Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

10 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
 
ས་བྱི་ཆོ་འཕྲུལ་མཆོད་པའི་དུས་ཇོ་ཤཱཀ །རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར། རྗེ་བཙུན་བཙོང་ཁ་པ། དུང་སྐྱོང་རྒྱལ་མོ་རྣམས་ལ་སྙན་ཤལ་ཕུལ་བའི་ཁ་ཡིག་ལེགས་བྱས་རྒྱ་མཚོའི་རླབས་འཕྲེང་།
 
  
 


10 occurrences of བྱམས་པ་གླིང་
[Clear Hits]

 
previousས་བྱི་ཆོ་འཕྲུལ་མཆོད་པའི་དུས་ཇོ་ཤཱཀ །རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར། རྗེ་བཙུན་བཙོང་ཁ་པ། དུང་སྐྱོང་རྒྱལ་མོ་རྣམས་ལ་སྙན་ཤལ་ཕུལ་བའི་ཁ་ཡིག་ལེགས་བྱས་རྒྱ་མཚོའི་རླབས་འཕྲེང་།next

ས་བྱི་ཆོ་འཕྲུལ་མཆོད་པའི་དུས་ཇོ་ཤཱཀ །རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར། རྗེ་བཙུན་བཙོང་ཁ་པ། དུང་སྐྱོང་རྒྱལ་མོ་རྣམས་ལ་སྙན་ཤལ་ཕུལ་བའི་ཁ་ཡིག་ལེགས་བྱས་རྒྱ་མཚོའི་རླབས་འཕྲེང་།


GLG018_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ས་བྱི་ཆོ་འཕྲུལ་མཆོད་པའི་དུས་ཇོ་ཤཱཀ །རང་བྱོན་ལྔ་ལྡན་བྱམས་པ་ཆོས་འཁོར། རྗེ་བཙུན་བཙོང་ཁ་པ། དུང་སྐྱོང་རྒྱལ་མོ་རྣམས་ལ་སྙན་ཤལ་ཕུལ་བའི་ཁ་ཡིག་ལེགས་བྱས་རྒྱ་མཚོའི་རླབས་འཕྲེང་།ལྷར་ཇོ་བོ་རིན་པོ་ཆེར་བཅས་འགྲོ་བའི་ཚངས་གནས་འདབ་སྟོང་རྩེར། །བཀྲ་ཤིས་འཁོར་ལོའི་ཞབས་པད་ཟེའུ་འབྲུ། །ཕན་བདེའི་རྐང་དྲུག་བཞད་ཕྱིར་གཡུར་ཟ་བ། །ཉི་མའི་གཉེན་དང་དབྱེར་མེད་སྣང་བརྙན་དྲུང་། །ཟླ་ཤེལ་ཐགས་སུ་གྲུབ་པ་ཀ་ཤི་ཀ །བྱེད་པོས་ངོ་མཚར་རི་མོའི་ཕྲེང་བཀོད་འདི། །ཕུལ་བས་གནས་སྐབས་དོན་ཀུན་ལེགས་འགྲུབ་ཅིང་། །མཐར་ཐུག་བྱང་ཆུབ་མཆོག་ལ་རེག་གྱུར་ཅིག །རྒྱལ་ཀུན་ཐུགས་རྗེ་ཆེན་པོ་ཐུགས་རྗེ་གཅིག་བསྡུས་རང་བྱོན་གྱི། །གཟུགས་སྐུའི་བྱིན་རླབས་ཉིན་མོར་བྱེད་པ་ཡིས། །ཞི་རྒྱས་དབང་དྲག་མཆོག་གི་སྒྲུབ་པ་རྣམས། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །བྱམས་པ་ཆོས་འཁོར་བྱམས་དང་བརྩེ་བའི་བསིལ་ཟེར་གྱིས། །འགྲོ་ཀུན་མི་(༢༥བ)


GLG018_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་མུན་འཛོམས་ཤིང་། །དགེ་ལེགས་སྣང་བ་རབ་རྒྱས་པའི། །ཐུགས་རྗེ་ཀུན་ལ་འཇུག་གྱུར་ཅིག །འཇམ་རྗེ་བཙུན་བཙོང་ཁ་པ་མགོན་སྒྱུ་འཕྲུལ་དྲ་བའི་གར། །སྟོན་མཛད་བློ་བཟང་གྲགས་པ་ཡིས། །བདག་སོགས་གདུལ་བྱ་མ་ལུས་པ། །ཟབ་མོའི་ལས་ལ་སྤྱོད་པར་ཤོག །དཔལ་ལྷ་མོར་དཔལ་ལྡན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །རབ་མཛེས་ལྷ་མོའི་གཟུགས་སུ་སྟོན་མཛད་པ། །སྲིད་གསུམ་བདག་མོ་དཔལ་ལྡན་དུང་སྐྱོང་མ། །འཁོར་བཅས་རྣལ་འབྱོར་བདག་ལ་ཉེར་དགོངས་ཀྱེ། །བསྟན་སྲུང་ཁྱོད་ལ་རྩེ་གཅིག་གསོལ་འདེབས་ཤིང་། །གཏན་གྱི་སྐྱབས་སུ་གསོལ་བའི་རིག་པ་འཛིན། །བདག་ཅག་འཁོར་དང་བཅས་པའི་གནས་སྐབས་ཀྱི། །འདོད་པའི་དོན་ཀུན་ལྷུན་གྱིས་འགྲུབ་པར་མཛོད། །ཁྱད་པར་ནད་གདོན་ཐམས་ཅད་རབ་ཞི་ཞིང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རྒྱས། །ཁམས་གསུམ་དབང་སྡུད་དགྲ་བགེགས་འཇོམས་པ་ཡི། །ཐུན་མོང་དངོས་གྲུབ་མ་ལུས་འགྲུབ་པ་དང་། །ངེས་དོན་གསང་ཆེན་རྡོ་རྗེའི་ཐེག་པ་ཡི། །སྔར་ཕྱིར་འགྱུར་བའི་ཟབ་མོ་ཆོས་ཚུལ་རྣམས། །བཤད་དང་བསྒྲུབ་ཅིང་སྤེལ་བར་སྨོན་པ་དག །འབད་མེད་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །ས་བྱི་སྨོན་ལམ་ཆེན་མོའི་གཏོར་རྒྱག་སྐབས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཁོག་ཞུགས་ལ་འཕྲིན་ལས་བཅོལ་བའི་སྙན་ཤལ་ཁ་ཡིག་དྲེགས་པའི་གད་རྒྱངས། རབ་དམར་བྱུ་རུའི་ལྷུན་པོ་བརྩེགས་པ་ལ། །ཉིན་བྱེད་འབུམ་གྱིས་ལེགས་འཁྱུད་རྣམ་འགྱུར་ཅན། །དཔལ་ལྡན་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཡིས། །བཅོལ་པའི་འཕྲིན་ལས་མ་ལུས་བསྒྲུབ་པ་དང་། །ཁྱད་པར་ནད་གདོན་ཀུན་ཞི་ཚེ་དཔལ་རྒྱས། །ཁམས་(༢༦ན)


GLG018_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དབང་བསྡ྄ུས་གནོད་བྱེད་དགྲ་སྡེའི་ཚོགས། །ཚར་ཆོད་མཆོག་དང་ཐུན་མོང་དངོས་གྲུབ་ཀྱི། །ལུགས་གཉིས་འདོད་པའི་དོན་ཀུན་སྒྲུབས་པར་མཛོད། །མདོར་ན་ཞི་རྒྱས་དབང་དྲག་ལ་སོགས་པའི། །འཕྲིན་ལས་ཇི་སྙེད་གཉེར་དུ་གཏད་པ་ཀུན། །ཐོགས་པ་མེད་པར་མྱུར་དུ་ལེགས་བསྒྲུབས་ནས། །མཐུན་རྐྱེན་ལེགས་ཚོགས་མ་ལུས་འཕེལ་བར་མཛོད། །ས་བྱི་ནག་པ་ཟླ་བའི་སྙན་དར་ཞལ་ཡིག་མི་འགྱུར་རྡོ་རྗེས་མཚན་པའི་སྟེགས། གསལ་སྟོང་དབྱིངས་རིག་དབྱེར་མེད་གདོད་མའི་མགོན། དགྲ་སྡེའི་གཤེད་དུ་བཤན་པ་སྟོབས་འཕྲོག་ནག །སྔགས་འཆང་དགྲ་ལྷ་མཐུ་དང་ནུས་པའི་བདག །དྲག་པོ་གཟི་ལྡན་དབང་ཕྱུག་འཁོར་བཅས་ཀྱིས། །དཀྱིལ་འཁོར་ཁྱབ་བདག་དང་པོའི་མགོན་པོ་དང་། །དབྱེར་མེད་བསོད་ནམས་བྱེ་བའི་ཕུང་པོ་མཆོག །རིགས་ལྡན་བཀྲ་ཤིས་འཁྱིལ་བ་ཀུན་ཏུ་བཟང་། །དགའ་ཆེན་བདག་ཉིད་ཧེ་རུ་ཀ་དཔལ་གང་། །འཇིག་མེད་རྡོ་རྗེའི་རང་བཞིན་བཞུ་བླུགས་ཀྱི། །ཁམས་ལས་ལེགས་པར་གྲུབ་པའི་དགའ་སྟོན་གྱིས། །གསང་ཆེན་སློབ་བཤད་བདུད་རྩི་མ་ལུས་པ། །ལོངས་སུ་སྤྱོད་པའི་སྐལ་བཟང་ཐོབ་པར་མཛོད། །ཐུབ་བསྟན་འཕེལ་ཞིང་སྐྱེ་རྒུའི་ཕན་བདེ་རྒྱས། །ཁྱད་པར་བདག་གི་བསམ་པའི་འདོད་དོན་ཀུན། །མཐའ་དག་འབད་པ་མེད་པར་ལྷུན་གྲུབ་པའི། །འཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས་པར་མཛོད། །ས་བྱི་སྟོབས་ཀྱི་དབང་ཕྱུག་བསྟན་འཛིན་ཆོས་ཀྱི་རྒྱལ་པོར་དབྱར་བཞུགས་ཀྱི་གཞིས་འདམ་ཐང་ཕྲོག་བསམ་འགྲུབ་བདེ་(༢༦བ)


GLG018_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱི་མཁར་ལས་ཚུགས་སྐབས་བར་ཆད་མི་འཇུག་པའི་ཆེད་དུ་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཐང་ལྷ་རྡོ་རྗེ་འབར་བ་རྩལ་ལ་འཕྲིན་ལས་བཅོལ་སྐབས་ཕུལ་བའི་སྙན་དར་ཁ་ཡིག་ས་དབང་བཞེད་དོན་ལྷུན་གྲུབ། ཀཻ་ལ་ཤ་ཡི་ས་འཛིན་རབ་མཐོའི་སྤོར། །ཆུ་འཛིན་འཇའ་རིས་ཁོར་ཡུག་ལྡིང་ཁང་དབུས། །ཁྲོ་ཆགས་ཉམས་ཅན་ལྷ་མཆོག་དྲི་ཟའི་རྒྱལ། །དཔལ་ལྡན་རྡོ་རྗེ་འབར་རྩལ་འཁོར་བཅས་ལ། །ཕྱི་ནང་གསང་བ་དགྱེས་པ་སྐྱེད་པའི་རྟེན། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་ཚོགས་འབུལ་ན། །དུས་གསུམ་སངས་རྒྱས་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་ཚིག་ཉེར་དགོངས་ལ། །རྒྱལ་དབང་འཇམ་དཔལ་སྙིང་པོའི་བསྟན་རྒྱས་ཤིང་། །དེ་འཛིན་ས་དབང་བཞེད་དོན་ལྷུན་གྱིས་གྲུབ། །ནོར་འཛིན་ཁྱོན་ཀུན་ཕན་དང་བདེ་བ་ཡིས། །ཡོངས་གང་ལེགས་ཚོགས་རྒྱ་མཚོས་ཁྱབ་པར་མཛོད། །ཁྱད་པར་རིག་འཛིན་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་ཉེར་འཚེའི་ཚོགས་རྣམས་རབ་ཞི་ཞིང་། །ཚེ་དཔལ་སྟོབས་འབྱོར་ལེགས་པའི་ཡོན་ཏན་ཀུན། །ཐོགས་པ་མེད་པར་གྲུབ་པའི་གཉེར་མཛོད་ཅིག །ས་བྱི་ཧོར་ཟླ་ལྔ་པར་དཔལ་ལྡན་འབྲས་སྤུངས་ཀྱི་བྱམས་ཆེན། གཙང་ཁང་ནུབ། རྣམ་ཐར་སྒོ་གསུམ། བདེ་གཤེགས་མཆོད་རྟེན་བརྒྱད། དམག་ཟོར་མའི་བྲིས་སྐུ། ནག་པོ་སྐོར་གསུམ་རྣམས་ལ་ཕུལ་བའི་སྙན་དར་ཁ་ཡིག་ལི་ཤིའི་དྲི་བསུང་། བྱམས་བྱམས་ཆེན་པའི་ཡུལ་གྱུར་སེམས་ཅན་མ་ལུས་པ། །བྱམས་ཆོས་ཡོན་ཏན་བརྒྱད་དུ་ཉེར་བཀོད་ནས། །བྱམས་མགོན་རྒྱལ་བའི་གོ་འཕང་མངོན་གྱུར་ཏེ། །བྱམས་སེམས་དཔུང་གིས་བདུད་སྡེ་འཇོམས་པར་ཤོག །གཙང་ཁང་ནུབ་བགྲང་ཡས་སྐྱེ་རྒུའི་འདྲེན་བྱེད་མེ་ལོང་ངོས། །ངོ་མཚར་རི་མོར་ཤར་པ་སྤྲུལ་སྒྱུར་མཁན། །(༢༧ན)


GLG018_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཀཻ་ལ་ཤར་འཁུ་ལྷ་བབས་མཆོད་སྡོང་ཆེ། །དགེ་ལེགས་སྣང་བའི་དཔྱིད་དུ་དར་གྱུར་ཅིག །ལྷག་རྣམ་ཐར་སྒོ་གསུམ་བསམ་མ་ལ་ཡ་ཡི་སྐྱེད་ཚལ་ལས། །སྲབ་འཇམ་བླ་ན་དངར་བ་དྲི་བསུང་ཅན། །འགྲོ་རྣམས་སྡུག་བསྔལ་ཚ་གདུང་རབ་སིལ་བའི། །རླབས་ཆེན་སྨོན་ལམ་རླུང་གིས་འདྲེན་པར་ཤོག །ཆུ་བདེ་གཤེགས་མཆོད་རྟེན་བརྒྱད་འཛིན་གསར་པའི་འཕྲེང་བ་བསྒྲིགས་པ་ལ། །དབང་གཞུས་ལེགས་འཁྱུད་སྒྱུ་འཕྲུལ་རོལ་གར་ཅན། །བདེ་བྱེད་གྲངས་ལྡན་མཆོད་སྡོང་ཕྲེང་བ་ཡིས། །འགྲོ་བའི་བསོད་ནམས་སྤེལ་སླད་བརྟན་གྱུར་ཅིག །རབ་དམག་ཟོར་མའི་བྲིས་སྐུ་དཀར་མཛེས་སྡུག་ངག་དབང་དབྱངས་ཅན་མ། །རབ་འབྱམས་དྲག་པོའི་འཕྲིན་ལས་བསྒྲུབ་པའི་ཆེད། །རབ་འཇིགས་ཁྲོ་མོའི་སྐུར་བསྟན་དམག་ཟོར་མས། །རབ་ཏུ་དགྱེས་པས་དོན་གཉིས་སྒྲུབས་པར་མཛོད། །འཇིགས་འཇིགས་བྱེད་མེད་དཔལ་ལྡན་གཤིན་རྗེ་དུས་ཀྱི་དགྲས། །འཇིགས་བྲལ་རྡོ་རྗེ་རབ་འབར་མཐུ་སྟོབས་ཀྱིས། །འཇིགས་རུང་དགྲ་སྡེའི་ཚོགས་ཀུན་རབ་བཅོམ་ནས། །འཇིགས་བྱེད་དཔའ་བོ་གང་གི་སྐུ་ཐོབ་ཤོག །ཕྱག་མགོན་པོ་ཕྱག་དྲུག་པ་ན་པདྨོ་ཁྲོ་བོའི་སྐུར་བསྟན་པ། །ཕྱག་དྲུག་དཔལ་ལྡན་ནག་པོ་ཆེན་པོ་ཡི། །ཕྱག་གཡས་མཚོན་གྱིས་དགྲ་བོའི་སྙིང་ཕྱུང་ཁྲག །ཕྱག་གཡོན་ཐོད་པར་བླུག་སྟེ་རོལ་བར་མཛོད། །ལས་ལས་ཤིན་ཀྱི་ཤན་འབྱེད་དཔལ་ལྡན་མ་ཧེའི་ཞལ། །ལས་ཀུན་སྒྲུབ་ལ་ཐོགས་མེད་མཐུ་ལྡན་པ། །ལས་སྦྱོར་མངོན་སྤྱོད་དག་གིས་སྐུལ་བྱེད་ན། །ལས་བཞིའི་མཐར་ཐུག་མྱུར་དུ་གྲུབ་པར་མཛོད། །(༢༧བ)


GLG018_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ས་བྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དངུལ་གདུང་རིན་པོ་ཆེ། ཐུབ་པ་ཚུལ་ཁྲིམས་མ། རྡོ་རྗེ་འཇིགས་བྱེད་རྣམས་ལ་ཕུལ་བའི་སྙན་དར་ཞལ་ཡིག་བདུད་ལས་རྒྱལ་བའི་སེང་གེའི་དབྱངས། དུས་དངུལ་གདུང་གསུམ་རྣམ་འདྲེན་ཐམས་ཅད་ཀྱི། །བདག་ཉིད་འཇམ་དཔལ་སྙིང་པོའི་ཞབས། །རྨད་བྱུང་ཐུགས་རྗེ་ཆེན་པོ་ཡིས། །གྲངས་མེད་འགྲོ་ལ་དགེ་ལེགས་སྩོལ། །སྐུ་གསུམ་ཟད་པ་མེད་པའི་རྣམ་ཐར་སྒོ། །མཐའ་བྲལ་སྲིད་པར་རབ་བྱེ་ལམ་ཡངས་པོར། །ལུས་ཅན་བདེ་བར་ཁྲིད་དེ་ཞི་བའི་གླིང་། །ཀུན་མཁྱེན་ཁང་པར་འཇུག་མཛད་འདི་རྨད་བྱུང་། །ཤེས་བྱའི་རིན་ཆེན་དངས་པའི་རྩིག་ངོས་(༢༨ན)


GLG018_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བློ་གྲོས་པིར་གྱིས་མཁས་བཙུན་བཟང་པོའི་གཟུགས། །ངོ་མཚར་བཀོད་པ་རྒྱ་མཚོའི་སྒྱུ་མ་མཁན། །གྲགས་པ་སྲིད་རྩེའི་བར་དུ་ཅི་ཡང་འབར། །བརྩེ་ཆེན་སྤྱན་དཀྱུས་རིང་པོར་འཆང་བའི་རྩེར། །མཁྱེན་དཔྱོད་སྨིན་མའི་ཨུཏྤལ་ནགས་ཀླུང་གིས། །ཤེས་ལྡན་ཟླ་བ་གསར་ཚེས་ལུས་ཕྲ་མ། །དགའ་བས་ཕྱོགས་དེར་ཡང་ཡང་རྒྱུག་པ་བཞིན། །རྣམ་དཀར་འཕྲིན་ལས་དཔྱིད་ཀྱིས་ནོར་འཛིན་གཞི། །མ་བཟོད་རྔུལ་ལས་ཉལ་འགྲོའི་རྒྱུན་བབས་ཚེ། །ལྷ་ལམ་སྐྲག་སྟེ་སྟོང་པའི་རང་མདང་ནི། །ཨིནྡྲནཱི་ལའི་ཁུ་བ་བྱུགས་པ་བཞིན། །དུས་གསུམ་འདྲེན་པ་ཀུན་གྱི་མཛད་པ་དང་། །མགོན་ཁྱོད་བསོད་ནམས་ཡེ་ཤེས་ཕུང་པོའི་ཚོགས། །སྲང་ལ་གཞལ་ཚེ་ལྕི་དང་ཡང་བའི་གནས། །ཀུན་མཁྱེན་ཡེ་ཤེས་ཀྱིས་ཀྱང་རྟོགས་ནུས་མིན། །གསེར་སྦྱངས་ལས་གྲུབ་པདྨའི་སྐུད་པ་ལྟར། །ཆེས་ཕྲ་ཐགས་སུ་བསྐྲུན་པའི་གན་གོས་ཀྱི། །གཟི་འོད་མངོན་པར་འབར་བ་བཟོད་མིན་ཞེས། །རྟ་ལྗང་ཅན་དེ་ཆུ་ལྷའི་མཁའ་ལ་བྲོས། །སྲབ་འཇམ་ཨུཏྤལ་འདབ་མ་ལ་འཁུ་ཞིང་། །ཁ་དོག་བཻཌཱུར་ཞུན་མའི་ཁེངས་པ་འཕྲོག །ཕ་མཐའ་ཀུན་གསལ་ཞགས་པར་འགྲན་བཟོད་པའི། །འཆི་མེད་དབང་པོའི་རེག་བྱ་དམ་པ་འདི། །དགའ་བཞི་ལས་འོངས་བདེ་བ་ཆེན་པོ་ཡི། །དགའ་ཆེན་ཁྱབ་བདག་གོ་འཕང་བརྙེས་པའི་གནས། །དགའ་ལྡན་རྣམ་པར་རྒྱལ་བའི་གླིང་མཆོག་ན། །དགའ་སྟོན་ཆོས་སུ་ལེགས་སྤྱོད་བཙོང་ཁ་པས། །རབ་འབྱམས་དུས་གསུམ་རྒྱལ་བའི་ཡོན་(༢༨བ)


GLG018_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཀུན། །རབ་བཀྲུས་ཕ་མཐའ་དང་བྲལ་ཐུགས་ཀྱི་རྟེན། །རབ་དཀར་རིན་ཆེན་གཉིས་པ་ལས་གྲུབ་པ། །རབ་མཛེས་རྒྱལ་བ་གཉིས་པའི་མཆོད་སྡོང་ཆེར། །མི་ཕྱེད་དད་པ་མཆོག་གིས་འབུལ་བགྱིད་ན། །མི་མཐུན་བདུད་སྡེའི་གཡུལ་ལས་རབ་རྒྱལ་ཞིང་། །མི་ཟད་ཕན་བདེའི་འབྱུང་གནས་ཐུབ་བསྟན་དར། །མི་ཡི་སེང་གེའི་གོ་འཕང་ཐོབ་པར་ཤོག །དཀར་ཐུབ་དབང་འཇམ་ལྷ་རྫས་ན་བཟའ་འདི། །དཀར་གསལ་དད་པས་འབུལ་བགྱིད་ན། །དཀར་མཛེས་མཚན་དཔེས་སྤྲས་པའི་སྐུ། །དཀར་ཕྱོགས་ཟླ་ལྟར་རྒྱས་གྱུར་ཅིག །ཁྲོ་གཏམ་འཇིགས་བྱེད་མི་བཟད་ང་རོ་ཡིས། །ཁྲོ་རྔམས་ཚོགས་ཀྱང་འདར་བྱེད་པའི། །ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་མཆོག །ཁྲོ་བོའི་ཚོགས་ཀྱིས་འཕྲིན་ལས་སྒྲུབས། །ས་བྱི་སྟག་ལུང་ཕྱག་མཛོད་ངག་དབང་བཟང་སྦྱིན་གྱིས་ར་ས་འཕྲུལ་སྣང་དུ་སྙན་དར་ཕུལ་བའི་ཁ་ཡིག་དགོས་ཚུལ་ལྟར་བྲིས་པ་བཀའ་བརྒྱད་སྐྱེད་ཚལ་ཡོངས་བཞད། མཚན་ཇོ་བོ་རིན་པོ་དཔེའི་རང་བཞིན་རྒྱས་པའི་བཻཌཱུརཡ། །ཚོགས་གཉིས་ཡོལ་གོར་ལེགས་འཁྱིལ་ཕན་བདེའི་དཔྱིད། །འགྲོ་ལ་ཡེ་ཤེས་མཆོག་སྩོལ་སྒྱུ་དྲའི་གར། །སྟོན་མཛད་ཟས་གཙང་སྲས་པོའི་ཐུགས་རྗེ་ཡིས། །ངག་གི་དབང་ཕྱུག་སྐལ་བཟང་ཀུན་དགའི་དཔལ། །ལྷུན་གྲུབ་ངེས་དོན་ཆོས་ཀྱི་ལུང་རྟོགས་མཁར། །མཛད་བཟང་ཉིན་མོར་བྱེད་པས་རྣམ་གྲོལ་ཚལ། །རབ་བཞད་འདྲེན་པ་མཆོག་གི་སྡེར་གྱུར་པ། །ཐང་པའི་བཀའ་བརྒྱུད་འཆི་མེད་སྐྱེད་ཚལ་དུ། །ཞབས་པད་ཡོངས་འདུའི་ལྗོན་པ་རབ་ཏུ་བརྟན། །རྣམ་དཀར་འཕྲིན་ལས་ལོ་འདབ་(༢༩ན)


GLG018_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གཡུར་ཟ་ཞིང་། །དོན་གཉིས་འབྲས་བུའི་དཔལ་ལ་སྤྱོད་པར་ཤོག །རྒྱལ་ཐུགས་རྗེ་ཆེན་པོ་ཀུན་སྙིང་རྗེ་ཆེན་པོའི་ཟློས་གར་མཁན། །རྒྱལ་སྲས་གཞོན་ནུར་འཆར་བའི་འཕགས་མཆོག་གིས། །རྒྱལ་བའི་བསྟན་པ་ཡིད་བཞིན་དབང་གི་རྒྱལ། །རྒྱལ་མཚན་རྩེ་མོར་འབར་བའི་དགེ་ལེགས་སྩོལ། །དཔལ་དཔལ་ལྷ་མོ་ལྡན་ཉི་མའི་གཉེན་གྱི་བཀའ་སྲུང་མཆོག །དཔལ་མོའི་སྙེམས་པ་འཕྲོག་པའི་དུང་སྐྱོང་མས། །དཔལ་སྟུག་རིང་ལུགས་དཀར་ཕྱོགས་ཟླ་གཞོན་དང་། །དཔལ་གྱི་དུམ་བུ་ལྟ་བུར་རྒྱས་པར་མཛོད། །ས་གླང་གནམ་ལོ་གསར་ཚེས་ཀྱི་དུས་འདོད་ཁམས་དབང་ཕྱུག་མར་ཕུལ་བའི་སྙན་དར་ཞལ་ཡིག་ལས་བཞིའི་གཟི་འབར། ཁྱུ་མཆོག་རང་ཞལ་ངོམས་པ་གསེར་ལྡན་ཁམས། །ཕུན་ཚོགས་བགྲང་བྱ་ཐོག་མར་ཚེས་པའི་དུས། །རྨད་བྱུང་མཆོད་སྤྲིན་འཛད་མེད་ནམ་མཁའ་མཛོད། །རབ་སྤེལ་སྲིད་གསུམ་དབང་མོ་དགྱེས་བསྐྱེད་ན། །ཞྭ་སེར་ཅོད་པན་འཆང་བའི་ཆོས་སྲིད་བསྟན། །བླ་ནས་བླར་འདེགས་ཚངས་པའི་ཡུལ་སའི་རྩེར། །རབ་འབར་འཇིག་རྟེན་ཀུན་གྱི་ཕན་དང་བདེའི། །དགའ་སྟོན་གསུམ་རྩེན་མདུན་སའི་དཔལ་ཐོབ་མཛོད། །ཁྱད་པར་འཁོར་ལོའི་མགོན་ཟུང་ཞབས་པད་བརྟན། །རིགས་འཛིན་བདག་གི་བཅོལ་བའི་ཞི་རྒྱས་དབང་། །མངོན་སྤྱོད་ལས་ཀུན་ཐོགས་མེད་ལྷུན་གྲུབ་པར། །མཛོད་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ས་གླང་ནག་ཟླའི་བརྒྱད་གཏོར་དུས་མགོན་པོ་ཞལ་ལ་ཕུལ་བའི་སྙན་དར་ཞལ་ཡིག་ལེགས་ལྡན་གད་རྒྱངས། གཏུམ་ཆེན་ལེགས་ལྡན་ནག་པོ་(༢༩ན)


GLG018_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་ཤུལ་ཅན། །རྡོ་རྗེ་ནག་པོ་ཞལ་བཞི་འཁོར་བཅས་རྣམས། །དམ་རྫས་བ་ལིང་རྒྱན་ལྡན་མཆོད་གཏོར་གྱིས། །ཐུགས་དམ་གཉན་པོ་སྐོང་ངོ་ལས་ཀུན་སྒྲུབས། །ལྕགས་སྟག་ཆོ་འཕྲུལ་མཆོད་པའི་དུས་ཇོ་ཤཱཀ་རྣམས་གཉིས་རང་བྱོན་ལྔ་ལྡན་བྱམས་པ་ཆོས་འཁོར། རྗེ་བཙུན་བཙོང་ཁ་པ། མགོན་པོ་སེ་སྡོང་མ་རྣམས་ལ་ཕུལ་བའི་སྙན་དར་ཞལ་ཡིག་བསོད་ནམས་རོ་བརྒྱའི་བཅུད་འཁྱིལ། ཕན་ཤཱཀྱ་མུ་ནི་བདེའི་འབྲས་བཟང་སྨིན་པའི་རོ་བརྒྱའི་བཅུད། །ལུས་ཅན་མཐའ་དག་ལོངས་སུ་ལེགས་སྤྱོད་ལ། །ལྷུན་གྲུབ་ལེགས་ལམ་རྒྱ་མཚོའི་བཀྲ་ཤིས་ཀྱི། །ཆེས་དཀར་འགྲོ་ལ་སྩོལ་ཅིག་ཤཱཀྱའི་ཏོག །དཔལ་མི་བསྐྱོད་རྡོ་རྗེ་ལྡན་འདྲེན་མཆོག་ཉིན་མོར་བྱེད་པ་ཡིས། །དུས་ཀུན་དགེ་བའི་ཚལ་རབ་ཆེར་རྒྱས་ཤིང་། །མི་འཇིག་བཞི་ལྡན་སྦྲང་རྩིའི་བཅུད་ཆེན་པོར། །སྤྱོད་པའི་སྐལ་བ་བཟང་པོར་བདག་གྱུར་ཅིག །མིག་རང་བྱོན་ལྔ་ལྡན་སྨན་ལྟར་གནག་འཁོར་བའི་དུ༔ཁ་ཀུན། །དམིགས་མེད་སྟོང་ཆེན་དག་པས་རྒྱས་བཏབ་སྟེ། །རྟེན་ཅིང་འབྲེལ་འབྱུང་ཙམ་ལས་དོན་གཉིས་འབྲས། །འགྲོ་ལ་སྩོལ་ཅིག་འཕགས་མཆོག་འཇིག་རྟེན་མགོན། །བརྩེ་ཆེན་བྱམས་པ་ཆོས་འཁོར་ཐུགས་རྗེ་ཆེན་པོའི་རླབས། །དུས་ལས་ནམ་ཡང་མི་གཡེལ་བའི། །རྣམ་དཀར་ཡིད་བཞིན་དབང་གི་རྒྱལ། །འབད་མེད་སྩོལ་ཅིག་མི་ཕམ་མགོན། །ཨེ་རྗེ་བཙུན་བཙོང་ཁ་པ་མ་སྲིད་པའི་ནགས་ཀླུང་ན། །བསྟན་བདེའི་དྲི་བསུང་ཆེས་དངར་བའི། །མཆོད་སྤྲིན་སྒོ་འཕར་བརྒྱ་ཕྲག་རྣམས། །ཕྱེ་ཞིག་འཇམ་དཔལ་སྙིང་པོའི་ཞབས། །ཁྲག་མགོན་པོ་སེ་སྡོང་འཐུང་ལྷ་ཆེན་མཐུ་བོ་ཆེས། །མི་(༣༠ན)


GLG018_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ཕྱོགས་ཀུན་ཐལ་བར་རློགས། །བསམ་པའི་དོན་རྣམས་མ་ལུས་པ། །ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །མེ་ཕག་གི་ཇུས་འགྲོས་ལ་ཀར་སྲིད་ཀྱི་མཛད་ཁྱབ་མ་བདེ་བར་ལྕགས་སྟག་ལོ་ཟུར་འཇམ་དབྱངས་བླ་མར་མངོན་སྤྱོད་ཀྱི་ལས་སྦྱོར་མཛད་དགོས་ཚུལ་བྱུང་འདུག་པ་བཞིན་ཁམས་གསུམ་འཁྲུག་བྱེད་ཀྱི་རླུང་དམར་འཛུགས་པ་གནང་སྐབས་རྒྱབ་ཆོས་སུ་ཚེ་བདག་ནག་པོའི་རང་གཤེད་འབེབས་དགོས་ཚུལ་བྱུང་བ་ལྟར་དང་དུ་བླངས་པས་ལྕགས་ཡོས་ཟླ་བ་བཞི་པར་འབྲུག་ངག་དབང་རྣམ་རྒྱལ་དུས་ཀྱི་ཆོས་ཉིད་དུ་གྱུར་བའི་གནས་ཚུལ་ངེས་པ་བྱུང་བར། དངོས་གཞི་གུང་ཐང་ནས་གཏང་རག་བཟབ་རྒྱས་གནང་ནའང་། ཕན་བདེའི་ལེགས་བཤད་གླིང་པའི་ཚོགས་སུ་ཆོས་སྲུང་དགའ་སྟོན་གྱི་ཚེ་ཕུལ་བའི་སྙན་དར་ཞལ་ཡིག་ཡིད་སྲུབས་རྩ་བ་དྲུང་འབྱིན། འཁོར་འདས་ཕྱག་རྒྱ་ཟིལ་གནོན་དུས་དགྲའི་དབང་། །མི་བསྲུན་ལས་གཤིན་རལ་པ་ཚར་དགུ་ཅན། །སྲིད་གསུམ་དབང་སྒྱུར་དཔལ་ལྡན་རེ་མ་ཏི། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་བཅས་པར། །དུས་ཀྱི་ཆད་པའི་སྣ་དྲངས་མོན་བོད་རྣམས། །མནར་བྱེད་བདུད་བརླམ་སྒོམ་ཆེན་ཆས་བཟུང་བའི། །ར་ལུག་འབྲུག་པ་ངག་དབང་རྣམ་རྒྱལ་གྱི། །བླ་སྲོག་དམར་ཟས་སྙིང་ཁྲག་ཧུབ་དྲངས་པའི། །སྔར་བཅོལ་དྲག་སྦྱོར་གྲུབ་པའི་གཏང་རག་ཏུ། །དམར་ཆེན་གཏོར་མ་རི་བོ་ལྟ་བུར་སྤུངས། །ཁྲག་ཆངབཏུང་བ་རྒྱ་མཚོ་བཞིན་དུ་སྐྱིལ། །ཕྱི་ནང་དམ་རྫས་འབུལ་ན་དགྱེས་པར་རོལ། །གོང་དུ་འདེགས་པའི་སྔོན་འགྲོར་ལྕགས་ཡོས་ལོ་རྒྱལ་འོལ་ཡར་ཀླུང་ཕྱོགས་སུ་བཏེག་སྐབས་ཐོག་མར་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་(༣༠བ)


GLG018_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་གླིང་དུ་དངུལ་གདུང་རིན་པོ་ཆེ། ཐུབ་པ་ཚུལ་ཁྲིམས་མ།ནག་པོ་སྐོར་གསུམ་རྣམས་ལ་ཕུལ་བའི་སྙན་དར་ཁ་ཡིག་མཐོང་ཐོས་དྲན་རེག་རྣམ་གྲོལ། རྒྱལ་དངུལ་གདུང་བ་རྒྱ་མཚོའི་ཞིང་ཁམས་བྱེ་བའི་རྡུལ། །ལྷན་ཅིག་གྲུབ་པའི་རང་གཟུགས་ཟློས་གར་མཁན། །ས་ལ་ཉེར་གནས་འོག་མིན་སྟུག་པོ་བཀོད། །སྐུ་བཞིའི་དབང་ཕྱུག་མ་ལུས་འབྱུང་གནས་ཆེར། །འཇམ་མགོན་ཆུ་ཤེལ་ཞུན་མར་འཁྱིལ་བའི་ཁམས། །མཁྱེན་བརྩེའི་ཆ་ཤས་ཡོངས་རྫོགས་འོད་དཀར་གྱིས། །ཐུབ་བསྟན་ཀུནྡ་ཁོང་ནས་བཞད་བྱེད་པ། །རྒྱལ་བའི་ཏོག་གྱུར་བློ་བཟང་གྲགས་པའི་དཔལ། །སྟོབས་བཅུའི་རྩལ་གསུམ་རྫོགས་པའི་ང་རོའི་སྒྲ། །འཇིགས་མེད་གདོང་ལྔའི་རྒྱུད་ལས་ལེགས་དྲངས་གླུ །སྲིད་པའི་རྩེ་མོར་ཆེར་བསྒྲགས་སྙན་འགྱུར་གྱིས། །སྐྱེ་རྒུའི་ཕན་བདེའི་ཐོས་འཛིན་གསོས་སུ་འཇེབས། །གང་གི་མཆོད་སྡོང་རིན་ཆེན་གཉིས་པ་ལ། །ལེགས་གྲུབ་འཛམ་གླིང་འགྲོ་བའི་བསོད་ནམས་ཞིང་། །མཐོང་ཐོས་དྲན་དང་རེག་པས་མངོན་མཐོ་དང་། །ངེས་པར་ལེགས་པའི་གོ་འཕང་ལ་འགོད་པར། །སྟོང་འཁུན་སོར་མོའི་སྒྱུ་འཕྲུལ་རོལ་གར་ལས། །ཟླ་བ་ཞུན་མར་རབ་འཁྱིལ་བ་ཨཱདཪྴར། །ཐུགས་ཀྱི་རི་མོ་འཆར་བའི་ཆོ་ག་དང་། །རྫོགས་པའི་སྙན་ཤལ་ཟུང་འབྲེལ་ཕུལ་བའི་མཐུས། །རྨད་བྱུང་བསྟན་དང་འགྲོ་བའི་བདེ་སྐྱིད་ཀུན། །རྣམ་པར་འཕེལ་ཤིང་རྒྱས་པའི་ཉེར་འཚོའི་གཞིར། །ཆུ་གཏེར་ཆེན་པོའི་རླབས་ཀྱི་འཕྲེང་བ་ལྟར། །(༣༡ན)


GLG018_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་ཡེལ་བ་མེད་པར་འབྱུང་གྱུར་ཅིག །ཁྱད་པར་ནོར་འཛིན་དགའ་མའི་ལྟོ་བ་ན། །དགེ་བཅུའི་ལམ་བཟང་དར་བའི་བསིལ་ལྡན་ལྗོངས། །སྙིགས་མའི་རྒུད་པ་མ་ལུས་རབ་ཞི་ནས། །རྫོགས་ལྡན་གསར་པའི་རྩེ་དགའ་རྒོད་པར་ཤོག །བློ་ཆེན་རྒྱལ་བ་ཀུན་གྱི་ཏོག་གྱུར་པ། །སྐལ་བཟང་འདྲེན་པ་བཞི་པའི་རྒྱལ་ཚབ་མཆོག །གྲགས་སྙན་དཔལ་འབར་འཇམ་དབྱངས་བཙོང་ཁ་པའི། །རིང་ལུགས་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག །ཐུབ་དབང་ཚུལ་ཁྲིམས་མ་མཁྱེན་བརྩེ་ནུས་པའི་ཉིན་མོར་བྱེད་པ་ཡིས། །འགྲོ་ཀུན་མི་ཤེས་མུན་ལས་རྒྱལ་མཛད་པ། །ལྷར་བཅས་འགྲོ་བའི་གཉེན་གྱུར་ཤཱཀྱའི་ཏོག །དགེ་ལེགས་རྒྱ་མཚོས་ནོར་འཛིན་ཁྱབ་པར་མཛོད། །ཨིནྡྲ་འཇིགས་བྱེད་ནཱི་ལའི་ལྷུན་པོ་ལ། །མུན་པ་བྱེ་བའི་གོས་གྱོན་ཞིང་། །དུས་ཀྱི་མེ་ལྕེའི་འཕྲེང་བ་ཅན། །དཔལ་ལྡན་མ་ཧེའི་ཞལ་ཅན་གྱིས། །ཐུབ་བསྟན་འཕེལ་ཞིང་འགྲོ་བ་ཀུན། །ཕན་དང་བདེ་བའི་དཔལ་ལ་སྤྱོད། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བསམ་དོན་ལྷུན་གྱིས་གྲུབ་པར་མཛོད། །ཐུགས་ཕྱག་དྲུག་པ་རྗེའི་དབྱར་སྐྱེས་འཕྲེང་བ་ལས། །འཇིགས་རུང་ཁྲོས་པའི་གནམ་ལྕགས་ཐོག །བདུད་སྡེའི་ཀླད་པ་འགེམ་མཛད་པ། །མྱུར་མཛད་མགོན་པོས་འཕྲིན་ལས་སྒྲུབས། །ལས་གཤིན་འཆི་བདག་དུས་ཀྱི་དགྲ་(༣༡བ)


GLG018_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས། །ཀུན་མཁྱེན་འཇམ་དཔལ་སྙིང་པོ་ཡི། །རིང་ལུགས་སྲིད་མཐར་རྒྱས་པ་དང་། །མི་འགྱུར་བརྟན་པའི་འཕྲིན་ལས་མཛོད། །ལྕགས་ཡོས་འོལ་དགའ་རྫིང་ཕྱིར་འབྱོར་དུས་བྱམས་པའི་སྐུ་མེ་ཐུབ་མ་ཁྱད་མཚར། དངུལ་གདུང་། གནས་སྲུང་རྒྱལ་པོ་རྣམས་ལ་ཕུལ་བའི་སྙན་དར་ཞལ་ཡིག་ཕུན་ཚོགས་ནོར་བུའི་དཔྱ། མཁའ་བྱམས་པ་ལྟར་དག་པ་བྱམས་བརྩེའི་ཆུ་གཏེར་ཆེ། །དུས་ལས་ཡོལ་བ་མེད་པ་ཐུགས་རྗེའི་རླབས། །འཛད་མེད་ཕན་དང་བདེ་བ་ནོར་བུའི་དཔྱ། །སྩོལ་ཅིག་འཕགས་མཆོག་མི་ཕམ་མགོན་པོ་ཀྱེ། །ཤེལ་དངུལ་གདུང་དཀར་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །ལུས་ཅན་བསོད་ནམས་བསྐྲུན་པའི་མཆོད་སྡོང་ཆེ། །མཐོང་བས་དོན་ལྡན་འགྲུབ་པའི་ལྕགས་ཀྱུ་ཡིས། །འགྲོ་ཀུན་བདེ་སྐྱིད་འགུགས་པའི་ཕོ་ཉར་མཛོད། །བྱུ་རུའི་རྒྱལ་པོ་ལྷུན་པོ་བྱིན་ཟའི་ཕུང་པོ་ཡིས། །རྣམ་པར་འཁྱུད་པ་འཇིགས་རུང་སྲིན་པོའི་གཟུགས། །སྲོག་བདག་དྲེགས་པའི་རྒྱལ་པོ་པེ་ཧ་ར། །རིག་འཛིན་ཡོངས་ཀྱི་དགྲ་ལྷ་མཐུ་རྩལ་ཅན། །པདྨ་འབྱུང་གནས་སྤྱན་སྔར་ཁས་བླང་ལྟར། །བསྟན་དང་དགོན་གནས་འགྲོ་བའི་བདེ་སྐྱིད་སྤེལ། །ཁྱད་པར་རིག་སྔགས་འཆང་བ་བདག་ཅག་གིས། །འཕྲིན་ལས་རྣམ་བཞི་ལྷུན་གྱི་གྲུབ་པར་མཛོད། །ལྕགས་ཡོས་ཆོས་འཁོར་རྒྱལ་དུ་ཕྱིན་སྐབས་བྱམས་ཆེན་ལ་གོས་ཡུག་གི་སྙན་ཤལ་ཕུལ་བའི་ཁ་ཡིག་ཚོགས་གཉིས་དར་དཔྱང་མཛེས་པའི་དུང་དཀར་གཡས་འཁྱིལ། (༣༢ན)


GLG018_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་ཡི། །བླ་མེད་སྙིང་པོ་ཡེ་ཤེས་བདུད་རྩིའི་གཏེར། །གྲུབ་པའི་རང་གཟུགས་བྱམས་མགོན་ཉིན་མོར་བྱེད། །ལེགས་ལམ་འབུམ་སྡེའི་སྣང་བ་ཆེས་དཀར་ཤོག །དགེ་ཚོགས་རལ་པ་སྟུག་པོའི་ནགས་ཀླུང་ནས། །ལེགས་བྱས་ལང་ཚོ་དར་བབས་གངྒཱའི་རྒྱུན། །སྲིད་ཞིའི་རྒུད་པའི་དྲི་མ་རབ་བཀྲུས་ནས། །ཕན་བདེའི་ཁྱབ་འཇུག་ཞབས་བསིལ་སྦྲེངས་གྱུར་ཅིག །ལུང་དང་རྟོགས་པའི་འཇམ་མཉེན་འདབ་མའི་ཁ། །འཛུམ་གྱིས་བསུས་པ་བདེ་ལེགས་བྱེ་བའི་མགྲོན། །འགུགས་བྱེད་ཐུབ་བསྟན་མནྡྷ་ར་ཡི་འཕྲེང་། །ལུས་ཅན་འཆི་མེད་ཐོད་དུ་འཆིང་གྱུར་ཅིག །བློ་གསལ་འཆི་བ་མེད་པའི་ཚོགས་རྣམས་ཀུན། །བཟང་(༣༢བ)


GLG018_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བསྐལ་བར་འགྱུར་བྱེད་སྔོན་མེད་ཀྱི། །བདུད་རྩིས་རྣམ་པ་ཐམས་ཅད་མཁྱེན་པའི་སྲོག །འཚོ་བའི་གྲགས་པ་སྲིད་རྩེར་འབར་གྱུར་ཅིག །གངས་ལྡན་ར་བས་བསྐོར་བའི་ཚལ་ཆེན་པོར། །འགྲོ་ཀུན་བདེ་སྐྱིད་དཔག་བསམ་ལྗོན་ཤིང་འབྲས། །ལེགས་ལམ་ཟད་མི་ཤེས་པར་མངར་བའི་རོ། །བགྲངས་ཡས་སྐྱེ་རྒུས་ལོངས་སུ་སྤྱོད་གྱུར་ཅིག །བཀྲ་ཤིས་དགེ་མཚན་རྒྱ་མཚོར་རབ་འཁྱིལ་པའི། །དམ་པའི་ཆོས་ཀྱི་འཁོར་ལོས་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་བའི་ཁྲིམས་ལྡན་འདུས་པའི་གླིང་། །དབྱར་གྱི་ཆུ་གཏེར་ཆེ་ལྟར་འཕེལ་གྱུར་ཅིག །རྣམ་སྨིན་དཀར་པོར་གཡས་སུ་རབ་འཁྱིལ་བའི། །ཚོགས་གཉིས་དར་དཔྱངས་མཛེས་པ་ཆོས་ཀྱི་དུང་། །འགྲོ་ཀུན་རྣ་བར་ལེགས་འཇེབས་སྙན་པའི་སྒྲ །སྒྲོག་བཞིན་དགའ་ལྡན་གནས་སུ་གར་བྱེད་ཤོག །ལྕགས་ཡོས་རྒྱལ་ལྷུན་གྲུབ་དགའ་ཚལ་གྱི་དེ་ཝཱི་ཀོཊིར་དཔལ་ལྡན་ལྷ་མོའི་སྐུ་བརྙན་དོན་འགྲུབ་མར་ཕུལ་པའི་སྙན་དར་ཁ་ཡིག་རབ་དགའི་གར་གྱི་རྣམ་རོལ། ཐུན་འཚམས་གོས་ཀྱིས་རབ་ཀླུབས་མིག་སྨན་རི། །དུས་ཀྱི་བྱིན་ཟའི་ཕུང་པོ་དང་འགྲོགས་པར། །གར་དགུའི་ཉམས་དང་ལྡན་ན་གང་གི་དཔེར། །སྟོན་མཛད་དཔལ་ལྡན་འདོད་ཁམས་དབང་ཕྱུག་མ། །ཁྱོད་ཀྱིས་བསྟན་དང་འགྲོ་བའི་ཕན་བདེ་སོགས། །ལེགས་བྱས་རྒྱ་མཚོའི་རླབས་ཀྱི་འཕྲེང་བ་ཅན། །ནམ་ཡང་དུས་ལས་ཡོལ་མེད་འཕྲིན་ལས་ཀྱིས། །སྔོན་མེད་གསར་པའི་རྒྱ་མཚོ་རྒྱས་པར་མཛོད། །ཁྱད་པར་བདག་གི་ཞི་རྒྱས་དབང་ལ་སོགས། །ལེགས་སྒྲུབས་(༣༣ན)


GLG018_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་གར་གྱི་རྣམ་རོལ་ཅིང་། །མངོན་སྤྱོད་གནམ་ལྕགས་འབར་བའི་རྡོ་རྗེ་ཡིས། །ལོག་འདྲེན་བྲག་རི་ཕྱེ་མར་འཐག་པར་མཛོད། །ལྕགས་ཡོས་རྒྱལ་དུ་སླེབས་ཐོག་གནས་ཆུང་ནས་ཆོས་རྒྱལ་ཆེན་པོས་འཕྲིན་ཡིག་རལ་གྲི་བཀུག་པ་དང་བཅས་ཏེ་ཕོ་ཉ་མངགས་ནས་བསྟན་སྲིད་ལ་ལོག་པར་འཁུ་བའི་དགྲ་བོ་ཞིག་ཚེའི་འདུ་བྱེད་བཀུམ་ཡོད་པས་རྟགས་མཚན་འདི་རྣམས་དགའ་ཚལ་གྱི་ཚེར་ཕུང་རྩ་བར་སྐྱོལ་ལ་གཏང་རག་ཐོང་གསུང་བ་བཞིན་དབྱུག་གུ་ཟླ་བའི་ཚེས་བརྒྱད་ལ་བཏང་བའི་དུས་ཀྱི་སྙན་དར་ཁ་ཡིག་གཏུམ་དྲག་བཤན་པའི་གད་རྒྱངས། རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་པ་ཀུན། །ཟིལ་གནོན་གཤིན་རྗེ་གཤེད་པོའི་རྣམ་རོལ་ཅན། །སྲིད་གསུམ་དབང་སྒྱུར་དཔལ་ལྡན་རེ་མ་ཏི། །བསྟན་སྲུང་དམ་ཅན་རྒྱ་མཚོའི་དཔུང་གི་ཚོགས། །དམར་ནག་མདོག་ཅན་འཇིགས་སུ་རུང་བའི་གདོང་། །ཉ་རྒྱས་ཟླ་དཀྱིལ་འོད་ལ་ཅོ་འདྲི་ཞིང་། །རབ་དཀར་མཆེ་བ་མཛེས་ངོམ་འཛུམ་དང་བཅས། །དགྲ་བོའི་དོན་སྙིང་དམར་པོ་ལག་ཏུ་ཐོགས། །རྣམ་པར་རྒྱལ་བའི་རུ་མཚོན་འཕྱར་བཞིན་དུ། །དམ་ཉམས་ཐལ་བར་བརླག་ཅེས་ཁུ་སྒྲ་དང་། །བཅས་ཏེ་སྲུང་མ་ཀུན་འདུའི་སྒྲུབ་ཁང་ན། །རྣམ་འགྱུར་གར་གྱི་བྲེལ་བ་འདི་རྨད་བྱུང་། །སྔར་བཅོལ་བསྒྲུབས་པར་གཏང་རག་གཉན་པོ་དང་། །ད་འཆོལ་ལས་ཀུན་སྒྲུབ་པར་བྱེད་པའི་རྟེན། །འདུལ་ན་བསྟན་སྲུང་དྲེགས་པའི་དམག་གི་ཚོགས། །ཐོགས་མེད་གནས་འདིར་བྱོན་ལ་དགྱེས་རྒུར་རོལ། །ལྕགས་ཡོས་བསམ་ཡས་མཆིམས་ཕུར་སླེབས་སྐབས་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོས་ནུ་བོ་ཚེ་དཔལ་བའི་དོན་དུ་སློབ་དཔོན་(༣༣བ)


GLG018_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་སྐུ་བསྙན་ལོ་ཆེན་བཻ་རོའི་ཕྱག་བཟོ་ཁྱད་མཚར་ལ་སྙན་དར་ཕུལ་བའི་ཁ་ཡིག་ཀུན་ཕན་སྲིད་ཞིའི་གདུང་སེལ། རིག་འཛིན་གཙོ་བོ་རྡོ་རྗེ་ཐོད་འཕྲེང་གི །རྨད་བྱུང་སྒྲུབ་གནས་གསུང་གི་ཡང་དབེན་གྱི། །སྐུ་བརྙན་ཡེ་ཤེས་སེམས་དཔའ་དངོས་བཞུགས་པར། །ལྷ་རྫས་སྙན་ཤལ་ཕུལ་བའི་དགེ་ཚོགས་མཐུས། །ལྔ་པའི་ལམ་གྱུར་ཚེ་རིངས་དཔལ་འབྱོར་གྱིས། །ལས་ཉོན་སྡིག་སྒྲིབ་ཐམས་ཅད་ལེགས་དག་ནས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །ཐོགས་མེད་སྐྱེས་ནས་ཆོས་ལ་སྤྱོད་པར་ཤོག །ཤུལ་ཏུ་མཆིས་པ་རྣམས་ལ་ནད་གདོན་བགེགས། །དུས་མིན་འཆི་སོགས་བར་ཆད་ཀུན་བཅོམ་སྟེ། །འཆི་མེད་པདྨའི་ཐུགས་རྗེས་ཚེ་འཕེལ་ཞིང་། །བསོད་ནམས་རབ་རྒྱས་འདོད་དོན་འགྲུབ་གྱུར་ཅིག ། བསམ་ཡས་མཆིམས་ཕུའི་ཨོ་རྒྱན་ཆེན་པོའི་སྐུ་བརྙན་བཻ་རོའི་ཕྱག་བཟོ་མར་ཕུལ་པའི་སྙན་དར་ཞལ་ཡིག་བདེ་ཆེན་དཔལ་འབར། རྒྱལ་ཀུན་གསང་བ་གསུམ་གྱིས་ཟློས་གར་མཁན། །མཚོ་སྐྱེས་ཚེ་དབང་རིག་འཛིན་ཐོད་འཕྲེང་གིས། །བསྟན་འགྲོའི་ཕན་བདེ་མ་ལུས་རྒྱས་པ་དང་། །བདག་ཅག་བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །ཆུ་འབྲུག་གོང་དུ་འདེགས་པའི་ལམ་ཞོར་འདམ་བསམ་འགྲུབ་བདེ་ཆེན་དུ་བསྡད་སྐབས་ཧོར་ཟླ་བཞི་པའི་ཚེས་བཅུ་དགུའི་ཉིན་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་གཉན་ཆེན་པོ་ཐང་ལྷར་གསོལ་མཆོད་དང་བཅས་ཕུལ་པའི་དར་ཚོན་སྣ་ལྔའི་སྙན་དར་ཞལ་ཡིག་ལས་ཀུན་འགྲུབ་པའི་འདོད་འཇོ། ཕུན་དཀར་པོ་ཚོགས་ལང་ཚོའི་དཔལ་ལྡན་ཟླ་བཞིན་ཅན། །གར་དགུའི་ཉམས་ཀྱིས་རོལ་པའི་སྒྱུ་འཕྲུལ་གཟུགས། །ལྷ་ཡི་ལམ་ལ་དབང་པོའི་གཞུ་རིས་ལྟར། །རྣམ་བཀྲ་ལྷ་མཆོག་དྲི་ཟའི་རྒྱལ་པོ་ལ། །(༣༤ན)


GLG018_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དཀར་པདྨའི་འདབ་མ་བྱེད་པོ་ཡིས། །རབ་མཛེས་ཐགས་སུ་བསྐྲུན་པ་ལྷ་ཡི་གོས། །རབ་མཉེན་ལྷབ་ལྷུབ་སྙན་ཤལ་ཕུལ་བ་ཡིས། །རབ་འབྱམས་ཞི་བའི་འཕྲིན་ལས་ལྷུན་གྲུབ་མཛོད། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ་འགྲན་པ། །ཀུན་དགའི་དཔལ་སྟེར་ཉི་མའི་གཟི་བརྗིད་ཀྱང་། །ཀུན་ནས་འཕྲོག་བྱེད་མཚམས་སྤྲིན་མདངས་འཛིན་ལྟར། །ཀུན་བཟང་སྤྲུལ་པ་ཁྱེད་ལ་འབུལ་བགྱིད་ན། །མི་སེར་པོ་འགྱུར་སེང་གེའི་གདན་ལ་ཀུན་དགའི་དཔལ། །མ་ལུས་དཀྱིལ་འཁོར་ཀུན་གྱི་མགོན་པོ་ཟུང་། །མུ་མཐའ་བྲལ་བ་སྐལ་པ་རྒྱ་མཚོའི་བར། །མི་གཡོ་རྡོ་རྗེ་ལྟ་བུར་བརྟན་པར་མཛོད། །དབང་དམར་པོ་ཕྱུག་བརྒྱད་ཀྱི་ཡོན་ཏན་ཕུང་པོ་ལ། །དབང་དུ་ལེགས་སྒྱུར་མཐུ་སྟོབས་ནུས་པའི་བདག །དབང་གིས་རྒྱལ་པོ་ལྟ་བུར་རེ་སྐོང་བ། །དབང་དྲག་ལས་མཛད་ལྷག་པའི་ལྷ་མཆོག་ལ། །རེག་འཇམ་བདེ་སྟེར་བདེ་ལྡན་ལྷ་ཡི་གོས། །ཁ་དོག་རབ་དམར་རབ་འབྱམས་མཆོད་པའི་རྫས། །རྒྱ་ཆེར་ལེགས་སྤེལ་ལེགས་པའི་ཕུན་ཚོགས་ཀུན། །ཐོགས་མེད་དབང་དུ་དབང་གི་ལས་ཀྱིས་སྒྲུབས། །སྔོན་པོ་ལྷ་རྫས་གནམ་སྔོན་བཞུན་མར་འཁྱིལ་འདྲའི་མཚོར། །རབ་དཀར་ཡིད་ཀྱི་གཉིས་སྐྱེས་ལུས་དཀར་ཅན། །མཆོད་བསྟོད་མགྲིན་པའི་རྫ་རྔ་ལེགས་བརྡུང་ཞིང་། །སྤྱན་གཟིགས་ཕུར་ལྡིང་རྩེ་འཇོར་རྣམ་རོལ་ན། །ཡང་ཡང་མཆོད་ཅིང་བསྟོད་པས་མཉེས་བྱས་ཤིང་། །འགྲིག་འགྲིག་ཚིགས་ཙམ་ལྷུར་ལེན་མ་ཡིན་(༣༤བ)


GLG018_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པར། །དུང་དུང་སྙིང་ནས་བསྟེན་ཅིང་མཆོད་བྱེད་ན། །འཇིགས་འཇིགས་དྲག་པོའི་ལས་ཀུན་ཐོགས་མེད་སྒྲུབས། །ལྗང་གུ་མར་གད་མདངས་ཀྱི་རིན་ཆེན་རྩིག་པའི་ངོས། །སྡེ་བཞིའི་གཟུགས་བརྙན་བརྒྱ་ཕྲག་རབ་འཆར་བ། །མ་འདྲེས་སོ་སོར་རབ་རྟོགས་སྒྱུ་མ་མཁན། །རིག་པའི་རྩལ་འདི་ཧ་ནུ་མནྠ་བཞིན། །ཀུན་རྟོགས་པིར་གྱིས་བྲིས་འདྲའི་སྣང་བརྙན་ལ། །དབང་གཞུའི་གུར་ཁང་ལྟ་བུའི་མདངས་བཀྲག་ཅན། །སྤང་ལྗོངས་གོས་སུ་ཀླུབས་ལ་ཅོ་འདྲི་བའི། །མཉེན་འཇམ་དར་ལྗང་སྙན་ཤལ་འདི་ཕུལ་བས། །ལྷ་ཆེན་མཐུ་སྟོབས་ནུས་པ་ཡིད་བཞིན་ནོར། །མཆོད་བསྟོད་རྒྱལ་མཚན་རྩེ་མོར་རབ་བཀོད་པས། །མཆོག་དང་ཐུན་མོང་དངོས་གྲུབ་འདོད་པའི་དོན། །བསམ་པ་ཇི་བཞིན་ལྷུན་གྱིས་གྲུབ་པར་མཛོད། །གོང་དུ་འདེགས་ཤུལ་ཧོར་ཟླ་བཞི་པའི་གནམ་གང་གི་ཉིན་གླང་ལིང་ལར་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་བདུད་མགོན་སེང་གེའི་གདོང་ཅན་དང་གནོད་སྦྱིན་ཙེའུ་དམར་པོ་གཉིས་ཀྱི་གསོལ་མཆོད་བཙུགས་སྐབས་བདུད་མགོན་ལ་ཁ་བཏགས་མཐིང་ཁྲ་དང་རྩེའུ་དམར་བར་དར་ཚོན་སྣ་ལྔ་ཕུལ་བའི་སྙན་དར་ཁ་ཡིག་དངོས་གྲུབ་རྒྱ་མཚོའི་གཏེར། ཞིང་འདིར་ཐུབ་དབང་བསྟན་པ་སྲུང་བ་དང་། །ཞིང་བཅུའི་དམ་ཉམས་དགྲ་བགེགས་སྒྲོལ་བའི་ཕྱིར། །ཞིང་ལྤགས་ལ་སོགས་དྲག་པོའི་ཆས་ལྡན་པ། །ཞིང་སྐྱོངས་དབང་པོས་འཕྲིན་ལས་མ་ལུས་སྒྲུབས། །བསྟན་ཁ་བཏགས་དཀར་པོ་དང་བསྟན་ཁ་བཏགས་མཐིང་ཁྲ་འཛིན་ཆོས་སྲིད་འབྱོར་པའི་སྡེར། །གནོད་བྱེད་བདུད་རིགས་དམ་ཉམས་དགྲ་བགེགས་དང་། །བདག་སོགས་རྣམས་ཀྱི་ནད་(༣༥ན)


GLG018_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བར་ཆད་ཀུན། །མ་ལུས་ཞི་བའི་འཕྲིན་ལས་མཛད་དུ་གསོལ། །དར་སེར་ཐོས་བསམ་སྒོམ་སོགས་རྣམ་དཀར་བྱ་བ་དང་། །ཚེ་དཔལ་བསོད་ནམས་སྟོབས་འབྱོར་ལེགས་ཚོགས་རྣམས། །ཡར་ངོའི་ཟླ་བ་ལྟར་བུར་རབ་འཕེལ་བ། །རྒྱས་པའི་འཕྲིན་ལས་མ་ལུས་སྒྲུབས་པར་མཛོད། །ཁྱད་པར་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས་། །ཕུལ་བྱུང་བཀྲ་ཤིས་ཀུན་དགའི་དཔལ་སྟེར་དཔྱིད། །དང་པོའི་མགོན་པོ་སྐྱེ་རྒུའི་བསོད་ནམས་ཀྱི། །ཞིང་དུ་བསྐལ་བརྒྱའི་བར་དུ་བརྟན་པར་མཛོད། །དཔག་དར་དམར་པོ་བསམ་ཤིང་དང་བུམ་བཟང་འདོད་འཇོའི་བ། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལྟར། །འདོད་པའི་རེ་བ་མ་ལུས་སྐོང་བྱེད་པ། །རབ་འབྱམས་དབང་གི་འཕྲིན་ལས་མ་ལུས་སྒྲུབས། །དར་ནག་པོ་བསམ་ངན་སྦྱོར་རྩུབ་འཆང་བ་དམ་ཉམས་དགྲ །དངོས་དང་བརྒྱུད་ནས་འཚེ་བའི་མི་བསྲུན་པ། །མ་ལུས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཡིས། །ཞལ་དུ་བསྟབ་པོ་དྲག་པོའི་འཕྲིན་ལན་སྒྲུབས། །དར་ལྗང་གུ་མཆོད་བསྟོད་ས་བོན་མཚར་དུ་དངར་བ་གང་། །མཐུ་སྟོབས་ནུས་པའི་ཉལ་འགྲོས་སྨིན་པ་ལས། །དངོས་གྲུབ་ལང་ཚོ་རྒྱས་པ་ཨ་ཤྭཏྠ། །ཕན་བདེའི་གྲིབ་བསིལ་ཉེར་འཚོའི་རྒྱུར་གྱུར་ཅིག ། གོང་གི་རྒྱལ་ཁབ་ཆེན་པོ་པེ་ཅིང་གི་ཉེ་འདབ་གཟིམས་ཁང་སེར་པོར་ཆུ་སྦྲུལ་ལོ་གསར་དུས་འདོད་ཁམས་དབང་ཕྱུག་མཆོད་པའི་ཚེ་ཕུལ་བའི་སྙན་དར་ཁ་ཡིག་འདབ་བཟང་དབང་པོའི་ཤུགས་ལྡན། རབ་དཀར་མདངས་ཀྱིས་མི་མཐུན་ཕྱོགས་(༣༥བ)


GLG018_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སེལ། །འཚམས་སྤྲིན་འོད་ཀྱིས་ཚེ་དཔལ་བསོད་ནམས་བསྐྱེད། །དམར་བའི་གཟི་ཡིས་ཁམས་གསུམ་དབང་དུ་སྡུད། །མཐིང་ནག་རྡོ་རྗེའི་ཚ་ཚས་དགྲ་བགེགས་འདུལ། །འཕྲིན་ལས་ཐོགས་མེད་བསྒྲུབས་པ་དམག་ཟོར་ལྷ། །དུས་ཀུན་བརྟེན་ཅིང་མཆོད་པའི་སྲུང་མ་ཁྱོད། །མི་ཟད་ཐུགས་རྗེའི་མཐུ་དཔུང་རབ་སྐྱེད་ལ། །བཅོལ་བའི་འཕྲིན་ལས་ཀུན་སྒྲུབ་དུས་ལ་བབས། །མཁས་གྲུབ་བླ་མ་ཟུང་འཇུག་ཞབས་བརྟན་ཅིང་། །བསིལ་ལྡན་བསྟན་དང་སྐྱེ་རྒུའི་ཕན་བདེ་རྒྱས། །ས་དབང་རྒྱལ་པོའི་ཆབ་སྲིད་མངའ་ཐང་འཕེལ། །ལེགས་པའི་ཡོན་ཏན་མ་ལུས་སྒྲུབས་པར་མཛོད། །རིག་འཛིན་བདག་གི་ལོ་སྐེག་ཚེ་ཡི་འཕྲེང་། །མི་བསྲུན་ནག་ཕྱོགས་འབྱུང་པོའི་བར་གཅོད་སོགས། །འདོད་དོན་སྒྲུབ་ལ་གནོད་བྱེད་དགྲ་དང་བགེགས། །མ་ལུས་ཐལ་བའི་རྡུལ་ཕྲན་བཞིན་དུ་རློགས། །ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དང་། །ཐོས་བསམ་སྒོམས་སོགས་ཆོས་དང་མཐུན་པ་ཡི། །བསམ་དོན་འབད་པ་མེད་པར་ལྷུན་གྲུབ་པ། །ཡིད་བཞིན་དབང་གི་རྒྱལ་པོ་ལྟ་བུར་མཛོད། །བྲང་འགྲོ་གོས་སྔོན་གྱོན་པ་བགྲང་བྱ་ཡི། །ནང་འདིར་ཁ་བའི་སྨན་ལྗོངས་དབུས་འགྱུར་དུ། །འདབ་བཟང་དབང་པོ་ཇི་བཞིན་བགྲོད་པ་ཡི། །དོན་འདི་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །མདོར་ན་བདག་ཅག་འཁོར་དང་བཅས་པ་རྣམས། །བསྟན་སྲུང་དབང་མོ་ཁྱོད་ལ་གཉེར་གཏོད་ན། །ཡིད་ལ་བསམ་པའི་བདེ་སྐྱིད་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པའི་(༣༦ན)


GLG018_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་མཛོད། །རྒྱ་ནག་གཟིམས་ཁང་སེར་པོར་ཧོར་ཟླ་དང་པོའི་ཚེས་བཅུ་བཞིའི་ཉིན་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ལ་འདོད་ཁམས་དབང་ཕྱུག་དགྱེས་སྐྱེད་ཀྱི་མདོས་བསྐང་ཚུགས་སྐབས་ཕུལ་བའི་སྙན་དར་ཁ་ཡིག་འདོད་དོན་ཐོགས་མེད་སྒྲུབ་པའི་དབྱར་རྔ། བསམ་པའི་དོན་འགྲུབ་དཔག་བསམ་ཡོངས་འདུའི་ལྗོན། །དྲན་པས་སྲིད་ཞིའི་གདུང་སེལ་དམག་ཟོར་ལྷ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་མ། །ཡིད་བཞིན་དབང་གི་རྒྱལ་པོ་ཁྱོད་ཉིད་ལ། །བཅོལ་བའི་འཕྲིན་ལས་གཉེར་དུ་གཏད་པ་འདི། །མཐུ་སྟོབས་ནུས་པའི་དཔུང་ཚོགས་རབ་བསྒྱེད་ནས། །སྐད་ཅིག་ཙམ་ལ་ཐོགས་མེད་ལྷུན་གྲུབ་པར། །དུས་ལ་བབ་པོ་འདོད་ཁམས་དབང་ཕྱུག་མ། །འགལ་རྐྱེན་བྱེད་པའི་དགྲ་བགེགས་ཚོགས་རྣམས་ཀྱི། །བསམ་སྦྱོར་བྱ་བྱེད་ལས་ཀུན་རྡུལ་དུ་རློགས། །འདབ་བཟང་དབང་པོའི་བགྲོད་པ་དང་མཚུངས་པར། །སཱ་ལའི་ལྗོངས་སུ་ཐོགས་མེད་བགྲོད་པར་མཛོད། །བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ལ། །བཤུལ་དུ་ནད་གདོན་བར་ཆད་ཀུན་ཞི་ཞིང་། །མཐུན་རྐྱེན་གང་བསམས་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པའི་གྲོགས་མཛོད་ཅིག ། ཆུ་སྦྲུལ་ཧོར་ཟླ་བཞི་པའི་ཚེས་བརྒྱད་ལ་ལེགས་ལྡན་ནག་པོ་ཞལ་བཞི་པ་མཆོད་པའི་དུས་ཕུལ་བའི་དར་ཚོན་སྣ་ལྔའི་སྙན་དར་ཁ་ཡིག་བདུད་དཔུང་སྙིང་ལ་དཔའ་བོའི་བྲོ་རྡུངས། བླ་མ་དཀར་པོ་མཆོག་དང་ཁྱབ་བདག་འཁོར་ལོའི་མགོན། །དགྲ་བགེགས་གཤེད་དུ་སྟོབས་འཕྲོག་སྲིན་(༣༦བ)


GLG018_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གཟུགས། །དམ་ཉམས་སྲོག་རྩ་བཅད་པས་མ་ཚིམས་པར། །ད་དུང་སྙིང་ཁར་བྲོ་བརྡུང་སྟང་སྟབས་ཅན། །ཕྱི་རོལ་འཇིགས་རུང་དུར་ཁྲོད་བརྒྱད་ལ་སོགས། །དཔའ་བོ་མཁའ་འགྲོའི་གནས་ཀུན་རབ་མྱུལ་ནས། །ཐུབ་བསྟན་སྲུང་བའི་བཀའ་ཡི་བྱ་ར་བ། །ལེགས་ལྡན་ནག་པོ་གདོང་བཞིའི་མཚན་ཅན་ཁྱོད། །རྡོ་རྗེའི་ལུས་ཀྱི་ཨ་ཝ་དྷཱུ་ཏཱིའི་ནང་། །མི་ཞིག་སྒྱུ་འཕྲུལ་དྲ་བའི་ཟློས་གར་གྱིས། །རྩ་ཁམས་རླུང་གི་འདབ་བརྒྱ་གྲོལ་བའི་རྩེར། །ཟུང་འཇུག་ཟེའུ་འབྲུ་བཞད་བྱེད་ནང་གི་མགོན། །ཡེ་ནས་དག་པ་གསལ་སྟོང་རང་གི་སེམས། །ལྷུན་གྲུབ་གདོད་མའི་མགོན་པོར་རོ་ཅིག་པ། །བརྗོད་བྲལ་གཉུག་མའི་ཡེ་ཤེས་གསང་བའི་མགོན། །གང་དེར་མཁའ་ལ་མཁའ་ཡི་སྦྱོར་བ་བཞིན། །གནས་སྐབས་བར་ཆད་མི་མཐུན་ཞི་བ་དང་། །མཐར་ཐུག་སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང་། །འགྲུབ་པའི་འཕྲིན་ལས་གཉེར་དུ་གཏོད་བྱེད་ན། །ཀྭ་ཡེ་མཐུ་དཔུང་སྐྱེད་ཅིག་སྟོབས་འཕྲོག་དབང་། །དར་སེར་པོ་ཡིད་བཞིན་ནོར་དང་བུམ་བཟང་འདོད་འཇོའི་བ། །དཔག་བསམ་ཤིང་དང་མཚུངས་པའི་ནག་པོ་ཆེས། །ཚེ་དང་བསོད་ནམས་ཐོས་བསམ་སྒོམ་པ་སོགས། །ཡར་ངོའི་ཟླ་ལྟར་རྒྱས་པའི་འཕྲིན་ལས་མཛོད། །གངས་དར་དམར་པོར། ཅན་བསྟན་འགྲོའི་ཕན་བདེའི་སྣང་བ་འབུམ། །རབ་འབར་ཉི་མའི་མདངས་ལ་འགྲན་བཟོད་པར། །མཐུན་པའི་རྐྱེན་དུ་རབ་གྱུར་ཡོན་ཏན་ཀུན། །ཁབ་ལེན་རྡོ་དང་ལྕགས་བཞིན་དབང་དུ་སྡུས། །(༣༧ན)


GLG018_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བཏགས་ནག་པོ་རྡོ་རྗེ་འཆང་དབང་རི་སུལ་རྣལ་འབྱོར་གཉན། །བརྩེ་ཆེན་སྙིང་པོའི་ཞབས་དང་མཚར་པ་རྗེ། །དྲིན་ཆེན་རྩ་བའི་བླ་མའི་བར་བྱོན་པས། །བཀའ་བསྒོས་དམ་ཚིག་བསྒྲགས་པ་ཉེར་དགོངས་ལ། །འགྲོ་བའི་བདེ་སྐྱིད་བསྟན་དང་ཆོས་འཁོར་འཇོམས། །རིག་འཛིན་བདག་ཅག་སྙིང་ནས་དམ་པའི་ཆོས། །སྒྲུབས་ལ་བར་དུ་གཅོད་པའི་དགྲ་དང་བགེགས། །ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་རློགས། །ཁྱད་པར་གངས་ཅན་སྨན་ལྗོངས་དབུས་འགྱུར་དུ། །པད་འབྱུང་ཆོས་རྒྱལ་མེས་དཔོན་བཞེད་པའི་ལྷག །བཀང་ཕྱིར་བསྟན་འགྲོའི་ཕན་བདེ་མྱུར་སྒྲུབ་པར། །བསམ་པའི་དོན་ཀུན་ལྷུན་གྱི་འགྲུབ་པར་མཛོད། །དར་ལྗང་གུ་ཐུབ་བསྟན་འཆི་མེད་ཚལ་དུ་བཙོང་ཁ་པའི། །དྲི་བྲལ་རིང་ལུགས་མྱ་ངན་མེད་ལྗོན་ཤིང་། །འཆད་རྩོད་རྩོམ་པའི་འདབ་མ་གཡུར་ཟ་ཅན། །གྲིབ་མ་སྐྱེ་རྒུའི་ངལ་གསོའི་སྟེགས་གྱུར་ཅིག །ངག་དབང་དབྱངས་ཅན་མགྲིན་པའི་བཀྲ་ཤིས་གླུ། །ཀུན་ནས་མི་ཕྱེད་མཛའ་གཅུགས་དགའ་བདེའི་མགོན། །འགྲོ་བའི་བསོད་ནམས་ཞིང་གྱུར་དཀོན་མཆོག་གསུམ། །འཕྲིན་ལས་སྐལ་ལྡན་དཔལ་དུ་རྒྱས་བརྟན་མཛོད། །རྒྱ་སོག་གི་ལྷ་འདྲེའི་འཚུབ་འགྱུརགྱིས་སྒར་ལ་ནད་རིམ་ལ་སོགས་འབྱུང་བར་ཉེ་ཚེ་རིམ་གྲོ་དགོས་ཚུལ་ཆོས་སྐྱོང་ཆེན་པོ་ཁོག་ཏུ་ཞུགས་ནས་གསུང་པར་བརྟེན་ཁའི་ཏལ་སྒར་ངེད་རང་གི་རྡོ་རྗེ་སློབ་དཔོན་བྱས་ནས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཕུར་པ་ལྷ་ནག་གི་སྒྲུབ་པ་བཙུགས་པའི་དུས་གླགས་ལྟའི་འབྱུང་པོ་མང་པོའི་སྤྱི་བོར་ཕུར་(༣༧བ)


GLG018_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐེབས་པ་མཐོང་མཁན་གྱི་སྤྱོད་ཡུལ་དུ་གྱུར་པ་སོགས་སྒྲུབ་པའི་མཚན་མ་ངོ་མཚར་བ་འབྱུང་བའི་དུས་ཕུལ་བའི་སྙན་དར་ཁ་ཡིག་བདུད་དཔུང་ཕྱེ་མར་འཐག་པའི་ཐོག་མདའ། གར་ཁ་བཏགས་དགུའི་ཉམས་ཀྱིས་བརྗིད་པའི་དབང་སྔོན་རི། །དུས་ཀྱི་མེ་ལྕེ་འབར་བའི་གོས་གྱོན་པ། །ཤེས་རབ་འཁོར་ལོ་རྒྱས་འདེབས་དགའ་མ་དང་། །མཉམ་སྦྱོར་འཕྲིན་ལས་དཔལ་ཆེན་ཧེ་རུ་ཀ །དྲན་པ་ཙམ་གྱིས་ནག་ཕྱོགས་བདུད་སྡེའི་དཔུང་། །ཐལ་བར་རློག་ཅིང་མཆོག་ཐུན་དངོས་གྲུབ་ཀུན། །འབད་མེད་སྩོལ་མཛད་རྡོ་རྗེ་ཕུར་པ་ཡི། །ལྷ་ཚོགས་རྣམས་ཀྱིས་དུས་འདིར་དངོས་གྲུབ་སྩོལ། །མཐུ་སྟོབས་དཔྱིད་ཀྱི་ཕོ་ཉས་ལེགས་བསྐྱངས་པས། །ཆོས་དང་ཉེར་མཐུན་བསམ་དོན་ཨ་མྲའི་ཤིང་། །འདོད་པའི་རེ་བ་ལེགས་སྐོང་འབྲས་བཟང་དག །མྱུར་དུ་སྩོལ་ཅིག་འཕྲིན་ལས་ཕུར་པའི་ལྷ། །ཕུར་སྐྱོང་སྲུང་མར་ཁས་བླངས་དམ་ལྡན་རྣམས། །རིགས་འཛིན་པདྨའི་དམ་ཚིག་ཉེར་དགོངས་ལ། །དེང་དུས་བཅོལ་བའི་འཕྲིན་ལས་མ་ལུས་པ། །ཐོགས་པ་མེད་པར་མྱུར་དུ་སྒྲུབ་པར་མཛོད། །ཁའི་ཏལ་སྒར་ཕུར་སྒྲུབ་དང་འབྲེལ་བར་ལོ་དུས་ཀྱི་སྲིད་གསུམ་བདག་མོ་ཐུགས་དམ་སྐོང་བའི་མདོས་བསྐང་གི་ཚེ་ཕུལ་པའི་སྙན་དར་ཞལ་ཡིག་རེ་བའི་འབྲས་བུ་དོན་ལྡན། མཛེས་གསང་དཀར་བརྗིད་ཆགས་དང་གཏུམ་རྔམས་རྣམ་འགྱུར་ཚོགས། །གྲངས་མེད་བསྟན་ནས་ཞི་རྒྱས་དབང་དྲག་ལས། །ཐོགས་མེད་སྒྲུབ་མཛད་རྒྱལ་བ་ཀུན་གྱི་ཡུམ། །དྲན་པས་སྲིད་ཞིའི་གདུང་སེལ་ལྷག་པའི་ལྷ། །ངེས་པའི་དོན་དུ་རྡོ་རྗེ་དབྱིངས་ཕྱུག་མ། །མཐུན་(༣༨ན)


GLG018_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

མོང་གདུལ་བྱའི་སྣང་ངོར་དབྱངས་ཅན་ལྷ། །དགྲ་བགེགས་གཤེད་དུ་འདོད་ཁམས་དབང་ཕྱུག་མ། །འཁོར་བཅས་མཐུ་སྟོབས་ནུས་པའི་དཔུང་སྐྱེད་ལ། །བསྟན་པ་བསྲུང་ཞིང་ལུས་ཅན་བདེ་སྐྱིད་སྤེལ། །བདག་ཅག་འཁོར་དང་བཅས་པའི་ནད་གདོན་བགེགས། །བསམ་ངན་སྦྱོར་བ་རྩུབ་འཆང་དགྲ་དཔུང་སོགས། །བར་ཆད་མི་མཐུན་ཕྱོགས་རྣམས་ཞི་བར་མཛོད། །གངས་རིའི་དཔལ་ལྡན་དབུས་འགྱུར་སྨན་ལྗོངས་སུ། །ཐོགས་མེད་བགྲོད་ནས་ཐོས་བསམ་སྒོམ་པ་སོགས། །རྣམ་དཀར་དམ་པའི་ཆོས་ཀྱི་བྱ་བ་ཀུན། །འབད་མེད་ལྷུན་གྱིས་ཡོངས་འགྲུབ་འཕྲིན་ལས་མཛོད། །ངག་གི་དཔལ་རྙེད་དབང་ཕྱུག་བརྒྱད་ལྡན་ཞིང་། །ཐོག་མཐའ་བར་དུ་བཀྲ་ཤིས་ཆོས་ཀྱི་དུང་། །ཀུན་བཟང་ཐུགས་རྗེའི་དགའ་ཚལ་རབ་ཡངས་པོར། །ཕན་བདེའི་སྲོག་ཤིང་རྡོ་རྗེ་ལྟར་བརྟན་མཛོད། །འགྲོ་བ་ཀུན་གྱི་སྐྱབས་དང་མགོན་གཅིག་པུ། །ཐུབ་པའི་བསྟན་པ་ལུས་ཅན་བསོད་ནམས་ཀྱི། །ཞིང་དུ་སྲིད་མཐར་རབ་རྒྱས་བདག་སོགས་ཀུན། །མཆོག་གསུམ་ཐུགས་རྗེའི་དཔལ་དང་ལྡན་པར་མཛོད། །ཡིད་བཞིན་དབང་གི་རྒྱལ་པོ་འདོད་འཇོའི་བ། །གཏེར་གྱི་བུམ་པ་དཔག་བསམ་ལྗོན་ཤིང་ལྟར། །གསོལ་པ་བཏབ་པ་ཙམ་གྱིས་བསམ་པའི་དོན། །འབད་མེད་ལྷུན་གྱིས་འགྲུབ་པའི་དགེ་ལེགས་མཛོད། །གོང་མ་ཤུན་ཙི་རྒྱལ་པོས་ཉི་མ་ནུབ་ཕྱོགས་ཆོས་སྲིད་བསྟན་པ་གཅིག་ཏུ་གྱུར་པའི་ལུང་ལས་ཀྱི་སྲིད་ན་མངོན་པར་མཐོ་བའི་དཔལ་བྱིན་(༣༨བ)


GLG018_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རིང་པོར་མ་ཐོགས་པར་གེགས་མེད་དུ་བོད་ཡུལ་གྱི་སའི་ཆ་མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་དུ་སྒར་ཆེན་འབྱོར་སྐབས་བླ་མ་ཡི་དམ་ཆོས་སྲུང་ལ་གཏང་རག་ཕུལ་བའི་སྙན་དར་ཞལ་ཡིག་རེ་བའི་ལོ་འབྲས་དུད་པའི་ཨཤྭཏྠ། སྐྱབས་གསུམ་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ། །དངོས་གྲུབ་ཆར་འབེབས་ཡི་དམ་ལྷ་ཚོགས་དང་། །འཕྲིན་ལས་ཀུན་སྒྲུབ་ཆོས་སྐྱོངས་སྲུང་མ་ལ། །སྔར་བཅོལ་ལས་ཀུན་སྒྲུབ་པའི་གཏང་རག་འབུལ། །མྱུར་མཛད་མགོན་པོ་གུར་མགོན་ཞལ་བཞི་པ། །རྣམ་མང་ཐོས་སྲས་པུ་ཏྲ་བེག་ཙེ་སོགས། །སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །ཕྱི་ནང་གསང་བའི་ཀུན་བཟང་མཆོད་སྤྲིན་འབུལ། །དར་སྔོན་དྲན་པ་ཙམ་གྱིས་སྲིད་ཞིའི་གདུང་སེལ་ཅིང་། །འདོད་པའི་རེ་སྐོང་ཡིད་བཞིན་དབང་གི་རྒྱལ། །འདོད་ཁམས་རྒྱལ་མོ་དཔལ་ལྡན་རེ་མ་ཏིར། །སྔར་བཅོལ་འཕྲིན་ལས་གྲུབ་པའི་གཏང་རག་འབུལ། །སླར་ཡང་བསྟན་འགྲོའི་ཕན་བདེ་རབ་འཕེལ་ཞིང་། །འཁོར་ལོའི་བདག་ཉིད་ཟུང་འཇུག་ཞབས་པད་བརྟན། །རིག་འཇིན་བདག་གི་ཆོས་དང་མཐུན་པའི་དོན། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །དར་སྔོན་དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་སོགས། །བོད་ཡུལ་སྐྱོང་དང་ཟབ་གཏེར་ཆོས་སྲུང་དུ། །པདྨཱ་ཀ་རའི་སྤྱན་སྔར་ཁས་བླངས་པ། །དམ་ཅན་རྒྱ་མཚོར་དགྱེས་པའི་མཆོད་པ་འབུལ། །དར་དཀར་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། །བོད་ཁམས་སྐྱོང་མཛད་བསྟན་མ་བཅུ་གཉིས་ལ། །ཕྱི་ནང་གསང་བའི་མཆོད་པ་འབུལ་བྱེད་ན། །སྔར་བཅོལ་ལེགས་གྲུབ་(༣༩ན)


GLG018_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་འཕྲིན་ལས་མཛོད། །དར་ནག་དྲག་རྩལ་མཐུ་སྟོབས་ལྡན་པའི་རཱ་ཧུ་ལ། །བདུད་མགོན་ཞིང་སྐྱོང་སེང་གེའི་གདོང་ཅན་སོགས། །ཕ་མེས་བརྒྱུད་པའི་བསྟན་སྲུང་ཚོགས་རྣམས་ལ། །མཐུན་པའི་དམ་རྫས་རྣམས་ཀྱི་མཆོད་པ་འབུལ། །སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྐུ་ལྔ་པ། །ལས་མཁན་བཙན་རྒོད་གནོད་སྦྱིན་ཙི་དམར་བ། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་ལ། །མཐུན་པའི་དམ་རྫས་རྒྱ་མཚོས་ཐུགས་དམ་སྐོང་། །ཆུ་སྦྲུལ་འདར་པ་ཆོས་མཛད་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་འདར་གྲང་མོ་ཆེའི་མཚར་ཆེན་ཆོས་ཀྱི་རྒྱལ་པོའི་དངུལ་གདུང་ལ་འབུལ་རྒྱུའི་སྙན་དར་ལ་ཁ་བྱང་དགོས་ཚུལ་ལྟར་བྲིས་པ་སློབ་བཤད་བསྟན་པ་རྒྱས་པའི་སྐལ་བཟང་། ཨེ་ཝཾ་ཟུང་དུ་འཇུག་པ་སྒྱུ་དྲའི་གར། །དཔལ་ལྡན་སྐུ་བཞིའི་རོལ་པར་ཡོངས་ཤར་བ། །ཁྱབ་བདག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་། །གདན་གསུམ་ཚང་བའི་དེད་དཔོན་མཚར་པ་རྗེ། །བརྗོད་བྲལ་གཉུག་མ་སེམས་ཀྱི་མཁའ་དབྱིངས་སུ། །བདེ་ཆེན་ལང་ཚོའི་འཇའ་ལུས་རྣམ་བཀྲ་བ། །འགྱུར་མེད་མཚན་དཔེའི་མདངས་འཛིན་རྡོ་རྗེའི་སྐུར། །རྡོས་བཅས་བེམ་པོར་སྣང་བ་བྱིས་པའི་བློ། །འོན་ཀྱང་སྐལ་བཟང་འགྲོ་བའི་བསོད་ནམས་ཀྱི། །ཞིང་རྡུལ་ལས་བསྐྲུན་ཡིད་བཞིན་ནོར་བུའི་གདུང་། །ཆ་ཤས་གསིལ་བུར་ལེགས་བཞུགས་མཆོད་སྡོང་ཆེར། །འཇམ་མཉེན་ལྷ་རྫས་སྙན་ཤལ་ཕུལ་བའི་དགེས། །ལུས་ཅན་ཕན་བདེའི་གཞིར་གྱུར་རྒྱལ་བའི་བསྟན། །སྙིང་པོ་ངེས་གསང་རྡོ་རྗེ་ཐེག་པའི་ཆོས། །ཡང་སྙིང་ཁའུ་བྲག་རྫོང་བཞེད་


GLG018_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྲོལ། །ཟབ་མོ་སློབ་བཤད་ཕྱོགས་ཀུན་རྒྱས་གྱུར་ཅིག །གང་གི་ཐུགས་རྗེའི་འོད་ཀྱིས་ལེགས་བཞུ་པའི། །བདག་ཅག་ཚེ་དཔལ་སྟོབས་འབྱོར་ཆུ་བོའི་རྒྱུན། །ནམ་ཡང་ཆད་མེད་དོན་གཉིས་རྒྱ་མཚོ་ཆེར། །འབབ་པའི་སྐལ་བ་བཟང་པོར་སྤྱོད་གྱུར་ཅིག ། ཆུ་སྦྲུལ་འཇང་དབོན་བློ་བཟང་རབ་བརྟན་གྱིས་དགའ་ལྡན་དངུལ་གདུང་རིན་པོ་ཆེ། མགོན་ཁང་དང་བཅས་པ་དང་།མལ་དྲོ་གཟིམས་ཁང་ཤར་གྱི་ཕྱག་བཞི་པར་འབུལ་རྒྱུའི་སྙན་དར་ལ་ཁ་བྱང་དགོས་ཚུལ་བྱུང་བ་ལྟར་བྲིས་པ་དགེ་ལེགས་རབ་སྩོལ། དངུལ་གདུང་བློ་ཆེན་འཇམ་དབྱངས་གཞོན་ནུ་ངུར་སྨྲིག་གི །རྣམ་རོལ་སྐལ་བཟང་གདུལ་བྱའི་གཉེན་གཅིག་པུ། །མཁས་བཙུན་བཟང་པོའི་སྙན་གྲགས་ས་གསུམ་ན། །ཡོངས་ཁྱབ་རྒྱལ་བ་ཀུན་དངོས་བཙོང་ཁ་པ། །གང་གིས་ཟུང་འཇུག་བདེ་ཆེན་ཡེ་ཤེས་སྐུ། །ཆོས་ཀྱི་དབྱིངས་ལས་ནམ་ཡང་གཡོ་མེད་ཀྱང་། །རགས་པའི་གཟུགས་ཀྱི་སྐུ་གདུང་ཡིད་བཞིན་ནོར། །འདི་ཀོ་བོད་འབངས་བསོད་ནམས་ཞིང་མཆོག་ཏུ། །བཞུགས་གནས་རིན་ཆེན་ལས་གྲུབ་ཐུགས་ཀྱི་རྟེན། །ངོ་མཚར་བཀོད་མཛེས་རིན་ཆེན་ཕྲ་ཚོམས་ཅན། །མཐོང་ཐོས་དྲན་རེག་རྣམ་པར་རབ་གྲོལ་བར། །ལྷ་རྫས་གོས་ཟུང་ཕུལ་བའི་དགེ་ཚོགས་ཀྱིས། །ཀུན་མཁྱེན་འཇམ་དཔལ་སྙིང་པོའི་བསྟན་པ་མཆོག །སྲིད་མཐའི་བར་དུ་འཕེལ་ཞིང་རྒྱས་པ་དང་། །བདག་སོགས་གང་བསམས་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པའི་དགེ་ལེགས་སྩོལ། །མགོན་ཁང་ཀུན་མཁྱེན་རྒྱལ་བའི་བསྟན་པ་སྲུང་བ་ལ། །འཇམ་དཔལ་དཔའ་བོ་རབ་(༤༠ན)


GLG018_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་གཤིན་རྗེ་གཤེད། །དངོས་གྲུབ་ཆར་འབེབས་མྱུར་མཛད་མགོན་པོ་དང་། །ལས་ཀྱི་གཤིན་རྗེས་འཕྲིན་ལས་མ་ལུས་སྒྲུབས། །དུས་གསུམ་རྒྱལ་བའི་བསྟན་སྲུང་ཕྱིར། །དུས་དགྲའི་དབང་པོ་ཧེ་རུ་ཀ །དུས་འདིར་ཕྱག་བཞིའི་མགོན་སྤྲུལ་བས། །དུས་ཀུན་གཡེལ་མེད་གྲོགས་མཛོད་ཅིག ། འོ་རློན་པ་ངག་དབང་ཆོས་དཔལ་གྱིས་མྱུར་མཛད་མགོན་པོའི་མལ་དྲོ་གཟིམས་ཁང་ཤར་སྙན་དར་ཁ་ཡིག་དགོས་ཚུལ་ལྟར་བྲིས་པ་བསམ་འཕེལ་ནོར་མཆོག །བསམ་འཕེལ་དབང་གི་རྒྱལ་པོ་ཡིད་བཞིན་ནོར། །དཔལ་ལྡན་ཕྱག་དྲུག་ཡེ་ཤེས་མགོན་པོ་ལ། །འཇམ་མཉེན་ལྷ་རྫས་སྙན་ཤལ་དམ་པ་འབུལ། །རྨད་བྱུང་འདོད་པའི་རེ་བ་སྐོང་དུ་གསོལ། །ཆུ་སྦྲུལ་ས་སྐྱོང་བྱ་རྒྱལ་པོ་བཀྲ་ཤིས་ཀྱིས་ཕོ་བྲང་ཡང་རྩེའི་གཟའ་ཁང་དུ་འབུལ་རྒྱུའི་སྙན་དར་ཁ་བྱང་དགོས་ཚུལ་ལྟར་བྲིས་པ་ལྷོ་ཕྱོགས་ནོར་འཛིན་མཛེས་པའི་དཔག་བསམ་ལྗོན་པ། མཐུ་སྟོབས་དྲག་རྩལ་གནམ་ལྕགས་ཐོག་མདའ་ཡིས། །དགྲ་བགེགས་བྲག་རི་ཐལ་བར་རློག་མཛད་པ། །སྡེ་བརྒྱད་དྲེགས་པའི་དམག་དཔོན་རཱ་ཧུ་ལ། །ཕ་མེས་བརྒྱུད་ཀྱི་སྲུང་མ་གཉན་པོའི་དྲུང་། །འཆི་མེད་བུ་མོའི་ལག་པད་གྱིས་བསྐྲུན་པའི་། །ཟླ་བ་བཞུན་མ་ཐགས་སུ་ལེགས་གྲུབས་དར། །ངོ་མཚར་སྣང་བརྙན་རི་དྭགས་གཟུགས་བཀྲ་བའི། །འཇམ་མཉེན་ལྷ་རྫས་རེག་བྱ་འདི་ཕུལ་བས། །རྒྱལ་བའི་བསྟན་པ་དེ་འཛིན་སྐྱེས་བུ་དང་། །ལུས་ཅན་ཀུན་གྱི་ཕན་བདེའི་ལེགས་ཚོགས་རྒྱས། །འཁྲུག་རྩོད་ནད་རིམས་དུས་མིན་འཆི་བ་སོགས། །མི་མཐུན་བར་ཆད་(༤༠བ)


GLG018_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གཡུལ་ལས་རྒྱལ་བར་མཛོད། །ཁྱད་པར་ལྷོ་ཕྱོགས་ནོར་འཛིན་ཡངས་པའི་གཞིར། །མངའ་འབངས་ཆོས་བཞིན་སྐྱོང་མཛད་མིའི་དབང་པོ། །བྱ་ནག་གདུང་གི་བཙུན་པའི་ཆབ་སྲིད་དང་། །མངའ་ཐང་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷུན་པོའི་རྩེར། །རྣམ་དཔྱོད་མིག་སྟོང་རབ་བཀྲ་འཆི་མེད་གཙོ། །དུས་ཀུན་ཤིས་པའི་རྡོ་རྗེ་རྩེ་བརྒྱ་པ། །ལེགས་པར་འཛིན་དེའི་ལས་ཀུན་སྒྲུབ་པར་མཛོད། །སྲིད་ཞིའི་དགེ་ལེགས་ཕུན་ཚོགས་ཀུན་གྱི་མཛོད། །འདོད་པའི་རེ་བ་སྐོང་བའི་དཔག་བསམ་དབང་། །སྲིད་པའི་རྩེ་མོར་ཉེར་དུད་འབྲས་བུ་ཡིས། །རིགས་ཆོས་ཡོན་ཏན་མ་ལུས་འཛིན་གྱུར་ཅིག །བརྣག་པའི་སེམས་ལྡན་དགྲ་བོའི་དཔུང་ཚོགས་ཀྱིས། །དམར་ཆེན་སྙིང་ཁྲག་ཞལ་དུ་གསོལ་བ་དང་། །གཉེན་སྲིད་མངའ་འབངས་སྡེ་བཅས་མ་ལུས་པ། །ཕན་དང་བདེ་བ་ཆེན་པོས་སྐྱོང་བར་མཛོད། །ཁྱད་པར་སྔགས་འཆང་ཡོངས་ཀྱི་མཐུ་བོ་ཆེ། །བྱ་ནག་རིན་ཆེན་འོད་ཀྱི་དམ་བཞག་པ། །དྲན་པར་མཛོད་ལ་བདག་གི་འདོད་པའི་དོན། །འབད་མེད་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །ཤིང་རྟ་གནམ་ལོ་གསར་དུ་ཚེས་པའི་དུས་འདོད་པའི་རྒྱལ་མོ་མཆོད་པའི་དགའ་སྟོན་ལ་ཁ་བཏགས་ཉིན་མོ་བདེ་ལེགས་མར་ལས་བཞི་སྤྱི་ཁྱབ་དང་། གཞན་རྣམས་ལ་སོ་སོའི་མདོག་དང་མཚུངས་པའི་འདོད་གསོལ་བཀོད་དེ་ཕུལ་བ་དུས་ཀུན་དགེ་བའི་བཀྲ་ཤིས། ཕུན་ཉིན་མོ་བདེ་ལེགས་ཚོགས་མཆོག་གི་དགའ་སྟོན་རྒྱས་པ་ཡིས། །ངོ་མཚར་བཀྲ་ཤིས་འཁྱིལ་བ་ཤིང་ཕོ་རྟའི། །གསར་ཚེས་གནམ་ལོའི་དུས་ཀྱི་ཐོག་མའི་ཉིན། །བསམ་དོན་རེ་བ་ཡོངས་སྐོང་ལྷག་པའི་(༤༡ན)


GLG018_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ། །དྲན་པས་ཡིད་ཀྱི་གདུང་སེལ་མཛའ་ན་མོ། །བསྟེན་པས་འདོད་པའི་རེ་སྐོང་ཡིད་བཞིན་ནོར། །བསྐུལ་བས་ཕྱོགས་ལས་རྣམ་རྒྱལ་མཆོག་སྩོལ་པ། །སྲིད་གསུམ་བདག་མོ་འདོད་ཁམས་དབང་ཕྱུག་མར། །ཉིན་མཚན་ཀུན་ཏུ་བདེ་ཞིང་སྐྱིད་པ་ཡི། །ཕུལ་བྱུང་ཤིས་པ་བརྗོད་པའི་ཚིག་གི་འཕྲེང་། །ངོ་མཚར་ཐགས་སུ་གྲུབ་པའི་རི་མོ་ཅན། །འཆི་མེད་དར་གྱི་སྙན་ཤལ་འདི་ཕུལ་བས། །ལུང་རྟོགས་ཆོས་ཀྱི་ཉི་མ་འབར་བའི་གཟིས། །བསྟན་འགྲོའི་སྣང་བ་ཀུན་ནས་རབ་གསལ་ཞིང་། །རིགས་འཛིན་བདག་གི་བསམ་དོན་མ་ལུས་པ། །ལྷུན་གྲུབ་ཡོངས་འདུའི་དབང་པོ་ལྟ་བུར་མཛོད། །དཀར། རབ་དཀར་ཞི་བའི་ཉམས་ལྡན་ལྷ་མོ་ཡིས། །ནད་གདོན་བགེགས་སོགས་མི་མཐུན་བར་གཅོད་ཀུན། །མ་ལུས་ཐོགས་པ་མེད་པར་རབ་ཞི་ནས། །ཕན་དང་བདེ་བའི་དཔལ་ལ་སྦྱོར་བར་མཛོད། །སེར་།གསེར་གྱི་མདངས་འཛིན་རྒྱས་པའི་ལྷ་མོ་ཡིས། །ཚེ་དཔལ་བསོད་ནམས་ཐོས་བསམ་སྒོམ་པ་སོགས། །ལུགས་གཉིས་ཡོན་ཏན་མཐའ་དག་རབ་རྒྱས་པའི། །ཕུན་ཚོགས་དཔལ་འབྱོར་མཆོག་ལ་སྦྱོར་བར་མཛོད། །དམར་ཆགས་པའི་ཉམས་ལྡན་དབངགི་ལྷ་མོ་ཡིས། །སྲིད་དང་ཞི་བའི་སྡེ་བཞིའི་དངོས་པོ་ཀུན། །བསམས་པ་ཙམ་གྱིས་དབང་དུ་ལེགས་བསྡུས་ནས། །འཛད་པ་མེད་པའི་འདོད་རྒུར་སྤྱོད་པར་མཛོད། །མཐིང་ཁྲོ་ཞིང་རབ་གཏུམ་དྲག་པོའི་ལྷ་མོ་ཡིས། །བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བགེགས་ཀྱི། །སྙིང་ཁྲག་དྲོན་མོ་ཞལ་དུ་རབ་བཞེས་ནས། །མངོན་སྤྱོད་ལས་ཀྱི་འཕྲིན་ལས་འགྲུབ་པར་མཛོད། །


GLG018_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྟ་མཆོད་དཔོན་བློ་བཟང་མཐུ་སྟོབས་ཀྱིས་བསམ་ཡས་སུ་བྱང་ཆུབ་ཆེན་པོར་འཕན་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་བྲིས་པ་དོན་གཉིས་ཡོངས་འདུའི་འཁྲི་ཤིང་། ཚོགས་གཉིས་འབྲས་བཟང་ཡོངས་སུ་དུད་པ་ལས། །བླ་མེད་སྐུ་བཞིའི་སྡོང་བུ་རབ་རྒྱས་པ། །ཐུབ་དབང་དཔག་བསམ་ཡོངས་འདུའི་ལྗོན་པ་ཡིས། །འདོད་པའི་རེ་སྐོང་དོན་གཉིས་ལྷུན་འགྲུབ་ཤོག །ཤིང་རྟ་ལོ་རྒྱུད་སྟོད་གྲྭ་ཚང་ནས་དབུ་མཛད་སོགས་གྲྭ་པ་བརྒྱད་ཅུས་དཔལ་ལྡན་འབྲས་སྤུངས་ཀྱི་སྔགས་ཁང་དུ་མགོན་པོ་ཕྱག་དྲུག་པ་དང་ལས་གཤིན་གཉིས་ཀྱི་བསྐང་གསོ་ཁྲི་ཚར་རེ་བསགས་པའི་དུས་ནག་པོ་སྐོར་གསུམ་ལ་ཕུལ་བའི་སྙན་དར་ཁ་ཡིག་ཞྭ་སེར་ཆོས་སྲིད་རྒྱས་པའི་རུ་མཚོན། དཔལ་རྡོ་རྗེ་འཇིགས་བྱེད་ལྡན་ཁྱབ་བདག་ཟུང་འཇུག་བདེ་བ་ཆེ། །གདུག་པ་གདུལ་ཕྱིར་བཅོམ་ལྡན་མ་ཧེའི་ཞལ། །དུས་དགྲའི་དབང་པོ་རྡོ་རྗེ་འཇིགས་བྱེད་ཀྱིས། །བར་གཅོད་བདུད་དཔུང་ཆོམས་ལ་དངོས་གྲུབ་སྩོལ། །རྨད་བྱུང་མཐུ་སྟོབས་རྡོ་རྗེའི་ཐོག་མདའ་ཡིས། །བགེགས་རིགས་བྲག་གི་རི་བོ་ཐལ་བར་རློགས། །དཀར་ཕྱོགས་རྣམ་པར་རྒྱལ་པའི་རུ་མཚོན་ཆེ། །སྲིད་རྩེར་སྒྲོངས་ཤིག་འཇམ་དབྱངས་གཤིན་རྗེ་གཤེད། །རྒྱལ་བ་ཀུན་དངོས་རྗེ་བཙུན་བཙོང་ཁ་པའི། །བསྟན་པ་རིན་ཆེན་སྲིད་མཐར་རབ་རྒྱས་ཤིང་། །དེ་འཛིན་ས་སྤྱོད་སྐུ་ཚེ་ཆབ་སྲིད་རྒྱས། །བདག་སོགས་བསམ་པའི་དོན་ཀུན་ལྷུན་གྲུབ་མཛོད། །ཕྱག་དྲུག་པ་གསུང་གི་དབང་ཕྱུག་འཕགས་མཆོག་སྙིང་རྗེའི་ལྷ། །དྲན་པས་སྲིད་ཞིའི་གདུང་སེལ་སྤྱན་རས་གཟིགས། །གདུག་པ་གདུལ་ཕྱིར་ཁྲོ་བོའི་སྐུར་སྟན་པ། །དཔལ་ལྡན་མྱུར་མཛད་ཡེ་ཤེས་མགོན་པོ་ལ། །བཀྲ་ཤིས་རི་མོ་ཐགས་སུ་ལེགས་འཁྱིལ་དར། །(༤༡བ)


GLG018_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོངས་འཇམ་མཉེན་འཆི་བ་མེད་པའི་རྫས། །ཀུན་བཟང་མཆོད་སྤྲིན་ཕུང་པོར་ལེགས་སྤྲུལ་ནས། །རབ་དཀར་ལྷག་བསམ་དག་པས་ཉེར་ཕུལ་དགེས། །བསྟན་འགྲོའི་བདེ་སྐྱིད་འདབ་བརྒྱ་ཁོང་ནས་འཛུམ། །བདག་གི་འདོད་དོན་འགྲུབ་པའི་སྣང་བྱེད་གཟི། །ཉི་འོད་འབུམ་ལྟར་འབར་བའི་འོད་སྟོང་གིས། །མི་མཐུན་མུན་སྟུག་ཚོགས་ཀུན་ཞི་བར་མཛོད། །ལས་གཤིན་མིག་སྨན་ལྷུན་པོ་བསྐལ་པའི་མེ་དཔུང་གིས། །རབ་འཁྱུད་སྲིན་པོའི་གཟུགས་ཅན་མ་ཧེའི་གདོང་། །མཐོང་བས་དགྲ་བགེགས་སྙིང་རྩ་འདར་ནུས་པ། །ཕྱོགས་ལས་རྣམ་རྒྱལ་བསྟན་སྲུང་རྒྱ་མཚོའི་གཙོ། །གང་གི་མཐུ་སྟོབས་འཕྲོག་བྱེད་སྡེར་མོ་ཡིས། །བསྟན་འགྲོར་འཚེ་བའི་འགྲོ་སྐྱོབས་གསེར་ཅན་གྱི། །མི་བསྲུན་བསམ་སྦྱོར་ལྟོ་བ་ཡོངས་ཕྲལ་ནས། །ཕན་བདེའི་དགའ་སྟོན་རྒྱས་པའི་ཆོ་ག་མཛོད། །ཁྱད་པར་བདག་གི་བསམ་དོན་ཡིད་བཞིན་ནོར། །འཕྲིན་ལས་རྣམ་བཞིའི་རྒྱལ་མཚན་རྩེར་བཀོད་ནས། །འདོད་པའི་རེ་སྐོང་དཔག་བསམ་ཡོངས་འདུའི་དབང་། །ལྷུན་གྲུབ་ཀུན་ཏུ་དགའ་བའི་དཔལ་སྩོལ་ཅིག །ཤིང་རྟ་གནས་ཆུང་ལྕོག་ཏུ་གསོལ་མཆོད་བརྒྱ་ཚར་བཙུགས་སྐབས་ཕུལ་བའི་སྙན་དར་ཁ་ཡིག་གདེང་ཅན་གཙུགས་ན་མཛེས་པའི་རིན་ཆེན། གང་ཞིག་བསྟེན་པས་འདོད་པའི་རེ་བ་ཀུན། །འབད་མེད་སྩོལ་ལ་ཡིད་བཞིན་དབང་གི་ནོར། །བསྟན་སྲུང་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ལ། །དངོས་བཤམས་ཏིང་འཛིན་ལས་བྱུང་མཆོད་ཚོགས་ཀྱིས། །དགྱེས་པ་སྐྱེད་ཀྱི་རིག་འཛིན་(༤༢ན)


GLG018_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་གི །ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་ཀུན། །བསམ་པ་ཇི་བཞིན་ལྷུན་གྱིས་འགྲུབ་པ་ལ། །ཀླུ་དབང་གཙུག་གི་རིན་ཆེན་ལྟ་བུར་མཛོད། །ཤིང་རྟ་སྲུང་མ་རང་བཞིན་གྱི་བཞུགས་གནས་རྒྱལ་ལྷུན་གྲུབ་དགའ་བའི་ཚལ་དུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་བསྐང་བ་ཁྲི་ཚར་གཉིས་བཙུགས་སྐབས་ཕུལ་བའི་སྙན་དར་ཞལ་ཡིག་ཕུན་ཚོགས་སྒོ་བརྒྱ་རབ་ཕྱེ། དུང་དུང་འབྲལ་བ་མེད་པར་རྟག་བཞུགས་ནས། །འཇིགས་འཇིགས་ནག་པོའི་དཔུང་ཚོགས་ཕ་མཐར་སྐྲོད། །ཡང་ཡང་མཆོག་མཐུན་དངོས་གྲུབ་ཆར་ལྟར་འབེབས། །ལྷུབ་ལྷུབ་བསམ་པའི་རེ་སྐོང་ལྷག་པའི་ལྷ། །ལྷ་མཆོག་དཔལ་ལྡན་འདོད་པ་ཁམས་ཀྱི་བདག །བདག་སོགས་བསྟེན་ཅིང་རབ་བསྒྲུབས་སྲུང་མའི་མཆོག །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ཀུན། །ཀུན་ནས་སྩོལ་མཛད་བྱེད་པོ་རི་མ་ཏིས། །རྒྱལ་བ་ཀུན་དངོས་ཀུན་མཁྱེན་བཙོང་ཁ་པའི། །བཤད་སྒྲུབ་བསྟན་དང་བསྟན་འཛིན་དགེ་འདུན་སྡེ། །འགྲོ་བའི་བདེ་སྐྱིད་བདེ་ལེགས་ཕུན་སུམ་ཚོགས། །བདག་གི་དོན་གཉིས་དོན་རྣམས་འགྲུབ་པར་མཛོད། །ཤིང་རྟ་ཕོ་བྲང་གོང་རི་དཀར་པོར་གོང་དཀར་རྡོ་རྗེ་གདན་གྲྭ་པ་སུམ་ཅུ་སྐོར་གྱིས་ཕུར་མགོན་ལས་མཁན་དང་བཅས་པའི་བསྐང་གསོ་སྟོང་རྩ་བསགས་དུས་ཕུལ་བའི་སྙན་དར་ཞལ་ཡིག་ཟུང་འཇུག་དག་པའི་ལྷ་ཞལ། ཕྱི་གུར་མགོན་རོལ་དྲེགས་པའི་སྡེ་དཔོན་སྲིན་པོའི་གཟུགས། །རྡོ་རྗེའི་ལུས་ལ་གནས་པ་ནང་གི་མགོན། །གསལ་སྟོང་ཟུང་འཇུག་རང་སེམས་གསང་བའི་ལྷ། །ཁྲག་འཐུང་གུར་གྱི་མགོན་པོ་ལྕམ་དྲལ་གྱིས། །རྒྱལ་བའི་བསྟན་དང་ལུས་ཅན་བདེ་སྐྱིད་(༤༣ན)


GLG018_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ། །རིག་འཛིན་བདག་ལ་ཉེར་འཚེའི་དགྲ་བགེགས་ཐུལ། །ཞི་རྒྱས་དབང་གི་འཕྲིན་ལས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །ལས་པུ་ཏྲ་རྣམས་ཀུན་སྒྲུབ་མོན་པ་ཕོ་མོའི་ཚོགས། །རྩ་བརྒྱུད་བླ་མའི་དམ་ཚིག་རབ་དགོངས་ནས། །འཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པ་དང་། །མི་ཟད་མཐུ་སྟོབས་ནུས་པའི་དཔུང་ཚོགས་བསྐྱེད། །ཤིང་རྟ་གོང་དཀར་དུ་དཀོན་གཉེར་དཔོན་དགེ་སྟེང་པས་གཙོས་པའི་དགེ་གཉེར་ནང་བ་རྣམས་ཀྱིས་མགོན་པོ་ཞལ་གྱི་བསྐང་བ་སྟོང་རྩ་བསགས་དུས་ཕུལ་བའི་སྙན་དར་ཁ་ཡིག་བམ་རོ་ཆེམ་ཆེམ་ཟ་བའི་བཞད་སྒྲ། རྩ་ཞལ་མི་རོ་ཆེམ་ཆེམ་ཟོས་པས་ཀྱང་། །མ་ཚིམ་བམ་རོའི་སྟེང་དུ་བྲོ་རྡུང་བའི། །སྟོབས་འཕྲོག་དབང་པོ་ལྷ་ཆེན་གདོང་བཞི་པས། །བཅོལ་བའི་འཕྲིན་ལས་མ་ལུས་གྲུབ་པར་མཛོད། །ཤིང་རྟ་ར་ས་འཕྲུལ་སྣང་དུ་གསེར་ཆབ་མཆོད་པ་འཕར་མ་ཕུལ་སྐབས་ཇོ་བོ་ཤཱཀྱ་མུ་ནིའི་སྙན་ཤལ་ཁ་ཡིག་ངེས་ལེགས་རིན་ཆེན་ཐེམ་སྐས། མཐོང་བས་ཕན་བདེར་སྦྱོར་བ་མཚན་དཔེའི་སྐུ། །ཐོས་པས་སྲིད་ཞིའི་གདུང་སེལ་ཚངས་པའི་གསུང་། །དྲན་པས་ཐར་པར་འདྲེན་ནུས་ཀུན་མཁྱེན་ཐུགས། །གསང་གསུམ་སྒྱུ་འཕྲུལ་དྲ་བ་བསྡོམས་པའི་དངོས། །ཉི་མའི་བརྒྱུད་འཁྲུངས་བདུད་རྩིའི་ཟ་མ་ཏོག །ལས་ཉོན་ནད་ཀུན་མ་ལུས་དྲུངས་ཕྱུང་ནས། །བླ་མེད་ཡེ་ཤེས་རིན་ཆེན་ཐེམ་སྐས་ལ། །འགྲོ་རྣམས་འདྲེན་པའི་དགའ་སྟོན་སྩོལ་བར་ཤོག །ཤིང་རྟ་མཆོད་དཔོན་བློ་བཟང་མཐུ་སྟོབས་དང་། དབུ་མཛད་བློ་བཟང་ཡོན་ཏན་གཉིས་ཀྱིས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་འདུ་ཁང་གི་གནམ་རྒྱན་ཡོངས་རྫོགས་(༤༣བ)


GLG018_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བཟོས་པའི་ཁ་ཡིག་ལེགས་བྱས་འཁྱིལ་བའི་ཆུ་གཏེར། རྣམ་པར་རྒྱལ་བ་ཕུན་ཚོགས་ཕན་བདེའི་གཞི། །ངེས་གསང་ཐེག་མཆོག་ལེགས་བཤད་མཚོར་འཁྱིལ་བ། །རིག་སྔགས་འཆང་བའི་གླིང་གི་ཀུན་ར་རུ་། །གོས་བཟང་ལས་གྲུབ་གནམ་རྒྱན་བཞི་ཕུལ་དགེས། །བསྟན་དང་བསྟན་འཛིན་དགེ་འདུན་སྡེ་རྣམས་རྒྱས། །བདག་སོགས་ནད་གདོན་བར་ཆད་ཀུན་ཞི་ཞིང་། །བླ་མེད་རྣམ་མཁྱེན་ཡེ་ཤེས་མཆོག་ཐོབ་ནས། །རང་གཞན་དོན་གཉིས་མ་ལུས་འགྲུབ་གྱུར་ཅིག །ཁྱད་པར་རྡོ་རྗེའི་སློབ་དཔོན་ཞབས་བརྟན་ཅིང་། །གསང་སྔགས་ཐེག་པ་ཆེན་པོའི་འདུས་སྡེ་འདི། །ཉི་ཟླ་ཇི་སྲིད་གནས་པ་དེ་སྲིད་དུ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་གྱུར་ཅིག །ཤིང་ལུག་གནམ་ལོ་གསར་ཚེས་ཀྱིས་དུས་དཔལ་ལྡན་རེ་མ་ཏི་མཆོད་པའི་དར་ཚོན་སྣ་ལྔའི་སྙན་དར་ཁ་ཡིག་ཀུན་ཏུ་དགའ་བའི་ཟློས་གར། ལྗང་ཁུ། ཤྲཱི མ དྡེ ཝཱི ཀ མ དྷཱ ཏོ རཱི ཤྭ རེ ཎ མ མ ས རྦྦ དྷྱཱ ཡཱ རྠ ནི རཱ བྷོ གཾ ཀུ རྦ ནྟུ ། ཤེལ་དཀར་གསེར་ཞུན་པད་རག་བཻཌཱུརྱའི། །མདངས་འཛིན་སྣ་ཚོགས་ལས་གྲུབ་ལྷག་པའི་ལྷ། །སྲིད་གསུམ་བདག་མོ་འདོད་ཁམས་དབང་ཕྱུག་མས། །དུས་ཀུན་དགེ་བའི་དངོས་གྲུབ་ཆར་དུ་ཕོབ། །བཀྲ་ཤིས་འབྱུང་བ་ལྔ་ལྡན་ཤིང་མོ་ལུག །རྨད་བྱུང་གནམ་ལོ་གསར་དུ་ལེགས་ཚེས་པ། །ཀུན་ཏུ་དགའ་བའི་དུས་སྟོན་འདི་ཉིད་ནས། །ཡོངས་བཟུང་བསམ་དོན་མ་ལུས་ལྷུན་གྲུབ་མཛོད། །བསྟན་འགྲོའི་ལེགས་ཚོགས་ཀུན་ནས་རབ་འཕེལ་ཞིང་། ཁྱབ་བདག་འཁོར་ལོའི་མགོན་རྣམས་ཞབས་པད་བརྟན། །བསིལ་ལྡན་(༤༤ན)


GLG018_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོངས་འདིར་ནད་རིམས་འཁྲུག་རྩོད་ཞི། །བདག་གི་ཆོས་མཐུན་འཕྲིན་ལས་གྲུབ་པར་མཛོད། །དཀར་པོ། མ མ ས རྦ རོ ག གྲ ཧ ཤི ནྟཾ ཀུ རྦ ནྟུ ། །བྱིན་རླབས་བུམ་བཟང་ལས་འོངས་བདུད་རྩིའི་རྒྱུན། །ནམ་ཡང་ཆད་པ་མེད་པས་བདག་སོགས་ཀྱི། །ནད་གདོན་བར་ཆད་དྲི་མ་ཀུན་བཀྲུས་ཏེ། །བདེ་སྐྱིད་དཔལ་ལ་སྤྱོད་པའི་འཕྲིན་ལས་མཛོད། །སེར་པོ། མ མ ས རྦ ཡུ རྦུ ཎྱ པུ ཤྚིཾ ཀུ རྦ ནྟུ ། ཚེ་དཔལ་ཉི་མ་སྟོང་དུ་འབར་པའི་གཟིས། །རྒྱས་པའི་ལས་ཀུན་ལྷུན་གྲུབ་འོད་སྣང་གིས། །ཆོས་སྲིད་འདོད་པའི་དོན་རྣམས་དབྱར་མཚོ་ལྟར། །འཕེལ་བར་མཛོད་ཅིག་སྲིད་པ་གསུམ་གྱི་བདག །དམར་པོ། དྷ རྨ བྷ ཝ ས རྦ ཤྲཻ ཡ ཝ ཤཾ ཀུ རྦ ནྟུ ། །ཐུགས་རྗེའི་འོད་ཟེར་རྣོན་པོའི་ལྕགས་ཀྱུ་ཡིས། །ཐོས་བསམ་སྒོམ་དང་སྲིད་ཀྱི་འབྱོར་པ་ཀུན། །ཁབ་ལེན་རྡོ་དང་ལྕགས་ཀྱི་སྣང་ཚུལ་ལྟར། །ཐོགས་པ་མེད་པར་དབང་དུ་བསྡུ་བར་མཛོད། །སྔོན་པོ། མ མ ས རྦ རོ ག གྲ ཧ ཤ ཏྲཱུཾ བི གྷྣ ནྷ ཏཀཾ ཀུ རྦ ནྟུ། །དགྲ་བགེགས་ལ་ཁྲོས་ཁ་གདངས་མཆེ་གཙིགས་མ། །མཐུ་སྟོབས་སྐྱེད་ལ་རྣོན་པོའི་མཚོན་ཆ་ཡིས། །གནོད་བྱེད་ཚོགས་ཀྱི་སྲོག་རྩ་དམར་པོ་ཆོད། །སྙིང་ཁྲག་འཐུང་ལ་དྲག་པོའི་ལས་ཀུན་སྒྲུབས། །ཤིང་ལུག་ཆོ་འཕྲུལ་མཆོད་པའི་དུས་ཇོ་བོ་རིན་པོ་ཆེ། རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར། རྒྱལ་བ་བཙོང་ཁ་པ་རྣམས་ལ་ཁ་བཏགས་དང་། དུང་སྐྱོང་རྒྱལ་མོར་དར་ཚོན་སྣ་ལྔ་ཕུལ་བའི་སྙན་དར་ཁ་ཡིག་འགྲོ་ཀུན་ངལ་གསོའི་སྟེགས་བུ། སྐུ་ཇོ་བོ་རིན་པོ་ཆེ་གསུམ་མི་ཟད་དཔལ་གྱི་བེའུ་ཡི། །ངོ་མཚར་རི་མོ་སྙིང་ཁར་(༤༤བ)


GLG018_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཀྲ་བ། །སྔོན་མེད་འཇུག་པ་བཅུ་པ་ཟས་གཙང་སྲས། །མ་འདྲིས་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །ཀུན་ལ་བྱམས་བརྩེས་མངོན་པར་གཟིགས་པའི་སྤྱན། །འཁོར་བའི་ཕ་མཐའ་རྫོགས་མིན་ཉེར་རྩའི་དཀྱུས། །མ་དག་བརྒྱུད་ལྔའི་འགྲོ་བ་ཟད་མིན་བར། །ཆོས་རྣམས་གསལ་བའི་མེ་ལོང་འདི་ཀོ་དངས། །མ་སྨད་ཐུགས་རྗེའི་ལྷོ་ཕྱོགས་དྲི་བཞོན་གྱིས། །སྲིད་པའི་ཚ་གདུང་རབ་འཇོམས་ཆོ་ག་མཁན། །ཕན་དང་བདེ་བའི་རེག་བྱ་ཡོངས་བསིལ་བ། །ལུས་ཅན་ཀུན་གྱི་ངལ་གསོའི་སྟེགས་སུ་མཚར། །གསེར་མངལ་ཅན་གྱིས་གདོང་བཞི་ལེགས་སྤྲུལ་ནས། །བསྐལ་པར་བརྗོད་ཀྱང་རྫོགས་མིན་ཡོན་ཏན་གྱི། །ཕུང་པོ་ལྕིད་ཀྱིས་གསེར་ལྡན་རྔུལ་བྱེད་པ། །གང་དེས་འགྲོ་རྣམས་རྟག་ཏུ་དགེ་བར་མཛོད། །ཐུགས་རྗེ་ཆེན་པོ་ཁྲོ་ཆགས་ཞི་བའི་ཉམས་ཅན་སྙིང་རྗེའི་ལྷ། །འཛུམ་ལྡན་ཞལ་ལས་འོངས་པའི་བདུད་རྩིའི་རྒྱུན། །ཕན་བདེའི་འཆི་མེད་རོ་བརྒྱའི་དཔལ་སྩོལ་བའི། །དགའ་སྟོན་མཆོག་དེས་རིང་དུ་སྐྱོང་བར་མཛོད། །རབ་དཀར་མཆེ་བ་གཙིགས་པའི་སྤྲིན་གསེབ་ནས། །མཐུ་སྟོབས་མི་ཟད་རྡོ་རྗེའི་ཐོག་མདའ་ཡིས། །ནག་ཕྱོགས་བར་གཅོད་རྩོམ་པ་བདུད་སྡེའི་དཔུང་། །ཐལ་བའི་རྡུལ་ཕྲན་བཞིན་དུ་རླག་པར་མཛོད། །བྱམས་པ་རྗེས་བརྩེའི་མདངས་འོད་མཚམས་སྤྲིན་མཆུ་སྒྲོས་ཀྱི། །འཛུམ་ཞལ་སྟེགས་ཀྱི་སྒོ་ལས་ཉེར་འཕགས་པ། །མི་བརྟན་འཕེལ་དང་འགྲིབ་འགྱུར་སྐྱོན་བྲལ་བར། །ཞལ་བཞེས་དམ་བཅའི་ཉི་འོད་གསལ་བར་མཛོད། །རྗེ་བླ་མ་བློ་ཆེན་ཚངས་(༤༥ན)


GLG018_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བདེ་འབྱུང་ཁྱབ་འཇུག་སོགས། །ཀུན་གྱི་གཙུག་ན་ཞབས་སེན་ངལ་གསོ་བ། །བསྐལ་བཟང་འགྲོ་ཀུན་གཉེན་གྱུར་གྲགས་པའི་དཔལ། །འཇམ་མགོན་བཙོང་ཁ་པ་ཡིས་དགེ་ལེགས་སྩོལ། །དཔལ་ལྷ་མོར་དར་དཀར་པོ་ཆོས་བཞིན་སྒྲུབ་ལ་བར་དུ་གཅོད་པའི་བགེགས། །ནད་གདོན་དགྲ་དཔུང་མུན་པའི་སྨག་རུམ་རྣམས། །དུང་སྐྱོང་རྒྱལ་མོའི་ཐུགས་རྗེའི་ཉི་འོད་ཀྱིས། །མངོན་པར་རབ་ཞི་ཕན་བདེའི་སྣང་བ་སྩོལ། །སེར་པོ་དཔག་བསམ་ལྗོན་པའི་ལང་ཚོ་རྒྱས་པའི་འབྲས། །ཚེ་དཔལ་བསོད་ནམས་ཁུར་གྱིས་ཉེར་དུད་པས། །ཕུན་ཚོགས་འདོད་དོན་རེ་སྐོང་ཡིད་བཞིན་ནོར། །རྒྱས་པའི་འཕྲིན་ལས་ལྷུན་གྱིས་འགྲུབ་པར་མཛོད། །དམར་པོ་སྲིད་དང་ཞི་བའི་དགེ་ལེགས་མ་ལུས་པ། །འབད་མེད་ལག་རྩེར་སྩོལ་བ་དབང་གི་རྒྱལ། །ཁམས་གསུམ་བརྟན་པ་རབ་འཕྲོག་ཀུན་དགའི་དཔྱིད། །ལྷག་པའི་ལྷ་ཀྱེ་འགུགས་པའི་འཕྲིན་ལས་མཛོད། །ནག་པོ་མི་བསྲུན་ལོག་པར་འཁུ་བའི་མཐུ་བྱེད་དང་། །སྡེ་བརྒྱད་འབྱུང་པོའི་གདོན་དང་བགེགས་ལ་སོགས། །བར་དུ་གཅོད་བྱེད་གཟུགས་ཅན་གཟུགས་མེད་ཀུན། །ཐལ་བའི་རྡུལ་ཕྲན་བཞིན་དུ་རླག་པར་མཛོད། །ལྗང་ཁུ་ཐུབ་པའི་བསྟན་པ་སྲིད་མཐའི་བར་དུ་རྒྱས། །ཁྱབ་བདག་བླ་མ་དམ་པའི་ཞབས་པད་བརྟན། །འགྲོ་བ་སྤྱི་དང་ཁྱད་པར་གངས་ཅན་གྱི། །ལུས་ཅན་མ་ལུས་ཕན་བདེར་སྦྱོར་བ་མཛོད། །ཤིང་ལུག་སྨོན་ལམ་གཏོར་རྒྱག་དུས་ཆོས་རྒྱལ་ཆེན་པོ་ཁོག་ཞུགས་ལ་འཕྲིན་ལས་བཅོལ་པའི་(༤༥བ)


GLG018_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་དར་ཁ་ཡིག་བསོད་ནམས་ཟླ་བ་ཡར་ཚེས། ཁྲོ་ཆགས་ཞི་དང་རྒྱས་པའི་རྣམ་འགྱུར་ཅན། །ཞི་རྒྱས་དབང་དྲག་ལས་ལ་ཐོགས་མེད་པ། །བསྟན་སྲུང་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཡིས། །རིག་འཛིན་བདག་གིས་བཅོལ་པའི་ལས་ཀུན་སྒྲུབས། །གནོད་བྱེད་དགྲ་དང་བགེགས་རྣམས་ཐལ་བར་རློགས། །ཆོས་བཞིན་སྒྲུབ་པའི་མཐུན་རྐྱེན་ཚང་བ་དང་། །བསྟན་དང་བསྟན་འཛིན་སྐྱེ་རྒུའི་བདེ་སྐྱེད་འཕེལ། །ལེགས་ཚོགས་ཡོན་ཏན་མ་ལུས་ལྷུན་གྲུབ་མཛོད། །གངས་ཅན་ལྗོང་འདིར་མི་ནད་ཕྱུག་ནད་དང་། །འཐབ་རྩོད་མི་མཐུན་ཉེས་ཚོགས་ཀུན་ཞི་ཞིང་། །བསོད་ནམས་རབ་ཏུ་བརྟན་པའི་མི་ཡི་རྗེ། །ཚེ་དཔལ་མངའ་ཐང་མ་ལུས་རྒྱས་པར་མཛོད། །ཤིང་ལུག་ནག་པ་ཟླ་བའི་བརྒྱད་གཏོར་གྱི་དུས་གུར་ཞལ་ལས་མཁན་དང་བཅས་པར་ཕུལ་བའི་སྙན་དར་ཞལ་ཡིག་བཀའ་རྟགས་རྡོ་རྗེས་མཚན་པའི་ཅོད་པན། མིག་སྨན་དང་མཚུངས་ཆར་སྤྲིན་ལྟར་གནག་ཞལ། །དམར་ཟླུམ་སྤྱན་གྱིས་གློག་འཁྱུག་ལེགས་ཉེས་གཟིགས། །དགྲ་བགེགས་སྲོག་ལ་རྔམ་པའི་ཁ་གདངས་པ། །སྲིན་པོའི་གཟུགས་ཅན་དཔལ་ལྡན་ནག་པོ་ཆེ། །བསྟན་སྲུང་རྒྱ་མཚོའི་དབང་ཕྱུག་རྡོ་རྗེ་གུར། །གནས་སྲུང་མཁའ་འགྲོའི་གཙོ་མོ་དུད་སོལ་མ། །མཐུ་ཆེན་སྟོབས་འཕྲོག་ནག་པོ་གདོང་བཞི་པ། །བརྩེ་གདུང་བྱམས་ལྡན་ཡུམ་ཆེན་མཁའ་འགྲོ་བཞི། །སྲོག་གཅོད་གནོད་སྦྱིན་པུ་ཏྲ་མིང་སྲིང་དང་། །གནོད་སྦྱིན་བཤན་པ་བེག་རྩེ་ལྕམ་དྲལ་སོགས། །མཐུ་སྟོབས་རྫུ་འཕྲུལ་དཔག་པར་དཀའ་པ་ཡི། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །(༤༦ན)


GLG018_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་དབང་མཆོག་སྲེད་ཀླུ་སྒྲུབ་ཞབས། །མལ་ལོ་གཉན་དང་བླ་ཆེན་ས་སྐྱ་བ། །མཚར་ཆེན་ཆོས་ཀྱི་རྒྱལ་པོ་ནས་བཟུང་སྟེ། །རྩ་བའི་བླ་མའི་བར་གྱི་དམ་ཚིག་རྣམས། །དྲན་པར་མཛོད་ལ་རིགས་འཛིན་བདག་ཅག་གིས། །བཅོལ་བའི་ཞི་རྒྱས་དབང་དང་དྲག་པོའི་ལས། །མ་ལུས་ཐོགས་པ་མེད་པར་ལྷུན་གྲུབ་པའི། །ཕུན་ཚོགས་དགེ་མཚན་ཕྱོགས་བཅུར་རྒྱས་པར་མཛོད། །མེ་སྤྲེལ་ལོ་གསར་གྱི་ཚེ་སྲིད་གསུམ་དབང་མོ་མཆོད་པའི་དུས་ཕུལ་བའི་དར་ཚོན་སྣ་ལྔའི་སྙན་དར་ཞལ་ཡིག་འཛད་མེད་གཏེར་གྱི་བུམ་བཟང་། དཀར་པོ་ཀཻ་ལ་ཤ་ཡི་རི་བོ་ཟླ་གཞོན་གྱིས། །ལན་བརྒྱར་འཁྱུད་འདྲའི་དཀར་འཇམ་མཛེས་སྡུག་ཅན། །རྒྱལ་བ་ཀུན་ཡུམ་དཔལ་གྱི་ལྷ་མོ་ཁྱོད། །བདག་སྙིང་པདྨའི་ཟེའུ་འབྲུར་རྟག་བཞུགས་ནས། །སྲུང་བའི་རྭ་བར་བཅུག་དང་བཅས་པ་ལ། །སྔོན་ལས་འཕྲལ་རྐྱེན་ནད་གདོན་བར་ཆད་ཀུན། །རབ་ཏུ་ཞི་བའི་འཕྲིན་ལས་ལེགས་སྒྲུབ་པར། །མཁྱེན་བརྩེ་ནུས་པའི་མཐུ་དཔུང་སྐྱེད་དུ་གསོལ། །སེར་པོ་གསེར་བཞུན་བརྩེགས་པའི་ལྷུན་པོ་ལྟར་བརྗིད་ཅིང་། །ཉི་མ་འབུམ་གྱི་གཟི་འོད་མདངས་ལ་འཁུ། །དབང་ཕྱུག་ཡོན་ཏན་བརྒྱད་ལ་མངའ་འབྱོར་བ། །རྡོ་རྗེ་དབྱིངས་ཕྱུག་དཔལ་ལྡན་ལྷག་པའི་ལྷས། །རིག་འཛིན་བདག་དང་སྲུང་བར་བཅུག་རྣམས་ཀྱི། །ཚེ་དཔལ་སྟོབས་འབྱོར་མངའ་ཐང་ལོངས་སྤྱོད་སོགས། །ཆོས་དང་སྲིད་ཀྱི་ལེགས་ཚོགས་ཡོན་ཏན་རྣམས། །མ་ལུས་འཕེལ་ཞིང་རྒྱས་པའི་འཕྲིན་ལས་མཛོད། །བསམས་པ་ཙམ་གྱིས་འདོད་(༤༦བ)


GLG018_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རེ་བ་ཀུན། །ལེགས་སྐོང་ཡིད་བཞིན་ནོར་དང་རབ་མཚུངས་པའི། །ལྷ་ཁྱོད་རྟག་ཏུ་བདག་གི་གྲོགས་མཛད་དེ། །གང་བསམས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །དམར་པོ་ཁྲོ་ཆགས་དབང་གི་ཉམས་ལྡན་སྲིད་གསུམ་ལ། །དབང་སྒྱུར་འདོད་ཁམས་བདག་མོ་ཁྱོད་ཉིད་ཀྱི། །རྨད་བྱུང་ཐུགས་རྗེའི་བཛྲ་ཨཾ་ཀུ་ཤས། །ཡིད་ལ་བསམས་པའི་སྡེ་བཞིའི་ལེགས་ཚོགས་ཀུན། །ཨིནྡྲ་ནཱི་ལ་ལྟར་སྔོའི་རྫིང་བུ་ལ། །གཉིས་སྐྱེས་ལུས་དཀར་དབང་མེད་འདུ་བ་དང་། །པདྨའི་དྲི་ཡིས་བུང་བ་སྡུད་པ་ལྟར། །རིག་འཛིན་བདག་གི་དབང་དུ་འགྱུར་པར་མཛོད། །སྔོན་པོ་ཤུགས་དྲག་དུས་མཐའི་དྲི་བཞོན་ལྟར་འཚུབ་ནང་། །བསྐལ་པའི་མེ་དཔུང་རབ་འབར་ཀློང་དཀྱིལ་དབུས། །སྲིད་གསུམ་ཟ་བྱེད་རྔམ་པ་སྲིན་མོའི་གཟུགས། །དམག་ཟོར་ལྷ་མོ་རེ་མ་ཏི་ཁྱོད་ལ། །བསྟན་འགྲོའི་ཕན་བདེ་འཇོམས་པ་སྤྱི་ཡི་དགྲ །བསྒྲལ་བའི་ཞིང་གྱུར་གཟུགས་ཅན་གཟུགས་མེད་རྣམས། །གཏོད་ན་བླ་སྲོག་ཚེ་ལ་ཧབ་ཟས་གྱིས། །ལས་ཀྱིས་ཤི་དང་ནམ་མཁར་ཚད་མ་འཛུགས། །ལོ་ཟླར་མ་འགྱང་མི་རབས་རྩད་ནས་ཆོད། །ཤུལ་ཙམ་མ་འཇོག་རྗེས་མེད་རླུང་ལ་སྐུར། །དྲག་པོའི་ལས་སྦྱོར་མྱུར་དུ་འགྲུབ་པར་མཛོད། །ལྗང་ཁུ་ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་པ་བཞི། །བསམ་པ་ཇི་བཞིན་ལྷུན་གྱིས་གྲུབ་པ་ལ། །འདོད་འཇོའི་བ་དང་གཏེར་བུམ་དཔག་བསམ་ཤིང་། །དབང་གི་རྒྱལ་པོ་ལྟ་བུར་མཛད་དུ་གསོལ། །(༤༧ན)


GLG018_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལུག་ཧོར་ཟླ་བཅུ་གཉིས་པའི་ཚེ་བདག་གཤིན་རྗེ་རོལ་པའི་གཏོར་ཟློག་གི་སྤྲུལ་པའི་དུ་མོན་འབྲུག་པའི་བློན་པོ་གཡུལ་སར་བར་དམིགས་ཀྱི་བཀར་བ་དགོས་ཚུལ་བྱུང་བ་ལྟར་ཟོར་ཁ་བསྒྱུར་པས་མེ་སྤྲེལ་གྱི་དབྱར་སོས་གཡུལ་སར་པ་གློ་བུར་དུ་འཇིག་རྟེན་ཕ་རོལ་དུ་སོང་པའི་གནས་ཚུལ་བྱུང་པའི་ཚེ་གཏང་རག་ཕུལ་པའི་སྙན་དར་ཞལ་ཡིག་བཤན་པ་རྣམ་རོལ། བསྟན་འཛིན་འབྲུག་གྲགས་གཤིན་རྗེའི་དམག་ཚོགས་ཀྱིས། །སྲོག་བཅད་ཤ་ཁྲག་ཚོགས་སུ་ལེགས་རོལ་པའི། །འཕྲིན་ལས་ཐོགས་མེད་གྲུབ་པའི་གཏང་རག་ཏུ། །ཕྱི་ནང་ཉེར་སྤྱོད་སྨན་གཏོར་རཀྟ་འབུལ། །གསེར་འཕྱང་གི་ལོ་ཧོར་ཟླ་ལྔ་པའི་ཉེར་གཉིས་ཀྱི་ཉིན་སྲིད་གསུམ་བདག་མོ་མདོས་ཀྱི་མཆོད་པའི་འཕྲིན་ལས་བཙུགས་སྐབས་སྙན་དར་ཞལ་ཡིག་དགྱེས་ཞལ་སྟོན་ཟླ་རྒྱས་པའི་དཀྱིལ་འཁོར། མཆོག་ཏུ་དགྱེས་པ་སྐྱེད་པ་ཞལ་གྱི་སྒོ། །སྟོན་དུས་ཟླ་བའི་དཀྱིལ་འཁོར་རྒྱས་པ་ལྟར། །བདེ་ཆེན་ཆོས་དབྱིངས་མཁའ་ལས་ཉེར་བསྟན་ནས། །སྲིད་གསུམ་སྣང་བ་སྩོལ་ཅིག་རེ་མ་ཏི། །གསང་གསུམ་མི་ཤིགས་སྒྱུ་འཕྲུལ་རྡོ་རྗེའི་གར། །གཞོན་མེད་ནཱ་དའི་དབྱར་རྔ་ཐོས་པའི་མོད། །སེམས་ཀྱི་རྨ་བྱ་དད་དུངས་སྒྲོ་གཤོག་གདུགས། །དགའ་སྤྲོའི་གུར་ཁྱིམ་མདངས་བཀྲག་འོད་དུ་འཚེར། །དཔལ་ལྡན་རྡོ་རྗེ་དབྱིངས་ཕྱུག་གསང་བའི་ཡུམ། །བདེ་ཆེན་འཁོར་ལོ་ཆེན་པོར་རྒྱས་འདེབས་མ། །ལས་ཀུན་བསྒྲུབ་ཕྱིར་དབང་ཕྱུག་ཉེར་བརྒྱད་གཙོ། །སྐབས་འགར་འདོད་ཁམས་བདག་མོའི་མཚན་གྱི་སྙན། །ལྷ་གཅིག་ཉེར་དགོངས་བརྣག་པའི་སེམས་འཆང་བ། །བགེགས་རིགས་ནུས་སྟོབས་སྲོག་དང་ལྷན་ཅིག་པར། །དམ་ཉམས་དགྲ་བོའི་སྙིང་ཁྲག་(༤༧བ)


GLG018_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དྲོན་མོའི་རྒྱུན། །ནལ་བུའི་ཐོད་པར་བླུགས་ནས་ཞལ་དུ་གསོལ། །དེ་ཚེ་གཟུགས་ཅན་གཟུགས་མེད་ནག་པོའི་དཔུང་། །སྡེ་དང་བཅས་པའི་གཡུལ་ལས་རྣམ་རྒྱལ་རྟགས། །བདན་དཀར་པོ་སྲིད་པའི་བརྩེར་བསྒྲེངས་ནས། །ལྷ་ཁྱོད་ཞལ་བཟང་མཐོན་པོའི་དབྱིངས་སུ་གཏོད། །སྲིད་དང་ཞི་བའི་ཕུན་ཚོགས་དངོས་པོ་ཀུན། །ཅིག་ཅར་བརྟན་པ་རབ་འཕྲོག་ཐུན་མཚམས་མདངས། །དབང་ཕྱུག་ཡོན་ཏན་གྲུབ་པའི་ལྕགས་ཀྱུ་དེས། །ནོར་འཛིན་བུ་མོའི་མངལ་ཁུར་ལྕི་བར་མཛོད། །བསོད་ནམས་ས་སྲུང་ན་ཚོད་དར་བབས་སྟེང་། །འཆི་མེད་ཚེ་ཡི་འདྲེན་བྱེད་སྟོང་ལྡན་པས། །བདེ་སྐྱིད་འབྱོར་པའི་དཔལ་ལ་བསྐལ་པ་རུ། །གཟིགས་མོར་མཚར་ཅིང་སྤྱོད་པའི་དངོས་གྲུབ་སྩོལ། །ཐུགས་རྗེའི་གསེར་རིའི་སྦུབས་ནས་མཐུ་སྟོབས་ཀྱི། །ཉི་མ་འབུམ་ཕྲག་འཆར་བའི་འོད་དཔུང་གིས། །ནད་གདོན་ཉེ་བར་འཚེ་བ་རྒུད་ཚོགས་མུན། །མིང་གི་ལྷག་མར་གཏང་ནས་ཉེར་ཞིར་མཛོད། །སངས་རྒྱས་ཀུན་གྱི་ཐུགས་རྗེའི་རྒྱ་མཚོ་ལས། །ལས་ཀུན་སྒྲུབ་ལ་ཐོགས་མེད་ཡོངས་འདུའི་ལྗོན། །ཐུབ་བསྟན་ཚལ་དུ་འཁྲུངས་པའི་ལྷ་ཁྱོད་ཀྱིས། །བསམ་པའི་རེ་སྐོང་དབང་གི་རྒྱལ་པོར་མཛོད། །ཟུར་ཆེན་ཁྱབ་བདག་ཆོས་དབྱིངས་རང་གྲོལ་པདྨ་འོད་ཀྱི་ཞིང་དུ་སྐུའི་བཀོད་པ་བསྡུས་པའི་ཚེ་སྐུ་གདུང་རིན་པོ་ཆེར་ཕུལ་པའི་སྙན་དར་ཞལ་ཡིག་རྡོར་སེམས་འཇའ་ལུས་རང་ཞལ། རིགས་ཀུན་ཁྱབ་བདག་རྗེ་བཙུན་བླ་མ་མཆོག །ཞིང་ཁམས་བྱེ་བ་ཕྲག་བརྒྱར་སྐུའི་བཀོད་པ། །སྣ་ཚོགས་བསྟན་ནས་མཁའ་མཉམ་འགྲོ་འདྲེན་པའི། །བཞེད་(༤༨ན)


GLG018_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཇི་བཞིན་ལྷུན་གྱིས་འགྲུབ་པ་དང་། །མགོན་ཁྱོད་སྙིང་དབུས་ཟེ་འབྲུར་རྡོ་རྗེ་སེམས། །རང་སེམས་དག་པའི་ངོ་བོར་རྟག་བཞུགས་ཀྱང་། །གངས་ཅན་ལྗོངས་འདིར་ངེས་གསང་རྡོ་རྗེའི་ཐེག །སྤེལ་ཕྱིར་སྤྲུལ་པའི་ཟློས་གར་མྱུར་སྟོན་ཤོག ། ཟུར་ཆེན་འཁོར་ལོའི་མགོན་པོ་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚེ་མཁའ་ཁྱབ་ཀྱི་འགྲོ་བ་སྒྲོལ་བའི་འཕྲིན་ལས་ཇི་བཞིན་འགྲུབ་པའི་བདེན་ཚིག་མཆིམས་ཕུ་གསང་ཕུག་གི་ཨོ་རྒྱན་རིན་པོ་ཆེའི་སྐུ་བརྙན་ལ་ཕུལ་བའི་སྙན་དར་ཁ་ཡིག་འོད་གསལ་སྒྱུ་འཕྲུལ་དྲ་བ། ཀུན་ཁྱབ་དག་པའི་དབྱིངས་ནས་ལྷུན་གྲུབ་པའི། །རྨད་བྱུང་ཐུགས་རྗེའི་སྣང་བ་འཇམ་ཀླས་པ། །བགྲང་ཡས་ཞི་ཁྲོ་ཀུན་འདུས་པདྨ་འབྱུང་། །མི་ཟད་གསུངས་མཆོག་གནས་ཀྱི་རྟེན་འབྲེལ་མཐུས། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་བྱེད་པ་པོ། །ལུང་དང་རྟོགས་པའི་དཔལ་འབྱོར་བང་མཛོད་ཅན། །དག་དང་མ་དག་ཞིང་ཁམས་རྡུལ་རྙེད་དུ། །རྣམ་དཀར་འཕྲིན་ལས་རབ་ཏུ་རྒྱས་གྱུར་ཅིག །རྔ་ཡབ་གླིང་དབུས་ཟངས་མདོག་དཔལ་རིའི་རྩེར། །པདྨའི་ཕོ་བྲང་དབང་གི་གྲོང་ཁྱེར་དུ། །གཉག་བན་རང་གི་གདན་ཁྲི་ག་ལ་བར། །ངོ་མཚར་དག་པའི་སྣང་བ་འཕེལ་གྱུར་ཅིག །ཆོས་དབྱིངས་ཀུན་གསལ་ངོས་སུ་རིག་པའི་རྩལ། །རང་གྲོལ་འོད་གསལ་ཀ་དག་ཀློང་ཡངས་ནས། །སྒྱུ་འཕྲུལ་མཚན་དཔེའི་འཇའ་ཚོན་རབ་བཀྲའི་མདངས། །སྤྲུལ་པའི་འོད་ཟེར་མཁའ་ལ་ཁྱབ་གྱུར་ཅིག །ས་ཁྱི་གནམ་ལོ་གསར་ཚེས་ཀྱི་ཉིན་སྲིད་གསུམ་བདག་མོ་མཆོད་པའི་དུས་ཀྱི་སྙན་དར་ཞལ་(༤༨བ)


GLG018_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་རྣམ་པར་རྒྱལ་བའི་དབྱངས་སྙན། རྒྱལ་བར་གྱུར་ཅིག་སྭ་སྟིའི་དབྱངས་སྙན་པོས། །ཤིས་བརྗོད་ཚིག་གི་འཕྲེང་བ་ཉེར་སྤེལ་ན། །སྲིད་གསུམ་དབང་སྒྱུར་ལྷག་པའི་ལྷ་མོ་ཡིས། །བསམ་དོན་ལྷུན་གྲུབ་དཔག་བསམ་ཡོངས་འདུར་མཛོད། །ཟླ་རྒྱས་ཞལ་གྱི་འཛུམ་འཕྲེང་བསིལ་ཟེར་གྱིས། །ནད་གདོན་རྒུད་ཚོགས་མུན་སྟུག་རབ་ཞི་སྟེ། །བདེ་སྐྱིད་སྣང་བ་དཀར་པོས་ཡོངས་ཁྱབ་པའི། །དགའ་སྟོན་མཆོག་ལ་སྤྱོད་པའི་དཔལ་སྩོལ་ཅིག །ཚེ་དང་དཔལ་འབྱོར་སྟོབས་ཀྱི་རྒྱ་མཚོ་ཆེར། །ལེགས་བྱས་བྱེ་བའི་ཆུ་ཀླུང་ཀུན་འདུས་ཏེ། །ཕན་བདེའི་རླབས་འཕྲེང་སྲིད་པའི་རྩེ་མོའི་བར། །རབ་འཕྱུར་བླ་ནས་བླར་འདེགས་འཕྲིན་ལས་མཛོད། །ཤུགས་དྲག་བསོད་ནམས་རྟ་བདུན་གྱིས་དྲངས་ལས། །དབང་ཐང་འབུམ་ཕྲག་ཉིན་མོར་བྱེད་པའི་གཟིས། །བརྟན་གཡོའི་ཆོས་ཀྱི་དྲོ་འཇམ་ཡོངས་བཀུག་པས། །དགའ་སྟོན་སོས་ཀྱི་ལང་ཚོ་དར་བབས་མཛོད། །མི་བསྲུན་དགྲ་བགེགས་བུང་བའི་འཕུར་ལྡིང་ཀུན། །མཐུ་སྟོབས་བྱིན་ཟ་འབར་བ་རྣོན་པའི་ལྕེས། །ཕྱེ་མར་བཏགས་ཏེ་སྲིད་གསུམ་མ་ལུས་ལས། །རྣམ་པར་རྒྱལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ས་ཁྱི་གནོད་སྦྱིན་བེག་རྩེ་ལ་བསྐང་བ་ཁྲི་ཚར་གྱི་སྒོ་ནས་སྒེར་གསོལ་བྱས་སྐབས་ཕུལ་བའི་སྙན་དར་ཞལ་ཡིག་མཐུ་སྟོབས་ཉི་འོད་འབར་བ། མཐུ་སྟོབས་ཉི་མའི་གཟི་བརྗིད་འོད་པོ་ཆེས། །ལེགས་བྱས་པད་དཀར་བཞད་དང་ལྷན་ཅིག་པར། །སྲིད་གསུམ་བུང་བའི་བརྟན་འཕྲོག་རྒུད་པའི་མུན། །མཐར་བྱེད་ལས་རྣམས་མ་ལུས་འགྲུབ་(༤༩ན)


GLG018_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །རབ་ཁྲོས་བཤན་པ་ཁྱོད་ཞལ་གདངས་པའི་ནང་། །བརྣག་པའི་དགྲ་རྣམས་ཟས་སུ་གཏོད་བྱེད་ན། །ཤ་ཁྲག་རུས་པ་ནང་ཁྲོལ་བླ་ཚེ་སྲོག །མྱུར་དུ་བཞེས་ལ་ཐལ་བའི་རྡུལ་དུ་རློག ། ས་ཁྱི་ཆོས་འཁོར་རྒྱལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་མཆོད་འབུལ་དང་མགོན་ཁང་རྣམས་སུ་གཏོར་གསོས་སྐང་བཤགས་བྱེད་པར་མཆོད་དཔོན་བློ་བཟང་མཐུ་སྟོབས་ཀྱིས་གཙོས་པའི་ཕན་བདེ་ལེགས་བཤད་ གླིང་པའི་གྲྭ་་ཁ་ཤས་བཏང་དུས་བྱམས next hit་ཆེན་ལ་ཕུལ་པའི་སྙན་དར་ཞལ་ཡིག་རྣམ་པར་རྒྱལ་པའི་ཅོད་པན། བྱམས་པ་ཆེན་པོས་བདུད་ཀྱི་སྡེ་དཔུང་ལས། །རྣམ་པར་རྒྱལ་བ་རིན་ཆེན་ཅོད་པན་གྱིས། །མཛེས་པའི་ཁྱད་པར་ཅན་གྱུར་མི་ཕམ་མགོན། །དངོས་པོ་ཀུན་གྱིས་བཏུད་བྱའི་རྒྱལ་ཚབ་མཆོག །སྡིག་ཏོའི་ནད་ཀུན་རབ་ཞི་སྨན་གཅིག་པུ། །ཕ་རོལ་ཕྱིན་བཅུའི་ཆོས་ཚུལ་ཟབ་བརླིང་བས། །འགྲོ་རྣམས་ཕན་དང་བདེ་བའི་ས་ཆེན་པོར། །སྦྱོར་མཛད་དྲང་སྲོང་ཁྱོད་མིན་གཞན་ན་སུ། །ཆོས་ཀུན་གཟིགས་པའི་ས་བོན་རབ་སྨིན་པ། །ཚོགས་གཉིས་མྱུ་གུ་ཡོངས་སུ་དར་བབས་དཔྱིད། །མཚན་དཔེ་རོ་བརྒྱའི་དཔལ་དུ་དངར་བའི་འབྲས། །ཡོངས་འདུའི་མཆེད་ཟླ་ཁྱོད་ཀྱི་ཁུར་དུ་ལྕི། །འཆར་ནུབ་སྤངས་པ་ཐུགས་རྗེའི་འོད་པོ་ཆེ། །རིས་མེད་ཀུན་ལ་འཇུག་པ་སྣང་བའི་གཏེར། །ལྷག་བསམ་རླུང་གི་ཤིང་རྟས་ཉེར་དྲངས་ཚེ། །བསྟན་འགྲོའི་ལྷ་ཡི་ལམ་དེར་ཅིས་མི་རྒྱུ། །ཨུཏྤལ་མཐིང་ཁ་ལྟར་མཛེས་སྤྱན་རས་ཀྱི། །དཀྱུས་རིང་འགྲོ་བ་ཀུན་ལ་རྗེས་ཆགས་པ། །གཡེལ་མེད་རྟག་ཏུ་རྩེ་བའི་གཟིགས་པ་ཡིས། །དགེ་དང་(༤༩བ)


GLG018_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་ཆོས་འབྲས་དེ་གཅིག་ཏུ་དཀར། །ཁྲོ་དང་སྡང་བ་ནག་པོའི་དྲི་མ་ཀུན། །དག་པའི་ཚེམས་ཀྱི་ཟེའུ་འབྲུ་ཞལ་གྱི་སྒོའི། །འདབ་སྟོང་འཛུམ་ལྡན་དབུས་ནས་ཉེར་བསྟན་ཚེ། །ངེས་ལེགས་ཁང་བཟང་དམ་པར་འགྲོ་རྣམས་སུ། །ཀྭ་ཡི་སྲིད་འཁོར་ཚ་གདུང་ཡོངས་གཞིལ་སླད། །བཤད་དང་སྒྲུབ་པའི་ཐུབ་བསྟན་གདུགས་དཀར་པོ། །སྡེ་བཞིའི་རིན་ཅེན་ཡུ་བས་ལེགས་བཏེགས་ནས། །རབ་མཐོའི་ཀུན་གསལ་འགྲམ་པར་འཁོར་གྱུར་ཅིག །སྙིགས་མར་སྤྱོད་པའི་མ་དག་རྙོག་མ་ཀུན། །དྲུངས་བྱེད་ཆོས་སྲིད་ནོར་བུ་ཀེ་ཏ་ཀས། །རྫོགས་ལྡན་དུས་ཀྱི་ཆུ་ཀླུང་དངས་པའི་ངོས། །བདེ་སྐྱིད་ཟླ་གཟུགས་འབུམ་ཕྲག་འཆར་གྱུར་ཅིག །རྒྱལ་མཐིལ་གྱི་མགོན་ཁང་ཆེན་མོར་ཆོས་སྐྱོང་སྤྱི་ལ་ཕུལ་བའི་སྙན་དར་ཞལ་ཡིག་དབང་ཕྱུག་དྲག་པོར་ཁྲོས་པའི་མེ་དཔུང་། ཆོས་དབྱིངས་ཀུན་གསལ་ལུས་ཕྲའི་མངལ་ཡངས་ལས། །མ་སྨད་སྙིང་རྗེའི་ཆར་སྤྲིན་རབ་སྦྲུམ་པས། །ཁྲོ་གཏུམ་དྲག་པོའི་ཐོག་སེར་འཕྲོ་བ་ཅན། །དུས་དགྲའི་དབང་པོ་འཇམ་དཔལ་མ་ཧེའི་ཞལ། །ཁྱོད་གསུང་རྡོ་རྗེའི་ཚིག་གི་མདུད་པའི་རྒྱ། །འགྲོལ་མིན་ཕྱི་ནང་གསང་གཤེད་ལས་གཤིན་གསུམ། །སྐྱེ་འགྲོའི་སྲོག་འཕྲོག་འཆི་བདག་བྱེ་བ་འཁོར། །གྲངས་མེད་གནམ་སའི་ཁྱོན་ཡང་དོག་པོར་འགོད། །ཕྱག་ན་པདྨའི་ཐུགས་རྗེའི་རང་གཟུགས་གར། །དཔལ་ལྡན་ནག་པོ་ཆེན་པོ་ཕྱག་དྲུག་པ། །གསང་ཡུམ་བཀའ་སྡོད་བཅས་པའི་རྫུ་འཕྲུལ་གྱིས། །གཙུག་ན་ཟླ་བ་ཁེངས་པ་ཐུང་ངུར་བྱེད། །ལུས་ངན་དུག་གིས་ལྷ་མིན་ཉེར་བཅོམ་ཞིང་། །ལྷ་རྣམས་བདེ་(༥༠ན)


GLG018_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བར་ངལ་གསོའི་དཔལ་སྟེར་བ། །རྣམ་མང་ཐོས་པའི་སྲས་ཞེས་འཇིག་རྟེན་ན། །གྲགས་པའི་མཚན་སྙན་གྱིས་ཀྱང་དབུལ་ཕོངས་སེལ། །སྲིད་ཞིའི་གདུང་བའི་མུན་པ་ཀུན་འཕྲོག་པ། །འཇམ་དང་རྩུབ་འགྱུར་ཟུང་འཇུག་ཉི་ཟླའི་གཟུགས། །གང་སྐུར་རབ་འཆར་འཕྲིན་ལས་སྒྱུ་མ་མཁན། །སྲིད་གསུམ་དབང་མོའི་མཐུ་སྟོབས་མཁའ་ལྟར་ཡངས། །མ་རུང་དགྲ་སྡེའི་ནུས་དཔུང་ཅིག་ཅར་དུ། །འཕྲོག་བྱེད་དཔའ་བོ་གཏུམ་ཆེན་བྲམ་ཟེའི་གཟུགས། །བཀའ་སྡོད་བཤན་པའི་དབང་པོ་བེག་རྩེ་ཅན་། །བསྟན་སྲུང་དམ་ཅན་རྒྱ་མཚོར་བཅས་པ་ཀྱེ། །བརྣག་པའི་སེམས་འཆང་གཟུགས་ཅན་གཟུགས་མེད་དཔུང་། །ནག་ཕྱོགས་རྩ་ལག་གཞན་འཕྲུལ་བདག་པོའི་ལུས། །མཐུ་སྟོབས་ཆེན་པོ་དབང་ཕྱུག་མིག་གི་མེས། །ཕྱེ་མར་འཐག་བྱེད་དྲག་པོའི་འཕྲིན་ལས་སྒྲུབས། །ཐུགས་རྗེའི་ཆུ་གཏེར་ཆེན་པོ་ལས་འོངས་པ། །ཞི་རྒྱས་དབང་གི་འཕྲིན་ལས་ཟིལ་དངར་ཅན། །དུས་ཀུན་ལོངས་སུ་སྤྱོད་དཔའི་དགའ་སྟོན་གྱིས། །ལེགས་བྲིས་དབང་པོའི་སྤུན་ཟླར་གྲུབ་མཛོད་ཅིག །མགོན་ཁང་ཆེན་མོའི་རྡོ་སྐུ་མེ་འབར་མའི་སྙན་དར་ཞལ་ཡིག་བསྐལ་པའི་བྱིན་ཟ་རབ་འབར། དྲག་ཤུལ་སྟོབས་ཀྱིས་སྲིད་གསུམ་མ་ལུས་པ། །འདར་མཛད་ཞིང་སྐྱོང་ཆེན་པོ་གདོང་བཞི་པའི། །སྣང་བརྙན་བསྐལ་པའི་བྱིན་ཟ་རབ་འབར་བས་། །འཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ་པར་མཛོད། །རྒྱལ་མཐིལ་གྱི་ཅིང་སྒྲ་ཁང་གི་ཤོད་ཀྱི་མགོན་པོ་ཀོ་(༥༠བ)


GLG018_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམས་མའི་སྙན་དར་ཞལ་ཡིག་མིའུ་ཐུང་དྲག་པོར་ཁྲོས་པའི་སྲིན་པོ། ཁྱབ་བདག་ཧེ་རུ་ཀ་དཔལ་ཆེ། །མིའུ་ཐུང་སྲིན་པོའི་གཟུགས་འཆང་བ། །མ་ཧཱ་ཀཱ་ལ་འཁོར་བཅས་ཀྱིས། །བཅོལ་པའི་འཕྲིན་ལས་འགྲུབ་པར་མཛོད། །རྒྱལ་མཐིལ་མགོན་ཁང་བར་གྱི་དཔལ་ལྡན་དམག་ཟོར་མའི་སྙན་དར་ཞལ་ཡིག་འདོད་དོན་ཡོངས་འདུའི་འབྲས་བཟང་། དཔག་བསམ་ཤིང་དང་འདོད་འཇོའི་བ། །བུམ་བཟང་ཡིད་བཞིན་ནོར་བུ་ལྟར། །འདོད་པའི་རེ་བ་སྐོང་མཛད་པ། །དམག་ཟོར་ལྷ་དེས་འཕྲིན་ལས་སྒྲུབས། །རྒྱལ་ལྷུན་གྲུབ་དགའ་བའི་ཚལ་གྱི་དེ་ཝཱི་རྐོ་ཊིར་དཔལ་ལྡན་འདོད་ཁམས་དབང་ཕྱུག་མར་ཕུལ་བའི་སྙན་དར་ཞལ་ཡིག་རྫོགས་ལྡན་འཛུམ་ཞལ་དགོད་པའི་དགའ་སྟོན། ཁྱབ་བདག་ཧེ་རུ་ཀ་དང་མཉམ་སྦྱོར་བ། །བདེ་ཆེན་འཁོར་ལོ་ཆེན་པོར་རྒྱས་འདེབས་ཡུམ། །གཉིས་མེད་གཉིས་སུ་སྣང་བའི་ཟློས་གར་ཅན། །སྲིད་གསུམ་དབང་སྒྱུར་དཔལ་ལྡན་རེ་མ་ཏི། །དབང་པོའི་གཞུ་ཡིས་རབ་དཀྲིས་ཀཻ་ལ་ཤའི། །རི་བོའི་ཁེངས་པ་བསྙོལ་ནུས་མཛེས་སྡུག་ཅན། །ཡིད་འོང་མིག་གི་བདུད་རྩིར་ཟླ་མེད་པ། །དུང་སྐྱོང་མ་སོགས་རྣམ་འགྱུར་ཅི་ཡང་སྟོན། །བསོད་ནམས་ཉི་མ་སྟོང་དུ་འབར་བའི་གཟི། །ཡིད་བཞིན་དབང་གི་རྒྱལ་པོ་འདོད་འཇོ་མཁན། །འཛམ་བུའི་གསེར་སྦྱངས་ལས་གྲུབ་ལྷུན་པོ་ཡི། །སྤུན་ཟླས་གངྒཱའི་རྡུལ་གྲངས་བག་ལ་ཞ། །འགྲོ་ལ་སྙིང་རྗེས་ཆགས་པའི་འོད་མདངས་དང་། །བརྟན་གཡོའི་སྙིང་གི་བཅུད་ཁྲག་གིས་མྱོས་པ། །ལྷན་ཅིག་རྒོད་མ་ཁ་ལྟར་དམར་བའི་མདོག །གྲངས་མེད་སྤྲོས་ཚེ་སྲིད་གསུམ་འདར་ཞིང་འདུད། །དུས་མཐའི་མེ་རླུང་འདྲེས་མར་འཚུབ་པའི་(༥༡ན)


GLG018_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དབུས། །མིག་སྨན་མདོག་ཅན་རབ་ཁྲོས་སྲིན་མོའི་གཟུགས། །རྐྱང་སེར་དྲེའུའི་སྟེང་ན་ཕྱེད་སྐྱིལ་ཅན། །གནས་གསུམ་མཁའ་འགྲོའི་གཙོ་མོ་དམག་ཟོར་ལྷ། །ནད་གདོན་སྒྲིབ་གཉིས་འཇིལ་པའི་སྨན་གཅིག་པུ། །རབ་དཀར་འཕྲིན་ལས་གསེར་མདོག་རྣམ་པར་རྒྱལ། །འདི་ཕྱིའི་བདེ་སྐྱིད་སྲོག་འཚོའི་ཆོ་ག་མཁན། །ལྷུན་གྱིས་གྲུབ་པའི་ནུས་དཔུང་སྐྱེད་དུ་གསོལ། །བསྐལ་པར་འགྲན་པའི་ཚེ་དང་བསོད་ནམས་ཀྱི། །ཕུང་པོས་ཀུན་བཟོད་ངལ་པའི་རྔུལ་ཆུའི་རྒྱུན། །དབང་ཐང་རྒྱ་མཚོར་བབས་ཀྱང་དོག་མིན་པའི། །ལེགས་ཚོགས་བླ་ནས་བླར་འདེགས་འཕྱུར་བར་མཛོད། །འགྲོ་བའི་ཡིད་འགུགས་དམར་འོད་ལྕགས་ཀྱུའི་རྩེ། །སེམས་བྲལ་འཛིན་མར་བཏབ་ཀྱང་ཟུང་རྔུ་ཡིས། །འདར་པར་ནུས་ཕྱིར་བརྟན་གཡོའི་ཆོས་རྣམས་ཀུན། །ཁབ་ལེན་རྡོ་ཡིས་ལྕགས་ཀྱི་ཕྱེ་ལྟར་དྲོངས། །ཟས་སུ་ཉེར་གཏད་དགྲ་དང་བགེགས་ཀྱི་དཔུང་། །བདུན་བརྒྱུད་ཚུན་གྱི་བླ་ཚེ་སྟོབས་འབྱོར་དང་། །མཐུ་དང་ནུས་པ་ཉམས་ཤིང་བརླག་པ་ལ། །དུག་སྤྲུལ་སྒོང་ཁྱེར་རྗེས་སུ་བསྙེག་ལྟར་མཛོད། །ཕུན་སུམ་ཚོགས་པའི་དགའ་སྟོན་དཔལ་ལྡན་ཞིང་། །ཆོས་སྲིད་ཟུང་དུ་ཉེར་འཇུག་ཕོ་བྲང་ཆེར། །རྫོགས་ལྡན་དུས་ཀྱི་ས་དབང་ཇི་བཞིན་དུ། །བསམས་པ་ཙམ་གྱིས་དོན་ཀུན་འགྲུབ་པར་མཛོད། །དེ་ཝཱི་ཀོ་ཊིའི་ལྷ་མོ་དམག་ཟོར་མའི་གསེར་སྐུའི་སྙན་དར་ཞལ་ཡིག་འཆི་མེད་བདུད་རྩིའི་དཔལ་སྟེར། འཆི་མེད་བུ་མོ་བདུད་རྩིའི་འབྱུང་གནས་ཅན། །རྒུད་པའི་གདུང་པ་རབ་འཕྲོག་ཡོངས་(༥༡བ)


GLG018_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འདུའི་དབང་། །འདོད་དོན་རེ་སྐོང་ཁམས་གསུམ་དབང་སྡུད་པ། །དབྱིངས་ཕྱུག་ལྷག་པའི་ལྷ་དེས་བསམ་དོན་སྒྲུབས། །དེ་ཝཱི་ཀོ་ཊིར་བསྟན་མ་བཅུ་གཉིས་ཀྱི་སྙན་དར་ཞལ་ཡིག་གནས་གསུམ་མཁའ་འགྲོ་འབོད་པའི་འཕྱར་དར། དང་པོར་གཡུང་དྲུང་གཤེན་གྱིས་མཆོད་པའི་ལྷ། །བར་དུ་རིགས་འཛིན་པདྨའི་གཏེར་སྐྱོང་མ། །ད་ལྟ་དགོན་གནས་ཡོངས་ཀྱི་སྲུང་མ་ཆེ། །བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་དང་། །ཁྱད་པར་དཔལ་ལྡན་རྡོ་རྗེ་གཡུ་སྒྲོན་མ། །གནས་གསུམ་མཁའ་འགྲོར་བཅས་པའི་ཚོགས་རྣམས་ཀྱིས། །གངས་ཅན་བོད་ཀྱི་བདེ་སྐྱིད་སྤེལ་བ་དང་། །རིག་འཛིན་བདག་གིས་བཅོལ་བའི་ལས་ཀུན་སྒྲུབས། །དགའ་ཚལ་གྱི་བསིལ་བ་ཚལ་དུ་ཡེ་ཤེས་མགོན་པོ་གུར་ལ་ཕུལ་པའི་སྙན་དར་ཞལ་ཡིག་དཀར་པོའི་བ་དན་འཕྱར་པའི་གཏམ་སྙན། མཁའ་ལྟར་དག་པ་ཆོས་ཀྱི་དབྱིངས་ཉིད་ལས། །ཡེ་ཤེས་འོད་ལྔའི་འཇའ་ཚོན་ཡོངས་ཤར་བར། །རྣམ་སྣང་སྒྱུ་དྲའི་རོལ་གར་ནག་པོ་ཆེ། །བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་རྡོ་རྗེ་གུར། །དམར་ཟླུམ་སྤྱན་གྱིས་ལེགས་ཉེས་ཀུན་གཟིགས་ནས། །བདུད་སྡེའི་སྙིང་ཁྲག་ཧུབ་ཀྱིས་འཐུང་བ་དང་། །ལྷན་ཅིག་དགྲ་སྲོག་བཅད་ཀྱང་མ་ཚིམ་པར། །བམ་ཆེན་འདམ་ལྟར་བརྫིས་པའི་སྟང་སྟབས་ཅན་། །ལྷ་མཆོག་དཀར་པའི་བ་དན་མཁའ་ལ་ཕྱོར། །ནག་པོ་བདུད་ཀྱི་རུ་མཚོན་ས་ལ་སྙོལ། །ངན་པའི་གླགས་ལྟ་གཟུགས་ཅན་གཟུགས་མེད་སྒྲོལ། །གནས་སྐབས་མཐར་ཐུག་དོན་གཉིས་ལྷུན་གྲུབ་མཛོད། །བསིལ་པ་ཚལ་དུ་(༥༢ན)


GLG018_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཞལ་ཡིག་བཞི་པར་ཕུལ་པའི་སྙན་དར་ཞལ་ཡིག་དམ་ཚིག་རྡོ་རྗེའི་སྒྲ་དབྱངས། འགྲོ་ལ་ཚད་མེད་བཞི་ལྡན་འཛུམ་པའི་ཞལ། །བདུད་བཞིའི་སྣང་ངོར་རབ་ཁྲོས་སྲིན་པོའི་གདོང་། །ཆེམ་ཆེམ་མི་རོ་གསོལ་ཡང་ཚིམ་མིན་པར། །ཁམས་གསུམ་ཅིག་ཅར་ཟ་ལ་རིངས་པ་བཞིན། །ངེས་པའི་དོན་དུ་དཔལ་ལྡན་ཧེ་རུ་ཀ །གདུག་པ་གདུལ་ཕྱིར་ཞིང་སྐྱོང་སྟོབས་འཕྲོག་དབང་། །རིག་འཛིན་བརྒྱུད་པའི་བྲན་དུ་བྲམ་ཟེའི་གཟུགས། །གཅིག་ལས་དུ་མར་སྤྲུལ་པའི་གར་མཁན་ཅན། །རྡོ་རྗེ་འཆང་དང་ཀླུ་སྒྲུབ་ལོ་ཆེན་གཉན། །ས་ཆེན་ཡབ་སྲས་བདག་ཆེན་རྡོ་རྗེ་འཆང་། །ཀུན་སྤངས་ཆོས་རྗེ་མཚར་ཆེན་མཁྱེན་བརྩེའི་དབང་། །བརྒྱུད་པའི་བླ་མ་རིམ་པར་བྱོན་རྣམས་དང་། །ཁྱད་པར་རྩ་བའི་བླ་མ་རྣམ་གཉིས་ཀྱིས། །སྔགས་འཆང་བདག་གི་གྲོགས་དང་བྲན་ཚུལ་དུ། །རྡོ་རྗེའི་བཀའ་ནན་དྲག་པོས་གཉེར་གཏད་པའི། །དམ་ཚིག་དགོངས་ལ་བཅོལ་བའི་འཕྲིན་ལས་སྒྲུབས། །བསིལ་པ་ཚལ་གྱི་པུ་ཏྲའི་སྙན་དར་ཞལ་ཡིག་བྲམ་ཟེའི་དམོད་པ་གྲུབ་པའི་བཤན་པ། རབ་ཁྲོས་བྲམ་ཟེའི་དམོད་པ་གྲུབ་པའི་འབྲས། སྐྱེ་རྒུའི་བླ་སྲོག་ཚེ་ལ་དབང་སྒྱུར་བ། །མོན་པ་པུ་ཏྲ་མིང་སྲིང་བཅས་པ་རྣམས། །རྩ་བརྒྱུད་བླ་མའི་དམ་ཚིག་ཉེར་དགོངས་ལ། །མི་མཐུན་ལོག་པར་འཁུ་བ་དགྲ་སྡེའི་དཔུང་། །སྟེང་འོག་ཕྱོགས་མཚམས་བར་གསུམ་གར་གནས་ཀྱང་། །མྱུར་དུ་ཁུག་ལ་སྙིང་ཁྲག་ཞལ་དུ་གསོལ། །འཕྲིན་ལས་


GLG018_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་ཐོགས་མེད་འགྲུབ་པར་མཛོད། །དགའ་ཚལ་གྱི་ཆོས་འབྱུང་སྟེང་གི་མགོན་ཁང་དུ་ཆོས་སྐྱོང་སྤྱི་ལ་ཕུལ་པའི་སྙན་དར་ཞལ་ཡིག་དགྱེས་འཛུམ་བཅོ་ལྔའི་ཟླ་ཞལ། དམ་ཅན་སྤྲིན་ལྟར་འདུ་བའི་གནས་མཆོག་འདིར། །ཕྱི་ནང་གསང་གསུམ་ཀུན་བཟང་མཆོད་པའི་སྤྲིན། །དངོས་བཤམས་ཡིད་ཀྱིས་སྤྲུལ་ཏེ་འབུལ་ལགས་ན། །དགྱེས་པའི་འཛུམ་ཞལ་བཅོ་ལྔའི་ཟླ་ལྟར་སྟོན། །ཐུབ་དབང་བསྟན་དང་དགེ་འདུན་སྡེ་སྐྱོང་ཞིང་། །འགྲོ་བའི་བདེ་སྐྱིད་སྤེལ་མཛད་སྲུང་མ་སྤྱི། །ཁྱད་པར་རིགས་དང་བརྒྱུད་ལ་འགོ་བའི་ལྷ། །ཀུན་གྱིས་རིགས་འཛིན་བདག་གི་བསམ་དོན་སྒྲུབས། །ཆོས་འབྱུང་སྟེང་དུ་ཙ་རི་ཞིང་སྐྱོང་བདུད་མགོན་སེང་གདོང་གི་སྙན་དར་ཞལ་ཡིག་གདོང་ལྔའི་དབང་པོའི་གད་རྒྱངས། ཆར་སྤྲིན་འཁྲུགས་པའི་དབུས་ནས་གནམ་ལྕགས་ཟེར། །འཕྲོ་ཞིན་གློགས་འཁྱུག་དབྱར་ཀྱི་རྔ་བོ་ཆེ། །ལྡིར་འདྲའི་བདུད་མགོན་ནག་པོ་མཐུ་སྟོབས་དབང་། །སེང་གེའི་གདོང་ཅན་སྟོང་གསུམ་རབ་བསྐོར་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས་ཀྱི་དཔུང་། །མ་ལུས་གནམ་ས་གདངས་འདྲའི་ཞལ་ནང་དུ། །བཞེས་ཏེ་མངོན་སྤྱོད་དྲག་པོའི་འཕྲིན་ལས་ཀྱིས། །མི་མཐུན་ཕྱོགས་ཀུན་མིང་གི་ལྷག་མར་མཛོད། །དགའ་ཚལ་པོ་ཏ་ལའི་ཤོད་ཀྱི་མགོན་ཁང་རྣམས་ལས་གནོད་སྦྱིན་བེག་རྩེ་ལྕམ་སྲིང་ལ་ཕུལ་བའི་སྙན་དར་ཞལ་ཡིག་ཐོགས་མེད་འཕྲིན་ལས་སྒྲུབ་པའི་རྒྱལ་རྔ། བསྟན་པའི་མེལ་ཚེ་དུས་ཀུན་གཡེལ་མེད་དུ། །སྒྲུབ་པའི་འཕྲིན་ལས་གཡར་དམ་འཁུར་ལྕི་བ། །དབང་དྲག་རྫུ་འཕྲུལ་ཐོགས་པ་(༥༣ན)


GLG018_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མངའི་ལྷ། །གནོད་སྦྱིན་བཤན་པ་བེག་རྩེ་ལྕམ་དྲལ་གྱིས། །དགོན་གནས་དགེ་འདུན་སྲིད་སྡེ་གཉེར་གཏད་རྣམས། །དུས་དྲུག་གཡེལ་མེད་བསྲུང་ཞིང་སྐྱོབ་པ་དང་། །ཡིད་ལ་བརྣག་པའི་དགྲ་དང་བགེགས་རྣམས་ཀུན། །ཚར་ཆོད་དྲག་པོའི་འཕྲིན་ལས་མྱུར་དུ་སྒྲུབས། །འཆི་མེད་ཚེ་དང་འཛད་མེད་སྟོབས་འབྱོར་ནོར། །གཏན་གྱི་བདེ་བ་ངེས་པར་ལེགས་པའི་ཆོས། །བསོད་ནམས་ཕུང་པོ་དབྱར་མཚོ་ལྟར་འཕྱུར་བའི། །བཅུ་གསུམ་རྡོ་རྗེ་འཛིན་པའི་སར་སྙེགས་མཛོད། །ཡུམ་རིག་པའི་ལྷ་མོའི་སྙན་དར་ཞལ་ཡིག་མ་ཚོགས་དབང་དུ་སྡུད་པའི་གར་མཁན། རིག་པའི་ལྷ་མོ་མཐུ་སྟོབས་ནུས་རྩལ་བདག །གར་གྱི་དབང་མོ་མ་མོའི་སྡེ་དཔོན་གྱིས། །སྐད་ཅིག་ཙམ་གྱིས་སྟོང་གསུམ་རབ་བསྐོར་ནས། །དབང་དྲག་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །པོ་ཏ་ལའི་ཤོད་ཀྱི་ཁྱབ་འཇུག་རཱ་ཧུ་ལའི་སྙན་དར་ཞལ་ཡིག་གནམ་ལྕགས་ཐོག་སེར། གནམ་ལྕགས་རྡོ་རྗེའི་ཐོག་གི་གཟེགས་མ་དང་། །མཐོང་རེག་དུག་རླངས་ན་བུན་ལྟར་འཚུབ་པས། །སྐྱེ་འགྲོའི་དབུགས་ལེན་གཟའ་བདུད་རཱ་ཧུ་ལ། །སྣང་སྲིད་དྲེགས་པ་ཡོངས་ཀྱི་དམག་དཔོན་ཆེ། །རང་གཞན་སྲུང་མ་འཁྲུག་པའི་གཡུལ་ངོ་ན། །ཞེ་སྡང་དྲག་པོས་བསྐྱོད་པ་གློག་དམར་ལྕེས། །རབ་བརྡར་མཆེ་བ་རྣོན་པོའི་དཔལ་གྱི་རྩེར། །དགྲ་བགེགས་དཔུང་རྣམས་མི་རྟག་ལམ་དུ་འགོད། །མངོན་གྱུར་འཚེ་བའི་མི་དང་མི་མ་ཡིན། །མི་ཟད་རྣོན་པོའི་མཚོན་གྱིས་ཕྱེ་མར་གཏུབས། །ལྐོག་གྱུར་བག་ལ་ཞ་བའི་མ་རུངས་པ། །སྟོང་(༥༣བ)


GLG018_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་སྤྱན་གྱིས་གཟིགས་ལ་རྩད་ནས་ཆོད། །པོ་ཏ་ལའི་ཤོད་ཀྱི་རྒྱལ་པོ་སྐུ་ལྔའི་སྙན་དར་ཞལ་ཡིག་མཐུ་སྟོབས་བྱིན་ཟའི་ཕུང་པོ། གཉིས་འཐུང་གདོང་ལྔ་པ་དང་དྲེལ་རྟ་སོགས། །སྣ་ཚོགས་བཞོན་པ་སྟོང་གསུམ་སྐད་ཅིག་ལ། །བསྐོར་ནས་ཐོགས་མེད་འཕྲིན་ལས་སྒྲུབ་མཛད་པ། །སྤྲུལ་པའི་ཆོས་རྒྱལ་མཆེད་ལྔ་བློན་པོར་བཅས། །ཁྱད་པར་སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་ལ། །དབང་སྒྱུར་གནོད་སྦྱིན་ཆེན་པོ་ཙི་དམར་བ། །མི་བཟད་གཏུམ་དྲག་རབ་འབར་དབང་ཕྱུག་ཆེ། །དྲེགས་པའི་དམག་དཔུང་བཅས་པ་དགོངས་ཤིག་ཀྱེ། །ནག་པོའི་རྩ་ལག་བསམ་སྦྱོར་བརྩེགས་པའི་ཤིང་། །མཐུ་སྟོབས་བྱིན་ཟའི་ཕུང་པོས་རབ་བསྲེགས་ནས། །ལེགས་བྱས་སྣང་བ་དཀར་པོའི་དགའ་སྟོན་ལ། །སྤྱོད་པའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །པོ་ཏ་ལ་ཤོད་ཀྱི་གནོད་སྦྱིན་ཙི་དམར་བའི་སྙན་དར་ཞལ་ཡིག་སྡེ་བརྒྱད་ཁ་ལོ་སྒྱུར་བའི་བྱེད་པོ། སྔོན་ཚེ་ལི་ཡི་ཡུལ་ནས་སྨོན་ལམ་མཐུས། །སྐྱེ་འགྲོའི་སྲོག་བདུད་གནོད་སྦྱིན་རིགས་སྐྱེས་ནས། །ལྷ་སྲིན་དྲེགས་པའི་སྡེ་དཔོན་ཆེར་གྱུར་པ། །བཀའ་སྡོད་བཤན་པ་ཙིའུ་དམར་པོ་ཁྱོད། །སྣང་སྲིད་ཟིལ་གནོན་རིགས་འཛིན་པདྨའི་བཀའ། །ཉེ་བར་དགོངས་ལ་ཞི་རྒྱས་དབང་དྲག་གི །ལས་རྣམས་ཐམས་ཅད་ཐོགས་མེད་རབ་སྒྲུབ་པར། །དཔག་བསམ་ཡོངས་འདུའི་དབང་པོ་ལྟར་མཛོད་ཅིག །པོ་ཏ་ལའི་ཤོད་ཀྱི་རྡོར་ལེགས་ཀྱི་སྙན་དར་ཞལ་ཡིག་འཕྲིན་ལས་ལྷུན་གྲུབ། རིགས་འཛིན་པདྨ་འབྱུང་གནས་ཀྱི། །ཕོ་ཉ་དགེ་བསྙེན་དམ་ཚིག་ཅན། །སྙིང་ཉེ་དམ་ཅན་རྡོ་རྗེ་ལེགས། །འཕྲིན་(༥༤ན)


GLG018_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམས་བཞི་སྒྲུབ་པར་མཛོད། །པོ་ཏ་ལའི་ཤོད་ཀྱི་གཟའ་གདོང་དམར་ནག་གི་སྙན་དར་ཞལ་ཡིག་སྲིད་གསུམ་མྱུལ་པའི་ཕོ་ཉ། མཁའ་ལྡིང་དབང་པོའི་འཕྲུལ་གྱིས་སྲིད་པ་གསུམ། །མྱུལ་བྱེད་གཟའ་གདོང་དམར་ནག་སྲོག་གི་བདུད། །ཀྭ་ཡེ་སྙིང་ལ་ནག་པོའི་ཐིག་ལེ་ཡིས། །མཚན་པའི་དགྲ་རྣམས་སྒྲོལ་ལ་འཕྲིན་ལས་སྒྲུབས། །ཇོ་བོ་རྒྱལ་མཚན་པའི་སྙན་དར་ཞལ་ཡིག་ཕུན་ཚོགས་འདོད་འཇོ། སྔོན་ཚེ་ལངྐའི་བདག་པོའི་ཕོ་བྲང་གི །སྒོ་སྲུང་རབ་དཀར་ཡིད་ཀྱི་སེམས་འཆང་བ། །སྨོན་ལམ་མཐུ་ཡིས་སྦས་ཡུལ་དཀར་པོའི་ལྗོངས། །སྲུང་བའི་ལྷ་ཆེན་དགེ་བསྙེན་རྒྱལ་མཚན་པ། །ཕུན་ཚོགས་འདོད་པ་འཇོ་བ་མཆོད་པའི་སྤྲིན། །སྒོ་ལྔར་བདེ་བ་སྐྱེད་བྱེད་ཁྱད་པར་ཆོས། །རབ་སྤེལ་འབྲས་བུ་བསམས་པའི་དོན་རྣམས་ཀུན། །ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོར་མཛོད། །རྣམ་འཕྱང་ཞེས་པ་ས་ཁྱི་སྲིད་གསུམ་བདག་མོ་མདོས་ཀྱི་མཆོད་པའི་སྐབས་ཀྱི་སྙན་དར་ཞལ་ཡིག་བདེ་སྐྱིད་འོད་སྟོང་འབར་པའི་དགའ་སྟོན། དཀར་སེར་དམར་མཐིང་མདངས་དང་རྣམ་འགྱུར་གྱིས། །འཕྲིན་ལས་དོན་ཀུན་མ་ལུས་སྒྲུབ་མཛད་པ། །སྲིད་གསུམ་དབང་མོ་གནས་འདིར་ཐོགས་མེད་དུ། །ཚུར་སྤྱོན་ཀུན་བཟང་མཆོད་པའི་སྤྲིན་ཕུང་བཞེས། །བསམ་སྦྱོར་ངན་པས་ཉེར་འཚེའི་མུན་པ་ཀུན། །མཐུ་སྟོབས་འཐོར་རླུང་དྲག་པོས་རབ་གཏོར་ནས། །བདེ་སྐྱིད་འོད་སྟོང་སྣང་གཏེར་དགའ་སྟོན་ལ། །སྤྱོད་པའི་ཞི་རྒྱས་དབང་དྲག་ལས་(༥༤བ)


GLG018_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབས་མཛོད། །ས་ཕག་ལོ་གསར་གྱི་དགའ་སྟོན་དུས་སྲིད་གསུམ་དབང་མོར་དར་ཚོན་སྣ་ལྔའི་སྙན་དར་ཕུལ་བའི་ཞལ་ཡིག་དཔག་བསམ་སྙེ་མ། དཀར་བྱིན་རླབས་མཐོ་རིས་ཆུ་རྒྱུན་གྱིས། །ནད་དོན་ཉེར་འཚེའི་དྲི་མ་ཀུན། །རྣམ་པར་བཀྲུས་པའི་དགའ་སྟོན་ནོར། །རྒྱལ་མཚན་རྩེ་མོར་འགོད་པར་མཛོད། །སེར་འཕྲིན་ལས་རྣམ་པར་དར་པའི་ཚ་དྲོད་ཀྱིས། །ཚེ་དཔལ་གསེར་གྱི་སྒོ་ང་ལེགས་སྨིན་པའི། །བསོད་ནམས་མི་ཡི་འཆི་མེད་རྩེར་སོན་ནས། །ཆོས་ནོར་འདོད་དང་ཐར་པའི་གདོང་ལྡན་མཛོད། །དམར་སྙིང་གར་ལེགས་བྱས་དཔལ་གྱི་བེའུའི་གཟུགས། །འཁྱིལ་བའི་སྒྱུ་ཐབས་སྟོང་གི་གོམས་པ་ཡིས། །བརྟན་གཡོའི་ས་ཆེན་མ་ལུས་ཅིག་ཅར་དུ། །ཐོགས་མེད་དབང་དུ་བསྡུས་བའི་འཕྲིན་ལས་མཛོད། །ནག་ཁྲོ་མེད་དུག་གསུམ་ལ་འཁུའི་ཞེ་སྡང་གིས། །རབ་མྱོས་ཉི་མ་འཆར་ཀའི་མིག་བགྲད་ནས། །དགྲ་བགེགས་སྲིད་འདིར་མངོན་སུམ་ལྟ་ཅི་སྨོས། །བག་ལ་ཞ་བ་རྣམས་ཀྱང་ཉེར་གཟིགས་ལ། །ཆུ་གཏེར་རླབས་འཕྲེང་དུས་ལས་མི་ཡོལ་ཞིང་། །དུག་ཅན་ལྟོ་འགྲོ་སྒོང་ངའི་རྗེས་བསྙེག་ལྟར། །དྲག་ཤུལ་ལས་ཀྱི་དམ་བཅའ་གནམ་ལྕགས་ཐོག །ཞིང་བཅུའི་བྲག་རི་བསྙིལ་ལ་གཡེལ་མེད་མཛོད། །ལྗང་། ཨེ་མ་ཆོས་ཀྱི་དབྱིངས་ཉིད་ནས། །རྨད་བྱུང་བདེ་བའི་ཉམས་ལྡན་པས། །ཐབས་དང་ཤེས་རབ་ཟུང་འབྲེལ་བའི། །འཁོར་ལོ་རྒྱས་འདེབས་ལྷ་མོའི་གཟུགས། །དཀྱིལ་འཁོར་མུ་རན་སྐྱོང་བའི་ཚེ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་གཙོ། །འདོད་ཁམས་ཀུན་གྱི་(༥༥ན)


GLG018_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མོ་རུ། །མངའ་བསྒྱུར་དཔལ་ལྡན་རེ་མ་ཏིའི། །ལྷ་སྙན་ཨུཏྤལ་དཀར་པོའི་ཚལ། །མཆོད་བསྟོད་སྣར་མའི་བདག་པོའི་འོད། །ལན་བརྒྱར་སྤྲོས་པའི་གཟེགས་མ་ཡིས། །རྣམ་པར་ཕྱེ་བར་རབ་དགོངས་ཏེ། །འབྱུང་བ་ལྔ་ཡི་གོས་ལྡན་པའི། །ནགས་ཀྱི་ཕ་ལམ་གོས་སེར་ཅན། །ཕུན་ཚོགས་དུས་ཀྱི་ཐོག་མ་ནས། །ཕན་དང་བདེ་བའི་དཔལ་འབྱོར་སྩོལ། །སྒྱུར་བྱེད་ཀྱི་ལོ་དབོ་ཟླར་ལྷ་ལྡན། ཟན་ཡང་། ཁྲ་འབྲུགཡུམ་བུ་བླ་སྒང་རྣམས་སུ་གསེར་ཆབ་སྙན་ཤལ་རྒྱ་མཆོད་འབུལ་བར་གླང་བུ་བ་དགྲ་འདུལ་ཚེ་རིང་བཏང་སྐབས་ཇོ་ཤཱཀ་ཡིད་བཞིན་ནོར་བུར་ཕུལ་བའི་སྙན་དར་ཞལ་ཡིག་སྲིད་ཞིའི་རྒུད་པ་བཅོམ་པའི་སྐལ་འཛིན་མའི་ལྟོ་བར་ལེགས་སྨིན་པའི། །བླ་མེད་ཡེ་ཤེས་སྡོང་པོ་དར་བབས་པ། །སྐུ་གསུམ་འབྲས་བཟང་མི་ཟད་འཁོར་ལོའི་མཛོད། །ཉི་མའི་གཉེན་གྱུར་ཡོངས་འདྲའི་དབང་པོ་ཡི། །གཟུགས་སྐུ་མཐོང་ཐོས་དྲན་དང་རེག་པ་ལས། །སྲིད་ཞིའི་རྒུད་པ་ཀུན་བཅོམ་ཕན་བདེའི་བཅུད། །ལོངས་སུ་སྤྱོད་དེས་དབང་རྣོན་ཆོས་རྗེས་སུ། །ལེགས་འབྲངས་དད་པའི་སྒོ་འཕར་བརྒྱ་ཕྱེ་ནས། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །ལྷག་བསམ་འཆི་མེད་ལམ་རྣམས་རབ་དཀྲིས་ཏེ། །གསོལ་འདེབས་ཐུགས་རྗེ་བསྐུལ་བའི་དབྱར་རྔ་ཡིས། །བྱིན་རླབས་འཛད་མེད་ཆར་འབབས་དངོས་པོའི་གཤེས། །དེ་ཕྱིར་ཕ་མཐའ་མི་མངོན་མར་གྱུར་འགྲོ །འདི་(༥༥བ)


GLG018_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏན་གྱི་འདུན་མ་ཀུན་སྒྲུབ་པར། །བདེ་ཞིང་ཉེར་སྐྱིད་སྐལ་པ་བཟང་པོ་ལ། །རྩེ་དགར་སྤྱོད་པའི་དགའ་སྟོན་སྩལ་དུ་གསོལ། །བདེ་ལེགས་འོད་བརྒྱའི་དཔལ་གྱུར་ཉིན་མོར་བྱེད། །དངོས་པོ་བྱེ་བའི་ལུས་འཛིན་ཐུབ་པའི་བསྟན། །མངོན་མཐོང་ངེས་ལེགས་སྣང་བའི་གཏེར་ཆེན་པོས། །ཡངས་པའི་འཛིན་རྟེན་མ་ལུས་དགེ་གྱུར་ཅིག །བསམ་ཡས་ཀྱི་ཇོ་བོ་བྱང་ཆུབ་ཆེན་པོའི་སྙན་དར་ཞལ་ཡིག་བདུད་བཞིའི་གཡུལ་ལས་རྒྱལ་བའི་བ་དན། ས དེ ཝ ཀེཤ བྷྲྀ ཥི ཏཾ མ ཧ དྷོ དྷ ཡེ བ ནྡ ནཾ ཀཱ མི མེ ས རྦྦ སི དྡྷི པྲ ཡ ཙྪ ནྟུ ཨ ཧ ཉྩི ར ཉྫཱི ཝ ཀུ རྦ ནྟུ ། །བྱམས་པ་ཆེན་པོས་བདུད་བཞིའི་གཡུལ་ངོ་ལས། །རྣམ་པར་རྒྱལ་པའི་སྟོབས་བཅུ་མི་འཇིགས་བཞིའི། །བ་དན་དཀར་པོ་སྲིད་རྩེའི་ཁོང་བརྒལ་བ། །ཉི་མའི་རིགས་འཁྲུངས་རྣམ་འདྲེན་ཤཱཀྱའི་གཙོ། །མཚན་དཔེའི་སྣང་བརྙན་རབ་བཀྲ་ཐུགས་ཀྱི་མཚོར། །ཤེས་བྱའི་གཟུགས་ཀུན་སྒྲིབ་མེད་ཡོངས་ཤར་གནད། །ཟབ་རྒྱས་ཆོས་ཀྱི་དབྱིངས་སུ་གཡས་འཁྱིལ་བ། །གཅིག་ཏུ་དཀར་བའི་བཀྲ་ཤིས་དུང་འདི་སྙན། །སྐུ་གསུམ་གསང་བ་རབ་འབྱམས་དབང་གི་རྒྱལ། །བསྟན་འགྲོའི་ཕན་བདེའི་འདོད་རྒུ་འཇོ་བའི་ཆར། །གསེར་ལྡན་སྒེག་མོའི་མངལ་དུ་ལྕི་བའི་རྡུལ། །རྒྱ་མཚོའི་རླབས་ཀྱི་དོ་ཟླར་ཉེར་འགྲུབ་ཤོག །ཁྲ་འབྲུག་གི་རྒྱལ་བ་རིགས་ལྔའི་སྙན་དར་ཞལ་ཡིག་རྫོགས་ལྡན་གསར་པའི་དགའ་སྟོན། ས མཱ དཱ ན མ ཧ ཏྐ རུ ཎ ཏྲཻ སཱ ལ བུ རྦཱ ནཱ མ ཤྲ ཡཱ ཀཱ ཡ པྲ ཎམྱཾ ཨེ ཨཱ ཡུཿ ཤྲཱི ད དཱ ཏཽ ཀྲུ རུ ཨ ཧ ཉྩི ར ཉྫཱི ཝེ ཉ དྷ ཥྛ ནཿ དུས་གསུམ་དྲི་མེད་གཟིགས་པའི་སྤྱན་གྱི་དཀྱུས། །རིང་པོར་འགྲོ་ལ་(༥༦ན)


GLG018_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་བརྩེས་རབ་བསྐྱངས་བའི། །ལྔ་ལྡན་ཡེ་ཤེས་གསལ་པའི་ཨཱདཪྴར། །ཐུགས་རྗེའི་གཟུགས་ཀུན་ཡོངས་འཆར་རྣམ་འདྲེན་གཙོ། །གདུལ་བྱའི་མིག་ཤེས་ཡུལ་དུ་གཟུགས་ཀྱི་སྐུར། །ཚར་དུ་དངར་བའི་བྱེ་བ་ཕྲག་བརྒྱའི་ཞིང་། །རྡུལ་སྙེད་སངས་རྒྱས་མཐུ་དཔུང་ཀུན་འདུས་པས། །རྫོགས་ལྡན་དགའ་སྟོན་དེང་འདིར་འགྲོ་ལ་སྩོལ། །འཇིག་རྟེན་ཀུན་དུ་དུས་ཀྱི་ཆད་པའི་མུན། །ཐུགས་རྗེ་ཆེན་པོའི་ཉི་མས་རབ་བསལ་ཏེ། །ཕུན་ཚོགས་བཀོད་པ་རྒྱ་མཚོའི་གཟུགས་སྣང་ཀུན། །འདྲེན་བྱེད་ཡུལ་གྱི་གཟིགས་མོར་མཚར་གྱུར་ཅིག །ཡུམ་བུ་བླ་སྒང་གི་སྙན་དར་ཞལ་ཡིག་ཕན་བདེའི་དཔལ་འབར། སྭ སྟི པྲ ཛཱ བྷྱ ཿ ཀུན་བཟང་རིགས་གསུམ་སྒྱུ་དྲའི་ཐུགས་རྗེའི་གར། །གངས་ཅན་འགྲོ་ལ་རྗེས་ཆགས་སྤྲུལ་པའི་ཞིང་། །བྱེ་བ་ཕྲག་བརྒྱའི་ཡོན་ཏན་ཀུན་ཚང་བའི། །ཕན་བདེ་དཔལ་གྱིས་ས་གསུམ་ཁྱབ་གྱུར་ཅིག ། ས་ཕག་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ནས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་བསྐང་མདོས་འབུམ་ཐེར་བཙུགས་སྐབས་ཕུལ་བའི་སྙན་དར་ཞལ་ཡིག་འཆི་མེད་འདུད་རྩིའི་བུམ་བཟང་། གཡས་སུ་འཁྱིལ་ལོ་ཕུན་སུམ་ཚོགས་པའི་དུང་། རྨད་བྱུང་སྙན་པའི་སྒྲ་དབྱངས་སྣ་བའི་བཅུད། །ལུས་སེམས་ཀུན་དགར་སྤྱོད་པའི་བདེ་སྐྱིད་ཀྱི། །རྫོགས་ལྡན་སྒོ་འཕར་ཕྱེ་ཞིག་དམག་ཟོར་ལྷ། །རི་རབ་གླིང་བཞི་ཉི་ཟླ་འདོད་ཡོན་གྱི། །ཟག་མེད་མཁོ་རྒུའི་གཏེར་མཛོད་(༥༦བ)


GLG018_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་སྤྲིན། །སྲིད་ཞིའི་དཔལ་འབྱོར་ཡོན་ཏན་ཀུན་ཚང་བ། །སྒོ་ལྔ་དགྱེས་པ་བསྐྱེད་ཕྱིར་འབུལ་བྱེད་ན། །འཇིགས་ཆེན་བརྒྱད་སོགས་བརྟན་གཡོའི་ཉེར་འཚེའི་མུན། །མཐུ་སྟོབས་ཉིན་བྱེད་བྱེ་བའི་གཟི་བྱིན་གྱིས། །ཕ་མཐར་བསྐྲད་དེ་ཕན་དང་བདེ་བ་ཡི། །རབ་དཀར་སྣང་བས་ཀུན་ཏུ་ཁྱབ་པར་མཛོད། །བསྐལ་པར་འགྲན་པའི་ཚེ་དང་བསོད་ནམས་ཀྱི། །ས་བོན་གསེར་སྒོང་ཐུགས་རྗེའི་མངལ་ཡངས་པོར། །སྨོན་པའི་ཆོས་ནོར་འདོད་པ་ཐར་པའི་སྡེའི། །ཞལ་བཟང་ཁོང་ནས་དགོད་པའི་འཛུམ་ལྡན་མཛོད། །མཆོག་ཐུན་དངོས་གྲུབ་རིན་ཆེན་འབྱུང་བའི་གནས། །རྣམ་བཞིའི་འཕྲིན་ལས་ཡོལ་མེད་རླབས་འཕྲེང་ཅན། །སྲིད་གསུམ་བདག་མོ་ཟླ་བའི་མ་མ་ལས། །འདོད་དོན་བདུད་རྩིའི་བུམ་བཟང་ཐོབ་གྱུར་ཅིག །ས་ཕག་ནག་པ་ཟླ་བའི་བརྒྱད་གཏོར་གྱི་དུས་ཞིང་སྐྱོང་དབང་པོར་ཕུལ་པའི་སྙན་དར་ཞལ་ཡིག་ཁྲག་འཐུང་རོལ་གར། མི་བཟད་དུག་ལྔ་ཟ་ལ་ཉེར་རྔམས་པའི། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཞལ། །ཆོས་ཀྱི་དབྱིངས་ནས་གདངས་པའི་ཧེ་རུ་ཀ། དགྲ་བགེགས་གཤེད་དུ་ཞིང་སྐྱོང་སྟོབས་འཕྲོག་དབང་། །འཇིགས་རུང་དུར་ཁྲོད་མྱུལ་བ་བྲམ་ཟེའི་གཟུགས། །རྩ་གསུམ་འཁོར་ལོ་བཞི་དབུས་གདོང་བཞི་པ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནག་པོ་ཆེ། །རང་སེམས་མགོན་པོའི་རང་ཞལ་མཇལ་ལས་སུ། །འོན་ཏེ་ཀུན་རྫོབ་སྣང་བའི་ལྷ་ལམ་ངོས། །ཕྱི་ནང་གསང་བའི་མཆོད་སྤྲིན་རབ་འཁྲིགས་ལས། །ཞི་རྒྱས་དབང་དང་མངོན་སྤྱོད་ཆར་ཆེན་པོས། །འདོད་དོན་(༥༧ན)


GLG018_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མྱུ་གུའི་འབྲས་བཟང་རབ་སྨིན་མཛོད། །ས་སྐྱོང་ཕྱག་མཛོད་བསོད་ནམས་རབ་བརྟན་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་ར་ས་འཕྲུལ་སྣང་། ར་མོ་ཆེ། རང་བྱོན་འཕགས་པ་མཆེད། བསམ་ཡས། ཁྲ་འབྲུགར་སྒྲེང་། དགའ་ལྡན། རྒྱལ་མེ་ཏོག་ཐང་རྣམས་སུ་བླ་བྲེ། སྙན་ཤལ་སོགས་ཕུལ་བའི་ཞལ་ཡིག་ཐར་པའི་ཁང་བཟང་འཛེག་པའི་ཐེམ་སྐས། ཤཱཀྱ་མུ་ནི་བསྙེན་སྲིད་མེད་པ་ཐུགས་རྗེའི་དྲི་བསུང་གིས། །འགྲོ་འདིའི་རྒུད་ཚོགས་ཚ་གདུང་རབ་བཅིལ་བ། །སྐུ་བཞིའི་སྡོང་བུ་དར་བབས་ཉི་མའི་གཉེན། །སྔོན་མེད་ཙནྡན་ལྗོན་པ་ཤཱཀྱའི་རྒྱལ། །མཚན་གྱི་གཟིས་ཀྱང་འཁོར་མུན་མིག་སྨན་མདོག །མཐར་བྱེད་ཕན་བདེའི་སྣང་བ་འོད་། འཁོར་བའི་ཕ་མཐའ་འཆིང་ནུས་སྤྱན་གྱི་དཀྱུས། །རིང་པོས་ཁམས་དང་བསམ་པ་ལེགས་གཟིགས་ནས། །ཀུན་འཇུག་འཕྲིན་ལས་ཕྱག་གིས་ངེས་ལེགས་གྲོང་། །སེམས་ཅན་མཐའ་དག་འཁྲིད་པའི་གཏམ་དེ་སྙན། །དེ་ཕྱིར་ཕན་བདེའི་དབུ་བ་དཀར་པོ་ཡི། །བདོག་པ་མུ་ཏིག་ཕྲེང་མཛེས་ལུས་ཕྲའི་མངལ། །འདི་དང་གཏན་གྱི་འདུན་མའི་ཁུར་ཆེན་པོས། །དུད་པའི་འབྲས་བཟང་ཡོངས་སུ་སྨིན་པར་མཛོད། །བསོད་ནམས་རབ་བརྟན་གྲངས་མེད་སྐྱེ་བ་རུ། །དཀར་མིན་ལས་ངན་མ་དག་རྙོག་མ་ཀུན། །དམིགས་མེད་ཐུགས་རྗེ་ནོར་བུ་ཀེ་ཏ་ཀས། །རབ་དྲུང་གཏན་བདེའི་གཟུགས་བརྙན་གསལ་གྱུར་ཅིག །ར་མོ་ཆེ་བཟང་པོའི་བསྐལ་པ་འདི་ལ་གྲགས་ཅན་གྱི། །རྣམ་(༥༧བ)


GLG018_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་གསུམ་པས་ཡེ་ཤེས་གཟི་ཆེན་འོད་། །འབར་མཛད་ཟས་གཙང་སྲས་ཀྱི་སྐུའི་སྣང་བརྙན། །གངས་ཅན་སྐྱེ་རྒུའི་བསོད་ནམས་ཞིང་གི་དཔྱིད། །ཀུན་ཁྱབ་ཐུགས་རྗེ་ཆེ་ལྡན་དངར་པའི་དྲི། །གཅིག་ཏུ་དད་པའི་མ་ལ་ཡ་རླུང་གིས། །དྲངས་ཚེ་ཉམ་ཐག་མཁའ་མཉམ་འགྲོ་ཀུན་གྱི། །ལས་ཉོན་འབྲས་བུར་བཅས་པའི་གདུང་སེལ་ཤོག །མི་དགེའི་ལས་ལམ་བཅུ་ཡི་ར་བ་རུ། །སྒོ་གསུམ་འབད་པས་བསོད་ནམས་མིན་པའི་གར། །རབ་བསྒྱུར་སྡིག་ལྟུང་མཁྱེན་བརྩེ་ནུས་པའི་ཆུས། །ཡོངས་འཁྲུད་མཐོ་རིས་ཀླུང་ཆེན་འདྲེན་དུ་གསོལ། །གོ་ལ་གཡས་དང་ཉི་ཟླ་གཡོན་འཁོར་བའི། །ངང་ཚུལ་འདི་ལས་ཅུང་ཟད་མི་གཡོ་ན། །སེམས་ཅན་འདྲེན་པར་ཐུགས་བསྐྱེད་སངས་རྒྱས་ཀྱི། །དམ་བཅའ་ལས་འགོང་ནམ་མཁའི་པདྨོ་བཞིན། །ཞི་བདེར་གཞོལ་ནས་བཏང་སྙོམས་ལྷུར་ལེན་ན། །ཉན་རང་དག་ལས་རྫོགས་སངས་རྒྱས་རྣམས་ཀྱི། །ལྷག་པའི་འཕྲིན་ལས་གཞུང་ལུགས་མང་པོ་རུ། །བཤད་པ་གཞན་བློ་འབྲིད་པའི་གཏམ་དུ་ཟད། །ཆོས་རྣམས་མཐའ་དག་གཟིགས་པའི་སྤྱན་རས་ཀྱིས། །ཆེས་ཆེར་སྙིགས་པའི་འགྲོ་རྣམས་རབ་བཙའ་བས། །སྔོན་བྱས་དགེ་ཚོགས་ས་བོན་ལེགས་སྨིན་པ། །བདེ་སྐྱིད་འཁྲི་ཤིང་ལོ་འདབ་འཕེལ་བར་ཤོག །བསོད་ནམས་ཕུང་པོ་མངོན་པར་འདུ་བྱས་བས། ཁྲིམས་གཉིས་རབ་ཏུ་བརྟན་པ་མི་ཡི་བདག །བྱིན་རླབས་མཐོ་རིས་ཆུ་བོས་ལས་ཉོན་ཀུན། །སྦྱངས་ཏེ་ཐར་པའི་རྒྱལ་མཚན་རྩེར་འགོད་ཤོག །རང་བྱོན་ལྔ་ལྡན། སངས་རྒྱས་རྣམས་ཀྱི་བརྩེ་(༥༨ན)


GLG018_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུན། །ཕྱག་ན་པདྨའི་གཟུགས་ཅན་དུ། །ཤར་བ་འཕགས་མཆོག་སྙིང་རྗེའི་ལྷ། །ཐུགས་རྗེས་རྒྱུད་ལྔའི་འགྲོ་རྣམས་དྲོངས། །མ་དག་སྙིགས་པའི་ལྔ་བརྒྱ་པ། །ཁྱད་པར་སཱ་ལའི་ཡུལ་ལྗོངས་ཀྱི། །དཔུང་གཉེན་ལྷ་གཅིག་འཇིག་རྟེན་དབང་། །ཁྱོད་ལས་གཞན་པ་དམིགས་སུ་མེད། །བསྟོད་དང་གཤེ་ལ་ཆགས་སྡང་གི། །ཀུན་རྟོག་འཆིང་བ་ཉེར་བཅད་ཀྱང་། །སྙིང་ནས་མོས་པ་ལྷུར་ལེན་རྣམས། །རྗེས་འཛིན་སངས་རྒྱས་ཀུན་གྱི་གཤིས། །རང་བྱོན་ལྔ་ལྡན་སྤྱན་གྱི་མེས། །རྒུད་པའི་མདའ་ལྔ་པ་བསྲེགས་ནས། །སྐྱེ་རྒུའི་ལས་ལམ་རི་སྲས་མངལ། །ལེགས་བྱས་བཅུད་ཀྱི་ཁུར་ལྕི་མཛོད། །དུས་གསུམ་བསགས་པའི་བསོད་ནམས་ཀྱི། །ནོར་བུའི་ཐེམ་སྐས་རབ་བརྟན་པར། །ཉེ་བར་འཛེགས་ཏེ་གྲུ་འཛིན་གནས། །འདབ་སྟོང་དབུས་སུ་སྐྱེ་བར་ཤོག །སྐྱེ་བསམ་ཡས་བྱང་ཆུབ་ཆེན་པོར་རྒ་ན་འཆི་ཆུ་སྲིན་འབྱུང་གནས་ཆེ། །འཁོར་བའི་མཚོ་ལས་འགྲོ་བ་རྣམས་སྒྲོལ་ཁུར། །རབ་དཀར་ལྷག་བསམ་མཐུ་ལས་ཉེར་བསྐྲུན་པ། །སངས་རྒྱས་ཞེས་བྱའི་མཚན་གྱི་པི་ཝཾ་རྒྱུད། །དད་པའི་གཞུ་ཡིས་བསྐུར་ལས་སྙན་འགྱུར་སྒྲས། །ངེས་པར་ལེགས་པའི་ཆུ་གཏེར་ཆེན་པོའི་ཀློང་། །མི་ཟད་ཉམ་ཐག་འཁོར་བའི་གཟིངས་བཤིག་ཚེ། །མྱང་འདས་ཀླུ་དབང་གྲོང་དུ་བདེ་བར་འཇུག །སེམས་ཅན་ཀུན་སྒྲོལ་དམ་བཅའ་རྫོགས་མིན་ན། །ལྕགས་གཡས་རང་ཟ་འཁྲུལ་བའི་སྐྱེ་བོ་རྣམས། །སྡུག་(༥༨བ)


GLG018_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གསུམ་གྱིས་མནར་ལས་དབུགས་དབྱུང་སྟེ། །བདེ་སྐྱིད་དགའ་སྟོན་ལ་སྦྱོར་ཟས་གཙང་སྲས། །ཟླ་བ་གཅིག་གི་སྣང་བརྙན་ཆུ་ཡི་སྣོད། །ཀུན་ལ་འཆར་བ་ཇི་བཞིན་ཐུགས་རྗེ་ཆེ། །སེམས་ཅན་རྣམས་ལ་འཇུག་པ་མཐོ་དམའ་དང་། །ཉེ་དང་རིང་བའི་གོ་སྐབས་ག་ལ་ཞིག །དེ་ཕྱིར་ཐུགས་རྗེ་ཆེན་པོའི་ལྕགས་ཀྱུ་ཡིས། །བསོད་ནམས་དཔུང་པས་ནོར་འཛིན་སྐྱོང་བ་གང་། །ཐར་པའི་ཁང་བཟང་དམ་པར་ལེགས་དྲངས་ཏེ། །རླབས་ཆེན་སྤྱོད་མཛད་རྒྱལ་བའི་སྲས་གྱུར་ཅིག །ཁྲ་འབྲུག་སངས་རྒྱས་དངོས་སུ་བལྟ་ལ་སྐལ་ངན་ཅན། །འགྲོ་བའི་མིག་ལ་འཆར་བའི་སྒྱུ་མའི་གར། །རྟེན་དང་བརྟེན་པར་བཅས་པའི་ཞིང་ས་ལ། །བསོད་ནམས་མྱུ་གུ་དར་བབས་འབྲས་བུས་དུད། །དགེ་བའི་ཆུ་ཐིགས་བྱང་ཆུབ་རྒྱ་མཚོ་དང་། །རོ་གཅིག་ཟད་མི་ཤེས་པའི་གན་མཛོད་ཀྱིས། །སྲིད་ཞིའི་དབུལ་ཕོངས་མ་ལུས་དྲུང་འབྱིན་པ། །བླ་མེད་ཡེ་ཤེས་འདོད་རྒུར་སྤྱོད་གྱུར་ཅིག །འདོད་ཁྲོ་གཏི་མུག་བུད་ཤིང་གིས་སྦར་པའི། །གནས་ངན་བྱིན་ཟའི་ཕུང་པོ་ཆེར་འབར་བ། །རྣམ་སྨིན་བཅོས་སུ་དཀའ་ཞེས་ཡལ་འདོར་ན། །རླབས་ཆེན་སྤྱོད་པའི་དམ་བཅའ་མིང་དུ་ཟད། །བླ་མེད་ཡེ་ཤེས་སྨན་གྱི་ལྗོན་པ་ཡིས། །སྲིད་པའི་ནད་བརྒྱ་མ་ལུས་རབ་སེལ་བ། །སྟོབས་བཅུ་མངའ་བརྙེས་ཀུན་གྱི་གནས་ལུགས་ཏེ། །འདི་ལ་མཚར་དུ་འཛིན་པ་བྱིས་པའི་བློ། །དག་པའི་སྨོན་ལམ་གོམ་པ་གཅིག་གིས་ཀྱང་། །སྐུ་(༥༩ན)


GLG018_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ས་ཆེན་རང་གིར་བྱེད་ནུས་པ། །བདེ་ལེགས་དཔལ་གྱི་བེའུ་སྙིང་ཁ་རུ། །འཁྱིལ་པའི་རི་མོ་རྟག་ཏུ་གསལ་གྱུར་ཅིག །བྱིན་རླབས་མ་དྲོས་ཡངས་པའི་མཚོ་ཆེན་ལས། །མི་བདག་སྐྱེ་བར་སྡེ་བཞི་ཉལ་འགྲོའི་རྒྱུན། །ལེགས་བབས་མ་རིག་དྲི་མ་ཉེར་འཁྲུད་པའི། །སྐལ་ལྡན་ཤིང་རྟའི་ཁེངས་པ་ཐུང་ངུར་ཤོག །རྭ་སྒྲེང་ཇོ་བོ་འཇམ་དཔལ་རྡོ་རྗེ། འཇམ་དཔལ་མཁྱེན་པའི་རྡོ་རྗེའི་མཚོན་རྣོན་པོས། །སྒྲིབ་གཉིས་སྲོག་རྩ་བཅད་པས་དམར་བའི་ཁྲག །མཚམས་སྤྲིན་གཞོན་ནུའི་མདངས་སུ་ཤར་བའི་སྐུ། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་ཉེར་དགོངས་ཀྱེ། །གྲིབ་མ་ལྟར་འབྲངས་དཀར་ནག་ལས་ལམ་གྱི། །བདེ་སྡུག་སྒྱུ་མའི་སྣང་བས་ཉེར་བསླུས་འགྲོ །འཁྲུལ་མེད་རང་ངོ་འཕྲོད་ནས་ངེས་ལེགས་ལམ། །ངོ་མཚར་གཏན་བདེའི་ཁང་བཟང་དམ་པར་དྲོངས། །གཉིས་འཛིན་ལས་རླུང་ཉི་མ་ཟླ་བའི་འགྲོས། །དྷཱུ་ཏཱི་སྒྲ་གཅན་ལམ་དུ་ལེགས་བཅུག་སྟེ། །ལྔ་ལྡན་འཁོར་ལོའི་མདུད་གྲོལ་ཟུང་འཇུག་པ། །འཇའ་ལུས་རྡོ་རྗེའི་འོད་སྐུར་སྨིན་གྱུར་ཅིག །རྣམ་འདྲེན་ཀུན་གྱིས་གསུངས་མིན་ཐེག་པའི་རྩེ། །ཤིན་ཏུ་རྙེད་དཀར་གསང་ཆེན་ཉེ་བའི་ལམ། །མཐའ་དང་ཚད་དུ་གཞལ་དཀའི་སྐྱེ་བ་རུ། །མི་འབྲལ་སྙིང་གི་ཐིག་ལེར་སྐྱོང་བར་ཤོག །གནས་སྐབས་སུ་ཡང་ཇོ་བོ་ཡབ་སྲས་ཀྱི། །རིང་ལུགས་བཀའ་གདམས་དྲི་མེད་བསྟན་པ་ལ། །མི་རྗེ་བསོད་ནམས་རབ་ཏུ་བརྟན་པ་གང་། །ལེགས་ཞུགས་(༥༩བ)


GLG018_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་བསམ་སྒོམ་ལ་གཞོལ་བར་ཤོག །དགའ་ལྡན་དངུལ་གདུང་། རྣམ་པ་ཐམས་ཅད་མཁྱེན་པའི་རྒྱ་མཚོ་ཆེ། །བརྩེ་ཆེན་ལྷག་བསམ་རི་དབང་གིས་བསྲུབས་ལས། །བསླབ་གསུམ་གསེར་སྦྱངས་དྲ་བས་ལེགས་སྤྲས་ཅན། །སྔོན་མེད་བཤེས་གཉེན་ས་སྲུང་བཙོང་ཁ་པ། །མ་དག་དམན་བློར་ཆགས་བྲལ་ངུར་སྨྲིག་འཆང་། །ངེས་དོན་ཡབ་ཡུམ་ཟུང་འཇུག་སྒྱུ་མའི་སྐུར། །བཞེངས་གནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་། །ས་ལ་བརྟེན་པའི་འོག་མིན་གཉིས་པ་བཞིན། །རླུང་སེམས་འོད་སྐུར་སྨིན་པ་འཁོར་ལོའི་མགོན། །བཞིན་ལག་རྣམ་པར་ཤར་ལ་མཚར་ཅི་ཆེ། །ལྔ་བརྒྱའི་གཉེན་དུ་སྦྱངས་གཞིའི་ཡིད་བཞིན་གདུང་། །ལེགས་བཞུགས་མཆོད་སྡོང་བསོད་ནམས་རྒྱ་མཚོའི་ཞིང་། །ཀུན་བཟང་མཆོད་ཚོགས་སྤྲིན་ཕུང་སྤྲོ་བའི་བློ། །ཕུང་པོ་གཅིག་ཏུ་དཀར་བའི་ལེགས་བྱས་ཀྱི། །མཁའ་མཉམ་ལུས་ཅན་ཕན་དང་བདེ་བ་ལ། །རབ་སྦྱོར་སྐལ་པ་བཟང་པོ་ཐོབ་པར་ཤོག །རྨད་བྱུང་བཀོད་པའི་ཞིང་དུ་མགོན་པོ་ཁྱོད། །བདེ་གཤེགས་སེང་གེའི་ང་རོའི་སྐུར་བསྟན་པའི། །དྲུང་དུ་བསོད་ནམས་རབ་ཏུ་བརྟན་པ་གང་། །སྐྱེས་ཏེ་ཐེག་ཆེན་ཆོས་ཀྱི་ཚིམ་བྱེད་ཤོག །རྒྱལ་བྱམས་ཆེན། རིས་མེད་ཀུན་ལ་བྱམས་པའི་དཔུང་ཆེན་པོས། །བདུད་བཞིའི་གཡུལ་ངོ་ཕམ་མཛད་མི་ཕམ་མགོན། །རྣམ་འདྲེན་དམ་པ་ཏོག་དཀར་རྒྱལ་ཚབ་ཏུ། །དགའ་ལྡན་ཆོས་ཀྱི་ཁྲི་ལ་ལེགས་བཞུགས་ཀྱང་། །དགེ་བཅུ་རྫོགས་(༦༠ན)


GLG018_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འཛམ་གླིང་བརྒྱད་ཁྲིའི་ཚེར། །བྱང་ཆུབ་ཤིང་དྲུང་མངོན་པར་སངས་རྒྱས་པའི། །ཐེག་ཆེན་ཆོས་ཀྱིས་སྲིད་འཁྱམས་སྐྱེ་རྒུའི་སྲོག །གཏན་བདེར་འཚོ་བའི་བདུད་རྩིས་ཚིམ་པར་ཤོག །མགོན་ཁྱོད་ཡིད་དམ་བཅས་པའི་གཟུང་སྔགས་དག །ཁ་བཏོན་བྱས་དང་རྣ་བར་ཐོས་ཙམ་ཡང་། །རྗེས་འཛིན་ཞལ་མཆེས་རི་མོ་རྡོ་བའི་ངོས། །ལེགས་བྲིས་དམ་པའི་ངང་ཚུལ་སུ་ཡིས་འགོད། །ཁྱོད་ཞལ་འཛམ་བུའི་གསེར་སྦྱངས་རྡུལ་བརྩེགས་རི། །ཉི་འོད་འབུམ་གྱིས་འཁྱུད་པས་བསྒྲུན་མིན་པ། །མངོན་སུམ་ལྟ་བའི་སྐལ་པ་བཟང་པོ་ལ། །གྲངས་མེད་ལུས་ཅན་མཐའ་དག་སྤྱོད་པར་ཤོག །ཐེག་ཆེན་རིགས་སད་དབང་རྣོན་གདུལ་བྱ་ལ། །ཚངས་པའི་དབྱངས་ཀྱིས་ཆོས་འཁོར་བསྐོར་བ་ཡི། །འཁོར་དུ་བསོད་ནམས་རབ་བརྟན་རྫུས་སྐྱེས་ཏེ། །འདྲེན་མཆོག་ཁྱོད་ཀྱི་སྲས་སུ་འགྱུར་བར་ཤོག །རང་བྱོན་འཕགས་པ་མཆེད། མགོན་ཁྱོད་ཐུགས་རྗེའི་སྐྱ་རེང་གིས། །དྲངས་པའི་བདེ་སྐྱིད་ཉིན་མོར་བྱེད། །ཤར་ཚེ་སྙིགས་མར་སྤྱོད་པ་ཡི། །སྨག་རུམ་བསངས་པ་ཆོས་ཉིད་དེ། །འདྲེན་བྱེད་གཟིགས་པ་ལྷུང་ཙམ་གྱིས། །སྲིད་པའི་འཁོར་ལོ་ཆ་ལྔ་པ། །བདར་བར་བྱེད་ན་རྗེས་བཟུང་ཚེ། །ཞི་བའི་ལམ་དེར་ཅིས་མི་བགྲོད། །དེ་ཕྱིར་རང་བྱུང་འཕགས་པ་མཆེད། །མཐོང་བས་དོན་དང་ལྡན་པ་ཡིས། །མཁའ་མཉམ་མར་བྱུང་སེམས་ཅན་ཀུན། །བདེ་བ་ཅན་དུ་འཁྲིད་པར་མཛོད། །བཀོད་མཛེས་རིན་ཆེན་ལས་(༦༠བ)


GLG018_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི། །འོད་དཔག་མེད་མགོན་ཞིང་ཁམས་སུ། །འདབ་སྟོང་བཞད་པའི་ཟེའུ་འབྲུ་ལས། །བསོད་ནམས་རབ་བརྟན་སྐྱེ་བར་ཤོག ། གྲྭ་ཚོང་འདུས་ཀྱི་གོས་འཕན་ཞལ་ཡིག་བདུད་ལས་རྣམ་རྒྱལ། བདུད་སྡེའི་གཡུལ་ལས་རྒྱལ་པའི་རང་རྟགས་ཀྱི། །བ་དན་སྲིད་པའི་རྩེ་མོར་རབ་བསྒྲེངས་པས། །ལྷ་ཆེན་དགྱེས་པའི་ཟླ་ཞལ་འཆར་བཞིན་དུ། །རྣམ་བཞིའི་འཕྲིན་ལས་དགའ་སྟོན་ལྷུན་གྱིས་གྲུབ། །ཕུན་སུམ་ཚོགས་པའི་འདོད་པ་མ་ལུས་པ། །འཇོ་པའི་ཡིད་བཞིན་དབང་གི་རྒྱལ་པོ་ཆེ། །དཔག་བསམ་ཡོངས་འདུའི་སྙེ་མ་གཡུར་ཟ་བའི། །བདེ་སྐྱིད་རོ་བརྒྱའི་དཔལ་ལ་སྤྱོད་པར་མཛོད། །ས་ཕག་ཧོར་ཟླ་བརྒྱད་པའི་ནང་དུ་མཆོད་དཔོན་བློ་བཟང་མཐུ་སྟོབས་བསམ་ཡས་སུ་གནོད་སྦྱིན་ཆེན་པོར་སྤྱན་གཟིགས་འབུལ་པར་བཏང་སྐབས་བསེ་འཕག་སྨུག་ཆུང་གི་སྙན་དར་ཞལ་ཡིག་བསམ་དོན་ལྷུན་འགྲུབ། དྲི་མེད་རབ་གསལ་སྤྱན་རས་ཀྱིས་གཟིགས་ལ། །ལྷ་ཆེན་སྙན་གྱི་དབང་པོ་ལེགས་པར་གསོན། །བཅོལ་པའི་ལས་རྣམས་རྒྱ་མཚོའི་རླབས་ཕྲེང་ལྟར། །དུས་ལས་ཡོལ་བ་མེད་པར་མཛོད་ཅིག་ཀྱེ། །སྔོན་ཚེ་དམུ་དང་གནོད་སྦྱིན་བཤོས་པའི་སྲས། །སྡེ་བརྒྱད་དབང་ཕྱུག་པེ་ཧར་སྡེ་ལྔ་པོ། །འབའ་ཏ་ཧོར་གྱི་ཡུལ་ནས་གངས་ཅན་འདིར། །གཙུག་ལག་སྲུང་མར་རིགས་འཛིན་པདྨས་བསྐོས། །མ་གཡེལ་དམ་ཚིག་གཉན་པོ་ཐོད་ཆིངས་ལ། །དགྲ་དང་བགེགས་ཀྱི་མཐུ་སྟོབས་ནུས་པ་ཆོམས། །བདག་སོགས་ཚེ་རིང་ནད་མེད་མཐུན་པའི་རྐྱེན། །བསམ་དོན་(༦༡ན)


GLG018_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་ལྷུན་གྱིས་འགྲུབ་པར་མཛོད། །རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་འ་ཞའི་རྡོ་རྗེ་འཛིན་པ་མགོན་པོ་བསོད་ནམས་མཆོག་ལྡན་ཞིང་འདིའི་སྐུའི་བཀོད་པ་བསྡུས་པའི་ཚེ་སྐུ་གདུང་རིན་པོ་ཆེར་གོས་ཡུག་གི་སྙན་ཤལ་ཕུལ་བའི་ཞལ་ཡིག་དགྱེས་མཛད་སྒྱུ་འཕྲུལ་གར་མཁན། མཁའ་ལྟར་མཚན་མ་ཀུན་གྱིས་ཡོངས་དག་པར། །མི་དམིགས་ཆོས་སྐུ་བདེ་བ་ཆེན་པོའི་ཀློང་། །གཟུགས་སྐུའི་བཀོད་པ་དབྱེར་མེད་རོ་གཅིག་པ། །བརྗོད་བྲལ་གདོད་མའི་རང་ཞལ་ངང་ཉིད་ནས། །ཚད་མེད་རྣམ་བཞིའི་ལྷ་མོས་བསྐུལ་བ་ལས། །དགྱེས་མཛད་རྡོ་རྗེ་ཞལ་བརྒྱད་ཧེ་རུ་ཀའི། །དཀྱིལ་འཁོར་འཁོར་ལོའི་མགོན་པོར་རབ་བཞེངས་ཏེ། །སྒྱུ་འཕྲུལ་གར་གྱིས་བསོད་ནམས་ཞིང་སྤེལ་ཤོག །མཁའ་སྤྱོད་གནས་ཀྱི་ལྷ་མོས་འོག་མིན་དུ། །གཤེགས་པར་བསྐུལ་ཡང་བྱེ་བ་ཕྲག་བརྒྱའི་ཞིང་། །དག་དང་མ་དག་འགྲོ་བ་འདྲེན་པ་ཡིས། །རླབས་ཆེན་སྤྱོད་པའི་བཞེད་པ་ཡོངས་འགྲུབ་ཤོག །སྨིན་གྲོལ་ཟབ་དང་རྒྱ་ཆེ་དམ་པའི་ཆོས། །ལེགས་སྟོན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཛིན། །བཤེས་གཉེན་དམ་པའི་མགོན་གྱིས་སྐལ་བཟང་གི །གདུལ་བྱ་མཐའ་དག་རྗེས་སུ་འཛིན་གྱུར་ཅིག །གདོད་ནས་དག་པའི་རང་གི་སེམས་ཉིད་འདི། །རྡོ་རྗེའི་སློབ་དཔོན་ངོ་བོར་ཡོངས་ཤེས་ནས། །ཚད་མ་བཞི་ལྡན་སྙན་བརྒྱུད་ལམ་ཟབ་མོས། །ཟུང་འཇུག་བདེ་ཆེན་དཔལ་ལ་སྤྱོད་པར་ཤོག །འཕྱོང་རྒྱས་རྫོང་རི་བ་བློ་བཟང་པདྨ་བྲོ་ཚལ་པའི་དུས་ཕན་བདེ་ལེགས་བཤད་གླིང་དུ་(༦༡བ)


GLG018_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་ཇའི་ཐོག་འབུལ་རྒྱུའི་སྙན་དར་ཁ་ཡིག་དགོས་ཚུལ་ལྟར་བྲིས་པ་ཟུག་ངུ་རྣམ་གྲོལ། འདོད་ཁམས་བདག་མོ་བེག་རྩེ་ལྕམ་དྲལ་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོར་བཅས་པ་ཡིས། །བློ་གསལ་སྐལ་བཟང་པདྨའི་མིང་ཅན་གྱི། །ནད་གདོན་ཀུན་ཞི་ཚེ་དཔལ་རྒྱས་པར་མཛོད། །ས་ཕག་ལོ་ཞང་སྒོ་ཞང་ཚན་གཉིས་ཀྱིས་མ་རུང་པའི་བསམ་སྦྱོར་བརྩམས་པའི་རམས་འགྲོ་བཀྲས་སྒང་པ་སོགས་གཙང་པའི་དྲུང་གཟིམས་ཁ་ཡར་གྱིས་བཏེགས་ནས་སྡེ་གཟར་ལངས་པའི་ཚེ་མངོན་སྤྱོད་ཀྱི་ལས་སྦྱོར་བགྱིས་པ་རྣམས་དོན་ལྡན་གྲུབ་པའི་ཚེ་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་སུ་ཡི་དམ་ཆོས་སྲུང་སྤྱི་བྱེ་བྲག་ལ་གཏང་རག་ཕུལ་པའི་སྙན་དར་ཞལ་ཡིག་གཡུལ་ལས་རྣམ་པར་རྒྱལ་བའི་རུ་མཚོན། འཇམ་དཔལ་དཔའ་བོ་དུས་ཀྱི་དགྲ་ཆེན་པོར། །འཁོར་འདས་ཕྱག་རྒྱ་ཟིལ་གྱིས་གནོན་པའི་གར། །བཅོམ་ལྡན་གཤིན་རྗེའི་གཤེད་པོར་རྣམ་རོལ་པའི། །ཚེ་བདག་ནག་པོ་དཀྱིལ་འཁོར་འཁོར་ལོའི་མགོན། །བཀའ་སྡོད་ཟོར་དང་མནན་པའི་རྣ་ཆ་ཅན། །འཇོམས་བྱེད་ཆེན་པོ་འཆར་ཀ་ནག་པོ་དང་། །ཀིང་ཀང་དམར་ནག་ལས་ཀྱི་མཐའ་སྡུད་པ། །ཀླུ་བདུད་ཆེན་པོ་ནག་པོ་ཏི་པ་ཙ། །ཁྱད་པར་ལྷོ་ཕྱོགས་རིམ་པ་བདུན་གྱི་འོག །གཤིན་རྗེའི་གྲོང་ཁྱེར་ལྕགས་མཁར་སྒོ་མེད་ནས། །འཆི་བདག་ལས་གཤིན་པེ་ཝ་ས་ཏཱ་ཆེ། །སྲིད་གསུམ་བླ་སྲོག་འཕྲོག་པའི་ཕོ་ཉར་བཅས། །དཔལ་ལྡན་སྔགས་སྲུང་ཐང་ལྷ་འབར་བ་རྩལ། །ཁྱབ་འཇུག་སྟག་ཞོན་བདུད་མགོན་སེང་གེའི་གདོང་། །རྡོ་རྗེ་ལེགས་པ་མཐུ་ཆེན་སྡེ་བཞི་སོགས། །ཆོས་དང་གཏེར་(༦༢ན)


GLG018_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྲུང་མའི་ཚོགས་རྣམས་ལ། །སྔར་བཅོལ་གྲུབ་པའི་གཏང་རག་གཉན་པོ་དང་། །ད་འཆོལ་འཕྲིན་ལས་སྒྲུབ་པར་བྱེད་པའི་རྟེན། །དམ་རྫས་རྒྱན་ལྡན་གཏོར་མ་རི་ལྟར་སྤུངས། །སྨན་ཕུད་རཀྟ་རྒྱ་མཚོ་ལྟ་བུར་བསྐྱིལ། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ་པ་ཡི། །ཀུན་བཟང་མཆོད་སྤྲིན་ནམ་མཁའི་ཁྱོན་འགེང་ན། །ལོག་འདྲེན་བསྒྲལ་བས་རབ་དགྱེས་འཛུམ་ཞལ་གྱི། །ངོ་སོ་ཟླ་བཞིན་ལྟ་བུར་གསལ་བྱས་ནས། །གཡུལ་ལས་རྣམ་པར་རྒྱལ་པའི་དགའ་སྟོན་དུ། །དབང་པོ་སྒོ་ལྔ་ཚིམས་ཤིང་དགྱེས་པར་རོལ། །ཆུ་སྲིན་རྒྱལ་མཚན་ཅན་གྱི་སྡེ་བཅོམ་པའི། །རྒྱལ་རྔ་བརྡུང་ཞིང་རུ་མཚོན་མཁའ་ལ་སྒྲོངས། །མིང་རུས་བྲིས་པའི་དམ་ཉམས་དགྲ་བོ་རྣམས། །བདུན་བརྒྱུད་ཚུན་གྱི་ཚེ་སྲོག་དབང་ཐང་ཆོམས། །དམར་ཆེན་སྙིང་གི་ཁྲག་དོན་ཧུབ་ཀྱིས་དྲོངས། །མངོན་སྤྱོད་དྲག་པོའི་འཕྲིན་ལས་མྱུར་དུ་སྒྲུབས། །མ་ཧེའི་ཞལ་ཅན་དཔལ་ལྡན་གཤིན་རྗེ་གཤེད། །བླ་མགོན་དབྱེར་མེད་ཐུགས་རྗེའི་བདག་ཉིད་ཅན། །རྣམ་མང་ཐོས་སྲས་ལས་ཀྱི་གཤིན་རྗེ་གཤེད། །བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་རྡོ་རྗེ་གུར། །སྟོབས་འཕྲོག་ལྷ་ཆེན་དྲག་པོ་གདོང་བཞི་པ། །བཀའ་སྡོད་པུ་ཏྲ་མིང་སྲིང་དང་བཅས་པར། །དགྲ་བགེགས་བསྒྲལ་བའི་དགའ་སྟོན་གཏང་རག་དང་། །སླད་ནས་དྲག་སྦྱོར་འཕྲིན་ལས་བསྒྲུབ་པའི་ཆེད། །ཕྱི་ནང་གསང་གསུམ་(༦༢བ)


GLG018_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྤྲིན་རྒྱ་མཚོར་བཅས། །ས་དང་བར་སྣང་ཁྱོན་ཀུན་རབ་བཀང་སྟེ། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་འབུལ་བྱེད་ན། །ཟག་མེད་དགྱེས་པ་ཆེན་པོའི་དབྱིངས་སུ་རོལ། །སྨན་རཀ་གཏོར་གསུམ་མཐུན་པའི་དམ་རྫས་རྣམས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་རབ་སྤེལ་ནས། །མངོན་སྤྱོད་དྲག་པོའི་འཕྲིན་ལས་བསྒྲུབས་པ་དང་། །སླར་ཡང་སྒྲུབ་པའི་རྟེན་དུ་འབུལ་བྱེད་ན། །སྲིད་གསུམ་བདག་མོ་འདོད་ཁམས་རེ་མ་ཏིས། །བསམ་ངན་སྦྱོར་རྩུབ་འཆང་བྱེད་དགྲ་བོ་རྣམས། །བསོད་ནམས་མངའ་འཐང་བསྣུབས་ལ་ཚེ་སྲོག་ཆོད། །ཐལ་བའི་རྡུལ་དུ་རླག་པའི་འཕྲིན་ལས་མཛོད། ༈ །ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་དང་། །ཤ་ཆེན་དུད་པ་ཚིལ་ཆེན་མར་མེ་སྦར། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་བཤམས། །རྐང་གླིང་རོལ་མོ་དམ་རྫས་གཏོར་མ་དང་། །བདུད་རྩིའི་བཏུང་བ་སྤྱན་གཟིགས་མཐུན་རྫས་རྣམས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །བེག་རྩེ་ལྕམ་དྲལ་ལས་མཁན་བཤན་པའི་ཚོགས། །སྤྲུལ་པའི་ཆོས་རྒྱལ་གནོད་སྦྱིན་ཙི་དམར་བར། །དྲག་སྦྱོར་འཕྲིན་ལས་སྒྲུབ་པའི་དགའ་སྟོན་དང་། །སླར་ཡང་ལས་སྦྱོར་འགྲུབ་པའི་རྟེན་དུ་འབུལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཞལ་གྱི་ཁྱིམ། །གྲུབ་མཆོག་སྔགས་འཆང་བདག་ལ་དགྱེས་པར་སྟོན། །སྲུང་མ་ཁྱོད་ལ་གཉེར་དུ་གཏད་པ་ཡི། །དགྲ་བོ་སྔ་དགྲ་(༦༣ན)


GLG018_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བདར་ཕྱི་དགྲ་སེམས། །ད་ལྟ་གནོད་ཅིང་འཚེ་བར་བྱེད་པ་རྣམས། །མིང་ཙམ་བརྡ་ཙམ་མེད་པ་རྡུལ་དུ་རློགས། །ཀུན་ལྡན་ཞེས་པ་ལྕགས་བྱིའི་ལོ་གསར་དུས་འདོད་ཁམས་བདག་མོར་ཕུལ་བའི་དར་ཚོན་སྣ་ལྔའི་སྙན་ཤལ་གྱི་ཞལ་ཡིག་ལས་བཞིའི་ལྷུན་འགྲུབ། དཀར་པོ་མི་ཤིགས་སྐུ་གསུམ་བཙན་པོའི་གོ་ཆ་ཡིས། །བདུད་བཞི་ལས་རྒྱལ་རྡོ་རྗེ་དབྱིངས་ཕྱུག་མ། །དཔལ་ལྡན་ལྷ་མཆོག་དུང་སྐྱོང་དབང་མོ་ཡིས། །ཞི་བའི་ལས་རྣམས་ཐོགས་མེད་ལྷུན་གྲུབ་མཛོད། །སེར་པོ། བསོད་ནམས་ཉིན་བྱེད་སྟོང་དུ་རབ་འབར་གཟིས། །བསམ་པའི་རེ་སྐོང་དཔག་བསམ་ཡོངས་འདུའི་ལྗོན། །འཛམྦུའི་གསེར་སྦྱངས་མདངས་འཛིན་ལྷག་པའི་ལྷས། །རྒྱས་པའི་ལས་རྣམས་ཐོགས་མེད་ལྷུན་གྲུབ་མཛོད། །དམར་པོ། སྲིད་ཞིའི་ཆོས་ཀུན་འགུགས་པའི་སྒྱུ་ཐབས་ཀྱིས། །ཁམས་གསུམ་བརྟན་པ་ཅིག་ཅར་འཕྲོག་བྱེད་པའི། །འདོད་ཁམས་དབང་ཕྱུག་དམག་ཟོར་རེ་མ་ཏིས། །དབང་གི་ལས་རྣམས་ཐོགས་མེད་ལྷུན་གྲུབ་མཛོད། །ནག་པོ་སྔ་དགྲའི་ཁྲག་གིས་ཆེས་ཆེར་མྱོས་པའི་ཞལ། །ད་ལྟའི་དམ་ཉམས་ཤ་ཟར་རིངས་པ་ཡིས། །རབ་གདངས་ཁྲོ་གཏུམ་མཐུ་སྟོབས་དཔལ་འབར་ལས། །དྲག་པོའི་འཕྲིན་ལས་ཐོགས་མེད་ལྷུན་གྲུབ་མཛོད། །ལྗང་ཁུ། ཕན་དང་བདེ་བ་མ་ལུས་འབྱུང་གནས་ཆེ། །རྡོ་རྗེ་འཛིན་པའི་ལམ་མཆོག་སྙིང་པོའི་དོན། །ཉེར་སྤྱོད་བསམ་དོན་ཆོས་བཞིན་ལྷུན་གྲུབ་(༦༣བ)


GLG018_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པར། །ཕུན་སུམ་ཚོགས་པའི་དགའ་སྟོན་རྒྱས་པར་མཛོད། །ལྕགས་བྱི་ནག་པ་ཟླ་བའི་བརྒྱད་གཏོར་གྱི་ཉིན་མགོན་པོ་ཞལ་བཞི་པར་ཕུལ་བའི་སྙན་དར་ཞལ་ཡིག་ཆོས་ཀྱི་དབྱིངས་ནས་དགྱེས་པའི་འཛུམ་ཞལ། བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་བཞིའི། །དགྱེས་ཞལ་ཆོས་ཀྱི་དབྱིངས་ནས་འཛུམ་པ་ཡི། །གསལ་སྟོང་རང་སེམས་ལྷན་སྐྱེས་གདོད་མའི་མགོན། །གསང་བའི་ལྷ་ཆེན་སྟོབས་འཕྲོག་ནག་པོ་ཆེ། །རོ་རྐྱང་དྷུ་ཏཱིའི་འཁོར་ལོ་རྣམ་བཞིའི་དབུས། །རྩ་ཁམས་རླུང་གི་རང་མདངས་ཞིང་སྐྱོང་སྐུ། །ཟག་མེད་བདེ་བ་ཆེན་པོའི་ཟློས་གར་གྱིས། །ཟུང་འཇུག་རང་ཞལ་ལྟ་བ་ནང་གི་མགོན། །ཏེ་སེ་གྲུ་འཛིན་དུར་ཁྲོད་ཧ་ཧ་དགོད། །དར་ལུང་ཁའུ་ལ་སོགས་གནས་མང་པོར། །ཁྲོ་གཏུམ་སྲིན་པོའི་ཚུལ་དང་བྲམ་ཟེའི་གཟུགས། །སྟོན་མཛད་ཕྱི་ཡི་མགོན་པོ་གདོང་བཞི་པ། །བློ་འདས་བརྗོད་བྲལ་སེམས་ཉིད་གཅིག་བུའི་གཤིས། །རང་ངོ་འཕྲོད་ནས་སྐྱོང་བའི་རྣལ་འབྱོར་དང་། །རྩ་མདུད་རྒྱ་དྲིལ་རང་སེམས་དབུ་མའི་ལམ། །འཇུག་པའི་ནང་གསང་མཆོད་པ་འདི་རྨད་བྱུང་། །རྡོ་ནག་མཎྜལ་གཡག་ལུག་ཞྭ་ཕོད་ནག །གྲི་སྙིང་སྲོག་འཁོར་ཕྱི་ནང་གསང་བའི་རྟེན། །གཏོར་མའི་རི་བོར་རཀྟའི་རྒྱ་མཚོ་སོགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་སྐོང་བྱེད་ན། །བསྟན་དང་བསྟན་འཛིན་སློབ་བཤད་འདུས་སྡེ་སྤེལ། །འཇིག་རྟེན་ཁམས་ཀུན་བདེ་སྐྱིད་དཔལ་ལ་དགོད། །བསམ་ངན་སྦྱོར་རྩུབ་འཆང་བྱེད་དགྲ་དང་བགེགས། །གནམ་ལྕགས་ཐོག་གིས་བྲག་རི་བསྙིལ་ལྟར་(༦༤ན)


GLG018_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཆོམས། །ཀླུ་སྒྲུབ་གཉན་དང་རྗེ་བཙུན་ས་སྐྱ་པ། །ཁྱད་པར་མཚར་ཆེན་ཡབ་སྲས་བརྒྱུད་བཅས་ཀྱི། །དམ་ཚིག་དགོངས་ལ་འཕྲིན་ལས་རྣམ་པ་བཞི། །ལྷུན་གྱིས་འགྲུབ་པའི་དགའ་སྟོན་རྒྱས་པར་མཛོད། །ལུང་བསྟན་སྔ་ཕྱི་དང་། ཚངས་པ་ཆེན་པོ་དུང་ཐོད་ཅན་གྱི་བསྐུལ་མ་སོགས་ལ་བརྟེན་ནས་ལྕགས་བྱིའི་ལོ་ར་ས་འཕྲུལ་སྣང་དུ་ལྷ་ཁང་གསར་བཞེངས་བགྱིས་པའི་དུས་བོད་འབངས་བདེ་ཐབས་ལ་དམིགས་ཏེ་སྒྲུབ་མཆོད་ཆོ་ག་གཞུང་སྲོང་བར་ཕན་བདེ་ལེགས་བཤད་གླིང་པ་ཚོགས་པའི་རྡོ་རྗེ་སློབ་དཔོན་ངེད་རང་གིས་བྱས་ནས་འཕྲིན་ལས་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་རབ་ཏུ་གནས་པའི་ཚེ་སྙན་ཤལ་ཕུལ་བའི་ནང་ཚན་ཚེེ་དཔག་ལྷ་ཁང་གི་སྙན་དར་ཞལ་ཡིག་འཆི་མེད་རྡོ་རྗེའི་སྲོག་ཤིང་། མཁའ་ཁྱབ་སངས་རྒྱས་ཀུན་གྱི་སྒྱུ་མའི་འཕྲུལ། །འཆི་བའི་དངོས་པོ་འཇོམས་པ་རྡོ་རྗེའི་སྲོག །གྲུབ་པའི་ངོ་མཚར་མཚན་དཔེའི་རང་གཟུགས་གར། །ལེགས་སྒྱུར་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །བྱེ་བ་ཕྲག་བརྒྱ་གངྒཱའི་རྡུལ་རྙེད་ཀྱི། །གསང་གསུམ་བཀོད་པའི་རྣམ་རོལ་བསྟན་པ་ལས། །རྣམ་འགྱུར་མཚན་གྱི་དབྱེ་བ་གཏེར་གྱི་གྲངས། །མ་སྨད་ལྷག་བསམ་བྱེད་པོས་བསྐྲུན་པའི་མཐུས། །ཀུན་མཁྱེན་གཟིགས་པས་མཐའ་དང་ཚད་བཟུང་བར། །ནུས་མིན་མ་རྒན་བརྒྱུད་ལྔའི་འགྲོ་བ་རྣམས། །མངོན་པར་མཐོ་དང་ངེས་པར་ལེགས་པའི་ལམ། །བླ་མེད་བྱང་ཆུབ་མཆོག་གི་རྒྱུར་གྱུར་ཅིག །ཁྱད་པར་གངས་ཅན་ར་བ་དཀར་པོ་ཡི། །ཁོར་ཡུག་གཅིག་ཏུ་གྱུར་པའི་རྒྱལ་(༦༤བ)


GLG018_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་འདིར། །དཀར་མིན་འབྲས་བུའི་མིང་ཡང་མི་གྲགས་པར། །ཕན་བདེའི་མྱུ་གུ་གཡུར་དུ་ཟ་བར་ཤོག །བཤད་དང་སྒྲུབ་པའི་བསྟན་པ་དར་ཞིང་རྒྱས། །ནོར་འཛིན་སྐྱོང་བའི་མངའ་ཐང་ཆབ་སྲིད་འཕེལ། །རྫོགས་ལྡན་དུས་ཀྱི་ཚེ་དཔལ་འབྱོར་པ་ལ། །འགྲོ་རྣམས་སྤྱོད་པའི་སྐལ་པ་བཟང་པོར་ཤོག །མཚན་བརྒྱད་ལྷ་ཁང་གི་སྙན་དར་ཞལ་ཡིག་བསམ་པ་ལྷུན་གྱིས་གྲུབ་པའི་བདེན་གཏམ། བདེ་བར་གཤེགས་པ་ཞི་ཁྲོ་ཀུན་འདུས་པའི། །བདག་ཉིད་རིག་འཛིན་བླ་མ་ཧེ་རུ་ཀ །སྲིད་པ་གསུམ་ན་ཆེ་བའི་རིག་སྔགས་ཀྱིས། །བརྟུལ་ཞུགས་གྲུབ་མཆོག་དབང་པོ་པདྨ་འབྱུང་། །གདུལ་བྱའི་ཁམས་དང་བསམ་པའི་མེ་ལོང་ངོས། །གཟུགས་སྐུའི་བཀོད་པ་གཅིག་ལ་དུ་མའི་གར། །སྣང་བརྙན་མ་འདྲེས་འཆར་པ་མཚན་གྱི་སྒྲ །གྲགས་པ་དོན་ལྡན་ཇི་བཞིན་བསྐྲུན་པའི་མཐུས། །འགྲོ་ཀུན་འདི་དང་གཏན་དུ་བདེ་ལྡན་ཞིང་། །དེའི་རྒྱུ་ཐུབ་དབང་བསྟན་པ་རིན་ཆེན་དར། །ལུགས་གཉིས་ཁྲིམས་ཀྱི་ཉི་ཟླ་ཟུང་འཇུག་པས། །རྒུད་པའི་མུན་པ་དྲུང་ནས་འབྱིན་པར་ཤོག །ཁྱད་པར་གངས་ཅན་ལྗོངས་འདིའི་ཕན་བདེའི་ནོར། །འཕྲོག་བྱེད་ཆོམ་རྐུན་འགོང་པོ་དམ་སྲིའི་དཔུང་། །ཕུར་ཐོགས་དྲག་པོར་ཁྲོས་པས་རབ་བཅོམ་སྟེ། །ནད་མཚོན་མུ་གེའི་མིང་ཡང་མེད་པར་ཤོག །དཔལ་གྱི་མགུར་ནས་ཚངས་པའི་དབྱངས་སྙན་པོས། །བོད་འབངས་རྗེས་སུ་འཛིན་པར་ཞལ་བཞེས་བཀའ། །ལྷ་སྲས་རྒྱལ་པོར་བསམ་པ་(༦༥ན)


GLG018_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་མ། །གསུངས་པའི་རེ་བ་དོན་དང་ལྡན་པར་ཤོག །སྤྱན་རས་གཟིགས་ལྷ་ཁང་གི་སྙན་དར་ཞལ་ཡིག་བདེ་སྐྱིད་ཉིན་མོའི་སྣང་བ། འགྲོ་ཀུན་རྣམ་པ་ཐམས་ཅད་མཁྱེན་པའི་སར། །བཀོད་མིན་རང་ཉིད་མངོན་འཚང་མི་རྒྱ་ཞེས། །འོད་མཚན་སྟོང་དུ་འབར་པའི་སྤྱན་སྔ་རུ། །ཐུགས་བསྐྱེད་དམ་བཅའི་ཁུར་ལྡན་འཇིག་རྟེན་དབང་། །མཐའ་ཀླས་གདུལ་བྱའི་ཁམས་དང་འཚམ་པའི་སྐུ། །གཏིང་མཐའ་མི་མངོན་དཔག་དཀའ་ཆུ་གཏེར་སྤུན། །འོན་ཏེ་ཆ་ཤས་ཙམ་གྱིས་སྐོམ་པའི་ནད། །སེལ་སྙམ་སྣང་བརྙན་འགའ་ཞིག་བཞེངས་པ་ཡིས། །མ་དག་འཁོར་བ་ཆུ་གཏེར་ཆེན་པོའི་ནང་། །མ་རིག་འཁྲུལ་པའི་དབང་གིས་ཉེར་འཁྱམས་འགྲོ །མ་ལུས་ལྷ་མོའི་ཐེམ་སྐས་ལ་འཛེགས་ནས། །མ་སྨད་ཐར་པའི་གྲོང་དུ་འཇུག་གྱུར་ཅིག །ལྷ་གཅིག་ཐུན་མོང་མིན་པའི་གདུལ་བྱའི་ཞིང་། །སཱ་ལའི་ལྗོངས་འདིར་འཐབ་རྩོད་ནད་མུག་སོགས། །རབ་ཞི་བདེ་སྐྱིད་ཉིན་མོའི་སྣང་བ་ཡིས། །ཀུན་ཏུ་ཁྱབ་པའི་དགའ་སྟོན་རྒྱས་གྱུར་ཅིག །ཟས་གཙང་སྲས་ཀྱི་བསྟན་པ་ལུང་རྟོགས་ཆོས། །དེ་འཛིན་ཐོས་བསམ་སྒོམ་པའི་སྡེ་རྣམས་འཕེལ། །སྐྱེ་རྒུ་རྣམས་ཀྱང་དགེ་བ་བཅུར་སྤྱོད་ཅིང་། །རྣམ་སྨིན་དཀར་པོའི་འབྲས་བུས་དུད་པར་ཤོག །ཆོས་རྒྱལ་ལྷ་ཁང་གི་སྙན་དར་ཞལ་ཡིག་བདེ་ལེགས་ནོར་བུའི་རྒྱལ་མཚན། སྒྲིབ་སེལ་ཀུན་བཟང་རིགས་གསུམ་སྒྱུ་དྲའི་གར། །གངས་ཅན་རྒྱལ་པོའི་རྣམ་པར་ཤར་བ་ཡིས། །


GLG018_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་བསྟན་ཀུན་བཟོད་འདེགས་པའི་སྙིང་སྟོབས་ཀྱིས། །པད་དཀར་མིག་གི་ཁེངས་པ་ཐུང་ངུར་བྱེད། །དེའི་ཕྱིར་འཕགས་ཆེན་དམ་པ་གཞན་དོན་དུ། །མི་སྐྱོའི་ལྷག་བསམ་ཁྱོགས་ལ་རབ་བརྟེན་ནས། །ཆོས་སྲིད་ཟླ་བ་ལྟ་བུའི་དཀར་མཛེས་ཀྱིས། །སྤུར་རྒྱལ་ཡངས་པའི་ས་ཀུན་བྱུགས་པ་བཞིན། །སླར་ཡང་ཐུགས་རྗེ་ཆེན་པོའི་འཇུག་པ་ནི། །གངྒཱའི་ཀླུང་ལྟར་ཆད་པ་མེད་པ་ཡིས། །མ་དག་ཉེས་བརྒྱའི་དྲི་མ་ཀུན་བཀྲུས་ཏེ། །བདེ་ལེགས་ནོར་བུའི་རྒྱལ་མཚན་སྒྲེང་པར་མཛོད། །སེམས་ཀྱི་གླང་པོ་བག་ཡོད་ལྕགས་ཀྱུ་ཡིས། །ཉེར་དུལ་སྒོ་གསུམ་མི་དགེ་ལས་གདམས་པ། །མི་ཆོས་གཙང་མ་བཅུ་དྲུག་ཁྲིམས་ཀྱི་སྲོལ། །ས་ཟླའི་གཉའ་ཤིང་རབ་ལྕི་བརྟན་གྱུར་ཅིག །རྩོད་ལྡན་དུས་ཀྱི་མུན་པ་ཕ་མཐར་བསྐྲད། །དགེ་ཚོགས་ཟླ་བའི་དཀྱིལ་འཁོར་ཆ་ཤས་གང་། །ལེགས་བྱས་རི་དྭགས་གཟུགས་ཀྱིས་རྣམ་པར་མཛེས། །སྡེ་བཞིའི་རྒྱུ་སྐར་འཕྲེང་བ་འཁྲིག་གྱུར་ཅིག །དགའ་ལྡན་ལྷ་ཁང་གི་སྙན་དར་ཞལ་ཡིག་ཆོས་སྲིད་གདུགས་དཀར་གཅིག་ཁྱབ། ཤེས་རབ་རལ་གྲི་རྣོན་པོས་བདུད་བཞི་ལས། །རྣམ་པར་རྒྱལ་བས་སངས་རྒྱས་མ་ལུས་པའི། །ཡབ་ཏུ་གྱུར་ཀྱང་གཞོན་ནུ་ཟུར་ཕུད་ཀྱི། །ལྔ་ལྡན་སྒྱུ་ཐབས་ལྷུར་ལེན་འཇམ་པའི་དབྱངས། །བློ་དམན་གདུལ་བྱའི་མངོན་སུམ་སྤྱོད་ཡུལ་དུ། །ཁྲིམས་ལྡན་ངུར་སྨྲིག་འཛིན་པའི་ཟློས་གར་ཅན། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི། །ངོ་མཚར་མཚན་གྱི་དབྱངས་སྙན་སྲིད་རྩེར་ལྡིར། །མགོན་(༦༦ན)


GLG018_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་སློབ་མར་བཅས་པའི་གཟུགས་ཀྱི་སྐུ། །དཀར་ནག་རྒྱ་དང་ཧོར་བོད་སྐྱེ་རྒུ་ཡི། །འདྲེན་བྱེད་ཡུལ་དང་བསོད་ནམས་ཞིང་གྱུར་པ། །མ་སྨད་ཕྲེང་བར་སྤེལ་བའི་ལེགས་བྱས་ཀྱིས། །ཛཱཏིའི་དྲི་བསུང་འཐུལ་བའི་གུར་ཁྱིམ་ནས། །དར་ཟབ་ཐགས་སུ་ཐགས་པའི་ཡུལ་གྲུའི་བར། །གང་གི་འཛད་མེད་ཕུལ་བྱུང་འཕྲིན་ལས་ཀྱི། །ཆོས་སྲིད་གདུགས་དཀར་གཅིག་གིས་ཁྱབ་གྱུར་ཅིག །ཇི་སྲིད་ཉི་ཟླའི་འོད་ཀྱིས་གླིང་བཞིའི་མུན། །སེལ་བ་དེ་སྲིད་མཉམ་མེད་དགའ་ལྡན་པའི། །དྲི་མེད་བསྟན་པ་མི་འགྱུར་རྡོ་རྗེ་ལྟར། །རབ་བརྟན་ལུས་ཅན་ཀུན་གྱིས་དཔལ་གྱུར་ཅིག །རབ་གནས་ཀྱི་ཚེ་ཇོ་ཤཱཀ །བྱམས་པ་ཆོས་འཁོར། རང་བྱོན་ལྔ་ལྡན། དུང་སྐྱོང་རྒྱལ་མོ་རྣམས་ལ་ཕུལ་པའི་སྙན་དར་ཞལ་ཡིག་ཕན་བདེའི་སྣང་བ། ཤཱཀྱ་མུ་ནི་ཚོགས་གཉིས་རླུང་གི་ཤུགས་ལྡན་རྟ་བདུན་གྱིས། །དྲངས་པའི་བུ་རམ་ཤིང་པ་ཉིན་མོར་བྱེད། །ཐུགས་རྗེ་འོད་སྟོང་འགྲོ་བློའི་འདབ་བརྒྱའི་དབུས། །འཇུག་མཛད་མ་འདྲིས་མཛའ་བཤེས་རྒྱལ་བའི་ཏོག །མགོན་ཁྱོད་སྙིགས་མའི་དུས་ལ་ཆེས་བརྩེ་བས། །ལྔ་བརྒྱའི་གཉེན་དུ་ཞིང་འདིར་རྣམ་སྤྲུལ་གར། །ལེགས་བསྟན་པདྨ་ལྟ་བུར་རབ་བསྔགས་པ། །དོན་ལྡན་མཁྱེན་བརྩེ་ནུས་པས་འགྲོ་རྣམས་སྐྱོངས། །འདི་དང་གཏན་འདུན་འགྲུབ་བྱེད་སྡེ་བཞིའི་ཞལ། །འཛུམ་པའི་བདེ་སྐྱིད་གསེར་སྒོང་ཐབས་ཤེས་ཟུང་། །ལྷན་ཅིག་མཉམ་འཇུག་དྲོད་ཀྱིས་ལེགས་སྨིན་པས། །ཆོས་སྲིད་(༦༦བ)


GLG018_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པོའི་དབང་ཕྱུག་ཐོབ་པར་ཤོག །བྱམས་པ། བྱམས་བརྩེའི་བརླན་གྱིས་ལྷག་བསམ་ས་བོན་ཚོགས། །སྨིན་པས་སེམས་བསྐྱེད་སྡོང་བུ་དར་དྲག་པ། །མ་ཕམ་ཡོངས་འདུའི་ལྗོན་ཤིང་ཐུགས་རྗེའི་འབྲས། །གྲངས་མེད་འགྲོ་རྣམས་ལོངས་སུ་སྤྱོད་གྱུར་ཅིག །ཐུགས་རྗེ་ཆེན་པོ། འདྲེན་བྱེད་མེ་ཡིས་ནག་པོའི་དཔུང་བཅོམ་པས། །སྔོན་མེད་གཙུག་ན་ཟླ་བ་འཇིག་རྟེན་དབང་། །སྲོང་བཙན་རྒྱལ་པོའི་དུས་བཞིན་གངས་ཅན་ལྗོངས། །འཕྲིན་ལས་རྣམ་བཞིས་རྗེས་སུ་འཛིན་པར་མཛོད། །དཔལ་ལྷ། ཕྱི་ལྟར་དྲི་ཟའི་བུ་མོ་ཡིད་འོངས་མ། །ནང་དུ་ཆོས་འཁོར་སྐྱོང་བའི་དུང་སྐྱོང་ལྷ། །གསང་བ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་གཙོ། །ཡང་གསང་འཁོར་ལོ་ཆེན་པོར་རྒྱས་འདེབས་ཡུམ། །རིག་འཛིན་བརྒྱུད་པའི་དམ་ཚིག་ཉེར་དགོངས་ལ། །ལུང་རྟོགས་བསྟན་དང་གཙུག་ལག་སྡེ་རྣམས་སྐྱོངས། །ཁ་བའི་ལྗོངས་འདིར་འཐབ་རྩོད་ནད་མུག་སོགས། །རྒུད་པ་ཀུན་ཞི་བདེ་ཞིང་སྐྱིད་པར་མཛོད། །ཁྱད་པར་རིག་སྔགས་འཆང་བ་བདག་ཅག་ལ། །ལོག་པར་འཁུ་བའི་དགྲ་སྡེའི་དཔུང་ཚོགས་ཆོམས། །སྐྱབས་ཡུལ་མི་ནོར་དགོན་གནས་སྲིད་སྡེ་རྣམས། །ཉིན་མཚན་དུས་ཀུན་བསྲུང་ཞིང་སྐྱོང་བར་མཛོད། །ལྕགས་བྱི་འཕྱོང་རྒྱས་སྲོང་བཙན་བང་སོར་སྨན་ལུང་པ་ཤཱཀ་གཞོན་གྱིས་བཞེངས་པའི་དཔལ་མགོན་མ་ནིང་ནག་པོར་གསོལ་མཆོད་གཟབ་རྒྱས་(༦༧ན)
སྐབས་ཕུལ་བའི་སྙན་དར་ཞལ་ཡིག་དུས་ཀྱི་བྱིན་ཟའི་ཕུང་པོ། མིག་སྨན་ལྟར་གནག་སྲིན་པོ་ཁྲོས་པའི་གཟུགས། །གར་དགུའི་ཉམས་ལྡན་དགྲ་བགེགས་འདམ་ལྟར་བརྫི། །དུས་མཐའི་མེ་ཡི་གོས་ཀྱིས་ཉེར་ཀླུབས་པའི། །ལེགས་ལྡན་དབང་པོ་དཔལ་མགོན་མ་ནིང་ཆེར། །སྨན་རཀ་གཏོར་མ་ཕྱི་ནང་གསང་བ་ཡི། །མཆོད་ཚོགས་དངོས་བཤམས་ཡིད་ཀྱིས་ལེགས་སྤྲུལ་པས། །ཐུགས་དམ་གཉན་པོ་དབྱིངས་སུ་སྐོང་བྱེད་ན། །ཟག་མེད་བདེ་བའི་ཀློང་དུ་དགྱེས་པར་རོལ། །དུས་གསུམ་སངས་རྒྱས་ཀུན་དངོས་པདྨ་འབྱུང་། །གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ལ་སོགས་པ། །རིགས་འཛིན་བརྒྱུད་པའི་དམ་ཚིག་ཉེར་དགོངས་ལ། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །


previousས་བྱི་ཆོ་འཕྲུལ་མཆོད་པའི་དུས་ཇོ་ཤཱཀ །རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར། རྗེ་བཙུན་བཙོང་ཁ་པ། དུང་སྐྱོང་རྒྱལ་མོ་རྣམས་ལ་སྙན་ཤལ་ཕུལ་བའི་ཁ་ཡིག་ལེགས་བྱས་རྒྱ་མཚོའི་རླབས་འཕྲེང་།next