་བའི་བདུད་རྩི་རྟག་སྦྱིན་མཛོད། །མགོན་པོ་བསེ་གདོང་མ། ཐུབ་པའི་བསྟན་པ་ནམ་མཁའ་གནས་ཀྱི་བར། །བསྲུང་བར་ཞལ་འཆེས་ལེགས་ལྡན་ལྷ་ཡི་སྲས། །བཀའ་ཉན་འཁོར་ཚོགས་རྒྱ་མཚོས་མངོན་སྤྱོད་དབང་། །ཞི་དང་རྒྱས་པའི་ལས་ཀུན་ལྷུན་གྲུབ་མཛོད། །ས་ལུག་ཧོར་ཚང་ཆོས་རྗེ་བློ་བཟང་ཆོས་སྐྱོང་གིས་ཏྲེ་བོའི་ཡུལ་གྱི་གུར་མགོན་དང་དམག་ཟོར་མའི་མགོན་ཁང་དུ་སྙན་ཤལ་འབུལ་རྒྱུའི་ཁ་བྱང་དགོས་ཚུལ་ལྟར་བྲིས་པ་ཕན་བདེའི་ས་བོན། མིག་སྨན་ཕུང་པོ་བརྩེགས་པའི་ས་འཛིན་ལ། །དུས་མཐའི་མེ་དཔུང་འབར་འདྲའི་གོས་གྱོན་པ། །རྡོ་རྗེ་གུར་མགོན་མ་ཧཱ་ཀཱ་ལ་ཡི། །དབང་ཕྱུག་ལྷ་ཆེན་དཔལ་འབར་མཐུ་བོ་ཆེས། །ཏྲེ་བོ་ཧོར་ཚང་མི་ནོར་རིགས་བརྒྱུད་དང་། །མངའ་འབངས་སྲིད་སྡེར་བཅས་ལ་ཉེར་འཚེ་བའི། །དགྲ་བགེགས་ཀུན་ཞི་ཚེ་དཔལ་སྟོབས་འབྱོར་རྣམས། །ཡར་ངོའི་ཟླ་བ་ལྟ་བུར་འཕེལ་བར་མཛོད། །(༡༨༧ན)


GLG018_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་རྒྱལ་མོ་འདོད་པའི་ཁམས་ཡོངས་ལ། །དབང་སྒྱུར་དཔལ་ལྡན་ལྷ་མོ་རེ་མ་ཏཱི། །ངེས་པའི་དོན་དུ་དབྱངས་ཅན་ངག་གི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ་གཅིག་མ། །གང་ལ་སྐྱབས་གསོལ་ཏྲེ་བོ་ཧོར་ཚང་གི །མི་ནོར་སྡེ་དང་བཅས་པའི་བར་ཆད་ཚོགས། །ཉེར་ཞི་ཆོས་དང་སྲིད་ཀྱི་དགེ་ཚོགས་རྣམས། །བླ་ནས་བླར་འཕེལ་འདོད་པའི་རེ་བསྐོང་མཛོད། །ས་ལུག་ལོ་དགའ་ལྡན་ཚེ་དབང་དཔལ་བཟང་གི་དཔུང་གིས་མངའ་རིས་ལ་དྭགས་པའི་དཔུང་ལ་ཁ་ཉེས་ཚབས་ཆེན་བཏང་བའི་ཚེ་རྩ་གསུམ་དཀྱིལ་འཁོར་རྒྱ་མཚོར་སྙན་ཤལ་ཕུལ་བའི་ཁ་བྱང་ཡིད་སྲུབས་སྙིང་ག་ཕུག་པའི་ཉག་ཕྲན། མཐའ་ཀླས་རྩ་གསུམ་དཀྱིལ་འཁོར་ཚོགས་སྤྱི་དང་། །ཁྱད་པར་འཇམ་དཔལ་ཚེ་བདག་ལས་གཤིན་ཚོགས། །མྱུར་མཛད་མགོན་པོ་དྲེགས་པའི་སྡེ་དཔོན་སོགས། །དམ་ཅན་རྒྱ་མཚོ་ཕོ་ཉར་བཅས་རྣམས་ཀྱིས། །མི་བསྲུན་དགྲ་དཔུང་འཆི་བདག་ལམ་ཆེན་པོར། །ཉེར་བཀོད་སྔར་བཅོལ་གཏང་རག་གཉན་པོ་དང་། །སླད་མར་བསྒྲུབ་ཆེད་ཕྱི་ནང་གསང་བ་ཡི། །མཆོད་ཚོགས་རྒྱ་མཚོ་སྤེལ་ལ་དགྱེས་པར་རོལ། །སྲིད་གསུམ་དབང་སྒྱུར་དཔལ་ལྡན་རེ་མ་ཏཱི། །ཕོ་རྒྱུད་མོ་རྒྱུད་དྲེགས་པའི་དམག་ཚོགས་ལ། །ལོག་འདྲེན་བསྒྲལ་བའི་གཏང་རག་མཆོད་སྤྲིན་ཚོགས། །རྒྱས་པར་སྤེལ་ན་དགྱེས་དགུར་རོལ་ཞིག་གུ །གུར་མགོན་སྟོབས་འཕྲོག་དབང་པོ་ལས་མཁན་སོགས། །བཀའ་ཉན་འཁོར་དང་(༡༨༧བ)


GLG018_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་སྤྱན་སྔ་རུ། །དགྲ་དཔུང་ཕྱེ་མར་བཏགས་ལ་མཆོད་ཚོགས་སྤྲིན། །ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེ་སྟེ་འབུལ། །ས་ལུག་ཧོར་ཟླ་གཉིས་པའི་སྲི་གནོན་ལ་སྡེ་པ་སངས་རྒྱས་རྒྱ་མཚོ་བཏེག་སྐབས་མཆོད་ཁང་ཚོར་སྙན་ཤལ་ཕུལ་བའི་ཁ་བྱང་བདེ་སྐྱིད་འོད་སྣང་། ཐུབ་ཆེན། བྱམས་པ་ཆེན་པོའི་དཔུང་གིས་བདུད་སྡེའི་གཡུལ། །ཕམ་མཛད་བསྐལ་བཟང་སྒྲོན་མེ་བཞི་པ་མཆོག །དོན་ཀུན་གྲུབ་པའི་ཕྱག་མཐིལ་འཁོར་ལོ་ཡི། །རི་མོ་རྣམ་བཀྲ་འགྲོ་རྣམས་གཙུག་ན་ཁྱོང་། །འཛུམ་ཞལ་ཟུང་ནས་རབ་སྤྲོས་འོད་ཟེར་གྱིས། །མཐའ་ཀླས་ལུས་ཅན་སྐྱེ་རྒུའི་སྨག་གི་རུམ། །མཐར་བྱས་བདེ་སྐྱིད་སྣང་བས་ཡོངས་ཁྱབ་པ། །དམིགས་མེད་ཐུགས་རྗེའི་མཐུ་དཔུང་དེང་བསྐྱེད་གསོལ། །ཁྱོད་བསྟན་མྱ་ངན་མེད་པའི་ལྗོན་ཤིང་གི །གྲིབ་མར་བཅུད་ཀྱི་འགྲོ་བ་ཀུན་བརྟེན་ནས། །མངོན་པར་མཐོ་དང་ངེས་པར་ལེགས་པ་ཡི། །ཟད་མི་ཤེས་པའི་རོ་མཆོག་མྱོང་བར་ཤོག །བདེ་ལྡན་ཞིང་གཙོའི་དབང་ཕྱུག་སྣང་མཐའ་ཡས། །གྲུབ་རིགས་རྒྱ་མཚོའི་ཤིང་རྟར་ངུར་སྨྲིག་གར། །ངེས་པའི་དོན་དུ་འཁོར་ལོ་སྡོམ་པ་ཆེ། །བླ་མ་ཞང་། ཞང་སྟོན་འགྲོ་བའི་མགོན་པོ་གཡུ་བྲག་རྗེ། །རླུང་སེམས་དྷཱུ་ཏཱིར་འདུས་པས་རྩ་མདུད་རྣམས། །ཡོངས་གྲོལ་ཡེ་ཤེས་ཆོས་སྐུའི་མཁའ་དབྱིངས་སུ། །རབ་ཤར་ཀུན་རྫོབ་རྫུ་འཕྲུལ་རྨད་པོ་ཆེས། །ལྗོངས་འདིར་བསྟན་འགྲོའི་དགའ་སྟོན་སྤེལ་བར་ཤོག །ཆོས་ཀྱི་དབྱིངས་སུ་རང་སར་(༡༨༨ན)


GLG018_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྗེ་ཆོས་དབྱིངས་རང་གྲོལ་གྱི་དངུལ་གདུང་། གྲོལ་བ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་སྒྱུ་འཕྲུལ་གར། །བགྲང་ཡས་ཞི་ཁྲོའི་གཙོ་བོར་ཆེ་མཆོག་ལྷ། །ཐུན་མོང་གདུལ་བྱར་གདན་གསུམ་ཚང་བའི་མགོན། །དཔལ་ལྡན་ལུང་རྟོགས་འབྱོར་པའི་བང་མཛོད་ལ། །དབང་སྒྱུར་འཕྲིན་ལས་འཁོར་བ་ཇི་སྲིད་བར། །རབ་རྒྱས་ཐུགས་རྗེའི་འཇུག་པས་བདག་སོགས་འགྲོ། །ཕན་བདེའི་དགའ་སྟོན་མཆོག་ལ་སྦྱོར་བར་ཤོག །ཧེ་རུ་ཀཿདཔལ་བདུད་བཞིའི་གཉེན་པོ་རུ། །གཏུམ་དྲག་རྡོ་རྗེ་སྲིན་པོའི་གཟུགས་འཆང་བ། །ལས་ཀུན་བསྒྲུབ་ལ་བྱ་རོག་གདོང་པ་ཅན། །བཀའ་སྡོད་དྲེགས་པའི་དམག་གི་དཔུང་གི་ཚོགས། །རྡོ་རྗེ་གུང་ཐང་མགོན་ཁང་ཆེན་མོ། འཆང་དབང་ཀླུ་སྒྲུབ་གཡུ་བྲག་པ། །རྩ་རྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ནས། །སཱ་ལའི་ལྗོངས་འདིར་བསྟན་འགྲོའི་ལེགས་ཚོགས་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། །མ་མོ་ལྷ་མོ་ལྕགས་ཕུར་མ། འབུམ་སྡེའི་གཙོ་མོ་ལྕགས་ཕུར་མས། །ནད་ཡམས་འཐབ་རྩོད་མུ་གེ་རབ་ཞི་ཞིང་། །སྒོ་གསུམ་བདེ་སྐྱིད་ལ་སྦྱོར་བདུད་རྩིའི་རྒྱུན། །རྟག་ཏུ་ཆད་པ་མེད་པའི་འཕྲིན་ལས་མཛོད། །མཚལ་ཡང་དགོན་མགོན་ཁང་། ཐུབ་བསྟན་སྐྱོང་བའི་དམ་ཅན་ཡོངས་ཀྱི་དཔལ། །ལེགས་ལྡན་ཕྱག་བཞི་མགོན་པོ་འཁོར་བཅས་ཀྱིས། །མཉམ་མེད་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི། །བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པར་མཛོད། །(༡༨༨བ)


GLG018_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་ཞེས་པ་ལྕགས་སྤྲེལ་ལོ་གསར་གྱི་དུས་དཔལ་ལྡན་དམག་ཟོར་རྒྱལ་མོ་མཆོད་པའི་ཚེ་དར་ཚོན་སྣ་ལྔའི་སྙན་ཤལ་ཕུལ་བའི་ཞལ་བྱང་བསམ་དོན་ལྷུན་གྲུབ། དཀར་པོ་འབུམ་ཕྲག་ཟླ་ཞུན་བྱུགས་པ་མན་ཤེལ་གྱི། །ལྷུན་པོའི་སྙེམས་འཕྲོག་འཆི་མེད་ན་ཆུང་གི །གཙུག་ཏུ་རབ་འགྱིང་ཚངས་པའི་བུ་མོ་ཁྱོད། །འཛུམ་ལྡན་ཞལ་ཁྱིམ་དངོམ་ལ་དེང་འདིར་སྤྱོན། །ཆོས་སྲིད་ཕུན་ཚོགས་སྒྲ་རྣམས་རྒྱུད་མངས་ལས། །ཉེར་དྲངས་ལྷན་ཅིག་གདུབ་སིལ་འཁྲོལ་བའི་སྐད། །སྙན་པོ་རྣ་བར་ལྷང་ལྷང་ཐོས་པའི་ངང་། །སྙིང་དབུས་ཀུན་དགའི་མཛའ་ན་སྦྱིན་ཞིག་ཀྱེ། །གྲགས་གཏམ་རྗེས་འགྲོར་བརྗོོད་མོད་མཐའ་གཅིག་ཏུ། །མ་ངེས་ཞི་བའི་འཕྲིན་ལས་བསྒྲུབ་པ་ལ། །སྣ་ཚོགས་སྤྲུལ་པའི་གར་གྱིས་རེ་བ་རྣམས། །སྐོང་ཕྱིར་བདེ་ཆེན་འཁོར་ལོའི་དབུས་བཞུགས་ཤིག །སེར་པོ། བསམ་འཕེལ་དབང་གི་རྒྱལ་པོ་ཕྱུར་བུ་རུ། །རབ་སྤུངས་ཡོལ་གོ་བཏེགས་ནས་འཁོར་འདས་ཀྱི། །དགོས་འདོད་གྲུ་ཆར་ཕབ་ཚེ་རྨུགས་འཛིན་གྲོང་། །མངོན་སུམ་སྟོན་པ་འཇོ་སྒེག་ལུས་ཕྲའི་གཟུགས། །བརྒྱ་ཕྲག་ཉི་གོས་ཀླུབས་པས་ཛམུའི་གསེར། །སྲིད་པའི་རྩེ་མོར་བསྙེག་ཀྱང་ཁྱོད་རྗེས་སུ། །བགྲེང་ཁུར་རྔུལ་གྱིས་འགྲམ་པར་མུ་ཏིག་འཕྲེང་། །འཛིན་བྱེད་གཟི་ཡིས་འཇིག་རྟེན་གསུམ་སྣང་བཞིན། །རྒྱས་པ་ལས་ཀུན་རྒྱ་མཚོའི་རྦ་རླབས་ལྟར། །ནམ་ཡང་ཡོལ་བ་མེད་པར་ལེགས་བསྒྲུབ་ཆེད། །སྤྲུལ་པའི་འཁོར་ལོའི་དགའ་ཚལ་ཡིད་འོང་བར། །(༡༨༩ན)


GLG018_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་མི་འབྲལ་བཞུགས་ཤིག་མཛའ་ན་མོ། །དམར་པོ། ཕྲ་རྒྱས་རབ་སྤངས་དགྲ་བཅོམ་ཐུགས་ཀྱི་བརྟེན། །འཕྲོག་ན་སྲིད་འདིར་ཆེ་དགུ་ཅོག་གི་ཡིད། །འགུགས་བྱེད་འཇམ་མཉེན་ལྕགས་ཀྱོ་གཟས་པའི་མོད། །རྡོས་བཅས་སྣོད་ཀྱི་འཇིག་རྟེན་གཡོ་བ་བཞིན། །རྒྱ་སྐྱེགས་དངས་མའི་བཀྲག་འཚེར་བྱུ་རུའི་ཤིང་། །ཕྱག་སོར་ཡལ་འདབ་འཁྱུག་པས་ཁམས་གསུམ་རྣམས། །ཆེད་དུ་བཏབ་པ་མིན་པར་རང་གིར་དུ། །ཡོངས་བཟུང་དབང་གི་སྒྱུ་ཐབས་འདི་རྨད་བྱུང་། །ཡིད་སྲུབས་བརྣག་མུན་སེལ་ན་དྲེགས་ལྡན་གཞན། །སྡང་སེམས་འདབ་ཟུམ་གྲོལ་ཏེ་དད་པའི་བློ། །གེ་སར་དགོང་ལས་ལེགས་ཚོགས་སྦྲང་རྩིའི་བཅུད། །འབབ་ཆེད་ལོངས་སྤྱོད་འཁོར་ལོར་གཡོ་མེད་བཞུགས། །ནག་པོ། མིག་སྨན་མདོག་ཅན་རབ་དམར་ཞལ་གདངས་ནས། །ཆེས་དཀར་མཆེ་བའི་རྩེ་མོས་དགྲ་བགེགས་གཟུགས། །ཆེམ་ཆེམ་ཟོས་པས་མ་ཚིམས་ཁྲག་མཚོའི་དབུས། །འཇིགས་རུང་སྲིན་མོའི་རྫུ་འཕྲུལ་གར་གྱིས་རྩེན། །བསམ་ངན་སྦྱོར་རྩུབ་གཟུགས་ཅན་གཟུགས་མེད་དཔུང་། །ཁྲམ་ཐོབ་ཤོ་ཁྱེ་ནད་རྐྱལ་མཚོན་དྲུ་ཡིས། །ལོག་འདྲེན་ལྷ་མིན་མོ་རྣམས་བརླང་སྤྱོད་མངལ། །ཅིག་ཅར་ལྷུངས་བའི་སྒྲ་དེ་ཕྱོགས་བཅུར་སྙན། །དྲག་སྦྱོར་རྡོ་རྗེའི་ཐོག་གི་མདའ་བོ་ཆེ། །འཕང་པའི་ཆེད་དུ་སྤྲུལ་བསྒྱུར་མཐའ་ཀླས་པས། །ཉིན་མཚན་མི་གཡེལ་མེལ་ཚེ་མཛད་པའི་ཕྱིར། །ཆོས་ཀྱི་འཁོར་ལོའི་དབུས་(༡༨༩བ)


GLG018_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྱུར་མེད་བཞུགས། །ལྗང་ཁུ། སྒྲིབ་གཉིས་ལས་དང་དེས་བསྐྱེད་ནད་གདོན་སོགས། །རབ་གཞིལ་ལུང་རྟོགས་ཚེ་དཔལ་དབང་ཐང་རྒྱས། །སྲིད་ཞིའི་ཡོན་ཏན་ཀུན་སྡུད་དུག་གསུམ་དང་། །འཁྲུལ་པའི་དགྲ་བགེགས་འཇོམས་མཛད་རེ་མ་ཏཱི། །འཇིག་རྟེན་དྲེགས་ཚོགས་རྗེ་མོར་སྲིད་པའི་རྒྱལ། །དབང་ཕྱུག་ཉེར་བརྒྱད་གཙོ་མོར་ཐོད་རློན་འཆང་། །གསེར་མངལ་སྲས་ཚུལ་བཟུང་ཡང་ཞི་དང་ཁྲོའི། །འཁོར་ལོའི་དབུས་ན་རབ་སྣང་ཤེས་རབ་མ། །ཉི་མའི་གཉེན་གྱི་ལུང་རྟོགས་ལེགས་སྐྱོང་བར། །ཞལ་འཆེས་དམ་བཅའི་རི་མོ་ཡལ་མིན་པ། །མངོན་སུམ་བསྟན་ན་དོན་བཞིན་འབད་མེད་དུ། །ཡོངས་སྒྲུབས་ཕྱོགས་ལས་རྣམ་རྒྱལ་རྫ་རྔ་རྡུངས། །འཇམ་དཔལ་སྙིང་པོའི་རིང་ལུགས་དེ་འདེགས་སྲིད། །ཉེར་སྤེལ་ས་སྤྱོད་སྐུ་ཚེ་མངའ་ཐང་དར། །འབངས་རྣམས་སུམ་རྩེན་ཡུལ་གྱི་དགའ་སྟོན་ཆེ། །མྱོང་བའི་སྐལ་བ་བཟང་པོ་དེང་འདིར་སྩོལ། །རིག་འཛིན་བདག་གི་ཇི་ལྟར་ལས་བཅོལ་ཀུན། །ཐོགས་མེད་བསྒྲུབ་ཕྱིར་བདེ་སྐྱིད་འཁོར་ལོའི་དབུས། །དབང་གཞུ་ལྟར་བཀྲ་སྐུ་མདོག་ཕྱག་མཚན་གྱི། །རོལ་གར་སྒྱུར་ཅིག་འདོད་ཁམས་དབང་ཕྱུག་མ། །ལྕགས་སྤྲེ་ཧོར་ཟླ་དང་པོའི་ཚེས་དགུ་ནས་ཞག་བདུན་གྱི་བར་དྲི་ཟའི་རྒྱལ་པོ་བཟབས་གསོལ་གྱིས་མཆོད་པའི་ཚེ་སྙན་ཤལ་ཅི་བསམས་འདོད་འཇོ། དམར། སྣང་སྲིད་དྲེགས་པ་མ་ལུས་དབང་བསྡུས་ནས། །ཟིལ་གནོན་དབང་ཆེན་རྟ་སྐད་ཐེངས་གསུམ་གྱིས། །འཇིགས་མེད་(༡༩༠ན)


GLG018_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེའི་ང་རོ་ཆེར་བསྒྲགས་ཏེ། །ནག་ཕྱོགས་ལྷ་སྲིན་སྡེར་བཅས་ཕྱེར་འཐག་མཛོད། །ནམ་མཁའི་སྙིང་པོ་དྲི་ཟའི་རྒྱལ་པོའི་སྐུར། །ལེགས་བསྟན་ལྷ་མཆོག་རྡོ་རྗེ་འབར་བ་རྩལ། །བོད་སྐྱོང་རྒྱལ་པོའི་སྐུ་ལྷ་ཆེན་པོ་ཁྱོད། །པདྨ་ཐོད་འཕྲེང་དམ་ཚིག་ཉེ་བར་དགོངས། །སྔོ། བཅུ་དྲུག་དགའ་བཞིའི་བདེ་ཆེན་བསྐྱེད་པའི་ཡུམ། །གནམ་མཚོའི་རྒྱལ་མོ་རྡོ་རྗེ་གཡུ་སྒྲོན་མས། །མི་ནོར་ལོངས་སྤྱོད་གངྒཱའི་ཆུ་རྒྱུན་ལྟར། །རྟག་ཏུ་ཆད་པ་མེད་པའི་འཕྲིན་ལས་མཛོད། །གངས་ལྗོངས་ཡུལ་གྲུར་ནད་རིམས་གཡུལ་འཁྲུག་དང་། །དབུལ་ཕོངས་སྡུག་བསྔལ་མུན་པ་མཐར་བྱས་ཏེ། །བདེ་སྐྱིད་ཉི་མའི་དཀྱིལ་འཁོར་བཀྲག་པོ་ཆེའི། །སྣང་བས་འཇིག་རྟེན་གསུམ་དུ་ཁྱབ་པར་མཛོད། །ཐུབ་བསྟན་འཕེལ་ཞིང་ས་དབངརྒྱལ་པོ་ཡི། །སྐུ་ཚེ་མངའ་ཐང་ཆབ་སྲིད་རབ་ཏུ་རྒྱས། །རིག་འཛིན་བདག་གིས་བཅོལ་བའི་དབང་དྲག་དང་། །ཞི་རྒྱས་ལས་རྣམས་ཐོགས་མེད་སྒྲུབ་པར་མཛོད། །དཀར། ཆིག་ཐུབ་སྨན་གྱི་དྲི་བསུང་མངར་པོ་རུ། །འཐུལ་བས་བཞི་བརྒྱ་རྩ་བཞིའི་ནད་རིགས་ཀུན། །དྲུངས་ནས་ཕྱུངས་ལ་མི་མཐུན་ཕྱོགས་མཐའ་དག །ཞི་བའི་འཕྲིན་ལས་ཐོགས་མེད་སྒྲུབ་པར་མཛོད། །སེར། ལྷ་ཀླུ་གནོད་སྦྱིན་མིར་བཅས་ནོར་ལྷའི་ཚོགས། །དགོས་འདོད་ཕྱུར་བུར་སྤུངས་པའི་དཔལ་འབྱོར་གྱིས། །རྣམ་མང་ཐོས་སྲས་བང་མཛོད་རྗེས་འགྲོ་བ། །རྒྱས་པའི་འཕྲིན་ལས་མ་ལུས་(༡༩༠བ)


GLG018_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབས་ཤིག་ཀྱེ། །དམར། བསྐལ་བརྒྱར་མི་ཤིགས་སྲོག་རྩ་གཡུང་དྲུང་གི །ཁམས་སུ་བྱིན་རླབས་འཆི་མེད་བདུད་རྩིའི་བཅུད། །རྟག་ཏུ་འཐུང་བ་ཚེ་ཡི་དངོས་གྲུབ་ཀུན། །རེ་འབྲས་ཇི་བཞིན་སྩོལ་བའི་འཕྲིན་ལས་མཛོད། །ནག །སྣ་ཚོགས་མཚོན་རྣོན་དབལ་རྩེས་དགྲ་བགེགས་ཀྱི། །ཤ་རུས་དུམ་བུར་གཏུབས་ནས་སྙིང་གི་ཁྲག །ཧུབ་ཀྱིས་དྲངས་ཏེ་དྲག་པོའི་འཕྲིན་ལས་རྣམས། །ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་མཛོད། །དཀར། མཐོང་བས་མི་ངོམས་ཡིད་འཕྲོག་ལྷ་བུའི་གཟུགས། །རིན་ཅེན་གཡུ་ཡི་ཐོད་དང་ཟུར་ཕུད་ཅན། །ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཆེན་པོ་ཡི། །ལུས་དང་གྲིབ་མར་འགྲོགས་ནས་སྲུང་སྐྱོབ་མཛོད། །དཀར། གནམ་ལྕགས་རྭ་དང་རྨིག་པས་རྒྱལ་འགོང་སོགས། །སྡེ་བརྒྱད་ལུས་སྲོག་མཐུ་སྟོབས་ཀུན་བརྫིས་ནས། །ཆོ་འཕྲུལ་དུག་རླངས་མགར་གྱི་སོལ་མལ་དུ། །རྩ་སྦུར་བསྲེགས་པ་དང་མཚུངས་ཐལ་བར་རློག །དམར། དམར་འོད་ལྕགས་ཀྱོ་ལྟ་བུ་ཁམས་གསུམ་དུ། །ཡོངས་སྤྲོས་འཇིག་རྟེན་སྐྱེ་འགྲོ་ཆགས་མྱོས་ཀྱིས། །བརྒྱལ་ཏེ་དབང་མེད་སྤྱི་བོར་རྐང་སེན་ཟླ། །ཚེས་ནས་འགུགས་པའི་འཕྲིན་ལས་སྒྲུབ་པར་མཛོད། །སེར། ཚངས་པའི་རྒྱལ་པོ་སྲིད་པ་གསུམ་པོ་ལ། །མངའ་སྒྱུར་ལྷ་མཆོག་མི་གཟུགས་གཟི་བྱིན་གྱིས། །སྟེང་འོག་ཕྱོགས་མཚམས་མ་ལུས་ཟིལ་མནན་ཏེ། །རྣམ་པར་རྒྱལ་བའི་དགའ་སྟོན་སྒྲུབ་པར་མཛོད། །(༡༩༡ན)


GLG018_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྤྲེ་ཟླ་བ་དང་པོའི་ནང་དུ་བོད་ཁམས་བདེ་ཐབས་སུ་མཁའ་རག་ཁྱུང་བཙུན་མར་དར་ལྕོག་ཕུལ་བའི་ཁ་བྱང་བདེ་སྐྱིད་དཔལ་སྟེར། པདྨ་ཐོད་འཕྲེང་སོ་ཟུར་གནུབས་རླངས་ཉང་། །གཏེར་སྟོན་སྔགས་འཆང་ཡོངས་ཀྱི་སྤྱན་སྔ་རུ། །བསྟན་འགྲོའི་བདེ་སྐྱིད་སྤེལ་བར་ཞལ་བཞེས་པ། །མཁའ་རག་རྡོ་རྗེ་ཁྱུང་མདོག་དཔལ་གྱི་ཡུམ། །གངས་ཅན་བོད་ཀྱི་ཡུལ་འདིར་ནད་རིམས་དང་། །དབུལ་ཕོངས་འཐབ་རྩོད་ཉེར་འཚེ་ཀུན་ཞི་ཞིང་། །ཆོས་དང་སྲིད་ཀྱི་དཔལ་འབྱོར་ལེགས་ཚོགས་རྣམས། །བླ་ནས་བླར་ཡང་འཕེལ་བའི་ལས་སྒྲུབས་ཤིག །བཛྲ་བྷ་ར་དྷ་ཀརྨ་སཱ་དྷེ་ཀུ་རུ། །ལྕགས་སྤྲེལ་ནག་པ་ཟླ་བའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་སྟོབས་འཕྲོག་དབང་པོ་བསྐང་བའི་དུས་ཆོས་སྐྱོང་ཆེ་ཆུང་ལས་མཁན་དང་བཅས་པར་སྙན་ཤལ་ཕུལ་བའི་ཁ་བྱང་ལེགས་ལྡན་དགྱེས་པའི་བཞད་སྒྲ། གུར་མགོན་བདེ་ཆེན་མཁའ་དབྱིངས་གར་དགུའི་རྣམ་འགྱུར་ཐབས། །སྟོང་ཉིད་འཇའ་རིས་བདག་མེད་ཤེས་རབ་འཁྲིལ། །ཅིར་ཡང་འཆར་བའི་མིག་འཕྲུལ་ཟུང་འཇུག་སྐུ། །སྙིང་དབུས་འཁོར་ལོའི་མགོན་པོ་ཀྱེ་རྡོ་རྗེའི། །མི་བསྲུན་བདུད་སྡེའི་གཤེད་དུ་ཡེ་ཤེས་མེས། །གཏུམ་དྲག་ཁྲོ་ཆུ་ཁོལ་རྒྱུན་བཞུ་བླུགས་པ། །འཇིགས་རུང་སྲིན་པོའི་གཟུགས་ཤར་ནག་པོ་ཆེས། །ཡུམ་ཆེན་རལ་གཅིག་སྲིང་མོ་འདོད་ཁམས་མས། །བསྟན་དང་བསྟན་འཛིན་སྐྱེས་བུ་འདུས་སྡེ་དར། །ས་སྤྱོད་སྐུ་ཚེ་མངའ་ཐང་ཆབ་སྲིད་རྒྱས། །འཁོར་འབངས་མཐའ་དག་(༡༩༡བ)


GLG018_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྐྱིད་དགའ་སྟོན་ལ། །སྤྱོད་པའི་འཕྲིན་ལས་རྣམ་བཞི་སྒྲུབ་པར་མཛོད། །དཀར། བྱིན་རླབས་ཟླ་འོད་འབུམ་འཛག་ག་བུར་རྡུལ། །ཕྱོགས་བརྒྱར་སྤྲོས་པའི་དྲི་ངད་འཐུལ་བ་ཡིས། །སྒྲིབ་གཉིས་དེ་འབྲས་ནད་གདོན་ཚ་བའི་དབལ། །ཉེར་བཅིལ་བསིལ་པའི་རེག་བྱས་ཚིམ་པར་མཛོད། །སེར། ཡིད་བཞིན་རིན་ཆེན་སྤྲིན་རུམ་སྟུག་པོ་ནས། །འཕྲིན་ལས་ཆར་རྒྱུན་བབས་པས་ལུང་རྟོགས་དང་། །ཚེ་དཔལ་བསོད་ནམས་མྱུ་གུ་དར་དྲག་རྩེར། །སྲིད་ཞིའི་ཡོན་ཏན་འབྲས་བུ་སྨིན་པར་མཛོད། །དམར། མ་བཏབ་དམར་འོད་ལྕགས་ཀྱུས་བཀུག་པའི་འགྲོ །མྱོས་ཡིད་བསྟན་པ་རང་དབང་དང་བྲལ་བ། །འཕྲོག་པའི་ཆོམ་རྐུན་ཙ་ཏུ་རྨུ་ཁ་ཡིས། །མགྲིན་སྔོན་སྐལ་བ་དང་མཉམ་མཆོག་སྦྱིན་ཞིག །སྔོན། དགྲ་བགེགས་ཁོག་པ་མཚོན་གྱིས་གཤགས་པའི་ཁྲག །དྲོད་རླངས་མ་ཡལ་ཐོད་པར་བླུགས་པའི་རྒྱུན། །ཧུབ་ཀྱིས་དྲངས་པས་རབ་དཀར་མཆེ་བའི་ངོས། །མཚམས་སྤྲིན་དབུ་བའི་དོ་ཤལ་འཁྲིགས་པར་མཛོད། །ལྗང་། སྣ་ཚོགས་པདྨའི་མལ་སྟན་འཇམ་པོ་ལ། །ཉལ་ཡང་ཟུག་རྔུས་མནར་པའི་དམ་ཉམས་ལུས། །འདམ་ལྟར་བརྫིས་པས་མ་ཚིམ་གླིང་བཞི་དང་། །རི་རབ་ཉི་ཟླ་གདན་བཏིང་ནག་པོ་ཆེ། །རྩ་ཞལ་ཆེམ་ཆེམ་རོ་ཟ་དྲག་ཁྲོས་མདངས། །སྟེང་ཞལ་དུད་ཁ་ཁྲོ་གཉེར་ཆེར་བསྡུས་ཀྱང་། །གཡོན་ཞལ་རྗེས་ཆགས་ཤུགས་ཀྱིས་གཡས་ངོས་ནས། །རབ་དཀར་ཞལ་ཁྱིམ་འཛུམ་བཞེད་དངོམ་(༡༩༢ན)


GLG018_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན། །གྲི་གུག་རལ་གྲི་རྩེ་གསུམ་མདུང་ཐུང་མཚོན། །ནམ་མཁར་གཟས་པས་བདུད་དཔུང་འདར་བའི་མོད། །ཐོད་པ་དུང་དཀར་མྱོས་བུམ་རྐང་གླིང་གིས། །སྒྲུབ་པོར་དངོས་གྲུབ་ཆར་ཆེན་འབེབས་པ་བཞིན། །ཞིང་གླང་སྟག་ཤུན་མགོ་འཕྲེང་སྦྲུལ་རུས་རྒྱན། །སྟང་ཟིལ་ལྷུན་པོར་སྤྲས་པ་སྲིན་པོའི་གཟུགས། །དུས་མཐའི་མེ་དཔུང་གྱོན་ནས་དགྲ་བགེགས་དཔུང་། །མངོན་སྤྱོད་ལས་ཀྱིས་ཕྱོགས་ཀུན་རྣམ་རྒྱལ་མཛོད། །མི་མཐུན་ཡོངས་ཞི་ཁམས་གསུམ་དབང་དུ་སྡུད། །ཆོས་སྲིད་ལེགས་ཚོགས་ཡར་ངོའི་ཟླ་བ་ལྟར། །འཕེལ་ཕྱིར་བགྲང་ཡས་སྤྲུལ་གང་འཕྲུལ་པོ་ཆེ། །མངོན་སུམ་སྟོན་པའི་སྒོ་འཕར་འབྱེད་དུ་གསོལ། །གདུག་ཅན་གནོད་སྦྱིན་ཡབ་ཡུམ་བཤོས་པའི་སྲས། །གཤིན་རྗེ་པུ་ཏྲ་མིང་སྲིང་རུ་འདྲེན་ཚོགས། །ལས་ཀུན་བསྒྲུབས་ལ་བརྔམས་པའི་སྟང་སྟབས་ཀྱིས། །ཚུར་སྤྱོན་དམ་ཚིག་གཉན་པོ་དྲན་པར་མཛོད། །བྱུ་རུའི་སྐྱེས་བུ་ཟངས་ཀྱི་བེག་ཙེ་ཅན། །སྲིང་མོ་རིག་པའི་ལྷ་མོ་ལྕམས་དྲལ་གཉིས། །ལས་མཁན་སྲོག་བདག་བཤན་པ་དྲེགས་པའི་ཚོགས། །དབང་དྲག་ཞི་རྒྱས་ལས་ཀུན་གཡེལ་མེད་སྒྲུབས། །ལྕགས་ཕོ་སྤྲེའུའི་ལོ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་ཆོས་རྒྱལ་མེས་དབོན་འགའི་གནྡྷོ་ལར་མཆོད་སྤྲིན་སྤྲོས་པའི་འཕན་དང་སྙན་ཤལ་གྱི་ཁ་བྱང་ངེད་རང་གི་མིང་དམིགས་བསལ་ཡོད་པ་དགོས་ཚུལ་ལྟར་བཀོད་པ་བསམ་པའི་རེ་སྐོང་། འཕན་གྱི་ཁ་བྱང་རྒྱལ་ཀུན་ཡེ་ཤེས་(༡༩༢བ)


GLG018_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འཕྲུལ་པོ་ཆེ། །གངས་ཅན་བསོད་ནམས་མགྲོན་དུ་གནྡྷོ་ལར། །ཡོངས་ཤར་ར་ས་རྟེན་དང་བརྟེན་པར་བཅས། །སྲོང་བཙན་ཐུགས་རྗེའི་མཚོར་ཤར་ཆུ་ཤེལ་དབང་། །ཟས་གཙང་སྲས་པོ་བཅུ་གཉིས་བགྲང་བྱ་རུ། །སླེབས་ཚད་ཞལ་ཁྱིམ་མཐོང་པས་ཡོངས་གྲོལ་བ། །རང་བྱོན་ལྔ་ལྡན་བྱམས་པ་ཆོས་འཁོར་སོགས། །ཡེ་ཤེས་སེམས་དཔའ་བཞུ་བླུགས་ཕ་མཐའ་ཡས། །རྣམ་འདྲེན་ཚོགས་ཀྱི་སྤྱན་སྔར་བཟང་གོས་འཕན། །གྱིས་མཚོན་ཉེར་སྤྱོད་ལ་སོགས་མཆོད་པའི་སྤྲིན་། །དབུ་འཛད་བློ་བཟང་ཡོན་ཏན་ལྷག་པའི་སེམས། །པད་རྩ་དུང་ལྟར་ཆེས་དཀར་གྱིས་ཕུལ་མཐུས། །བོད་དང་བོད་ཆེན་གསེར་ལྡན་དགའ་མའི་ལྟོར། །ཅི་འདོད་འཇོ་བ་ཕན་བདེའི་མངལ་གྱི་ཁུར། །ལྗིད་ཀྱིས་སྒོ་གསུམ་སིམ་པ་ཉལ་འགྲོའི་རྒྱུན། །གཏན་མདུན་ཟླ་བའི་མ་མར་རོ་གཅིག་ཤོག །ཚངས་སྲས་བཞད་པའི་ལུང་རིག་རྡོ་རྗེའི་མཚོན། །རྨོངས་ཆེན་འཁོར་བ་འཇིག་ལ་རབ་གདེངས་པར། །འཇམ་དབྱངས་དགའ་བའི་མགྲིན་འཁྱུད་བཤེས་གཉེན་མཆོག །ངག་དབང་བློ་བཟང་རྒྱ་མཚོ་འགྱུར་མེད་ཤོག །ཞྭ་སེར་འཆང་བའི་བཤད་སྒྲུབ་གྲིབ་བསིལ་དུ། །ཡིད་ཅན་མ་ལུས་བདེ་བར་ངལ་འཚོ་ཞིང་། །ས་སྤྱོད་རྒྱལ་པོའི་སྐུ་ཚེ་ཆབ་སྲིད་བརྟན། །མཚན་ཇུས་མངའ་ཐང་བླ་ནས་བླར་འཕེལ་ཤོག །རྒྱུ་སྦྱོར་སྦྱིན་པའི་བདག་པོ་གཙོར་གྱུར་པ། །འདིར་འབད་བྱེད་པོ་མཐའ་དག་དེང་ནས་བཟུང་། །བྱང་ཆུབ་བར་དུ་རྫོགས་ལྡན་གཅིག་པུ་ཡི། །ངང་(༡༩༣ན)


GLG018_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མངོན་སུམ་ཉམས་སུ་མྱོང་བར་ཤོག །ཤཱཀྱ་མུ་ནི། ཤཱཀྱ་སེང་གེའི་དངོས་ཞལ་མཐོང་བ་དང་། །མཚུངས་པའི་སྐྱོབ་པ་ཁྱོད་ཀྱིས་བདག་སོགས་འགྲོ །རྗེས་བཟུང་འདི་ཕྱི་གཏན་གྱི་མདུན་མ་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཐུགས་རྗེ་ཆེན་པོ། ཞི་རྒྱས་དབང་དང་དྲག་པོའི་ཞལ་བསྐྱིན་ལས། །འཕྲོས་པའི་འོད་ཀྱིས་ཡིད་སྲུབས་མཐར་བྱས་ཏེ། །ཆོས་དཀར་སྣང་བས་འཇིག་རྟེན་གསུམ་ཁྱབ་པར། །མཛོད་ཅིག་འཕགས་མཆོག་ནམ་མཁའི་རྒྱལ་པོ་ཀྱེ། །བྱམས་པ་ཆོས་འཁོར། བྱམས་པའི་ཆུ་ཀླུང་ཨརྒྷ་རིས་བྲལ་ལ། །ཉེར་སྦྲེངས་བསིལ་པའི་རེག་བྱས་བདུད་ཀྱི་སྙིང་། །ཚ་བས་གདུང་བྱེད་སྔོན་མེད་སྒྱུ་མ་ཡིས། །མཁའ་མཉམ་སེམས་ཅན་མཐའ་དག་རྗེས་སུ་བཟུང་། །རྗེ་བླ་མ། བློ་བཟང་གྲགས་སྙན་ལུང་རྟོགས་ཤེས་བྱ་ཡི། །སྲང་ལ་བཏེག་ཚེ་རྒྱལ་ཀུན་ཡོན་ཏན་རྡོས། །ཡོ་བར་ནུས་མིན་རྣམ་དག་བསྟན་པ་ལ། །ཚེ་རབས་ཀུན་འཇུག་སྨོན་ལམ་ལྷུན་གྲུབ་ཤོག །དཔལ་ལྷ། གཤིན་རྗེའི་སྦྱོར་ཡུམ་དབྱིངས་ཕྱུག་དགྲ་བགེགས་གཤེད། །སྲིད་པའི་རྒྱལ་མོར་བསྟན་ཀྱང་དམ་ལྡན་ལ། །དགྱེས་ཞལ་ཚེམས་དཀར་ཟེའུ་འབྲུ་དངོམ་མཛད་མ། །ལྷ་མཆོག་དུང་སྐྱོང་དབང་མོས་རྟག་ཏུ་སྲུངས། །ར་མོ་ཆེའི་ཇོ་བོ། ཁྱོད་ཞལ་མཐོང་ལ་མི་ཕྱེད་དད་པའི་འབྲས། །ཚེ་རབས་ཀུན་ཏུ་སངས་རྒྱས་རྗེས་དྲན་པའི། །བག་ཆགས་བཟང་པོའི་མཚམས་སྦྱོར་ཆད་མེད་དུ། །བདག་སོགས་སེམས་(༡༩༣བ)


GLG018_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ལ་སྩོལ་ཞིག་གུ །བསེ་གདོང་མ། ཆོས་ཀྱི་དབྱིངས་ནས་ཞི་ཡང་ཐུབ་པའི་བསྟན། །བསྲུང་བར་གཏུམ་ཆེན་ལེགས་ལྡན་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་བཅས་པས་ཞི་རྒྱས་དང་། །དབང་དྲག་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །བསམ་ཡས་འཕན་གྱི་ཁ་བྱང་། རི་རབ་གླིང་བཞི་གླིང་ཕྲན་ཁོར་ཡུག་རྣམས། །གངས་ཅན་འཛིན་མར་ཤོང་བའི་མིག་གི་འཕྲུལ། །བྱེད་པོ་མཁན་སློབ་ཆོས་གསུམ་རྣམ་པར་ཐར། །འཕགས་ཡུལ་ཐུབ་བསྟན་ཁེངས་པ་ཐུང་ངུར་བྱེད། །བགྲང་ཡས་རྒྱལ་དང་དེ་སྲས་ཉན་རང་སོགས། །ངོ་མཚར་བཀོད་པ་རྒྱ་མཚོ་བྲིས་འབུར་རྟེན། །ཚོན་རྒྱས་ཉེ་བའི་དངས་ཤེལ་རྗེས་འགྲོ་བ། །ལུས་ཅན་ཡོངས་ཀྱི་བསོད་ནམས་བྱ་བའི་ཞིང་། །རྣམ་འདྲེན་ཚོགས་ཀྱི་སྤྱན་སྔར་བཟང་གོས་འཕན། མན་ཆོད་གོང་ལྟར། །བྱང་ཆུབ་ཆེན་པོ། ཙན་དན་བྱུགས་པས་མཉེ་དང་སྟེའུའི་ཁ། །གཟས་པར་གཅིག་ཏུ་མཉམ་པའི་མགོན་ཁྱོད་ཀྱིས། །བདག་སོགས་འགྲོ་རྒྱུད་དུག་གསུམ་ནད་སེལ་བའི། །བྱིན་རླབས་སྨན་གྱི་ཆུ་བོས་བརླན་པར་མཛོད། །བར་ཁང་། སྔོན་བྱོན་ད་ལྟར་བཞུགས་དང་འབྱུང་འགྱུར་གྱི། །སངས་རྒྱས་རྣམས་ཀྱིས་བརྩེ་བས་ཉེར་གཟིགས་སྤྱན། །དཀྱུས་རིང་འཁོར་བའི་ཕ་མཐའ་རྫོགས་མིན་པར། །རྒྱུད་ལྔའི་ལུས་ཅན་ཀུན་ལ་བཙའ་བར་མཛོད། །སྟེང་ཁང་། མཆོག་དམན་དབང་ཤེས་ཡུལ་དུ་ཁྱོད་ཞལ་ཟླ །ཕྱོགས་མཚམས་གང་གི་དངས་མཚོར་(༡༩༤ན)


GLG018_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་མཚོན་པ། །རྣམ་པར་སྣང་མཛད་སྐུ་ཡི་བཀོད་པ་གང་། །སྐྱེ་བར་སྙིང་གི་མེ་ལོང་ངོས་གསལ་ཤོག །ཉི་མ་གླིང་། མེ་ཏོག་མདའ་ཅན་ནེ་རུ་ཀ་ཡི་འཕྲུལ། །མི་དགེ་སྣ་ཚོགས་ལས་ཀྱིས་མ་བརྡར་བར། །བསོད་ནམས་ནམ་མཁའི་ནོར་བུའི་དཀྱིལ་འཁོར་གྱིས། །འཇིག་རྟེན་གསུམ་གྱི་སྨག་རུམ་གཞིལ་བར་ཤོག །ཟླ་བ་གླིང་། ཆུང་ངུའི་ལེགས་བྱས་ཆ་ཕྲ་ཚེས་པའི་ཟླ། །ཆེས་གོམས་ཞག་གིས་འཕེལ་བའི་ཚོགས་གཉིས་ཀྱི། །དཀྱིལ་འཁོར་ཆ་ཤས་རྫོགས་པའི་བདག་གཞན་དོན། །ཨུ་ཏྤལ་དཀར་པོའི་འདབ་བརྒྱ་བཞད་པར་ཤོག །འཇམ་དཔལ་གླིང་། སངས་རྒྱས་ཀུན་གྱི་ཡབ་གཅིག་འཇམ་དཔལ་དབྱངས། །མཁྱེན་པའི་རལ་གྲི་རྣོན་པོས་མཁའ་མཉམ་འགྲོའི། །རྨོངས་པའི་དྲ་བ་བཅད་ནས་ཤེས་རབ་ཀྱི། །སྣང་བས་བླང་དོར་བལྟ་བ་མིག་ཡངས་མཛོད། །ཨཱ་ཪྻ་པ་གླིང་། ཉེ་རིང་དང་བྲལ་ཐུགས་རྗེ་འགྲོ་ཀུན་ལ། །འཇུག་པ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གིས། །ཆེར་སྙིགས་ལྔ་བདོའི་འགྲོ་བ་འདྲེན་པ་ལ། །འགྱུར་མེད་དམ་བཅའི་རི་མོ་དེང་གསལ་མཛོད། །བྱམས་པ་གླིང་། བྱམས་དང་བརྩེ་བའི་དཔུང་གིས་བདུད་བཞིའི་གཡུལ། །བཅོམས་ནས་བྱང་ཆུབ་མངོན་དུ་མཛད་ཇི་བཞིན། །བདག་སོགས་སེམས་ཅན་མཐའ་དག་རིང་མིན་དུ། །རྗེ་བཙུན་ཁྱོད་ཀྱི་རྣམ་ཐར་འཛིན་བྱིན་རློབས། །སེམས་བསྐྱེད་གླིང་། ཆོས་བརྒྱད་སྣང་བ་བཀྲག་(༡༩༤བ)


GLG018_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་ཡི་བརླན། །ནམ་ཡང་མ་གོས་ཆགས་བྲལ་པདྨའི་སྟེང་། །མཚན་དཔེའི་སྨན་གྱི་ཆུ་བོ་འཛད་མེད་ཀྱིས། །སྐྱེ་རྒུའི་ཉོན་མོངས་ནད་བརྒྱ་གཞིལ་བར་ཤོག །ཁྲིམས་ཁང་གླིང་། སྐྱེ་བར་སངས་རྒྱས་བསྟན་ལ་རབ་ཞུགས་ནས། །བག་ཡོད་ལྕགས་ཀྱུ་རང་སེམས་གླང་པོའི་སྣར། །བཏབ་སྟེ་རྣམ་དག་བསླབ་པའི་ཚུལ་ཁྲིམས་དྲིས། །མ་ལ་ཡ་རླུང་ངད་པའི་ཁེངས་འཕྲོག་ཤོག །བརྡ་སྦྱོར་ཚང་མང་གླིང་། སངས་རྒྱས་སྲས་དང་སློབ་མར་བཅས་པ་རྣམས། །རྟག་ཏུ་མཆོད་པའི་སྙིང་སྟོབས་མ་ག་དྷ། །བཟང་མོའི་ཁུར་ཆེན་བདག་གིས་འཛིན་ནུས་པའི། །རྣམ་དག་སྨོན་པའི་འབྲས་བུ་དེང་འགྲུབ་ཤོག །བདུད་འདུལ་སྔགས་པ་གླིང་། ཡིད་སྲུབས་སྡེ་བཅས་སྙིང་ག་འབིགས་པའི་མཚོན། །མཐུ་སྟོབས་རྡོ་རྗེ་འབར་བའི་ལྕགས་རི་ཡིས། །བསྟན་འགྲོའི་ལེགས་བྱས་སྲིད་མཐར་བསྲུང་བའི་གོ ། བཙན་པོའི་རིན་ཆེན་ཕ་ལམ་རྗེས་འགྲོར་ཤོག །སྒྲ་བསྒྱུར་རྒྱ་གར་གླིང་། འཕགས་ཡུལ་གསུང་རབ་དགོངས་འགྲེལ་གངས་ཅན་འདིར། །བསྒྱུར་ཟིན་འགྱུར་བཅོས་ཚིག་དང་དོན་གྱི་ཆ། །ཐོས་བསམ་སྒོམ་པར་བྱེད་པའི་སྐལ་ལྡན་གྱིས། །ཀུན་བཟོད་ཡངས་པོའི་མཐའ་ཡང་དོག་པོར་ཤོག །བཻ་ཙ་གླིང་། མཐའ་ཀླས་འགྲོ་བའི་དབང་པོར་འཚམ་པའི་ཆོས། །འགལ་མེད་རྟོག་ནས་སངས་རྒྱས་སྒྲུབ་ལུང་དུ། །ཤར་བས་རྒྱལ་བའི་དགོངས་དོན་རྙེད་པའི་འབྲས། །རྣམ་སྨིན་ནག་པོས་ནམ་ཡང་གོས་མིན་ཤོག །བསམ་གཏན་གླིང་། དུག་གསུམ་(༡༩༥ན)


GLG018_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

གླང་མོའི་དྲི་ཚོར་རྗེས་བསྙེག་པ། །སེམས་ཀྱི་གཉིས་འཐུང་དྲན་ཤེས་ལྕགས་ཀྱུ་ཡིས། །རབ་བཏབ་གཡོ་མེད་ཞི་ནས་དངས་མཚོའི་དབུས། །གནས་ལུགས་ཟླ་བའི་གཟུགས་བརྙན་འཆར་བར་ཤོག །རིན་ཆེན་གླིང་། འཇུངས་པའི་རྒྱ་བྲལ་བདོག་པའི་གྲུ་ཆར་གྱིས། །དབུལ་ཕོང་ས་གཤེར་འབྱོར་པ་སྙེ་མའི་འབྲས། །ཡང་སྲིད་མང་པོར་སྨིན་པ་རིན་པོ་ཆེའི། །བང་མཛོད་སྐྱེ་བ་ཀུན་ཏུ་ལོངས་སྤྱོད་ཤོག །དཀོར་མཛོད་གླིང་། མཐའ་བཞིའི་ལས་སྒོ་ལྗོངས་འདིར་ཡོངས་ཕྱེ་ནས། །སྲིད་པའི་དངོས་ཀུན་འབད་མེད་དབང་སྡུད་པར། །མེས་དབོན་ཆོས་ཀྱི་རྒྱལ་པོའི་བཞེད་པའི་དོན། །འཁོར་བ་མཐའ་ཅན་དེ་སྲིད་ལྷུན་གྲུབ་ཤོག །ཁྲུས་ཁང་གླིང་། ཡ་མཐའ་མི་མངོན་འཁོར་འཁྱམས་རྟེན་རྣམས་ལ། །བསགས་པའི་ཀུན་འབྱུང་དེས་བསྐྱེད་སྡུག་བསྔལ་བདེན། །དྲི་མ་བག་ཡོད་ཆུ་ཡིས་བཀྲུས་པའི་ལྷག །ནམ་མཁའི་པདྨོས་མཚོན་མིན་འཇམ་མཉེན་ཤོག །ཚང་མང་ཀེ་རུ་གླིང་། ལོ་པཎ་བསོད་ནམས་ཞིང་དུ་རྒྱལ་བློན་གྱིས། །སྲི་ཞུ་རྒྱལ་བ་ཁྱུ་མཆོག་སྐྱེངས་པའི་གཏམ། །རླུང་དུ་མ་བསྐུར་དེ་ཡང་རྐང་མགྱོགས་ཀྱི། །སྙིང་སྟོབས་ཕྲག་པར་ཁུར་དུ་ལྕི་བར་ཤོག །མཐུ་རྩལ་ཀླུ་གླིང་། ཀླུ་གཉན་ས་བདག་དུག་མུན་མཐར་བྱས་ནས། །སིམ་པའི་ཚོར་བ་རབ་གསལ་སྣང་སྟེར་མཁན། །གསང་བདག་ཉི་མ་བོད་འབངས་དཔུང་གཉེན་ལམ། །བཅུ་གཉིས་གོ་ལར་ཆད་པ་མེད་རྒྱུ་ཤོག །ཁམས་གསུམ་གླིང་། མགོན་ཁྱོད་སྐུ་གསུང་(༡༩༥བ)


GLG018_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཡོན་འཕྲིན་ལས་ལ། །བཅོས་མིན་དད་པ་རླུང་ཤུགས་ཀྱིས་བསྐུལ་བས། །སྲིད་ཞིའི་ཚ་གདུང་འཇོམས་པའི་ཙནྡན་དྲི། །འཐུལ་བའི་རེག་བྱ་སྙིང་ལ་སིམ་པར་ཤོག །བུ་ཚལ་གླིང་། སྒྱུ་མའི་ཁེངས་འཕྲོག་ཁྱད་འཕགས་བཟོ་ཡི་འཕྲུལ། །སྤྲུལ་པའི་ཁངས་བཟང་ས་ལ་མངོན་སུམ་པ། །རྟེན་དང་བརྟེན་པར་བཅས་ལ་རི་མོ་རུ། །བགྱིས་མཚོན་ཚེ་རབས་ཀུན་ཏུ་བྱེད་ནུས་ཤོག །ངེས་པ་ལྔ་ལྡན་ཚུལ་ལ་མ་བལྟོས་པར། །གངས་ཅན་དཔལ་མོའི་མགྲོན་བྱོན་མཆོག་དམན་དང་། །བར་པའི་འགྲོ་རྗེས་འཛིན་པ་སྔོན་མེད་ཀྱི། །མགོན་པོ་ཐུགས་རྗེ་ཅན་ཀྱེ་བདག་རྗེས་བཟུང་། །པེ་ཀར་དྲེགས་པའི་དམག་དཔོན་ལི་བྱིན་ཧ་ར་དང་། །བཀའ་སྡོད་བཙན་རྒོད་དམར་པོ་ཙི་དམར་བས། །བོད་ཡུལ་བསྟན་དང་རྗེ་འབངས་མ་ལུས་པ། །པདྨ་ཀཱ་རའི་ལུང་བཞིན་བསྲུང་སྐྱོབ་མཛོད། །ཁྲ་འབྲུག་གི་འཕན། མ་རུངས་གདེངས་ཅན་ནག་པོའི་ཆོ་འཕྲུལ་ལས། །རྒྱ་ཁྲའི་ལུས་བསྟན་མགོ་ལྔ་འབྲུག་གི་སྐད། །དྲག་པོར་སྒྲོག་པ་བཏུལ་པའི་ས་གཞི་ལ། །སྐྱེ་རྒུའི་ཆོས་དཀར་བྱེ་བའི་ཞིང་གི་ཕུལ། །བགྲང་ཡས་རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །འཁོར་ཚོགས་ཀུན་གསལ་འགྲམ་པར་རྒྱུ་སྐར་བཞིན། །རབ་ཏུ་བཀྲ་བ་ཨ་ཧོ་བདག་སོགས་ཀྱི། །མགོན་སྐྱབས་གླིང་དང་གཉེན་དུ་བྱོན་འདི་སྤྲོ། །རྣམ་འདྲེན་ཚོགས་ཀྱི་སྤྱན་སྔར་བཟང་གོས་འཕན། །མན་གོང་བཞིན་ལེན། གཙང་ཁང་། ཇི་སྲིད་འཁོར་བ་མཐའ་ཅན་(༡༩༦ན)


GLG018_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དོན། །གཟུགས་སྐུ་གཡོ་མེད་ལོངས་སྤྱོད་རྫོགས་པའི་སྐུ། །སེམས་དཔའ་བཅུར་བཅས་འཁོར་ཚོགས་རྒྱ་མཚོ་ཡིས། །བརྩེ་ཆེན་ཐུགས་རྗེའི་ལྕགས་ཀྱུས་བཟུང་ཞིག་གུ །ཚངས་པ། ཡབ་གཅིག་ཚངས་པ་ཆེན་པོ་གནམ་གྱི་ལྷ། །ལས་བསྒྲུབ་བཤན་པ་མངག་བཞུག་ཀིངྐ་རས། །རྒྱལ་བསྟན་དེ་མཆོད་མི་བདག་མངའ་འབངས་བཅས། །རྟག་ཏུ་སྐྱོང་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཡོམ་བུ་གླ་སྒང་གི་འཕན་གྱི་ཁ་བྱང་། རྣམ་འདྲེན་ཐུགས་རྗེའི་གཟུགས་བརྙན་མངོན་སུམ་དུ། །ཕོ་བྲང་རྩེ་མོར་བབས་པས་བསྟན་པའི་དབུ། །ལེགས་བརྙེས་རྟེན་དང་བརྟེན་པའི་ལྕགས་ཀྱུ་ཡིས། །འཁོར་འདས་ཡོན་ཏན་འགུགས་པའི་བྱེད་པོ་བཞིན། །རྣམ་འདྲེན་ཚོགས་ཀྱི་སྤྱན་སྔར་ཞེས་པ་མན་ལེན། །ལྕགས་ཕོ་སྤྲེའུའི་ལོ་སྣེའུ་གདོང་རྩེ་ནས་ས་སྐྱོང་བློ་བཟང་སྦྱིན་པས་ཁྲ་འབྲུག་གཙུག་ལག་ཁང་གི་རྟེན་བརྟེན་པ་ལ་ན་བཟའ་བླ་བྲེ་འཕན་སོགས་ཕུལ་པའི་ཁ་བྱང་ཡོངས་འདུའི་སྙེ་མ། ཁྲ་འབྲུག་མཆོད་ཁང་ཆེན་པོ་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་མཚན་དཔེའི་གཟི། །འབར་བས་གཏི་མུག་འདོད་ཆགས་སེར་སྣའི་མུན། །མཐར་བྱེད་སྣང་མཛད་མཐའ་ཡས་རིན་ཆེན་འབྱུང་། །ཉེ་སྲས་བརྒྱད་ཀྱིས་བསྐོར་བའི་གནྡྷོ་ལར། །དངོས་འབྱོར་ཡིད་སྤྲུལ་ཀུན་ཏུ་བཟང་པོ་ཡི། །རྣམ་པར་ཐར་པའི་མཆོད་སྤྲིན་ནམ་མཁའི་མཐའ། །རབ་འབྱམས་རྡུལ་གྱིས་མཚོན་མིན་ལྷག་པའི་སེམས། །པད་རྩ་ལྟ་བུར་བསྐྲུན་པའི་དགེ་ལེགས་ཀྱིས། །བསྟན་འགྲོ་(༡༩༦བ)


GLG018_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་བདེ་དེ་འཛིན་ཞབས་པད་བརྟན། །ས་སྤྱོད་སྐུ་ཚེ་མངའ་ཐང་ཆབ་སྲིད་སྤེལ། །སྲིད་ཞིའི་ཡོན་ཏན་གང་ཐོབ་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །ཆོས་རྒྱལ་ལྷ་ཁང་། རིགས་གསུམ་འགྲོ་ལ་རྗེས་ཆགས་ཆོས་ཀྱི་རྒྱལ། །སྲོང་བཙན་སྒམ་པོ་བཙུན་མོ་བློན་པོར་བཅས། །གངས་ལྗོངས་སྐྱེ་རྒུ་སྔར་རྗེས་བཟུང་ཇི་བཞིན། །སླད་མར་ཐུགས་རྗེའི་འཇུག་པ་ཆད་མེད་ཤོག །རྟ་མགྲིན་ལྷ་ཁང་། དྲག་པོའི་རྟ་སྐད་ཐེངས་གཅིག་བསྒྲགས་པའི་མོད། །སྲིད་གསུམ་བདུད་ཚོགས་མཐར་བྱེད་ཁྲོ་གཏུམ་ཡང་། །བྱམས་བརྩེའི་གཤེར་གྱིས་བརླན་པའི་བདེ་སྐྱིད་ཀྱི། །མྱུ་གུ་གསར་པའི་དགའ་སྟོན་བསྐྱེད་པར་མཛོད། །སྤྱན་རས་གཟིགས་ལྷ་ཁང་། ལྐོག་གྱུར་སྒྲིབ་བྲལ་མཁྱེན་ཐུགས་ཨཱ་དརྴ། །མཚོན་ཕྱིར་རབ་གསལ་སྤྱན་སྟོང་རིགས་དྲུག་ལ། །གཟིགས་པ་ནམ་ཡང་མི་གཡེལ་འཇིག་རྟེན་གྱི། །མགོན་པོའི་ཕྱག་རིང་སྐྱེ་རྒུའི་གཙུག་ཏུ་ཁྱོངས། །བཅུ་གཅིག་ཞལ་གཙོ་གྱུར་ལྷ་ཁང་། ཕྱག་ན་པདྨའི་རྣམ་པར་འཕྲུལ་པོ་ཆེ། ཁྲོ་ཆགས་རྒྱས་ཞིའི་བཅུ་གཅིག་ཞལ་གྱི་ཁྱིམ། །འགྲོར་དངོམ་ངན་སོང་ཡིད་ཅན་བདེ་འགྲོ་ལ། །འདྲེན་པའི་སྙིང་སྟོབས་བསྐྱེད་པར་བདག་གསོལ་འདེབས། །ཕྱག་བཞི་པའི་མགོན་ཁང་། བདེ་མཆོག་འཁོར་ལོ་དགྲ་བགེགས་གཤེད་མ་རུ། །བྱ་རོག་མཚན་ཅན་ཁྲག་འཐུང་ནག་པོ་ཆེ། །ཙཎྜི་ཀ་དང་གདོང་བརྙན་མཁའ་འགྲོ་བརྒྱད། །དམ་ཅན་རྒྱ་མཚོས་ཐུབ་པའི་བསྟན་པ་སྤེལ། །མཆོད་ཁང་གསར་པ། སྣང་མཐའ་(༡༩༧ན)


GLG018_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པད་འབྱུང་འཇམ་དཔལ་སྙིང་པོའི་ཞབས། །ཁྱད་པར་སྙིགས་མའི་འགྲོ་ལ་ཐུགས་རྗེའི་དཔུང་། །མཐོར་བརྩེགས་བདེ་བར་བཤེགས་པ་མཆེད་བརྒྱད་ཀྱིས། །རྩོད་དུས་རྫོགས་ལྡན་གསར་པར་བསྒྱུར་བར་མཛོད། །ཚེ་དཔག་མེད་ལྷ་ཁང་མཚན་སྙན་མ་ལ་ཡ་དྲི་སྣོམ་ཙམ་གྱིས། །འཆི་བདག་ཚ་གདུང་མཐར་བྱེད་རྣམ་འདྲེན་གྱི། །བྱིན་རླབས་ནོར་ལྷའི་ཚོགས་ཀྱིས་འདོད་དགུའི་ཆར། །ཕབ་ནས་དབུལ་ཕོངས་གདུང་བ་ཕ་མཐར་མཛོད། །སེམས་ཉིད་ལྷ་ཁང་སེམས་ཉིད་མ་འདྲིས་ཀུན་ལ་རབ་བརྩེ་བས། །འགྲོ་རྣམས་དུཿཁའི་ཐང་ལས་ངལ་གསོ་བའི། །གྲུ་འཛིན་གནས་ལ་དགྱེས་པ་ལྷ་གཅིག་གིས། །སྤྱན་རསགཟིགས་པས་རྟག་ཏུ་བཙའ་བར་མཛོད། །བདེ་གཤེགས་ལྷ་ཁང་རྒྱལ་སྲས་མུ་ཁྲི་བཙན་པོའི་ཡི་དམ་ལྷ། །སྨན་གྱི་བླ་མ་བཻ་ཌཱུ་ཪྻ་ཡི་འོད། །མཆེད་པོར་བཅས་པས་མདོ་ལས་ཞལ་འཆེས་པའི། །འབྲས་བུ་ཇི་བཞིན་མངོན་སུམ་བདག་ལ་སྩོལ། །ཨོ་རྒྱན་ང་འདྲ་ལྷ་ཁང་། སངས་རྒྱས་གཉིས་པ་པདྨ་ཀཱ་ར་ཡིས། །ང་འདྲར་ཞལ་བཞེས་མཐོང་བས་རྣམ་གྲོལ་མཐུས། །པུར་རྒྱལ་བོད་རྗེ་འཛིན་པར་སྲིན་ཡུལ་ནས། །ལྷོད་མེད་དངོས་དང་སྤྲུལ་པ་རྟག་འབྱོར་མཛོད། །མན་ཁང་ལྷ་ཁང་། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེ། །འཇམ་མགོན་སྤྱན་རས་གཟིགས་དབང་གསང་བའི་བདག །དངོས་དང་སྤྲུལ་པའི་རྒྱལ་བློན་ལོ་པཎ་སོགས། །སྐྱེ་རྒུའི་གདུང་སེལ་རྒྱུན་དུ་ཆད་མེད་ཤོག །(༡༩༧བ)


GLG018_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཁང་། དཔལ་ལྡན་ཚངས་པ་སྤྲུལ་པའི་རྒྱལ་པོ་ཆེའི། །ལས་མཁན་གསེར་སྐུ་དམག་ཚོགས་ཀིངྐ་རས། །བདག་སོགས་རྣམས་ཀྱི་བསམ་པའི་དོན་མ་ལུས། །ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་མཛོད། །ལྕགས་སྤྲེ་སྣེའུ་གདོང་རྩེ་ནས་ས་སྐྱོང་བློ་བཟང་སྦྱིན་པས་ཡོམ་བུ་བླ་སྒང་དང་བསམ་ཡས་སུ་མཆོད་འབུལ་གྱི་ཚེ་སྙན་ཤལ་ཁ་བྱང་ཚོགས་གཉིས་རླབས་འཕྲེང་། ཡོམ་བུ་གླ་སྒང་། ཐོ་རི་གཉན་བཙན་སྐུ་མཁར་ཡང་རྩེའི་སྟེང་། །རྒྱལ་བསྟན་དབུ་བསྙེངས་རྟེན་འབྲེལ་ཐོག་མའི་སྒོ །འགྲིག་པའི་སྙིང་པོ་བཤད་སྒྲུབ་ལེགས་དར་རྒྱུན། །བྱམས་བསྟན་ཟླ་བའི་མ་མ་དང་འབྲེལ་ཤོག །བསམ་ཡས་བྱང་ཆུབ་ཆེན་པོ། འཕགས་པའི་ཡུལ་གྱི་མ་ཧཱ་བོ་དྷི་དངོས། །ལྗོངས་འདིར་ཁྲི་སྲོང་ཐུགས་རྗེའི་ལྕགས་ཀྱུ་ཡིས། །ཉེར་བཀུག་བུ་རམ་ཤིང་པའི་འཇམ་མཉེན་ཕྱག །ཁྱོངས་ལ་འཇིག་རྟེན་གསུམ་དབུགས་དབྱུང་བར་མཛོད། །བར་ཁང་། འདས་དང་མ་འོངས་ད་ལྟའི་འཁོར་བ་འདིར། །ཟོ་ཆུན་འཁྱུད་ལྟར་འཁྱམས་འགྲོ་འདྲེན་པའི་ཆེད། །དུས་གསུམ་སྟོབས་བཅུ་མངའ་བའི་ཟློས་གར་ཅན། །ཀུན་ལ་སྐྱབས་སུ་གསོལ་ན་ཐུགས་རྗེས་གཟིགས། །སྟེང་ཁང་། རྒྱལ་བའི་ཞལ་བསྐྱིན་ཕྱོགས་ཀྱི་མེ་ལོང་དུ། །འཆར་མཚོན་མི་བཞི་རྒྱབ་སྤྲོད་ལྟ་བུའི་སྐུ། །བསྟན་སྲོག་ཟབ་གཏེར་སྙིང་མཛོད་དཀྱིལ་འཁོར་གྱིས། ཁ་བའི་སྨན་ལྗོངས་བདེ་སྐྱིད་དཔལ་ལ་སྦྱོར། །ཉི་མ་གླིང་། བརྒྱ་ཕྲག་ཉེས་པ་(༡༩༨ན)


GLG018_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མིན་སྒྲ་གཅན་གྱིས། །སྐྱེ་རྒུའི་ལེགས་ཚོགས་ཉི་མ་བསྐལ་པའི་བར། །མ་བསྒྲིབས་སིམ་པའི་ཚོར་བ་འདབ་སྟོང་དབུས། །བགྲང་ཡས་ཡོན་ཏན་སྦྲང་རྩི་འཛག་པར་ཤོག །ཟླ་བ་གླིང་། སྲིད་པའི་བདེ་སྡུག་ཆ་ཤས་འཕེལ་འགྲིབ་དང་། །བྲལ་བའི་གཏན་མདུན་དཀྱིལ་འཁོར་དུས་ཀུན་ཏུ། །ཉ་གང་ཡང་སྲིད་འཕྲེང་བར་ཀཏྤུ་རའི། །རེག་བྱའི་མཛའ་མོ་སྙིང་ལ་འཁྱུད་པར་ཤོག །འཇམ་དཔལ་གླིང་། རྨོངས་ཆེན་འཁོར་བར་འཁྱམས་པའི་དྲ་བ་ཀུན། །ཤེས་རབ་རལ་གྲི་རྣོན་པོས་ཡོངས་བཅད་ནས། །མི་གནས་མྱ་ངན་འདས་པའི་གྲོང་འཇུག་པར། །འཇམ་མགོན་ཐུགས་རྗེའི་སྤྱན་གྱིས་རྟག་གཟིགས་མཛོད། །ཨཱ་ཪྻ་པ་གླིང་། སེམས་ཅན་ཡོད་དོ་ཅོག་རྣམས་འཁོར་བ་ལས། །མ་དྲངས་བར་དུ་བྱང་ཆེན་ཐེམ་སྐས་ལ། །འཛེགས་མིན་དམ་བཅའ་ཇི་བཞིན་དུས་དྲུག་ཏུ། །གྲུ་འཛིན་རི་བོའི་སྤོ་ནས་གཟིགས་སུ་གསོལ། །བྱམས་པ་གླིང་། བསྐལ་མང་ཏེ་སེའི་གཙུག་ཏོར་མཐོན་པོ་ནས། །སྙིང་རྗེའི་གངྒཱ་ཆད་པ་མེད་བབས་པས། །དུག་གསུམ་དྲི་འཁྲུད་ཞབས་བསིལ་ལྷ་གོས་རྩེར། །ཕན་བདེའི་རྒྱལ་མཚན་ཏོག་ཏུ་དར་བར་ཤོག །སེམས་བསྐྱེད་གླིང་། རང་བདེར་གཞོལ་བའི་དམན་ལམ་གཞན་ཕན་སེམས། །གོམ་གཅིག་གིས་བགྲོད་རྒྱལ་སྲས་སྤྱོད་པའི་ཁྱུང་། །ཞོན་ནས་ཐར་པའི་ལྷ་ལམ་གཅོད་བྱེད་པ་། །སྙིང་སྟོབས་འཇུག་པ་བཅུ་ཡི་མཐར་སོན་ཤོག །ཁྲིམས་ཁང་གླིང་། སྲིད་པའི་ཕུན་(༡༩༨བ)


GLG018_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀུན་ལ་དུག་སྦྲུལ་གྱིས། །ཚང་ལྟར་ཉེས་བརྒྱའི་གནས་རིག་ངེས་འབྱུང་མཐུས། །སྡོམ་གསུམ་རིམ་ནོད་རྣམ་དག་བསླབ་ཁྲིམས་འབྲས། །ལྷ་མིའི་རྟེན་བརྒྱུད་ངེས་ལེགས་སར་འཁྲིད་ཤོག །བརྡ་སྦྱོར་ཚང་མང་གླིང་། སྲིད་པའི་འཆིང་དང་བྲལ་ཡང་གདུལ་བྱ་རྣམས། །ཚོགས་ཆེན་རྫོགས་སླད་མཆོད་པས་རབ་ཚིམ་པའི། །སྔོན་བྱུང་ཇི་བཞིན་བདག་སོགས་ཀྱིས་ཕུལ་ཀུན། །རང་གིར་མཛད་ནས་སྐྱེ་བར་འབྲས་མྱོང་མཛོད། །བདུད་འདུལ་སྔགས་པ་གླིང་། དཔལ་ཆེན་ཁྲོས་པའི་སྐུ་སྨད་ཕུར་པའི་དབལ། །རྡོ་རྗེའི་ཚ་ཚ་འཕྲོ་བ་རྣོན་པོའི་རྩེས། །དགྲ་བགེགས་དཀར་ནག་སྙིང་མཚམས་ཐལ་ཕྱུང་དུ། །ཕུབ་ནས་ཕྱོགས་ལས་རྣམ་པར་རྒྱལ་བར་ཤོག །སྒྲ་བསྒྱུར་གླིང་། ལེགས་སྦྱར་ལྷ་ཡི་སྐད་ལས་ཐུབ་གསུང་རྣམས། །བསྒྱུར་དང་འགྱུར་བཅོས་འཆད་ཉན་ལ་བརྟེན་ནས། །ཟས་གཙང་སྲས་ཀྱི་རིང་ལུགས་འཛམ་གླིང་དུ། །ཁྱབ་པའི་རྣམ་ཐར་བདག་གིས་འཛིན་ནུས་ཤོག །བཻ་ཙ་གླིང་། ལུས་ཅན་རྣམས་ཀྱི་རྒྱུད་ལ་ཐོག་མེད་ནས། །ཟུག་པའི་སྡིག་ལྟུང་ལས་ངན་ཚེར་མ་ཀུན། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཆ་དཔྱད་ཀྱིས། །དབྱུང་ནས་སྒོ་གསུམ་དགེ་བའི་ལམ་ལ་ཁོད། །བསམ་གཏན་གླིང་། རྩེ་གཅིག་ཞི་གནས་རྒྱུད་ལས་ལྷག་མཐོང་མདའ། །ཉེར་དྲངས་བདག་འཛིན་འབེན་ལ་རབ་བསྣུན་པས། །ཐར་པའི་ལམ་དུ་བཀྲི་ནུས་ཏིང་ངེ་འཛིན། །ཀླུ་སྒྲུབ་དགོངས་(༡༩༩ན)


GLG018_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཇི་བཞིན་ཉམས་ལེན་ཤོག །རིན་ཆེན་གླིང་། ཕོངས་པའི་ལུས་ཅན་མཐའ་དག་ལང་འཚོའི་ཆེད། །གཏན་པ་མེད་པའི་མཆོད་སྦྱིན་རླབས་པོ་ཆེ། །གཏོང་བར་ཐམས་ཅད་སྒྲོལ་སོགས་དམ་པ་དང་། །ཉེར་མཚུངས་སྦྱིན་པའི་ཕ་རོལ་རྫོགས་པར་ཤོག །དཀོར་མཛོད་གླིང་། རྒྱ་གར་རྒྱ་ནག་བལ་ཡུལ་ཏ་ཟིག་ཧོར། །གློ་རྡོ་ལྷོ་མོན་མདོ་སྟོད་མདོ་སྨད་སོགས། །མཐའ་ཀླས་ཡུལ་གྱི་དགེ་མཚན་གངས་ལྗོངས་འདིར། །རྒྱ་མཚོར་ཆུ་རྒྱུན་བཞིན་དུ་འདུ་བྱིན་རློབས། །ཁྲུས་ཁང་གླིང་། རྟེན་དང་སུན་དབྱུང་སླར་ལྡོག་ཀུན་ཏུ་སྤྱོད། །གཉེན་པོ་སྟོབས་བཞིའི་བཤགས་བསྡོམས་བཀྲུ་སྨན་གྱིས། །དུག་གསུམ་ནད་བརྒྱ་མ་ལུས་དྲུངས་ཕྱུང་སྟེ། །གཏན་བདེའི་འདུ་བ་མཐའ་དག་ཆ་སྙོམས་ཤོག །ཚང་མང་ཀེ་རུ་གླིང་། ཐུབ་དབང་སྲས་དང་སློབ་མར་བཅས་པ་ལ། །མགོན་མེད་ཟས་སྦྱིན་ལ་སོགས་ཁྱིམ་བདག་གིས། །རོ་བདའི་བསོད་སྙོམས་ཕུལ་བ་ཇི་བཞིན་དུ། །སྐྱབས་གནས་ཀུན་ལ་རྟག་ཏུ་མཆོད་ནུས་ཤོག །མཐུ་རྩལ་ཀླུ་གླིང་། ནག་པོ་ཀླུ་ཡི་བསམ་སྦྱོར་ངན་པའི་དུག །དྲུངས་ནས་ཕྱུངས་ཏེ་སྣ་ཚོགས་རིན་པོ་ཆེའི། །ཆར་གྱིས་འཇིག་རྟེན་དབུལ་ཕོངས་ཀུན་བསལ་ནས། །རྨུགས་འཛིན་བདག་པོའི་བང་མཛོད་ལ་མགྲན་ཤོག །ཁམས་གསུམ་གླིང་། སངས་རྒྱས་སྲས་བཅས་བཞུགས་པའི་གནྡྷོ་ལར། །སྙིང་ནས་དད་མོས་གདུང་ཤུགས་དྲག་པོ་ཡིས། །རྩེ་གཅིག་གསོལ་བ་འདེབས་ན་བདག་སོགས་


GLG018_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ས་བཅུའི་ལམ་ལ་རིམ་གྱིས་འཁྲིད་བྱིན་རློབས། །བུ་ཚལ་གླིང་། གོང་ཆེན་ཕུན་ཚོགས་གསེར་གྱིས་ཡོངས་བརྔན་པས། །བཟོ་ཁྱད་བཅུ་གསུམ་གྱིས་འཕགས་གཙུག་ལག་ཁང་། །བཞེངས་པའི་བསོད་ནམས་ཇི་བཞིན་ལུས་ཅན་གྱིས། །མཉམ་པོར་ལོངས་སུ་སྤྱོད་པའི་སྐལ་བཟང་ཤོག །ལི་མ་གླིང་། ཉི་མའི་གཉེན་གྱིས་ཕྱག་སོར་མེ་ཏོག་གིས། །བྱིན་རླབས་ལི་ལས་ཉེར་གྲུབ་རྣམ་འདྲེན་སྐུར། །འཇམ་མཉེན་ལྷ་གོས་ཕུལ་བས་སྐྱེ་བ་རུ། །ཀུན་རྫོབ་གོས་དང་བཅས་ཏེ་བཙའ་བར་ཤོག །དཀར་མེ་ཁང་། གཏེར་སྟོན་ལེགས་ལྡན་རྡོ་རྗེས་གདན་དྲངས་པའི། །བདུད་རྩི་འཁྱིལ་བ་འཁོར་བ་དབྱིངས་གྲོལ་གྱི། །མ་སྨད་བྱིན་གྱིས་རློབས་ལས་དེང་ནས་བཟུང་། །བྱང་ཆུབ་བར་གྱི་ཡོན་ཏན་ཡར་འཕེལ་ཤོག །པེ་ཀར་ལྕོག །རྒྱལ་ཆེན་ལི་བྱིན་ཧ་ར་ཤིང་བྱ་ཅན། །འབར་བ་སྤུན་བདུན་གཙོ་བོ་ཙི་དམར་བ། །ཟན་གཡང་ཆོས་འཁོར་བསྲུང་ཞིང་ལེགས་སྐྱོང་བས། །ཉིན་མཚན་དུས་ཀུན་མེལ་ཚེ་སྟོངས་གྲོགས་མཛོད། །ལྕགས་སྤྲེ་ས་ག་ཟླ་བའི་ཚེས་བཅུ་བདུན་ལྷག་མཚམས་ཀྱི་འགྲུབ་སྦྱོར་ཉིན་དཔལ་ལྡན་དམར་ཟོར་མར་མདོས་བཀང་འབུམ་ཐེར་བཏང་བའི་ཚེ་སྙན་ཤལ་ཕུལ་བའི་ཁ་བྱང་འདོད་འཇོའི་གཏེར་མཛོད། དཀར་བྱིན་རླབས་ག་པུར་ཟེགས་མ་འབུམ་ཕྲག་གིས། །ནད་གདོན་བར་ཆད་ཚ་གདུང་ཀུན་བཅིལ་ནས། །རྟག་ཏུ་བདེ་སྐྱིད་བརྒྱ་བྱིན་སྐལ་མཉམ་པར། །བདག་ཅག་དཔོན་སློབ་མཆོད་ཡོན་བཅས་རྗེས་(༢༠༠ན)


GLG018_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་། །སེར། མི་ཤིགས་ཚེ་ཡིས་རྒྱ་མདུན་རྡོ་རྗེ་ཡི། །རི་མོ་རབ་གསལ་བསྐལ་བར་འཚོ་ནུས་པའི། །མཆོག་སྦྱིན་བརྒྱ་ཕྲག་སྒོ་ཕར་འབྱེད་པ་ལ། །ཐུགས་རྗེ་དུས་ལས་ཡོལ་བ་མེད་པར་མཛོད། །དམར། ཡངས་པའི་ས་ཆེན་རྗེས་སུ་འབྲེང་བ་ལ། །འབད་མེད་ངང་གི་ལྷུན་གྲུབ་དབང་ཐང་གིས། །ང་ལས་ནུས་ཀྱི་ཁེངས་པ་རབ་བསྙིལ་ནས། །ཁམས་གསུམ་ལེགས་བྱས་གོམ་གཅིག་གིས་གནོན་ཤོག །མཐིང་། དགྲ་དཔུང་རྒྱུ་མ་རློན་པར་བགེགས་རིགས་མགོ ། བརྒྱུས་པ་ག་ཤར་བྱས་ནས་མི་བསྲུན་སྡེ། །མིང་ཙམ་མ་རྙེད་གཡུལ་ལས་རྣམ་རྒྱལ་བའི། །བ་དན་ཕྱར་བས་ལྷ་ལམ་དོག་པོར་མཛོད། །ལྗང་། དགའ་ལྡན་ཆོས་སྲིད་ཡར་རྒྱས་དེ་འཛིན་བསྟན། །དགེ་འདུན་སྡེ་བཅས་བཤད་སྒྲུབ་བྱ་བས་འདའ། །ས་སྤྱོད་སྐུ་ཚེ་མངའ་ཐང་ཆབ་སྲིད་དར། །ལུགས་གཉིས་ཁྲིམས་ཀྱི་མདུད་པ་མི་ལྷོད་ཤོག །རང་ཞབས་རྗེས་སུ་འབྲང་ངོ་ཅོག་གི་ཡུལ། །ཀུན་ཏུ་ནད་ཡམས་འཐབ་རྩོད་བཀྲེས་ཕོངས་ཞི། །སྒོ་གསུམ་བདེ་བའི་ཚོར་བ་ཁོར་ཡུག་ཏུ། །རྒྱུན་མི་ཆད་པར་ཉམས་སུ་མྱོང་བར་མཛོད། །རིག་སྔགས་འཆང་བ་བདག་གིས་གཉེར་གཏད་པའི། །ཞི་རྒྱས་དབང་གི་འཕྲིན་ལས་མ་ལུས་པ། །ཡོངས་འདུ་འདོད་འཇོའི་བ་དང་བུམ་བཟང་བཞིན། །འབད་པ་མེད་པར་ལྷུན་གྱིས་གྲུབ་པར་མཛོད། །རྣམ་གླིང་ཆོས་མཛད་ངག་དབང་བློ་གསལ་དུས་ཀྱི་(༢༠༠བ)


GLG018_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་དུ་གྱུར་པའི་ཚེ་ཇོ་བོ་ཤཱཀྱ་མུ་ནིར་སྣམ་སྦྱར་དང་རང་བྱོན་ལྔ་ལྡན་དང་ལོ་ཀཱེ་ཤཱ་ར་ལ་སྙན་ཤལ་ཕུལ་བའི་ཁ་བྱང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་དགོས་ཚུལ་ལྟར་བཀོད་པ་ངེས་ལེགས་ཐེམ་སྐས། བསྟན་ལ་ཞུགས་ཤིང་མ་རྫོགས་མཐའ་དག་ལས། །རྟགས་ཀྱི་ཁྱད་པར་སྣམ་ཕྲན་གླེགས་བུ་རུ། །ལེགས་སྦྱར་ངུར་སྨྲིག་རྒྱལ་མཚན་ཉི་མའི་གཉེན། །མིག་གཟུགས་བགྲང་བྱའི་སྣང་བརྙན་ལ་ཕུལ་དགེས། །ངག་དབང་བློ་གསལ་མི་ཁོམ་གནས་བརྒྱད་དང་། །ཡོངས་བྲལ་དལ་འབྱོར་ཚང་བའི་རྟེན་ཐོབ་ནས། །སྨིན་བྱེད་དབང་དང་གྲོལ་བྱེད་ལམ་ཟབ་མོས། །ཐར་པའི་སྐས་ལ་མྱུར་དུ་འཛེག་ནུས་ཤོག །ཉན་རང་ལམ་དུ་མི་འཕྱན་རྒྱལ་སྲས་ཀྱི། །སྤྱོད་མཆོག་ཚེགས་ཆུང་ཐབས་ཁམས་ཀྱིས་རྫོགས་ནས། །བཅུ་གསུམ་རྡོ་རྗེའི་སར་བགྲོད་ལུས་ཅན་ཀུན། །འགོད་པའི་དེད་དཔོན་ཆེན་པོར་འགྱུར་བར་ཤོག །ཞི་རྒྱས་དབང་ཁྲོ་ཨ་མྲྀ་དེ་བའི་ཞལ། །ཉེར་བསྟན་སྣ་ཚོགས་ཐབས་ཀྱིས་སེམས་ཅན་རྣམས། །འདྲེན་ཕྱིར་འཇམ་མཉེན་ཕྱག་མཐིལ་སྤྱན་སྟོང་གིས། །རྒྱུད་ལྔའི་འགྲོ་ལ་གཟིགས་པའི་མགོན་པོ་ཀྱེ། །བྱ་ནག་རིགས་ཀྱི་སྡོམ་བརྩོན་ངག་གི་དབང་། །བློ་གྲོས་གསལ་བའི་མེ་ལོང་དངས་པའི་ངོས། །སྲིད་པ་བར་དོ་གང་ཤར་སེམས་ཉིད་ཀྱི། །འཁྲུལ་ངོར་ཤེས་རྣམས་རང་སར་གྲོལ་བར་ཤོག །ལྷོ་ཕྱོགས་གྲོང་ཆེན་དག་པའི་ཞིང་ཁམས་སུ། །འོད་གསལ་ངང་ནས་རྨི་ལམ་རྨིས་པ་ལྟར། །བརྫུས་ནས་སྐྱེས་ཏེ་ཕྱག་ན་པད་དཀར་གྱི། །སྲས་ཀྱི་ཐུ་(༢༠༡ན)


GLG018_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བོར་འགྱུར་བར་བདག་བྱིན་རློབས། །ངག་དབང་བློ་གསལ་ཆོས་ཉིད་བར་དོའི་ཀློང་། །སྐར་མདའ་ལྟ་བུར་བདེ་བ་ཅན་ཞིང་དུ། །འདབ་སྟོང་སྦུབས་སྐྱེས་འོད་དཔག་མེད་མགོན་དང་། །སྲས་ཀྱི་ཐུ་བོ་གཉིས་ཀྱིས་རྗེས་འཛིན་ཤོག །ཐེག་ཆེན་ཆོས་ཀྱིས་བདུད་རྩིས་རབ་ཚིམ་ནས། །རྣམ་པར་རྒྱལ་པའི་གོ་འཕང་རྩེར་སོན་ཡང་། །བྱེ་བ་ཕྲག་བརྒྱའི་སྤྲུལ་པས་སེམས་ཅན་རྣམས། །འདྲེན་པའི་སྙིང་སྟོབས་གོ་ཆ་བསྐྱེད་ནུས་ཤོག །འདིས་མཚོན་ཐོག་མེད་ནས་བཟུང་ད་ལྟའི་བར། །བསགས་པའི་རྣམ་དཀར་དགེ་ཚོགས་ཅི་མཆིས་པ། །ནམ་མཁའི་མཐར་ཐུག་གྱུར་པའི་སྐྱེ་རྒུ་རྣམས། །བླ་མེད་ཡེ་ཤེས་ཐོབ་པའི་རྒྱུ་རུ་བསྔོ། །ལྕགས་སྤྲེ་ཟླ་བ་ལྔ་པའི་ནང་དུ་ཕན་བདེ་ལེགས་བཤད་གླིང་པའི་སྤྱི་རིམ་གྱི་ཚེ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མར་སྙན་ཤལ་ཕུལ་བའི་ཁ་བྱང་ལས་བཞི་ལྷུན་གྲུབ། དམར་པོ། འཇིག་རྟེན་གསུམ་གྱི་བརྟན་པ་འཕྲོག་བྱེད་པར། །དབང་ཕྱུག་ཟླ་བ་གཙུག་ཏོར་རྩེར་མཛེས་པའི། །ཆ་ཤས་ཉེར་འཕེལ་རྟག་ཏུ་ཉ་གང་བར། །དབྱངས་ཅན་རྡོ་རྗེ་དབྱིངས་ཕྱུག་དེས་བྱིན་རློབས། །ནག་ཁྲ། ལུས་ངག་ཡིད་གསུམ་ཟུག་རྔུས་མནར་བྱེད་པའི། །གདོན་བགེགས་ལྷ་སྲིན་གདུག་རྩུབ་སྦྱོར་ནུས་སྟོབས། །མཐུ་རྩལ་མཚོན་ཆའི་འཁོར་ལོ་རྣོན་པོ་ཡིས། །རྩིབས་ལ་སྐྱོན་ནས་ཕྱེ་མར་འཐག་པར་མཛོད། །དཀར་པོ། རི་དྭགས་མིག་ཟུང་གཡོ་བ་ཟླ་བཞིན་ཅན། །བྱིན་རླབས་ག་བུར་ཟེགས་མ་འབུམ་ཕྲག་གིས། །ནད་(༢༠༡བ)


GLG018_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་དུཿཁའི་མུན་པ་མཐར་བྱས་ཏེ། །བདེ་སྐྱིད་སྣང་བའི་དགའ་སྟོན་སྩོལ་བར་མཛོད། །སེར་པོ། ཕན་བདེ་ལེགས་བཤད་གླིང་གི་འདུས་ཚོགས་རྣམས། །ཚེ་དང་བསོད་ནམས་ཐོས་བསམ་སྒོམ་པ་སོགས། །ཆོས་སྲིད་ཡོན་ཏན་ཉིན་བྱེད་རེ་མ་ཏཱིའི། །ཐུགས་རྗེ་ནམ་མཁའི་དགུང་ནས་རྟག་འཆར་མཛོད། །ལྕགས་སྤྲེ་ཆོས་འཁོར་རྒྱལ་དུ་དབྱར་ཆོས་ཀྱི་ཐོག་སྡེ་པ་བློ་བཟང་སྦྱིན་པས་མང་ཇའི་བསྙེན་བཀུར་བའི་ཚེ་བྱམས་ཆེན་མགོན་ཁང་ཡས་མས་ཚོར་སྙན་ཤལ་ཕུལ་བའི་ཁ་བྱང་ཕུན་ཚོགས་རེ་སྐོང་། བྱམས་ཆེན་ཡིད་དགའ་ཆོས་འཛིན་ཞིང་ནས་འཛམ་གླིང་འདིར། །འཕོས་འདྲ་གསེར་ཞུན་རྡུལ་བརྩེགས་བརྒྱ་ཕྲག་གཉིས། །འཁྱུད་པའི་དཔལ་མངའ་མཐོང་བས་རྣམ་གྲོལ་བ། །མ་ཕམ་སྣང་བརྙན་མིག་གི་བདུད་རྩིའི་དཔྱིད། །ཞྭ་སེར་འཆང་བའི་བསྟན་སྲིད་ལེགས་འཛིན་སྡེ། །དབྱར་མཚོ་ལྟ་བུར་བླ་ནས་བླར་འཕྱུར་ཞིང་། །བདག་སོགས་ལས་ཉོན་དེ་འབྲས་ཀུན་ཞི་ནས། །རྟག་ཏུ་སིམ་པའི་ཚོར་བ་མྱོང་བར་ཤོག །སྲིད་འཁྱམས་འགྲོ་བའི་སྡུག་ཀུན་བདེན་པའི་དྲི། །བྱམས་བརྩེའི་གཤེར་གྱིས་བཀྲུས་པས་བདེ་སྐྱིད་ཀྱི། །རབ་དཀར་སྣང་བ་ཡོངས་སྩོལ་ཐུགས་རྗེའི་ཤུགས། །ཆུ་གཏེར་ཆེན་པོའི་རླབས་ལྟར་ཡེལ་མེད་ཤོག །མགོན་ཁང་ཤོད། ཤཱཀྱ་སེང་གེའི་བསྟན་པ་བསྲུང་བ་ལ། །ཆོས་ཀྱི་དབྱིངས་ནས་ཁྲོ་བོའི་སྐུར་བཞེངས་ཏེ། །མཐུ་སྟོབས་དབང་ཕྱུག་ཚོགས་ཀྱིས་ཞི་རྒྱས་དང་། །དབང་དྲག་འཕྲིན་ལས་མ་ལུས་སྒྲུབ་(༢༠༢ན)


GLG018_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །དེ་ཝཱི་ཀོ་ཊི། འདོད་པ་ཁམས་ལ་དབང་སྒྱུར་དམག་ཟོར་མས། །བསྟན་དང་བསྟན་འཛིན་དགེ་འདུན་ཆོས་སྲིད་སྤེལ། །བདག་སོགས་རྣམས་ཀྱི་བསམས་པའི་རེ་བ་ཀུན། །འབད་སྩོལ་མེད་པར་ངང་གི་ལྷུན་གྲུབ་མཛོད། །ཆོས་འབྱུང་སྟེང་། རྒྱུད་གསུམ་དྲེགས་པའི་དམ་ཅན་སྲུང་མ་ཡིས། །ལོག་འདྲེན་དགྲ་བགེགས་དཔུང་ཚོགས་ཚར་བཅད་ནས། །དཀར་ཕྱོགས་རྣམ་པར་རྒྱལ་བའི་བ་དན་ཆེ། །ཚངས་པའི་ཡུལ་སའི་བར་དུ་བསྒྲེང་བར་མཛོད། །བསིལ་བ་ཚལ། རྣམ་སྣང་སྒྱུ་འཕྲུལ་གུར་མགོན་ལྕམ་དྲལ་དང་། །སྟོབས་འཕྲོག་དབང་པོ་བཀའ་སྡོད་ཚོགས་རྣམས་ཀྱིས། །ཡིད་སྲུབས་སྡེ་བཅས་བཅོམས་ནས་མཆོག་ཐུན་གྱི། །དངོས་གྲུབ་ཆར་ཆེན་འབེབས་པའི་འཕྲིན་ལས་མཛོད། ལྕགས་སྤྲེ་ཟླ་བ་དྲུག་པ་སྔ་མའི་ནང་དུ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕྱིན་སྐབས། སྔགས་ཁང་། བྱམས་ཆེན། རྣམ་ཐར་སྒོ་གསུམ། དངུལ་གདུང་ཁང་། དཔལ་ལྡན་ལྷ་མོ་བཅས་ལ་སྙན་ཤལ་ཕུལ་བའི་ཞལ་བྱང་ཀུན་བཟང་མཆོད་སྤྲིན་སྒོ་འབྱེད། སྔགས་ཁང་། འཇམ་དཔལ་དཔའ་བོ་དུས་ཀྱི་དགྲ་ཆེན་པོ། །མྱུར་མཛད་ཡེ་ཤེས་མགོན་པོ་བཀའ་སྡོད་ཚོགས། །དམ་ཅན་གཤིན་རྗེའི་རྒྱལ་པོ་འཁོར་བཅས་ཀྱིས། །ཞི་རྒྱས་དབང་དྲག་འཕྲིན་ལས་ལྷུན་གྲུབ་མཛོད། །བྱམས་ཆེན། བྱམས་དང་བརྩེ་བའི་ཆུ་རྒྱུན་གྱིས། །ལུས་ཅན་ཀུན་གྱི་ལས་ཉོན་དྲི། །བཀྲུས་ནས་གནས་སྐབས་མཐར་ཐུག་(༢༠༢བ)


GLG018_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གི །ཕན་བདེའི་ས་ལ་སྦྱོར་བྱིན་རློབས། །རྣམ་ཐར་སྒོ་གསུམ། ཤཱཀྱ་སེང་གེའི་ང་རོའི་དབྱངས། །སྙན་བརྗིད་སྒྲ་ཡིས་ཡིད་སྲུབས་སྡེའི། །རི་དྭགས་མ་ལུས་མཐར་བྱས་ཏེ། །རང་གཞན་དོན་གཉིས་ལྷུན་གྲུབ་ཤོག །དངུལ་གདུང་ཁང་། བདེ་བར་གཤེགས་པའི་ཐུགས་ཀྱི་རྟེན། །ཕུན་ཚོགས་བཀྲ་ཤིས་མཐའ་ཀླས་པའི། །སྒོ་འཕར་བརྒྱ་ཕྲག་འགྲོ་ཀུན་ལ། །ཡོངས་འབྱེད་བཀའ་དྲིན་ཟླ་མེད་སྩོལ། །ལྷ་མོ། སྲིད་པ་གསུམ་ལ་མངའ་སྒྱུར་པའི། །འདོད་པ་ཁམས་ཀྱི་དབང་ཕྱུག་མས། །བསམས་པའི་རེ་བ་མ་ལུས་པ། །འབད་མེད་ལྷུན་གྲུབ་དངོས་གྲུབ་སྩོལ། །ལྕགས་སྤྲེལ་ཟླ་བ་དྲུག་པ་ཕྱི་མར་སེ་ར་ཐེག་ཆེན་གླིང་དུ་ཕྱིན་སྐབས་གནས་བཅུ། དངུལ་གདུང་། མགོན་ཁང་ཆེན་མོ། བྱེས་པ་རྟ་མགྲིན། སྨད་པའི་མགོན་པོ། བྱམས་ཆེན་ཆོས་རྗེའི་སྐུ་བརྙན་རྣམས་ལ་སྙན་ཤལ་ཕུལ་བའི་ཁ་བྱང་དཔག་བསམ་སྙེ་མ། གནས་བཅུ། ངེས་པའི་དོན་དུ་ཐུབ་པའི་དབང་པོ་དང་། །སྤང་རྟོགས་མཉམ་ཡང་ཉན་ཐོས་ཚུལ་བཟུང་ནས། །ཕན་བདེ་རྒྱས་མཛད་གནས་བརྟེན་བཅུ་དྲུག་གིས། །ལེགས་བྱས་དཔལ་གྱིས་འཇིག་རྟེན་གསུམ་ཁྱབ་མཛོད། །དངུལ་གདུང་བདེ་གཤེགས་མཆོད་རྟེན་རྣམ་བརྒྱད་མ་དྲོས་པའི། །མཚོ་ཆེན་ནས་བབས་འཕྲིན་ལས་རྣམ་པ་བཞིའི། །ཤུགས་དྲག་ཆུ་བོས་ལུས་ཅན་མཐའ་ཀླས་པའི། །སྒྲིབ་གཉིས་དེ་འབྲས་དྲི་མ་འཁྲུད་པར་ཤོག །མགོན་ཁང་ཆེན་མོ། ཆོས་སྐུའི་ཀློང་ནས་གདུལ་དཀའ་(༢༠༣ན)


GLG018_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བའི་ཆེད། །རྡོ་རྗེཁྲོ་བོའི་གད་བརྒྱངས་དྲག་པོ་ཡིས། །ལོག་འདྲེན་དགྲ་བགེགས་ཚོགས་རྣམས་ཚར་བཅད་དེ། །བདེ་བ་ཆེན་པོར་རྗེས་སུ་བཟུང་སྟེ་སྦྱོར། །བྱེས་པའི་རྟ་མགྲིན། རྟ་སྐད་ཐེངས་གཅིག་སྒྲ་ཡིས་སྲིད་གསུམ་གྱི། །ལོག་འདྲེན་སྡེ་བརྒྱད་ཚོགས་རྣམས་ཕྱེར་བཏགས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །སྩོལ་ཞིག་རྟ་མཆོག་ཡིད་བཞིན་དབང་གི་རྒྱལ། །སྨད་པའི་མགོན་པོ། བླ་མ་ཡིད་དམ་ཆོས་སྐྱོང་མ་ལུས་པ། །གཅིག་ཏུ་འདུས་པ་མྱུར་མཛད་ལེགས་ལྡན་མགོན། །ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཞི་རྒྱས་དབང་གི་འཕྲིན་ལས་མ་ལུས་སྒྲུབས། །བྱམས་ཆེན་ཆོས་རྗེའི་སྐུ་འདྲ། ཤཱཀྱ་སེང་གེའི་ཡེ་ཤེས་འོད་ཟེར་གྱིས། །རྒྱ་མཚོའི་མཐར་ཐུག་སྐྱེ་རྒུའི་མུན་བསལ་ནས། །ཞྭ་སེར་བསྟན་པའི་སྣང་བ་རྒྱས་མཛད་པ། །བྱམས་ཆེན་བླ་མས་འགྲོ་འདི་རྟག་ཏུ་སྲུངས། །སྡེ་པ་སངས་རྒྱས་རྒྱ་མཚོས་རྨ་བྱའི་གདུགས་བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་རྒྱལ་སྲིད་སྣ་བདུན་རྣམས་དཔལ་ལྷ་ལྕོག་ཏུ་ཕུལ་བར་དགེ་བའི་མཚན་མ་མཐོང་བར་བརྟེན། ལྕགས་ཕོ་སྤྲེའུའི་ལོ་ཧོར་ཟླ་དྲུག་པ་ཉིས་བརྩེགས་ཀྱི་ཕྱི་མའི་རྒྱལ་བ་གསུམ་པ་ཕུར་བུ་ཆུ་སྟོད་གཟའ་ཚེས་འཕྲོད་པའི་ཉིན་ཕུལ་པའི་དུས་དར་ཚོན་སྣ་ལྔའི་སྙན་དར་གྱི་ཞལ་བྱང་འཆི་མེད་བདག་པོའི་དཔལ་འཛིན། དམག་ཟོར་རྒྱལ་མོ་ཞི་བའི་ལས་བསྒྲུབ་ཆེད། །དུང་སྐྱོང་སྐུར་བསྟན་ཡིད་འཕྲོག་ཟླ་བཞིན་མ། །འཕྲུལ་སྣང་(༢༠༣བ)


GLG018_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མར་པདྨ་ཐོད་ཕྲེང་དང་། །སྲོང་བཙན་སྤྱན་སྔར་ཞལ་འཆེས་བཀའ་སྐྱོང་ཆེར། །རྨ་བྱའི་གདུགས་མཛེས་བཀྲ་ཤིས་རྟགས་རྫས་དང་། །འཁོར་སྒྱུར་རིན་ཆེན་སྣ་བདུན་དངོས་བཤམས་པ། །ཏིང་འཛིན་སྔགས་རྒྱས་ཀུན་བཟང་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་ཕུལ་བའི་མཐུས། །འཇམ་དཔལ་སྙིང་པོའི་བཤད་སྒྲུབ་གཙུག་ལག་དང་། །དེ་འཛིན་འདུས་སྡེའི་ཞབས་འདེགས་རྒྱལ་བློན་འབངས། །ལུགས་གཉིས་ལེགས་ཚོགས་ཆེས་ཆེར་དར་ཞིང་བརྟན། །དགའ་ལྡན་ཆོས་སྲིད་འབྱུང་གནས་ཕོ་བྲང་ཆེ། །སྐྱོང་བར་རྨོངས་མུན་ཉེར་སངས་རྣམ་དཔྱོད་གཟི། །རབ་རྒྱས་རྒྱ་མཚོ་ལྟ་བུར་གཏིང་ཟབ་ཅིང་། །མཁའ་ལྟར་ཡངས་པའི་མི་དབང་རིགས་བརྒྱུད་བཅས། །ཚེ་དཔལ་དབང་ཐང་ངལ་བསོས་བུར་མཚུངས་མཛོད། །རིག་འཛིན་བདག་སོགས་འཁོར་དང་བཅས་རྣམས་ཀྱི། །ནད་གདོན་ལོག་འདྲེན་དགྲ་བགེགས་ཀུན་ཞི་ཞིང་། །འཇིག་རྟེན་ཁམས་སུ་ཚེ་ལོ་བརྒྱད་ཁྲི་པའི། །སྐྱེ་རྒུ་དང་མཚུངས་བདེ་སྐྱིད་ལ་སྤྱོད་མཛོད། །བརྒྱ་ཕྲག་ཉི་མའི་འོད་ཀྱིས་སྲིད་རྩེའི་བར། །ཁྱབ་པའི་མོད་ལ་སུམ་རྩེན་བདག་པོ་དང་། །ལེགས་མཉམ་ཚེ་དབང་དཔལ་འབྱོར་མ་ལུས་པ། །རྒྱས་པར་མཛོད་ཅིག་འདོད་ཁམས་དབང་ཕྱུག་མ། །འཇམ་མཉེན་ཨུ་ཏྤལ་མྱུ་གུ་ཁ་བྱེ་བ། །རེག་པའི་མོད་ལ་དྲེགས་ལྡན་ལྷ་མིན་གཙུག །རྐང་སེན་ཟླ་ཚེས་ཅོད་པན་ཡོངས་འཆར་བའི། །དབང་གི་འཕྲིན་ལས་སྒྲུབས་ཤིག་དཔལ་ལྷ་མོ། །བསམ་སྦྱོར་ངན་འཆང་དགྲ་བགེགས་ཤ་ཁྲག་དྲོད། །མ་ཡལ་ཐོད་པར་བླུག་ནས་ཧུབ་(༢༠༤ན)


GLG018_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པས། །མ་ཚིམ་ཕྱོགས་མཚམས་མྱུལ་ནས་ཕྱེར་འཐག་པ། །མངོན་སྤྱོད་ལས་ལ་མ་གཡེལ་རེ་མ་ཏཱི། །དབང་ཕྱུག་སྲས་མོ་འཆི་མེད་ལུས་ཕྲའི་གཙོ། །ངེས་པའི་དོན་དུ་ངག་དབང་དབྱངས་ཅན་མས། །མཆོག་ཐུན་དངོས་གྲུབ་འཕྲིན་ལས་འབད་མེད་དུ། །སྩོལ་བའི་ཡིད་བཞིན་དབང་གི་རྒྱལ་པོ་མཛོད། །ལྕགས་སྤྲེལ་མཆོད་དཔོན་ངག་དབང་ཤེས་རབ་ཀྱི་རིམ་གྲོར་ཡི་དམ་ཆོས་སྲུང་ལ་སྙན་ཤལ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་བསམ་དོན་ལྷུན་གྲུབ། བླ་མ། ཞི་ཁྲོ་ཡོངས་འདུས་བཀའ་བརྒྱད་ལྷ་ཚོགས་རྣམས། །རང་བྱུང་ལུས་ཀྱི་དཀྱིལ་འཁོར་ལ་ཤར་བ། །རིགས་འཛིན་བླ་མ་རྡོ་རྗེ་དྲག་རྩལ་གྱི། །སྐུ་གསུང་ཐུགས་ཀྱིས་བྱིན་རློབས་དབང་བསྐུར་སྩོལ། །ལྷ་མོ། སངས་རྒྱས་ཀུན་དངོས་དབྱངས་ཅན་ངག་གི་ལྷ། །ལོག་འདྲེན་འདུལ་ཕྱིར་དམག་ཟོར་རྒྱལ་མོའི་སྐུར། །ཡོངས་བསྟན་སྲིད་གསུམ་དབང་མོས་བར་གཅོད་རྣམས། །རབ་ཞི་ཚེ་དཔལ་བསོད་ནམས་རྒྱས་པར་མཛོད། །དཔལ་ལྷ། འདོད་ཁམས་ཀུན་ལ་དབང་སྒྱུར་དུང་སྐྱོང་མས། །ཟླ་བ་ལྟ་བུར་གསལ་བའི་བཞིན་དངོམ་ནས། །ནད་གདོན་བགེགས་དང་བར་གཅོད་མུན་པ་རྣམས། །རབ་བཅིལ་ཕན་བདེའི་སྣང་བ་རྒྱས་པར་མཛོད། །བེག་ཙེ། བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་བཀའ་སྡོད་མཆོག །སྒྲོལ་གྱིང་ཆེན་པོ་བེག་ཙེ་ལྕམ་བྲལ་དང་། །ལས་མཁན་སྲོག་བདག་བཀའ་ཉན་སྡེ་དཔུང་གིས། །དབང་དྲག་རྒྱས་དང་ཞི་བའི་ལས་ཀུན་མཛོད། །ཐང་ལྷ། ས་བཅུའི་བྱང་ཆུབ་(༢༠༤བ)


GLG018_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ནམ་མཁའི་སྙིང་། །ཚངས་རིས་དྲི་ཟའི་རྒྱལ་པོའི་སྐུར་བསྟན་པ། །རྡོ་རྗེ་འབར་བ་རྩལ་གྱི་དུས་ཀུན་ཏུ། །བསྲུང་བསྐྱབ་སྦ་བའི་སྟོང་གྲོགས་མཛད་དུ་གསོལ། །རྒྱལ་པོ་སྐུ་ལྔ། དྲེགས་པའི་གཙོ་བོ་ལི་བྱིན་ཧཱ་ར་ཆེ། །སྐུ་ལྔ་གསང་ཡུམ་སྤྲུལ་པ་བློན་པོ་དང་། །ཡང་སྤྲུལ་བཀའ་སྡོད་བཅས་པའི་ཚོགས་རྣམས་ཀྱིས། །ཇི་ལྟར་འདོད་པའི་རེ་བ་སྐོང་བར་མཛོད། །གནས་ཆུང་ལྕོག །གསུང་གི་ཆོས་རྒྱལ་དགྲ་ལྷ་སྐྱེས་གཅིག་པུ། །གསང་ཡུམ་པདྨ་སྐྱེས་དང་ལས་མཁན་ཆེ། །རྡོ་རྗེ་གྲགས་ལྡན་འཁོར་དང་བཅས་པ་ཡིས། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་མ་ལུས་སྒྲུབས། །ཙི་དམར་བ། འབར་བ་སྤུན་བདུན་བཙན་གྱི་སྡེ་དཔོན་ཆེ། །ཁྱད་པར་གནོད་སྦྱིན་ཆེན་པོ་ཡང་ལེ་བེར། །འཁོར་དང་བཅས་པས་བར་གཅོད་ཉེ་འཚེའི་ཚོགས། །ཞི་དང་བཟློག་པའི་འཕྲིན་ལས་མཛད་དུ་གསོལ། །རྡོར་ལེགས། རྒྱལ་དབང་པདྨའི་བཀའ་ཉན་དམ་ཚིག་ཅན། །རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དང་། །དྲུག་ཅུར་བཅས་པས་ཉིན་མཚན་དུས་ཀུན་ཏུ། །གཡེལ་མེད་བསྲུང་ཞིང་སྐྱོབ་པའི་ལས་མཛོད་ཅིག །ཀརྨ་འཕྲིན་ལས་པ། ཆུ་བོའི་གཞུང་ལ་བརྒྱུ་བའི་དྲེགས་པ་ཅན། །དགེ་བསྙེན་ཆེན་པོ་འཁོར་དང་བཅས་རྣམས་ཀྱིས། །འཕོག་ཐུག་ཕྲག་དོག་མཐའ་དག་རབ་ཞི་སྟེ། །མཐུན་རྐྱེན་ཐམས་ཅད་ཡིད་བཞིན་འགྲུབ་པར་མཛོད། །ལྕགས་སྤྲེ་ཨེམ་ཆི་ཐབས་མཁས་གོང་དུ་གསེར་ཡིག་ལ་ཕྱིན་པ་ཡར་འཁོར་བའི་ཚེ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་དུ་སྙན་དར་སུམ་བཅུ་རྩ་ལྔ་ཕུལ་བའི་ཁ་བྱང་དགོས་ཚུལ་བཞིན་བཀོད་པ་ལེགས་བྱས་གཏེར་མཛོད། འཇའ་(༢༠༥ན)


GLG018_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་ལྟར་བཀྲ་སྤེལ་ལེགས་ལྡ་ལྡི་དར། །སུམ་ཅུ་རྩ་ལྔ་ཞི་ཁྲོ་རབ་འབྱམས་ཀྱི། །སྤྱན་སྔར་ཀུན་བཟང་མཆོད་སྤྲིན་སྤྲོ་བའི་ཆེད། །ཨེམ་ཆི་ཐབས་མཁས་དད་པས་ཕུལ་བའི་དགེས། །གྲང་ཡས་སྐྱེ་བར་སངས་རྒྱས་སྲས་བཅས་རྣམས། །སྲི་ཞུར་བགྱིད་པའི་བསོད་ནམས་ཕུང་པོའི་སྟོབས། །མགོན་མེད་ཟས་སྦྱིན་གཉིས་པའི་རྣམ་པར་ཐར། །འཛིན་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །འཁོར་འདས་རྒུད་པ་ཡོངས་ཞི་ལྷ་མིའི་བདེ། །ཚེ་རབས་རྟག་ཏུ་ཉམས་སུ་མྱོང་བ་དང་། །རིང་པོར་མི་ཐོགས་འགྲོ་བ་མ་ལུས་པ། །འདྲེན་ནུས་ཀུན་མཁྱེན་ཡེ་ཤེས་ཐོབ་པར་ཤོག །ལྷོ་འབྲུག་པའི་དཔོན་ཚབ་སྨོན་སྐྱིད་པ་མི་འགྱུར་བརྟན་པ་གཡུལ་གསར་བའི་ཚ་བོ་ངག་དབང་རབ་བརྟན་སོགས་བྱས་པ་ཅན་རྣམས་གསོད་པས་མཚོན་ནང་རང་ཞིག་གི་སྦྱོར་བ་མངོན་དུ་གྱུར་པའི་ཚེ་ལྕགས་སྤྲེ་ཟླ་༧་ཚེས་༣་ལ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་གཏང་རག་རྒྱས་པར་ཕུལ་བའི་སྙན་ཤལ་གྱི་ཁ་བྱང་རྣམ་པར་རྒྱལ་བའི་བ་དན། དྲག་པོ་རྩལ། དངོས་བརྒྱུད་བླ་མ་ཐམས་ཅད་རྡོ་རྗེའི་ལུས། །རང་བྱུང་དཀྱིལ་འཁོར་ཆེན་པོར་ཡོངས་ཚང་བ། །ཀུན་གོ་གཅིག་ཆོད་ཨོ་རྒྱན་རྡོ་རྗེ་འཆང་། །མཐུ་རྩལ་བསྐྱེད་ལྟར་སླར་ཡང་བྱིན་ཕོབ་ཅིག །བཀའ་སྲུང་བརྒྱད། སྔགས་སྐྱོང་རལ་གཅིག་དམ་ཅན་སྐྱེས་བུ་ཆེ། །རྡོ་རྗེ་འབར་རྩལ་ལྷོ་བྲག་གཏེར་སྲུང་གིས། །རྣམ་པར་རྒྱལ་བའི་རུ་མཚོན་བསླང་བ་ལྟར། །སློང་བའི་དཔའ་བརྟུལ་ད་དུང་སྙིང་སྟོབས་སྐྱེད་། །བཀའ་བརྒྱད། བཞི་བཅུ་རྩ་གཉིས་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །མེ་ལོང་གཟུགས་བརྙན་ལྟར་ཤར་ཧེ་རུ་ཀས། །ཡིད་སྲུབས་གདོང་པ་ཆེད་དམད་སླད་མར་(༢༠༥བ)


GLG018_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ཐུགས་རྗེའི་གཟི་ཡིས་ནག་ཕྱོགས་སྨག་རུམ་བཅིལ། །ཐོད་ནང་དམག་ཟོར། གདུག་ཅན་གློ་སྙིང་འཕྲིག་བཞིན་པ། །མང་པོའི་རོ་མཆོག་མྱང་ཡང་སྤྱི་གཙུག་ནས། །ཤར་བའི་ཉི་ཟླའི་འོད་ཀྱིས་དམ་ཉམས་རྣམས། །བཙལ་ཏེ་ལྷག་མ་མེད་པར་ཞལ་དུ་རྔུབས། །དཔལ་ལྷ། དྲན་པས་བདེ་སྟེར་དཔལ་ལྡན་དུང་སྐྱོང་མ། །གངས་ཅན་སྐྱོང་བའི་བསྟན་མ་བཅུ་གཉིས་ཀྱིས། །གཉེར་གཏད་ལས་བཞི་ཇི་ལྟར་བསྒྲུབས་པ་ལྟར། །སྲིད་མཐའི་བར་དུ་གཡར་དམ་མ་གཡེལ་མཛོད། །མ་ནིང་། གཉིས་མེད་མ་ནིང་དྲེགས་པའི་སྡེ་དཔོན་ཚོགས། །སྔར་བཅོལ་ལོག་འདྲེན་རྡུལ་དུ་བརླག་པ་བཞིན། །ད་བཅོལ་བསྒྲུབ་རྟེན་མཆོད་གཏོད་འདི་བཞེས་ལ། །སྡེ་བརྒྱད་དམག་སྣ་དགྲ་བོའི་སྟེང་དུ་དྲོངས། །ཕུར་སྲུང་། དཀར་བདུད་ཕུར་སྐྱོང་དབང་ཕྱུག་ཉི་ཤུ་བརྒྱད། །ཟབ་མོ་གཏེར་གྱི་སྲུང་མ་མཐའ་དག་གིས། །སྔར་བཅོལ་ལེགས་པའི་གཏང་རག་ཕུལ་བ་བཞིན། །ད་བཅོལ་མ་ལུས་བསམས་པ་བཞིན་དུ་སྒྲུབས། །ལོག་ཏྲི། དྲང་སྲོང་དམོད་པའི་མཐུ་ཡིས་སྡེ་བརྒྱད་རྣམས། །གཟུགས་ཅན་རང་གཤེད་བབས་ལྟར་དེང་ནས་གཟུང་། །རྒོལ་ངན་ཚོགས་རྣམས་རལ་མཚོན་རང་ཉིད་ལ། །བསྣུན་ཏེ་རང་ཁྲག་རང་གིས་འཐུང་བར་མཛོད། །ཚེ་བདག །ལོག་འདྲེན་བླ་ཚེ་སྲོག་གི་བདག་པོ་རུ། །འཇམ་དཔལ་ཁྲོས་མཚོན་རྣོན་པོ་བཏབ་ཟིན་པའི། །རྗེས་ཤུལ་མིང་མཐར་བྱེད་ལ་འཆི་བདག་དཔུང་། །དགྲ་བོའི་ཡུལ་དུ་རིངས་པའི་ཚུལ་གྱིས་དྲོངས། །འཆར་ཀ་ལྟོ་བར་སྲིད་གསུམ་ལས་(༢༠༦ན)


GLG018_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་ན་ཡང་། །ཆེད་དུ་དམིགས་བྱ་བཟློག་བསད་མནན་པའི་གཤེད། །བབས་སྨིན་རྟེན་འབྲེལ་བཅུ་གཉིས་རང་ཐོག་ཏུ། །ལོག་སྟེ་དུག་གསུམ་ནད་ཀྱིས་སླར་ཡང་གཟིར། །འཆི་བདག་ཀི་ཀང་། ཀླུ་ཡི་སྡེ་དཔོན་ཆུ་སྲིན་ཁར། །ཕ་བརྒྱ་བུ་སྟོང་དགྲ་བགེགས་བརྫངས་པ་རྣམས། །བསྐལ་པར་མི་ལྡང་གསར་སྐྱེས་མ་རུངས་ཚོགས། །རིམ་བདུན་ས་གཞིའི་འོག་ཏུ་རྒྱས་ཐོབ་ཅིག །བྷེ་རལ་པ་ཚར་དགུ། ཝ་ས་ཏྭའི་མཆེ་བས་ལོག་འདྲེན་སྙིང་། །ཕུག་ནས་ཁྲག་རླངས་དྲོན་མོ་མ་ཡལ་བར། །བཏུངས་པས་མ་ངོམས་ཤ་རུས་ནང་ཁྲོལ་རྣམས། །ཆེམ་ཆེམ་ཟ་བའི་རྐན་སྒྲ་མྱུར་དུ་རྡབས། །སྟག་གཞོན། གསུར་དུད་མེ་རླུང་ཁྲོད་དུ་འཕུང་བྱེད་དགྲ །སྟག་ཆེན་སྨྱོན་པས་ཟོས་ཀྱང་ནག་པོའི་ལས། །མ་ཟད་སླར་འཕེལ་བསམ་ངན་སྦྱོར་རྩུབ་ཅན། །ཤ་ཁྲག་ལྕགས་ཁར་ནང་དུ་བླུག་སྟེ་བཞེས། །མཐུ་ཆེན་སྡེ་བཞི། ལྷ་བདུན་བཙན་རྒོད་ཀླུ་གཉན་དྲེགས་པ་ཅན། །སྣ་ཚོགས་སྦྱོར་བས་རྒོལ་ངན་འཕུང་བ་བཞིན། །མཐའ་ཡས་ཆོ་འཕྲུལ་གཟེར་འཐིབས་མཛེ་ཤུ་ཡིས། །མ་རུངས་དགྲ་བགེགས་ཚོགས་ཀྱི་ཡུལ་ཀུན་ཁོང་། །ས་འོག་འཇིགས་བྱེད། ས་སྟེང་ས་བླའི་འབྱུང་པོ་ཀུན། །འདུལ་བར་ཞལ་དགུ་སོ་བཞིའི་ཕྱག་གི་ཚོགས། །བཅུ་དྲུག་ཞབས་དང་མཚན་མ་གྱེན་བསྒྲེང་བ། །འཇམ་དཔལ་དཔའ་བོས་བདུད་སྡེའི་དཔུང་རྣམས་ཆོམས། །ལས་གཤིན། སྔོ་བསངས་རྭ་རྩེས་དགྲ་བགེགས་གསང་གནས་ནས། །གཙུག་པར་ཐལ་མར་ཕུག་པའི་རྗེས་ཤུལ་ཀུན། །(༢༠༦བ)


GLG018_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཞགས་པས་བཅིངས་ཏེ་རིམ་བདུན་འོག །གཤིན་རྗེའི་གྲོང་ཁྱེར་ཆེན་པོར་མྱུར་དུ་ཁྲིད། །ཕྱག་དྲུག་པ། ལག་ན་པདྨའི་རྣམ་འཕྲུལ་སྲིན་པོའི་གར། །མྱུར་མཛད་མགོན་པོ་ལྕམ་དྲལ་འཁོར་ཚོགས་ལ། །སྔར་བཅོལ་དགྲ་བགེགས་བསྒྲལ་བའི་གཏང་རག་དང་། །སླད་མར་ལས་བསྒྲུབ་ཐུགས་རྗེ་བསྐུལ་གསོལ་འདེབས། །ཀྵེ་ཏྲ་པཱ་ལ། གནོད་སྦྱིན་ཡལ་གམ་ཆེན་པོའི་རིགས་ཀྱི་སྲས། །ཀྵེ་ཏྲ་པཱ་ལའི་གྲི་གུག་རྣོན་པོས་སྔར། །དམ་ཉམས་མགོ་བོ་མང་དུ་བྲེགས་པ་བཞིན། །ད་བཅོལ་ལས་བསྒྲུབ་བསྐུལ་བ་གཡེལ་མེད་མཛོད། །གུར། རྣམ་འཕྲུལ་གཎྜིའི་སྒོ་ལས་ཐོན་པའི་དམག །གནམ་ས་གང་བས་དགྲ་ཡུལ་བཅོམས་པ་ལྟར། །མི་བསྲུན་རྗེས་འབྲངས་མཐའ་དག་བླ་སྲོག་དང་། །ཕྲལ་ཏེ་འོག་མིན་ཞིང་དུ་དྲོངས་ཤིག་ཀྱེ། །ཞལ། བསམ་སྦྱོར་ངན་འཆང་དགྲ་བགེགས་གཟུགས་ཕུང་རྣམས། །ཆེམ་ཆེམ་ཟོས་པའི་ཁྲག་རྒྱུན་འཁྱིལ་བ་ལ། །མ་ཚིམ་མདུང་རྣོན་དཀར་ནག་སྙིང་གི་མཚམས། །ཕུག་སྟེ་མི་རབས་བདུན་བརྒྱུད་རྩད་ནས་ཆོད། །པུ་ཏྲ། དགྲ་བོའི་རོ་རྐྱང་པུ་ཏྲ་མིང་སྲིང་གིས། །མཚོན་གྱིས་དུམ་བུར་གཏུབས་པའི་ལྷག་མ་རྣམས། ཁྲག་རལ་སྤྲུགས་པས་ནང་ཁྲོལ་ཤ་རུས་ཀུན། །རུལ་ནས་དམིགས་མེད་དབྱིངས་སུ་རྒྱས་ཐོབ་ཅིག །བེག་ཙེ། བེག་ཙེ་ལྕམ་དྲལ་བཀའ་བཞིན་སྒྲོལ་གིང་ཆེས། །ཅེ་སྦྱང་ཞོན་ནས་དགྲ་ཡུལ་དཀྲུགས་པ་ལྟར། །འོ་དོད་ཁུ་སྒྲས་བཀང་ནས་སླད་མར་ཡང་། །ལོག་འདྲེན་བླ་ཁུག་སྲོག་རྩ་དམར་པོ་ཆོད། །(༢༠༧ན)


GLG018_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྲས། འདོད་དགུ་སྩོལ་བའི་གསེར་མདོག་པད་རཱག་ཏུ། །བསྒྱུར་ནས་གནོད་སྦྱིན་གདུག་པའི་དམག་ཚོགས་ཀྱིས། །མི་བསྲུན་ཆམ་ལ་དེང་ཕོབ་མཐུ་རྩལ་སྐྱེད། །ད་དུང་ཕ་རོལ་ཕྲུ་མ་གཞོམ་པར་མཛོད། །རྒྱལ་པོ། ཀླུ་བདུད་དམུ་ཚ་ལི་བྱིན་ཧ་ར་མཆེད། །འབར་བ་སྤུན་བདུན་བཙན་གྱི་སྡེ་དཔོན་ཆེས། །དམིགས་ཡུལ་རྣམས་ལ་རྟགས་མཚན་མངོན་སུམ་དུ། །བསྟན་ཟིན་སླར་ཡང་རྒྱུན་ཆད་མེད་པར་སྟོན། །ཁྱབ་མཇུག །ཞ་འཁུམས་རེངས་བརྒྱལ་དུག་རླངས་སྔོ་དམར་དུ། །འཐུལ་བས་དགྲ་རྣམས་མི་རྟག་ལམ་བཀོད་ལྟར། །ད་དུང་དམར་ཟླུམ་སྤྱན་གྱིས་རབ་བཙལ་ནས། །གཟུགས་བྱང་མིང་རུས་བཏབ་ཀུན་ཞལ་དུ་བཞེས། །ཞིང་སྐྱོང་། རྟ་ནག་རྟིང་དཀར་ཞོན་ནས་ཕྱོགས་མཚམས་ཀུན། །མྱུལ་ཏེ་དགྲ་བོའི་ཕུང་ཁམས་སྐྱེ་མཆེད་རྣམས། །ཚོགས་སུ་རོལ་ལ་ལན་རེར་བལྟོས་མིན་པར་། །མིང་གི་ལྷག་མར་གྱུར་པར་དགྱེས་དགུར་སྤྱོད། །བོད་དང་བོད་ཆེན་ཡུལ་ལྷ་གཞི་བདག་རྣམས། །ལྷ་ངོ་ནམ་མཁའི་དབྱིངས་སུ་མཐོར་བཏེགས་པ། །བླ་ནས་བླར་བསྐྱེད་ཚངས་པའི་ཡུལ་ས་རུ། །རེག་པའི་དགའ་སྟོན་མཆོག་ལ་སྦྱོར་བར་མཛོད། །དྲག་པོ་ཞེས་པ་ལྕགས་ཕོ་སྤྲེའུའི་ལོ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་མཆོད་རྫས་སུ་གོང་དཀར་པ་བློ་བཟང་བཟོད་པས་སྙན་ཤལ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་འཕྲིན་ལས་གྲུ་ཆར། ཤར་ཕྱོགས་ཙི་ནའི་སྨིན་ལེགས་སོར་མོའི་འཕྲུལ། །(༢༠༧བ)


GLG018_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་གཞུ་རིས་ཐགས་སུ་ཉེར་བཏགས་པ། །སྣ་ཚོགས་པཉྩ་ལི་ཀའི་ལྡ་ལྡིའི་ཕྲེང་། །ཉེར་གཅིག་གིས་ལྷག་སུམ་བརྒྱའི་གྲངས་ཚང་བ། །རྣམ་ཀུན་མཆོག་ལྡན་བདེ་སྟོང་ཟུང་འཇུག་གིས། །སྟངས་སྟབས་བདུད་ལས་མངོན་པར་རབ་རྒྱལ་བའི། །ཕན་བདེ་ལེགས་ཚོགས་མ་ལུས་བཤད་པ་དང་། །ཉེར་སྒྲུབ་རིག་སྔགས་འཆང་བའི་གླིང་ཆེན་པོར། །ལྷོ་རྒྱུད་གཡོར་པོ་འཕྱིང་རུའི་ཡུལ་ཕྱོགས་ནས། །བློ་བཟང་བཟོད་པའི་རྣམ་དག་བསམ་པ་དང་། །འབད་རྩོལ་གྱིས་བསྐྲུན་ལེགས་བྱས་ཕ་མཐའི་ཚད། །མེས་པོས་ཆེད་དུ་དགུ་ཚིགས་སྤྲུལ་མིན་ནམ། །འཛད་མེད་དགེ་བ་ཁ་བའི་རྡུལ་བརྩེགས་ནས། །བསོད་ནམས་ཚོགས་ཆེན་ཉལ་འགྲོའི་ཀླུང་གི་རྒྱུན། །བདེ་སྐྱིད་ལྷུང་ལྷུང་སྙན་པོའི་གླུ་ལེན་བཞིན། །ངེས་ལེགས་ཟླ་བའི་མ་མར་རྟག་འབབ་ཤོག །སྐྱེ་བར་སྒྱུད་ལ་གོས་པའི་སྒྲིབ་གཉིས་ཀྱི། །ཚ་གདུང་བརྣག་དཀའ་བསྐལ་པའི་ཞུགས་ཀྱི་ངད། །གཞིལ་བྱེད་ཆོས་དཀར་མ་ལ་ཡ་ཡི་རླུང་། །ཙནྡན་དྲི་བསུང་འདྲེན་ལ་རྟག་འགྲུས་ཤོག །མ་དག་ཉོན་མོངས་སྣ་ལྔའི་ལྕགས་ཀྱི་ཁམས། །སྨིན་བྱེད་རྩི་ཡིས་ཕུང་པོ་རྣམ་པ་ལྔ། །ཡེ་ཤེས་འོད་ལྔའི་གསེར་བསྒྱུར་རིགས་ཀུན་གྱི། །ཁྱབ་བདག་བཅུ་གསུམ་རྡོ་རྗེའི་ས་བརྙེས་ཤོག །དེ་མ་ཐོབ་ཀྱི་གནས་སྐབས་མཐའ་དག་ཏུ། །མི་ཁོམ་གནས་བརྒྱད་དང་བྲལ་ལྷ་མིའི་རྟེན། །གཤིན་པོའི་ཞིང་སར་ཚེ་རིང་ནད་མེད་ཅིང་། །ཕུན་ཚོགས་དཔལ་འབྱོར་མྱུ་གུ་བསྐྱེད་བསྲིང་ཤོག །ཕ་མས་(༢༠༨ན)


GLG018_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བྱས་དམིགས་ཡུལ་བྱེ་བྲག་དང་། །སྤྱི་ཁྱབ་རྒྱུད་ལྔའི་འགྲོ་བ་མ་ལུས་པ། །མངོན་མཐོ་ངེས་ལེགས་ཐེམ་སྐས་ལ་འཛེགས་ནས། །བྱང་ཆུབ་མཆོག་གི་ཁང་པར་འཇུག་ཆེད་བསྔོ། །རྩ་བརྒྱུད་བླ་མའི་ཐུགས་རྗེ་ཆུ་འཛིན་འཁྲིགས། །ཡི་དམ་ཞི་ཁྲོའི་བྱིན་རླབས་དབྱར་རྔ་ལྡིར། །མཁའ་འགྲོ་ཆོས་སྲུང་འཕྲིན་ལས་ཆར་ཆེན་པོས། །ས་སྟེང་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །ལྕགས་སྤྲེ་སེར་ཤོག་པ་བློ་བཟང་དཔལ་འབྱོར་གྱིས་རིང་འཚོའི་རྟེན་འབྱུང་དུས་དར་ཚོན་སྣ་ལྔའི་སྙན་ཤལ་ཁྱོན་བསྡོམས་བརྒྱ་དང་དོན་ལྔ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་ཡེ་ཤེས་གུར་ཁྱིམ། བརྒྱ་ཕྲག་ཟླ་ཞུན་ཁུ་བས་ཉེར་བྱུགས་པ། །གངས་ཀྱི་རི་བོའི་ཁེངས་འཕྲོག་དུ་ཀཱུ་ལ། །རྣམ་པར་རྒྱལ་བའི་ཕན་དང་བདེ་ལེགས་གཏེར། །འབྱུང་གནས་སྨིན་གྲོལ་བཤད་སྒྲུབ་གླིང་ཆེན་པོར། །ལྷ་ལྡན་བློ་བཟང་དཔལ་འབྱོར་གྱིས་ཕུལ་མཐུས། །གཏི་མུག་དག་པའི་གཟུགས་ཕུང་མེ་ལོང་གི །ཡེ་ཤེས་ཆེན་པོར་བསྒྱུར་ཏེ་གནས་སྐབས་སུ། །ནད་གདོན་བར་ཆད་ཐམས་ཅད་ཞི་བར་ཤོག །འཛམ་བུ་ཆུ་བོའི་གསེར་གྱི་མདངས་བཀྲག་ལ། །ཉི་མའི་འོད་ཀྱིས་གསལ་འདྲའི་ལྷ་རྫས་གོས། །རྣམ་པར་རྒྱལ་བའི་ཕན་དང་བདེ་ལེགས་གཏེར། །འབྱུང་གནས་སྨིན་གྲོལ་བཤད་སྒྲུབ་གླིང་ཆེན་པོར། །ལྷ་ལྡན་བློ་བཟང་དཔལ་འབྱོར་གྱིས་ཕུལ་མཐུས། །སེར་སྣ་དག་པའི་ཚོར་ཕུང་མཉམ་ཉིད་ཀྱི། །ཡེ་ཤེས་ཆེན་པོར་བསྒྱུར་ཏེ་གནས་སྐབས་སུ། །ཚེ་དང་བསོད་ནམས་མངའ་ཐང་རྒྱས་པར་ཤོག །འཆར་ཀའི་མཚམས་སྤྲིན་མདངས་ཀྱི་ཆ་ཙམ་དུ། །བསྐྲུན་པར་ནུས་མིན་འཇམ་མཉེན་རེག་བྱ་ཅན། །(༢༠༨བ)


GLG018_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྒྱལ་བའི་ཕན་དང་བདེ་ལེགས་གཏེར། །འབྱུང་གནས་སྨིན་གྲོལ་བཤད་སྒྲུབ་གླིང་ཆེན་པོར། །ལྷ་ལྡན་བློ་བཟང་དཔལ་འབྱོར་གྱིས་ཕུལ་མཐུས། །འདོད་ཆགས་དག་པའི་འདུ་ཤེས་སོར་རྟོག་གི །ཡེ་ཤེས་ཆེན་པོར་བསྒྱུར་ཏེ་གནས་སྐབས་སུ། །སྲིད་ཞིའི་ཡོན་ཏན་ཐམས་ཅད་དབང་འདུས་ཤོག །སྟང་ཟིལ་ཨནྡ་རྙིལ་གྱི་མདོག་འཚེར་བ། །གཏུམ་དྲག་དཔའ་བོའི་ཆས་སུ་འོས་པའི་དར། །རྣམ་པར་རྒྱལ་བའི་ཕན་དང་བདེ་ལེགས་གཏེར། །འབྱུང་གནས་སྨིན་གྲོལ་བཤད་སྒྲུབ་གླིང་ཆེན་པོར། །ལྷ་ལྡན་བློ་བཟང་དཔལ་འབྱོར་གྱིས་ཕུལ་མཐུས། །ཞེ་སྡང་དག་པའི་རྣམ་ཤེས་ཆོས་དབྱིངས་ཀྱི། །ཡེ་ཤེས་ཆེན་པོར་བསྒྱུར་ཏེ་གནས་སྐབས་སུ། །ནག་པོའི་རྩ་ལག་ཐལ་བར་བརླག་པར་མཛོད། །སྣ་ཚོགས་རི་མོའི་ཁྱད་པར་མརྒད་ཀྱི། །མདངས་སུ་ཉེར་ཤར་ཐགས་སུ་བསྐྲུན་པའི་དར། །རྣམ་པར་རྒྱལ་བའི་ཕན་དང་བདེ་ལེགས་གཏེར། །འབྱུང་གནས་སྨིན་གྲོལ་བཤད་སྒྲུབ་གླིང་ཆེན་པོར། །ལྷ་ལྡན་བློ་བཟང་དཔལ་འབྱོར་གྱིས་ཕུལ་མཐུས། །ཕྲག་དོག་དག་པ་འདུ་བྱེད་བྱ་གྲུབ་ཀྱི། །ཡེ་ཤེས་ཆེན་པོར་བསྒྱུར་ཏེ་གནས་སྐབས་སུ། །ཕུན་སུམ་ཚོགས་པའི་དགའ་སྟོན་ལ་སྤྱོད་ཤོག །རྒྱལ་སྲས་སློབ་མར་བཅས་པའི་རྟེན་བརྟེན་པ། །མངོན་སུམ་འགྲོ་བའི་བསོད་ནམས་ཞིང་མཆོག་ཏུ། །ལེགས་དངོམ་མཐོང་ཐོས་དྲན་དང་རེག་པས་ཀྱང་། །མངོན་མཐོ་ངེས་ལེགས་ས་ལ་སྦྱོར་མཛད་ཀྱེ། །འདིས་མཚོན་བསགས་པའི་མི་ཟད་དགེ་བའི་འབྲས། །ཐུབ་པའི་བསྟན་དར་སྐྱེས་རྒུའི་བདེ་སྐྱིད་རྒྱས། །མཁའ་མཉམ་འགྲོ་བ་མ་ལུས་ཐར་པ་དང་། །རྣམ་མཁྱེན་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །ཡོན་སྦྱོར་རྣམས་ཀྱི་ནད་གདོན་བར་གཅོད་ཞི། །ཚེ་རིང་དཔལ་འབྱོར་ཆོས་སྲིད་ལེགས་ཚོགས་འཕེལ། །ཡང་སྲིད་ཀུན་ཏུ་དལ་པའི་རྟེན་ཐོབ་ནས། །རིང་པོར་མི་ཐོགས་བྱང་ཆེན་མྱུར་ཐོབ་ཤོག །ལྕགས་སྤྲེ་མ་ཧཱ་ཙི་ནའི་ཡུལ་གྲུར་གསེར་ཡིག་པ་དགའ་ལྡན་ཤར་པ་ཅོ་ནེ་ཆོས་རྗེ་དང་བསམ་གྲུབ་སྒང་པ་བཏེག་དུས་(༢༠༩ན)


GLG018_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་སྲུང་མར་མཆོད་པའི་སྤྲིན་ཕུང་སྤྲོ་བར་མཁོ་ཆེད་དུ་ཆ་ཀར་བླ་མའི་དབོན་པོ་དགེ་སློང་ཅན་ལ་དགོས་ཚུལ་མངགས་པའི་ཚེ་ཁ་བྱང་དུ་བཀོད་པ་ཕན་བདེའི་སྙེ་མ་གཡུར་ཟ། དཀོན་མཆོག་རིན་ཆེན་གསུམ་མཆོད་བྱིན་རླབས་ཀྱིས། །ཞྭ་སེར་ཅོད་པན་འཆང་བའི་ཆོས་སྲིད་བསྟན། །རྒྱ་ཧོར་བོད་སོགས་འཛམ་གླིང་སྐྱེ་རྒུ་ཡི། །བསོད་ནམས་ཞིང་དུ་བསྐལ་པར་འཕེལ་རྒྱས་ཤོག །མ་རིག་གཉིད་སངས་རྣམ་དཔྱོད་རྒྱས་པའི་ལྷས། །དགའ་བའི་དཔལ་ལྡན་ཕོ་བྲང་ཆོས་སྲིད་ཀྱིས། །རྒྱ་མཚོའི་གོས་ཅན་ཁྱབ་ཕྱིར་སྐུ་ཚེ་དང་། །མངའ་ཐང་སྲུང་མའི་ཚོགས་ཀྱིས་འཕེལ་བར་མཛོད། །མང་བཀུར་འཇམ་དབྱངས་གོང་མའི་བཀའ་ཁྲིམས་ཀྱི། །གསེར་ཤིང་འཛམ་གླིང་སྐྱེ་རྒུའི་གཉའ་བ་རུ། །ལྕི་བས་བདེ་སྐྱིད་རྫོགས་ལྡན་ཇི་བཞིན་དུ། །སྤྱོད་པར་གནམ་གྱི་ཤེ་མོང་མཐུས་འགྲུབ་ཤོག ། ལྕགས་སྤྲེ་ཧོར་ཟླ་བཅུ་གཅིག་པའི་ནང་དུ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་སྤྱི་སོས་ཆོས་སྐྱོང་སྤྱི་ལ་ཞག་བདུན་གྱི་རིང་བསྐང་བཤགས་བཏང་བའི་ཚེ་ཆོས་སྲུང་རྣམས་ལ་སྙན་ཤལ་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་མཆོག་ཐུན་འདོད་དགུའི་དཔལ་སྟེར། བླ་མ་གསང་འདུས་ཞི་ཁྲོས་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཀུན། །གང་གི་གསང་བ་གསུམ་གྱི་དཀྱིལ་འཁོར་དུ། །ཡོངས་འདུས་པདྨ་ཐོད་འཕྲེང་རྡོ་རྗེ་འཆང་། །མ་སྨད་ཐུགས་རྗེ་ཆེན་པོས་དེང་རྗེས་བཟུང་། །དྲག་པོ་རྩལ། སྟེང་འོག་བར་གྱི་གདོན་བགེགས་གཉེན་པོ་རུ། །རྡོ་རྗེ་སྲིན་པོའི་སྐུ་ལ་སྒྲུབ་སྡེ་བརྒྱད། །རབ་ཤར་བླ་མ་ཡི་དམ་ཀུན་ཚང་བ། །རིག་(༢༠༩བ)


GLG018_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དྲག་པོ་རྩལ་གྱིས་བདག་བྱིན་རློབས། །བཀའ་བརྒྱད། ཆེ་མཆོག་ཁྲག་འཐུང་གཙོར་གྱུར་མཎྜ་ལར། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་རྦོད་གཏོང་དང་། །རིགས་འཛིན་མཆོད་བསྟོད་དྲག་སྔགས་ཉེར་འདུས་པ། །རྒྱལ་བའི་དཀྱིལ་འཁོར་ཆེན་པོས་དངོས་གྲུབ་སྩོལ། །ཚེ་བདག །ཀུན་བཟང་འཇམ་ཞིང་ཞི་བའི་ཆོས་སྐུའི་གདངས། །གཏུམ་དྲག་རྔམས་པའི་གད་བརྒྱངས་འཇིག་རྟེན་གསུམ། །ཡོངས་འདར་ཕྱག་རྒྱས་འཁོར་འདས་མ་ལུས་པ། །ཟིལ་གནོན་ཚེ་བདག་ནག་པོས་བདུད་དཔུང་ཆོམས། །ཕུར་པ། མཆོག་ཐུན་དངོས་གྲུབ་བསྒྲུབ་ལ་བར་གཅོད་པ། །འབྱུང་པོའི་བྲག་རི་ཕུར་པའི་ཐོག་མདའ་ཡིས། །ཕྱེར་འཐག་རྡོ་རྗེ་གཞོན་ནུའི་ཉི་འོད་ཀྱིས། །བགེགས་ཚོགས་དམག་རུམ་སྟུག་པོ་ཕ་མཐར་སྐྲོད། །འཆར་ཀ །འཇམ་དཔལ་སྤྲུལ་པའི་ལྟོ་བར་ཁམས་གསུམ་གྱི། །སྐྱེ་འགྲོ་མ་ལུས་ཤོང་བའི་སྣོད་ཡངས་ཅན། །འཆི་བདག་འཆར་ཀ་ནག་པོའི་ཞལ་ནང་དུ། །དགྲ་བགེགས་གཟུགས་ཕུང་བླ་སྲོག་ཁ་རཾ་ཁཱ་ཧི། ཀི་ཀང་། བྱུ་རུའི་ལྷུན་པོ་དུས་མཐའི་མེ་ཡི་གོས། །གྱོན་པས་བསྒྲུན་མིན་གཤིན་རྗེ་ཀི་ཀང་གིས། །ལོག་པར་འཁུ་བའི་གཟུགས་ཅན་གཟུགས་མེད་རྣམས། །རིམ་བདུན་ས་གཞིའི་འོག་ཏུ་བསྐལ་པར་གནོན། །ལོག་ཏྲི། གསང་བའི་མཛོད་འཛིན་དྲང་སྲོང་དྲི་མ་མེད། །ཞེ་སྡང་རྡོ་རྗེའི་ཕྱག་མཐིལ་བྲག་རིའི་བར། །གནོད་བྱེད་སྡེ་བརྒྱད་དམ་སྲི་རྦོད་གཏོང་སོགས། །ཕྱེར་བཏགས་(༢༡༠ན)


GLG018_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མེད་ཐལ་བ་རླུང་ལ་སྐུར། །འཇིགས་བྱེད། གདུལ་དཀའ་འདུལ་བའི་གཉེན་པོར་མ་ཧེའི་ཞལ། །བཻ་ཌཱུཪྻ་འདྲའི་རྭ་སྔོན་སྲིད་པའི་རྩེར། །གདེངས་ནས་ཁྲོ་བོའི་ཚོགས་ཀུན་འཇིགས་མཛད་པ། །འཇམ་པའི་རྡོ་རྗེའི་མཐུ་སྟོབས་ནུས་དཔུང་བསྐྱེད། །གདུལ་བྱའི་སྤྱན་རས་གཟིགས། སྣང་ངོར་དཀར་དམར་སྐུ་མདོག་མདངས་། །འཆར་ཡང་སྐྱེ་རྒུར་རྗེས་ཆགས་འཇིགས་རྟེན་དབང་། །འཁོར་བའི་འགྲོ་ཀུན་ཆོས་ཀྱི་དབྱིངས་ཆེན་པོར། །སྒྲོལ་བའི་ཐུགས་རྗེ་རིགས་དྲུག་ཡོངས་ཁྱབ་མཛོད། །རྣམ་རྒྱལ་མ། ལྷ་ཆེན་ཉི་བུའི་ལག་གི་བེ་ཅོན་ཀྱང་། །མཚན་ཙམ་རྣ་བར་ཐོས་པའི་མོད་ཉིད་ལ། །འཆོར་མཛད་བཅོམ་ལྡན་གཙུག་ཏོར་རྣམ་པར་རྒྱལ། །ལྷ་དགུས་འཆི་མེད་ཟིལ་དངར་ཆར་དུ་ཕོབ། །རྣམ་འཇོམས། གསང་སྔགས་རིག་སྔགས་གཟུངས་སྔགས་ནུས་པའི་མཐུས། །མ་འགྲུབ་འགྲུབ་ཅིང་ཆུད་མི་ཟ་བ་ཡི། །བྱིན་རླབས་གཞན་ལས་ཁྱད་ཞུགས་རྡོ་རྗེ་འཛིན། །རྣམ་པར་འཇོམས་པས་ཉེས་ཚོགས་དྲི་རྣམས་ཁྲུས། །ཕྱག་དྲུག །ཤར་ལྷོ་ཙནྡན་རྐང་གཅིག་སྡོང་པོ་ན། །གར་དགུའི་ཉམས་ཀྱིས་རོལ་ཀྱང་སྒྲུབ་པ་པོའི། །སྐྱབས་བྱོན་བྱིན་རླབས་མྱུར་དུ་འཇུག་མཛད་པ། །ཕྱག་དྲུག་ལྕམ་དྲལ་རྣམ་བཞིའི་ལས་མཛོད་ཅིག ལས་གཤིན། །བདུད་ཀྱི་ཞགས་པས་དགྲ་བོའི་ཡན་ལག་རྐེ། །བཅིངས་ནས་ཐོད་དབྱུག་འབར་བས་ཀླད་པའི་རྒྱ། །ཚལ་བར་འགེམས་མཛད་ལས་ཀྱི་གཤིན་རྗེ་ཡིས། །(༢༡༠བ)


GLG018_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་བསྟན་རིན་ཆེན་ཉིན་མཚན་དུས་དྲུག་སྲུངས། །རྣམ་སྲས། གདོང་ལྔའི་དབང་པོའི་སྟེང་ན་གསེར་ཞུན་མདངས། །བརྒྱ་ཕྲག་ཉི་མས་འཁྱུད་པའི་གཟི་བྱིན་འཕྲོ། །རྣམ་མང་ཐོས་སྲས་ཞལ་དང་ནེའུ་ལེ་ཡི། །ཁ་ནས་འདོད་དགུའི་ཡིད་བཞིན་གྲུ་ཆར་སྙིལ། །དམག་ཟོར་མ། རླུང་ནག་འཚུབ་མའི་དབུས་ན་དྲེལ་རྟ་ལ། །ཞོན་པ་འདོད་ཁམས་བདག་མོ་རེ་མ་ཏཱི། །སྲིད་གསུམ་དབང་སྡུས་གནོད་བྱེད་དགྲ་བགེགས་སྒྲོལ། །ནད་གདོན་རབ་ཞི་ཚེ་དཔལ་ལུང་རྟོགས་སྤེལ། །གུར། ཐུབ་བསྟན་སྲུང་མ་ཡོངས་ཀྱི་སྡེ་དཔོན་དུ། །འཁོར་ལོས་སྒྱུར་རྒྱལ་རྡོ་རྗེ་གུར་གྱི་མགོན། །དཔལ་ལྡན་ལྷ་མོ་ཀུན་ཡུམ་རལ་གཅིག་མ། །འཁོར་དང་བཅས་པས་འདོད་པའི་དོན་རྣམས་སྒྲུབས། །ཞལ། ཚད་མེད་རྣམ་བཞིའི་ཞལ་གདངས་མཆེ་བའི་བར། །དགྲ་བགེགས་ཆེམ་ཆེམ་ཟོས་པའི་ཁྲག་དྲོན་གྱི། །དབུ་བའི་དོ་ཤལ་ཡོངས་འཁྲིགས་སྟོབས་འཕྲོག་ནག །ཡུམ་བཞི་དྲེགས་པའི་དམག་གིས་མི་བསྲུན་སྒྲོལ། །ལས་མགོན། བྲམ་ཟེའི་དམོད་འབྲས་ཁམས་གསུམ་སྐྱེ་རྒུའི་སྲོག །ཟ་བར་སྨིན་པ་གནོད་སྦྱིན་ཡབ་ཡུམ་དང་། །གཤིན་རྗེ་པུ་ཏྲ་བྷ་དྲ་སྲིང་མོ་ཡིས། །ཁྲག་གི་རལ་པ་དགྲ་བོའི་སྟེང་དུ་སྐྲུགས། །ལྕམ་སྲིང་། སྒྲོལ་གྱིང་གནོད་སྦྱིན་བེག་ཙེ་ལྕམ་དྲལ་དང་། །ལས་མཁན་བཤན་པའི་དམག་གི་དཔུང་ཆེན་པོས། །བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བགེགས་ཀྱི། །སྙིང་དོན་ཕྱུངས་(༢༡༡ན)


GLG018_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁོང་ཁྲག་ཞལ་དུ་རྔུབས། །མ་ནིང་། ཕོ་རྒྱུད་མོ་རྒྱུད་གཉིས་སུ་མེད་པ་ཡི། །དྲག་རྩལ་མཐུ་ཡིས་བཟློག་པས་མི་བཟློག་པ། །སྔགས་བཟློག་མཁན་པོའི་གཤེད་གྱུར་མ་ནིང་ནག །ལོག་འདྲེན་གདུག་པའི་ཚོགས་རྣམས་རྡུལ་དུ་རློག །སྟག་ཞོན། གསུར་ཆེན་དུད་སྤྲིན་འཁྲུགས་པའི་ཀློང་དཀྱིལ་ན། །མོན་ནག་སྟག་ཆེན་ཞོན་པའི་མཐུ་བོ་ཆེ། །དགྲ་སྙིང་དྲོན་མོ་ལྕགས་ཁར་ནང་བླུག་ནས། །གནམ་སར་ཆེར་གདངས་ཞལ་དུ་ཧུབ་ཀྱིས་དྲོངས། །བྱང་གཏེར་སྲུང་མ། ལྷ་བྲག་ཟབ་མོའི་གཏེར་གྱི་བདག་པོ་ཆེ། །དཔལ་ལྡན་སྔགས་སྲུང་ཨེ་ཀ་ཛཱ་ཊི་སོགས། །ཕོ་རྒྱུད་མོ་རྒྱུད་དམ་ཅན་མ་ལུས་པས། །མཐུན་རྐྱེན་ལེགས་ཚོགས་སྤེལ་བའི་འཕྲིན་ལས་སྒྲུབས། །ཐང་ལྷ། བོད་སྐྱོང་རྩད་པོའི་སྐུ་ལྷ་ཚངས་པའི་རིགས། །ཟུར་ཕུད་ལྔ་པ་སྤྲུལ་ཡུམ་མཆེད་འཁོར་གྱིས། །ཞི་རྒྱས་དབང་གི་དོན་རྣམས་བསྒྲུབ་པ་དང་། །རྒྱལ་འགོང་དམ་སྲིའི་སྲོག་རྩ་དམར་པོ་ཆོད། །ཁྱབ་འཇུག །ཕྱོགས་མཚམས་ཀུན་ཏུ་སྡེ་བརྒྱད་བསྡོངས་ཟླ་དང་། །ལྷན་ཅིག་རྒྱུ་བའི་དུག་རླངས་དགྲ་ཡུལ་དུ། །བསྐྱལ་ནས་ལོག་འདྲེན་འཇིག་རྟེན་ཕ་རོལ་གྱི། །ལྟད་མོར་ཐོང་ཞིག་ཁྱབ་འཇུག་རཱ་ཧུ་ལ། །རྒྱལ་པོ། གསང་བདག་དབང་ཆེན་པདྨ་ཀཱ་ར་ཡིས། །དམ་བཏགས་དགྲ་ལྷ་ཁྱུང་ཆེན་ཀླུ་འབྲུག་འདུལ། །སྐུ་ལྔ་བློན་པོ་གསང་ཡུམ་འཁོར་བཅས་ཀྱིས། །བསམས་པའི་རེ་བ་མ་ལུས་སྐོང་བར་མཛོད། །དགྲ་ལྷ་(༢༡༡བ)


GLG018_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཆུང་། སྐྱེས་གཅིག་མཛེས་བྱེད་པདྨ་སྐྱེས། །བློན་པོ་རྡོ་རྗེ་གྲགས་ལྡན་མཐུ་རྩལ་ཅན། །ཡང་དགོན་གནས་ཆུང་རྒྱལ་པོ་ཆེན་པོ་ཡིས། །ཐུགས་དམ་སྐོང་ཞིང་ཉམས་ཆགས་གསོ་བར་མཛོད། །ཙི་དམར་བ། ལི་སྲས་འཆོར་པ་སྨོན་ལམ་ལོག་པའི་མཐུས། །ཁྲག་གི་སྒོ་ང་ལས་སྐྱེས་ཙི་དམར་བ། །རོལ་པ་སྐྱ་བདུན་བཙན་འཁོར་སུམ་བརྒྱ་དང་། །དྲུག་ཅུའི་དམག་ཚོགས་དགྲ་བོའི་ཡུལ་དུ་དྲོངས། །རྡོར་ལེགས། བཙན་སྐྱ་ཐེའུ་རང་ཡོངས་ཀྱི་སྡེ་དཔོན་ཆེ། །གཡར་དམ་ནམ་ཡང་མི་གཡེལ་དམ་ཚིག་ཅན། །རྡོ་རྗེ་ལེགས་པ་ཡུམ་བཅས་མཆེད་དང་འཁོར། །སུམ་བརྒྱ་དྲུག་ཅུས་བཅོལ་བའི་འཕྲིན་ལས་མཛོད། །ཞིང་སྐྱོང་། བམ་རོ་ཕོ་མོའི་ལས་མཁན་སྔོན་རྒྱུག་ཅིང་། །རྟ་མཆོག་ཞོན་ནས་ཕྱོགས་ཀུན་རབ་མྱུལ་བ། །བདུད་མགོན་སེང་གེའི་གདོང་ཅན་ཡབ་ཡུམ་གྱིས། །རྣམ་པར་རྒྱལ་བའི་དར་ཆེན་སྲིད་རྩེར་སྒྲེངས། །བསྟན་མ། བསིལ་ལྡན་རུ་བཞིའི་ཡུལ་ཁམས་ལེགས་སྐྱོང་བ། །བདུད་མོ་གནོད་སྦྱིན་སྨན་མོ་བཅུ་གཉིས་མཆོད། །བསྟན་མའི་ཚོགས་ཀྱིས་ནད་རིམས་སད་སེར་དང་། །བཙའ་ཐན་མུ་གེ་གཡུལ་འཁྲུག་ཞི་བར་མཛོད། །སྡེ་དཔོན། སྔགས་འཆང་ཁྲག་འཐུང་རོལ་པའི་ང་རྒྱལ་གྱིས། །མངོན་སྤྱོད་གཡུལ་དུ་རབ་ཞུགས་དམག་གི་སྣ། །འདྲེན་པའི་སྡེ་དཔོན་སུམ་ཅུའི་ཚོགས་རྣམས་ཀྱིས། །དྲག་སྦྱོར་གནམ་ལྕགས་ཐོག་གི་མདའ་ཆེན་ཕོངས། །ཕུར་སྲུང་བཅུ་གཉིས་དབང་ཕྱུག་ཉི་ཤུ་བརྒྱད། །དཀར་མོ་ཉི་ཟླ་བདུད་རྒྱལ་ཐོད་(༢༡༢ན)


GLG018_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཕྲེང་། །འཁོར་དང་བཅས་པས་འཕྲིན་ལས་ཧེ་རུ་ཀཿ ། བསྒྲུབ་ལ་བར་དུ་གཅོད་པ་ཞི་བར་མཛོད། །རལ་པ་ཚར་དགུ། སྐྱེ་འགྲོ་ཁྲམ་ལ་ཡོངས་འདེབས་སྲིད་པའི་གྲོང་། །མ་གཤིན་དྲེགས་ཚོགས་རྦ་ཀློང་འཁྲུགས་ནང་དབུས། །ལས་གཤིན་བྷེ་ཝ་ས་ཏྭ་ལོག་འདྲེན་དགྲའི། །བདུད་བཞི་སློང་ལ་ཚེ་ཡི་འདུ་བྱེད་བཀུམས། །མཐུ་ཆེན་སྡེ་བཞི། ལྷ་བཙན་བདུད་ཀླུ་མཐུ་ཆེན་སྡེ་བཞི་པོ། །པད་འབྱུང་གནུབས་ཆེན་སྤྲུལ་སྐུ་ཞང་ཁྲོམ་གྱི། །སྤྱན་སྔར་གཡར་དམ་གཉན་པོ་ཁས་བླངས་བཞིན། །རིག་འཛིན་སྒྲུབ་པོ་རྣམས་ཀྱི་སྟོང་གྲོགས་མཛོད། །ཀླུ་ཡི་གཏེར་སྲུང་སྤྱི་དང་བཞི་བདག །སྡེ་དཔོན་འཛིན་པ་ལག་མང་སོགས། །གནས་དང་ཡུལ་གྲོང་རི་དང་ནགས་ཚལ་ཀུན། །སྐྱོང་བའི་གཞི་བདག་གཏེར་སྲུང་མཐའ་ཀླས་པས། །བཀྲ་ཤིས་བདེ་ལེགས་ཆེན་པོས་ཁྱབ་པར་མཛོད། །དམུ་སྟག་གྲོ་ལོད། སྟེང་ན་འཆོལ་བའི་ཁྲོ་རྒྱལ་ཆེ། །རྡོ་རྗེ་ཕུར་པའི་མཚོན་རྣོན་གདེངས་པའི་མོད། །རྒྱལ་བསེན་དམ་སྲི་མ་ལུས་མེ་དཔུང་ལ། །རྩ་སྦུར་བསྲེགས་པ་ལྟ་བུར་རྡུལ་དུ་རློག །སྙིགས་ཡང་གསང་། དུས་བདུད་བཞི་ལངས་བས་དགྲ་བགེགས་ཀྱི། །ལོག་སྤྱོད་བཅོ་ལྔའི་ཆ་ཤས་གང་བའི་རྒྱུ། །ཀརྨ་དྲག་པོ་སྲིད་གསུམ་རྣམ་རྒྱལ་ཞལ། །གདངས་ནས་སྐད་ཅིག་ཉིད་ལ་ཁྱུར་མིད་ཐོང་། །ཚེ་དཔག་མེད། འཁོར་འདས་ཡོངས་ཀྱི་ཚེ་ཡི་བདུད་རྩིའི་བཅུད། །བསྡུས་ཏེ་འཆི་མེད་སྲོག་གི་ཀ་བ་ཡིས། །བསྐལ་བརྒྱར་ཨ་ཧཾ་མི་འགྱུར་རབ་བརྟན་མཐུས། །(༢༡༢བ)


GLG018_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་མེ་ལོང་ངལ་གསོའི་གནས་སུ་མཛོད། །དྲེགས་འཇོམས། དུས་ཀྱི་དགྲ་བོར་འཇམ་པའི་རྡོ་རྗེའི་མཚོན། །གདེངས་ལ་སྡེ་བརྒྱད་རྦོད་གཏོང་རིག་སྔགས་ཚོགས། །ཅིག་ཅར་འཛོམས་མཛད་གཤིན་རྗེའི་གཤེད་པོ་ཡིས། །སྲུང་བཟློག་བསད་མནན་འཕྲིན་ལས་ཀུན་སྒྲུབ་མཛོད། །ལྕགས་སྤྲེ་གནས་ཆུང་ལྕོག་ཏུ་སྤྱན་གཟིགས་མཆོད་གཏོར་སྐུ་ཆས་དང་བཅས་ཕན་བདེ་ལེགས་བཤད་གླིང་པ་སྤྱི་ཚོགས་ནས་གཟབས་གསོལ་གྱི་ཚེ་སྙན་དར་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་མན་ཤེལ་འོད་འཕྲོ། དགྲ་ལྷ་སྐྱེས་གཅིག་གསུང་གི་རྒྱལ་པོ་ཆེ། །མཛེས་བྱེད་པདྨ་བདེ་སྐྱིད་གསང་བའི་ཡུམ། །རྡོ་རྗེ་གྲགས་ལྡན་ལས་མཁན་མཐུ་རྩལ་ཅན། །བཀའ་ཉན་རྒྱ་མཚོའི་ཚོགས་ཀྱི་སྤྱན་སྔ་རུ། །གཏོར་མའི་རི་བོ་ཁྲག་ཆང་བཏུང་བའི་མཚོ། །དངོས་བཤམས་ཡིད་སྤྲུལ་སྤྱན་གཟིགས་དང་བཅས་ཏེ། །ཉེས་བྱས་ཀུན་བཤགས་ཐུགས་དམ་ལེགས་སྐོང་བའི། །འཕྲིན་ལས་སྙན་པོ་དབྱངས་སུ་གྱེར་བྱེད་ན། །བདག་ཅག་དཔོན་སློབ་མི་ནོར་དགོན་གནས་ཀྱི། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང་། །ཚེ་དཔལ་བསོད་ནམས་ལུང་རྟོགས་ཡོན་ཏན་སོགས། །འབད་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཉམས་ཆགས་སྡིག་སྒྲིབ་དེས་བསྐྱེད་ནད་གདོན་མུན། །དགྲ་ལྷའི་དབང་པོའི་མཐུ་སྟོབས་རྟ་ལྗང་ཅན། །འཕྲིན་ལས་བརྒྱ་ཕྲག་སྣང་བས་མཐར་བྱས་ནས། །རབ་འབྱམས་ཞི་བའི་དོན་ཀུན་སྒྲུབ་པར་མཛོད། །བསྐལ་པར་འཚོ་བའི་ཚེ་རིང་རྣམ་གྲོལ་བུའི། །འབྱོར་བར་འགྲན་པའི་སྲིད་ཀྱི་(༢༡༣ན)


GLG018_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་དང་། །ཆབས་ཅིག་ལུང་རྟོགས་ཡོན་ཏན་མ་ལུས་པ། །གོང་སྤེལ་རྒྱས་པའི་དོན་ཀུན་སྒྲུབ་པར་མཛོད། །སྲིད་ཞིའི་བརྟན་པ་ཐམས་ཅད་རབ་འཕྲོགས་ནས། །འཁོར་འདས་ཡོངས་ཀྱི་ཕུན་ཚོགས་མཐའ་ཀླས་རྣམས། །འབད་རྩོལ་མེད་པར་ངང་གིས་འདུ་བ་ཡི། །བགྲང་ཡས་དབང་གིས་དོན་ཀུན་སྒྲུབ་པར་མཛོད། །བསམ་ངན་སྦྱོར་རྩུབ་འཆང་བ་དགྲ་བགེགས་ཀྱི། །རྩ་ལག་སྡེ་དཔུང་རྡུལ་ཕྲན་ལྟར་བརླག་སྟེ། །རྗེས་ཤུལ་རླུང་ལ་བསྐུར་ནས་མིང་ཙམ་ཡང་། །གྲགས་མིན་མངོན་སྤྱོད་དོན་ཀུན་སྒྲུབ་པར་མཛོད། །ལྕགས་སྤྲེ་ཧོར་ཟླ་བཅུ་པར་ཆོས་འཁོར་རྒྱལ་དུ་དེ་ཝཱི་ཀོ་ཊིར་བསྐང་བ་འབུམ། གུར་ཞལ་བེག་ཙེ་དང་མཐིལ་མགོན་ཁང་གི་ཕྱག་དྲུག་པ་ལས་གཤིན་རྣམ་སྲས་རྣམས་ལ་སྟོང་རྩ་། དེ་ཕྱིན་གྱི་ཆོས་སྐྱོང་ཚོར་བརྒྱ་རྩ་བཙུགས་པའི་སྙན་ཤལ་ཁ་བྱང་རྩ་སྨིན་ལྗོན་པ། མཐིལ་གྱི་མགོན་ཁང་སྤྱི། དྷཱི་ཡིག་གུར་ཀུམ་མདངས་ལས་ཁྲོ་བོའི་གཟུགས། །ཤར་བས་བདུད་བཞིའི་སྙིང་འབྱིན་མ་ཧེའི་ཞལ། །ལས་གཤིན་མྱུར་མཛད་ལྕམ་དྲལ་རྣམ་ཐོས་སྲས། །དམག་ཟོར་རྒྱལ་མོ་ལེགས་ལྡན་གདོང་བཞི་པ། །བེག་ཙེ་ལྕམ་སྲིང་རྡོ་རྗེ་གཡའ་མ་སྐྱོང་། །མི་འགྱུར་ལྷུན་གྲུབ་གཙུག་ལག་ཆོས་འཁོར་རྒྱལ། །བསྲུང་མཛད་བཀའ་སྡོད་རྒྱ་མཚོའི་ཚོགས་རྣམས་ཀྱི། །ཐུགས་དམ་གཉེན་པོ་དབྱིངས་སུ་སྐོང་བྱེད་ན། །བདག་སོགས་མི་ནོར་སྲིད་སྡེར་བཅས་པ་ལ། །ཐན་ལྟས་བྱད་རྦོད་མི་མཐུན་ཀུན་ཞི་ཞིང་། །མོས་བཞི་དབང་སྡུད་གནོད་བྱེད་ཚར་གཅོད་ཅིང་། །འཇིགས་བརྒྱད་མཐར་བྱས་འབྱོར་དྲུག་རྒྱས་པར་མཛོད། །སྲིད་གསུམ་(༢༡༣བ)


GLG018_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཝཱི་ཀོ་ཊི། བདག་མོ་གདོང་ཅན་བདུད་བཞིའི་ལྷ། །བསྟན་མ་བཅུ་གཉིས་ཇོ་བོ་རྒྱལ་མཚན་པར། །ཉེས་ཀུན་བཤགས་ཤིང་ཐུགས་དམ་སྐོང་བ་ཡི། །དགྱེས་བསྐྱེད་འཕྲིན་ལས་འབུམ་ཕྲག་གྱེར་བྱེད་ན། །ཐན་ལྟས་མཐུ་བྱད་དབུལ་ཕོངས་འཁྲུགས་རྩོད་དང་། །ནད་རིམས་དུས་ཀྱི་ཆད་པ་ཡོངས་ཞི་ནས། །རྒྱུ་སྦྱོར་འཁོར་བཅས་ཚེ་དཔལ་བསོད་ནམས་སོགས། །མངའ་ཐང་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །ཆོས་འབྱུང་སྟེང་། བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀུན། །མཆོད་བཤགས་བསྐང་བས་དགྱེས་པ་བསྐྱེད་པའི་མཐུས། །ཡིད་སྲུབས་སྡེ་བཅས་གཡུལ་ངོ་ཕམ་བྱས་ཏེ། །དཀར་ཕྱོགས་རྒྱལ་མཚན་སྲིད་པའི་རྩེ་མོར་ཕྱོར། །ཁྱད་པར་སྒྲོལ་གྱིང་བེག་ཙེ་ལྕམ་སྲིང་དང་། །གནོད་སྦྱིན་བཤན་པ་དམར་པོ་རཱ་ཧུ་ལ། །སྤྲུལ་པའི་ཆོས་རྒྱལ་རྡོ་རྗེ་ལེགས་པ་ཡིས། །ལས་བཞི་བསྒྲུབས་ནས་འཛུམ་ཞལ་ཟླ་ལྟར་སྟོན། །བསིལ་པ་ཚལ། གུར་མགོན་ལྕམ་དྲལ་ཕོ་ཉ་རྣམ་པ་ལྔ། །དྲག་པོ་གཟི་ལྡན་དབང་ཕྱུག་འཁོར་བཅས་ལ། །མཐུན་པའི་རྫས་རྣམས་བཤམས་ཏེ་མཆོད་བཤགས་དང་། །དམ་སྐོང་བསྟོད་ཅིང་འདོད་དོན་ཞུ་བྱེད་ན། །སྔོན་ལས་འཕྲལ་གྱི་རྐྱེན་བྱས་མི་མཐུན་ཕྱོགས། །སྒོ་གསུམ་ཟུག་རྔུ་འབྱིན་པའི་ཉེས་ཚོགས་རྣམས། །རབ་ཞི་བདེ་བའི་ཚོར་བ་དུས་ཀུན་ཏུ། །རྟག་ཏུ་མྱོང་བའི་འཕྲིན་ལས་སྒྲུབ་པར་མཛོད། །རྒྱལ་པོ་ལྕོག །གཙུག་ལག་སྐྱོང་བར་པདྨཱ་ཀཱ་ར་ཡིས། །བཀའ་བསྒོས་ལི་བྱིན་ཧཱ་ར་མཆེད་ལྔ་པོ། །གསང་ཡུམ་སྤྲུལ་པ་བློན་པོ་འཁོར་ཚོགས་(༢༡༤ན)


GLG018_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ཉིན་མཚན་ཀུན་ཏུ་གཡེལ་མེད་མེལ་ཚེ་མཛོད། །ཀླུ་གཙུག་ན་རིན་ཆེན་གནས་པའི་ཆུ་མིག་ལ། །འཛུགས་རྒྱུའི་དར་ལྕོག་འཕྲེང་བ་ཀླུ་ཡི་རྒྱལ། །འཁོར་དང་བཅས་པས་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་སྦྲུམ་ཞིང་ཡམས་ནད་ཞི་བ་སོགས། །ཡིད་ལ་རེ་བའི་བསམ་དགུ་གྲུབ་པར་མཛོད། །རྟ་རྒོད་ཤེལ་ལྕག་གི་སྐུ་མཁར་ལ་འཛུགས་རྒྱུ། མཐུ་རྩལ་ནུས་སྟོབས་ལྡན་པར་གནོད་སྦྱིན་ཆེ། །རྟ་རྒོད་ཤེལ་ལྕག་ལས་བྱེད་ཕོ་ཉའི་ཚོགས། །གཡེལ་བ་མེད་པར་དཀར་མོ་ལྗོངས་ཀྱི་གནས། །བསྲུང་ཞིང་བསྐྱབ་པའི་འཕྲིན་ལས་མཛད་དུ་གསོལ། །ལྕགས་སྤྲེ་ཟླ་ཚེས་ལ་གནས་ཆུང་ཆོས་རྒྱལ་ཆེན་པོར་སྙན་ཤལ་ཁ་བྱང་དགོས་ཚུལ་ས་དཀར་འགོ་པ་རྡོ་རྗེ་སྐྱབས་ཀྱིས་བྱུང་བ་བཞིན་བཀོད་པ་ཆོས་སྲིད་རབ་རྒྱས། སངས་རྒྱས་ཀུན་འདུས་པདྨ་ཀཱ་ར་ཡི། །སྤྱན་སྔར་བསྟན་འགྲོ་སྐྱོང་བའི་གཡར་དམ་ཅན། །པེ་ཀར་རྒྱལ་པོ་དགྲ་ལྷ་སྐྱེས་གཅིག་པུ། །གསང་བའི་ཡུམ་གཅིག་མཛེས་བྱེད་པདྨ་སྐྱེས། །བློན་པོ་རྡོ་རྗེ་གྲགས་ལྡན་སྤྲུལ་པ་དང་། །ཡང་སྤྲུལ་བཀའ་སྡོད་ཕོ་ཉ་ཀིངྐ་ར། །གནམ་ས་བར་སྣང་གང་བའི་འཁོར་ཚོགས་ལ། །དངོས་བཤམས་ཡིད་སྤྲུལ་མཆོད་པས་མཉེས་བྱེད་ན། །བདག་སོགས་མི་ནོར་འབངས་སྲིད་སྡེར་བཅས་ཀྱི། །ནད་གདོན་བར་གཅོད་ཉེར་འཚེ་ཀུན་ཞི་ཞིང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སོགས། །ཆོས་སྲིད་དོན་རྣམས་རྒྱས་པའི་འཕྲིན་ལས་མཛོད། །ལྕགས་སྤྲེ་ཧོར་ཟླ་བཅུ་གཉིས་པར་སྲི་གཅོད་འབུམ་པ་བསྐོར་བར་སྡེ་(༢༡༤བ)


GLG018_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

པ་སངས་རྒྱས་རྒྱ་མཚོ་བཏེག་སྐབས་གུང་ཐང་མཆོད་ཁང་དུ་སྙན་ཤལ་ཕུལ་བའི་ཁ་བྱང་སྐྱེ་རྒུའི་ངལ་གསོ། གུང་ཐང་གི་ཐུབ་ཆེན་མཚན་དཔེའི་གཟི་འབར་གསེར་གྱི་མདོག་ཅན་ཕྱག །འཁོར་ལོའི་རི་མོ་ལྷར་བཅས་སྐྱེ་རྒུ་ཡི། །གཙུག་ཏུ་ཁྱོད་ཞལ་སྲིད་ཞིའི་འཇིགས་པ་ལས། །དབུགས་དབྱུང་ཕན་བདེར་སྦྱོར་ཞིག་ཟས་གཙང་སྲས། །ཞང་གི་སྐུ། ནང་དུ་བརྟུལ་ཞུགས་སྤྱོད་པའི་ཟློས་གར་གྱིས། །བདུད་བཞིའི་གཡུལ་ལས་རྒྱལ་ཀྱང་གདུལ་བྱའི་ངོར། །ངུར་སྨྲིག་གོས་མནབས་ཞང་སྟོན་བརྩོན་འགྲུས་གྲགས། །གཡུ་བྲག་འགྲོ་བ་ཡོངས་ཀྱི་མགོན་དེས་སྐྱོངས། །ཆོས་ཀྱི་དབྱིངས་སུ་རང་གྲོལ་ཆོས་དབྱིངས་རང་གྲོལ་གྱི་དངུལ་གདུང་། ཀུན་ཏུ་བཟང་། །ཞིང་འདིར་དཔལ་ལྡན་ལུང་རྟོགས་འབྱོར་བ་ཡི། །འཕྲིན་ལས་རབ་རྒྱས་རྗེ་བཙུན་བླ་མ་མཆོག །ཁྱབ་བདག་རྡོ་རྗེ་སེམས་དཔས་དེང་བྱིན་རློབས། །ཕྱག་བཞི་པ། ཕྱི་ནང་གསང་བའི་བྱ་རོག་གདོང་པའི་མཚན། །ཉེར་འཆང་མ་མགོན་དབང་ཕྱུག་ཕྱག་བཞི་པ། །ཡབ་ཡུམ་བཀའ་སྡོད་དམ་ཅན་རྒྱ་མཚོ་ཡིས། །འགལ་རྐྱེན་ཀུན་སོལ་འཕྲིན་ལས་ལྷུན་འགྲུབ་མཛོད། །མཐུ་རྩལ་ལྷ་མོ་ལྕགས་ཕུར་མ། མངའ་བདག་དཔལ་ལྡན་རེ་མ་ཏཱི། །བཀའ་ཉན་ཀིངྐ་ར་ཡི་ཚོགས་བཅས་ཀྱིས། །ནད་རིམས་གཡུལ་འཁྲུག་དུས་ཀྱི་ཆད་པ་རྣམས། །རབ་ཞི་མཐུན་རྐྱེན་ལེགས་ཚོགས་འཕེལ་བར་མཛོད། །མང་དགོན་རྒྱལ་ཁང་། དཔག་པར་དཀའ་པའི་མཐུ་སྟོབས་རྫུ་འཕྲུལ་ཅན། །དྲེགས་པའི་སྡེ་དཔོན་ཆེན་པོ་པེ་ཧ་ར། །སྤྲུལ་པ་གསང་ཡུམ་བློན་པོ་ལས་བྱེད་ཀྱིས། །དབང་དྲག་ཞི་རྒྱས་ལས་(༢༡༥ན)


GLG018_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྒྲུབ་པར་མཛོད། །བློ་ངན་ཞེས་པ་ལྕགས་མོ་བྱའི་གནམ་ལོ་ཐོག་མར་ཚེས་པའི་འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོ་ལ་སྙན་ཤལ་ཕུལ་བའི་ཁ་བྱང་ཡིད་ཀྱི་འདོད་འཇོ། ཟླ་དཀར། བཞིན་ཆུ་སྒྲོས་ཨུ་ཏྤལ་དམར་པོའི་འདབ། །འཛུམ་དབུས་ཚེམས་དཀར་ཟེའུ་འབྲུ་དངོམ་པ་དང་། །ལྷན་ཅིག་མགྲིན་པའི་རྒྱུད་ལས་རབ་དྲངས་གླུ། །སྙན་པོ་རྣ་བའི་རྒྱུད་དུ་སྟེར་བྱེད་མ། །འཇམ་མཉེན་སོར་མོས་ཡོངས་བཏེག་ཤེལ་བུམ་དང་། །མཐོ་རིས་ཆུ་བོས་གཏམས་ནས་ཉེར་བབས་པས། །མི་མཐུན་ཉེས་བརྒྱའི་དྲི་མ་ཀུན་བཀྲུས་ཏེ། །བདེ་སྐྱིད་གསར་པའི་ལང་ཚོ་དར་དྲག་མཛོད། །སེར། འབུམ་ཕྲག་ཉི་མས་འཁྱུད་པ་གསེར་གྱི་རིའི། །སྙེམས་འཕྲོག་ཕྲ་ལྡེམ་ནུ་འབུར་རྐེད་སྐབས་མཐོ། །གནག་སྣུམ་ལྕང་ལོའི་ཐོར་ཚུགས་གཡོ་བཞིན་དུ། །ཁམས་གསུམ་ཟིལ་གྱིས་གནོན་པའི་གར་མཁན་མ། །ཛམྦུ་ཆུ་བོའི་ས་ཟླའི་ཡོལ་གོའི་ནང་། །ཕུན་ཚོགས་ནོར་བུས་ཕྱུར་བུར་གཏམས་པ་ཡིས། །ཚེ་དཔལ་བསོད་ནམས་མངའ་དབང་ལུང་རྟོགས་སོགས། །སྲིད་ཞིའི་ཡོན་ཏན་ཐམས་ཅད་རྒྱས་པར་མཛོད། །དམར། ཆགས་ཉམས་གདུང་བའི་དྲོད་ཀྱིས་ཞལ་ཁྱིམ་མདངས། །པདྨ་རཱ་གའི་རྗེས་འགྲོ་མིག་གི་དཀྱུས། །རིང་པོས་དགྲ་བཅོམ་བསམ་གཏན་ལས་སློང་བ། །ན་ཆུང་སྨིན་མའི་འཁྲི་ཤིང་གཡོ་བྱེད་མ། །ས་འོག་ས་སྟེང་ས་བླའི་འཇིག་རྟེན་ཀུན། །ཨུ་ཏྤལ་དམར་པོའི་ཞགས་པས་ཡོངས་བཅིངས་ནས། །ལྕགས་ཀྱུས་འཁོར་འདས་ལེགས་ཚོགས་མཐའ་ཀླས་པའི། །བསྟན་པ་རང་དབང་མེད་པར་བསྡུ་བར་མཛོད། །སྔོ། སྟོང་(༢༡༥བ)


GLG018_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རབ་ཟའི་ཞལ་གདངས་མཆེ་བའི་སྤྲིན། །ལྗགས་ཀྱི་གློག་ཕྲེང་འཁྱུག་དབུས་ང་རོའི་སྒྲ། །དབྱར་གྱི་རྔ་གསང་ཡོངས་ལྡིར་སྲིན་མོའི་གཟུགས། །མཐོང་བས་ལོག་འདྲེན་སྙིང་རྩ་འདར་བྱེད་མ། །ཤོ་རྡེལ་ཁྲམ་ཤིང་བྱད་དམར་དཀྱུས་རིང་དུ། །དགྲ་བགེགས་ཀུན་བཏབ་མཚོན་དྲུ་ནད་རླངས་ཀྱིས། །ཐལ་བའི་རྡུལ་ཕྲན་ལྟ་བུར་བརླག་མཛད་པ། །མངོན་སྤྱོད་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །ལྗང་། མེ་རླུང་འཚུབ་མའི་གུར་ཁྱིམ་ཕུབ་པའི་ནང་། །ཁྲག་ཞག་རྒྱ་མཚོའི་རྦ་ཀློང་རབ་འཁྲུག་སྟེང་། །རྐྱང་སེར་དྲེལ་རྟ་ལ་བཅིབས་འདོད་ཁམས་ཀྱི། །གཙོ་མོ་དམག་ཟོར་ལྷ་ཁྱོད་ངེས་དོན་དུ། །རྒྱལ་ཀུན་ཡུམ་གཅིག་ངག་དབང་དབྱངས་ཅན་མ། །དབྱིངས་ཕྱུག་རྡོ་རྗེ་བཙུན་མོའི་ཨེ་དབྱིབས་ནང་། །ཝཾ་ཡིག་འཇམ་དཔལ་དམར་པོའི་གཤེད་སྐོར་གྱི། །རྒྱུད་སྡེའི་གསང་མཛོད་ཡོངས་ཀྱི་སྒོ་འབྱེད་མཁན། །སྣ་ཚོགས་གདུལ་བྱའི་འགྲོ་ངོར་ཞི་རྒྱས་དང་། །དབང་དྲག་ལས་སྒྲུབ་སྐུ་ཡི་རྣམ་འགྱུར་གྲངས། །འབུམ་ཕྲག་རྫིང་བུར་ཟླ་བའི་གཟུགས་བརྙན་བཞིན། །ཤར་ཡང་རང་རིག་དོན་གྱི་ལྷ་མོར་ངེས། །ལྟས་ངན་ཀེག་སྲི་ཆགས་ཆེ་ཉམ་ང་སོགས། །ནག་པོའི་ལྷོངས་ཀུན་དཔག་དཀའི་རྫུ་འཕྲུལ་གྱིས། །ཚར་བཅད་འཇིག་རྟེན་ཁམས་འདིར་སུམ་རྩེན་གྱི། །སྐྱེ་རྒུའི་བསོད་ནམས་མཉམ་པོར་ལོངས་སྤྱོད་ཅིང་། །སྡེ་བཞིའི་དགའ་སྟོན་ལྡན་པ་རྒྱལ་པོའི་ཁབ། །ཆོས་སྲིད་ཟུང་འཇུག་འཕྲིན་ལས་འཁོར་ལོ་ཡིས། །ཡངས་པའི་ནོར་འཛིན་ཁྱོན་ཀུན་ཡོངས་ཁྱབ་ནས། །ཕྱོགས་ལས་རྣམ་པར་རྒྱལ་བའི་འཕྲིན་ལས་མཛོད། །(༢༡༦ན)


GLG018_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་བྱ་ཧོར་ཟླ་དང་པོར་མདོས་བཀང་འབུམ་ཐེར་བཙུགས་པའི་ཚེ་སྙན་དར་གྱི་ཁ་བྱང་བསམ་པའི་རེ་སྐོང་། དཀར་མ་སྨད་ཐུགས་རྗེ་འབུམ་ཕྲག་ཟླ་བའི་ཟེར། ཁྱབ་པས་དུས་མིན་འཆི་དང་ནད་གདོན་བགེགས། །མི་མཐུན་ཉེས་བརྒྱའི་སྨག་རུམ་མ་ལུས་པ། །ཅིག་ཅར་སེལ་བའི་ཞི་བའི་འཕྲིན་ལས་མཛོད། །སེར། ཛམྦུ་ཆུ་བོའི་བུམ་བཟང་ལས་འོངས་པ། །འཆི་གསོས་བདུད་རྩིས་གཏམས་པའི་འགྱུར་མེད་ཀྱི། །སྲོག་གི་ཀ་བ་མི་ཡོ་ཉེར་ཚུགས་པ། །རྒྱས་པའི་འཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །དམར། བརྒྱུ་དང་མི་བརྒྱུའི་འགྲོ་ཡིད་བརྟན་པ་རྣམས། །འཕྲོག་དང་ལྷན་ཅིག་ཕུན་ཚོགས་ཡོན་ཏན་ཀུན། །འབད་དང་རྩོལ་བར་ལྟོས་མིན་རང་ཤུགས་ཀྱིས། །དབང་གི་འཕྲིན་ལས་མཐའ་དག་འགྲུབ་པར་མཛོད། །སྔོ། བརྣག་པའི་བསམ་སྦྱོར་འཆང་བའི་དགྲ་བགེགས་ཀྱི། །མཐུ་སྟོབས་ནུས་པ་རྫུ་འཕྲུལ་ཕྱེར་བཏགས་ནས། །དོན་སྙིང་ཁྲག་དྲོན་བཏུངས་ཏེ་རྣམ་པར་ཤེས། །མི་བསྐྱོད་ཞིང་སྐྱེལ་དྲག་པོའི་འཕྲིན་ལས་མཛོད། །ལྗང་། དངོས་བཤམས་ཡིད་སྤྲུལ་མདོས་མཆོད་འབུམ་ཕྲག་གིས། །སྲིད་གསུམ་དབང་མོའི་ཐུགས་དམ་ཉེར་བཀང་མཐུས། །སྤྱི་དང་ཁྱད་པར་ཁ་བའི་སྨན་ལྗོངས་འདིར། །ནད་རིམས་དབུལ་ཕོངས་འཐབ་རྩོད་ཞི་བར་མཛོད། །རིགས་འཛིན་བདག་སོགས་དཔོན་སློབ་འཁོར་བཅས་ཀྱི། །ཆོས་དང་སྲིད་ཀྱི་དོན་ཀུན་རབ་འགྲུབ་ཅིང་། །སངས་རྒྱས་བསྟན་པ་རྒྱ་མཚོ་བླ་ནས་བླར། །འདེགས་པའི་ས་དབང་ཚངས་པའི་སྤུན་ཟླར་མཛོད། །ཡིད་བཞིན་དབང་རྒྱལ་ཡོངས་འདུ་ས་བརྟོལ་དང་། །(༢༡༦བ)


GLG018_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་བཟང་འདོད་འཇོ་མ་རྨོས་ལོ་ཏོག་ལྟར། །ལེགས་ཚོགས་ཆར་ཆེན་འབེབས་པར་དུས་གསུམ་གྱི། །རྒྱལ་ཀུན་ཡུམ་གཅིག་མཐུ་དཔུང་སྐྱེད་དུ་གསོལ། །ལྕགས་བྱ་ལོ་ཆོས་འཁོར་སྟེང་སྐུ་སྐྱེ་རབ་འབྱམས་པ་བསྟན་འཛིན་རྒྱ་མཚོ་ལ་སྒྲོ་སྐུར་ཆེར་བྱུང་སྐབས་འདིར་གསལ་ཆོས་སྐྱོང་སོ་སོར་བདེན་ཤན་འབྱེད་པར་གསོལ་བའི་སྙན་དར་ཞལ་བྱང་དགོས་ཚུལ་ལྟར་བཀོད་པ་སྨག་རུམ་སྒྲོན་མེ། སྐུ་སྐྱེ་བསྟན་འཛིན་རྒྱ་མཚོ་ཚངས་སྤྱོད་ལས། །ཉམས་ནས་རྐུ་ཐབས་གནས་ན་སྐུ་སྐྱེ་དང་། །ཀུན་སློང་ངན་པས་གཡོ་འཕྲུལ་རྫུན་རིགས་ཀྱིས། །ཐོག་མར་བསྒྲགས་མཁན་གཉིས་པོའི་གཟུ་དཔང་དུ། །རྡོ་རྗེ་འཇིགས་བྱེད་ཆོས་ཀྱི་རྒྱལ་པོ་ཡི། །ཡེ་ཤེས་སྤྱན་གྱི་དཀར་ནག་བདེན་ཤན་ཕྱེ། །བདེན་མེད་གང་ཡིན་དེ་ལ་ལོ་གཅིག་ཚུན། །གནས་ཆུང་པེ་ཀར་རྒྱལ་པོ་བློན་བཅས་ཀྱི། །པདྨ་དབང་ཆེན་གྱིང་ལྔ་གཟའ་གདོང་གི །ལེགས་ལྡན་ནག་པོ་བང་ཆེན་འཁོར་བཅས་ཀྱི། །རྒྱལ་པོ་ཆེན་པོ་བསེ་ཡི་ཁྲབ་ཅན་གྱི། །སྲིད་གསུམ་དབང་སྒྱུར་དམག་ཟོར་རྒྱལ་མོ་ཡི། །ཞེས་ཚིག་རྐང་གཅིག་པོ་བསྒྱུར། ལུས་སྲོག་ཚེ་ལ་རྟགས་མཚན་མྱུར་སྟོན་མཛོད། །ལྕགས་བྱ་ནག་པ་ཟླ་བའི་བརྒྱད་གཏོར་ཆེན་མོའི་དུས་ཆོས་སྲུང་རྣམས་ལ་སྙན་ཤལ་ཕུལ་བའི་ཁ་བྱང་གནས་གསུམ་མཁའ་འགྲོ་རྒྱང་འབོད། སེར་མཐུ་སྟོབས་མི་བཟད་གསེར་གྱི་འཁོར་ལོ་ཡིས། །མ་ཧཱ་ཀཱ་ལ་ཡོངས་ཀྱི་གླིང་བཞི་ལ། །དབང་སྒྱུར་རྡོ་རྗེ་སྲིན་པོ་གུར་མགོན་དང་། །ལྕམ་དྲལ་རལ་གཅིག་མ་ཡིས་ལས་ཀུན་མཛོད། །དཀར། བདེ་ཆེན་འཁོར་ལོར་མན་ཤེལ་མདངས་ལྡན་སྐུ། །ཞི་ཁྲོའི་ཉམས་ལས་འཕྲོས་(༢༡༧ན)


GLG018_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོད་དཀར་དང་། །བདུད་རྩིའི་རྒྱུན་གྱིས་ཉེས་ཚོགས་སྨག་རུམ་ཀུན། །བསལ་ནས་འཆི་མེད་མཆོག་སྦྱིན་དེང་འདིར་སྩོལ། །དམར། ལོངས་སྤྱོད་འཁོར་ལོའི་དབུས་ན་ཁྲོ་ཆགས་གར། །ཡོངས་བསྒྱུར་ཐུགས་རྗེའི་ལྕགས་ཀྱུས་སྲིད་དང་ཞིའི། །ལེགས་ཚོགས་མ་ལུས་ཁབ་ལེན་རྡོ་བ་ཡིས། །ལྕགས་རྡུལ་ཇི་བཞིན་དབང་དུ་བསྡུ་བར་མཛོད། །མཐིང་ཁྲ། ཆོས་ཀྱི་འཁོར་ལོར་གཏུམ་དྲག་རྔམ་པའི་སྐུ། །མཐུ་སྟོབས་ཧ་ལ་ནག་པོས་ཁམས་གསུམ་ན། །ཉེར་གནས་དགྲ་བགེགས་སྲོག་རྩ་དམར་འབྱིན་དུ། །བཏང་ནས་མི་བསྐྱོད་རྒྱལ་བའི་ཞིང་དུ་དྲོངས། །སེར་པོ། སྤྲུལ་པའི་འཁོར་ལོར་གཟི་བྱིན་ཉི་མའི་ལུས། །བརྒྱ་ཕྲག་ཡོངས་བརྒལ་ཕྱག་མཚན་ཀ་པཱ་ལར། །ཕྱུར་བུར་རབ་གཏམས་ཡིད་བཞིན་ནོར་བུ་ལས། །འཁོར་འདས་ཡོན་ཏན་བདག་རྒྱུད་གང་བར་མཛོད། །ལྗང་། རིན་ཆེན་རུས་རྒྱན་དར་གྱི་སྨད་དཀྲིས་ཅན། །སྙན་བརྫིད་མི་རྐང་གླིང་བུའི་སྒྲ་དབྱངས་ཀྱིས། །གནས་གསུམ་དཔའ་བོ་མཁའ་འགྲོ་འབོད་བྱེད་པ། །བྲན་དང་གྲོགས་སུ་སྟོན་པའི་བྲམ་ཟེ་ཆེ། །རང་བྱུང་རྡོ་རྗེ་ལུས་ཀྱི་གྲོང་ཁྱེར་དུ། །རྩ་ཁམས་རླུང་གི་དངས་མ་ཞིང་སྐྱོང་སྐུར། །ཤར་བའི་དྷུ་ཏཱིའི་མདུད་འགྲོལ་ཚེ་གཅིག་ལ། །ཟུང་འཇུག་ལམ་དུ་འཁྲིད་པའི་ས་མཁན་མཆོག །རྒྱུད་གསུམ་དྲེགས་པ་མཐའ་དག་རང་གི་སེམས། །གསལ་སྟོང་བདེ་ཆེན་ཀློང་དུ་ལེགས་འཆར་བ། །གདོད་ནས་ཡོངས་དག་ཁྱབ་བདག་ཧེ་རུ་ཀཿ ། གདུལ་དཀའ་འདུལ་ལ་ལྷ་ཆེན་སྟོབས་(༢༡༧བ)


GLG018_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་ཆེ། །རྡོ་རྗེ་འཆང་སོགས་བརྒྱུད་པའི་བླ་མའི་ཚོགས། །ཁྱད་པར་བློ་གྲོས་རྒྱལ་མཚན་ཡབ་སྲས་ནས། །དྲིན་ཆེན་རྩ་བའི་བླ་མ་རྣམ་གསུམ་གྱི། །བཀའ་དང་དམ་ཚིག་གཉེན་པོ་ཉེར་དགོངས་ལ། །དབང་དྲག་ཞི་དང་རྒྱས་པའི་འཕྲིན་ལས་ཀུན། །ཡིད་ལ་གང་བསམས་ཇི་བཞིན་ལྷུན་གྲུབ་པར། །ཙ་ཏུ་རྨུ་ཁ་ཡུམ་ཆེན་རྣམ་པ་བཞི། །དམ་ཅན་རྒྱ་མཚོས་མཐུ་སྟོབས་དཔུང་སྐྱེད་ཅིག །ལྕམ་སྲིང་། གནོད་སྦྱིན་ལྕམ་དྲལ་བཀའ་སྡོད་སྒྲོལ་གྱིང་རྣམས། །པུ་ཏྲ། ལོག་འདྲེན་འཚོལ་ཕྱིར་སྟོང་གསུམ་ཁུ་སྒྲ་ཡིས། །བཀང་ནས་ཞགས་པས་སྐེ་བཅིངས་མདུང་རྣོན་གྱིས། །ཕུག་པའི་ཁྲག་རྒྱུན་ཞལ་དུ་ཧུབ་སྒྲས་དྲོངས། །ལྕགས་མོ་བྱ་ལོ་རབ་འབྱམས་པ་བསྟན་འཛིན་རྒྱ་མཚོས་གསང་ཕུར་མང་ཇའི་ཐོག་སྙན་ཤལ་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་ཡིད་ཀྱི་རེ་སྐོང་། དཱི་པཾ་ཀཱ་རཱའི་ཡི་དམ་འཕགས་མའི་སྐུ། །རྔོག་སྟོན་ལེགས་པའི་ཤེས་རབ་རྟེན་སྐལ་དུ། །ཉེར་ཐོབ་མི་མཐུན་འཐབ་རྩོད་ལས་རྒྱལ་བ། །སངས་རྒྱས་ཀུན་ཡུམ་འདུས་པའི་ངོ་བོ་ཡིས། །གངས་ཅན་ཕན་བདེའི་རྩ་ལག་ཐུབ་བསྟན་སྤྱི། །བྱེ་བྲག་དཔལ་ལྡན་གསང་ཕུ་ནེའུ་ཐོག །ཁྱད་པར་སྟག་ཚང་ར་བ་སྟོད་པ་ཡི། །ཆོས་སྤྱོད་རྣམ་བཅུ་སྲིད་མཐར་རྒྱས་པར་ཤོག །ལྷ་རྫས་འཇམ་མཉེན་རེག་བྱ་ལེགས་དབུལ་(༢༡༨ན)


GLG018_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །རབ་འབྱམས་སྨྲ་བ་བསྟན་འཛིན་རྒྱ་མཚོ་ཡི། །ཆོས་དང་སྲིད་ཀྱི་བསམས་དོན་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །དཀོན་མཆོག་ཡོངས་འདུས་མདོ་རྒྱུད་དམ་ཆོས་རྣམས། །ཕྱོགས་བཅུར་འཕེལ་མཛད་འཇམ་མགོན་བླ་མ་ཡིས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛད་ནས། །ངེས་པར་ལེགས་པའི་ས་ལ་འགོད་དུ་གསོལ། །རབ་དམར་རྒྱལ་ཆེན་བསེ་ཡི་ཁྲབ་ཅན་གྱིས། །རབ་འབྱམས་བསྟན་འཛིན་རྒྱ་མཚོའི་རྣམ་དཀར་དོན། །རབ་ཡངས་མཁའ་ལ་ཉི་ཤར་ཇི་བཞིན་དུ། །རབ་གསལ་ཕན་བདེའི་སྣང་བས་ཁྱབ་པར་མཛོད། །ལྕགས་བྱ་ས་ག་ཟླ་བའི་དུས་ཆེན་གྱི་ཉིན་གསོལ་དཔོན་དཔལ་གྲོང་སྔགས་རམས་པའི་ཕའི་དོན་དུ་ཇོ་ཤཱཀ ཐུགས་རྗེ་ཆེན་པོ། བྱམས་པ། རྗེ་བཙུན་བཙོང་ཁ་པ། འཕགས་པ་ལོ་ཀེ་ཤྭ་ར་རྣམས་ལ་སྙན་དར་ཕུལ་བའི་ཁ་བྱང་བདེ་ཆེན་སར་སྦྱོར། ཤཱཀྱ་མུ་ནི་མཐའ་མེད་རྒྱུད་ལྔའི་ལམ་གྱི་འཕྲང་རིང་པོར། །དཀར་ནག་ལས་ཀྱི་གྲོགས་པོས་ཉེར་ཁྲིད་ནས། །བློ་གྲོས་བསྟན་འཛིན་བདེ་སྡུག་བར་མའི་གར། །བསྒྱུར་ལ་དོན་ཀུན་གྲུབ་ཀྱེ་སྤྱན་གྱིས་གཟིགས། །བཟོད་དཀའ་ཟུག་རྔུས་མནར་བ་ངན་སོང་གསུམ། །འཇུར་དང་འདུ་བྱེད་ཀྱིས་ཁྱབ་ལྷ་མིའི་རྟེན། །སྲིད་པའི་མཚོ་ལས་ཐུགས་རྗེའི་གྲུ་བོ་ཆེས། །བསྒྲལ་ནས་ངེས་ལེགས་གླིང་དུ་བགྲོད་པར་ཤོག །ཀུན་ཏུ་བཟང་པོའི་སྨོན་ལམ་ཁྲི་ཕྲག་ཏུ། །ཉེར་བཏབ་དོན་ལྟར་བདེ་བ་ཅན་ཞིང་དུ། །པདྨའི་སྦུབས་སྐྱེས་འོད་དཔག་མེད་ཀྱི་ཞལ། །མཐོང་ནས་(༢༡༨བ)


GLG018_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་སྲས་སུ་འགྱུར་བར་ཤོག །བཅུ་གཅིག་ཞལ། སྔོན་བསགས་ལས་ཉོན་འཐུག་པོའི་མུན་འཐིབས་པ། །གནས་ངན་ཁུང་བུར་འོ་དོད་ཕུད་སྒྲ་ཅན། །མི་བཟད་ཉམ་ངའི་གཟུགས་འཁྱིལ་ལུས་རྟེན་དུ། །བློ་གྲོས་བསྟན་འཛིན་མ་ངེས་འགྱུར་སྲིད་ན། །འཇམ་མཉེན་ཕྱག་གི་མཐིལ་ནས་གསལ་བའི་སྤྱན། །སྟོང་ཕྲག་དུས་ལས་ཡོལ་བ་མེད་གཟིགས་ལ། །ལྷོ་ཕྱོགས་གྲུ་འཛིན་གཞལ་ཡས་ཁང་ཆེན་པོར། །མྱུར་དུ་དྲངས་ཏེ་ཕན་བདེ་ལ་སྦྱོར་མཛོད། །བྱམས་པ། གང་གི་དམ་བཅའི་གཟུངས་སྔགས་ཁ་ཏོན་དང་། །རྣ་བར་ཐོས་སོ་ཅོག་རྣམས་ངན་སོང་ལས། །འདྲེན་པར་མ་ཕམ་མགོན་པོས་ཞལ་འཆེས་པ། །ནམ་ཡང་མི་བསླུ་བདེན་པའི་ཚིག་ཡིན་ཕྱིར། །བློ་གྲོས་བསྟན་འཛིན་ཁམས་གསུམ་འཁོར་བའི་གནས། །གང་དུ་དུཿཁས་མནར་ཡང་འོད་དཀར་སྦུབས། །བརྒྱུད་དེ་ཡིད་དགའ་ཆོས་འཛིན་གནས་མཆོག་ཏུ། །སྐྱེས་ནས་ཐེག་ཆེན་བྱང་ཆུབ་སེམས་བསྐྱེད་ཤོག །བཙོང་ཁ་པ། ངོ་མཚར་རྨད་བྱུང་བཀོད་ལེགས་དག་ཞིང་དུ། །རྒྱལ་བ་སེང་གེའི་ང་རོར་སངས་རྒྱས་པའི། །འཁོར་དུ་བློ་གྲོས་བསྟན་འཛིན་ཡོངས་གྱུར་ནས། །བརྩེ་ལྡན་ཐུགས་རྗེ་ཆེན་པོས་རྗེས་འཛིན་ཤོག །མཐའ་བྲལ་སྟོང་ཉིད་ལྟ་དང་གསང་སྔགས་ཀྱི། །བསྐྱེད་རྫོགས་ཟུང་དུ་འཇུག་པར་ཉམས་བླངས་པས། །རིང་པོར་མི་ཐོགས་བཅུ་གསུམ་རྡོ་རྗེ་ཡིས། །བརྙེས་ནས་རིགས་ཀུན་བདག་པོར་འགྱུར་བར་ཤོག །ལོ་ཀེ་ཤྭ་ར། འཕགས་མཆོག་ཐུགས་རྗེའི་འཇུག་པ་དུས་བབས་ཏེ། །རྒྱ་བལ་(༢༡༩ན)


GLG018_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་ནག་ཀླུང་སྟུག་པོའི་ཁྲོད། །ཧ་རི་ཙནྡན་སྡོང་པོར་རང་བྱོན་སྐུ། །མཐོང་ཐོས་དྲན་པས་རྣམ་གྲོལ་འཇིག་རྟེན་དབང་། །བྱིན་རླབས་ནམ་ཡང་མི་ཟད་རྀ་ཥྀའི་འོད། །བློ་གྲོས་བསྟན་འཛིན་ཉལ་འགྲོར་ཡོངས་འཕགས་པས། །སྡིག་སྒྲིབ་ཉེས་ལྟུང་དུག་ཞི་འདི་ཕྱི་དང་། །གཏན་མདུན་ཡན་ལག་བརྒྱད་དང་ལྡན་པར་ཤོག བློ་ངན་ཞེས་པ་ལྕགས་བྱ་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་སྟོང་པ་དང་པོའི་ཚེ་རིགས་ཀུན་ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དག་པའི་ཞིང་དུ་སྐུའི་བཀོད་པ་བསྡུས་སྐབས་སྐུ་གདུང་རིན་པོ་ཆེར་སྙན་ཤལ་ཕུལ་བའི་ཁ་བྱང་མཁའ་སྤྱོད་ལམ་བཟང་། བགྲང་ཡས་རྟེན་དང་བརྟེན་པ་སྤྲོ་བསྡུ་ཡི། །བྱེད་པོར་དཔལ་ལྡན་བླ་མ་རིགས་ཀུན་བདག །དགྱེས་མཛད་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་ལ། །གདན་གསུམ་ཚང་བའི་ལྷ་ཚོགས་ཡོངས་རྫོགས་པ། །སྲིད་གཞིའི་འདོད་འཇོ་རིན་ཆེན་དབང་གི་རྒྱལ། །ལྗོངས་འདིའི་བསོད་ནམས་ཞིང་སར་མཁས་བཙུན་བཟང་། །མཆོག་ཏུ་གྲུབ་པའི་སྙེ་མ་གཡུར་ཟའི་མཐར། །སྐལ་ངན་གྲང་རེག་དུས་ཀྱི་སྔོན་འགྲོའི་སྒོར། །མགོན་ཁྱོད་སྦྱངས་གཞིའི་གཟུགས་སྐུ་ཉེར་བསྡུས་ནས། །སྤྲོས་བྲལ་ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་། །ཐིག་ལེ་ཧཱུཾ་ཡིག་ཨཾ་སྔོན་འོད་འབར་བ། །ཟུང་འཇུག་བདེ་སྟོང་སྒྱུ་མའི་གར་མཁན་ཅན། །མཁའ་སྤྱོད་ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚད་མེད་རྣམ་བཞིའི་ལྷ་མོས་ཡོངས་བསྐུལ་བས། །ཆུ་ལས་རླབས་བཞིན་གཟུགས་ཀྱི་སྐུར་བཞེངས་ཏེ། །དག་པའི་འཁོར་ལ་(༢༡༩བ)


GLG018_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་བསྐོར་བར་བསྐུལ། །གངས་ཅན་གདུལ་དཀའི་ཞིང་ལ་སྨིན་གྲོལ་ལམ། །སྟོན་པའི་ཐ་མའི་འཛད་པ་དེང་བསྟན་ཀྱང་། །བྱང་སེམས་དཔའ་བོ་མཁའ་འགྲོ་མཐའ་ཀླས་པ། །རྗེས་འཛིན་འཕྲིན་ལས་འཇུག་སྒོར་ཐུགས་བསྐྱེད་མཛོད། །ཉེར་བཞིའི་ཌཱ་ཀི་བཾ་ཡིག་རྣལ་འབྱོར་མར། །གཅིག་འདུས་གསལ་སྟོང་རྡོ་རྗེ་བཙུན་མོའི་དབྱིངས། །འབྱམས་སུ་མ་ཀླས་བཞིན་ལག་རྣམ་པ་ཡི། །རིག་འཛིན་རྒྱ་མཚོའི་གཙོ་བོར་བཞེང་དུ་གསོལ། །གནས་ལུགས་རང་ངོ་འཕྲོད་པའི་སེམས་ཉིད་དང་། །དཔལ་ལྡན་བླ་མ་དམ་པ་ཧེ་རུ་ཀཿ །རྡོ་རྗེ་ཕག་མོ་དངོས་པོ་རོ་གཅིག་པར། །ལྷུག་པར་སྐྱོང་བའི་རྣལ་འབྱོར་འདི་རྨད་བྱུང་། །དོན་དམ་ཆུ་ཟིལ་ལྟ་བུར་དབྱེ་བའི་སྐབས། །བྲལ་ཡང་ཀུན་རྫོབ་བསོད་ནམས་རྒྱ་མཚོའི་ཞིང་། །ཁྱབ་བདག་རྡོ་རྗེ་སེམས་དཔའི་སྐུར་བཞེངས་ནས་ཐུགས་རྗེའི་འཇུག་པ་དུས་ལས་ཡོལ་མེད་ཤོག །ཆོས་རྗེ་བུ་སྟོན་ཚར་ཆེན་ཡབ་སྲས་ཀྱི། །ཟབ་རྒྱས་ཆོས་ཀྱི་མཐོ་རིས་ཆུ་བོའི་རྒྱུན། །རྗེ་བཙུན་སྐལ་ལྡན་ཤིང་རྟས་ཉེར་དྲངས་པ། །ཐུབ་བསྟན་རྒྱ་མཚོ་གནས་པར་ཆད་མེད་ཤོག ། ལྕགས་བྱ་ཧོར་ཟླ་བརྒྱད་པར་ཆོས་འཁོར་རྒྱལ་གྱི་མགོན་ཁང་ཚོར་མཆོད་གཏོར་བཟབས་རྒྱས་འབུལ་བར་མཆོད་དཔོན་ངག་དབང་ཤེས་རབ་བཏང་སྐབས་བྱམས་ཆེན་དང་ཆོས་སྲུང་ཚོར་སྙན་ཤལ་ཕུལ་བའི་ཁ་ཡིག་དཔག་བསམ་སྙེ་མ། ཡིད་དགའ་ཆོས་སྙན་ཤལ་གཡས་གོས་སེར་ཡུག །འཛིན་འཆི་མེད་དགའ་བའི་ཚལ། །དག་པའི་ཞིང་གི་ཕོ་བྲང་ཆེར་བཞུགས་ཀྱང་། །འཇིག་རྟེན་སྤྱི་(༢༢༠ན)


GLG018_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྱད་པར་འཛམ་གླིང་འགྲོར། །བྱམས་བརྩེས་རྟག་གཟིགས་འཕགས་མཆོག་མ་ཕམ་མགོན། །ཕྱིན་དྲུག་རླབས་ཆེན་སྤྱོད་པའི་རེག་བྱ་ཡིས། །ཡིད་སྲུབས་སྙིང་ལ་ཚེར་རྣོན་ལྟར་རྩུབ་པ། །རིས་མེད་ལུས་ཅན་ཡོངས་ལ་ཉེར་འཇམ་པ། །སྒོ་གསུམ་སིམ་པའི་ཚོར་བ་འདི་རྨད་བྱུང་། །ལྷ་མིན་གདོན་གྱི་སྨྱོ་ཆུས་སྙིང་བརླམས་པ། །བསམ་སྦྱོར་རྩུབ་མོའི་རྣ་ཞགས་རིང་རྐྱོང་བར། །དྲན་འཛིན་ཐུགས་རྗེའི་ལྕགས་ཀྱུས་ལུས་ངག་ཡིད། །དུལ་བའི་ར་བར་འཇུག་པའི་མཐུ་དཔུང་སྐྱེད། །སྒོ་གསུམ་འཛིམ་མར་མི་དགའི་གར་བསྒྱུར་ནས། །དལ་འབྱོར་སྟོང་ཟད་མཐར་ཁྲིད་དཀར་མིན་འབྲས། །ལྔ་བདོའི་ཡིད་ཅན་སྤྱི་དང་བྱེ་བྲག་ཏུ། །རྒྱ་ཧོར་བོད་ཀྱི་སྐྱེ་རྒུའི་གདུང་བ་སོལ། །ཁྱད་པར་འཇམ་མགོན་བློ་བཟང་གྲགས་པ་ཡི། །བཤད་སྒྲུབ་བསྟན་པ་བླ་ནས་བླར་འཕེལ་བའི། །ཕ་མཐའ་འཆིང་ལ་ནམ་མཁའི་སྐ་རགས་མ། །ཐུངས་པས་ཚངས་པ་ཨོཾ་ཡིག་ཟོལ་བསྟེན་ཤོག །ལུགས་གཉིས་སྐྱོང་ལ་རྨོངས་པའི་མུན་སངས་ཤིང་། །རྣམ་དཔྱོད་ཉི་མའི་དཀྱིལ་འཁོར་རབ་རྒྱས་པ། །ལེགས་བྱས་རྩིབས་སྟོང་འཁོར་ལོ་རྒྱ་མཚོ་ཡི། །གོས་ཅན་ཀུན་ལ་ཡོངས་སུ་འཁོར་བར་ཤོག །དགའ་ལྡན་གནས་ནས་རིང་པོར་བརྐྱང་བའི་ཕྱག །སོར་མོས་གཏོར་བའི་མེ་ཏོག་མནྡྷ་ར། །ནོར་འཛིན་ཡོངས་ལ་ཁྱབ་པའི་བཀྲ་ཤིས་ཀྱི། །འཇིག་རྟེན་གསུམ་དུ་ཀུན་དགའི་རྩེ་འཇོར་ཤོག །སྙན་ཤལ་གཡོན་གོས་དམར་ཡུག །གཟོད་མ་ཉིད་ནས་ཐུགས་བསྐྱེད་ས་བོན་ཚོགས། །གཞན་ཕན་འབའ་ཞིག་བསྒྲུབ་(༢༢༠བ)


GLG018_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆུས་བརླན་པས། །ཆོས་གཟུགས་ལྗོན་ཤིང་རྒྱས་པའི་གྲིབ་བསིལ་དུ། །འགྲོ་ཀུན་ངལ་གསོར་འཛད་པ་བྱམས་མགོན་ཀྱེ། །ཞེ་སྡང་མེ་ལྕེས་རང་རྒྱུད་ཤིང་བསྲེག་དང་། །ཆབས་ཅིག་ཆགས་གདུང་རྔུལ་ཆུའི་རླབས་འཁྲུག་པ། །མི་སྲིད་འགལ་བའི་ནད་བརྒྱ་དྲུངས་འབྱིན་པར། །མཆོག་གི་སྨན་པ་ཆེན་པོ་ཁྱོད་གཞན་སུ། །ཁམས་གསུམ་ཟོ་ཆུན་ལྟར་འཁོར་ལམ་རིང་པོ། །ཅུང་ཟད་ངལ་གསོ་མེད་རྒྱུ་འཁྲུལ་སེམས་ཅན། །མཐའ་བྲལ་མ་རྒན་ཉམ་ཐག་སྡུག་བསྔལ་གྱིས། །མནར་ལས་སྐྱོབ་ཤིག་མགོན་ཁྱོད་སྙན་དུ་གསོལ། །དེ་ཕྱིར་རང་བྱས་གཞན་འགེབས་བསྙོན་མིན་ཡང་། །ཆུས་ཁྱེར་ར་མདའ་འབོད་ལྟར་ཡུས་གཏམ་ལ། །བུ་གཅིག་མ་བཞིན་བྱམས་པ་མགོན་པོ་ཡིས། །དབུགས་དབྱུང་བདེ་སྐྱིད་གནས་སུ་དེང་ལུང་སྟོན། །གཅེས་འཛིན་སྒྲོག་ལས་གྲོལ་མིན་རང་འདོད་ཀྱིས། །བོད་འདིར་ནད་རིམས་འཐབ་རྩོད་མུ་གེ་སོགས། །ཞི་བའི་སྨོན་དོན་འགྲུབ་ནས་རྫོགས་ལྡན་དུས། །གསར་པའི་ཉི་དཀྱིལ་དགུང་ནས་འཆར་བར་ཤོག །རྣམ་དག་ཐུབ་བསྟན་དཀའ་ཐུབ་འཇིག་པའི་གདོན། །ཕྱོགས་ལྷུང་དྲག་པོའི་དགའ་རབ་དབང་ཕྱུག་ལུས། །མཆོག་གསུམ་བདེན་ཚིག་གཙུག་ན་ཟླ་བའི་མིག །དམར་ཟླུམ་ལས་སྦར་ཞུགས་ཀྱིས་སྲེག་པར་ཤོག །བྱང་ཆུབ་ཡོངས་བསྔོས་དགེ་བའི་དུ་ཀཱུ་ལར། །སྤྱད་ཀྱང་འཛད་མེད་གོས་བཟང་བསོད་ནམས་ལྷས། །ཡོངས་བསྒྱུར་གྲོ་བཞིན་སྐྱེས་ཀྱི་སྐལ་བ་དང་། །བདག་སོགས་ཡིད་ཅན་མཐའ་དག་མཉམ་པར་ཤོག །རྭ་རྩེ་སྲིད་རྩེར་གདེངས་པས་(༢༢༡ན)


GLG018_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཆེན་རྣམས་མགོན་ཁང་ཆེན་མོ། གོས་དུད་ཁ། །ཞབས་འདེགས་འབངས་གྱུར་དཔལ་ལྡན་དུས་དགྲའི་དབང་། །ལས་ཀྱི་གཤིན་རྗེ་འཆི་བདག་ནག་པོའི་གཟུགས། །མྱུར་མཛད་མགོན་པོ་འདི་ཕྱི་བར་དོའི་སྐྱབས། །ཕུན་ཚོགས་འདོད་དགུའི་ཆར་འབེབས་རྣམ་ཐོས་སྲས། །སྲིད་པའི་རྒྱལ་མོ་འདོད་པ་ཁམས་ཀྱི་བདག །ལེགས་ལྡན་ནག་པོ་དཔའ་བོ་བྲམ་ཟེའི་གཟུགས། །བེག་ཙེ་ལྕམ་དྲལ་ཆོས་སྲུང་རྒྱ་མཚོ་ཡིས། །གངས་ཅན་བསྟན་འགྲོའི་བདེ་སྐྱིད་ཡོངས་སྤེལ་ཞིང་། །མི་དབང་སངས་རྒྱས་རྒྱ་མཚོའི་ཚེ་དཔལ་སྟོབས། །བསོད་ནམས་མངའ་ཐང་ངལ་བསོས་བུར་འགྲན་པའི། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །རྡོ་སྐུ་མེ་འབར་མ། ཉིན་བདེ། སྲ་མཁྲེགས་རྡོ་བར་མེ་འབར་ཆོ་འཕྲུལ་གྱིས། །ལོག་འདྲེན་དགྲ་དཔུང་སྔོན་ཆད་སྤེལ་བཀོད་ལྟར། །བསམ་སྦྱོར་ངན་འཆང་གཟུགས་ཅན་གཟུགས་མེད་ཀུན། །ཕྱེ་མར་ཐོགས་ཤིག་གཟི་ལྡན་དབང་ཕྱུག་ཀྱེ། །མགོན་པོ་ཀོ་བཏུམས་མ། ཉིན་བདེ། ཕྱར་བ་ཙམ་གྱིས་ལོག་འདྲེན་གཡུལ་ངོ་རུ། །ཆས་རྣམས་ནད་ཡམས་ནད་འཁྲུག་གིས་འཕུང་བའི། །བྱེད་པོ་ལེགས་ལྡན་ནག་པོ་རྟེན་འདི་ལ། །བཞུགས་ནས་དགོན་གནས་སྡེ་དང་བཅས་པ་སྲུངས། །ཚེ་བདག །ཉིན་བདེ། འཇམ་དཔལ་རྡོ་རྗེ་སྲིད་གསུམ་ཟ་བའི་ཞལ། །གར་དགུའི་ཉམས་ཀྱིས་རོལ་བའི་གཟི་བྱིན་གྱིས། །འཁོར་འདས་ཕྱག་རྒྱ་མཐའ་དག་ཟིལ་མནན་ཏེ། །བན་བོན་བྱད་རྦོད་རང་གཤེད་རང་ལ་ཕོབ། །རྩི་ཏྲང་ཁང་། ལིང་དམར། རིམ་(༢༢༡བ)


GLG018_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་ན། །གནས་ཀྱང་སེམས་ཅན་ཡོངས་ཀྱི་ལྟག་པ་རུ། །གདོད་ནས་ཤར་བ་བྷེ་ཝ་ས་ཏྭ་ཡི། །རྣོན་པོ་མཆེ་བས་ལོག་འདྲེན་དོན་སྙིང་ཕུག །མེ་རླུང་འཁྲུག་པའི་སྟག་ཞོན་ལོང་ངུར། དབུས་ན་མོན་པ་ནག །སྟག་ཆེན་སྨྱོན་པར་ཞོན་ཏེ་ཕྱོགས་མཚམས་ཀུན། །མྱུལ་ནས་དགྲ་ཤ་དྲོད་རླངས་མ་ཡལ་བར། །ཆེམ་ཆེམ་ཞལ་དུ་གསོལ་ཞིག་ལེགས་ལྡན་ནག །མཐུ་ཆེན་སྡེ་བཞི། ལིང་ལྗང་། གནུབས་ཆེན་རྒྱ་སྟོན་ཞང་ཁྲོམ་སྤྱན་སྔ་རུ། །སྲོག་སྙིང་ཕུལ་ནས་ཟབ་གཏེར་ལེགས་སྐྱོང་བར། །ཞལ་འཆེས་ལྷ་བཙན་བདུད་ཀླུ་དྲེགས་པ་བཞིས། །གནོད་སྦྱིན་མཐའ་དག་རྡུལ་ཕྲན་བཞིན་དུ་རློག །མགོན་ཁང་བར་གྱི་དམར་ཟོར་མ། ཁ་བཏགས་ཆ་བདུན་མ། སྟོན་ཟླའི་བཞིན་དངོམ་ཚངས་སྲས་ལུས་ཕྲ་མ། །སྲིན་མོའི་གཟུགས་ཀྱིས་ཁྲག་དྲོན་འཐུང་བཞིན་དུ། །བརྒྱ་ཕྱེད་མགོ་འཕྲེང་མགུལ་པར་རྒྱན་འཆང་མས། རིགས་འཛིན་བདག་གིས་བཅོལ་བའི་ལས་ཀུན་སྒྲུབས། །དེ་ཝཱི་ཀོ་ཊི། གོས་སྔོན་ཡུག །ངེས་པའི་དོན་དུ་རྒྱལ་ཀུན་ཡུམ་གྱུར་ཀྱང་། །གདུལ་དཀའི་གཤེད་དུ་དམག་དང་ཟོར་གྱི་ལྷ། །ཞི་རྒྱས་དབང་དྲག་བསྒྲུབ་པའི་རྣམ་འགྱུར་སྐུ། །གཅིག་པུ་ཉིད་ལས་དུ་མའི་གར་མཛད་མ། །བདུད་རྩིའི་ཆབ་ཀྱིས་སྒྲིབ་གཉིས་བདེ་འབྲས་བཀྲུས། །ཡིད་བཞིན་ནོར་གྱིས་ཚེ་དཔལ་བསོད་ནམས་སྤེལ། །ལྕགས་ཀྱོ་གཟས་པས་བརྟན་གཡོ་དབང་དུ་སྡུས། །སྣ་ཚོགས་མཚོན་ཆས་དགྲ་བགེགས་ཕྱེར་འཐག་མཛོད། །ཞྭ་སེར་བསྟན་པ་རྒྱ་ཧོར་བོད་གསུམ་གྱི། །སྐྱབས་སུ་སོང་བའི་གཟི་(༢༢༢ན)


GLG018_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་ཉི་མའི་གཟིས། །ལོག་པར་འཁུ་བའི་མེ་ཁྱེར་འོད་ཉམས་དང་། །ལྷན་ཅིག་སྡེ་དཔུང་སྲིད་མུན་མཐར་མཛོད་ཅིག །ལུགས་གཉིས་ཁྲིམས་འཛིན་སངས་རྒྱས་རྒྱ་མཚོའི་ཚེ། །རིང་འཚོ་དཔལ་འབྱོར་བསོད་ནམས་མངའ་ཐང་འཕེལ། །ནད་གདོན་བགེགས་དང་བར་ཆད་ཞི་བ་སོགས། །འཕྲིན་ལས་རྣམ་བཞི་མཐའ་དག་ལྷུན་གྱིས་སྒྲུབས། །ཡིད་བཞིན་ནོར་དང་བུམ་བཟང་འདོད་འཇོའི་བ། །ཡོངས་འདུ་ས་བརྟོལ་དེ་བཞིན་གང་བསམས་པའི། །རེ་བ་མཐའ་དག་སྐོང་བར་འདོད་ཁམས་ཀྱི། །དབང་ཕྱུག་སྲིད་པའི་རྒྱལ་མོས་མཐུ་དཔུང་སྐྱེད། །དམག་ཟོར་མའི་གསེར་སྐུ། ལིང་ལྗང་། སྲིད་གསུམ་ཟ་བྱེད་ཞལ་གདངས་སྲིན་མོའི་སྐུར། །བསྟན་ཀྱང་ངེས་པའི་དོན་དུ་དབྱངས་ཅན་མ། །སྙིང་གི་དབུས་བཞུགས་ཡིད་དང་རྣ་བ་ལ། །ཕང་འགྲོའི་སྒྲ་དབྱངས་རྟག་ཏུ་འཁྲོལ་བར་མཛོད། །བསྟན་མ་བཅུ་གཉིས་ལིང་སེར། མཚོ་སྐྱེས་རྡོ་རྗེའི་སྤྱ྄ན་སྔར་པུར་རྒྱལ་བོད། །སྐྱོང་བར་ཞལ་བཞེས་བསྟན་མ་བཅུ་གཉིས་དང་། །བྱེ་བྲག་སྒོས་ཀྱི་གནས་སྲུང་གཡའ་མ་སྐྱོང་། །མཐུ་རྩལ་སྐྱེད་ལ་མཐུན་པའི་སྟོང་གྲོགས་མཛོད། །མགོན་པོ་གུར། ལིང་རྒྱ་ཁ། དབང་སྔོན་ལྷུན་པོ་གར་དགུའི་རྣམ་རོལ་བར། །དུས་མཐའི་མེ་དཔུང་གིས་ཀླུབས་རྡོ་རྗེ་གུར། །སྲིད་གསུམ་དབང་སྒྱུར་དཔལ་ལྡན་རེ་མ་ཏཱི། །རྒྱུད་གསུམ་དྲེགས་པ་སྤྲོ་བསྡུ་རལ་གཅིག་མ། །བཀའ་ཉན་འཁོར་ཚོགས་རྒྱ་མཚོའི་སྡེ་དཔུང་བཅས། །ས་གཞི་བར་སྣང་གཡོ་བའི་ཆོ་འཕྲུལ་གྱིས། །བསྟན་འགྲོའི་(༢༢༢བ)


GLG018_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྐྱིད་འཕྲོག་པ་སྤྱི་ཡི་དགྲ། །རིགས་འཛིན་བདག་གི་སྒོས་དགྲ་གཉེར་གཏད་ན། །བདུད་ཀྱི་ཞགས་པ་ནག་པོས་སྐེ་ནས་ཆིངས། །གནམ་ལྕགས་སྤུ་གྲི་འབར་བས་ཁོག་པ་ཕྱེ། །སྦར་མོས་དོན་སྙིང་རྩ་ལག་དྲོད་རླངས་ཅན། །ཆེམ་ཆེམ་ཞལ་དུ་གསོལ་བའི་འཕྲིན་ལས་མཛོད། །དཔལ་མགོན་ཞལ། གོས་དུད་ཁ། རྐང་གླིང་སྒྲ་ཡིས་གནས་གསུམ་མཁའ་འགྲོ་ཀུན། །ཕྱི་ནང་གསང་མཆོད་མགྲོན་དུ་ཉེར་བོས་ནས། །ལས་བཞིའི་འཕྲིན་ལས་སྒྲུབས་ཞེས་བཀའ་བསྒོ་བར། །བྲམ་ཟེའི་གཟུགས་ཀྱིས་རོལ་གར་དེང་འདིར་སྒྱུར། །བསམ་སྦྱོར་ངན་འཆང་གཟུགས་ཕུང་འདམ་ལྟར་དུ། །བརྫིས་པས་མ་ཚིམས་མཆེ་བ་རྣོན་པོའི་བར། །ཆེམ་ཆེམ་ཟ་བ་སྟོབས་འཕྲོག་ནག་པོ་ཆེས། །བདུད་བཞི་སྡེ་བཅས་འཇོམས་པའི་དུས་ལ་བབ། །གཏུམ་དྲག་ཡུམ་ཆེན་རྣམ་བཞིའི་སྤར་མོ་ཡིས། །གཉེར་གཏད་དགྲ་བོའི་རྒྱུ་རློན་ཕྱིར་ཕྱུང་ནས། །ག་ཤར་བྱས་ཀྱང་ལྷག་མར་ལུས་པ་ཡི། །བླ་སྲོག་འགུགས་ལ་ཁུ་སྒྲས་སྟོང་གསུམ་ཁོང་། །ནང་པུ་ཏྲ་རྟགས་བརྒྱད་ཁ་བཏགས། གི་རོ་རྐྱང་ཕྱི་རོལ་སྦར་མཐིལ་དུ། །ཉི་ཟླར་ཤར་བ་གནོད་སྦྱིན་ཡབ་ཡུམ་སྲས། །པུ་ཏྲ་མིང་སྲིང་རུ་འདྲེན་སྡེ་བཞི་ཡིས། །ལོག་འདྲེན་པགས་རློན་ཁྲག་འཛག་ད་གྱོན་ཞིག །ཆོས་འབྱུང་སྟེང་གི་ཆོས་སྐྱོང་སྤྱི་ལ་ཁ་བཏགས་ཆ་བདུན་རིས། རྒྱལ་བའི་སྤྱན་སྔར་ཞལ་འཆེས་གསང་དམ་ལས། །ནམ་ཡང་མི་གཡེལ་ལེགས་ལྡན་ལྕམ་དྲལ་སོགས། །དྲེགས་པའི་སྡེ་དཔོན་དམ་ཅན་རྒྱ་མཚོ་ཡིས། །སྤྱི་སྒོས་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །འཕྲོགབྱེད་ཞལ་(༢༢༣ན)


GLG018_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྐྱོང་ལིང་ཟི་སྐྱ་བསྐྱིན་དངོམ་པའི་མཆེ་བའི་རྩེར། །དགྲ་ཀུན་མི་རྟག་ལམ་འགོད་བདུད་མགོན་ཆེ། །རྟག་ནག་ལ་ཞོན་སྲིད་གསུམ་གར་གནས་པའི། །བསམ་སྦྱོར་ངན་འཆང་ཁོང་ཁྲག་ཧུབ་ཀྱིས་འཐུང་། །བེག་ཙེ་ལིང་རྒྱ་ཁ། སྲོག་བདག་སྒྲོལ་གིང་སྲིན་མོ་གར་དབང་མ། །ལས་མཁན་བཤན་པ་བདུད་བཙན་གནོད་སྦྱིན་སོགས། །འཇིགས་ཤིང་སྐྱི་གཡའ་དམག་གི་དཔུང་ཚོགས་རྣམས། །གནམ་ལྕགས་ཐོག་ཆེན་འབབ་འདྲའི་དྲག་ཤུལ་གྱིས། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས། །ལངས་པའི་ལོག་འདྲེན་ཟས་སུ་གཏད་པ་རྣམས། །ལོ་ཟླར་མ་འཇོག་ཞག་དང་དུས་ཚོད་ལ། །རྡུལ་དུ་རློག་སྟེ་རྗེས་མེད་རླུང་ལ་སྐུར། །རིག་པའི་ལྷ་མོ་ལིང་ཟི་སྐྱ། འཇོན་དམར་ཕུར་བུས་སྙིང་བཏབ་རལ་གྲི་ཡིས། །དུམ་བུར་གཏུབས་པའི་ཤ་རུས་ནང་ཁྲོལ་རྣམས། །དྲེད་མོ་མི་ཟན་གྱིས་ཟོས་ལྷག་མེད་དུ། །མཛོད་ཅིག་རིག་པའི་ལྷ་མོ་གདོང་དམར་མ། །རྭ་ཧུ་ལ། ལིང་དམར། སྡོང་ཟླ་ལྷ་སྲིན་སྡེ་བརྒྱད་དང་བཅས་ནས། །མཁའ་ལ་གློག་ལྟར་འཁྱུག་པས་དགྲ་བོའི་ཡུལ། །ཐོག་སེར་གྱིས་ཁོང་མི་ནོར་སྡེ་དཔུང་རྣམས། །ཐལ་བར་རློག་ཅིག་གཟའ་བདུད་རཱ་ཧུ་ལ། །གཟའ་གདོང་དམར་ནག་ལིང་སེར། མཁའ་ལྡིང་ལ་ཞོན་སྟོང་གསུམ་རབ་མྱུལ་ཏེ། །དགྲ་བོའི་བུ་ག་དགུ་ནས་འཛགས་པའི་ཁྲག །དྲོད་རླངས་མ་ཡལ་འཐུང་ཞིག་གནོད་སྦྱིན་དབང་། །བཤན་པ་ཆེན་པོ་གཟའ་རྒོད་མིག་དམར་ཀྱེ། །རྒྱལ་པོ་རྟགས་བརྒྱད། བྷ་ཏ་ཧོར་གྱི་ཡུལ་ནས་གངས་ཅན་གྱི། །ཆོས་འཁོར་སྐྱོང་བར་སྤྱ྄ན་དྲངས་དམུ་ཡི་རིགས། །(༢༢༣བ)


GLG018_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ཚ་པེ་ཧར་སྡེ་ལྔ་འཁོར་བཅས་ཀྱིས། །ཉིན་མཚན་དུས་དྲུག་སྲུང་སྐྱོབ་འཕྲིན་ལས་མཛོད། །ཙི་དམར་བ། ལིང་དམར། ཁྲིམས་ལྡན་སྨོན་ལམ་ལོག་པའི་ཁྲག་སྒོང་ལས། །སྐྱེས་པའི་བཙན་རྒོད་འབར་བ་སྤུན་བདུན་པོ། ཁྱད་པར་དྲེགས་པའི་དམག་དཔོན་ཡང་ལེ་བེར། །འཁོར་དང་བཅས་པས་བསམས་དོན་ལྷུན་གྲུབ་མཛོད། །རྡོར་ལེགས། ལིང་ཟི་སྐྱ། བཀྲ་ཤིས་བྱིན་ཆགས་སྙིང་ཉེ་དམ་ཅན་ཆེ། །རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དང་། །དྲུག་ཅུའི་ཚོགས་ཀྱིས་སྔགས་འཆང་བདག་བཅག་གི །བསམ་དོན་མ་ལུས་ལྷུན་གྱིས་གྲུབ་པར་མཛོད། །མངོན་དགའ་ལྕོག་རྒྱལ་པོ། ལིང་སེར། དགྲ་ལྷ་སྐྱེས་གཅིག་གསུང་གི་རྒྱལ་པོ་ཆེ། །བདེ་ཆེན་ཡེ་ཤེས་འདྲེན་མཛད་པདྨ་སྐྱེས། །ལས་བྱེད་རྡོ་རྗེ་གྲགས་ལྡན་ལ་སོགས་པས། །བདག་ཅག་མི་ནོར་འཁོར་དང་བཅས་པ་སྲུངས། །ཇོ་བོ་རྒྱལ་མཚན་པ། ཉིན་བདེ། ལངྐ་མགྲིན་བཅུའི་ཕོ་བྲང་ཕྱི་སྒོ་ཡི། །སྲུང་མ་འབོད་སྒྲོགས་སྨོན་ལམ་རྣམ་དག་མཐུས། །དཀར་ཕྱོགས་སྐྱོང་བ་ལྷ་ཡི་དགེ་བསྙེན་གྱིས། །ལེགས་ཚོགས་ཡོན་ཏན་ལྷུན་གྱིས་གྲུབ་པར་མཛོད། །རྟ་རྒོད་ཤེལ་ལྕག་གི་དར་ལྕོག །ཏེ་སེའི་མཛེས་པ་འཕྲོག་པ་གངས་ཀྱི་རིར། །གནས་བྱས་གནོད་སྦྱིན་རྟ་རྒོད་ཤེལ་ལྕག་གིས། །བདག་སོགས་མི་ནོར་འཁོར་དང་བཅས་རྣམས་ཀྱི། །མཐུན་པའི་རྐྱེན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །འཛིན་པ་ལག་མང་གི་དར་ལྕོག །གདེངས་ཅན་དབང་པོ་འཛིན་པ་ལག་མང་གིས། །གནོད་བྱེད་འབྱུང་པོའི་འཚེ་བ་ལེགས་བསྲུང་ཞིང་། །རྩི་ཤིང་ནགས་ཚལ་ལོ་ཏོག་ལ་སོགས་པ། །(༢༢༤ན)


GLG018_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་འདོད་དགུ་རྒྱས་པའི་འཕྲིན་ལས་མཛོད། །ལྕགས་བྱ་ཟླ་བ་བཅུ་པའི་ཚེས་བཅོ་བརྒྱད་ཉིན་གསུམ་གྱི་བར་སྡེ་པ་སངས་རྒྱས་རྒྱ་མཚོའི་རིམ་གྲོར་དཔལ་ལྡན་ལྷ་མོའི་གསང་མདོས་བཏང་བའི་དུས་ཕུལ་བའི་སྙན་དར་ཞལ་བྱང་ག་བུར་ཆུ་རྒྱུན། རྒྱལ་ཀུན་ཡུམ་གཅིག་ངག་དབང་དབྱངས་ཅན་ལྷ། །སྲིད་གསུམ་མངའ་བདག་འདོད་ཁམས་དབང་ཕྱུག་མའི། །སྐུར་བསྟན་དམག་དང་ཟོར་གྱི་རྒྱལ་མོ་ཡིས། །རྨད་བྱུང་ཐུགས་རྗེའི་མཐུ་དཔུང་རབ་བསྐྱེད་ནས། །ས་ཆེན་སྐྱོང་བ་སངས་རྒྱས་རྒྱ་མཚོ་ཡི། །ནད་རིམས་གདོན་བགེགས་དུས་མིན་འཆི་བ་སོགས། །བར་ཆད་མི་མཐུན་ཕྱོགས་ཀྱི་མུན་པ་རྣམས། །བྱིན་རླབས་ཉིན་བྱེད་འོད་ཀྱིས་སངས་པར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་ཀུན། །ཡར་ངོའི་ཟླ་བ་ལྟར་བུར་རབ་འཕེལ་ཞིང་། །སྲིད་དང་ཆོས་ཀྱིས་བསམས་དོན་མ་ལུས་པ། །འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་ཤོག ། མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་མ་སྐྱིད་སྐྱིད་ཀྱི་དོན་དུ་སྙན་ཤལ་ཕུལ་པའི་ཁ་བྱང་ཐར་བའི་ཤིང་རྟ། །དྲན་པས་སྲིད་ཞིའི་ཚ་གདུང་ཀུན་སེལ་བ། །ཤཱཀྱ་མུ་ནིའི་ཐུགས་རྗེའི་ཉི་འོད་ཀྱིས། །ཚེ་འདས་སྐྱིད་སྐྱིད་འཁོར་བའི་སྡུག་བསྔལ་སྤྱི། །བྱེ་བྲག་ངན་སོང་མུན་པ་མཐར་བྱས་ཏེ། །གནས་སྐབས་མངོན་མཐོ་ལྷ་མིའི་རྟེན་བཟང་པོ། །བརྒྱུད་མར་ལེགས་ཐོབ་རིང་མིན་སངས་རྒྱས་ཀྱི། །སྣང་བ་མཐའ་ཡས། མི་སྐྱོད་རྡོ་རྗེ། རང་བྱོན་ལྔ་ལྡན། མ་ཕམ་མགོན་པོ། ལོ་ཀེ་ཤཱ་ར། བློ་བཟང་གྲགས་པ། པདྨ་ཀཱ་ར། གོ་འཕང་མངོན་གྱུར་མཁའ་མཉམ་འགྲོ་བ་རྣམས། །འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་པར་ཤོག ། སྤྱན་གཡས་མཁན་པོས་དཔལ་ལྡན་དམག་ཟོར་མ། རྒྱལ་པོ་བསེ་ཁྲབ་པ། གནས་ཆུང་ཆོས་རྒྱལ་གསུམ་ལ་བཏང་རག་སྙན་ཤལ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་འདོད་པའི་རེ་སྐོང་། མི་བསྲུན་ཡ་གའི་འཇིགས་ལས་རྣམ་གྲོལ་བ། །བདེན་པ་མངོན་སུམ་བསྟན་པའི་གཏང་རག་ཏུ། །བསེ་ཁྲབ་ཅན་ལ་གསུང་གི་རྒྱལ་པོར་ཞེས་ཚིག་བསྒྱུར། འདོད་ཁམས་དབང་(༢༢༤བ)


GLG018_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

མོར་སྙན་ཤལ་ཕུལ་བའི་མཐུས། །བསམ་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་ཤོག །ལྕགས་བྱ་སྡེ་པ་སངས་རྒྱས་རྒྱ་མཚོས་སྲི་གཅོད་འབུམ་སྐོར་གྱི་དུས་གུང་ཐང་གནྡྷོ་ལར་ཕུལ་བའི་སྙན་ཤལ་ཁ་བྱང་ཚངས་པའི་འཁོར་ལོ། དཀར། མི་ཤིག་སྐྱིལ་ཀྲུང་ཐུབ་ཆེན་གཅིག་བཅས་ཏིང་ངེ་འཛིན། །བཞི་ལྡན་དམ་བཅའ་འཁོར་ལོ་རྣོན་པོའི་མཚོན། །བདུད་བཞིའི་སྒྲ་གཅན་མགྲིན་བཅད་ལྷ་ཡི་ལྷ། །དོན་ཀུན་ལྷུན་གྲུབ་ཤཱཀྱ་སེང་གེ་ཀྱེ། །འགྲོ་ཁམས་མཁྱེན་ཆ་ཕྲ་མོས་རབ་གཞལ་ནས། །འཁོར་འཕྲང་ཟོ་ཆུན་འཁྱུད་ལས་ཉེར་བསྒྲལ་ཞར། །སྲིད་ཞིའི་ལེགས་ཚོགས་འདོད་འཇོ་གཏོང་བའི་སྒོ། །བརྒྱ་ཕྲག་འབྱེད་པར་བདག་བྱིན་བརླབ་ཏུ་གསོལ། །ཞང་རིན་པོ་ཆེའི་སྐུ་མེ་ཐུབ་མ། སྐད་ཅིག་བསྐལ་པར་བསྒྱུར་ནུས་སྤང་རྟོགས་ཀྱི། །ཡོན་ཏན་རྩེ་མོར་ཕྱིན་ཀྱང་དམན་བློའི་ངོར། །གནས་ལུགས་ཤཱཀྱའི་བསྟན་འཛིན་དགེ་སྦྱོང་ཚུལ། །འཛིན་མཛད་འགྲོ་མགོན་བརྩོན་འགྲུས་གྲགས་པའི་ཞབས། །ཐུགས་རྗེ་ཀུན་ལ་ཁྱབ་འཇུག་འཕྲུལ་པོ་ཆེས། །སྲིད་པའི་ལེགས་བྱས་ས་མནྟ་ཀའི་ནོར། །མངོན་སུམ་སྩལ་ནས་ཡིད་སྲུབས་སྡེར་བཅས་ལས། །རྣམ་པར་རྒྱལ་ཏེ་རུ་མཚོན་བསྒྲེང་པར་ཤོག །ཟུར་ཀུན་མཁྱེན་ཆེན་པོའི་དངུལ་གདུང་། སེར། ཆོས་ཀུན་ཀ་དག་དབྱིངས་ནས་སྣང་བཞིའི་མཁར། །རང་གྲོལ་རྡོ་རྗེ་སྙིང་པོ་འདུ་མ་བྱས། །མི་ཤིགས་རིག་རྩལ་ཀུན་བཟང་སྒྱུ་མའི་འཕྲུལ། །གདན་གསུམ་ཚང་བའི་རྡོ་རྗེའི་སློབ་དཔོན་གཟུགས། །དེང་ནས་སྲིད་མཐའ་མི་མངོན་དེ་སྲིད་དུ། །དམིགས་མེད་ཐུགས་རྗེའི་(༢༢༥ན)


GLG018_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུས་ཉེར་བཟུང་སྟེ། །མི་འཛད་ཆོས་དཀར་བརྒྱ་བྱིན་གཙུག་གི་ནོར། །བདག་སོགས་སྐྱེ་རྒུའི་ལུས་ལ་རེག་པར་ཤོག །འཁོར་ལོའི་ཕྱག་བཞི་པ། དྲ་བ་སྡོམ་པ་བཅོམ་ལྡན་འདས། །ཕྱི་ནང་གསང་བའི་བྱ་རོག་མཚན་རྟགས་ཅན། །རྡོ་རྗེ་སྲིན་པོ་མ་མགོན་ཕྱག་བཞི་པ། །ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །གངས་ཅན་བསྟན་འགྲོའི་ཕན་བདེ་སྤེལ་བ་དང་། །བདག་སོགས་མི་ནོར་འཁོར་དང་བཅས་པ་ཡི། །མི་བསྲུན་དགྲ་བགེགས་འཚེ་བ་ཀུན་ཞི་ཞིང་། །ལས་བཞིའི་འཕྲིན་ལས་མཐའ་དག་ལྷུན་གྲུབ་མཛོད། །གུང་ཐང་ལྷ་མོ། མེ་རླུང་འཚུབ་མར་འཁྱིལ་བའི་དབུས་ཉིད་ན། །གཏུམ་དྲག་རྔམས་པའི་ཞལ་གདངས་སྲིན་མོའི་གཟུགས། །སྟོང་གསུམ་སྐད་ཅིག་མྱུལ་བའི་རྫུ་འཕྲུལ་ཅན། །མ་སྲིན་དྲེགས་པའི་གཙོ་མོ་རེ་མ་ཏཱི། །ཁ་བས་བསྐོར་བའི་རུ་བཞིའི་རྒྱལ་ཁམས་འདིར། །མི་ནད་ཕྱུགས་ནད་དུས་ཀྱི་འཁྲུག་པ་ཀུན། །མིང་གི་ལྷག་མར་བྱས་ནས་སྒོ་གསུམ་ལ། །སིམ་པའི་ཚོར་བ་རྟག་ཏུ་མྱོང་བར་མཛོད། །པདྨའི་ཡང་དགོན་རྒྱལ་པོ། རིགས་ལས་དགྲ་ལྷ་སྐྱེས་གཅིག་པུ། །དགའ་བཞིའི་བདེ་སྟེར་མཛེས་བྱེད་པདྨ་སྐྱེས། །རྡོ་རྗེ་གྲགས་ལྡན་སྣང་སྲིད་དྲེགས་པ་ཡི། །དམག་གི་ཁ་ལོ་སྒྱུར་བའི་རྫུ་འཕྲུལ་ཅན། །མངོན་སུམ་བག་ལ་ཞ་བ་དགྲ་བགེགས་ཀྱི། །གླགས་བལྟའི་དྲ་བ་མཐའ་དག་མཐུ་སྟོབས་མཚོན། །མི་བཟད་སྤུ་གྲི་རྣོན་པོས་ཉེར་གཏུབས་ནས། །བདེ་སྐྱིད་སྤྱོད་ཡུལ་(༢༢༥བ)


GLG018_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་འཕྲིན་ལས་མཛོད། །རྔ་ཆེན་ཞེས་པ་ཆུ་ཁྱི་ལོ་གསར་གྱི་དུས་འདོད་ཁམས་དབང་ཕྱུག་མར་སྙན་ཤལ་ཕུལ་བའི་ཁ་བྱང་ཡིད་བཞིན་དབང་རྒྱལ། དཀར། སྒྲིབ་གཉིས་དེས་བསྐྱེད་ལུས་ངག་ཡིད་མནར་དྲི། །འཁྲུད་བྱེད་མཐོ་རིས་སྨན་གྱི་ཆུ་ཀླུང་གིས། །བདག་སོགས་སྒོ་གསུམ་རྡུལ་བྲལ་སྟོན་ཟླ་ལྟར། །རབ་དངས་བདེ་སྐྱིད་འདོད་པ་འཇོ་བར་མཛོད། །སེར། རྣམ་ཐོས་བུ་ཡི་ལེགས་བྱས་མཐུ་དཔལ་ལ། །འགྲན་ནུས་རིན་ཆེན་དབང་གི་རྒྱལ་པོའི་ཆར། །ཉེར་ཕབ་བསོད་ནམས་ཉི་མ་སྟོང་གི་གཟི། །རབ་འབར་འོད་ཀྱིས་ཕྱོགས་ཀུན་ཁྱབ་པར་མཛོད། །དམར། འཇམ་མཉེན་ལྕགས་ཀྱུས་ཡིད་ཀྱི་བརྟན་པ་ཀུན། །ཕྲོགས་པས་ལུས་ཅན་ཡོངས་ཀྱི་གཙུག་ཏོར་རྩེར་། །རྐང་སེན་ཟླ་ཚེས་ཆ་གང་སྲིད་ཞི་ལ། །དབང་ཕྱུག་ཨུཏྤལ་དམར་པོ་བཞད་པར་མཛོད། །མཐིང་། ཕྲིག་ཕྲིག་དོན་སྙིང་ཁྲག་དྲོན་རླངས་པར་བཅས། །ཧུབ་གཅིག་དྲངས་པས་བསམ་ངན་སྦྱོར་རྩུབ་ཅན། །དགྲ་བགེགས་སྡེ་དཔུང་མིང་གི་ལྷག་མ་རུ། །ཉེར་གཏོང་མངོན་སྤྱོད་ལས་ཀུན་གྲུབ་པར་མཛོད། །ལྗང་། ཤུགས་དྲག་མེ་རླུང་འཁྲུག་པའི་གུར་ཁང་ནང་། ཁྲག་ཞག་རྦ་ཀློང་ཆལ་ཆིལ་གཡོ་བའི་སྟེང་། །རྐྱང་སེང་དྲེལ་རྟ་ལ་བཅིབས་སྲིན་མོའི་གཟུགས། །ཉི་མས་འཁྱུད་པའི་མིག་སྨན་ལྷུན་པོ་བཞིན། །གཟུང་འཛིན་འཁྲུལ་ངོར་ཤར་བ་ནམ་གྲུ་མ། །རེས་འགའ་ཚངས་པའི་བུ་མོའི་འཇོ་སྒེག་མཁན། །ཀུན་ཀྱང་དག་པ་སེམས་ཉིད་རོལ་པའི་རྩལ། །འཁོར་ལོ་རྒྱས་འདབས་ལས་གཞན་(༢༢༦ན)


GLG018_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སུ་མེད། །འཆར་ནུབ་སྤངས་པའི་ཐུགས་རྗེའི་རྟ་ལྗང་ཅན། །ནོར་སྐྱོང་བགྲང་བྱའི་གུང་ཤར་ཡིད་སྲུབས་ཀྱིས། །གླགས་བལྟའི་སྨག་རུམ་མཐར་བྱས་བདེ་སྐྱིད་ཀྱི། །སྣང་བ་གསར་པས་ཁྱབ་པའི་དགའ་སྟོན་སྩོལ། །ལྕགས་བྱ་དགོས་ནོར་ཀྱི་མཆིས་འབྲང་ནད་ཀྱིས་གདུངས་པའི་ཚེ་ཇོ་ཤཱཀ་ལ་མཆོད་འབུལ་གྱི་དུས་སྙན་ཤལ་གྱི་ཁ་བྱང་དགོས་ཚུལ་ལྟར་བཀོད་པ་སྒོ་གསུམ་ངལ་སྟེགས། ཇོ་བོ་རིན་པོ་ཆེ། བསོད་ནམས་བརྒྱ་པའི་གསེར་ཞུན་མདངས་ཀྱི་སྐུར། །མཚན་དཔེའི་གཟི་འབར་ཀུན་མཁྱེན་ཤཱཀྱའི་ཏོག །སྲས་དང་སློབ་མར་བཅས་པའི་གནྡྷོ་ལ། །རྨད་བྱུང་ལེགས་བྱས་རྒྱ་མཚོའི་ཞིང་མཆོག་ལ། །ས་ཡི་ཟླ་བ་ཞུན་མའི་བྱུགས་པ་དང་། །འཆི་མེད་དུ་ཀཱུ་ལ་ཡི་ལྷབ་ལྷུབ་གོས། །གསལ་བྱེད་མར་མེའི་འཕྲེང་བ་ཚར་དངར་བས། །ཉེར་མཚོན་ཀུན་བཟང་མཆོད་པའི་སྤྲིན་སྤྲོ་ན། །ཡིད་དགོས་བྲོནད་ཟུག་རྔུ་དྲག་པོ་ཡིས། །ཉེར་གཙེས་དུཿཁའི་ཚོར་བ་ལས་ཐར་ནས། །མངོན་མཐོའི་རྟེན་མཆོག་རིང་པོར་གནས་པ་ཡི། །ཟླ་མེད་ཐུགས་རྗེ་འཇུག་པའི་བཀའ་དྲིན་སྩོལ། །ཐུགས་རྗེ་ཆེན་པོ། བགྲང་ཡས་ལུས་ཅན་ལ་གཟིགས་སྤྱན་རས་སྟོང་། །ཉེར་བགྲད་འཇམ་མཉེན་མཆོག་སྦྱིན་ཕྱག་རྒྱ་ཡིས། །དམིགས་ཡུལ་ནད་གདོན་འཚེ་བ་ལས་ཐར་ནས། །སྒོ་གསུམ་སྐྱིད་པའི་བདེ་བ་ལ་སྦྱོར་མཛོད། །བྱམས་པ་ཆོས་འཁོར། ཡིད་དགའ་ཆོས་འཛིན་གནས་ནས་ཡེ་ཤེས་སྤྱན། །འཛམ་གླིང་འགྲོ་ལ་གཟིགས་པ་མི་གཏོང་ཡང་། །བྱེ་བྲག་རྒྱུ་སྦྱོར་སྡུག་བསྔལ་ཚོར་བ་ཡིས། །མནར་ལས་མྱུར་དུ་ཐར་བར་(༢༢༦བ)


GLG018_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས། །རྗེ་རིན་པོ་ཆེ། འཇམ་དཔལ་སྙིང་པོའི་མཁྱེན་རབ་དཔུང་པ་ཡིས། །བཏེག་པའི་རལ་གྲིས་འཁོར་བའི་འཆིང་བ་ཀུན། །བཅད་ཞར་ཡིད་དགོས་ལུས་སེམས་གདུངས་པའི་ནད། །མྱ་ངམ་ཐང་དུ་འཁྱམས་ལས་སྐྱོབ་པར་མཛོད། །དཔལ་ལྷ། ལྷ་ཆེན་སྲས་མོ་སྲིད་གསུམ་དབང་སྒྱུར་མ། །དུང་སྐྱོང་རྒྱལ་མོས་བསྒྲུབ་བྱའི་འདུ་བ་རྣམས། །ཉེར་འཁྲུགས་གདུང་བའི་འཆིང་རྒྱས་བཅིངས་བའི་མདུད། །མཐུ་སྟོབས་སོར་མོའི་འཕྲུལ་གྱིས་གྲོལ་བར་མཛོད། །ར་མོ་ཆེའི་ཇོ་བོ། བདེན་ཚིག་གཅིག་གིས་ལྷ་སྦྱིན་འདུ་བ་ལས། །ཐར་པའི་ནུས་ལྡན་ལྷ་ཡི་ལྷར་གྱུར་པས། །དང་བས་སྐྱབས་གསོལ་སྐྱེ་རྒུར་དྲག་པོའི་ནད། །རབ་མནར་ཐར་པར་མཛོད་ཅིག་ཤཱཀྱའི་གཙོ། །ལོ་ཀེ་ཤྭ་ར། མཐོང་ན་མི་མཐུན་མེད་པ་འཇིག་རྟེན་དབང་། །རང་བྱུང་འཕགས་པའི་ཕྱག་སོར་ཡིད་དགོས་གཙུག །བརྐྱང་ནས་འདུ་བ་འཁྲུགས་པས་བྲོ་འཚལ་བ། །རིང་པོར་མི་ཐོགས་ཞི་བའི་སྐབས་དབྱེར་གསོལ། །ཆུ་ཁྱི་ཟླ་བ་གཉིས་པའི་ཚེས་བདུན་ལ་དཔལ་ལྡན་དམག་ཟོར་མའི་མདོས་བསྐང་འབུམ་ཐེར་བཙུགས་པའི་དུས་སྙན་ཤལ་ཕུལ་བའི་ཁ་བྱང་འདོད་དོན་སྙིང་པོ། བསྟན་འགྲོའི་ལེགས་བྱས་ཐམས་ཅད་དར་ཞིང་རྒྱས། །ནད་ཡམ་མུ་གེ་འཐབ་རྩོད་མ་ལུས་ཞི། །ས་དབང་རྒྱལ་པོའི་སྐུ་ཚེ་མངའ་ཐང་སྤེལ། །རིག་འཛིན་བདག་གིས་བཅོལ་བའི་ལས་ཀུན་སྒྲུབས། །ཆུ་ཁྱི་ཧོར་ཟླ་གཉིས་པར་ངེད་རང་བྲོ་འཚལ་པའི་ཚེ་ཆོས་འཁོར་རྒྱལ་དུ་དམག་ཟོར་མར་བསྐང་བ་འཁྲི་དང་། ཆོས་སྐྱོང་སྤྱིར་སྟོང་རྩ་བཏང་སྐབས་སྙན་ཤལ་ཁ་བྱང་ཅི་འདོད་བསམ་འགྲུབ། ལུས་བྱམས་མགོན། ཅན་མ་འདྲིས་མཛའ་བཤེས་རྫོགས་(༢༢༧ན)


GLG018_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས། །གཞན་ལས་ཁྱད་ཞུགས་བྱམས་བརྩེས་སྐྱེ་རྒུའི་རྒྱུད། །རྣམ་གྲོལ་གོ་འཕང་མྱུར་བར་སྩོལ་མཛད་པའི། །མ་ཕམ་མགོན་པོ་ཁྱོད་ཀྱིས་རྗེས་བཟུང་ནས། །སྒྲིབ་གཉིས་ནད་གདོན་བར་ཆད་ཉེར་འཚེའི་ཚོགས། །ཡོངས་ཞི་ཚེ་དཔལ་སྟོབས་འབྱོར་མངའ་ཐང་རྒྱས། །བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་པ་ཡི། །བདེ་བ་ཆེན་པོར་སྤྱོད་པར་བྱིན་གྱིས་རློབས། །མཐིལ་གྱི་མགོན་ཁང་སྤྱི། མི་བསྲུན་དགྲ་སྡེའི་གཤེད་དུ་འཇམ་དཔལ་དབྱངས། །དྲག་པོའི་སྐུར་བཞེངས་འཇིགས་མཛད་རྡོ་རྗེ་དང་། །ཕྱག་དྲུག་མགོན་པོ་རྣམ་མང་ཐོས་པའི་སྲས། །ལས་ཀྱི་གཤིན་རྗེ་འདོད་ཁམས་དབང་ཕྱུག་མ། །གུར་མགོན་ལེགས་ལྡན་གདོང་བཞི་པུ་ཏྲར་བཅས། །བེག་ཙེ་ལྕམ་དྲལ་དྲག་མོ་རྒྱལ་ལ་སོགས། །ཆོས་འཁོར་སྐྱོང་བའི་དམ་ཅན་རྒྱ་མཚོའི་ཚོགས། ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་དང་། །གསུར་ཆེན་བདུག་སྤོས་ཞུན་ཆེན་མར་མེ་སྤར། །ཤ་རུས་ཞལ་ཟས་རྐང་གླིང་དུང་ཆེན་སྒྲ། །གཏོར་མའི་རི་བོ་སྨན་རཀ་རྒྱ་མཚོར་བསྐྱིལ། །ཐུགས་དམ་གཉན་པོ་ཡོངས་སུ་སྐོང་བྱེད་ན། །བདག་ཅག་དཔོན་སློབ་སྲིད་སྡེར་བཅས་པ་ཡི། །མི་བསྲུན་དུཿཁ་མཐའ་དག་རབ་ཞི་ཞིང་། །ཚེ་བསོད་སྟོབས་འབྱོར་ཡར་ངོའི་ཟླ་ལྟར་སྤེལ། །ཁམས་གསུམ་དབང་སྡུས་གནོད་བྱེད་ཚར་གཅོད་མཛོད། །དེ་ཝཱི་ཀོ་ཊི། དུང་སྐྱོང་རྒྱལ་མོ་གདོང་ཅན་དུས་བཞིའི་ལྷ། །བསྟན་མ་བཅུ་གཉིས་བྲན་གཡོག་འཁོར་བཅས་ལ། །ཉམས་ཆགས་བཤགས་ཤིང་དགྱེས་བསྐྱེད་མཐུན་རྫས་ཀྱིས། །ཐུགས་དམ་(༢༢༧བ)


GLG018_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བསྐང་བའི་ནུས་མཐུ་ཡིས། །རྒྱུ་སྦྱོར་ནད་གདོན་ཀེག་སྲི་ལངས་པ་སོགས། །དུས་ཀྱི་ཆད་པ་ཐམས་ཅད་ཡོངས་གཞིལ་ནས། །ཇི་ལྟར་འདོད་པའི་དོན་ཀུན་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཆོས་འབྱུང་སྟེང་། བསྟན་གསོལ་བསྒྲུབས་པའི་སྲུང་མའི་ཚོགས་རྣམས་ལ། །ཕྱི་ནང་གསང་བའི་མཆོད་སྤྲིན་རབ་བཤགས་པས། །ཡིད་སྲུབས་སྡེར་བཅས་གཡུལ་ལས་རྒྱལ་བར་མཛོད། །བསིལ་བ་ཚལ། བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་རྡོ་རྗེ་གུར། །སྟོབས་འཕྲོག་ལེགས་ལྡན་ནག་པོ་གདོང་བཞི་པ། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་དང་། །བེག་ཙེ་ལྕམ་དྲལ་འཁོར་བཅས་དགོངས་སུ་གསོལ། །མཆོད་བཤགས་བསྐང་བསྟོད་ཡོངས་བགྱིད་འདོད་པའི་དོན། །སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་གྱུར་པའི། །སྒོ་གསུམ་ཉེས་ཚོགས་མཐའ་དག་རབ་ཞི་ཞིང་། །བདེ་བའི་ཚོར་བ་རྟག་ཏུ་མྱོང་བར་མཛོད། །རྒྱལ་པོ་ལྕམ། པདྨཱ་ཀཱ་རས་གཙུག་ལག་དཀོར་ཆ་ཀུན། །བསྲུང་བར་ཡོངས་མངགས་ལི་བྱིན་ཧ་ར་མཆེད། །གསང་ཡུམ་བློན་པོ་སྤྲུལ་པ་ཡང་སྤྲུལ་ཚོགས། །དགྱེས་བསྐྱེད་མཐུ་ཡིས་གཡེལ་མེད་སྲུང་སྐྱོབ་མཛོད། །ཀླུ་གནས་ཆུ་མིག་གི་དར་ལྕོག །ཀླུ་རྒྱལ་འཁོར་བཅས་མཆོད་པས་མི་མཐུན་བྱད། །བསྲུང་ཞིང་ཆར་ཆུ་དུས་ཕོབ་ལོ་ཏོག་སྦྲུམས། །ཡིད་ལ་འདོད་པའི་མཁོ་དགུ་མ་ལུས་པ། །འབད་མེད་(༢༢༨ན)


GLG018_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །རྟ་རྒོད་ཤེལ་ལྕག །ཐོགས་ཐུག་མི་མངའ་སྟོབས་ལྡན་གནོད་སྦྱིན་ཆེ། །ལས་བྱེད་ཕོ་ཉར་བཅས་པས་ཆོས་འཁོར་འདིའི། །ཆོས་སྲིད་ལེགས་ཚོགས་ཡར་ངོའི་ཟླ་བ་ལྟར། །གོང་ནས་གོང་དུ་འཕེལ་བའི་འཕྲིན་ལས་མཛོད། །ཆུ་བྱ་ཧོར་ཟླ་གཉིས་པར་སྡེ་པ་སངས་རྒྱས་རྒྱ་མཚོས་ཆོས་འཁོར་རྒྱལ་གྱི་ཆོས་སྲུང་རྣམས་ལ་སྙན་ཤལ་ཕུལ་བའི་ཁ་བྱང་ཡིད་བཞིན་དབང་རྒྱལ། བྱམས་པ་ལུས་ཅན་ཀུན་ལ་བརྩེ་བས་ཁྱབ་པའི་སྤྱན། །གཟིགས་པས་མི་བསྲུན་ཕམ་དང་། མགོན་ཁང་མཐིལ། ཆོས་འཁོར་ལྷན་ཅིག་ཏུ། །འཇིག་རྟེན་གསུམ་གྱི་རྒུད་པ་ཡོངས་ཞི་སྟེ། །བྱམས་པ་ཆེན་པོས་བདེ་སྐྱིད་དཔལ་ལ་སྦྱོར། ཡོངས་ཀྱི་བཀའ་སྲུང་རྒྱ་མཚོ་ཡིས། །སངས་རྒྱས་རྒྱ་མཚོའི་ཞི་རྒྱས་དབང་དྲག་གི །བཞེད་པའི་དོན་ཀུན་ཡིད་ལ་གང་བསམས་པ། །འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་མཛོད། །དེ་ཝཱི་ཀོ་ཊི། ཕྱི་རོལ་མི་སྡུག་སྲིན་མོར་རབ་ཁྲོས་ནས། །འདོད་པ་ཁམས་ལ་དབང་སྒྱུར་རེ་མ་ཏཱིས། །བདག་གི་འགལ་རྐྱེན་མཐའ་དག་རབ་ཞི་ཞིང་། །འདོད་པའི་རེ་བ་མ་ལུས་འགྲུབ་པར་མཛོད། །བསིལ་བ་ཚལ། དྲག་རྩལ་མཐུ་སྟོབས་མངའ་བ་རྡོ་རྗེ་གུར། །གཟི་ལྡན་དབང་ཕྱུག་གནོད་སྦྱིན་ཟངས་ཁྲབ་ཅན། །ལྕམ་དྲལ་འཁོར་དང་བཅས་པས་རྒྱུ་སྦྱོར་བའི། །མི་མཐུན་ཞི་ནས་ཅི་བསམས་ལས་ཀུན་མཛོད། །མགོན་ཁང་བར། སྤྱི་དང་ཁྱད་པར་བསྟེན་བསྒྲུབས་གསོལ་བའི་མཐུས། །གངས་ཅན་ལྗོངས་ཀྱི་ནད་མུག་འཐབ་རྩོད་སོགས། །ཉེས་(༢༢༨བ)


GLG018_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱའི་འཆིང་བ་ཞི་ནས་བདེ་སྐྱིད་ཀྱི། །སྣང་བ་ཆེན་པོས་དུས་ཀུན་ཁྱབ་པར་མཛོད། །རྔ་ཆེན་གྱི་ལོ་ནག་པའི་བརྒྱད་གཏོར་གྱི་དུས་ཆོས་སྐྱོང་ཆེ་ཆུང་ལས་མཁན་དང་བཅས་པར་སྙན་ཤལ་ཕུལ་པའི་ཁ་བྱང་བདེ་ཆེན་རྣམ་རོལ། གུར། ཆོས་དབྱིངས་ཡེ་ཤེས་བཞུ་བླུགས་རྡོ་རྗེ་མེའི། །ཚ་ཚ་ཕྱོགས་བཅུར་འཕྲོས་པས་བདུད་བཞིའི་སྙིང་། །སྲེག་བྱེད་མིའུ་ཐུང་འགྱིངས་པའི་སྟང་སྟབས་ཅན། །མ་ཧཱ་ཀཱ་ལའི་སྡེ་དཔོན་རྡོ་རྗེ་གུར། །རྒྱུད་གསུམ་དྲེགས་པའི་ཡུམ་ཆེན་རལ་གཅིག་མ། །མ་མོ་བྱེ་བའི་དབང་ཕྱུག་རེ་མ་ཏཱི། །བཀའ་ཉན་སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་ལ། །ཕྱི་ནང་གསང་བའི་མཆོད་སྤྲིན་སྤྲོ་བྱེད་ན། །མི་བཟད་མཐུ་སྟོབས་རབ་འབར་གནམ་ལྕགས་ཀྱིས། །ལོག་འདྲེན་དགྲ་བགེགས་བྲག་རི་ཕྱེར་བཏགས་ནས། །རྣམ་པར་རྒྱལ་བའི་དབྱར་སྐྱེས་རྫ་རྔའི་སྒྲ། །སྲིད་པའི་རྩེར་མོའི་བར་དུ་སྒྲོག་པར་མཛོད། །དཀར། འབུམ་ཕྲག་བྱེ་བའི་གཟི་བྱིན་རབ་འབར་བས། །ལས་ངན་སྒྲིབ་གཉིས་རྣམ་སྨིན་སྨག་གི་རུམ། །ཉེར་སངས་མཆོག་མཐུན་བདེ་སྐྱིད་འོད་པོ་ཆེས། །ཀུན་ཁྱབ་མཛོད་ལ་སྤྱི་བོའི་འཁོར་ལོར་སྤྱོན། །དམར། པད་རཱག་ལྷུན་པོ་ཉི་ཟེར་སྟོང་ཕྲག་གིས། ཁྱབ་པས་བརྟན་གཡོའི་ལེགས་ཚོགས་མ་ལུས་པ། །ཅིག་ཅར་ཁབ་ལེན་རྡོ་དང་ལྕགས་ཕྱེ་ལྟར། །བསྡུ་བར་མཛོད་ལ་མགྲིན་པའི་འཁོར་ལོར་སྤྱོན། །མཐིང་། མིག་སྨན་མདོག་ཅན་དྲག་ཤུལ་རབ་ལྡན་སྐུར། །ལྷབ་ལྷུབ་འབར་བའི་མེ་ལྕེས་ལོག་འདྲེན་ལུས། །རྩྭ་སྤུར་ཇི་བཞིན་རྗེས་ཤུལ་མེད་པ་རུ། །(༢༢༩ན)


GLG018_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་པར་མཛོད་ལ་སྙིང་གའི་འཁོར་ལོར་སྤྱོན། །སེར། ཡོངས་སྦྱངས་གསེར་ཞུན་འཁྱིལ་བའི་གཟི་བརྗིད་ཀྱིས། །སྲིད་གསུམ་མངོན་པར་མཐོ་བ་ཐམས་ཅད་དང་། །སྐལ་མཉམ་སྡེ་བཞིའི་ལེགས་ཚོགས་བླ་ནས་བླར། །རྒྱས་པར་མཛོད་ལ་ལྟེ་བའི་འཁོར་ལོར་སྤྱོན། །མཐའ་བཞི་དང་བྲལ་ཆོས་དབྱིངས་བདེ་ཆེན་དང་། །ཉེ་བར་བཞུགས་ཀྱང་མ་རིག་འཁྲུལ་པའི་ངོར། །མདོག་ནག་མི་སྡུག་འཇིགས་རུང་མཚོན་ཆ་འཛིན། །སྟང་སྟབས་གར་གྱིས་བདུད་བཞིའི་སྙིང་ག་ཕུག །རང་བྱུང་ལུས་ཀྱི་རྩ་རླུང་ཁམས་ལ་སོགས། །ཡོངས་དག་དཔའ་བོ་མཁའ་འགྲོ་མཐའ་ཡས་གཙོར། །བཞེངས་ཏེ་དེང་ནས་བྱང་ཆེན་མ་བརྙེས་པར། །སྙིང་གར་བཞུགས་ལ་ཉིན་མཚན་སྲུང་སྐྱོབ་མཛོད། །ཕྱི་རོལ་ཏེ་སེ་ཧ་ཧ་རྒོད་སོགས་ན། །དྲེགས་པའི་སྡེ་དཔོན་སྟོབས་འཕྲོག་ནག་པོ་ཆེ། །བསམ་སྦྱོར་ངན་པའི་བདུད་བརྒྱུད་རྩད་བཅད་ཞར། །མཐུན་རྐྱེན་མཐའ་དག་འབད་རྩོལ་མེད་པར་སྒྲུབས། །པུ་ཏྲ། གང་ལ་དམིགས་ཀྱང་དོན་སྙིང་སྐད་ཅིག་མར། །འབྱིན་མཛད་བསེ་ཡི་སྐྱེས་བུ་ཟངས་བེར་ཅན། །གདོང་དམར་སྲོག་བདག་བཤན་པ་ཉེར་གཅིག་སོགས། །རིངས་པའི་ཚུལ་གྱིས་ལོག་འདྲེན་ཐལ་(༢༢༩བ)


GLG018_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

བར་རློགས། །དགའ་ལྡན་ཚེ་དབང་དཔལ་བཟང་ཅན་གྱིས་མངའ་རིས་ལ་དྭགས་པའི་དམག་དཔུང་སྡེ་དང་བཅས་པ་མིང་གི་ལྷག་མར་བཏང་བའི་ཚེ་ཆུ་ཁྱི་ཟླ་བ་བརྒྱད་པའི་ཚེས་བཅུ་དགུ་ནས་ཉིན་གསུམ་གྱི་བར་བླ་མ་ཡི་དམ་ཆོས་སྐྱོང་ལ་གཏང་རག་རྒྱས་པར་ཕུལ་པའི་སྙན་ཤལ་གཡུལ་ལས་རྣམ་པར་རྒྱལ་བའི་རྔ་ཆེན། རྩ་བརྒྱུད་བླ་མ་ཀུན་འདུས་དྲག་པོ་རྩལ། །གཅིག་ལས་དུ་མའི་གར་བསྒྱུར་སྒྲུབ་སྡེ་བརྒྱད། ཁྱད་པར་དུས་དགྲའི་དབང་པོ་ཚེ་བདག་ལྷ། །རྡོ་རྗེ་གཞོན་ནུ་དྲང་སྲོང་ཞི་ཁྲོ་དང་། །འཇོམས་བྱེད་འཆར་ཀ་ཀི་ཀང་དགྲ་བོའི་གཤེད། །མ་ནིང་སྔགས་སྲུང་སྡེ་དཔོན་སུམ་ཅུའི་ཚོགས། །བྷེ་ཝ་ས་ཏྭ་སྟག་ཞོན་ནག་པོ་ཆེ། །མཐུ་ཆེན་སྡེ་བཞི་ཕུར་སྲུང་ཟབ་གཏེར་བདག །ཁྲོ་རྒྱལ་མ་ཧེའི་ཞལ་ཅན་མྱུར་མཛད་མགོན། །ཀྵེ་ཏྲ་པཱ་ལ་ལས་གཤིན་བཅས་པ་ལ། །གཏོར་མའི་རི་བོ་བསད་ཁྲག་རྒྱ་མཚོར་བསྐྱིལ། །ཟག་མེད་བདུད་རྩིའི་སྐྱེམས་མཆོག་གིས་མཚོན་པའི། །མཆོད་རྫས་སྤྱན་གཟིགས་ས་དང་བར་སྣང་ཀུན། །ཡོངས་སུ་བཀང་སྟེ་སྔར་བཅོལ་གཏང་རག་དང་། །སླད་ནས་ལས་བསྒྲུབ་ཆེད་དུ་རབ་ཕུལ་བས། །ཞི་རྒྱས་དབང་དྲག་ལས་རྣམས་ཐོགས་མེད་མཛོད། །འདོད་པའི་ཁམས་ལ་དབང་སྒྱུར་རེ་མ་ཏཱི། །དུང་སྐྱོང་ལྷ་མོ་བསྟན་པ་བཅུ་གཉིས་དང་། །རྣམ་མང་ཐོས་སྲས་རྒྱལ་ཆེན་སྡེ་བཞི་པོ། །གཉན་ཆེན་ཐང་ལྷ་ཁྱབ་འཇུག་རཱ་ཧུ་ལ། །ཆོས་རྒྱལ་སྡེ་ལྔ་བཙན་རྒོད་ཡ་བ་བདུན། །རྡོ་རྗེ་ལེགས་པ་ཙཱ་རི་ཞིང་སྐྱོང་ཆེར། །ཕྱི་ནང་གསང་བའི་མཆོད་སྤྲིན་ཉེར་སྤྲོས་ཏེ། །སོ་སོའི་དབང་པོ་དྲུག་ཡུལ་ལོངས་སྤྱད་(༢༣༠ན)


GLG018_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མི་བསྲུན་དགྲ་སྡེར་དམར་ཟླུམ་གློག་ལྟ་བུའི། །སྤྱན་གྱིས་གཟིགས་ལ་གཟུགས་བྱང་མིང་རུས་སུ། །བཏབ་པ་ཐལ་བའི་རྡུལ་ཕྲན་བཞིན་རློག་པའི། །དྲག་པོའི་འཕྲིན་ལས་མྱུར་དུ་བསྒྲུབ་པར་མཛོད། །བསྟན་སྲུང་རྒྱ་མཚོའི་གཙོ་བོ་རྡོ་རྗེའི་གུར། །ཨེ་ཀ་ཛཱ་ཊི་ལྷ་མོ་དུད་པའི་སོལ། །སྟོབས་འཕྲོག་གདོང་བཞི་གཟི་ལྡན་དབང་ཕྱུག་མགོན། །ཡུམ་ཆེན་རྣམ་བཞི་གནོད་སྦྱིན་ཡབ་ཡུམ་དང་། །པུ་ཏྲ་མིང་སྲིང་བེག་ཙེ་གདོང་དམར་མ། །སྲོག་བདག་གྲི་ཐོགས་བཤན་པ་ཡུལ་གཞིས་གྲོང་། །གནམ་སའི་སྲུང་མའི་ཚོགས་རྣམས་ཐམས་ཅད་ཀྱིས། །དམ་ཉམས་སྲིད་སྡེར་བཅས་པ་ཚར་བཅད་པའི། །གཏང་རག་ལེགས་འབུལ་སླར་ཡང་དམིགས་ཡུལ་ཀུན། །མྱུར་དུ་བཀུག་ནས་བསད་བསྐྲད་དབྱེ་རྨོངས་སོགས། །དྲག་པོའི་འཕྲིན་ལས་བསྐུལ་ལ་བལྟོས་མིན་པར། །དམ་ཅན་སྲུང་མས་མ་ཡེངས་བྱ་ར་མཛོད། །ཆུ་ཁྱི་གནས་ཆུང་ཆོས་སྐྱོང་ཆེན་པོས་ངེད་རང་གི་རིམ་གྲོར་ཆོས་འཁོར་རྒྱལ་གྱི་ཆོས་སྲུང་རྣམས་ལ་བསྐང་གཏོར་དགོས་ཚུལ་ལྟར་གཏོར་གསོས་ལ་གྲྭ་ཚང་གི་གྲྭ་པ་འཕྱོང་རྒྱས་པ་བློ་བཟང་བསོད་ནམས་དང་རྩེས་དང་སྔགས་རམས་པ་མཁས་བཙུན་བཏང་དུས་རྒྱལ་བ་མ་ཕམ་པར་ཕྱེ་ཕུར་དང་སྙན་ཤལ་བརྒྱ་མཆོད་ཡི་དམ་ཆོས་སྲུང་ལ་སྙན་ཤལ་ཕུལ་བའི་ཁ་བྱང་ཡིད་བཞིན་རེ་སྐོང་། ཕྱེ་ཕུར། ཡིད་དགའ་ཆོས་འཛིན་སེང་གེའི་ཁྲི་ཆེན་པོར། །རྒྱལ་ཚབ་དམ་པར་དབང་བསྐུར་སྐལ་ལྡན་ལྟར། །ཐར་ལམ་སྟོན་ལས་གཡོ་མེད་འཛམ་གླིང་འགྲོར། །དུས་དྲུག་ལེགས་གཟིགས་མ་ཕམ་མགོན་པོ་ཀྱེ། །མཁའ་ལམ་དབང་གཞུ་ལྟ་བུར་གན་གོས་(༢༣༠བ)


GLG018_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

གཞིར། །རི་མོའི་བཀོད་པ་སྣ་ཚོགས་ཕྱེ་ཕུར་བྲེས། །བྱམས་མགོན་དངོས་དང་མཚུངས་པའི་སྣང་བརྙན་ལ། །ལྷག་བསམ་རྣམ་པར་དག་པས་རབ་ཕུལ་མཐུས། །སྙིགས་མ་ལྔ་ཡི་ཉེར་སྦགས་ནགས་ཀླུང་ཆེར། །བརྩེ་ཆེན་དྲི་བསུང་དངར་པོའི་ཙནྡན་ལྗོན། །མ་འདྲིས་ལུས་ཅན་ཡོངས་ལ་མཛའ་བའི་བཤེས། །ཁྱོད་ཀྱིས་མཐུ་དཔུང་ནུས་པ་བསྐྱེད་ལ་གཟིགས། །གཟིགས་པ་ནམ་ཡང་མ་གཡེལ་དྲི་མེད་སྤྱན། །སྤྱན་དང་མངོན་པར་ཤེས་མཁྱེན་འགྲོ་བའི་དོན། །དོན་ཀུན་མྱུར་བར་གྲུབ་པའི་ཡོན་ཏན་རྫོགས། །རྫོགས་སངས་རྒྱས་ཀྱི་ལུང་རྟོགས་བསྟན་པ་དང་། །ཁྱད་པར་དགའ་ལྡན་ཕོ་བྲང་ཆོས་སྲིད་ཀྱི། །འཛིན་སྐྱོང་སྤེལ་བའི་རྒྱུ་སྦྱོར་བླ་དཔོན་གྱི། །བསྐལ་འཚོའི་ཚེ་སོགས་མཐུན་རྐྱེན་རེ་འབྲས་རྣམས། །འབད་མེད་ལྷུན་གྲུབ་འཚེ་བ་ཞི་བར་ཤོག །བྱམས་པ་ཆོས་ཀྱིས་མཐོ་བའི་གཞལ་མེད་ཡིད་འོང་ཆེར། །ཐེག་ཆེན་རིགས་ཅན་གདུལ་བྱ་བགྲང་དཀའ་བར། །ཤེར་ཕྱིན་སྟོན་མཛད་རྒྱལ་སྲས་མ་ཕམ་མགོན། །རྟག་ཏུ་བརྩེ་བས་སྐྱེ་རྒུའི་དཔུང་གཉེན་མཛོད། །མགོན་ཁང་ཤོད་ཀྱི་འཇིགས་བྱེད་དུས་གསུམ་སངས་རྒྱས་ཀུན་གྱི་ཡབ་གཅིག་པུ། །མ་རུངས་དགྲ་སྡེའི་གཤེད་དུ་མ་ཧེའི་གདོང་། ཁྲོས་པའི་གར་གྱིས་ལོག་འདྲེན་བདུད་སྡེའི་དཔུང་། །ཐལ་བར་རློག་ལ་དངོས་གྲུབ་བྱིན་ཆེན་ཕོབ། །ཕྱག་དྲུག་པ། བརྩེ་ཆེན་ཐུགས་རྗེའི་སྒྱུ་འཕྲུལ་རྨད་པོ་ཆེ། །མི་སྡུག་སྲིན་པོའི་གཟུགས་ཀྱི་རྔམ་བརྗིད་ཅན། །མ་ཧཱ་ཀཱ་ལ་ཕྱག་དྲུག་མགོན་པོ་ཡིས། །རྣམ་བཞིའི་(༢༣༡ན)


GLG018_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་ཐོགས་མེད་སྒྲུབ་པར་མཛོད། །ལས་གཤིན། རིམ་བདུན་ས་འོག་ལྕགས་ཁང་ཐོད་པའི་ནང་། །སྐྱེ་འགྲོའི་སྲོག་དབུགས་ཡུད་ཅིག་འཕྲོག་བྱེད་པར། །ལས་གཤིན་རྣམ་འགྱུར་མ་ངེས་རབ་བསྒྱུར་ཏེ། །དགྲ་བགེགས་མཐའ་དག་མིང་མེད་ཐལ་བར་རློགས། །རྣམ་སྲས། རྒྱལ་བསྟན་ལ་འཚེ་མུ་སྟེགས་མ་ལུས་པ། །དྲག་པོའི་ཆད་པས་ཚར་གཅོད་སྟོབས་རྩལ་ལྡན། །ལྷ་མིན་གཡུལ་ངོ་ཕྱིར་བཟློག་ངལ་བསོས་པོས། །མཐུ་དཔུང་རབ་སྐྱེད་མི་མཐུན་ཕྱོགས་ཀུན་སོལ། །རེ་མ་ཏཱི། ངེས་པའི་དོན་དུ་སྒྲ་དབྱངས་ལྷ་མོ་ཡང་། །བདུད་སྡེའི་གཤེད་དུ་སྲིད་གསུམ་བདག་མོ་ཆེ། །དམག་ཟོར་རྒྱལ་མོས་གནས་སྐབས་མཐར་ཐུག་གི །འདོད་པའི་རེ་བ་ཇི་བཞིན་ལྷུན་གྲུབ་མཛོད། །ཞལ། འཇིག་རྟེན་ཀུན་གྱི་མངའ་བདག་སྟོབས་འཕྲོག་དབང་། །ཕྱི་རོལ་དམ་ལྡན་མངག་གཞུག་བྲམ་ཟེའི་གཟུགས། །ནང་དུ་རྩ་ཁམས་དག་པའི་ཞིང་སྐྱོང་མགོན། །གསང་བ་ཐིག་ལེའི་ངོ་བོར་འབྲལ་མེད་བཞུགས། །བེག་ཙེ། བསེ་མཁར་མེ་རླུང་འཚུབ་དཀྱིལ་ཟངས་བྲག་སྟེང་། །དགྲ་བོའི་སྲོག་གི་གཤེད་མ་ཁྲོ་གཏུམ་རྔམས། །གནོད་སྦྱིན་ལྕམ་དྲལ་བཀའ་སྡོད་བཤན་པར་སབཅས། །དུས་དྲུག་མེལ་ཚེ་མ་གཡེལ་སྲུང་མའི་མཆོག །རྡོ་སྐུ་མེ་འབར། དམ་ཚིག་པ་ལ་ཡེ་ཤེས་སེམས་དཔའ་ཆེ། །དབྱེར་མེད་མངོན་སུམ་འཁྱིལ་བའི་བྲམ་ཟེའི་གཟུགས། །ཆོས་འཁོར་སྐྱོང་བའི་དཔའ་བོར་མངའ་གསོལ་བས། །མི་བསྲུན་ཚར་ཆོད་མཆོག་མཐུན་དངོས་གྲུབ་(༢༣༡བ)


GLG018_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །ཙི་ཏྲང་ཁང་། སྣང་སྲིད་ཀུན་གྱི་ཕྱག་རྒྱ་མ་ལུས་པ། །ཟིལ་གནོན་འཇམ་དཔལ་དུས་དགྲའི་དབང་པོ་ཡིས། །བཀའ་སྐྱོང་རལ་པ་ཚར་དགུའི་ཚོགས་རྣམས་ཀྱིས། །ལོག་འདྲེན་དགྲ་བགེགས་སྒྲོལ་བའི་གདོང་གྲོགས་མཛོད། །ཀོ་གཏུམས་མ། ཁྱེད་ཞལ་བསྟན་པ་ཙམ་གྱིས་ཉེར་འཚེའི་དཔུང་། །ཞུགས་ཀྱི་ཕུང་པོར་ཕྱེ་མ་ལེབ་བཞིན་དུ། །མིང་མེད་ཐོང་ལ་རྒྱུ་སྦྱོར་བསམས་པའི་དོན། །ཐོགས་མེད་སྒྲུབས་ཤིག་ལེགས་ལྡན་ནག་པོ་ཆེ། །མགོན་ཁང་བར། རྣ་བར་རྟག་ཏུ་སྙན་པའི་པི་ཝཾ་སྒྲར། །འདི་ཕྱིའི་དོན་བཟང་བསྒྲུབ་པའི་གཏམ་དྲངས་ཏེ། །འཁྲོལ་བར་ངག་དབང་དབྱངས་ཅན་འདོད་ཁམས་མས། །ཀུན་དགའི་བདེ་བས་དུས་ཀུན་ཤིས་པར་མཛོད། །དེ་ཝི་ཀོ་ཊི། རྫུ་འཕྲུལ་རླུང་ཤུགས་ལྡན་པའི་དྲེའུ་རྟ་ལ། །བཅིབས་ནས་སྟོང་གསུམ་མྱུལ་བའི་རེ་མ་ཏཱི། །འཇིགས་རུང་བཟོད་དཀའི་མེ་དཔུང་སྐུར་འབར་བས། །བགེགས་ཚོགས་བྱ་སྒྲོ་བསྲེགས་ལྟར་ཐལ་བར་རློག །བསྟན་པ་བཅུ་གཉིས། གངས་ཀྱི་ར་བས་བསྐོར་བའི་རྗེ་འབངས་ཀུན། །སྐྱོང་བར་གཤེན་རབས་མེས་པོས་རབ་བསྟན་ཀྱང་། །སངས་རྒྱས་གཉིས་པ་པདྨ་ཀ་ར་ཡིས། །ཐུབ་བསྟན་རིན་ཆེན་བསྲུང་བར་གཉེར་གཏད་པའི། །ཞལ་བཞེས་མ་བསྙེལ་ནུས་མཐུ་དེང་འདིར་སྐྱེད། །བསིལ་པ་ཚལ། གུར། དམ་ཅན་རྒྱ་མཚོའི་སྡེ་དཔོན་སྲུང་སྐྱོབ་མགོན། །མིའུ་ཐུང་རྡོ་རྗེ་སྲིན་པོ་ཁྲོས་པའི་གཟུགས། །གར་དགུའི་ཉམས་ཀྱིས་གནོད་བྱེད་དགྲ་བགེགས་ཀྱི། །སྙིང་གར་བྲོ་དུངས་དོན་སྙིང་ཆེམ་ཆེམ་(༢༣༢ན)


GLG018_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

རོལ། །ཞལ། གདོད་ནས་དག་པའི་སེམས་ཉིད་ནག་པོ་ཆེ། །རྩ་གསུམ་འཁོར་ལོ་བཞི་ཡི་འདབ་མའི་དབུས། །ལུས་དང་གྲིབ་མ་ཇི་བཞིན་འབྲལ་མེད་དུ། །བཞུགས་ལ་དཔུང་གཉེན་དུས་ཀུན་མ་ཡེངས་མཛོད། །པུ་ཏྲ། དམོད་པར་དབང་བའི་བྲམ་ཟེའི་བདེན་མཐུ་ཡིས། །སྐྱེ་འགྲོའི་ལུས་སྲོག་གཅོད་པའི་བཤན་པ་རུ། །ཉེར་གྲུབ་པུ་ཏྲ་གནོད་སྦྱིན་དང་བཅས་པས། །སྡེ་བརྒྱད་དམག་སྣ་དགྲ་བོའི་ཡུལ་དུ་དྲངས། །ཆོས་འབྱུང་སྟེང་གི་གཏེར་མགོན། ཧེ་རུ་ཀཿདཔལ་ལེགས་ལྡན་ཕྱག་བཞི་མགོན། །རྣམ་རོལ་གཅིག་ཏུ་མ་ངེས་སྐུར་བསྟན་ནས། །ལོག་པར་འཁུ་བའི་གདོན་ཆོམས་རྒྱུ་སྦྱོར་བའི། །ལེགས་བྱས་དཀར་ཆའི་ཟླ་ལྟར་འཕེལ་བར་མཛོད། །མ་ནིང་། རྟ་མཆོག་རླུང་གི་ཤུགས་ལྡན་སྒ་སྲབ་སྟེང་། །བཅིབས་ནས་སྐད་ཅིག་སྟོང་གསུམ་ཡོངས་མྱུལ་བའི། །བདུད་མགོན་ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས། །ཕ་མས་སྐྱོང་ལྟར་འདོད་པའི་རེ་བ་སྐོངས། །ཆོས་འབྱུང་ཤོད་ཀྱི་བེག་ཙེ། གནམ་སའི་ཁྱོན་མཚུངས་ཞལ་གདངས་ལྗགས་བསྐྱོད་ཅིང་། །སྤུ་གྲི་རྣོན་པོའི་མཆེ་བ་རབ་གཙིགས་ཏེ། །དམ་ཉམས་དགྲ་བོའི་ཤ་ཁྲག་རུས་པ་རྣམས། །ལྷག་མ་མེད་པར་རོལ་ཞིག་ཁ་རཾ་ཁཱ་ཧི། །རིག་པའི་ལྷ་མོ། དྲག་སྟོབས་ལྡན་པའི་དྲེད་མོ་མི་ཟན་སྟེང་། །(༢༣༢བ)


GLG018_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་གཙོ་མོ་རིག་པའི་ལྷ་མོ་ཡིས། །ཐུབ་བསྟན་འཛིན་ཞིང་སྐྱོང་བའི་བླ་དཔོན་གྱི། །བསམས་པ་ཇི་བཞིན་སྐོང་བའི་འཕྲིན་ལས་མཛོད། །རཱ་ཧུ་ལ། ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློང་དཀྱིལ་ནང་། །སྲིད་གསུམ་ཟིལ་གནོན་ཁྱབ་འཇུག་རཱ་ཧུ་ལ། །སྡོང་ཟླར་བཅས་པས་པདྨ་ཐོད་ཕྲེང་གི །གཡར་དམ་མ་བརྗེད་མཐུན་རྐྱེན་མཐའ་དག་སྒྲུབས། །པེ་ཀར། གཏོར་མའི་རི་བོ་ཁྲག་ཞག་མཚོར་བསྐྱིལ་ནས། །སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་ཡབ་ཡུམ་སོགས། །དགྱེས་པ་བསྐྱེད་དེ་འཛུམ་ཞལ་ལྷུག་པ་རུ། །གསལ་སྟོན་དགྲ་ལ་རྔམས་པའི་མཆེ་བ་གཙིགས། །ཙི་དམར་པ། མི་བསྲུན་དགྲ་དཔུང་གླང་ཆེན་མགོ་འགེམས་པར། །སྟོབས་ལྡན་གདོང་ལྔའི་མཆེ་སྡེར་རྣོན་པོ་ཡིས། །གཡེལ་བ་མེད་པའི་སྟོང་གྲོགས་དུས་ཀུན་ཏུ། །མཛོད་ཅིག་གནོད་སྦྱིན་ཆེན་པོ་ཡང་ལེ་བེར། །རྡོར་ལེགས། མཚོ་སྐྱེས་རྡོ་རྗེས་ཕྱག་རྟགས་མེ་འབར་བ། །གཙུག་ཏུ་བཀོད་པའི་རི་མོ་མ་ཡལ་དོན། །དུས་འདིར་ཉེར་དགོངས་རྣམ་འགྱུར་མཐའ་ཡས་པར། །སྤྲུལ་ནས་ཆོས་སྲིད་སྐྱོང་བའི་ར་མདའ་མཛོད། །གཟའ་གདོང་དམར་ནག །སྲིན་ཀླུ་བཤོས་སྲས་གཤན་པ་གཟའ་གདོང་དམར། །མེ་རླུང་མཆོན་ཆའི་ཚོགས་བཅས་ཁྱུང་ཆེན་སྟེང་། །རབ་ཞོན་ཁམས་གསུམ་བསྐོར་ཏེ་དགྲ་སྡེའི་དམག །ཆོམས་ཤིག་དྲག་པོའི་འཕྲིན་ལས་མྱུར་དུ་སྒྲུབས། །ཇོ་བོ་འཕྱིང་དཀར། སྲིན་པོའི་རྒྱལ་ཁབ་སྒོ་སྲུང་ཚུལ་བཟུང་ཡང་། །ངེས་པའི་དོན་དུ་འཇིག་རྟེན་དབང་ཕྱུག་གི །ལུས་དང་གྲིབ་མར་འགྲོགས་ནས་ཉིན་མཚན་(༢༣༣ན)


GLG018_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །མེལ་ཚེ་མཛོད་ལ་བསམས་པའི་རེ་བ་སྐོངས། །རྟ་རྒོད་ཤེལ་ལྕག །སྦས་ཡུལ་དཀར་མོ་ལྗོངས་ཀྱི་གནས་སྲུང་ཆེ། །རྟ་རྒོད་ཤེལ་ལྕག་འཁོར་དང་བཅས་པ་རྣམས། །མཆོད་རྫས་འཛུམ་ཞལ་སྟོན་ཟླ་ཉ་རྒྱས་ལྟར། །དངོམ་ཞིང་འདོད་པའི་དོན་རྣམས་ཡིད་བཞིན་སྒྲུབས། །ཆུ་ཁྱི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གསུམ་ལ་གནས་ཆུང་ཆོས་སྐྱོང་ཆེན་པོས་ངེད་རང་གི་རིམ་གྲོར་ཟན་གཡང་དང་མཆིམས་ཕུར་གསེར་ཆབ་དང་སྙན་ཤལ་དགོས་ཚུལ་ལྟར་སྔགས་རམས་པ་བསོད་ནམས་རྒྱལ་མཚན་ཅན་འབུལ་བར་བཏང་སྐབས་བཀོད་པའི་ཁ་བྱང་ཕན་བདེའི་སྙེ་མ། འོག་ཁང་སྙིགས་མ་ལྔ་བདོའི་གདུལ་དཀའ་འགྲོ་བ་རྣམས། །འདུལ་བར་ཞལ་བཞེས་དཔག་བསམ་ཡོངས་འདུའི་ལྗོན། །མི་གཡོའི་རྩ་བ་རབ་བརྟན་དར་དྲག་འབྲས། །ལུས་ཅན་ཡོངས་ཀྱིས་ལོངས་སུ་སྤྱད་བྱར་སྨོན། །ཀླུ་རྒྱལ་འཁོར་དང་བཅས་པའི་སྤྱན་ལམ་དུ། །དགྱེས་བསྐྱེད་མཐུན་རྫས་འཕྲུལ་གྱིས་འགལ་རྐྱེན་ཀུན། །ཞི་ཞིང་བསམ་པའི་དོན་རྣམས་མ་ལུས་པ། །ལྷུན་གྱིས་གྲུབ་པའི་འཕྲིན་ལས་སྒྲུབ་པར་མཛོད། །སྲིད་ལམ་ཡོངས་འཕྱན་སྐྱེ་རྒུ་མཐའ་ཡས་པའི། །གདུང་སེལ་སླད་དུ་ཟས་གཙང་སྲས་པོ་རུ། །ཉེར་སྤྱོན་མཁྱེན་བརྩེའི་སྣང་བ་འོད་པོ་ཆེས། །ཆོས་མིན་རྒྱུ་འབྲས་མུན་སྟུག་དྲུངས་འབྱིན་ཤོག །དགའ་ལྡན་ཆོས་སྲིད་ཟུང་འབྲེལ་རབ་འཛིན་པའི། །བླ་དཔོན་གནས་སྐབས་རྒུད་པའི་ཚོགས་ཞི་ཞིང་། །རིང་པོའི་ཚེ་བསོད་ཆབ་སྲིད་མངའ་ཐང་རྒྱས། །མཐར་ཐུག་རྣམ་མཁྱེན་གོ་འཕང་མྱུར་ཐོབ་ཤོག །(༢༣༣བ)


GLG018_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བར་ཁང་། དབྱིངས་ངང་ལས་རིགས་ཀུན་བདག་པོའི་གར། །མཁའ་ལ་འཇའ་ཚོན་ལྟར་ཤར་མ་འདྲེས་པར། །ཡེ་ཤེས་ལྔ་ཡི་མདངས་བཀྲག་མངོན་གསལ་བ། །སྲིད་ཞིའི་དངོས་པོ་ཡོངས་ཀྱིས་བཏུད་བྱའི་གནས། །མེས་དཔོན་རྣམ་གསུམ་ཐབས་མཁས་འཕྲུལ་ཆེན་པོས། །བསིལ་ལྡན་ཐོག་མའི་བདེ་སྐྱིད་སྒོ་འཕར་བརྒྱ། །ཕྱེ་ལྟར་ཞྭ་སེར་ཅོད་པན་ཆོས་སྲིད་བསྟར། །ཟླ་ཉིའི་འོད་བཞིན་ཕྱོགས་བཅུར་ཁྱབ་པར་ཤོག ཁོར་ཡུག་གངས་ཀྱི་ར་བས་བསྐོར་བའི་གཞིར། །དུས་ཀྱི་ཆད་པའི་མི་ཕྱུགས་ནད་ཡམས་དང་། །སད་སེར་མུ་གེ་དམག་འཁྲུག་འཚེ་བས་མཚོན། །ཉེར་ཞི་མཐུན་རྐྱེན་མཐའ་དག་ལྷུན་གྲུབ་ཤོག །སྟེང་ཁང་། མཚན་དཔེས་རབ་འཁྱུད་མཐོང་ན་མི་མཐུན་བྲལ། །ལྟ་བས་མི་ངོམས་རྫོགས་པའི་སངས་རྒྱས་དངོས། །སྐལ་བཟང་འདྲེན་བྱེད་ཡུལ་གྱུར་ཐུབ་པ་ཆེ། །འཛུམ་ཞལ་ཟེར་འཕྲེང་ཕྱོགས་ཀུན་བཀྱེ་བར་མཛོད། །དེང་ནས་བྱང་ཆེན་མ་ཐོབ་ནད་གདོན་བགེགས། །ཞི་སྟེ་ཆོས་ནོར་འདོད་ཐར་ལེགས་ཚོགས་ཀུན། །བླ་ནས་བླར་འཕེལ་འདོད་དོན་མ་ལུས་པ། །ཉིན་བྱེད་འབུམ་ལྟར་ཆེས་ཆེར་འབར་བར་ཤོག །ཐུབ་བསྟན་སྤྱི་དང་བྱེ་བྲག་དགའ་ལྡན་པའི། །ལུགས་གཉིས་སྲིད་མཐའི་བར་དུ་རབ་རྒྱས་ཤིང་། །མཁའ་མཉམ་འགྲོ་བའི་བདེ་སྐྱིད་དཔལ་འབྱོར་ཀུན། །ལོངས་སུ་སྤྱོད་པའི་བདག་པོར་གཡོ་མེད་ཤོག །གླིང་བཞི་སོགས་ལྷ་ཁང་གཞན་རྣམས་ལ། མཁྱེན་བརྩེ་ནུས་པའི་ལྷག་བསམ་དྲོད་གཤེར་གྱིས། །བསོད་ནམས་ཡེ་ཤེས་ས་བོན་ཡོངས་སྨིན་པ། །སྐུ་གཉིས་ཛམྦུའི་ལྗོན་དར་རྩ་གསུམ་(༢༣༤ན)


GLG018_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །མ་འདྲིས་འགྲོ་བའི་མཛའ་བཤེས་རྒྱལ་གྱུར་ཅིག །སྙན་ཤལ་ཡན་པ་བྱིངས་ལ། རྒྱལ་བ་སྲས་བཅས་བྱིན་རླབས་རྨད་པོ་ཆེས། །བོད་ཡུལ་སྐྱེ་རྒུའི་ཕན་དང་བདེ་བ་ཀུན། །རྩོད་དུས་ཁེངས་འཕྲོག་རྫོགས་ལྡན་ཇི་བཞིན་དུ། །དགའ་སྟོན་མཆོག་གི་དཔལ་ལ་སྤྱོད་བྱིན་རློབས། །མཆིམས་ཕུ། རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །སྤྲོ་ཞིང་བསྡུ་མཛད་པདྨ་ཐོད་ཕྲེང་རྩལ། །བརྩེ་བ་ཆེན་པོའི་སྤྱན་དཀྱུས་རིང་པོ་ཡིས། །རབ་གཟིགས་བསྟན་འགྲོའི་ཕན་བདེ་གོང་འཕེལ་མཛོད། །འཁོར་འདས་རྣམ་དཀར་ལང་ཚོ་དར་དྲག་པར། །ཚོགས་གཉིས་བཅུད་ཀྱིས་ཆད་མེད་ཉེར་བསྐྱངས་པ། །བཀྲག་འོད་ཉི་དངོས་བརྒྱ་ཕྲག་དཔལ་མངའི་ལུས། །ལེགས་འཛིན་དུས་ཀུན་རྩེ་དགར་རོལ་བྱིན་རློབས། །ཡངས་པའི་ཡུལ་གྲུ་ཀུན་གྱིས་ཡོངས་བཀུར་བ། མཆོད་ཡོན་ཉི་ཟླ་ཟུང་འཇུག་བཙན་པོའི་ཁྲིམས། །རྒྱ་ཧོར་བོད་སོགས་རྒྱལ་ཁམས་ཐམས་ཅད་ཀྱི། །མཆོག་དམན་བར་མའི་སྐྱེ་རྒུའི་གཉར་ལྕི་ཤོག །ཆུ་ཁྱི་གནས་ཆུང་ཆོས་སྐྱོང་ཆེན་པོས་ངེད་རང་གི་རིམ་གྲོར་འཕྱོང་རྒྱས་རྫོང་དུ་བསྟེན་པའི་ཆོས་སྲུང་དང་སྲོང་བཙན་དུ་མ་ནིང་བཅས་པར་བཀང་བ་དགོས་ཚུལ་བཞིན་རབ་འབྱམས་པ་བསོད་ནམས་རྒྱལ་མཚན་ཅན་བཏང་སྐབས་སྙན་ཤལ་ཕུལ་བའི་ཁ་བྱང་གང་བསམ་འདོད་པའི་རེ་སྐོང་། ཆོས་སྐྱོང་སྤྱི་རྩ་བ་གསུམ་གྱི་དཀྱིལ་འཁོར་ཐམས་ཅད་དང་། །ཁྱད་པར་དུས་དགྲའི་དབང་པོ་གཤིན་རྗེའི་གཤེད། །ཕྱག་དྲུག་མགོན་པོ་རྣམ་སྲས་གུར་ཞལ་དང་། །པུ་ཏྲ་བེག་ཙེ་འདོད་ཁམས་དབང་(༢༣༤བ)


GLG018_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་མ། །ཕོ་རྒྱུད་མོ་རྒྱུད་སྡེ་དཔོན་སུམ་ཅུ་སོགས། །དམ་ཅན་རྒྱ་མཚོར་བཅས་པའི་ཚོགས་རྣམས་ལ། །ཕྱི་ནང་གསང་མཆོད་ནམ་མཁའི་ཁྱོན་བཀང་ནས། །ཐུགས་དམ་གཉན་པོ་དབྱིངས་སུ་སྐོང་བྱེད་ན། །སྔར་བཅོལ་གཏང་རག་འབུལ་ཞིང་སླད་མར་ཡང་། །ད་བཅོལ་གསལ་འདེབས་དགའ་ལྡན་ཕོ་བྲང་པའི། །ཆོས་སྲིད་ཉེར་འཛིན་བླ་དཔོན་ནད་གདོན་ཞི། །ཚེ་བསོད་སྙན་གྲགས་མངའ་ཐང་རྒྱས་པར་མཛོད། །མ་ནིང་། ཕ་མེས་བརྒྱུད་ནས་བསྟེན་པའི་བསྟན་སྲུང་མགོན། །ངེས་པའི་དོན་དུ་ཆེ་མཆོག་ཧེ་རུ་ཀཿ །མི་བསྲུན་དགྲ་བགེགས་སྒྲོལ་བའི་གཤེད་མ་རུ། །གཉིས་མེད་མ་ནིང་ནག་པོ་དྲག་ཤུལ་ཅན། །སྤྱན་སྔར་མཐུན་རྫས་སྔགས་རྒྱས་རབ་སྤེལ་ཏེ། །ཐུགས་དམ་སྐོངས་གྱུར་རྒྱུ་སྦྱོར་བླ་དཔོན་གྱི། །འབྱུང་འཁྲུག་ཕྱི་ནང་རྟགས་དང་རྟེན་འབྲེལ་ལོག །ཕ་རོལ་མཐུ་གཏད་རྦོད་གཏོང་རིག་སྔགས་བྱད། །མི་དང་མི་མིན་བསམ་སྦྱོར་ངན་པའི་ཚོགས། །མ་ལུས་ཞི་ཞིང་བསྐལ་པར་འཚོ་བའི་ཚེ། །ལོངས་སྤྱོད་དཔལ་འབྱོར་ཆབ་སྲིད་ལེགས་ཚོགས་ཀུན། །གོང་འཕེལ་ཡིད་ལ་གང་བསམས་འདོད་སྐོང་མཛོད། །ཆུ་ཁྱི་སྡེ་པ་སངས་རྒྱས་རྒྱ་མཚོས་སྲི་གཅོད་འབུམ་སྐོར་གྱི་དུས་གུང་ཐང་གཙུག་ལག་ཁང་དང་ཡང་དགོན་སྲུང་མར་སྙན་ཤལ་ཕུལ་བའི་ཁ་བྱང་བསམ་འཕེལ་དབང་རྒྱལ། ཐུབ་ཆེན། རིས་མེད་ལུས་ཅན་ཀུན་ལ་བརྩེ་བའི་སྤྱན། ཁྱབ་པར་ཡོངས་སུ་གཟིགས་ཀྱང་མི་བསྲུན་དཔུང་། །བཅོམ་དང་ལྷན་ཅིག་འཇིག་རྟེན་རྒུད་པ་རྣམས། །རབ་བཅིལ་ཤཱཀྱའི་གཙོ་བོས་བདེ་སྐྱིད་སྩོལ། །(༢༣༥ན)


GLG018_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཞང་རིན་པོ་ཆེ། གཟོད་མ་ཉིད་ནས་བདེན་གཉིས་ཟབ་མོའི་དོན། །མངོན་སུམ་མེ་ལོང་ནང་གི་གཟུགས་བརྙན་བཞིན། །ལེགས་མངའ་གཡུ་བྲག་འགྲོ་བའི་བླ་མ་ཡིས། །རྨད་བྱུང་བྱིན་རླབས་ཆར་ཆེན་ཉེ་བར་ཕོབ། །ཟུར་ཀུན་མཁྱེན་ཆེན་པོའི་དངུལ་གདུང་། ཐུགས་རྗེའི་འཇུག་པ་དུས་ལས་མ་ཡོལ་བར། །སྐལ་ལྡན་གདུལ་བྱའི་ཚོགས་གཉིས་རླབས་པོ་ཆེ། །རྫོགས་ཕྱིར་བཀའ་དྲིན་གསུམ་ལྡན་ཟུར་ཆེན་རྗེས། །འདི་ཕྱིའི་དོན་ཀུན་བདེ་བླག་འགྲུབ་བྱིན་རློབས། །ཕྱག་བཞི་པ། བུ་རམས་ཤིང་པའི་ལུང་རྟོགས་འཇིག་པའི་གདོན། །རྒྱུད་ལ་ཉེར་ཞུགས་དགའ་རབ་དབང་ཕྱུག་ལུས། །དཀོན་མཆོག་རིན་ཆེན་རྣམ་གསུམ་གཙུག་ཟླའི་མིག །དམར་ཟླུམ་འབར་བའི་མེ་ཡིས་བསྲེག་པར་མཛོད། །ལྷ་མོ། མེ་རླུང་དྲག་ཏུ་འཚུབ་པའི་གུར་ཁྱིམ་ནང་། །བསད་ཁྲག་རྦ་ཀློང་ཆལ་ཆིལ་རབ་གཡོ་བར། །སྲིན་མོའི་གཟུགས་འཆང་འདོད་ཁམས་རེ་མ་ཏཱིས། །འཕྲིན་ལས་ཐམས་ཅད་ཐོགས་མེད་སྒྲུབ་པར་མཛོད། །ལྕགས་དགོན་རྒྱལ་པོ། དུས་གསུམ་རྒྱལ་བའི་བསྟན་སྲུང་ཀུན་གྱི་གཙོ། །དགྲ་ལྷ་ཆེན་པོ་རྡོ་རྗེ་གྲགས་ལྡན་གྱིས། །དུས་དྲུག་མེལ་ཚེ་མཛོད་ལ་གནོད་བྱེད་ཚོགས། །དྲག་པོའི་ཆད་པས་མྱུར་སྒྲོལ་འཕྲིན་ལས་མཛོད། །ཆུ་ཕག་གནམ་ལོ་གསར་དུ་ཚེས་པའི་དུས་དཔལ་ལྡན་དམག་ཟོར་རྒྱལ་མོར་དར་ཚོན་སྣ་ལྔའི་སྙན་ཤལ་ཕུལ་བའི་ཁ་བྱང་སྡེ་བཞིའི་སྒོ་འཕར་བརྒྱ་ཕྲག་འབྱེད་པའི་ལྡེ་མིག །སྲིད་ཞིའི་ལེགས་ཚོགས་སྡེ་བཞིའི་འཛུམ་ཞལ་སྒོའི། །གངས་རི་ལྟར་དཀར་མཆེ་བའི་མྱུ་གུ་ལས། །རབ་འཁྲུངས་དབྱངས་ཅན་ལྷ་མོའི་རྒྱུད་མངས་(༢༣༥བ)


GLG018_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ། །ཆེར་སྒྲོགས་རྣ་བ་བཅུད་ལེན་ལྷ་མཆོག་ཀྱེ། །རེ་མ་ཏཱིས་མཚོན་བགྲང་ཡས་འཇོ་སྒེག་མོའི། །སྤྲུལ་པ་དུ་མར་བྱེ་ལ་རྒྱུ་སྦྱོར་བའི། །སྒྲིབ་གཉིས་དེས་བསྐྱེད་ནད་གདོན་དགྲ་བགེགས་བཅས། །མིང་གི་ལྷག་མ་ཙམ་ཡང་ཞི་བར་མཛོད། །གསེར་སྦྱངས་ཞུན་མའི་རི་རབ་ལྷུན་པོ་ཡིས། །ཉི་མའི་དངོས་པོ་བརྒྱ་ཕྲག་གཟུགས་བཟང་ཚེ། །འགྲན་བྱེད་དཔལ་ལྡན་དམག་དང་ཟོར་གྱི་ལྷ། །ཐོགས་མེད་སྤྱོན་ལ་ཀུན་བཟང་མཆོད་སྤྲིན་སྤྲོ། །འཁོར་འདས་ཡོངས་ཀྱི་ཡོན་ཏན་མ་ལུས་དང་། །ཁྱད་པར་ཚེ་བསོད་སྟོབས་འབྱོར་ཆབ་སྲིད་ཀུན། །སྩོལ་མཛད་ཡིད་བཞིན་དབང་གི་རྒྱལ་པོ་ཆེས། །ཅི་བསམས་རེ་བ་སྐོང་བའི་འཕྲིན་ལས་མཛོད། །འགྲོ་ལ་རྗེས་ཆགས་སྤྱན་དཀྱུས་རིང་པོའི་ཞགས། །ཉེར་བརྐྱངས་སེམས་མེད་ཀུན་གཟོད་གཡོ་བྱེད་ན། །སྣང་སྲིད་སྐྱེ་འགྲོ་འགུགས་པར་ཐབས་འཕྲུལ་གྱི། །བལ་ཁུར་འདེགས་ལ་འཕྱང་བས་རབ་རྒོད་འདྲའི། །ལྷ་དབང་གིས་མཚོན་ཡིད་ཅན་མཐའ་དག་གི །རྣམ་དཀར་འབྲས་བཟང་ཡོངས་དུད་དངོས་པོར་བཅས། །ཆེས་ཆེར་བརྡུངས་བས་ལེགས་མྱོས་ཟློས་གར་གྱིས། །ཟུར་ཕུད་ཅོད་པན་དཔུང་པས་རྐང་འདེགས་མཛོད། །མེ་འབར་རྡོ་རྗེ་བརྩེ་བརྒྱ་གཟས་པས་ཀྱང་། །མི་བསྲུན་སྡེ་དཔུང་ལྷ་མིན་མོ་ཡི་མངལ། །ཉེ་བར་ལྷུང་མཛད་འདོད་ཁམས་དབང་ཕྱུག་མ། །དམ་ཅན་རྒྱ་མཚོའི་གཙོ་མོར་མངའ་གསོལ་བས། །རང་སེམས་མེ་ལོང་ནང་དུ་གདུག་རྩུབ་འཆར། །ཇི་སྙེད་རི་མོའི་གཟུགས་སུ་ཡོངས་བཀྲ་བའི། །གནོད་བྱེད་དགྲ་བགེགས་མི་(༢༣༦ན)


GLG018_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་སྲིད་སྡེར་བཅས། །མངོན་སྤྱོད་དྲག་པོས་ལྷག་མེད་ཐལ་བར་རློག །བཅོམ་ལྡན་ཤཱཀྱ་སེང་གེའི་ལུང་རྟོགས་བསྟན། །སྤེལ་མཛད་མདོ་སྔགས་བཤད་སྒྲུབ་འཛིན་པའི་སྡེར། །ཡོན་སྦྱོོར་དགའ་ལྡན་ཕོ་བྲང་ཞེས་གྲགས་དང་། །སེམས་ཅན་ཀུན་གྱི་ཕན་བདེ་རབ་རྒྱས་ཤིང་། །བྱེ་བྲག་ཁ་བ་ཅན་གྱི་ཡུལ་ཁམས་འདིར། །འཐབ་རྩོད་མུ་གེ་མི་ཕྱུགས་ནད་རིམས་སོགས། །དུས་ཀྱི་ཆད་པ་མ་ལུས་ཉེར་ཞི་ནས། །བཀྲ་ཤིས་དགེ་ལེགས་དཔལ་ལ་སྦྱོར་བར་མཛོད། །ཆུ་ཕག་ནག་ཟླའི་ཚེས་བརྒྱད་ཀྱི་དུས་ཆེན་ཚེ་དཔལ་མགོན་ཆེ་ཆུང་ལས་མཁན་བཅས་པར་ཕུལ་བའི་སྙན་ཤལ་ཁ་བྱང་འདོད་དགུའི་དཔལ་སྟེར། གུར་ཞིང་ཁམས་རྒྱ་མཚོའི་གཙོ་བོ་འོག་མིན་མགོན། །གདུལ་བྱའི་དོན་དུ་པད་ཉི་མི་རོའི་སྟེང་། །གར་དགུའི་ཉམས་ལྡན་མིའུ་ཐུང་སྲིན་གཟུགས་ཅན། །དྲག་ཤུལ་ནུས་པས་ལོག་འདྲེན་ཚར་གཅོད་མཛོད། །སྐྱབས་གནས་ཀུན་འདུས་མཁའ་འགྲོ་རྣམ་ལྔ་ཡང་། །སེམས་ཀྱི་རོལ་རྩེད་ཆེན་པོར་ངེས་རྙེད་དེ། །གསལ་སྟོང་ཟུང་འཇུག་ཐོབ་དང་ལྷན་ཅིག་པར། །ལས་བཞིའི་དངོས་གྲུབ་སྩོལ་ཞིག་ནག་པོ་ཆེ། །དཀར། བརྗོད་བྲལ་གཉུག་མའི་ལྷན་སྐྱེས་རོལ་པའི་ཆུས། །མི་མཐུན་ཉེས་བརྒྱའི་དྲི་མ་རབ་བཀྲུས་ནས། །ཁྱབ་བདག་རྡོ་རྗེ་འཆང་ཆེན་གོ་འཕང་མཆོག །མྱུར་སྩོལ་གཉེར་དུ་གཏད་དོ་མཐུ་དཔུང་སྐྱེད། །ཇི་ལྟར་འདོད་པའི་དོན་ཀུན་མ་ལུས་པ། །ལྷུན་གྱིས་གྲུབ་པར་ཡིད་བཞིན་ནོར་བུ་ལྟར། །མ་ཧཱ་ཀཱ་ལས་རྒྱུ་སྦྱོར་ཚེ་བསོད་དབང་། །(༢༣༦བ)


GLG018_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་སྲིད་བླ་ནས་བླར་ཡང་གོང་འཕེལ་མཛོད་། །དམར། གངས་ལྗོངས་བསྟན་འགྲོའི་སྣང་བ་འོད་པོ་ཆེས། །རྟ་བདུན་དབང་པོའི་གཟི་བྱིན་ལ་འགྲན་པར། །མཐུན་རྐྱེན་ཕུན་ཚོགས་ཡོན་ཏན་མཐའ་ཡས་པ། ཁབ་ལེན་རྡོ་དང་ལྕགས་བཞིན་དབང་དུ་སྡུས། །ནག་རྩ་བརྒྱུད་བླ་མའི་དམ་ཚིག་གཉན་པོ་རྣམས། །དུས་དྲུག་གཡེལ་མེད་མེལ་ཚེ་རབ་མཛད་དེ། །ལོག་པར་འཁུ་བའི་སྡེ་ཡི་དཔུང་ཚོགས་རྣམས། །ཆོམས་ཤིག་ཞིང་སྐྱོང་གཟི་ལྡན་དབང་ཕྱུག་ཆེ། །ལྗང་། མི་འགྱུར་ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་། །ཟུང་འཇུག་རིན་ཆེན་རྡུལ་མང་བརྩེགས་པའི་རིར། །གྲངས་མེད་གཟུགས་སྐུ་ཉེར་ཤར་ལངྐའི་བདག །མི་བཟད་མཐུ་སྟོབས་ཆེར་མངའ་སྲུང་མའི་གཙོ། །ངེས་པའི་དོན་དུ་བཅོམ་ལྡན་ཧེ་རུ་ཀཿ། བདུད་སྡེའི་གཤེད་དུ་དཔའ་བོ་བྲམ་ཟེའི་གཟུགས། །སྣ་ཚོགས་འཕྲིན་ལས་བསྒྲུབ་ལ་སོ་སོའི་གར། །བསྒྱུར་ནས་བསྟན་འགྲོའི་ཕན་བདེ་རྒྱ་ཆེར་སྤེལ། །རྡོ་རྗེ་འཆང་དངོས་ཁྱབ་བདག་གནས་གསར་བས། །མཛའ་བོར་གཏད་པའི་ལྷ་མཆོག་ཁྱོད་ཉིད་ཀྱིས། །རྣམ་མཁྱེན་མ་ཐོབ་དེ་སྲིད་འབྲལ་མེད་དུ། །བར་གཅོད་གཡུལ་ལས་རྟག་རྒྱལ་སྲུང་སྐྱོབ་མཛོད། །པུ་ཏྲ། དམོད་པ་བོར་བའི་བདེན་ཚིག་རབ་སྨིན་པ། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་རྣམས། །མཆོད་བཞེས་བསམ་སྦྱོར་ངན་པོའི་མི་བསྲུན་སྡེའི། །དམར་བཤུས་པགས་རློན་གྱོན་ནས་ཤ་རུས་ཟོ། །བེག་ཙེ། གང་དམིགས་གཉེར་གཏད་དོན་སྙིང་ཕྱེ་མ་རུ། །རློག་བྱེད་མཚོན་འཛིན་(༢༣༧ན)


GLG018_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་བསེ་མདོག་ཅན། །སྐད་ཅིག་ཁམས་གསུམ་མྱུལ་བའི་རྫུ་འཕྲུལ་གྱིས། །ནད་ཡམས་ཐན་ལྟས་ངན་པས་དགྲ་ཡུལ་ཁོང་། །ཆུ་ཕག་ཧོར་ཟླ་དྲུག་པའི་ནང་དུ་གནས་ཆུང་ཆོས་སྐྱོང་ཆེན་པོའི་སྐུ་རྟེན་པ་སྦས་ཡུལ་དཀར་མོ་ལྗོངས་ཀྱི་གནས་མཇལ་བར་འགྲོ་བའི་ཞོར་ལ་ཆོས་སྲུང་རྣམས་ལ་སྙན་ཤལ་དང་དམག་ཟོར་མ་དང་བེག་ཙེར་མཆོད་རྫས་བཅས་ཕུལ་བའི་ཁ་བྱང་རྫོགས་ལྡན་འགུགས་པའི་རྟ་བདུན། བྱམས་ཆེན་སུམ་རྩེན་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི། །ལྟ་ན་སྡུག་པའི་ཕོ་བྲང་ཆེས་ཡངས་པར། །བགྲང་ཡས་འཁོར་ཚོགས་དང་བཅས་འཛམ་གླིང་འགྲོར། །ཐུགས་རྗེའི་སྤྱན་གྱིས་མྱུར་གཟིགས་མ་ཕམ་མགོན། །བརྩེ་ཆེན་སྲ་མཁྲེགས་རྡོ་རྗེ་རྩེ་བརྒྱ་པ། །ཕྱར་པའི་མོད་ལ་བགེགས་རིགས་ལྟ་མིན་མོའི། །མངལ་ལྷུང་ཆབས་ཅིག་རྣམ་པར་རྒྱལ་བའི་དར། །སྲིད་རྩེར་བསྒྲེངས་ཤིག་ས་བཅུའི་དབང་ཕྱུག་ཀྱེ། །ཤློཀ་གསུམ་པ་འདི་སོ་སོའི་གཤམ་དུ་འདོགས། ཟ་ཧོར་སྔགས་འཆང་རྡོ་རྗེ་ཐོགས་མེད་རྩལ། །ནད་གདོན་དུཿ ཁའི་མི་མཐུན་ཀུན་ཞི་ནས། །ཞྭ་སེར་ཆོས་སྲིད་བསྟན་དང་སྐྱེ་རྒུ་ཡི། །གཉེན་དུ་བྱམས་མགོན་དབུས་འགྱུར་མ་བྱོན་བར། །མི་བདག་སངས་རྒྱས་རྒྱ་མཚོ་ཡིས་མཚོན་པའི། །ལྷག་བསམ་སྨོན་ལམ་ས་བོན་རབ་བཏབ་མཐུར། །འབྲས་སྨིན་ཆོས་ཀྱི་འཁོར་ལོ་རྟག་བསྐོར་བའི། །འཕྲིན་ལས་ཐོགས་མེད་སྒྲུབ་པའི་མཐུ་དཔུང་སྐྱེད། །གངས་ཅན་ལྗོངས་འདིར་དུས་འཁྲུག་མུ་གེ་དང་། །སྐལ་ངན་ཀེག་སྲི་ཐན་ལྟས་སྡིག་ཏོའི་ཚོགས། །མིང་གི་ལྷག་མར་ཡོངས་(༢༣༧བ)


GLG018_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་རྫོགས་ལྡན་མགྲོན། །འགུགས་པའི་རྟ་བདུན་དགུང་ནས་དེང་འབར་མཛོད། །མགོན་ཁང་ཆེན་མོ། དུས་དགྲའི་དབང་པོ་འཇིགས་མཛད་མ་ཧེའི་ཞལ། །ཕྱག་དྲུག་མགོན་པོ་རྣམ་མང་ཐོས་པའི་སྲས། །ལས་ཀྱི་གཤིན་རྗེ་དཔལ་ལྡན་རེ་མ་ཏཱི། །བྲམ་ཟེའི་གཟུགས་ཅན་བེག་ཙེ་ལྕམ་དྲལ་དགོངས། །དེ་ཝཱི་ཀོ་ཊི། རང་སྲིད་བསྟན་པའི་ཕན་བདེ་སཱི་ཏ་མ། །ཉེར་འཚེའི་གདོན་བགེགས་བྱད་མ་ལངྐའི་མགྲིན། །བསྙེམས་པའི་གཙུགས་ཏོར་དང་བཅས་ཤུགས་དྲག་མདས། །སོད་ཅིག་འདོད་ཁམས་དབང་མོ་དགའ་བྱེད་ལྷ། །བསྟན་མ་བཅུ་གཉིས། གངས་ཀྱི་ར་བས་བསྐོར་བའི་ཡུལ་གྲུ་དང་། །ཁྱད་པར་མི་འགྱུར་ལྷུན་གྲུབ་ཆོས་འཁོར་རྒྱལ། །རྟེན་དང་བརྟེན་པ་མི་ནོར་སྡེ་བཅས་རྣམས། །གཉེར་དུ་གཏད་པའི་བོད་སྐྱོང་བསྟན་མའི་ཚོགས། །བསིལ་ཚལ་གུར། བཻཌཱུར་ཞུན་འཁྱིལ་མིའུ་ཐུང་གར་དགུའི་ཉམས། །བསྒྱུར་ཀྱང་ངེས་པའི་དོན་དུ་རྣམ་སྣང་མཛད། །སྙིང་དབུས་ལུས་དང་གྲིབ་མ་ཇི་བཞིན་པར། །མི་འབྲལ་དུས་དྲུག་མེལ་ཚེའི་སྲུང་སྐྱོབ་མགོན། །ཞལ། ཆོས་རྣམས་ཀུན་རྫོབ་འཁྲུལ་པའི་སྣང་ངོ་རུ། །གཤེགས་བཞུགས་བྱ་བྱེད་བསླུ་ཐབས་སྒྱུ་མའི་འཕྲུལ། །དཔྱད་ཚེ་རྩ་རླུང་ཐིག་ལེའི་རང་གདངས་སུ། །འགགས་མེད་ལེགས་བཤར་ཞིང་སྐྱོང་སྟོབས་འཕྲོག་དབང་། །པུ་ཏྲ། སྐྱེ་འགྲོ་སེམས་ཅན་ཡོངས་ཀྱི་ལྟག་སྒོ་རུ། །བྲམ་ཟེའི་བདེན་ཚིག་དམོད་པས་ཉེར་གྲུབ་པའི། །གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་དང་། །རུ་འདྲེན་སྡེ་བཞི་ལྷ་(༢༣༨ན)


GLG018_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་དྲེགས་པའི་དམག །ཆོས་འབྱུང་སྟེང་གི་ཆོས་སྐྱོང་སྤྱི། དུས་གསུམ་རྒྱལ་བའི་སྤྱན་སྔར་ལུང་རྟོགས་བསྟན། །བསྲུང་བར་ཞལ་བཞེས་དཔལ་མགོན་ལྕམ་དྲལ་དང་། །མ་ནིང་སྡེ་དཔོན་སུམ་ཅུའི་ཚོགས་བཅས་ཀྱིས། །དམ་ཚིག་གཉན་པོ་ཉེ་བར་དྲན་མཛོད་ལ། །ཞིང་སྐྱོང་། ཅང་ཤེས་རླུང་གི་ཤུགས་འཆང་སྒ་ཆས་སྤྲས། །ཞོན་ནས་སྟོང་གསུམ་མྱུལ་བའི་སེང་གེའི་གདོང་། །ཡབ་ཡུམ་བམ་ཆེན་ཕོ་མོ་གྲངས་མེད་འཁོར། ཁྱེ་ལ་མཐུ་དང་ནུས་པའི་དཔུང་སྐྱེད་ཅིག །ཆོས་འབྱུང་ཤོད་ཀྱི་ལྕམ་སྲིང་། བྱུ་རུའི་ལྷུན་པོ་ལྟར་བརྗིད་ཁྲོ་གཏུམ་མིག །བགྲད་དེ་མི་བསྲུན་སྡེར་ལྟོས་ལུས་དབང་ཀུན། །རྣོན་པོའི་རུ་མཚོན་ཟངས་གྲི་མེ་འབར་བས། ཁོག་པ་ཤོགས་ཤིག་གནོད་སྦྱིན་སྐྱེས་བུ་ཆེ། །ཁྱབ་འཇུག །མཐོང་རེག་བསམ་པའི་དུག་རླངས་ན་བུན་བཞིན། །ཡོངས་གཏིབས་སྲིད་གསུམ་རྣམ་པར་རྒྱལ་བའི་སྟོབས། །བཟུང་ཁྱོད་དམིགས་བྱ་གང་ཡིན་སྐད་ཅིག་ཡུད། །སྒྲོལ་མཛད་བསྟན་སྲུང་ཆེན་པོ་རཱ་ཧུ་ལ། །རྒྱལ་པོ། རྟ་མཆོག་རོལ་པ་གསང་བའི་བདག་པོ་དང་། །པདྨ་འབྱུང་གནས་མྱང་རལ་ལ་སོགས་པས། །སྲོག་སྙིང་ཉེར་བླངས་བསྟན་དང་དེ་འཛིན་ཀུན། །སྐྱོང་བར་ཞལ་བཞེས་དྲན་མཛོད་པེ་ཧཱ་ར། །རྡོར་ལེགས། ལོག་འདྲེན་དཔུང་ཚོགས་གླང་པོའི་མགོ་འགེམས་ཆེད། །དཔའ་ངར་མཆེ་སྡེར་རྣོན་པོའི་གདོང་ལྔ་པ། །བན་བོན་སྔགས་པའི་བྱད་རྦོད་རང་གཤེད་དུ། །ཕོབ་ཅིག་དམ་ཅན་རྡོ་རྗེ་འབར་བ་རྩལ། །ཆུ་ཕག་ཨུ་ཆིང་ཚོགས་གསོག་དར་(༢༣༨བ)


GLG018_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་རབ་འབྱམས་པའི་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུའི་བསྟན་བྱུས་རྒྱས་པའི་ཆེད་དུ་ཆོས་འཁོར་རྒྱལ་གྱི་བླ་མ་ཡི་དམ་ཆོས་སྲུང་ལ་སྙན་ཤལ་ཕུལ་བའི་ཁ་བྱང་གསེར་འཁོར་རྩིབས་སྟོང་། འཁོར་འདས་ཕུན་ཚོགས་ཀུན་འགུགས་འཕྲུལ་ཆེན་པོས། །ཁམས་གསུམ་བརྟན་པ་མ་ལུས་ཅིག་ཅར་དུ། །འཕྲོག་པའི་འཕྲིན་ལས་མཐའ་དག་འབད་ཚོགས་ལ། །བལྟོས་མིན་སྐད་ཅིག་ལྷུན་གྱིས་སྒྲུབས་ཞིག་ཀྱེ། །དགའ་ལྡན་ཆོས་སྲིད་བསྟན་པ་གོང་འཕེལ་ཞིང་། །ཁྱད་པར་སྟོབས་ཀྱི་འཁོར་སྒྱུར་བོ་ཤོག་ཐུ། །རྫོགས་ལྡན་དུས་བཞིན་རིང་འཚོ་མངའ་ཐང་རྒྱས། །དཔལ་འབྱོར་རྣམ་དཀར་སྙན་གྲགས་འབྲུག་སྟོང་ལྟར། །ཡོངས་ལྡིར་སྲིད་རྩེའི་བར་ཁྱབ་བསྟན་དང་འགྲོའི། །བདེ་སྐྱིད་སྲོག་གི་ཀ་བ་ཉེར་ཚུགས་ཏེ། །ནམ་ཡང་མི་འགྱུར་སྲ་མཁྲེགས་རྡོ་རྗེ་ཡི། ཁམས་སུ་མཁྱེན་བརྩེ་ནུས་མཐུས་གྲུབ་བྱིན་རློབས། །ཆུ་ཕག་ཧོར་ཟླ་དགུ་པའི་ནང་དུ་སྦས་ཡུལ་དཀར་པོ་ལྗོངས་སུ་ཆོས་སྐྱོང་རྣམས་ལ་གཏོར་གསོལ་དང་བཀང་བ། དངུལ་གདུང་གི་གཟུངས་འབུལ་ལ་མཆོད་དཔོན་ངག་དབང་ཤེས་རབ་བཏང་སྐབས་བྱམས་ཆེན་དང་དཔལ་ལྡན་དམག་ཟོར་མ་གཉིས་ལ་ཚིགས་བཅད་གསར་བྲིས་དང་དམངས་ལ་ཐམ་ཀ་དང་བཅས་སྙན་ཤལ་ཕུལ་བའི་ཚེ་ཁ་བྱང་འདོད་འཇོའི་འབྲས་བཟང་གཡུར་དུད། བྱམས་པ། ཀུན་ལ་ཉེ་རིང་དང་བྲལ་ཐུགས་རྗེའི་དྲི། །སྐྱེ་རྒུའི་རྒུད་ཚོགས་ཚ་གདུང་ལེགས་བཅིལ་བར། །སྐུ་གསུང་སྡོང་བུ་དར་དྲག་བྱམས་པའི་གཏེར། །སྔོན་མེད་མ་ལ་ཡ་ལྗོན་མ་ཕམ་པ། །ཇི་ལྟ་ཇི་སྙེད་ཡོངས་གཟིགས་སྤྱན་རས་ཀྱིས། །སྙིགས་མ་ལྔ་བདོའི་འགྲོ་བར་ཉེར་བཙས་པས། །རྣམ་དཀར་དགེ་(༢༣༩ན)


GLG018_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ས་བོན་རབ་སྨིན་པའི། །བདེ་སྐྱིད་འཁྲི་ཤིང་ཡལ་འདབ་འཕེལ་བར་ཤོག །ལེགས་བྱས་ཕུང་པོ་མངོན་སུམ་ཆེར་སྤུངས་མཐུས། །གྲགས་པ་དོན་མཚུངས་དགའ་ལྡན་ཕོ་བྲང་པའི། །ཆོས་སྲིད་ཁྲིམས་གཉིས་ཉི་ཟླ་ཟུང་འབྲེལ་བས། །མི་མཐུན་སྨག་རུམ་དྲུངས་ནས་འབྱིན་པར་ཤོག །ལྷ་མོ། ཕུལ་བྱུང་སྡེ་བཞིའི་འཛུམ་ཞལ་འཁྱིལ་བའི་སྒོར། །མཆེ་བའི་མྱུ་གུ་དཀར་མཛེས་ལས་འཁྲུངས་པ། །ཡིད་འོང་ཚངས་སྲས་ལྷ་མོའི་རྒྱུད་མང་སྟོང་། །སྙན་པོ་རྣ་བའི་གསོས་སྒྲོགས་རེ་མ་ཏཱི། ཁྲོ་ཆགས་སྒེག་ཉམས་སྤྱན་དཀྱུས་ཆེས་རིང་བའི། །ཞགས་པས་སེམས་མེད་ནོར་འཛིན་འདར་བྱེད་ན། །འཁོར་འདས་ལེགས་ཚོགས་མངོན་མཐོ་ཀུན་འགུགས་པར། །སྒྱུ་འཕྲུལ་རྩལ་སྟོབས་དཔུང་སྐྱེད་ཡིད་བདེར་སྦྱོར། །ཕོ་བྲང་ཆེན་པོའི་ལུགས་ཟུང་གདུགས་དཀར་པོ། །སྲིད་པའི་རྩེ་བར་དལ་མེད་འཁོར་གྲིབ་ལ། །འཇིག་རྟེན་བརྟན་གཡོར་བཅས་པ་ངལ་སྟེགས་སུ། །བསོད་ནམས་མངོན་སུམ་མིག་ལམ་གསལ་འཆར་མཛོད། །ཆུ་ཕག་ཧོར་ཟླ་བཅུ་གཉིས་པར་སྲི་གཅོད་འབུམ་པ་བསྐོར་བར་སྡེ་པ་སངས་རྒྱས་རྒྱ་མཚོ་འདེགས་མ་ཐུབ་ཀྱང་སྔར་བཞིན་སྙན་ཤལ་ཕུལ་བའི་ཁ་བྱང་མི་མཐུན་གཡུལ་ལས་རྒྱལ་བའི་རྔ་ཆེན། གུང་ཐང་ཐུབ་ཆེན་མི་ཟད་ཐུགས་རྗེའི་གཟི་བྱིན་བཀྲག་པོ་ཆེས། །བར་གཅོད་བདུད་རིགས་མུན་སྟུག་མཐར་བྱས་ནས། །ཐུབ་བསྟན་དར་ཞིང་སྐྱེ་རྒུ་བདེ་སྐྱིད་ཀྱི། །སྣང་བ་དམ་པའི་དཔལ་གྱིས་དུས་འདར་ཤོག །ཞང་གི་སྐུ་བརྙན། རིང་མོ་ཉིད་ནས་བརྩེ་ཆེན་(༢༣༩བ)


GLG018_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་སྟོབས་གོ །ཆེར་བགོས་མོས་ངོར་ངུར་སྨྲིག་འཛིན་པའི་གར། །ལེགས་བསྒྱུར་ཞང་སྟོན་གཡུ་བྲག་འགྲོ་བའི་མགོན། །བྱང་ཆུབ་བར་དུ་མི་འབྲལ་རྗེས་སུ་བཟུང་། །ཐམས་ཅད་མཁྱེན་པ་ཟུར་ཆེན་གྱི་དངུལ་གདུང་། འཁོར་འདས་ཆོས་ཀུན་དབྱིངས་རིག་རང་གྲོལ་བའི། །ཀུན་བཟང་རྡོ་རྗེ་འཆང་དབང་ཐོད་ཕྲེང་རྩལ། །སླར་ཡང་རྒྱལ་བསྟན་སྤེལ་བྱོན་ཐུགས་རྗེའི་དཔུང་། །བཀྱེ་ཞིག་མ་འདྲིས་མཛའ་བཤེས་དྲིན་ཆེན་རྗེ། །ལེགས་ལྡན་ཕྱག་བཞི་པ། དུས་མཐའི་མེ་ཀློང་དབུས་ན་མིག་སྨན་མདོག །སྲིན་པོའི་གཟུགས་ཅན་ཁྲོ་གཏུམ་ལྕམ་དྲལ་ཚོགས། །རྣོ་ངར་མཚོན་ཆས་དགྲ་བགེགས་བྱད་མའི་སྡེར། །བཀའ་ཆད་དྲག་པོས་རང་གཤེད་མྱུར་འབེབས་མཛོད། །ལྷ་མོ་ལྕགས་ཕུར་མ། ཆབ་སྲིད་མངའ་ཐང་འཕེལ་བར་ཞེ་སྡང་བའི། །ལོག་པར་འདྲེན་ལ་དམར་ཟླུམ་བགྲད་པའི་མིག །ལྟ་སྟངས་ཙམ་གྱིས་ཚར་ཆོད་རྒྱུ་སྦྱོར་མིང་། །རེ་འདོད་ཇི་བཞིན་ལྷུན་གྱིས་གྲུབ་པར་མཛོད། །ཡང་དགོན་རྒྱལ་ཁང་། པད་རཱག་ལྷུན་པོར་ཉི་འོད་འབུམ་ཕྲག་གོས། །ཉེར་ཀླུབས་མཐུ་ལྡན་དབང་པོ་ལི་བྱིན་ཧར། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་ཡོངས་བཏབ་པས། །ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། །ཤིང་བྱ་གནམ་ལོ་གསར་ཚེས་ཀྱི་དུས་དཔལ་ལྡན་འདོད་ཁམས་དབང་ཕྱུག་མར་སྙན་ཤལ་ཕུལ་བའི་ཁ་བྱང་འདོད་འཇོའི་བུམ་བཟང་བཅུད་གཏམས། དཀར་སྔོན་ལས་འཕྲལ་རྐྱེན་དམག་རུམ་གཉིད་པོ་ཆེ། །རབ་སློང་མཚན་དཔེའི་གཟི་བྱིན་ཟེར་ཕྲེང་གི །སྣང་བ་ཆེས་འབར་སྐྱ་རེངས་མས་དྲངས་པའི། །ཕན་བདེའི་ཉི་མ་རྟག་ཏུ་འཆར་བར་(༢༤༠ན)


GLG018_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །སེར། ཛམྦུའི་གསེར་གྱི་རི་དབང་ལྟར་གཟི་བརྗིད་སྐུའི། །འབུམ་ཕྲག་འོད་ཀྱིས་ལེགས་ཚོགས་ཟླ་ཚེས་པ། །བླ་ནས་བླར་འཕེལ་ཚངས་པའི་ཡུལ་ས་ཡང་། །ཡོངས་སུ་བརྒལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བྱུ་རུའི་མདངས་ལྡན་ལྕགས་ཀྱུ་རྣོན་པོ་ཡིས། །སྲིད་པར་གནས་སོ་ཅོག་གི་སྙིང་ཕུག་སྟེ། །རལ་པའི་ཅོད་པན་རྩེ་མོར་ཞབས་སེན་ཟླ། །ཉེར་མཛེས་ཁམས་གསུམ་དབང་སྡུད་འཕྲིན་ལས་མཛོད། །མཐིང་། ལོག་འདྲེན་འཁུ་བའི་སེམས་འཆང་ལྷ་མིན་མོའི། །བྱད་སྟེམས་མངལ་སྦྲུམས་རབ་འབར་རྡོ་རྗེ་མཚོན། །གདེངས་པའི་མོད་ལྷུང་མངོན་སྦྱོར་དྲག་ཤུལ་ལས། །ཐོགས་མེད་སྒྲུབས་ཤིག་ལྷག་པའི་ལྷ་མཆོག་ཀྱེ། །ལྗང་། བགྲང་ཡས་ཆུ་ཀློང་གཟུགས་བརྙན་འབུམ་ཕྲག་བརྒྱ། །འཆར་ཡང་ཟླ་སྣང་གཅིག་པུའི་རོལ་པ་ལྟར། །མཐའ་ཀླས་རྣམ་འཕྲུལ་བཀོད་པ་དེ་དག་ཀྱང་། །ཟག་མེད་བདེ་སྟོང་རང་མདངས་དབྱངས་ཅན་མ། །རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་དབང་ནས། །རིམ་པར་བྱོན་དང་པཎ་ཆེན་དགེ་འདུན་གྲུབ། །དགེ་འདུན་རྒྱ་མཚོ་བསོད་ནམས་རྒྱ་མཚོ་སོགས། །རྩ་བརྒྱུད་བླ་མས་གཉེར་གཏད་དམ་ཚིག་དོན། །ཐུབ་བསྟན་སྤྱི་དང་ཞྭ་སེར་འཛིན་པའི་སྡེར། །བསམ་སྦྱོར་ངན་འཆང་དགྲ་བགེགས་མ་ལུས་པ། །འཕྲལ་དུ་སོད་ཅིག་དབང་པོ་རྣམ་ལྔ་ཟོ། ཁྲག་དྲོན་འཐུང་ལ་མ་ཐོགས་ལས་ཀུན་སྒྲུབས། །ཤིང་བྱི་སྡེ་པ་སངས་རྒྱས་རྒྱ་མཚོ་ཅུང་ཟད་བྲོ་འཚལ་བ་ཟླ་བ་གཉིས་པའི་ཚེས་གཅིག་ནས་ནག་ཟླའི་བར་ཆོས་སྐྱོང་སྤྱི་དང་བྱེ་བྲག་དམག་ཟོར་མ་དང་རྒྱལ་པོར་དགྱེས་སྐོང་


GLG018_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་བ་བཙུགས་སྐབས་སྙན་ཤལ་སྣ་ལྔ་ཕུལ་བའི་ཁ་བྱང་བདེ་ལེགས་ཀུན་འབྱུང་། སེར་དབྱིངས་རིག་ཡེ་ཤེས་རབ་གསུམ་མཁའ་ཀློང་ངོས། །རྩ་བརྒྱུད་བླ་མའི་བྱིན་ཆེན་ཉེར་འཁྲིགས་ཏེ། །གསང་གསུམ་མི་འཛད་ཆར་རྒྱུན་ཆེར་ཕོབ་ལ། །བདེ་སྐྱིད་དཔལ་གྱི་སྙེ་མ་གཡུར་བྱིན་རློབས། །མི་དབང་སྐུ་ལ་སྔོན་ནས་ད་ལྟའི་བར། །ཡོངས་འཚེ་དུས་ཀྱི་ན་སྲི་ལངས་པས་མཚོན། །ཉེར་ཞི་འཁོར་འདས་ཡོན་ཏན་གོང་འཕེལ་ཞིང་། །ཁམས་གསུམ་དབང་སྡུས་མི་བསྲུན་མྱུར་བར་སྒྲོལ། །མི་དབང་སོགས་ཤློ་ཀ་གཅིག་པོ་འོག་མ་གསུམ་པོར་བལྡབ། དམར། རབ་འབྱམས་ཞི་དང་ཁྲོ་བོ་མ་ལུས་པ། །ཀུན་འདུས་སྒྲུབ་སྡེ་བཀའ་བརྒྱད་ལ་སོགས་པའི། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་རྨད་པོ་ཆེ། །བསྐུལ་ལོ་ལྷ་སྔགས་ཡེ་ཤེས་མཐུ་དཔུང་སྐྱེད། །གངྒཱའི་རྡུལ་སྙེད་ལས་འདས་རྒྱལ་ཀུན་གྱི། །ནུས་སྟོབས་གཅིག་འདུས་བསྟན་སྲུང་རྒྱ་མཚོ་ཡིས། །ནད་གདོན་ཉེས་བརྒྱའི་སྨག་རུམ་རབ་འཐིབས་པ། །དྲག་རྩལ་རྟ་བདུན་ཤར་བས་ཉེར་སངས་མཛོད། །སྔོན། ཁམས་གསུམ་སྐྱེ་རྒུའི་ཚོགས་རྣམས་ངལ་སྟེགས་གནས། །འགྲོ་བའི་བླ་མ་ཟས་གཙང་སྲས་པོ་ཡིས། །སྲུང་མའི་གཙོར་བསྔགས་དཔལ་ལྡན་རེ་མ་ཏཱིས། །ཉིན་མཚན་དུས་དྲུག་མགོན་སྐྱབས་དཔུང་གཉེན་མཛོད། །དཀར། རྒྱལ་དབང་པདྨའི་བཀའ་དང་དམ་ཚིག་ལས། །ནམ་ཡང་མི་འདའ་དགྲ་ལྷ་པེ་ཧ་ར། །རྒྱུ་སྦྱོར་ལ་འཁུའི་མི་དང་མི་མིན་གྱི། །སྲོག་དབུགས་ཤ་ཁྲག་རུས་ཚོགས་ཞལ་དུ་ཐོབ། །ཤིང་བྱི་ནག་པ་ཟླ་བའི་བརྒྱད་གཏོར་གྱི་ཉིན་གུར་ཞལ་ལས་མཁན་གཉིས་དང་བཅས་(༢༤༡ན)


GLG018_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྙན་དར་ཕུལ་བའི་ཁ་བྱང་དཔའ་བོའི་གད་བརྒྱངས། གུར། མཐིང་ཁྲ། དག་པ་གཉིས་ལྡན་ཆོས་དབྱིངས་མཁའ་ཀློང་ལས། །རྣམ་ལྔའི་ཡེ་ཤེས་འཇའ་ཚོན་འོད་བཀྲག་སྐུར། །ཡོངས་ཤར་སྣང་མཛད་རོལ་པ་གུར་གྱི་མགོན། །བསྟན་སྲུང་སྡེ་དཔོན་ལྕམ་དྲལ་འཁོར་བཅས་དགོངས། །དྲག་ཁྲོས་དམར་ཟླུམ་སྤྱན་གྱིས་ལེགས་ཉེས་ཀུན། །ཉེར་གཟིགས་ལོག་འཚེའི་ཚོགས་ཀྱི་དོན་སྙིང་སོགས། །ཟོས་ཀྱང་མ་ཚིམ་བམ་ཆེན་འདམ་ལྟ་བུར། །བརྫིས་ཏེ་གར་དགུའི་ཟློས་གར་རབ་བསྒྱུར་ནས། །ཕོ་བྲང་ཆེན་པོའི་སྙན་གྲགས་སྲིད་རྩེར་སྒྲོགས། །མི་བསྲུན་གདུག་པའི་རུ་མཚོན་ས་ལ་སྙོལ། །བསམ་སྦྱོར་ངན་འཆང་དགྲ་བགེགས་མྱུར་སྒྲོལ་ཞིང་། །དཔག་བསམ་ཤིང་ལྟར་ཅི་འདོད་རེ་བ་སྐོངས། །ཞལ་དཀར། སྟོབས་བཅུའི་རྩལ་མངའ་བུ་རམ་ཤིང་པ་ཡི། །སྲུང་མའི་གཙོ་བོ་གཟི་ལྡན་དབང་ཕྱུག་ཆེ། །རྨད་བྱུང་ཐུགས་རྗེ་འབུམ་ཕྲག་ཟླ་བའི་ཟེར། །ཁྱེ་ལ་ཉེས་བརྒྱའི་སྨག་རུམ་ཡོངས་གཞིལ་མཛོད། །སེར། རྒྱ་ཆའི་གསེར་སྦྱངས་བུམ་བཟང་ལས་བབས་པའི། །ཟིལ་དངར་རྒྱུན་གྱིས་རབ་གཏམས་མི་འགྱུར་བ། །སྲ་མཁྲེགས་ཀ་བ་བརྟན་པོ་འཛུགས་པ་དང་། །ཚེ་བསོད་དཔལ་འབྱོར་བླ་ནས་བླར་སྤེལ་མཛོད། །དམར། རབ་འབྱེད་པདྨ་རཱ་གའི་ལྷུན་པོ་ཆེར། །རབ་དམར་ཉི་མ་བྱེ་བའི་གཟི་བྱིན་གྱིས། །རབ་འཁྱུད་རྗེས་ཆགས་རྣམ་འགྱུར་གྲངས་མེད་པས། །རབ་འབྱམས་བརྟན་གཡོ་མ་ལུས་དབང་དུ་སྡུས། །སྔོ། ཧེ་རུ་ཀཿདཔལ་ཁྲོ་གཏུམ་སྲིན་པོའི་སྐུར། །ཉེར་བཞེངས་སྟོབས་(༢༤༡བ)


GLG018_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་དབང་པོ་གདོང་བཞི་པས། །བརྣག་པའི་གཟུགས་ཅན་གཟུགས་མེད་སྡེ་དཔུང་རྣམས། །མངོན་སྤྱོད་དྲག་པོས་མྱུར་སྒྲོལ་འཕྲིན་ལས་མཛོད། །ལྗང་། ཚད་མེད་རྣམ་བཞིའི་དགྱེས་ཞལ་ཆོས་དབྱིངས་ནས། །རྟག་ཏུ་འཛུམ་པའི་ཡེ་ཤེས་རྨད་པོ་ཆེ། །སེམས་ཉིད་གསལ་སྟོང་ལྷན་སྐྱེས་རང་གདངས་ལས། །ལོགས་ན་མ་རྙེད་ལྷ་ཆེན་གསང་བའི་མགོན། །རྩ་གསུམ་འཁོར་ལོ་བཞི་ཡི་ཕོ་བྲང་ཆེར། །རླུང་ཁམས་ཡིད་ཀྱི་དངས་ཆ་ཞིང་སྐྱོང་སྐུ། །ཟག་མེད་སྒྱུ་འཕྲུལ་དྲ་བར་རྩེན་བཞིན་པའི། །བདེ་སྟོང་ཟུང་དུ་འཇུག་པ་ནང་གི་མགོན། །ཧ་ཧ་རྒོད་དང་ཏེ་སེ་གྲུ་འཛིན་སྤོ། ཁའུ་སྐྱེད་ལྷས་ཆོས་འཁོར་རྒྱལ་ལ་སོགས། །གར་བཞུགས་སྒྲུབ་གནས་ཁྱད་འཕགས་སོ་སོ་རུ། །མི་བཟད་ཁྲོ་གཏུམ་སྐུར་སྟོན་ཕྱི་ཡི་མགོན། །འཁོར་འདས་ཆོས་ཀུན་གདོད་ནས་མ་གྲུབ་པ། །བརྗོད་བྲལ་རང་སེམས་གཅིག་པུའི་རྣམ་འཕྲུལ་དུ། །ཐག་ཆོད་རང་ངོ་འཕྲོད་པའི་རྣལ་འབྱོར་གྱིས། །མདུད་རྒྱ་བཀྲོལ་ཏེ་ཆེས་ཆེར་མཆོད་ཚོགས་སྤེལ། །མཎྜལ་རྡོ་ཡི་གཡག་རྟ་ལུག་བྱ་ཁྱི། །ཞྭ་ཕོད་གྲི་སྙིང་སྲོག་འཁོར་ཕྱི་ནང་གསང་། །རྟེན་དང་སྨན་གཏོར་རཀྟ་ལ་སོགས་པ། །མ་ཚང་མེད་པས་ཐུགས་དམ་གཉན་པོ་བསྒོམས། །ཐུབ་བསྟན་སྤྱི་དང་དགའ་ལྡན་ཕོ་བྲང་ཆེའི། །ཆོས་སྲིད་རབ་རྒྱས་ལོག་འཁུའི་དགྲ་བགེགས་བྲག །གནམ་ལྕགས་ཐོག་གིས་རབ་ཆོམས་སྐྱེ་རྒུ་རྣམས། །བདེ་ཞིང་སྐྱིད་པར་རྟག་ཏུ་ལོངས་སྤྱོད་མཛོད། །པུ་ཏྲ། མཐུ་སྟོབས་(༢༤༢ན)


GLG018_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་ལྡན་གནོད་སྦྱིན་ཡབ་ཡུམ་གཉིས། །པུ་ཏྲ་མིང་སྲིང་བཀའ་སྡོད་དང་བཅས་པར། །མཐུན་པའི་རྫས་སྤེལ་རྒྱུ་སྦྱོར་ལ་འཚེ་བའི། །བར་ཆོད་ཀུན་སོལ་འཕྲིན་ལས་མ་ལུས་སྒྲུབས། །བེག་ཙེ། རྔམ་བརྗིད་དབང་དྲག་རོལ་པའི་དུར་ཁྲོད་ནས། །སྒྲོལ་གྱིང་དམར་པོ་ལྕག་དྲལ་བྲན་གཡོག་རྣམས། །ཚུར་སྤྱོན་བརྟན་བཞུགས་མཆོད་སྤྲིན་ཉེར་བསྟབས་པས། །ལེགས་ཚོགས་བདག་གིར་སྤྱོད་པའི་དཔལ་ཐོབ་མཛོད། །མིག་དམར་ཞེས་པ་ཤིང་ཕོ་བྱི་ལོ་ཧོར་ཟླ་གསུམ་པའི་ཚེས་བཅུ་བཞི་ནས་ཉིན་གསུམ་གྱི་བར་ངེད་རང་གི་རྐང་ལག་བྲོ་འཚལ་བ་བདེ་བའི་ཚེ་རྩ་བ་གསུམ་ལ་གཏང་རག་བཏང་སྐབས་སྙན་ཤལ་ཕུལ་བའི་ཁ་བྱང་བདེ་སྐྱིད་སྣང་བ་གུང་འབར། དཀར་ཆོས་དབྱིངས་ཟད་མི་ཤེས་པའི་ཡེ་ཤེས་ལས། །རྩ་རྒྱུད་བླ་མའི་བྱེ་བྲག་མཐའ་ཡས་ཀྱང་། །རང་བྱུང་གསང་བའི་ཕོ་བྲང་ཆེས་ཡངས་པོར། །ཡོངས་འདུས་པདྨ་ཐོད་ཕྲེང་བྱིན་ཆེན་ཕོབ། །ཐུབ་བསྟན་སྤྱི་དང་ཞྭ་སེར་འཆང་བའི་སྡེའི། །ལུགས་ཟུང་དབྱར་མཚོ་ཇི་བཞིན་སྤེལ་བའི་སླད། །ལས་ཉོན་དེས་བསྐྱེད་ཟུག་རྔུ་རབ་ཞི་བར། །དགྱེས་སྐོངས་གཏང་རག་གཉན་པོ་དེང་འདིར་སྤྲོ། །སེར། ཡི་དམ་ཞི་ཁྲོ་མ་ལུས་ཚང་བའི་སྐུ། །ཆེ་མཆོག་ཧེ་རུ་ཀཿདཔལ་ལས་གཞན་པ། །མ་རྙེད་ཕྱག་ཆ་ངར་ལྡན་མཚོན་རྣོན་གྱིས། །མི་བསྲུན་དགྲ་བགེགས་སྡེར་བཅས་དོན་སྙིང་ཆོད། །ཐུབ་བསྟན་སྤྱི་དང་ཞྭ་སེར་འཆང་བའི་སྡེའི། །ལུགས་ཟུང་དབྱར་མཚོ་ཇི་བཞིན་སྤེལ་བའི་སླད། །ལས་ཉོན་དེས་བསྐྱེད་ཟུག་རྔུ་རབ་ཞི་བར། །དགྱེས་སྐོངས་གཏང་རག་གཉན་པོ་དེང་འདིར་སྤྲོ། །དམར། བོད་ཁམས་ལེགས་བྱས་རྒྱལ་མཚན་རྩེ་མོ་རུ། །དགའ་སྐྱིད་ཡིད་བཞིན་ནོར་གྱི་ཅི་འདོད་ཆར། །ཆད་པ་མེད་འབེབས་དཔའ་བོ་མཁའ་འགྲོ་


GLG018_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཕན་བདེའི་སྙེ་མ་ཆེས་ཆེར་ཡོངས་དུད་མཛོད། །ཐུབ་བསྟན་སྤྱི་དང་ཞྭ་སེར་འཆང་བའི་སྡེའི། །ལུགས་ཟུང་དབྱར་མཚོ་ཇི་བཞིན་སྤེལ་བའི་སླད། །ལས་ཉོན་དེས་བསྐྱེད་ཟུག་རྔུ་རབ་ཞི་བར། །དགྱེས་སྐོངས་གཏང་རག་གཉན་པོ་དེང་འདིར་སྤྲོ། །ལྗང་། ཆ་ཤས་ཙམ་གྱིས་ལོག་ལྟ་མི་རྟག་ལམ། །བཀོད་ལ་མཚར་ཅི་དགའ་རབ་དབང་ཕྱུག་གི །སྡེ་དཔུང་དམིགས་མེད་སྦྱོར་རྗེས་མིག་གསུམ་པས། །དབྱི་བའི་གོ་སྐབས་དང་བྲལ་ཆོས་སྲུང་ཚོགས། །ཐུབ་བསྟན་སྤྱི་དང་ཞྭ་སེར་འཆང་བའི་སྡེའི། །ལུགས་ཟུང་དབྱར་མཚོ་ཇི་བཞིན་སྤེལ་བའི་སླད། །ལས་ཉོན་དེས་བསྐྱེད་ཟུག་རྔུ་རབ་ཞི་བར། །དགྱེས་སྐོངས་གཏང་རག་གཉན་པོ་དེང་འདིར་སྤྲོ། །སྔོ། སྣ་ཚོགས་རྫུ་འཕྲུལ་དུ་མའི་གར་བསྒྱུར་ཏེ། །གཡུལ་ངོར་ཞུགས་པའི་མོད་ལ་རྒོལ་ངན་ཀུན། །དུས་མཐའི་རླུང་གིས་རྩ་སྦུར་ཇི་བཞིན་དུ། །གཏོར་ཞིག་འགོ་ལྷ་ཡུལ་གཞི་གནས་ཀྱི་བདག །ཐུབ་བསྟན་སྤྱི་དང་ཞྭ་སེར་འཆང་བའི་སྡེའི། །ལུགས་ཟུང་དབྱར་མཚོ་ཇི་བཞིན་སྤེལ་བའི་སླད། །ལས་ཉོན་དེས་བསྐྱེད་ཟུག་རྔུ་རབ་ཞི་བར། །དགྱེས་སྐོངས་གཏང་རག་གཉན་པོ་དེང་འདིར་སྤྲོ། །ཤིང་བྱི་ས་ག་ཟླ་བའི་ཚེས་བཅུ་གཉིས་ལ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་རིང་འཚོའི་རྟེན་འབྱུང་བསྒྲིགས་ཐོག །རྣམ་པར་རྒྱལ་པའི་ཕན་བདེ་ལེགས་བཤད་གླིང་དུ་སྙན་ཤལ་ཉིན་བདེ། ཆ་བདུན། རྒྱ་ཡིག །རྟགས་བརྒྱད། གསེར་པར་མ་སོགས་ཁ་དོག་སྣ་ཚོགས་ཁྱོན་ཆིག་བརྒྱ་བཞི་བཅུ་ཞེ་ལྔ་ཕུལ་བའི་ཁ་བྱང་མཆོད་སྤྲིན་མི་ཟད་བདུད་རྩིའི་ཆར་རྒྱུན། དཀར་རྩ་གསུམ་བྱིན་རླབས་མཐོ་རིས་ཀླུང་ཆེན་གྱིས། །ལས་ཉོན་བག་ཆགས་དེས་སྐྱེད་དང་བཅས་དྲི། །ཉེར་བཀྲུས་བདེ་སྟོང་ཡེ་ཤེས་བདུད་རྩི་ཆེ། །ངོམ་མེད་འཐུང་བའི་ཕུན་ཚོགས་དགའ་སྟོན་སྩོལ། །སེར། ཐུགས་རྗེའི་གཟི་བྱིན་བསམ་འཕེལ་ནོར་བུ་ལ། །སྨོན་དེར་བལྟོས་མིན་ཚེ་བསོད་སྟོབས་འབྱོར་མདངས། །ཉི་དངོས་འབུམ་ཕྲག་ཟེར་ཡང་འགོང་ནུས་(༢༤༣ན)


GLG018_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །སྣང་བའི་འོད་བཀྲག་བླ་ནས་བླར་འབར་མཛོད། །དམར། རིང་པོའི་སྤྱན་དཀྱུས་ཟུར་ཙམ་ལྷུང་བའི་མོད། །སྲིད་ཞིའི་ལེགས་བྱས་མཐའ་དག་སྐད་ཅིག་ལ། །དབང་སྡུད་སྐྱེ་རྒུ་བདེ་འབྱུང་སྤྱི་བོའི་གཙུག །རྣམ་དཀར་ཟླ་བའི་ཆ་ཤས་ཡོངས་ཚེས་མཛོད། །སྔོ། དུག་གསུམ་ཉེས་བརྒྱའི་བརླང་སྤྱོད་དགྲ་སྡེ་ཡི། །དོན་སྙིང་དམར་པོར་ཕྱུང་བས་གནོད་བྱེད་དཔུང་། །ཕྱིར་ལྡང་མེད་པའི་སར་སྦྱོར་བཤེས་གཉེན་ཆེར། །རབ་ཤར་དྲག་པོའི་འཕྲིན་ལས་མཐར་ཕྱིན་མཛོད། །ལྗང་། ལྷ་རྫས་དབང་གཞུ་ལྟར་བཀྲ་ལྡ་ལྡིའི་ཕྲེང་། །ཞི་ཁྲོའི་དཀྱིལ་འཁོར་མཁའ་ཁྱབ་ཞིང་བཞུགས་པར། །དངོས་བཤམས་ཡིད་ཀྱིས་ཀུན་བཟང་མཆོད་སྤྲིན་བཞིན། །མི་འཛད་སྒོ་འཕར་མཐའ་ཀླས་དེང་འདིར་ཕྱེ། །ཞལ་འཛུམ་སྟོན་མཚན་ཟླ་རྒྱས་ལྟ་བུའི་ཟེར། །སྤྲོས་ནས་ཆེས་དཀར་སྣང་བ་ཉེར་འབར་བས། །བདེ་སྐྱིད་འཕྲོག་པའི་མི་བསྲུན་སྨག་གི་རུམ། །སངས་པར་མཛོད་ཅིག་མཐུ་ཆེན་དབང་ཕྱུག་ཚོགས། །འཇམ་དཔལ་དབྱངས་དངོས་བློ་བཟང་གྲགས་པ་ཡི། །རིང་ལུགས་རབ་འཛིན་དགའ་ལྡན་ཕོ་བྲང་ཆེ། །བསྟན་པས་འཛམ་གླིང་ཡོངས་ཁྱབ་གྲིབ་བསིལ་དུ། །འགྲོ་རྣམས་ངལ་བསོས་རྫོགས་ལྡན་དཔལ་སྤྱོད་མཛོད། །ལ་དྭགས་པ་འདི་སྔར་རི་བོ་དགའ་ལྡན་པའི་བསྟན་པའི་སྦྱིན་བདག་ཁོ་ན་ཡིན་ཀྱང་བར་སྐབས་སུ་གཞན་རྐྱེན་ངན་པས་དབྱེན་བཅོས་པར་བརྟེན་འབྲུག་ལུགས་སུ་འགྱུར་པ་མངའ་རིས་ནས་བོད་པར་བསྡོ་ཐུབ་པ་ཡོང་དོན་མི་འདུག་སྙམ་བཏང་སྙོམས་སུ་བཞགས་ནའང་། དགེ་ལུགས་ཀྱི་དགོན་འདྲར་གནོད་པ་བྱས་པར་(༢༤༣བ)


GLG018_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་ཚེ་དབང་དཔལ་བཟང་གིས་མ་བཟོད་པ་དང་། བོ་ཤོག་ཐུ་རྒྱལ་པོས་ཀྱང་དམག་རོགས་བཏང་པའི་ཚ་ངར་ལ་མ་བཅོགས་པར་འདི་གར་བདེ་ལྡན་གྱི་བུ་དང་ཨོ་རོད་དུ་ཚ་བོ་བུ་གཏེ་དང་གཞིས་རྙིང་རྣམས་ལྟོ་སྐལ་ལ་འོས་འབབ་ཀྱི་ཁྲལ་དང་བཅས་ཅི་གསུང་བསྒྲུབས་པའི་མངའ་རིས་སྐོར་གསུམ་ཆབ་འོག་ཏུ་བཅུག་པའི་ཚེ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་ལ་ཤིང་བྱི་ཟླ་བ་བཅུ་པའི་ཚེས་བཅུ་གསུམ་ནས་ཉེར་ལྔའི་བར་གཏང་རག་རྒྱས་པར་ཕུལ་པའི་སྙན་ཤལ་ཁ་བྱང་མི་མཐུན་གཡུལ་ལས་རྣམ་པར་རྒྱལ་བའི་རྔ་ཆེན། རྡོ་རྗེ་དྲག་པོ་རྩལ། རྩ་བརྒྱུད་བླ་མའི་ཚོགས་རྣམས་འདུས་པའི་སྐུར། །རབ་འབྱམས་ཞི་དང་ཁྲོ་བོ་མ་ལུས་པ། །ཡོངས་ཚང་གཅིག་ཆོག་རིགས་འཛིན་བླ་མ་རྗེ། །དབྱར་གྱི་ཆར་སྤྲིན་ཇི་བཞིན་ནུས་དཔུང་སྐྱེད། །བཀའ་སྲུང་། ཆེས་གསང་སྔགས་ཀྱི་བསྟན་པའི་བྱ་ར་མ། །ཨེ་ཀ་ཛཱ་ཊཱི་ལ་སོགས་ཟབ་གཏེར་བདག །ནག་ཕྱོགས་སྲིད་སྡེར་བཅས་པ་བཅོམས་པ་ཡི། །གཏང་རག་འདི་བཞེས་སླར་ཡང་ལས་ཀུན་སྒྲུབས། །བཀའ་བརྒྱད། ཆོས་ཉིད་བདེ་བ་ཆེ་ལས་མ་གཡོས་ཀྱང་། །ཞི་དང་ཁྲོ་བོའི་རོལ་གར་ཟད་མི་ཤེས། །ཆུ་ནང་ཟླ་གཟུགས་ལྟར་ཤར་ཧེ་རུ་ཀཿ །མི་བསྲུན་ལོག་ལྟའི་གདོང་པ་ཆེས་ཆེར་སྨད། །མ་ནིང་། སྣང་སྲིད་དྲེགས་པ་མཁའ་ལྟར་རབ་ཡངས་པ། །གཉིས་མེད་མ་ནིང་སྡེ་དཔོན་སུམ་ཅུ་བཅས། །བྷ་ལིཾཤ་ཁྲག་བསྟབ་པོ་སླད་ནས་ཀྱང་། །དགྲ་སྙིང་ཚལ་པར་ཁོས་ཤིག་མཱ་ར་ཡ། །ཚེ་བདག །སྣང་སྲིད་བརྟན་གཡོ་ཆོས་ཉིད་མཐའ་ཀླས་པའི། །ཕྱག་རྒྱ་ཐམས་ཅད་ཟིལ་གནོན་དུས་དགྲའི་དབང་། །འཇིག་མེད་སྲོག་གི་ཀ་བ་བརྟན་ཚུགས་ཏེ། །ཕ་རོལ་སྦྱོར་ངན་ཤིག་ལ་རང་(༢༤༤ན)


GLG018_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་ཕོབ། །གཤིན་རྗེ་ཡང་བཟློག །ལྷག་པའི་ལྷ་མཆོག་མཐོང་བའི་མོད་ཉིད་ལ། །འཁོར་འདས་བརྟན་པ་ཅིག་ཅར་འཕྲོག་པའི་ཆེད། །སྲུང་བཟློག་བསད་མནན་སྦྱོར་བས་དགྲ་གདོན་བྱད། །མི་རྟག་ལམ་བཀོད་ལྟད་མོ་དེང་འདིར་ཤར། །བྷེ་ཝ་ས་ཏྭ་ཁྲོ་ཆུ་དུག་སྡོང་། དཔག་ཚད་བརྒྱད་ཁྲི་མར་འདས་ཐོད་པའི་ནང་། །དགྲ་སྲོག་ལེན་རིངས་རལ་པ་ཚར་དགུ་ཡིས། །སྡེ་དཔུང་ཕྱེ་མར་བཏགས་པའི་གཏང་རག་དང་། །སླད་འཆོལ་བསད་ཁྲག་ཤ་རུས་རྔམས་པས་ཟོ། ཁྲོ་ཆུ་དུག་སྡོང་། མཐུ་སྟོབས་ནུས་པའི་གཟི་བྱིན་འོད་པོ་ཆེས། །ལོག་ལྟའི་སྨག་རུམས་སངས་དང་ཆབས་ཅིག་པར། །བན་བོན་རིག་སྔགས་རང་གཤེད་ཐོག་ལྟ་བུར། །འབེབས་མཛད་རིགས་གསུམ་ཀུན་འདུས་ཁྲོ་བོའི་རྒྱལ། །ཀི་ཀང་། པད་རཱག་ལྷུན་པོ་ཉིན་བྱེད་བྱེ་བ་བརྒྱས། །བྱུགས་ལྟར་ཁྲོ་གཏུམ་སྤྱན་རྩ་རབ་འཁྲུག་པས། །བགྲང་དཀའི་དགྲ་བགེགས་འཁོར་དང་བཅས་པ་རྣམས། །བསྐལ་པར་མནན་པས་མ་ཚིམས་ཞབས་བྲོ་རྡུངས། །འཆར་ཀ །འཇམ་དཔལ་བཀའ་ཉན་དྲེགས་པ་ཡོངས་ཀྱི་རྗེ། །ཁྱོད་ཀྱི་ལྟོ་བ་ལས་གྲུབ་སྲིད་པ་གསུམ། །ལོག་འདྲེན་སྟེང་དུ་རྣོ་ངར་མཚོན་ཆ་རུ། །གྱུར་ནས་དུག་གསུམ་ནད་ཀྱིས་མྱུར་དུ་སོང་། །སྟག་ཞོན། འཇིགས་རུང་དུས་མཐའི་ཞུགས་ལྟར་འཁྱིལ་བའི་ཀློང་། །མི་བཟད་སྟག་ཆེན་སྟེང་འགྱིང་མཐུ་སྟོབས་ཅན། །དགྲ་བགེགས་ཡལ་བར་མ་བཏང་དོན་སྙིང་གིས། །མ་ངོམས་སླར་ཡང་བརྒྱུག་པའི་རྣམ་འགྱུར་ཤོག །མཐུ་ཆེན་སྡེ་བཞི། རང་རང་གནས་ནས་མཐུ་དང་ནུས་པ་དཔུང་། །འབྱིན་ཕྱིར་ལྷ་ཀླུ་བདུད་བཙན་མི་བསྲུན་སྐུར། །(༢༤༤བ)


GLG018_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ཏེ་བསམ་སྦྱོར་ངན་འཆང་བཅོམས་ཟིན་དང་། །ཕྱིར་རྩོམ་ནང་ཁྲོལ་དྲོན་མོ་ཧུབ་ཀྱིས་ཐོབ། །ཕུར་པ་མཐོང་བ་ཙམ་གྱིས་ཞི་ཁྲོ་མ་ལུས་པས། །བྱིན་ཆེན་ཉེར་སྩོལ་རྡོ་རྗེ་གཞོན་ནུ་ཆེས། །གནོད་བྱེད་གདོན་བགེགས་འབྱུང་པོ་རྩ་སྦུར་མེར། །བསྲེགས་པ་ཇི་བཞིན་འཕྲིན་ལས་ཉེ་བར་སྒྲུབས། །མེ་རླུང་མི་བཟད་འཕྱོ་བའི་ཀློང་དཀྱིལ་ནང་། །དཀར་བདུད་ཟབ་གཏེར་སྐྱོང་བའི་ཚོགས་རྣམས་ལ། །མཆོད་གཏོར་ནམ་མཁའ་མཛོད་ཀྱི་སྒོ་འཕར་བརྒྱ། །འབྱེད་དོ་ཁམས་གསུམ་སྐྱེ་རྒུ་དབང་དུ་སྡུས། །རྡོ་རྗེ་གྲོ་ལོད། གསེར་ཞུན་རྡོ་རྗེ་མེ་འོད་ཕྱོགས་བཅུ་རུ། །སྤྲོས་ནས་རྒྱལ་བསེན་དམ་སྲི་མ་རུངས་སྡེ། །བསྲེགས་དང་ཆབས་ཅིག་གནམ་ལྕགས་ཕུར་བུའི་དཔལ། །དགྲ་སྙིང་ཚལ་པར་འགེམས་མཛོད་རིགས་ཀུན་བདག །ཆེ་མཆོག་ཡང་གསང་། གནོད་བྱེད་བདུད་བཞིའི་སྙིང་ག་ཐལ་ཕྱུང་དུ། །ཉེར་ཕུག་མཆོག་ཐུན་དངོས་གྲུབ་མཐའ་ཀླས་ལས། །སྣ་ཚོགས་བྱིན་ཆེན་ཕབ་པས་བགེགས་དཔུང་རྣམས། །མིང་གི་ལྷག་མར་མཛོད་ཅིག་ལྷག་པའི་ལྷ། །རྟ་མགྲིན་ཁམས་གསུམ་ཟིལ་གནོན། སྨོན་ལམ་ལོག་པར་སྨིན་པའི་དགྲ་བགེགས་ཀྱི། །ཚེ་བསོད་མངའ་ཐང་སྟོབས་འབྱོར་བཅོམས་པ་དང་། །ལྷན་ཅིག་བན་བོན་སྔགས་པའི་རྦོད་གཏོང་བྱད། །རང་གཤེད་ཕོབ་ལ་རྣམ་ཤེས་ཆོས་དབྱིངས་དྲོངས། །ལོག་ཏྲི། གཏུམ་དྲག་དམར་ཟླུམ་སྤྱན་སྡང་དགྲར་གཟིགས་མོད། །སྡེ་བརྒྱད་དམག་ཚོགས་(༢༤༥ན)


GLG018_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

རྐན་སྒྲ་ཏོག་བཞིན་པས། །གཟུགས་ཅན་རང་གཤེད་ཕོབ་ལ་འབྱུང་པོ་ཀུན། །རྗེས་མེད་ཐལ་བར་རློག་ཅིག་དྲང་སྲོང་ཆེ། །ཐང་ལྷ། སྐུ་ལྷ་ཆེན་པོ་རྡོ་རྗེ་འབར་བ་རྩལ། །རྣམ་སྤྲུལ་བརྒྱད་སོགས་མངག་གཞུག་བཅས་པ་ཡིས། །སྨྱོ་འདྲེ་རྒྱལ་འགོང་དམ་སྲི་ལ་སོགས་པ། །ལོག་པར་འཁུ་བའི་ཚོགས་ཀུན་སླར་ཡང་ཆོམས། །ཁྱབ་འཇུག །སྲིད་གསུམ་དཀར་ནག་ལས་རྣམས་ཅིག་ཅར་དུ། །ཉེར་གཟིགས་སྤྱན་སྟོང་སྡང་མིག་ཕྱོགས་ཀུན་ཏུ། །གཟིགས་ཏེ་བརྣག་པའི་དགྲ་སྡེའི་མི་དང་ནོར། །རྗེས་མེད་རླུང་ལ་སྐུར་ཞིག་རཱ་ཧུ་ལ། །རྒྱལ་མཚན། ལི་བྱིན་ཧ་ར་ཡ་བ་སྐྱ་བདུན་སོགས། །སྡེ་བརྒྱད་ཡོངས་ཀྱི་རྗེ་བོ་བྲན་འཁོར་དམག །དགྲ་ཡུལ་དྲངས་པའི་སྔར་བཅོལ་གཏང་རག་དང་། །སླར་ཡང་རྣམ་བཞིའི་འཕྲིན་ལས་མཐའ་དག་སྒྲུབས། །རྡོར་ལེགས། རབ་ལྕི་རྡོ་རྗེའི་ཐོ་བས་དགྲ་བགེགས་མགོ། །ཕྱེར་བཏགས་སྦུད་མཆུའི་རླུང་གིས་སྦར་བའི་མེས། །ལུས་མེད་བསྲེགས་པས་ལྷག་མ་ཙམ་དུ་ཡང་། །མ་རྙེད་གཏང་རག་ཚོགས་མཆོད་རྒྱ་མཚོ་སྤེལ། །ཞིང་སྐྱོང་། གནོད་བྱེད་སྟེང་འོག་ཕྱོགས་མཚམས་གར་གནས་ཀྱང་། །སྐད་ཅིག་རྫུ་འཕྲུལ་ཤུགས་ཀྱིས་ཡོངས་བགྲོད་དེ། །གཟུགས་བྱང་མིང་རུས་ཡི་གེར་བྲིས་པ་རྣམས། །ལྷག་མེད་མགུར་དུ་འདྲིལ་ལོ་མཁའ་འགྲོའི་གཙོ། །འཇིགས་བྱེད། ས་འོག་རིམ་བདུན་གནས་ནས་ལུས་ཅན་གྱི། །སྲོག་དབུགས་འཕྲོག་པའི་གཉེན་པོ་མ་ཧེའི་ཞལ། །དགྲ་བགེགས་སྡེར་བཅས་གཡུལ་ལས་རྒྱལ་བའི་རྔ། །སྲིད་རྩེར་བརྡུང་མཛད་མཐའ་ཡས་རྫུ་འཕྲུལ་(༢༤༥བ)


GLG018_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཕྱག་དྲུག་པ། མི་བསྲུན་ཞི་བས་འདུལ་བར་མ་ནུས་པར། །གཟོད་དཀའི་ཁྲོ་གཏུམ་སྐུར་བཞེངས་མྱུར་མཛད་མགོན། །ལྕམ་དྲལ་འཁོར་བཅས་ལས་བསྒྲུབས་བཏང་རག་ཚོགས། །ཕུལ་བས་རྒྱུད་འཁུལ་མ་ཡེངས་བྱ་ར་མཛོད། །རྣམ་སྲས་གང་འདོད་ཡིད་བཞིན་སྐོང་ལ་གཡོ་མེད་ཀྱང་། །བསྟན་པ་སྲུང་ཕྱིར་བྱུ་རུའི་ལྷུན་པོ་ལ། །ཉི་མས་འཁྱུད་འདྲའི་དྲག་ཤུལ་གར་བསྒྱུར་ཏེ། །ལོག་བལྟ་ཕབ་ཚིམ་ད་དུང་རིངས་པར་བརྒྱུ། །ལས་གཤིན། དུག་གསུམ་ཆེས་ཆེར་རྒྱས་པའི་དམར་པོའི་སྙིང་། །རབ་ཕྱུངས་ལྡང་དུ་མེད་པའི་ལེགས་འབུལ་དང་། །སླར་ཡང་ཤར་བའི་དགྲ་བགེགས་དཔུང་གི་ཚོགས། །རིམ་བདུན་ས་འོག་འཇིགས་པའི་ས་རུ་སྐྱོལ། །དམག་ཟོར། ཚངས་པའི་བུ་མོ་ངག་དབང་སྟེར་མཁས་མ། །དགྲ་སྡེའི་གཤེད་དུ་ཤ་ཁྲག་སྲོག་དབུགས་ཀྱི། །ཟས་ཟོས་པགས་རློན་གྱོན་ཀྱང་བདེ་སྟོང་གི །རྩེད་འཇོ་རྒྱ་ཆེར་བསྟན་ཁྱོད་མཆོད་ཚོགས་ལོང་། །དུང་སྐྱོང་དང་བསྟན་མ། དཔལ་གྱི་ལྷ་མོ་བསྟན་མ་བཅུ་གཉིས་ཀྱིས། །བསིལ་ལྡན་ལྗོངས་འདིར་ལེགས་ཚོགས་མཐའ་ཀླས་པ། །སྤེལ་བའི་གཏང་རག་མཆོད་སྤྲིན་ཉེར་སྤྲོ་ན། །སླར་ཡང་ཉིན་མཚན་དུས་དྲུག་མེལ་ཚེ་མཛོད། །གུར། སྟུག་པོ་བཀོད་ཞིང་གནས་ནས་མ་རུངས་དཔུང་། །འདུལ་ཕྱིར་མི་སྡུག་གར་དགུའི་ཉམས་ལྡན་པའི། །སྤྲུལ་སྟོབས་བཀྱེ་སྟེ་དགྲ་སྡེ་ཆམ་ཕབ་པའི། །གཏང་རག་དུས་སུ་འབུལ་ལོ་ཐུགས་དམ་སྐོངས། །ཞལ། རི་བོ་མཆོག་རབ་གླིང་བཞི་གླིང་ཕྲན་དང་། །གནོད་བྱེད་ཕོ་མོ་འདམ་ལྟར་བརྫིས་པའི་སྟེང་། །དྲག་ཁྲོས་ལེགས་(༢༤༦ན)


GLG018_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དབང་པོའི་གྲི་གུག་གིས། །ཤ་རུས་གཏུབས་པ་ཐོད་ནང་ཕྱུར་བུར་སྤུངས། །པུ་ཏྲ། གནོད་སྦྱིན་ཡབ་ཡུམ་པུ་ཏྲ་མིང་སྲིང་གསུམ། །རུ་འདྲེན་སྡེ་བཞི་སྣང་སྲིད་དྲེགས་པའི་འཁོར། །རིངས་སྟབས་ཚུལ་གྱི་དགྲ་སྲོག་རབ་འཕྲོག་པའི། །འདོད་དོན་རེ་འབྲས་འབད་མེད་ལྷུན་གྲུབ་མཛོད། །བེག་ཙེ། དུར་ཁྲོད་རྔམ་བརྗིད་རོལ་བའི་ཕོ་བྲང་ཆེར། །བེག་ཙེ་ལྕམ་དྲལ་སྲོག་བདག་གྲིི་ཐོགས་གིང་། །བཤན་པ་སྟོང་སྡེ་བཅས་པས་ལོག་ལྟའི་རི། །ཕྱེར་བཏགས་མཉེས་མཆོད་བསྟབ་པོ་སླར་ཡང་སྒྲུབས། །ཤིང་བྱི་ཧོར་ཟླ་བཅུ་གཉིས་པར་སྲི་གཅོད་འབུམ་པ་བསྐོར་བར་སྡེ་པ་སངས་རྒྱས་རྒྱ་མཚོ་བཏེག་སྐབས་གུང་ཐང་མཆོད་ཁང་དུ་སྙན་ཤལ་ཕུལ་པའི་ཁ་བྱང་འདོད་དགུའི་དཔལ་སྟེར། གུང་ཐང་ཐུབ་ཆེན། རྒྱུན་ཆད་མེད་པའི་ཐུགས་རྗེ་ཡིད་ཅན་ལ། །ཉེར་འཇུག་ཐུབ་དབང་སྟོབས་བཅུ་མངའ་བ་ཡིས། །ཆེར་སྙིགས་ལྔ་བདོའི་འགྲོ་ཀུན་རྣམ་མཁྱེན་སར། །འདྲེན་པའི་དམ་བཅའ་དེང་གསལ་མཐུ་དང་བསྐུལ། །ཞལ་གི་སྐུ་བརྙན། འདི་ནང་ཆོས་བརྒྱད་ཀློང་ཆེན་རབ་འཁྲུགས་དང་། །ནམ་ཡང་མི་འགྲོགས་ཆགས་བྲལ་ཚངས་སྤྱོད་སྟེང་། །རྣལ་འབྱོར་དབང་ཕྱུག་བརྟུལ་གཟུགས་སྨན་ཆབ་ཀྱིས། །ལས་ཉོན་ནད་བརྒྱའི་དུག་གཞིལ་གཡུ་བྲག་པ། །ཟུར་ཆེན་འཇམ་དབྱངས་བླ་མའི་དངུལ་གདུང་། ཆོས་ཉིད་ཞི་བས་དབྱིངས་ནས་མི་འགྱུར་རྟེན། །ཆུ་ཤེལ་ལྷུན་པོ་སྟོན་མཚན་འོད་དཀར་ཅན། །བྱེ་བས་བྱུགས་ལྟར་རྣམ་དཀར་ཆེར་བསྐྲུན་མཐུས། །སྐྱེ་བར་འབྲལ་མེད་རྗེས་གཟུང་པདྨ་དབང་། །གཏུམ་(༢༤༦བ)


GLG018_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་རོལ་པའི་དུར་ཁྲོད་ཀྱིས་མཚོན་པར། །ཡོངས་རྒྱུ་བསྟན་སྲུང་དབང་པོ་དཔལ་ལྡན་མགོན། །ཡབ་ཡུམ་བཀའ་སྡོད་བྱ་རོག་གདོང་ཅན་བཅས། །སྤྱོན་ལ་མ་ཐོགས་འཕྲིན་ལས་རྣམ་བཞི་སྒྲུབས། །ལྷ་མོ་ལྕགས་ཕུར་མ། གདོད་ནས་ཡོངས་དག་ཀུན་ཏུ་བཟང་མོའི་ཀློང་། །ཞི་དང་ཁྲོ་བོའི་མཐའ་ཀླས་འཕྲུལ་ཆེན་གར། །ཆུ་ནང་ཟླ་གཟུགས་བཞིན་སྟོན་འདོད་ཁམས་མས། །བོད་ཡུལ་སྐལ་ངན་མི་མཐུན་ཉེར་འཚེ་གཞིལ། །ཡང་དགོན་རྒྱལ་ཁང་། སྡེ་དཔོན་སུམ་ཅུའི་གཙོ་བོ་དཀོར་སྲུང་ཆེ། །ལི་བྱིན་ཧ་ར་མཆེད་ལྔ་སྤྲུལ་ཡུམ་བློན། ཁྱད་པར་དགྲ་ལྷ་རྡོ་རྗེ་གྲགས་ལྡན་གྱིས། །དུས་ཀྱི་ཆད་པའི་མིང་ཡང་མི་གྲགས་མཛོད། །ཤིང་གླང་གནམ་ལོ་གསར་ཚེས་ཀྱི་དུས་ཆེན་ཐོག་དཔལ་ལྡན་དམག་དང་ཟོར་གྱི་རྒྱལ་མོ་མཆོད་པའི་ཚེ་དར་ཚོན་སྣ་ལྔའི་སྙན་དར་ཞལ་གཅིག་ལས་དུ་མར་ཤར་བའི་གར་མཁན། དཀར་མན་ཤེལ་རི་བོ་ཟླ་ཞུན་འབུམ་ཕྲག་གིས། །འཁྱུད་འདྲའི་མཛེས་སྡུག་ལང་ཚོ་དར་བབ་པ། །དུས་གསུམ་རྒྱལ་བའི་ཡུམ་མཆོག་དཔལ་ལྷ་མོ། །བདག་ཡིད་ཀུནྡ་རྩེ་དགའ་ཁོང་ནས་དགོད། །སེར། དྲན་པ་ཙམ་གྱིས་རེ་བ་མ་ལུས་པ། །སྐོང་མཛད་ཡིད་བཞིན་ནོར་འདྲའི་ལྷ་ཁྱོད་ཀྱིས། །དུས་དྲུག་གཡེལ་བ་མེད་པར་གྲོགས་མཛད་དེ། །ལུང་རྟོགས་ཚེ་དཔལ་ཡོན་ཏན་གོང་དུ་སྤེལ། །དམར། ཕུལ་བྱུང་ཐུགས་རྗེའི་ལྕགས་ཀྱུ་རབ་འབར་བས། །གང་བསམས་སྡེ་བཞིའི་ལེགས་ཚོགས་མཐའ་ཀླས་པ། །དྲི་ལྡན་པདྨར་རྐང་དྲུག་འདུ་བ་ལྟར། །ཐོགས་མེད་སྡུས་ཤིག་ཚངས་པའི་སྲས་མོ་ཀྱེ། །སྔོ། དུས་མཐའི་མེ་རླུང་འཚུབ་པའི་ཕོ་བྲང་(༢༤༧ན)


GLG018_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དབུས། ཁྲག་ཞག་མཁྲིས་ཀློང་མི་རྟའི་རོ་འཕྱོའི་ཁར། །རླུང་གི་ཤུགས་འཆང་དྲེའུ་རྟ་ཆས་ལྡན་སྟེང་། །སྲིད་གསུམ་ཟ་བྱེད་ཁྲོ་གཏུམ་སྲིན་གཟུགས་ཅན། །འདོད་པའི་ཁམས་ལ་དབང་སྒྱུར་རེ་མ་ཏཱིས། །བསྟན་འགྲོ་ཡོངས་འཚེ་ཁྱད་པར་ཕོ་བྲང་ཆེར། །ལོག་འཁུ་ཞིང་བཅུར་གྱུར་པའི་དགྲ་བགེགས་རྣམས། །སྟེང་འོག་ཕྱོགས་མཚམས་གར་གནས་དེ་དག་གི །བླ་ཚེ་སྲོག་དབུགས་དོན་སྙིང་ནང་ཁྲོལ་དང་། །ཤ་ཁྲག་རུས་ཚོགས་ཧུབ་ཀྱིས་ད་རོལ་ལ། །ནམ་མཁར་ཚད་འཛུགས་བོར་ཏེ་ལོ་ཟླ་ཞག །ཟ་མར་སྒྲོལ་པའི་དྲག་སྦྱོར་ལྷུན་གྲུབ་མཛོད། །ལྗང་། སྤྲུལ་པ་དུ་མར་བཀྱེ་ནས་རྣམ་བཞིའི་ལས། །ཇི་ལྟར་བསམས་བཞིན་རྩོལ་མེད་རང་བྱུང་དུ། །བསྒྲུབ་ལ་བ་མཆོག་གཏེར་བུམ་དབང་གི་རྒྱལ། །དཔག་བསམ་ཤིང་ལྟར་ཅི་འདོད་རེ་བ་བསྐོངས། །སརྦ་མངྒ་ལཾ།། །


previousལྕགས་ཁྱི་སེ་འབྲས་དགེ་གསུམ་ལྷ་ལྡན་བཀྲ་ཤིས་ལྷུན་པོ་རྣམས་ཀྱི་རྟེན་ལ་དབུལ་བའི་སྙན་ཤལ་ཀྱི་ཚིགས་བཅད་སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་དགོས་ཚུལ་བྱུང་བ་ལྟར་བྲིས་པ་ཕན་བདེའི་ཤིང་རྟ་སོགས།no next