Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

12 occurrences of བྱམས་པ་གླིང་
[Clear Hits]


  
collapse section
  
  
  
 
  
  
collapse section
དཔལ་ལྡན་ས་སྐྱ་འཁོན་གྱི་གདུང་རབས་ཀྱི་སྐོར།
  
 
 
  
  
expand section


12 occurrences of བྱམས་པ་གླིང་
[Clear Hits]

 
previousདཔལ་ལྡན་ས་སྐྱ་འཁོན་གྱི་གདུང་རབས་ཀྱི་སྐོར།next

དཔལ་ལྡན་ས་སྐྱ་འཁོན་གྱི་གདུང་རབས་ཀྱི་སྐོར།


GLG019_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ས་སྐྱ་འཁོན་གྱི་གདུང་རབས་ཀྱི་སྐོར། དེ་ལྟར་ཕུལ་དུ་བྱུང་བའི་སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་གྱོན་ནས་རྣོ་ངར་མི་བཟད་པའི་མཚོན་ཆས་བདུད་སྡེའི་སྙིང་ལ་བརྣག་ནུས་ལས་འདས་པའི་དུཿཁ་སྟེར་བའི་བྱེད་པོ་ལྷ་ལུང་དཔལ་རྡོ་རྗེས། མེ་ཏོག་མདའ་ཅན་གྱི་འདབ་བརྒྱ་རྣམ་པར་བཞད་པའི་ཟེའུ་འབྲུ་གླང་དར་མ་འུ་དུམ་བཙན་ཉི་མའི་བུའི་གངས་རིའི་དུམ་བུ་གསར་དུ་ཆད་པའི་འཕྲེང་བ་ལྟ་བུའི་མཆེ་བའི་གྲོང་ཁྱེར་དུ་སྤྱུགས་པའི་མཇུག་ཏུ། རྗེ་འབངས་ཀྱི་གོ་རིམ་རྣམ་པར་ཞིག་ནས་ལོ་སུམ་བརྒྱ་ལྷག་པ་འདས་པའི་དུས། འཇམ་དབྱངས་གོང་མའི་ཁྲི་ལ་གནམ་སྐོས་ཀྱི་རྒྱལ་པོ་ཧོར་གྱི་ལུང་བྱུང་བ་ཡིན་ལ། དེ་ཡང་མ་ཧཱ་ཙི་ནའི་ཡུལ་གྲུ་ཆེན་པོར་སྟོབས་ཀྱི་དཔུང་པས་ས་ལ་རང་དབང་དུ་སྤྱོད་པའི་རྒྱལ་པོ་མཆོག་གི་སེང་གེ་རྐང་པ་བརྒྱད་པས་བཏེག་པའི་རིན་པོ་ཆེའི་ཁྲི་ལ་ཞབས་ཟུང་གི་པདྨོ་མངོན་པར་འདུ་བགྱིས་ཏེ། རིན་པོ་ཆེ་སྣ་བདུན་སྔོན་དུ་འགྲོ་བ་ཅན་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་པོ་གང་ཡིན་པ་དག་ནི་འཇམ་མགོན་ཟུར་ཕུད་ལྔ་པའི་བྱིན་རླབས་ཀྱི་བསིལ་ཟེར་སྙིང་ལ་འཕོས་པའི་ཀུན་དགའི་བདུད་རྩི་འབུམ་དུ་འཛག་པ་ཤ་སྟག་འབྱུང་བར་གྲགས་ཤིང་། དེ་ཡང་ས་སྐྱོང་(༥༢བ)


GLG019_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ་ཀུན་དགའ་རྡོ་རྗེའི་གསུང་ལས་སྙིགས་དུས་ཀྱི་མཁས་པའི་དབང་པོ་འགོས་ལོ་གཞོན་ནུ་དཔལ་གྱིས་བཏུས་པར། སྤྱི་བོའི་རྒྱལ་པོ་སུམ་ཅུ་རྩ་དྲུག །ཚིན་ཧྲི་ཧང་གི་རྒྱལ་པོ་གཉིས། ཧན་གྱི་རྒྱལ་པོ་བཅུ་གཉིས། ཨང་མང་གཉིས། ཧན་ཉི་ཤུ་རྩ་དྲུག །ཚའོ་ཚ་ལྔ། འུམ་གཅིག །ཧེའུ་ཅིང་གཅིག །བ་སི་ཅིང་གཅིག །ཆིང་སང་བརྒྱུད་པ་སུའི་གཡང་དི་ཡི་ལ་རྒྱལ་པོ་བཅུ་གཉིས་བྱུང་བར་བཤད་པ་སོགས་རྒྱ་དང་མི་ཉག་གི་རྒྱལ་ཁམས་ཐམས་ཅད་ལ་དབང་དུ་བྱེད་པ་ནི། ནག་མོ་ཨ་ལན་ལ་ཉི་མ་དང་ཟླ་བའི་ཟེར་ལས་སྐྱེས་པའི་བུ་བོ་དོན་ཆར་མུ་གན་གྱི་རིགས་བརྒྱུད་ལས་བྱུང་བ་ཚེ་རིང་གནམ་གྱི་ཤེ་མོང་ལས། ཡངས་པའི་ས་ཆེན་པོ་ཀུན་ལ་དབང་སྒྱུར་བ་ཧོར་ཇིང་གིར་རྒྱལ་པོ་ཡིན་ལ། དེ་ལ་སྲས་མང་དུ་ཡོད་པའི་ག་གན་ལ་གོ་ཡུག་གན་དང་། གོ་དན་རྒྱལ་པོ་སོགས་ལས་ཕྱི་མའི་དུས། དོར་རྟ་ནག་པོས་གཙོས་པའི་ཧོར་དམག་བོད་དུ་ལྷགས་ཏེ། འཇིག་རྟེན་ན་མངོན་པར་མཐོ་བ་གཙུག་ན་ཟླ་བ་ཡང་ཞུམ་པར་བྱེད་པའི་དགྲ་ཐབས་ཀྱིས་བོད་དང་བོད་ཆེན་པོའི་རྒྱལ་ཁམས་ཐམས་ཅད་སྤ་བཀོང་བར་བྱས། དེ་ཡང་ཆོས་རྗེ་བསོད་གྲགས་པས། ཇིང་གིར་རྒྱལ་པོ། སྦོར་ཏ་ཆེའི་བརྒྱུད་པ་ཡིན་པ་ལྟར་བཤད་པ་ནི་མ་ངེས་པ་སྟེ། དུ་བུན་མེར་གན་ནས་བརྒྱུད་པ་ཆད་དེ། ནག་མོ་ཨ་ལན་ལ་བུ་ཉི་ཟླའི་ཟེར་ལས་སྐྱེས་པ་ཡང་བཤད་ཅིང་། གཏམ་རྒྱུད་འགའ་ཞིག་ཏུ་གཞོན་ནུ་ཁ་དོག་སེར་པོ་ཅན་ཞིག་གུར་གྱི་མཐོང་ནས་བབས་ཏེ་དགའ་མགུར་སྤྱད་ནས་ཕྱིར་འགྲོ་བ་ན་གུར་གྱི་སྒོ་ལས་ཁྱིའི་གཟུགས་འཐོན་པ་ཞིག་གི་བུ་བྱུང་བས་གནམ་གྱི་བུ་ཞེས་བཏགས་པར་གྲགས་ཤིང་། གང་ལྟར་བོ་དོན་ཆར་མུ་གན་ཡིན་པས། མ་ངེས་པའི་གཏམ་མང་པོ་སྨྲ་བ་ནི་རང་ཉིད་གསལ་བར་(༥༣ན)


GLG019_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་རྒྱུ་ཡིན་ལ། རྭ་སྒྲེང་དང་རྒྱལ་ལྷ་ཁང་དུ་ཧོར་དམག་གིས་དགེ་འདུན་དུ་མ་བཀྲོངས་པའི་གླིང་ལོག་དེ་ནི། དགེ་བའི་བཤེས་གཉེན་པོ་ཏོ་བ་དང་དུས་མཚུངས་པས་དུས་ཚོད་འདི་དག་ལས་སྔ་བར་མངོན་ནོ། །དེ་ནས་མི་རིང་བར་རྒྱལ་པོ་རྣམ་པར་དཀར་བའི་ལས་ལ་འཇུག་པའི་བསམ་པ་སྐྱེས་ཏེ་རྒྱ་སྨན་དང་། དབོན་པོ་དོར་རྟ་བོད་དུ་བཏང་བར་སོག་མཇལ་མོར་བབས། རྗེ་སྤྱན་སྔ་རིན་པོ་ཆེ་ལ་དུན་ཐང་དུ་བྱོན་ཏེ། སྒོམ་པ་ཤཱཀ་རིན་སྣ་ལེན་དུ་བཏང་བ་གསོད་པར་བརྩམས་པ་ན། སྤྱན་སྔ་རིན་པོ་ཆེས་སྒྲོལ་མ་ལ་གསོལ་བ་བཏབ་པས་རྡོ་ཆར་བབས་པར། སྤྱན་སྔ་རིན་པོ་ཆེ་ལ་གུས་པར་བྱས་ཏེ། བོད་ཤིང་སྒོ་ཅན་ཕལ་ཆེར་གྱི་བབས་བླངས་ནས། ཤར་ཀོང་པོའི་ཡུལ་ཡན་ཆད་ནས། ནུབ་བལ་པོ་དང་། ལྷོ་མོན་ལ་ཐུག་པ་ཚུན་ཆད་ཀྱི་བཙན་པོའི་མཁར་རྣམས་བསྒྱེལ་ཞིང་། གོང་མ་རྒྱལ་པོའི་ལུང་ལས་མི་འདའ་བའི་རྒྱལ་ཁྲིམས་བཙན་པོས་གཉའ་བ་མནན་ཏེ་ཕོ་བྲང་ཆེན་པོར་ཕོ་ཉ་བ་མངགས་ནས། བོད་མཐའ་འཁོབ་ཀྱི་རྒྱལ་ཁམས་ན། དགེ་འདུན་གྱི་སྡེ་ནི་བཀའ་གདམས་ཆེ། ངོ་བསྲུང་ནི་སྟག་ལུང་ཆོས་རྗེ་མཁས། གཟི་བརྗིད་ནི་འབྲི་གུང་སྤྱན་སྔ་ཆེ། ཆོས་ནི་ས་སྐྱ་པཎྜི་ཏ་མཁས་པར་འདུག་པས་གང་སྤྱན་འདྲེན་གྱི་ལུང་སྩོལ་ཅིག །ཞུས་པར། ཚེ་འདིའི་དཔལ་འབྱོར་ཕུན་ཚོགས་མཐའ་དག་འཛམ་གླིང་འདི་ན་ཇིང་གིར་རྒྱལ་པོའི་ལུགས་བཞིན་སྤྱད་པ་ལས་ལྷག་པ་མ་མཆིས་པས། འཇིག་རྟེན་ཕྱི་མ་ཕན་ཆད་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་པོ་སྟོན་པའི་བླ་མ་ཞིག་གལ་ཆེ་བར་འདུག་པས། ས་སྐྱ་པཎྜི་ཏ་སྤྱན་འདྲེན་པའི་བཀའ་མཆིད་དང་། ཆོས་རྗེ་ས་སྐྱ་བར་(༥༣བ)


GLG019_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་ཤོག་དང་བཅས་ཕོ་ཉ་ཕྱིར་སོན་པ་བཞིན། རྒྱ་སྨན་གྱིས་ས་སྐྱར་ཕྱིན་ཏེ་ལུང་བསྒྲགས་པས། རྗེ་ས་པཎ་ཅི་ཡང་། རྗེ་བཙུན་གྲགས་པའི་ཞལ་ཆེམས་སུ། ཁྱོད་ཀྱི་ཚེ་མཇུག་ལ་ཞྭ་ཁྲ་འཕུར་བ་འདྲ་བ། ལྷམ་ཕག་གི་སྣ་འདྲ་བ་གྱོན་པ། ཡུལ་སྐད་རིགས་མི་གཅིག་པའི་རྒྱལ་ཁམས་ནས་གདན་འདྲེན་པ་འབྱུང་བས། དཀོན་ཅོག་གསུམ་གྱི་སྒྲ་མི་གྲགས་པའི་སར། རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་རྒྱས་འོང་བས་ཐེ་ཚོམ་མེད་པར་སོང་ཞིག་པའི་བཀའ་དྲན་ཏེ་ཞལ་གྱིས་བཞེས་པ་ཡིན་ལ། དེ་ཡང་རྗེ་བཙུན་ཆེན་པོ་འདི་ཉིད་ཀྱི་རིགས་ནི། གནམ་ནས་ལྕེ་རིང་གཡུ་རིང་། གཡུ་བསེ་མཆེད་གསུམ་ལས། ཆུང་བས་མི་རྗེ་མཛད་དེ། གཡུ་བསེ་བྱི་ལ་སྤུན་བཞི་བྱུང་བ། གདོང་གི་རུས་ཆེན་བཅོ་བརྒྱད་དང་འཁྲུགས་པས་གནམ་ལ་གཡུ་རིང་གི་རོགས་མཛད་དེ་བཏུལ་ནས་དྲན་དུ་བཀོལ། གཡུ་རིང་གི་རྨུའི་བུ་མོ་དམུ་ས་ལྡེམ་ཁབ་ཏུ་བཞེས་པར་སྲས་མ་སངས་སྤུན་བདུན་བྱུང་བའི་ཆེ་བ་དྲུག་དང་ཡབ་ལྷ་ཡུལ་དུ་བྱོན། ཆུང་བའི་སྲས་ཐོག་ཚ་དཔའ་བོ་སྟག་བྱུང་བར་མོན་བཟའ་མཚོ་མོ་རྒྱལ་ཁབ་ཏུ་བསུས་པ་ལ་སྲས་གཡའ་སྤང་སྐྱེས་འཁྲུངས། སྲིན་པོ་སྐྱ་རེངས་ཁྲག་མེད་བསད། གཡའ་གྲུམ་བསིལ་མ་ཕྲོགས་ཏེ་ཁབ་ཏུ་བཞེས་པར་སྲས་ཞིག་བྱུང་བ་དེ་སྲིན་པོ་དང་འཁོན་པའི་བར་དུ་སྐྱེས་པས་མིང་འཁོན་པར་སྐྱེས་སུ་བཏགས་པ་ལ་འཁོན་གྱི་གདུང་བརྒྱུད་ཅེས་པའི་དོན་དེ་ལྟར་ཡིན་ཞིང་། ཆོས་རྗེ་དཀོན་ཅོག་ལྷུན་གྲུབ་པས། དེ་ལྟར་འཆི་མེད་འོད་གསལ་ལྷ་ཡི་རིགས། །མ་རིག་ལས་འཁོན་འཇམ་དབྱངས་སྤྲུལ་པའི་སྐུ། །ས་སྐྱ་པ་ཞེས་གྲགས་པ་གསལ་ལྡན་པ། །ཞེས་གསུངས་པ་ཡང་ཟུར་གནས་ཀྱིས་བལྟས་ན་རང་བཞིན་(༥༤ན)


GLG019_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའི་རྒྱན་དུ་མཆིས་སོ། །འཁོན་པར་སྐྱེས་ཀྱིས་ཇོ་མོ་བཙན་མོ་བཟའ་ལྕེ་སྨན་གཉིས་ལ་སྲས་དཔལ་པོ་ཆེ་འཁྲུངས་པ། ཡབ་ཀྱིས་ཡུལ་གང་བཟང་ལྟར་བཏང་བས། ལ་སྟོད་གཉན་སེ་ཐར་གྱི་ཡ་ཚངས་ལ་ཡུལ་གྱིས་མཚན་བརྒྱད་མཐོང་སྟེ་བཟུང་། མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་མདུན་ན་འདོན་དུ་གྱུར་ཏེ། རླངས་ལོ་ཙཱ་བའི་བུ་མོ་ལྷ་ས་ཁྲིམ་བུ་ཁབ་ཏུ་བཞེས་པར་སྲས་ཁྲེན་མཛེས། ལྷ་ལེགས། ཚེ་ལ་དབང་ཕྱུག །འཁོན་ཀླུའི་དབང་པོ་ཚེ་འཛིན་རྣམས་ལས་ཀླུའི་དབང་པོས་མཁན་པོ་རིན་པོ་ཆེ་བོ་དྷི་ས་ཏྭའི་དྲུང་དུ་རབ་ཏུ་བྱུང་ཞིང་། སློབ་དཔོན་ཆེན་པོའི་བྱིན་རླབས་ཀྱི་བདུད་རྩི་སྙིང་ལ་ཞུགས། གཅུང་གི་སྲས་རྡོ་རྗེ་རིན་ཅེན་སློབ་དཔོན་ཆེན་པོས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་སྨིན་པར་མཛད། གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ལ་སྲས་དྲུག་བྱོན་པའི་ལྔ་པ་ཡན་གྱི་རུས་ཚོ་མང་དུ་གྱེས་ཤིང་། དྲུག་པ་ཤེས་རབ་ཡོན་ཏན་གྲོམ་པར་བྱོན་པ་ལ་སྲས་གཉིས་བྱུང་བའི་ཆུང་བ་བྱང་དུ་ཆད་པར་འཁོན་ཚོ་སྟོད་སྨད་དུ་གྱེས། ཆེ་བ་ཡོན་ཏན་འབྱུང་གནས་ལ་སྲས་གསུམ་བྱུང་བའི་བར་པ་ཚུལ་ཁྲིམས་རྒྱལ་པོ། དེ་ལ་སྲས་གསུམ་བྱུང་བའི་ཆེ་བ་རྡོ་རྗེ་གཙུག་ཏོར་ཤེས་རབ། དེ་ལ་སྲས་བདུན་བྱུང་བའི་ཆུང་བ་དགེ་སྐྱབས། དེའི་སྲས་དགེ་མཐོང་། འདིས་ཤབ་ཏུ་བཞུགས་ཤིང་། སྲས་བལ་པོ་ཞེས་པ་འཁྲུངས་པ་ཚ་མོ་རོང་གི་བྲག་ལ་སྒྲུབ་པ་མཛད་པས་ཡབ་མེས་ཀྱི་ཡི་དམ་གྱི་ལྷ་རྡོ་རྗེ་ཕུར་པ་ཞལ་གཟིགས། དེའི་སྲས་ཤཱཀྱ་བློ་གྲོས་ཀྱིས་གཡའ་ལུང་འཇག་གཤོངས་བཏབ། དེའི་སྲས་གཉིས་ལས། གཅེན་འཁོན་རོག་ཤེས་རབ་ཚུལ་ཁྲིམས། འདི་ཡན་ལ་ཡི་དམ་གྱི་ལྷའི་ཞལ་གཟིགས་ཤིང་། (༥༤བ)


GLG019_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐུན་གྱི་དངོས་གྲུབ་ཐོབ་པའི་རྡོ་རྗེ་འཛིན་པ་བརྒྱུད་མར་བྱོན་པ་ཡིན་ལ། གཅུང་འཁོན་དཀོན་ཅོག་རྒྱལ་པོ། སྔགས་གསར་མའི་ལོ་ཙཱ་བ་བླ་ཆེན་འབྲོག་མི། བ་རི་ལོ་ཙཱ་བ། རྨང་ལོ་ཙཱ་བ། པུ་རང་ལོ་ཙཱ་བ། གནམ་ཁའུ་པ་སྐུ་མཆེད་སོགས་བླ་མ་དམ་པ་དུ་མའི་ཞབས་ཀྱི་པདྨོ་སྤྱི་བོའི་གཙུག་ཏུ་བསྟེན་ཅིང་། གསུང་གི་བདུད་རྩིས་མྱོས་པར་མཛད་དེ། གྲ་བོ་ལུང་པར་དགོན་པ་ཞིག་བཏབ་པས་ས་སྐྱ་གོག་པོར་གྲགས་ཤིང་། དེའི་ཚེ་རིའི་རྩེ་ནས་གཟིགས་པས། དཔོན་པོ་རིའི་ངོས་འགྲམ་ནས་དཀར་ཞིང་སྣུམ་པ་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་ལྡན་པའི་ཡུལ་དུ་མཁྱེན་ཏེ། བདག་པོ་རྣམས་ལ་ནོར་བུའི་འཕྲེང་བ་སོགས་ཀྱི་རིན་གྱིས་ཉོས་ཏེ། དཔལ་ལྡན་ས་སྐྱའི་དགོན་པ་བཏབ། འཁོན་དཀོན་ཅོག་རྒྱལ་པོར་ཇོ་མོ་མ་གཅིག་ཞང་མོ་ལ་སྔ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་འཁྲུངས་ཏེ་མདོ་སྔགས་ཀྱི་ཆོས་དུ་མ་ལ་ཐོས་བསམ་སྒོམ་པ་ཕུལ་དུ་ཕྱིན་པ་མཛད། འཇམ་དབྱངས་ཨ་ར་པ་ཙ་ནའི་གསང་བ་གསུམ་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་དུ་ཤེས་ལྡན་མཐའ་དག་གོར་མ་ཆགས་པས་དཔལ་ས་སྐྱ་པ་འཇམ་དབྱངས་འཁོན་གྱི་རིགས་ཞེས་གྲགས་ཤིང་། ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པའི་བདག་པོར་གྱུར་པས། རྒྱ་གར་དུ་ཡང་བིཪྺ་པའི་སྤྲུལ་པ་ས་སྐྱ་པ་བྱ་བའི་གྲགས་སྙན་གྱི་ཟེའུ་འབྲུ་ཕྱོགས་བྲལ་ཐོས་འཛིན་འདམ་སྐྱེས་ཀྱི་ངོས་སུ་གཡུར་ཟ་ལྡེམ་ཞིང་། མདོར་ན་དུས་གཅིག་ཏུ་སྐུའི་བཀོད་པ་མི་འདྲ་བ་མཐའ་ཡས་པ་སྟོན་པ་སོགས་རྗེ་བཙུན་ས་ར་ཧས་མཚོན་པའི་འཕགས་ཡུལ་གྱི་གྲུབ་པའི་དབང་ཕྱུག་མཐའ་དག་གི་ཁེངས་པའི་(༥༥ན)


GLG019_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་འགུགས་པར་བྱེད་པའི་ཁ་སྦྱོར་བདུན་ལྡན་གྱི་བླ་ན་མེད་པའི་ལམ་གྱི་པདྨ་དཀར་པོའི་ཆུན་པོ་འདོད་པའི་བདེ་བ་གཉིས་མེད་མཐའ་ཀླས་པའི་ཅོན་པན་རྣམ་པར་བཅིངས་པས་འབྲས་བུའི་ཐེག་པ་ལ་གཅིག་ཏུ་བཀའ་དྲིན་ཆེ་ལ། དམ་པ་འདི་ལ་སྲས་བཞི་བྱུང་བའི་ཆེ་བ་འཁོན་ཀུན་དགའ་འབར་རྒྱ་གར་དུ་བྱོན་པ་ཚད་པས་གཤེགས། དེ་འོག་མི་ཐུབ་ཟླ་བའི་སྤྲུལ་པ་འཁོན་བསོད་ནམས་རྩེ་མོ་ནི་ཡབ་མེས་ཀྱི་ཆོས་འབྲས་བུའི་ཐེག་པ་དང་། གསང་ཕུར་ཆ་པ་ལ་རྒྱུའི་ཐེག་པར་ཐོས་བསམ་མཛད། དེའི་གཅུང་འཁོན་གྲགས་པ་རྒྱལ་མཚན་ནི་རྡོ་རྗེ་འཛིན་པའི་ཆོས་ཀྱི་རྒྱལ་སྲིད་ལ་མངའ་སྒྱུར་བས་གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཐོས་བསམ་སྒོམ་པའི་གྲུ་གཟིངས་ལ་བརྟེན་ནས་ཟུང་འཇུག་ནོར་བུའི་གླིང་དུ་གཤེགས་པ། ཡོན་ཏན་གྱི་དངོས་པོ་བརྗོད་པའི་མཐའ་དང་བྲལ་ཞིང་། ཁ་ཆེ་པཎ་ཆེན་གྱིས་ཉི་ཟླ་གཟའ་འཛིན་འབྱུང་བར་ལུང་བསྟན་པ། རྗེ་གྲགས་པས་རྩ་རླུང་ལ་གཟིར་བས་མ་བྱུང་བ་དང་། རྡོ་རྗེ་དང་དྲིལ་བུ་ནམ་མཁར་འཇོག་ནུས་ཤིང་རང་སྒྲ་འཁྲོལ་བ། མ་མགོན་ལྕམ་དྲལ་བྲན་དུ་འཁོལ་ནུས་པ་སོགས་ངོ་མཚར་བའི་མཛད་པ་ཤིན་ཏུ་མང་། དེའི་གཅུང་འཁོན་དཔལ་ཆེན་འོད་པོ་ཆེའི་སྲས་གཉིས་ལས། ཆེ་བ་འཁོན་དཔལ་ལྡན་དོན་གྲུབ་ནི་སྐྱེ་བ་ཉི་ཤུ་རྩ་ལྔ་ལ་མིའི་སྲིད་པ་བཟུང་ཞིང་། འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ག་བུར་གསར་པའི་ཐིགས་པ་སྙིང་ལ་སིམ་པས་མི་ཤེས་པའི་ཚ་གདུང་རྒྱང་རིང་པོར་བསྲིངས་པས་ཆུང་ངུའི་དུས་ནས་སཾ་སྐྲྀ་ཏའི་སྐད་སྨྲ་བ། ལཉྩ་དང་ཝརྟུའི་ཡི་གེ་འདྲི་བ་སོགས་སྔོན་གྱི་བག་ཆགས་སད་པའི་རྣམ་འགྱུར་དུ་མ་མཛད་ཅིང་། རྗེ་གྲགས་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བླངས་པའི་མཚན་ཀུན་དགའ་རྒྱལ་(༥༥བ)


GLG019_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དུ་བཏགས། གཞོན་ནུའི་དུས་ནས་སྒོམ་ཆེན་རྒན་པོའི་རྣམ་ཐར་འཛིན་པའི་རྫུ་བག་གི་མི་ཚེ་དོན་མེད་དུ་སྟོང་པར་ཡོལ་བའི་ལུགས་རྣམས་ཆུ་ཤིང་གི་སྙིང་པོ་ལྟ་བུར་གཟིགས་ནས་མཁས་པ་དང་གྲུབ་པའི་བླ་མ་དུ་མ་བསྟེན་ཏེ། བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་རིག་པ་སྟེ་ཆེ་བ་ལྔ་དང་། སྙན་དངགས། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་སོགས་མདོར་ན་རིག་པའི་གནས་མཐའ་དག་ལ་མཁས་པར་སྦྱངས་ཤིང་། ས་སྐྱ་པཎྜི་ཏ་ཞེས་སྙན་པའི་གྲགས་པ་དབུས་འགྱུར་རྡོ་རྗེ་གདན་གྱི་མཛེས་རྒྱན་དུ་སྦུད། བོད་འདིར་གནས་ལྔ་རིག་པའི་སྲོལ་འབྱུང་བ་འདི་ཉིད་ཀྱི་བཀའ་དྲིན་ཡིན་ཅིང་། མིང་དང་དོན་མཐུན་པའི་མཁས་པ་ཟུར་མཁར་བློ་གྲོས་རྒྱལ་པོས། སེམས་ཀྱི་ཆོས་ཉིད་རྗེན་འཆར་མ་མཐོང་ཀྱང་། །ཚེ་འདིར་མཁོ་བའི་ཤེས་བྱའི་ཚིག་དོན་ཤེས། །ཞེས་གསུང་བ་ཡང་གངས་ཁྲོད་ཀྱི་བླུན་སྒོམ་རྣམས་ཀྱི་ཚུལ་ལ་དཔགས་ན་ཐུགས་ཤིན་ཏུ་མད་དོ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་དྲུང་དུ་བསྙེན་པར་རྫོགས་པའི་སྡོམ་པ་མནོས་ཏེ། མཁན་པོའི་མཚན་གྱིས་མཐའ་ཅན་དུ་བྱས་ནས་ཀུན་དགའ་རྒྱལ་མཚན་གྱི་མཇུག་ཏུ་དཔལ་བཟང་པོ་སྦྱར། མུ་སྟེགས་ཀྱི་སྟོན་པ་འཕྲོག་བྱེད་དགའ་བ་ལྟ་བུ་སྒྲ་ཚད་ཀྱི་རིག་པའི་ལུས་སྟོབས་རྣམ་པར་རྒྱས་པའི་གཉིས་འཐུང་ཡང་། འཇིགས་པ་མེད་པའི་རྩོད་པའི་ང་རོས་ཚར་བཅད། འོན་ཀྱང་འཕྲོག་བྱེད་དགའ་བོས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་བས། སློབ་དཔོན་འདར་འཕྱར་རོགས་སུ་སྦྲན་ནས་བཏུལ་ཏེ་ནང་པའི་བསྟན་པ་ལ་འཇུག་པར་ཁས་བླངས། རབ་ཏུ་འབྱུང་བར་ཞུས་ཀྱང་། མུ་སྟེགས་ཀྱི་རྟགས་མ་བོར་བར་ཡོད་རྣམས་ངོ་མཚར་བའི་ཆེད་དུ་ཁྲིད་བྱོན་པ་(༥༦ན)


GLG019_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་མཚོ་སྐྱེས་རྡོ་རྗེས་བསྟན་མ་བཅུ་གཉིས་ལ་བཀའ་བསྒོས་པའི་མཐུས། འཕྲོག་བྱེད་ཁ་ནས་ཁྲག་སྐྱུགས་ཏེ་ཤི་བའི་རལ་པའི་ཅོན་པན་དཔལ་ལྡན་ས་སྐྱའི་ཀ་པའི་མཛེས་བྱེད་དུ་ཡོད་དོ། །དེ་ནས་ཧོར་རྒྱལ་པོའི་ལུང་བྱུང་བ་བཞིན་རྒྱ་ཧོར་གྱི་རྒྱལ་ཁམས་སུ་བྱོན་ཏེ། དཔག་པར་དཀའ་བའི་སྐུ་གསུང་ཐུགས་ཀྱི་མཛད་པ་དུ་མས་མཐའ་ཁོབ་ཀྱི་རྒྱལ་ཁམས་མཐའ་དག་དམ་པའི་ཆོས་ཀྱིས་གསལ་བར་མཛད་ཅིང་། རྒྱལ་པོས་བདག་གི་ནད་ཀྱིས་ཐེབས་པ་ལས་རྣམ་པར་གྲོལ་བའི་མི་འཇིགས་པའི་སྦྱིན་པ་སྔ་ན་མེད་པ་སྩལ། ཤར་པདྨའི་སྡེར་མདོ་ཕྱོགས་ཀྱི་བཤད་པ། ལྷོ་དབང་གི་སྡེར་དབང་བྱས་བརྒྱ་རྩ། ནུབ་རྒྱ་མཚོའི་སྡེར་ཀླུའི་རྒྱལ་པོ་རྣམས་དབང་དུ་བསྡུས་ཏེ་དམ་ལ་བཏགས་ནས་ཆར་ཆུ་དུས་སུ་འབེབས་པ་སོགས་འཇིག་རྟེན་ཀུན་ཏུ་འབྲུ་ནོར་ལོངས་སྤྱོད་ཟད་མི་ཤེས་པའི་འདོད་འཇོ་ཆར་དུ་འབེབ་པར་མཛད། བྱང་དུ་སྒྱུ་མ་མཁན་གྱི་སྤྲུལ་པའི་གྲོང་ཁྱེར་ལ་མེ་ཏོག་འཐོར་བས་སྒྱུ་མ་བཤིག་མ་ཐུབ་པས་སྤྲུལ་པའི་སྡེ་ཞེས་ཡ་མཚན་ཅན་དུ་གྲགས་ཤིང་། སྐུའི་བཀོད་ཀ་ཡང་སྤྲུལ་པའི་སྡེ་ཉིད་དུ་བསྡུས། ཆོས་རྗེའི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་ལ་སྲས་ལྕམ་སྲིང་བརྒྱད་བྱུང་བའི་མ་གཅིག་ཀུན་དགའ་སྐྱིད་ཀྱི་སྲས་བླ་མ་འཕགས་པ་དང་། ཕྱག་ན་གཉིས་ལས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་སྐྱེ་མཐའ་འཕགས་པ་རིན་པོ་ཆེ་ནི་ཆུང་ངུའི་དུས་ནས་གསུང་རབ་ལ་ཐོས་བསམ་ལེགས་པར་མཛད་ཅིང་། ཧོར་ཡུལ་དུ་འབྱོན་པའི་དུས། དབུས་ཀྱི་སའི་ཆར་རབ་ཏུ་བྱུང་བའི་མཚན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོར་གསོལ་ཞིང་། ཆོས་རྗེ་ས་པཎ་དང་རྒྱལ་པོ་གོང་མ་མཆོད་ཡོན་ཞི་བར་གཤེགས་རྗེས། སེ་ཆེན་རྒྱལ་པོ་གོང་མའི་ཁྲི་ཐོག་ཏུ་བྱོན་(༥༦བ)


GLG019_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། འཕགས་པ་རིན་པོ་ཆེ་དགུང་ལོ་བཅུ་དགུ་ལོན་པ་རྒྱལ་པོའི་ཏི་ཤྲིར་གྱུར་ནས། གཱན་དིན་གུ་ཤྲིའི་མཛད་མེད་གཡང་ཊིའི་དམ་ཁ། གསེར་དང་མུ་ཏིག་གིས་བརྒྱན་པའི་སྣམ་སྦྱར། རིན་པོ་ཆེས་སྤྲས་པའི་ཕྱམ་རྩེ། རིན་པོ་ཆེའི་ལས་ཞྭ། གསེར་གྱི་གདུགས་དང་། ཁྲིའུ་སོགས་བཀོད་པས་ཁྱད་པར་དུ་འཕགས་པའི་དངོས་པོ་དུ་མ་དང་། གཞན་ཡང་གསེར་བྲེ་དངུལ་བྲེ། རྟ་རྔ་མོང་། ཇ་གོས་དར་སོགས་བདོག་པའི་ཡོ་བྱད་ཀྱི་འདོད་རྒུ་མཐའ་ཡས་པ་ཕུལ། དེ་ནས་མདོ་ཁམས་སུ་ཕེབས་ནས་མཁན་པོ་གྲགས་པ་སེང་གེའི་དྲུང་དུ་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་ཡང་དག་པར་མནོས་ཏེ། སླར་གོང་མའི་ཕོ་བྲང་དུ་ཕེབས། ཧོར་ཡིག་གསར་བསླབས་པའི་ཡིག་ཕུད་ལ། བནྡེ་ཤེད་སྐྱེས་ཀྱི་འཇའ་ས་ཐོག་མ་གནང་། རྒྱལ་པོས་རྡོ་རྗེ་ཐེག་པའི་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ལན་གསུམ་དུ་སྤྱད་པའི་དང་པོའི་དུས་སུ་བོད་ཁྲི་བསྐོར་བཅུ་གསུམ་ཕུལ། གཉིས་པའི་དུས་སུ་བོད་ཆོལ་ཁ་གསུམ་ཕུལ། གསུམ་པའི་དུས་སུ་རྒྱའི་མི་ཡུར་ཆེན་མོ་དང་། རྒྱལ་པོ་མ་སྐྱེས་དགྲའི་གདུང་སྐལ་གྱི་བདེ་བར་གཤེགས་པའི་འཕེལ་གདུང་རྣམས་ཕུལ། རྒྱལ་པོས་བོད་གྱི་བནྡེ་རྣམས་ས་སྐྱ་པའི་ཆོས་ལུགས་མ་གཏོགས་གཞན་བྱེད་དུ་མི་འཇུག་པའི་གསུང་སྔ་ཕྱིར་བྱོན་པ་ན། འགྲོ་མགོན་འཕགས་པས་སོ་སོའི་ལུགས་བཞིན་བྱེད་དུ་འཇུག་པར་ཞུས་པས། རྒྱལ་པོས་བླ་མ་དེ་ལྟར་གསུང་ན་རང་རང་གི་ལུགས་བཞིན་གྱིས་ལ། ངེད་ལ་སྨོན་ལམ་ཐོབ་གསུང་བའི་འཇའ་ས་གནང་། དབུས་གཙང་གི་ཕྱོགས་སུ་ཆས་རྐྱེན་དུ་མ་བརྫངས་པ་ལ་བརྟེན་ནས། དཔོན་ཆེན་ཤཱཀྱ་བཟང་པོས་གསེར་འོད། ནང་རྟེན་ཐུབ་ཆེན། ཕྱི་རྟེན་གསེར་འབུམ་བཞེངས། མི་རིང་བར་བླ་མ་ཡང་ས་སྐྱར་ཕེབས། གསེར་(༥༧ན)


GLG019_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་བཀྲ་ཤིས་སྒོ་མང་དང་། ཕྱིའི་སྐྱ་འབུམ་བདུན་ལ་གསེར་ཟངས་ལས་གྲུབ་པའི་གདུགས་ཆོས་འཁོར་དང་། ས་པཎ་གྱི་གསེར་འབུམ་ལ་གསེར་ཐོག་བཟོས། རྒྱལ་བའི་བཀའ་པོ་ཏི་ཉིས་བརྒྱ་ལྷག་ཙམ་གསར་གྱིས་བཞེངས་སླར་གོང་མས་གདན་འདྲེན་གྱི་གསེར་ཡིག་ནན་ཆེན་མངགས་པ་ལ་བརྟེན། བཤུལ་དུ་བཞུགས་པའི་ཞར་བྱུང་དུ་གྱེ་རེ་ལྷ་ཁང་དུ་ཕེབས་ནས་གཟིགས་རྟོག་མཛད་དེ། མི་ལ་ཉེ་གནས་གོ་ཆོད་འདི་འདྲ་བྱུང་འདུག་གསུངས་པས་རྐྱེན་བྱས་ཏེ། དཔོན་ཆེན་ཤཱཀྱ་བཟང་པོས་གྱེ་རེ་ལྷ་ཁང་ལ་ཐིག་ཚད་བླངས་ཏེ་ཁྲི་བསྐོར་བཅུ་གསུམ་བསྐུལ་ནས་ལྷ་ཁང་ཆེན་མོ་བརྩིགས། འགྲོ་མགོན་ཕོ་བྲང་ཆེན་པོར་ཕེབས་པ་ན། རྒྱལ་པོས་གནམ་གྱི་འོག །སའི་སྟེང་། རྒྱ་གར་གྱི་ལྷའི་སྲས་པོ། ཡི་གེ་རྩོམ་མི། སྤྲུལ་པའི་སངས་རྒྱས། རྒྱལ་ཁམས་འཇགས་སུ་འཇུག་མི། སྙན་ངག་གི་རྒྱུ། པཎྜི་ཏ་འཕགས་པ་ཏི་ཤྲི་ཞེས་པའི་མཚན་དུ་མངའ་གསོལ། །འབུལ་བ་ལན་རེ་ལ་ཚན་ཆེ་བ། དངུལ་བྲེ་ཆེན་སྟོང་ར་ཅན་ཚན་པ་གཉིས། གོས་དར་ལྔ་སྟོང་དགུ་བརྒྱ་བཞི་བཅུ་ཕུལ། སྐབས་ཤིག་ཀརྨ་བཤེས་ཆུ་ལ་འཛུལ་བ། མཁའ་ལ་འཕུར་བ། ཕ་བོང་བརྫི་བ་སོགས་རྫུ་འཕྲུལ་དུ་མ་བསྟན་པ་ན། རྒྱལ་པོས། རང་རེའི་ཏི་ཤྲི་འཕགས་པ་འདི་སངས་རྒྱས་སྣང་བ་མཐའ་ཡས་མིའི་གཟུགས་སུ་སྤྲུལ་པ་ཞིག་ཡིན་ཀྱང་། རྫུ་འཕྲུལ་དང་རྟོགས་པ་རྟོགས་ལྡན་རྒྱལ་པོ་འདི་མཐོ་བར་འདུག་གསུངས་པས། བཙུན་མོ་ཆའུས་བླ་མའི་དྲུང་དུ་རྒྱུ་མཚན་རྣམས་བསྐྱར་ཏེ། པཀྵི་ལ་མཆོད་གནས་ཀྱི་གཙོ་བོ་བཅོལ་ནས་ས་སྐྱའི་གདུང་བརྒྱུད་རྣམས་ལ་གནོད་པས་རྫུ་འཕྲུལ་སྟོན་པར་ཞུས་པས། རྒྱལ་བློན་གྱི་དབུས་སུ་བླ་མས་རལ་གྲིས་དབུ་དང་(༥༧བ)


GLG019_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཞབས་རྣམས་སོ་སོར་ཕྲལ་ཏེ། རྒྱལ་བ་རིགས་ལྔར་བྱིན་གྱིས་བརླབས་ཏེ་བསྟན་པ་སོགས་སྤྲུལ་པ་ངོ་མཚར་བ་དུ་མ་འདྲེན་བྱེད་ཀྱི་དགའ་སྟོན་དུ་སྩལ། དེ་ནས་སླར་གདན་ས་དཔལ་ལྡན་ས་སྐྱར་ཕེབས་ཏེ། དགེ་འདུན་འབུམ་དུ་ཉེ་བ་ལ་བསྙེན་བཀུར་ཕུན་སུམ་ཚོགས་པའི་དུས་སྟོན་ཁྱད་པར་ཅན་ཆུ་མིག་ཆོས་འཁོར་དུ་གྲགས་པ་མཛད། དུས་དེར་ཀུན་དགའ་བཟང་པོ་དཔོན་ཆེན་དུ་ཡོད་པ་བླ་མའི་ཐུགས་དང་འགལ་བ་འགའ་བྱས་ཞེས་ཉེ་གནས་ཀྱིས་གོང་མ་སེ་ཆེན་ལ་ཕྲ་མ་ཞུས་པས། ཧོར་དམག་གིས་བྱ་རོག་རྫོང་ཕབ་དཔོན་ཆེན་བསད། བྱ་རོག་རྫོང་དུ་དམག་གི་ཁྲིམས་རྔ་བརྡུང་། །སྙིང་མེད་པོ་ཚོ་གསེར་ཕྱེ་ཆུ་ལ་འབོ། །ཞེས་པའི་ལུང་བསྟན་དུས་ཐོག་ཏུ་བབས། དེའི་སྔོན་མའི་ལོ་ནང་དུ་བླ་མ་འཕགས་པ་ལྷ་ཁང་བླ་བྲང་དུ་ཞི་བར་གཤེགས་པ་འགའ་ཞིག་ཉེ་གནས་ཀྱིས་ཧོར་དམག་དྲངས་པ་བླ་མས་མཁྱེན་དོགས་ནས་ལྐོག་ཏུ་བཀྲོངས་ཀྱང་ཟེར། འདི་དག་གི་དུས་དཔོན་ཆེན་འགའ་ཞིག་གི་བྱེད་པ་ལ་བརྟེན་བོད་དུ་མི་བདེ་བ་དུ་མ་བྱུང་བས། སྣ་ཐག་སས་བྱས་ཧོར་དམག་བོད་དུ་ཡོང་། །ངན་སོང་ཟེར་ཡང་དེ་འདྲའི་སྡུག་བཇལ་མེད། །ཅེས་པའི་ལུང་བསྟན་གྱི་དུས་སྐབས་ཡིན་ཞིང་། འགྲོ་མགོན་གྱི་གཅུང་ཕྱག་ན་ཆོས་རྗེའི་ཕྱག་ཕྱིར་གོང་མའི་གམ་དུ་བྱོན། བོད་ཀྱི་དཔོན་དུ་བསྐོས་ཤིང་ཧོར་ཆས་བྱེད་དུ་བཅུག །ཟངས་ཚའི་ཇོ་མོ་ཤབ་ཀྱི་ཇོ་འགྲོམ་ལ་སློབ་དཔོན་རིན་ཅེན་རྒྱལ་མཚན་དང་། ལྕམ་འདི་ལེ་གཉིས་བྱུང་བའི་གཅེན་གྱི་རྒྱུད་ལུང་མན་ངག་དུ་མ་མཁྱེན་ཅིང་། འཕགས་པ་རིན་པོ་ཆེ་བོད་དུ་བྱོན་པའི་ཤུལ་དུ་གདན་ས་མཛད། སྤྱིར་བལ་པོ་ནས་མདོ་ཁམས་ཡན་གྱི་རྒྱལ་བའི་བཀའ་འགྱུར་རོ་ཅོག་དགེ་འདུན་རྣམས་ཀྱིས་ཀློག་པའི་བསྙེན་བཀུར་དང་། རྒྱ་བལ་(༥༨ན)


GLG019_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ན་བཞུགས་པའི་འཕགས་པ་འཇའ་མ་ལིའི་གོང་མ་འཕགས་པ་མཆེད་གསུམ་པ་དེ་གདན་ས་ཆེན་པོར་གདན་དྲངས། གསེར་གླིང་ལྷུན་གྲུབ་སྡིངས་ཀྱི་དགོན་པ་བཏབ། སློབ་དཔོན་ཟངས་ཚ་ཇོ་མོ་གུང་ཐང་ལྷ་གཅིག་མཛེས་མ་ལ་སློབ་དཔོན་མ་བསོད་ནམས་འབུམ་དང་ཉི་མ་འབུམ་གཉིས་བྱུང་། དེའི་ཉེ་གནས་མ་རྗེ་རོང་མ་རྡོ་རྗེ་ལྡན་ལ་སློབ་དཔོན་ཡེ་ཤེས་འབྱུང་གནས་འཁྲུངས། འཇངས་ཡུལ་གྱི་རྒྱལ་པོ་ཧཱུ་ཏ྄་ཀ་ར་རྗེའི་བླ་མ་མཛད། སློབ་དཔོན་ཟངས་ཚའི་ཇོ་མོ་ཇོ་ལྕམ་ཧོར་མོ་ལ་སློབ་དཔོན་རིན་ཅེན་འབྱུང་གནས་འཁྲུངས་པ་ཆུང་ངུ་ནས་གཤེགས། འགྲོ་མགོན་ཕྱག་ནའི་ཇོ་མོ་མ་གཅིག་མཁའ་འགྲོ་འབུམ་ལ་སྲས་དྷརྨ་པཱ་ལ་རཀྵི་ཏ་འཁྲུངས། སློབ་དཔོན་ཡེ་ཤེས་འབྱུང་གནས་ཀྱི་སྲས་སུ་བདག་ཉིད་ཆེན་པོ་བཟང་པོ་དཔལ་བ་བོ་དོང་ཨེར་འཁྲུངས། འཕགས་པ་རིན་པོ་ཆེ་གཤེགས་རྗེས་འགྲོ་མགོན་ཕྱག་ན་སྐུ་དབང་བཙན་པས་དྷརྨ་རཀྵི་ཏ་ཁོང་རང་གི་སྲས་སུ་སོང་བས་གདན་སའི་མཐིལ་དུ་བཞག །གོང་མའི་དྲུང་དུ་བདག་ཉིད་ཆེན་པོ་བཟང་པོ་དཔལ་བ་ས་སྐྱའི་གདུང་བརྒྱུད་མིན་ཚུལ་སོགས་ཀྱི་སྙན་ཕྲ་ཕུལ་པ་ལ་བརྟེན། རྒྱལ་པོའི་ལུང་གིས་རྒྱ་མཚོ་ཆེན་པོའི་ཆུ་འཇམ་ཉི་ཤུ་བསྒྲལ་བའི་གླིང་ཆུང་ཞིག་ཏུ་ཕེབས་དགོས་པ་བྱུང་། དེའི་བར་དུ་དྷརྨ་པཱ་ལ་རཀྵི་ཏ་ཡབ་སྲས་གཤེགས་པས། ས་སྐྱའི་དཔོན་ཆེན་སོགས་བཀའ་གྲོས་ལ་དབང་བ་རྣམས་ཀྱིས་བླ་མ་བདག་ཉིད་ཆེན་པོ་གདན་དྲངས་ཆོག་པའི་གོང་སར་མི་སྣ་བཏང་ཀྱང་དོན་མ་མཐོང་བས། ཆོས་རྗེ་ཁུ་དབོན་གྱི་མགོན་པོའི་བཀའ་བབས་ཀྱི་སློབ་མ་གྱ་ཨ་སྙན་དམ་པ་ཀུན་དགའ་གྲགས་ཀྱི་བྱོན་ཏེ། རྒྱལ་པོའི་ཕོ་བྲང་སྟེང་དུ་(༥༨བ)


GLG019_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཁའུའི་རྡོ་ཆར་དང་། བྱ་རོག་རེའུ་ཆུང་གི་བོང་ཚོད་ཙམ་ལྕགས་ཀྱི་མཆུ་སྡེར་ཅན་ཞིག་སྐད་སྒྲོག་ཅིང་གཤོག་པ་བརྡེབ་པ་སོགས་བྱུང་བས། དམ་པ་ཀུན་གྲགས་པས། བླ་མ་བདག་ཉིད་ཆེན་པོ་ས་སྐྱ་པའི་ཞལ་ངོ་ཡིན་པ་ལ་བརྙས་པས་ལན་པའི་རྒྱུ་མཚན་ཞུས་པས། བདག་ཉིད་ཆེན་པོ་ཕོ་བྲང་དུ་སྤྱན་དྲངས། བཀུར་སྟི་ཕུན་སུམ་ཚོགས་པ་དང་བཅས་གདན་ས་ཆེན་པོའི་ཁྲིར་ཕབས་སུ་བཅུག །བར་སྐབས་སུ་ཞལ་ངོ་ཉག་ཕྲ་བ་ལ་བརྟེན། ཤར་པས་ཁྲི་བསྐོར་བཅུ་གསུམ་ལ་ལུང་གཏོང་བ་བྱུང་། སྔ་མ་བདག་ཉིད་ཆེན་པོའི་སྲས་བསོད་ནམས་བཟང་པོ་མདོ་ཁམས་སུ་གྲོངས། དབུས་གཙང་དུ་ཇོ་མོ་བདུན་བླངས་པའི་ཀུན་དགའ་འབུམ་གྱི་སྲས་ཀུན་དགའ་བློ་གྲོས་ཧོར་ཡུལ་དུ་བྱོན་ནས་བུ་ཡན་རྒྱལ་པོ། གི་གན་རྒྱལ་པོ། ཡེ་སུན་ཐེ་མུར་གསུམ་གྱི་ཏི་ཤྲཱི་མཛད། མ་གཅིག་ཡོན་བདག་མོའི་སྲས་ཆེ་བ་ཆུང་ངུའི་དུས་གྲོངས། ཀུན་དགའ་ལེགས་འབྱུང་གི་ཡེ་སུན་ཐེ་མུར་ཀུན་དགའ་རྒྱལ་མཚན་གྱིས་རནྟ་ཤྲཱི་དང་ཐོ་གན་ཐི་མུར་གྱི་བླ་མར་ཧོར་ཡུལ་དུ་བྱོན། མ་གཅིག་ནམ་མཁའ་རྒྱལ་མོ་ལ་སྲས་ནམ་མཁའ་བཤེས་གཉེན་ནམ་མཁའ་ལེགས་པ། ནམ་མཁའ་རྒྱལ་མཚན་གསུམ་བྱུང་བའི་ནམ་མཁའ་ལེགས་པས་གདན་ས་ཆེན་པོའི་ཁྲི་ཐོག་ཏུ་བཞུགས། མ་གཅིག་གཞོན་ནུ་འབུམ་ལ་ཀུན་དགའ་ཉི་མ། དོན་ཡོད་རྒྱལ་མཚན། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གསུམ་འཁྲུངས་པའི་ཆོས་རྗེ་བླ་མ་ནི། རིག་པའི་གནས་མཐའ་དག་ལ་ཕུལ་དུ་ཕྱིན་ཞིང་རྡོ་རྗེ་འཛིན་པའི་ས་ཆེན་པོ་མངའ་བརྙེས་པས་བསྟན་འཛིན་ཀུན་གྱི་གཙུག་རྒྱན་དམ་པར་གྱུར་པ་ལ། ཁྱད་པར་གོང་མ་སྡེ་སྲིད་ཕག་མོ་གྲུ་པའི་ཡོངས་འཛིན་དུ་གྱུར་པས་ཁྱད་པར་འཕགས། མ་གཅིག་ཉི་(༥༩ན)


GLG019_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིན་ཅེན་ལ་ཉི་མ་དཔལ། ཀུན་དགའ་ལེགས་རྒྱལ། ཀུན་དགའ་རྒྱལ་མཚན་གསུམ་འཁྲུངས། ཀུན་སྤངས་ལྕམ་མོ་ལ་བློ་གྲོས་རྒྱལ་མཚན་དང་། ཁང་གསར་དཔོན་མོ་ལ་བསོད་ནམས་བློ་གྲོས་དང་གྲགས་པ་རྒྱལ་མཚན་གཉིས་འཁྲུངས། དེ་ཡང་ཏི་ཤྲི་ཀུན་དགའ་བློ་གྲོས་ཀྱིས་གཅུང་པོ་རྣམས་ལ་བླ་བྲང་བཞི་སོ་སོར་དགོས་ཏེ་གནང་བས། མཁས་བཙུན་ནམ་མཁའ་ལེགས་པའི་སྲས་ཏ་དབེན་ཀུན་དགའ་རིན་འབྱུང་། དེ་ལ་བཙུན་མོ་གཉིས་ལས་ཆེ་བའི་སྲས་གུ་ཤྲི་བློ་གྲོས་རྒྱལ་མཚན་ཆུང་བའི་སྲས་སློབ་དཔོན་གྲགས་པ་བློ་གྲོས་དང་། ཀུན་དགའ་བློ་གྲོས་རྒྱལ་མཚན། ལྕམ་གཅིག་དང་གསུམ་བྱུང་། གྲགས་པ་བློ་གྲོས་ཀྱི་སྲས་སུ་བློ་གྲོས་དབང་ཕྱུག་འཁྲུངས། ཡབ་སྲས་འདི་གཉིས་ལ་ཆུ་མིག་བདག་ཆེན་དུ་གྲགས། ཀུན་དགའ་བློ་གྲོས་ཀྱི་སྲས་ཀུན་དགའ་དབང་ཕྱུག་འཁྲུངས། རིམ་པར་བྱོན་པའི་གདུང་བརྒྱུད་འདི་རྣམས་ལ་བཞི་ཐོག་བླ་བྲང་ཞེས་སོ། །བླ་མ་དམ་པའི་གཅེན་དོན་ཡོད་རྒྱལ་མཚན་གྱི་སྲས་ཉི་མ་རྒྱལ་མཚན་དང་། ཟླ་བ་རྒྱལ་མཚན་གཉིས། ཕྱི་མའི་སྲས་བླ་ཆེན་ཀུན་དགའ་རྒྱལ་མཚན། དེ་ལ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དང་། ཞ་ལུ་བ་བསོད་ནམས་རྒྱལ་མཚན་ལྕམ་སྲིང་གཉིས་འཁྲུངས་པ་ལས། ནམ་མཁའ་རྒྱལ་མཚན་གྱི་སྲས་རྒྱ་གར་ཤེས་རབ་རྒྱལ་མཚན་དང་། བདག་ཆེན་རྡོ་རྗེ་འཆང་ལྕམ་བཞི་དང་དྲུག་འཁྲུངས། ཞ་ལུ་བའི་སྲས་སློབ་དཔོན་གྲགས་པ་རྒྱལ་མཚན་ཏེ། རིན་ཅེན་སྒང་བླ་བྲང་དུ་གྲགས་ལ་གསང་ཆེན་བློ་བཤད་སོགས་དཔལ་ལྡན་ས་སྐྱ་པའི་ཟབ་དོན་གྱི་བདག་པོ་རིམ་པར་བྱོན་། ཏི་ཤྲི་ཀུན་དགའ་ལེགས་འབྱུང་གི་གཅུང་ཀུན་དགའ་རྒྱལ་མཚན་གྱི་སྲས་ཏ་(༥༩བ)


GLG019_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་ཆོས་ཀྱི་རྒྱལ་མཚན་དང་། ཏ་དབེན་བློ་གྲོས་རྒྱལ་མཚན་གཉིས་སྔ་མ་ལ་ཇོ་མོ་གསུམ་ལས་དང་པོའི་སྲས་ཐེག་ཆེན་ཆོས་ཀྱི་རྒྱལ་པོ། གཉིས་པ་ལ་དྷརྨ་དྷྭ་ཛ། རིན་ཅེན་རྡོ་རྗེ། གསུམ་པ་ལ་སློབ་དཔོན་བསོད་ནམས་བཀྲ་ཤིས། དེའི་སྲས་སློབ་དཔོན་བདེ་ལེགས་བཀྲ་ཤིས། དེའི་སྲས་བསོད་ནམས་རྒྱལ་མཚན། ཤཱཀྱ་སེང་གེ །བསམ་གྲུབ་རྒྱལ་མཚན། དོན་གྲུབ་རྒྱལ་མཚན། ཤཱཀྱ་སེང་གེའི་བཙུན་མོ་ཆེ་བའི་སྲས་ཀུན་དགའ་བཀྲ་ཤིས། ཀུན་དགའ་རྒྱལ་མཚན། ཀུན་དགའ་སྙིང་པོ་གསུམ་ལས་བར་པས་ཁམས་ཀྱི་ཕྱོགས་སུ་ཕེབས་པར་སྲས་ཆོས་ཀྱི་རྒྱལ་མཚན་ས་ཀུན་དགའ་བློ་གྲོས་ལེགས་པའི་འབྱུང་གནས་མཆེད་གཉིས་འཁྲུངས། འདི་རྣམས་ལ་ལྷ་ཁང་བླ་བྲང་དུ་གྲགས། སློབ་དཔོན་ཉི་མ་དཔལ་གྱི་གཅུང་པོ་ཀུན་དགའ་ལེགས་པ་ལ་ཇོ་མོ་གཉིས་ལས། ཆེ་བའི་སྲས་སློབ་དཔོན་བསོད་ནམས་འབུམ། ཆུང་བའི་སྲས་བླ་ཆེན་བསོད་ནམས་བློ་གྲོས། གཞོན་ནུ་ལ་གཤེགས་པ་གཅིག །དབང་གྲགས་པ་རྒྱལ་མཚན། འདི་ལ་ཇོ་མོ་གཉིས་ལས། དང་པོ་ལ་ཀུན་དགའ་ལེགས་པའི་བློ་གྲོས་དང་། དབང་རྣམ་སྲས་རྒྱལ་མཚན་གཉིས་འཁྲུངས། གཉིས་པ་ལ་ཆོས་ཀྱི་རྒྱལ་མཚན་འཁྲུངས། དབང་རྣམ་སྲས་པར་ཇོ་མོ་གཉིས་ལས། དང་པོའི་སྲས་ཀུན་དགའ་བློ་གྲོས། གཉིས་པ་ལ་དབང་ནམ་མཁའ་ལེགས་པ་དང་ལྕམ་ལྔ་འཁྲུངས། ནམ་མཁའ་ལེགས་པ་ལ་ཇོ་མོ་གཉིས་ལས། དང་པོ་ལ་ལྕམ་གཉིས། གཉིས་པ་ལ་དབང་ནམ་མཁའ་རྒྱལ་མཚན། དེ་ལ་ཇོ་མོ་གསུམ་ལས། དང་པོ་ལ་ལྕམ་གཅིག །གཉིས་པ་ལ་ནམ་མཁའ་རིན་ཆེན། གསུམ་པ་ལ་ནམ་མཁའ་བཀྲ་ཤིས། དེའི་སྲས་ས་ལོ་ཐམས་ཅད་མཁྱེན་པ། བདག་ཆེན་(༦༠ན)


GLG019_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་དབང་ཕྱུག །འཇམ་དཔལ་གྲགས། ནམ་མཁའ་དོན་གྲུབ། དེའི་སྲས་ཀུན་དགའ་བསམ་གྲུབ་དང་སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཅེན། སྔ་མའི་སྲས་བདག་ཆེན་ཀུན་དགའ་བདེ་ལེགས། དེའི་སྲས་བསོད་ནམས་ལྷུན་གྲུབ། ཀུན་དགའ་ལྷུན་གྲུབ། འཇིག་རྟེན་དབང་ཕྱུག །དེའི་སྲས་བསོད་ནམས་བློ་གྲོས། བྱམས་པ་བསོད་ནམས་ལྷུན་གྲུབ། ངག་དབང་བསོད་ནམས་ལྷུན་གྲུབ་རྣམས་འཁྲུངས། ཀུན་དགའ་རིན་ཅེན་ལ་ཇོ་མོ་གསུམ་ལས། དང་པོ་ལ་ལྕམ་གཉིས། གཉིས་པ་ལ་ངག་དབང་བསོད་ནམས་དབང་པོ། ལྕམ་གསུམ། གསུམ་པ་ལ་གྲགས་པ་བློ་གྲོས། དེ་ལ་སྲས་ལྕམ་སྲིང་དྲུག་ལས། སྲས་བགྲེས་པ་གཉིས་གཞོན་ནུ་ནས་གཤེགས། དེ་འོག་ཀུན་དགའ་དབང་རྒྱལ། མཐུ་སྟོབས་དབང་ཕྱུག །ངག་དབང་ཀུན་དགའ་བསོད་ནམས་གསུམ་འཁྲུངས་ཏེ། འཁོན་ས་སྐྱ་པའི་གདུང་བརྒྱུད་རིན་པོ་ཆེ་དང་། མདོ་རྒྱུད་ཀྱི་བསྟན་པ་ནི་དེང་སང་གི་བར་དུ་གནས་པ་ཡིན་ནའང་། སྲིད་ཀྱི་སྟོབས་འབྱོར་ཕུན་སུམ་ཚོགས་པ་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས། འགྲོ་མགོན་བསོད་ནམས་པའི་བར་དུ་ལུང་གི་བསྐོས་པའི་དཔོན་ཆེན་གཅིག་གཉིས་སླར་ལྡབ་པ་དང་བཅས་པའི་ཉི་ཤུའི་བར་དུ་དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁ་སྟེ། བོད་ཆེན་པོའི་ཆོལ་ཁ་གསུམ་གྱི་རྒྱལ་ཁམས་ཀུན་ལ་མངའ་སྒྱུར་ཅིང་། ཁྱད་པར་ལ་སྟོད་ལྷོ་བྱང་། གུར་མོ། ཆུ་མིག །ཤངས་དང་། ཞ་ལུ་སྟེ་གཙང་ཁྲི་དྲུག རྒྱ་མ། འབྲི་གུང་། ཚལ་པ། ཐང་པོ་ཆེ་པ། ཕག་གྲུ། གཡའ་བཟང་སྟེ་དབུས་ཁྲི་དྲུག །དབུས་གཙང་གི་མཚམས་སུ་ཡར་འབྲོག་ཁྲི་བསྐོར་གཅིག་(༦༠བ)


GLG019_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་བོད་ཀྱི་ཁྲི་བསྐོར་བཅུ་གསུམ་གྱི་ཉེས་ལ་ཆད་པ་དང་བཟང་ལ་བྱ་དགའ་སྟེར་བ་སོགས་ཁྲིམས་ཀྱི་བྱེད་པོ་ནི། སྔར་སྨོས་པའི་དཔོན་ཆེན་ཤཱཀྱ་བཟང་པོ་དང་། ཀུན་དགའ་བཟང་པོ་གཉིས་ཀྱི་རྗེས་སུ་ཞང་བཙུན་བན་དཀར་བ་གཉིས་ཀྱི་ལས་ཀ་བཟུང་། དེ་རྗེས་བྱང་རིན་བསྐོས་པ་སོ་ཐིན་སིའི་དམ་ཁ་དང་། ཤེལ་དམ་བྱུང་ཡང་ཤངས་ཀྱི་སྡོང་མོ་ཐང་དུ་གཡོག་གིས་བསད། དེ་རྗེས་ཀུན་གཞོན་དང་གཞོན་དབང་གཉིས་ཀྱི་རིན་ལ་དབུས་གཙང་གི་ཆེ་གསལ་ཆེན་པོ་དང་ཁྲིམས་ཀྱི་ཞིབ་ཆ་བྱས། དེ་རྗེས་དཔོན་ཆེན་བྱང་རྡོར། དེ་ནས་ཨ་ལེན། འདིས་ས་སྐྱའི་ལྕགས་རི་ཕྱི་མ་དང་། བོན་པོ་རིའི་ལྕགས་རི། ཁང་གསར་གླིང་རྣམས་བརྩིགས་ཤིང་། ས་འབྲི་ནང་འཁྲུགས་པས། ཨང་ལེན་གྱིས་ཁྲི་བསྐོར་བཅུ་གསུམ་གྱི་དམག་འབྲི་གུང་དུ་དྲངས་ཏེ། ལྷ་ཁང་མེ་ལ་བསྲེགས་པ་སོགས་འབྲི་གུང་གླིང་ལོག་ཏུ་གྲགས་པ་དེ་བྱས་ཤིང་། དྭགས་པོ་སོགས་སུ་དཔུང་ཁྱེར་བྱས་པའི་ས་མཚམས་ཀྱི་བྲག་ལ་ཨང་ལེན་གྱི་མིང་བྲིས་འདུག་ཟེར་བ་སོགས་དཔོན་ཆེན་ཞིག་ལ་དྲག་ཤུལ་འདི་ཉིད་ཆེ་ཞིང་། དེའི་རྗེས་སུ་གཞོན་དབང་བསྐྱར་ནས་བསྐོས་པ་ལམ་དུ་གྲོངས། དེ་ནས་ལེགས་པ་དཔལ། སེང་གེ་དཔལ། འོད་ཟེར་སེང་གེ་འདིས་སྭོན་ཇིང་དབེན་གྱི་དམ་ཁ་བཟུང་། དེ་ནས་ཀུན་རིན། དོན་ཡོད་དཔལ། ཡོན་བཙུན། ཡང་འོད་ཟེར་སེང་གེ །རྒྱལ་བ་བཟང་པོ། དབང་ཕྱུག་དཔལ། བསོད་ནམས་དཔལ། ཡང་རྒྱལ་བ་བཟང་པོ། དབང་བརྩོན། འདི་གཉིས་ཀྱི་དུས་ཕག་མོ་གྲུ་པ་དང་མ་མཐུན་པས། དཔྱིད་ཀྱི་མ་མས་བསྐྱངས་པའི་སོས་དུས་ཀྱི་ལང་ཚོ་མངོན་པར་བདོ་བ་ན། དགུན་གྱི་གྲང་རེག་མཐའ་དག་རང་ཤུགས་ཀྱིས་འཇིག་པ་དངོས་པོའི་ཆོས་(༦༡ན)


GLG019_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་སྣང་བ་ཇི་བཞིན་དུ། འཇིག་རྟེན་གྱི་མེས་པོ་ཚངས་པའི་ལུང་གིས་སྡེ་བཞིའི་དཔལ་འབྱོར་མཐའ་དག་སྡེ་སྲིད་ཕག་མོ་གྲུ་པས་རང་བྱན་དུ་མཛད་པས། དེའི་རྗེས་སུ་ནམ་མཁའ་བརྟན་པ་སོགས་དཔོན་ཆེན་འགའ་ཞིག་འདྲེན་ཡང་དཔོན་ཆེན་སྔ་མ་རྣམས་ལྟར་བོད་ཆོལ་ཁ་གསུམ་ལ་ལུང་སྒྱུར་བ་ནི་མ་བྱུང་ངོ་། །དེ་ལྟར་དཔལ་ལྡན་ས་སྐྱ་བའི་རིགས་རུས་ཆོ་འབྲང་ཆོས་སྲིད་ཀྱི་ངང་ཚུལ་འདི་ལ་དཔགས་ན། གཡུང་པོའི་རིགས་ཅན་གྱི་དྲེགས་ལྡན་མཐའ་དག་ཕ་ཝང་ནམ་འཕང་སྤྱོད་པའི་ཚུལ་ལྟར་ངེས་པས། མི་ཤིས་གདོལ་པའི་ཕྲུག་གུ་འཕོངས་པ་ཡི། །འཁོར་གྱིས་བཏེག་ལ་འཇིག་རྟེན་འདྲེན་པ་ཞེས། །སྨིག་སྒྱུ་འབབ་ཆུར་སྒྲོག་པའི་གྲགས་སྟོང་སྒྲས། །འཇིག་རྟེན་ཡངས་མོར་བྱེད་དང་འདི་མི་མཚུངས། །ཞེས་ཆོས་རྗེ་དཀོན་ཅོག་ལྷུན་གྲུབ་གསུང་བ་ཡང་དག་པའི་གཏམ་མོ། །སྨྲས་པ། གསེར་ལྡན་ལྟོ་བ་འཁོད་སྙོམས་ལུས་ཕྲ་མཆོག་གི་བཞིན་རས་ངོས་ཡངས་པར། །རིགས་རུས་ནག་ཀླུང་སྟུག་པོའི་འཁྲི་ཤིང་མིག་སྨན་གཡོ་བའི་གར་བསྒྱུར་དབུས། །འཁོན་རིགས་སཱ་ལའི་ལྗོན་པའི་དབང་པོ་མ་འདྲེས་འཁྱུག་པའི་ཟུར་མིག་ཅན། །ཆོས་སྲིད་འབྲས་བུའི་ཁུར་གྱིས་དུད་པའི་མཛེས་སྡུག་རྣམ་འགྱུར་ཅི་ཡང་བཀྲ། ཨེ་མ་རྩོད་དུས་གསེར་འཁོར་ཅན། །ས་ལ་རྒྱུ་བའི་གནམ་གྱི་སྲས། །གང་གི་ལུང་བཞིན་བོད་འབངས་གཙུག །བདེ་འབྱུང་རལ་པའི་ཟླ་ཚེས་ལྟར། །མཛེས་བྱེད་རྒྱན་དུ་སྤུད་པའི་དཔྱིད། །བསྟན་པའི་བདག་པོ་ས་སྐྱ་པའི། །གདུང་རབས་ཧ་ལའི་ཀེ་ལ་ཤ །བློ་གསལ་བདེ་འབྱུང་མགྲིན་པར་མཛེས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཡང་མོན་གོར་རྒྱལ་(༦༡བ)


GLG019_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པོས་འབྲི་གུང་པ། སེ་ཆེན་རྒྱལ་པོས་ཚལ་བ། ཧུ་ལ་ཧུས་ཕག་མོ་གྲུ་པ་རྣམས་སོ་སོར་མཆོད་གནས་སུ་བཟུང་སྟེ། བོད་རྣམས་རྒྱལ་པོ་སོ་སོས་རིས་སུ་བཅད་དེ་བདག་པོ་མཛད་པ་རྣམས་མཆོད་གནས་སོ་སོར་སྦྱར་བའི་མོན་ལུག་མགོ་སྟེང་ཚུན་ཆད། གཉལ་སྟོད་སྨད། གྲུ་ཤུལ། ལོ་རོ་དཀར་ནག །བྱ་པོ། ཨེ་ཆེ་བའི་ནང་ནས་ཨེ་ཆུང་། ཐང་པོ་ཆེ། འཕྱོང་རྒྱས། འཕྱོས། མོན་མཁར། མཁར་ལྟག་དོ་བོ། སྲེགས་ལྟེ། འོན་སྣ། ནམ་ཞལ་ལྔ། བསམ་ཡས་ཤར་སྒོ་གདོང་མན་ཆད་དང་། ལྷོ་བྲག་ཤར་ནས། མཆོད་སྡེ། བ་ཞི་བོད་འབྲོག་གཉིས། མངའ་རིས་ནས་ཀོ་རོན་མདོ་ཡན་ཆད། སྤུ་རིག་ལ་རྩ་མན་ཆད་རྣམས་རྒྱལ་པོ་ཧུ་ལ་ཧུར་གཏོགས་པའི་དོན་གྱི་ཕག་མོ་གྲུ་པའི་འོག་ཏུ་ཡོད་པ་དཔེས་མཚོན་ཏེ་འབྲི་གུང་དང་ཚལ་པ་རྣམས་ལ་ཡང་དེ་དང་དོད་མཚུངས་པ་ཡོད་པའི་དབང་གིས། གཡའ་བཟང་བ་ཁྲི་བསྐོར་གྱི་ཁ་གྲངས་སུ་བགྲངས་ཀྱང་དོན་ཕག་མོ་གྲུ་པའི་འོག་ཏུ་གནས་པ་ལྟར། སྣ་དཀར་རྩེ་པ་འབྲི་གུང་པའི་འོག་དང་། དེས་མཚོན་ཁྲི་དཔོན་གཞན་རྣམས་ཕག་འབྲི་ཚལ་གསུམ་ལ་ཆོས་སྲིད་གཉིས་ཀའི་སྒོ་ནས་འགྲན་པར་མི་ནུས་པས་འདི་གསུམ་ཁྲི་དཔོན་རྣམས་ཀྱི་ནང་ནས་མངོན་པར་མཐོ་བ་ཡིན་ལ། དེ་ཡང་ཚལ་པ་ནི་ཞང་འགྲོ་བའི་མགོན་པོའི་རྣམ་པར་དཀར་བའི་འཕྲིན་ལས་ཀྱི་གདུགས་དཀར་པོ་དབྱིག་འཛིན་གྱི་ཁྱོན་ཀུན་ཁྱབ་པ་ལས་བརྒྱུད་དེ་ཁྲི་དཔོན་དུ་གྱུར་བ་ཡིན་པས། ལྷ་དབང་བརྒྱ་བྱིན་གྱི་སྤྲུལ་པར་གྲགས་པ་ཉེ་གནས་དར་མ་གཞོན་ནུས། འགྲོ་མགོན་རིན་པོ་ཆེའི་ཐུགས་སྲས་མཛད་དེ། གུང་ཐང་གི་གཙུག་ལག་ཁང་བརྩིག་པའི་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས། འགྲོ་མགོན་གཤེགས་(༦༢ན)


GLG019_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་སྡེ་གཙུག་ལག་ཁང་གཉིས་ཀྱི་བདག་པོར་བསྐོས་ཏེ། ཕྱིའི་ཁྱམས་སྨད་དང་མགོན་ཁང་། ནང་དུ་གདུང་རྟེན་བཀྲ་ཤིས་འོད་འབར་དང་། སྐུ་འབུམ་ཆེན་མོའི་འཕྲོ་སོགས་གྲུབ་པར་མཛད། དེའི་རུས་དབོན་འབྱུང་གནས་བཙུན་འགྲུས་ཀྱིས་དཔོན་གྱི་གོ་ས་བཟུང་ནས་ལུགས་ཟུང་གི་བྱ་བ་མི་དམན་པ་འགའ་ཞིག་བྱས་ཤིང་། དེའི་དབོན་ཡེ་ཤེས་འབྱུང་གནས་ཀྱི་སྲིད་མ་བཞི་བུ་བརྒྱད་དུ་གྲགས་པའི་སྐྱིད་སྨད་ཀྱི་ཡུལ་གྲོང་མང་པོ་མངའ་འོག་ཏུ་ཆུག །དེ་རྗེས་དཔོན་སངས་རྒྱས་དངོས་གྲུབ་ནི་གནམ་གྱི་མཐོང་ནས་མི་ཡུལ་དུ་བབས་པས། མགར་ཚེ་ནམ་ཚ་འབྲུག །དེ་ནས་མགར་བླ་མ་མཁྱེན་ཆེན་པོ། མགར་སྟོང་མེས་ཁྲི་ཆགས། དེའི་སྲས་མགར་སྟོང་བཙན་ཡུལ་བཟུང་གིས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་མཛད། ལུགས་གཉིས་ཀྱི་མཛད་པས་རྗེའི་ཞབས་ཏོག་དང་བོད་འབངས་ལ་བཀའ་དྲིན་ཆེ། དེའི་སྲས་བཙན་པོ་ཡོན་ཏན་རྒྱལ་བཟུང་། དེ་ནས་རིམ་བཞིན་ལྷ་གཅིག་སྙན་ལྡེམ་བུ། ཁྲི་ཟངས་དུམ་བུ། ཁྲི་གཉེར་ཁྲི་ལྕགས། དེའི་སྲས་སྟོང་མེས་ཁྲིས་སྣང་། ཁྲི་སྟོ་རོ་སྟག་གཟུང་། བློན་ཆེན་ཆས་པ་སྒོ་དྲུག །དེའི་སྲས་རྨུ་བཟའ་དང་འཕགས་གཟིགས། དེ་ནས་རིམ་བཞིན་མགར་ཐོག་ཡང་རྒྱལ། རྒྱལ་ལེ། མགར་རྒྱལ་བ་འབྱུང་གནས། འདི་དང་ཞང་རིན་པོ་ཆེ་མཆོད་ཡོན་དུ་གྱུར་ཏེ། སྲས་ཕུན་སུམ་ཚོགས་པ་འབྱུང་བའི་ལུང་བསྟན་དང་མཐུན་པར་དཔོན་སངས་རྒྱས་དངོས་གྲུབ་འཁྲུངས་པ་དཔོན་དུ་བསྐོས། དགེ་འདུན་ཚལ་པའི་བསྟན་པའི་རྩ་བ་བཙུགས། དེའི་སྲས་དཔོན་ཆེན་རིན་རྒྱལ་གྱིས་དཔོན་གྱི་ལས་ཀ་བཟུང་སྟེ་གོང་དུ་བྱོན། སེ་ཆེན་རྒྱལ་པོས་སྐྱིད་ཤོད་(༦༢བ)


GLG019_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་སྨད། སྟོད་ལུང་། གྲ་ཐོལ། འཕྱོང་པོ། རྒྱལ་སྨན། ཨེ་དྭགས་གཉལ་གསུམ་སོགས་ལྷ་ཁང་ཞིག་གསོས་བྱེད་པའི་མི་སྡེ་ཤེས་སུ་ཆུག་གི་འཇའ་ས་གནང་། གུང་ཐང་དུ་བྱོན་ཏེ་གཟིམས་ཁང་ཤར་དང་ཁྱིམ་གྲ་ཆེན་མོ་བརྩིགས། འདི་ལ་སྲས་གསུམ་ལས་ཆེ་བ་ཉི་མ་ཤེས་རབ་ཀྱིས་འགྲོ་མགོན་འཕགས་པའི་ཕྱག་ཕྱིར་གོང་དུ་བྱོན་ཏེ་འཇའ་ས་བླངས། གཉིས་པ་དཔོན་དགའ་བདེ་མགོན་པོ་བྱ་རོག་གདོང་ཅན་གྱི་སྤྲུལ་པར་གྲགས་ཤིང་། ཚལ་པའི་དགོན་སྡེའི་དོན་དུ་གོང་མའི་དྲུང་དུ་ལན་བདུན་བྱོན། མི་ཆེན་ཟམ་ཁ་ལྷ་པའི་ཉེ་གནས་འདམ་རིང་གི་གཞན་དབང་དུ་གྱུར་ཏེ། དཔོན་དགའ་བདེ་ལ་རྩ་ར་མང་དུ་བྱས་པས། ལྐོག་ཏུ་རྒྱལ་པོར་ཞུས་པར་གོང་མའི་ན་བཟའ་འབྲུག་སྡེར་ལྔ་པ་ཞིག་གནང་བ་དེ་འོག་ཏུ་གྱོོན་སྐབས། ཟམ་ཁས་ཁྲིམས་རར་ཁྲིད་དེ་སྟེང་གོས་བཤུས་པས། རྒྱལ་པོའི་ན་བཟའ་འདུག་པ་མཐོང་སྟེ་ཟམ་ཁ་འཇིགས། མི་རིང་བར་ཟམ་ཁ་ལ་ནག་ཕོག་པས། དགའ་བདེས་སྙིང་ཚིམ་གྱི་ཆང་དྲངས་ནས། ངེད་རང་གཉིས་པོ་ཁྱད་པར་ཆེ། །ང་ནི་དགེ་འདུན་ཚལ་པ་ཡིན། །དགའ་བདེ་དཔལ། བློ་བདེ་དཔལ། སྐྱིད་པའི་དཔལ། ད་ལྟ་ཚལ་པའི་དགའ་བདེ་དཔལ། ཞེས་གླུ་བླངས་སྐད། དེ་ནས་རྒྱའི་བཟོ་བོ་མཁས་པ་དང་བཅས་ཏེ། བར་ཁང་རྒྱ་ཕིབས། གསེར་འཕྲུ་སོགས་རྟེན་དང་བརྟེན་པར་བཅས་པ་མཐའ་དག་ཕུལ་དུ་བྱུང་བའི་བཀོད་པས་ཁྱད་པར་དུ་འཕགས་པ་བཞེངས། ཆོས་འཁོར་གླིང་བཏབ་ནས་མཚན་ཉིད་ཀྱི་བཤད་གྲྭ་དང་། དབུས་གླིང་དུ་སྔགས་གྲྭ་འཛུགས་པ་སོགས་རྣམ་དཀར་གྱི་མཛད་པ་རྒྱ་ཆེན་པོས་གོང་མ་ཤིན་ཏུ་དགྱེས། འདིའི་གཅུང་པོ་རིན་ཅེན་དབང་ཕྱུག་རབ་ཏུ་བྱུང་། དགའ་བདེའི་སྲས་གཉིས་(༦༣ན)


GLG019_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཆེ་བ་རིན་ཅེན་སེང་གེ །ཆུང་བ་སྨོན་ལམ་རྡོ་རྗེ། འདི་ཉིད་ཀྱིས་ལྷ་སའི་བར་སྐོར་དང་། བྲག་ལྷ་ཀླུ་སྦུག་གི་རྒྱ་ཕིབས། ཇོ་བོ་དང་ཐུགས་རྗེ་ཆེན་པོ་གཉིས་ཀྱི་དབུ་ཐོག་ཏུ་གསེར་ཐོག །འབུམ་མོ་ཆེའི་གཉྫི་ར། བཀའ་འགྱུར་དང་། དབུས་གླིང་འོད་གསལ་འཕྲུལ་གྱི་ལྷ་ཁང་བཞེང་བ་སོགས། དཀར་ཕྱོགས་ཀྱི་མཛད་པ་བླ་ན་མ་མཆིས་པ་མང་ཞིང་། སྲིད་ཀྱི་མངའ་ཐང་ལྔ་ཀུན་གསལ་གྱི་འགྲམ་པ་ལ་རེག་པ་ལྟ་བུར་གྱུར། འདིའི་སྲས་ཆེ་བ་དཔོན་ཀུན་དགའ་རྡོ་རྗེ་ཡབ་མེས་ཀྱི་ཆོས་དང་རིག་པའི་གནས་ཐམས་ཅད་ལ་མཁྱེན་པ་མཆོག་ཏུ་ཡངས་ཤིང་། གོང་ནས་ཕྱིར་བྱོན་ཏེ། སྐུ་གསུང་ཐུགས་ཀྱི་རྟེན་དང་རི་བོ་དགེ་འཕེལ་འདེབས་པ་སོགས་ཆོས་སྲིད་ཀྱི་མཛད་པ་མི་དམན་པ་མཐའ་ཡས། སླར་ཡང་ཁྲི་དཔོན་གྱི་ལས་ཀ་གཅུང་པོ་གྲགས་པ་ཤེས་རབ་ལ་གཏད་དེ་རབ་ཏུ་བྱུང་བའི་མཚན་དྲུང་ཆེན་ཐམས་ཅད་མཁྱེན་པ་དགེ་བའི་བློ་གྲོས་སུ་གྲགས། མཁས་པའི་དབང་པོ་བུ་སྟོན་རིན་པོ་ཆེ་ཚལ་དུ་བཀའ་འགྱུར་གྱི་རབ་གནས་ལ་གདན་དྲངས་སྐབས། ཚལ་པ་དཔོན་པོའི་ཁ་ཡ་བྱེད་དགོས་པས་རང་དགར་ཕྱིན་ན་མི་ཡོངས་གསུངས་ནས། ཕྱག་དཔེ་མང་པོ་བསྣམས་ཏེ་ལམ་དུ་གཟིགས་སྐད། ཆོས་རྗེ་བསོད་ནམས་གྲགས་པས། ཆོས་འཁོར་གླིང་དྲུང་ཆེན་སྨོན་ལམ་རྡོ་རྗེས་བཏབ་པ་དང་། སི་ཏུ་དགེ་བའི་བློ་གྲོས་དང་དྲུང་ཆེན་ཀུན་དགའ་རྡོ་རྗེ་སོ་སོར་འདྲེན་པ་སོགས་ནི་ཡིག་ཚང་གི་ཞིབ་ཆ་མ་ངེས་པའི་འོལ་ཚོད་ཀྱི་གཏམ་སྟེ། འདི་དག་ལ་འདྲིས་པ་ཆུང་བའི་དབུས་སུ་ཝ་སྐྱེས་རྒྱལ་པོའི་རྣམ་ཐར་འཛིན་པའི་ཚུལ་ཡིན་མཆིས་ནའང་། དེབ་ཐེར་ལ་འདྲིས་པ་རྣམས་ཀྱིས་བརྟགས་ཚེ་བཞད་གད་ཀྱི་གནས་སོ། །(༦༣བ)


GLG019_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་ཆེན་ཀུན་དགའ་རྡོ་རྗེའི་སྲས་སི་ཏུ་དགེ་ལེགས་བཟང་པོ། དེ་ལ་སྲས་ཏྲེ་ཧོས་དཔལ་འབྱོར་བཟང་པོ། ལེགས་པ་རྒྱལ་མཚན། ལེགས་ལྡན་བཟང་པོ་དང་གསུམ་གྱི་དང་པོའི་སྲས་ཏྲེ་ཧོས་དགའ་བདེ་བཟང་པོ་དང་དངོས་གྲུབ་རྒྱལ་མཚན་གཉིས་འཁྲུངས་གདུང་བརྒྱུད་རིམ་པར་བྱོན་པ་དེ་དག་ཐམས་ཅད་ཀྱང་གོང་མའི་ལུང་དང་ལས་ཀས་མངོན་པར་མཐོ་ཞིང་། ཆོས་དང་སྲིད་ཀྱི་མཛད་པ་མི་དམན་པ་ཤ་སྟག་ཏུ་བྱོན། འོན་ཀྱང་དཔོན་ཀུན་དགའ་རྡོ་རྗེས་། ས་སྐྱའི་དཔོན་ཆེན་རྒྱལ་བ་བཟང་པོ། དབང་བརྩོན་གཡའ་བཟང་བ་སོགས་དང་བསྡོངས་ཏེ། སྡེ་སྲིད་ཕག་མོ་གྲུ་པ་ལ་ངན་བཤོམས་མང་དུ་བྱས་པས། འདབ་ཆགས་ཕལ་གྱིས་མཁའ་ལྡིང་གི་རྗེས་སུ་སྙེག་པ་རང་ཉིད་ངལ་བའི་རྒྱུར་འགྲོ་བ་བཞིན་དུ་སྔར་དཔོན་དགའ་བདེ་དང་། དྲུང་ཆེན་སྨོན་ལམ་པའི་དུས་མཐའ་སྒྱུར་བའི་གོང་མའི་འཇའ་སའི་ནང་གི་འབངས་ནི་ཕལ་ཆེར་ཤོར་རོ། །དཔལ་ཕག་མོ་གྲུ་པའི་འཕྲིན་ལས་ཀྱི་རྒྱུན་ལས། སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེའི་དགོན་གནས་སློབ་རྒྱུན་དར་རྒྱས་སུ་སྤེལ་བར་མཛད་པ་པོ་ནི་སྐྱུ་ར་རིན་པོ་ཆེ་ཡིན་ལ། གདན་རབས་བཞི་ཙམ་གྱི་བར་དུ་དམ་པའི་ཆོས་ཁོ་ན་དོན་དུ་གཉེར་བ་ལས། འཇིག་རྟེན་གྱི་སྟོབས་དང་གོང་མའི་ལག་རྟགས་སོགས་མེད་འདུག་པས། སི་ཏུ་རིན་པོ་ཆེའི་བཀའ་ཆེམས་དེབ་ཐེར་ལས། དེ་དུས་ཀྱི་བླ་མ་དེ་སྤྱན་སྔ་རིན་པོ་ཆེ་ཡིན། སྒོམ་པ་ཤཱཀ་རིན་ཡིན་ཏེ་དམ་ཁ་མ་ཐེ་བ་རྗེས་ཙམ་ཡང་ཁྱེད་བླ་དཔོན་ལ་མེད། རྒྱལ་པོའི་བླ་མ་ཏི་ཤྲི་ཡང་མ་བྱས་གསུངས་པ་ལྟར་ཡིན་ལ། དེ་ཡང་བསྟན་པ་སྔ་དར་གྱི་དུས་སྐྱུ་རའི་རིག་སྔགས་འཆང་བ་ཞིག་ལ་མཁའ་འགྲོའི་རིག་ཅན་གྱི་སྣ་ནམ་བཟའ་བྱ་བའི་ཇོ་མོ་(༦༤ན)


GLG019_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བླངས་པ་མི་ལས་འདས་པའི་སྤྲུལ་སྒྱུར་སྣ་ཚོགས་སྟོན་པ་ཞིག་བྱུང་བ། དེང་སང་འབྲི་གུང་ཨ་ཕྱིར་འབོད་པ་འདི་ཡིན་ལ། དེ་གཉིས་ཀྱི་སྲས་ལ་ནམ་མཁའ་དབང་ཕྱུག་གི་བརྒྱུད་ལས་ཨ་མེས་དབང་རྒྱལ་གྱི་སྲས་བཞི་པ་རྡོ་རྗེ་ལ་ཇོ་མོ་རྗེ་བཙུན་མ་བྱ་བ་བླངས་པའི་སྲས་སུ་འབྲི་གུང་རིན་པོ་ཆེ་འཁྲུངས་ཏེ་འགྲོ་མགོན་རིན་པོ་ཆེའི་དྲུང་དུ་ཟབ་རྒྱས་ཀྱི་ཆོས་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང་མཚན་རིན་ཅེན་དཔལ་དུ་གྲགས། འགྲོ་མགོན་གཤེགས་རྗེས་ཞང་སུམ་ཐོག་པའི་མཇུག་ཏུ་གདན་ས་མཛད་ཀྱང་འཕྲིན་ལས་བཞེད་པ་བཞིན་མ་བྱུང་བས་བྱང་ཕྱོགས་སུ་བྱོན་ནས་རྟོགས་ལྡན་མི་ཉག་སྒོམ་རིན་གྱི་དགོན་པ་ཉེ་གནས་ཀྱིས་ཕུལ་བར་ཕྱག་ཕབ་སྟེ་དར་རྒྱས་སུ་མཛད་པས་འབྲི་གུང་ཐེལ་ཞེས་གངས་རིའི་ཁྲོད་ཀྱི་སྒྲུབ་བརྒྱུད་པའི་གཙུག་ན་མངོན་པར་མཐོ་བ་བྱུང་ཞིང་། སྐྱོབ་པ་རིན་པོ་ཆེའི་ཁུ་བོ་དཀོན་ཅོག་རིན་ཅེན་གྱི་སྲས་ཨ་མེས་གྲགས་རྒྱལ། དེ་ལ་སྲས་མཆེད་གསུམ་ལས་ཆེ་བ་དཔོན་རིན་པོ་ཆེ། འབྲིང་དཔོན་བརྒྱུད་རྡོ་རྗེ་སེང་གེ ། ཆུང་བ་གཅུང་རིན་པོ་ཆེ་རྡོ་རྗེ་གྲགས་པ་ལས། གཅུང་རིན་པོ་ཆེ་ཏི་ལི་བའི་སྤྲུལ་པར་གྲགས་ཤིང་། འདིའི་དུས་སུ་སྒོམ་པ་ལ་ཁྲི་དཔོན་གྱི་འཇའ་ས་ལོན་ཏེ། བྱར་དགས་ཚུན་ལུང་གིས་མངའ་སྒྱུར་བས་སྟོབས་འབྱོར་གྱི་ལོངས་སྤྱོད་ཤིན་ཏུ་ཆེ། དེ་དག་ལ་བསམས་ནས་ཕྱིས་སུ་གོང་མ་སི་ཏུ་རིན་པོ་ཆེ་ལ་འབྲི་གུང་སྒོམ་པས། ད་ལྟ་ས་སྐྱ་པས་བདག་བྱེད་པ་འདི་སྔོན་ངེད་འབྲི་གུང་པས་བྱེད་པར་སྣང་ཟེར་བའི་ཁེངས་དྲེགས་ཀྱི་གཏམ་སྨྲས་སྐད། འོན་ཀྱང་སྒོམ་པ་གསུམ་བཞིའི་རིང་ལ་ས་སྐྱ་པ་དང་མ་མཐུན་པས། འབྲིང་པོའི་སྲས་ཟོག་ཁ་པ་རིན་ཅེན་སེང་གེ་དང་སྤྱན་སྔ་མཚམས་(༦༤བ)


GLG019_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པའི་རྗེས་སུ་གནུབས་གདན་སར་བཞུགས་ཐོག་གླིང་ལོག་ཆེན་པོ་དེ་བྱུང་སྐབས་འདུ་ཁང་ལ་མེ་བརྒྱབ་པས་དགེ་འདུན་ཁྲི་ཚོ་ཙམ་གནམ་གཡང་ནས་མཁའ་ལ་འཕུར་ཟེར་ཞལ་ངོ་ཀོང་པོར་བྲོས། མངའ་ཐང་ཡང་ཅུང་ཟད་བྲི། དེ་རྗེས་རྡོ་རྗེ་རིན་ཆེན། རྡོ་རྗེ་རྒྱལ་པོ། ཉེར་གཉིས་རིན་པོ་ཆེ། དོན་གྲུབ་རྒྱལ་པོ་རྣམས་རིན་པར་བྱོན་ཏེ་སྤྱན་སྔའི་གོས་དང་སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་བ་ཁོ་ན་ལས། འཇིག་རྟེན་གྱི་སྲིད་འཛིན་པ་ནི་ས་སྐྱའི་དཔོན་ཆེན་གྱི་དོད་པོ་ལྟ་བུ་འབྲི་གུང་གི་སྒོམ་པ་ཡིན་པས། དེ་དག་གི་གོ་རིམ་ནི། སྒོམ་པ་རྡོ་རྗེ་སེང་གེ །ཤཱཀྱ་རིན་ཅེན། བྱང་ཤེ། བྱང་ཆུབ། སྦང་རས། ཆོས་སེང་། རིན་ཅེན་སེང་གེ །སྒོམ་པ་དཔོན་པོ། སྒོམ་པ་ཤཱཀྱ་དང་། རིན་ཅེན་གྲགས། ཡེ་ཤེས་དཔལ། འདི་གྲོངས་པའི་དུས་སི་ཏུ་རིན་པོ་ཆེ་འབྲི་གུང་དུ་འཕྲད་མོལ་བྱོན། བཀྲ་ཤིས་ལྗོངས་སུ་རིན་པོ་ཆེ་དང་མཇལ། སི་ཏུ་རིན་པོ་ཆེས་ཀྱང་རིན་ཅེན་རྡོ་རྗེ་སྒོམ་པ་ཆེ་བ་ལ་བསྐོས། ཀུན་རིན་ཆུང་བ་ལ་བསྐོས་ན་ལེགས་པའི་རྒྱུ་མཚན་ཕུལ་བ་བཞིན་མཛད། དེ་ནས་རིན་རྡོར་འདས་རྗེས་ཀུན་རིན་ལ་གོང་མའི་ལུང་མེད་ནའང་། དབུས་གཙང་སྭོན་ཝི་སི་བ་རྣམས་ཀྱིས་ཁྱོན་བསྐོས་བྱས། སྤྱིར་གདན་ས་ཕན་ཚུན་གཉིས་ཟུང་འབྲེལ་ཡིན་པ་དང་། ཁྱད་པར་སྒོམ་པ་རང་ལ་སི་ཏུ་བཀའ་དྲིན་ཆེ་བར། སློབ་དཔོན་ཀུན་རིན་གྱིས་སྡེ་སྲིད་ཕག་མོ་གྲུ་པ་ལ་ངན་བཤོམས་ཀྱི་གྲ་སྒྲིག་འགའ་ཞིག་བྱས་པ་ལ་བརྟེན། འབྲི་གུང་གི་སྲིད་ལ་ཕན་པ་ཆེ་བ་མ་བྱུང་ཞིང་། དེ་རྗེས་ཤཱཀྱ་བཟང་པོས་སྒོམ་པའི་ལས་ཀ་བཟུང་། དེ་ནས་རྫོང་ཇི་བསོད་རིན་དང་སྐུ་ཞང་ཚུལ་རྒྱལ་སོགས་ཀྱིས་སྲིད་འཛིན་པའི་སྲོལ་བྱུང་འདུག་ནའང་། ཆོས་རྒྱལ་རིན་ཅེན་དཔལ་(༦༥ན)


GLG019_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གི་ཐོག་བླ་དཔོན་སྦྲགས་ཏེ་ཆོས་སྲིད་ཀྱི་ལུང་བཟང་པོ་ཡོངས་སུ་བཟུང་། སྲས་གཉིས་འཁྲུངས་པའི་ཆུང་བ་བཅོ་ལྔ་རིན་པོ་ཆེ་ཆོས་སྲིད་ཀྱིས་མངོན་པར་མཐོ་བའི་གོ་སར་བྱོན། སྲས་གསུམ་བྱུང་བའི་ཆེ་བ་ཕག་མོར་བྱོན། འབྲིང་པོ་ཆོས་རྗེ་ཀུན་དགའ་རིན་ཅེན་གདན་སར་བཞུགས། འདིའི་དུས་ཞལ་ངོ་ནང་མཚམས་མ་མཐུན་པ་དང་། སྔ་ཐོག་འབྲི་གུང་པ་དང་དགའ་ལྡན་པ་གཉིས་ལུགས་གཉིས་ཀྱི་འབྲེལ་ཟབ་པའི་མུ་ཅན་དུ་ཡོད་ནའང་། འདི་ཉིད་ཀྱི་འབྲི་གུང་མངའ་འོག་ན་ཡོད་པའི་དགེ་ལུགས་ཀྱི་དགོན་པ་རྣམས་ཀྱི་ཞྭ་བསྒྱུར་བ་དང་། དགོན་པ་གཞན་ལའང་དཔུང་གི་སྦྱོར་བ་བཤམས་པ་སོགས་སྡེ་འཁྲུག་ཁོ་ནས་དུས་འདའ་བས། འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པ་ལ་ཕན་པ་ཆེར་མ་བྱུང་བའི་ངང་དུ་གྲོངས། གཅུང་ཆོས་ཀྱི་རྒྱལ་པོས་སྦུ་ལུང་བཟུང་བའི་སྲས་དཔོན་རིན་ཅེན་ཕུན་ཚོགས་ནི་རྒྱ་བོད་ཀྱི་མཁས་གྲུབ་འགའ་ཞིག་གི་སྐྱེ་བ་གསལ་བར་དྲན་ཞིང་གདན་སར་བྱོན། རཏྣའི་མིང་ཅན་འགྲོ་བའི་ཁ་ལོ་སྒྱུར། །ཞེས་པའི་ལུང་བསྟན་དང་མཐུན་པར་མངའ་ཐང་གུང་དུ་འཕེལ། འདིའི་རྗེས་སུ་ཕག་མོ་ནས་དཔོན་རིན་པོ་ཆེ་གདན་སར་བྱོན། ཐོག་ཁ་ནང་སོས་ཀོང་དམག་དྲངས། འབྲི་གཙང་སྲིད་དུ་བསྒྲིལ་པ་དང་། གོང་མ་སྡེ་སྲིད་ལ་འབངས་གྱེན་ལོག་གི་རྣམ་པ་མཛད་པ་ལ་བརྟེན། དུས་མི་བདེ་བ་མང་དུ་བྱུང་། དེ་རྗེས་སུ་ཟུར་པའི་སྲས་རྗེ་ཆོས་རྒྱལ་ཕུན་ཚོགས་རྒྱལ་པོ་གཙུག་ལག་འཛིན་གྱི་སྤྲུལ་པར་གྲགས་ཤིང་། དེ་ལ་སྲས་རྗེ་བཀྲ་ཤིས་ཕུན་ཚོགས་རྗེ་དྲུང་དཀོན་ཅོག་ཡན་ལག་གི་སྤྲུལ་སྐུ། རྗེ་དཀོན་ཅོག་རིན་ཆེན། རྗེ་དཀོན་ཅོག་ཕུན་ཚོགས་བཞི་ལས། ད་ལྟ་ཆོས་རྗེ་རིན་པོ་ཆེ་དཀོན་ཅོག་ཕུན་(༦༥བ)


GLG019_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གདན་སར་བཞུགས་ཏེ་ཆོས་སྲིད་ཀྱི་མངའ་ཐང་གི་རྒྱུན་གནས་སོ། །དེ་ལྟར་གོང་དུ་སྨོས་པ་བཞིན་ཁྲི་སྐོར་གཞན་རྣམས་ཀྱིས་འབྲི་གུང་དང་ཚལ་པའི་མངའ་ཐང་དཔལ་འབྱོར་ལ་འགྲན་པར་མི་ནུས་ནའང་། སྣ་དཀར་རྩེ་པས་འབྲོག་ཁྲི་དཔོན་གྱི་ལུང་དང་ལག་རྟགས་ལོན་ཞིང་། འབྲི་གུང་དུ་གླིང་ལོག་གཏོང་བའི་ས་སྐྱའི་དཔོན་ཆེན་ཨང་ལེན་ཞེས་མགོན་པོ་གུར་གྱི་སྤྲུལ་པར་གྲགས་པའི་དཔའ་རྟགས་ཀྱི་གྲགས་སྙན་ཅན་དེ་ཡང་འདིའི་ཞལ་ངོ་ཡིན། སྡེ་པ་བསྟན་འཛིན་པའི་དུས་རིན་པོ་ཆེ་ལས་གྲུབ་པའི་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་ལས། རྟེན་འབྲེལ་གྱི་སྒོ་ནས་མྱང་འདས་མཆོད་རྟེན་གྱི་ཚབ་ཏུ་མཆོད་རྫས་ཀྱི་རིམ་པ་བཞེང་བ་སོགས་རྣམ་དཀར་གྱི་དགེ་ལས་ཆེ་ཞིང་། ཡར་འབྲོག་སྟག་ལུང་གི་བཙན་རྫོང་ཡང་འདི་ཉིད་ཀྱི་དུས་བསླངས་པས་ཆོས་སྲིད་གཉིས་ཀ་ནས་གྲགས་ཆེ། གཙོ་བོར་དཔལ་ལྡན་ས་སྐྱ་པ་དང་། ཆོས་རྗེ་བོ་དོང་པའི་བསྟན་པ་ལ་ཕུ་དུད་མ་དམད་པ་མཛད། གྲུབ་མཐའ་གཞན་དག་ལའང་ཀུན་སློང་སྐྱོན་ཅན་གྱི་སྦྱོར་བ་མི་རྩོམ་པས་མཚན་ཇུས་བརྟན་ཆགས་ཤིང་། ཞལ་ངོ་རིམ་པར་བྱོན་པ་རྣམས་མཁྱེན་སྒོ་ཡངས་པ་དང་ཐབས་མཁས་ཀྱི་མཛད་པས་དིང་སང་ས་སྐྱོང་ཀུན་དགའ་དབང་ཆེན་ཕུན་ཚོགས་མཆེད་ཀྱི་བར་དུ་ཆབ་སྲིད་ལ་འཕོ་འགྱུར་མེད་པར་ཡོད་དོ། །བྱང་པ་བདག་པོ་ནི་ཕུན་སུམ་ཚོགས་པའི་བསོད་ནམས་ཀྱི་དཔལ་ལས་གྲུབ་པའི་དབང་ཕྱོགས་རྒྱ་ནག་གོང་མའི་ཁྲི་ལ་གནམ་གྱི་ལུང་གིས་དབང་སྒྱུར་བ་མི་ཉག་སིའུ་རྒྱལ་པོ་ནས་གདུང་རབས་བདུན་པ་མི་ཉག་རྒྱལ་རྒོད་ལས་རིམ་པར་བརྒྱུད་པའི་རིགས་ལས་མི་ཉག་སེང་གེ་དར། དེའི་སྲས་རྡོ་རྗེ་དཔལ་གྱི་རྗེ་བཙུན་གྲགས་པ་(༦༦ན)


GLG019_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས། དཔལ་ས་སྐྱ་པ་དང་འབྲེལ་བའི་འགོ་ཚུགས། དེའི་སྲས་དཀོན་ཅོག །དེ་ལ་སྲས་གསུམ་ལས། འབུམ་སྡེས་ཆོས་རྗེ་ས་པཎ་ལ་གུས་འདུད་ལྷུར་མཛད། འདི་ལ་སྲས་དྲུག་ལས་གྲགས་པ་དར་གྱི་གོང་མ་སེ་ཆེན་རྒྱལ་པོའི་ལུང་བཞིན་རིན་པོ་ཆེའི་དམ་ཁ་དང་སི་ཏུའི་ལས་ཀ་བླངས། བྱང་ངམ་རིང་གི་ཆོས་སྡེ་ཆེན་པོ་བཙུགས། དཔོན་ཆེན་གྲགས་པ་དར་མིང་གཞན་ཡོན་བཙུན་ཞེས་གྲགས་སྙན་ཅན་དེའི་སྲས་རྡོ་རྗེ་མགོན་པོས་ཡབ་མེས་ཀྱི་སྲོལ་བཞིན་ས་སྐྱའི་དཔོན་ཆེན་གྱི་ལས་ཀ་བཟུང་། ཚོགས་སྡེ་བཞི་ལ་བཀུར་སྟི་བླ་ལྷག་ཏུ་མཛད། དེ་ལ་སྲས་དྲུག་ལས། ནམ་མཁའ་བརྟན་པས་གོང་སར་བྱོན་ནས་སྟག་མགོ་ནོར་བུ་གསུམ་པ་གུའི་གུང་གི་མཚན་ཤེལ་གྱི་ཐོ་ཤུ་རྣམས་གནང་། སླར་ཏ་དབེན་གུ་ཤྲི་མིང་དང་ཤེལ་གྱི་དམ་ཁ་བླངས། དཔལ་ལྡན་ས་སྐྱ་དང་ངམ་རིང་གིས་གཙོས་པའི་ཆོས་སྡེ་རྣམས་སུ་བསྙེན་བཀུར་སོགས་ལུགས་གཉིས་ཀྱི་མཛད་པ་བཟང་། དེ་ལ་སྲས་རིན་ཅེན་རྒྱལ་མཚན་དང་། ནམ་མཁའ་རིན་ཅེན་གཉིས་ལས། གཅེན་གྱིས་ཡབ་ཀྱི་ཆེན་པོའི་ལས་ཀ་རྣམས་བླངས། སྤྱན་རས་གཟིགས་ཀྱི་སྤྲུལ་པར་གྲགས། འདིའི་སྲས་སྔ་ཚར་གུའི་གུང་ཆོས་གྲགས་དཔལ་བཟང་གིས་སི་ཏུ་ཆང་གུའི་ལས་ཀ་བླངས། སྲས་ཕྱི་ཚར་ཟླ་བ་རྒྱལ་མཚན། འཁོན་སྟོན་བསོད་ནམས་པའི་ཡུམ་རྣམས་འཁྲུངས། གཅུང་འཇམ་དབྱངས་པ་རྗེ་བཙུན་ས་པཎ་གྱི་དུས་སུ་འཁོར་དུ་སྐྱེས་པ་དྲན། ཤེས་བྱའི་གནས་ལ་བློ་གྲོས་ཀྱི་འཇུག་པ་མཆོག་ཏུ་ཡངས་ཤིང་། ཀྭ་དིང་གུ་ཤྲིའི་ལས་ཀ་བཟུང་། ཡབ་དང་གཅེན་གྱི་བཀའ་བཞིན་རབ་བྱུང་གི་བསླབ་པ་ཕུལ། སྲས་ལྕམ་སྲིང་གསུམ་(༦༦བ)


GLG019_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས། གུའི་གུང་ཆོས་གྲགས་པའི་སྲས་ཆེ་བ་བདག་ཆེན་རྣམ་རྒྱལ་གྲགས་བཟང་གིས་ཏའི་སི་ཏུའི་ལས་ཀ་དང་། གཅུང་དཀོན་ཅོག་ལེགས་པས་ཤྲིའི་ཟིའི་དྲེ་ཧོས་ཀྱི་ལས་ཀ་བཟུང་ཏེ་སྲིད་ཀྱི་འབྱོར་པ་ཤིན་ཏུ་ཆེ། ཁྱད་པར་གཅེན་གྱི་ལོ་ཆེན་བྱང་ཆུབ་རྩེ་མོ་སོགས་དམ་པ་དུ་མའི་གསུང་གི་བདུད་རྩི་མྱང་། རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་ཤཱ་རི་བུ་ཏྲ་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་བ་ལ་ཟབ་རྒྱས་ཀྱི་ཆོས་མང་དུ་གསན། ཁྱད་པར་དཔལ་དུས་ཀྱི་འཁོར་ལོ་ལ་མཁས་པའི་ཕུལ་དུ་ཕྱིན་པས། མཁས་པ་རྡོ་རྗེ་རྒྱལ་མཚན་དང་། མི་ཉག་ཆོས་གྲགས་བཟང་པོ་སོགས་ཀྱིས། ཆོས་རྒྱལ་འདི་ཉིད་ཀྱི་ཞབས་ལ་གཏུགས་ནས། དུས་འཁོར་གྱི་རྒྱུད་འགྲེལ་གསན། རྩེས་ཐང་པ་སངས་རྒྱས་ལྷུན་གྲུབ་ཀྱིས་རིགས་ལྡན་འདི་ཉིད་ཀྱི་དྲུང་དུ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མཐར་ཕྱིན་པར་གསན་ནས། སླར་དབུས་སུ་པཎ་ཆེན་previous hit བྱམསགླིང next hit་པའི་དྲུང་དུ་རིག་གནས་ཀྱི་ཐུགས་སྦྱོང་མཛད་པའི་སྐབས། བདག་ཆེན་འདི་ཉིད་ཀྱིས་ལེགས་པར་བཤད་པའི་དུས་འཁོར་གྱི་གསུང་གླེང་བྱུང་བས་ཐུགས་ཧ་ལས་ཏེ། ཉིད་ཀྱི་གསུང་འདི་ལྟར་ན་ངེད་ཀྱིས་སྔར་བརྩམས་པ་རྣམས་ལ་ཡང་བཅོས་བྱེད་དགོས་པར་འདུག་གསུངས་སྐད། མདོར་ན་དབུས་གཙང་མཐའ་དག་ཏུ་ཟུར་གནས་རྣམས། རིགས་ལྡན་པདྨ་དཀར་པོ་སླར་བྱོན་པ་ཡིན་ཞེས་གླེང་ཞིང་། གཞན་ཡང་ཐེག་པ་ཆེ་ཆུང་གི་གསུང་རབ་མཐའ་དག་ལ་མཁྱེན་སྤྱན་ཡངས་པས། སྐབས་ཤིག་དུས་བཞི་ཅིག་ཅར་བ་དང་རིམ་གྱིས་པའི་སྐོར་ལ་བདག་ཆེན་ཉིད་ཀྱིས་ན་བཟའ་བེར་གྱི་ཕུ་དུང་བརྫེེས་ཏེ་ཐལ་འགྱུར་འཕེན་པ་སོགས་མཁས་པ་རྣམས་སྤ་བཀོང་བར་མཛད། དུས་ཀྱི་འཁོར་ལོའི་དགོངས་འགྲེལ་དང་། འཇིག་(༦༧ན)


GLG019_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མེས་པོའི་གཙུག་ལག་མི་མཐུན་པའི་ནད་ཀྱི་རྩ་བ་དྲུངས་ནས་དབྱུང་བར་བྱེད་པའི་གསོ་བ་རིག་པའི་གཞུང་ལུགས་ཀུན་གྱི་ཡང་སྙིང་རྗེ་བཙུན་གཡུ་ཐོག་པ་ཆེན་པོའི་རིང་ལུགས་གསལ་བར་བྱེད་པའི་བསྟན་བཅོས། ལོག་སྨྲ་ཚར་གཅོད་པ་སྒྲ་རིག་པའི་བསྟན་བཅོས་ཀྱི་ཉིང་ཁུ་ཀ་ལཱ་པའི་མདོ་རྒྱན། བཟོ་རིག་པ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ཕྱག་ཚད། བསྟན་པའི་གནས་ཚད། གསང་བ་སྔགས་ཀྱི་ལྷའི་སྒྲུབ་ཐབས་ཀྱི་རིམ་པ། མ་འོངས་མངོན་སུམ་གསལ་བར་སྟོན་པ་གཙུག་ལག་རྩིས་ཀྱི་སྐོར། མཁས་གྲུབ་ཆོས་རྗེའི་རྩོད་ལན་སོགས་ལེགས་པར་བཤད་པའི་རྩོམ་པའི་རིག་ཇི་སྙེད་ཅིག་མཆིས་ཤིང་། དུས་ཀྱི་འཁོར་ལོའི་བློས་སློངས་སོགས་སྐུ་གསུང་ཐུགས་ཀྱི་རྟེན་བཞེང་མང་དུ་མཛད། མནལ་ལམ་དུ་སློབ་དཔོན་ཆེན་པོ་ཞལ་གཟིགས་པ་དང་རྗེ་ས་ཆེན་ལ་ཐུགས་དད་ཤུགས་དྲག་པོ་འཁྲུངས་པས་ས་ཆེན་དབུ་གཙུག་ནས་ཐིམ་པའི་སྣང་བ་སོགས་རྟོགས་པའི་ཡོན་ཏན་ཀྱང་མཐའ་ཡས་ཤིང་རིག་པའི་གནས་མཐའ་དག་ལ་མཁྱེན་པའི་སྤྱན་ཡངས་པས་རྒྱལ་པོ་པཎྜི་ཏ་ཞེས་སྙན་པའི་རྒྱུད་ཀྱིས་རྒྱ་གར་མཁས་པའི་ཁེངས་དྲེགས་ཀྱི་གཞུ་ཡོངས་སུ་འགུགས་ཤིང་། རིན་པོ་ཆེའི་རྒྱན་སོགས་མི་ཆེན་གྱི་ཆ་ལུགས་དང་ལྡན་བཞིན་དུས་དགེའི་མཚན་ཉིད་ཀྱི་སློབ་དཔོན་མཁས་པ་རྣམས་ལ་གསུང་རབ་མཐའ་དག་བརྒལ་བརྟག་གིས་གཏན་ལ་འབེབས་པའི་བགྲོ་གླེང་མཛད་པ་སོགས་འཆད་རྩོད་རྩོམ་པས་དུས་འདའ་བས་སྤྱིར་ཡང་ངོ་མཚར་ཆེ། ཁྱད་པར་འགྲོ་བའི་འདྲེན་པར་རློམ་པའི་དྲེགས་ལྡན་ཆོས་སྨྲ་བའི་ལྕེ་མདུད་པ་བརྒྱ་ཕྲག་གིས་བཅིངས་པ་རྣམས་ཀྱི་སྣང་ཚུལ་ལ་དཔགས་ན་རྗེས་སུ་(༦༧བ)
ཡི་རང་ངོ་། །དེ་རྗེས་ནམ་མཁའ་ཚེ་དབང་རྡོ་རྗེ། དེའི་སྲས་ནམ་མཁའ་རིན་ཅེན་བསོད་ནམས་རྒྱལ་མཚན། ཀུན་དགའ་ལེགས་པ་གསུམ་ལས་འབྲིང་པོ་རབ་ཏུ་བྱུང་། ཆུང་བ་ལྷོ་བྱང་ཡོངས་ལ་མངའ་སྒྱུར། དཔའ་གཏུམ་གྱི་གྲགས་ཆེ། མཆེད་གསུམ་གྱི་རིགས་ལས་ནམ་མཁའི་རྒྱལ་མཚན་ཀུན་དགའ་རིན་ཆེན། བཀྲ་ཤིས་སྟོབས་རྒྱས་དབང་པོའི་སྡེ་སོགས་འཁྲུངས་པ་ལས། འདི་ཉིད་སློབ་དཔོན་ཆེན་པོའི་ཟབ་ཆོས་ཀྱི་བདག་པོར་བཀའ་བབས་སོ། །སྨྲས་པ། འོད་གསལ་འཆི་མེད་ལམ་ལས་བབས་པའི་འཁོན་གྱི་བརྒྱུད་པ་རིན་པོ་ཆེ། །ཤར་ཕྱོགས་གོང་མའི་རྒྱལ་མཚན་རྩེར་མཛོད་ཆེན་པོའི་ལས་ཀ་འདོད་རྒུའི་ཆར། །འཛམ་གླིང་ཁྱོན་ཀུན་མངོན་པར་སྙིལ་བའི་མུ་ཐི་ལ་ཡི་ཀཱརྞི་ཀ །རིན་ཅེན་ཉམས་འགྱུར་ཕྲ་ཚོམས་ཀྱིས་མཛེས་ཡ་རབས་མདུན་སའི་རྒྱན་དུ་སྤེལ། གཡུང་པོའི་ལུགས་མིན་རིགས་རུས་ཆོ་འབྲང་ལྡན། །གོང་མའི་ལུང་འཛིན་སྲིད་ཀྱིས་མངོན་མཐོའི་མཁར། །རྣམ་དཀར་ཟླ་ཤེལ་དྲི་མེད་ཟིལ་མངར་ཅན། །བདེ་སྐྱིད་ཀུཎྜ་དགའ་བའི་གྲོགས་སུ་འཛག །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousདཔལ་ལྡན་ས་སྐྱ་འཁོན་གྱི་གདུང་རབས་ཀྱི་སྐོར།next