Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ཆུ་སྟག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །གྲྭ་ཕུག་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོས་ཆུ་སྟག་ལོ་གསར་གྱི་སྐྱེས་འབུལ་བར་སྙན་ངག་གི་ལམ་ནས་དྲངས་པའི་འཕྲིན་ཡིག་བྱུང་བའི་ལན་འཇིགས་མེད་དགེ་བའི་སྤོབས་པ། དྷཱི སི དྡྷ ཀཱི རྟེ རྨ དྷུ ར ཤྩ མ ཉྫུ། ཤཱི ཨུ ཀྟ ལོ ཀེ ཤྭ ར ཏི རྞ དེ ཤ །སྠཱི རེ ཎ མེ ཡ པྲ ཏི བྷཱ ན བྷ དྲཱ། ཧོ ཤྲཱི ཤུ བྷཱ ནཱི ལི ཁི ཏི ན བྷཱི ཏ། །སྨྲ་(སྡེབ་སྦྱོར་དབང་པོ་རྡོ་རྗེ།)བ་ངག་གི་དབང་ཕྱུག་གྲུབ་པའི་བློའི། །སྙན་གྲགས་ཚངས་པའི་ཡུལ་ས་ལས་བརྒལ་བས། །དཔལ་ལྡན་ཤེས་བྱའི་གནས་ལ་འཇིགས་མེད་ཀྱི། །རྨད་བྱུང་དགེ་བའི་སྤོབས་པ་བཟང་པོའི་འཕྲིན། །(༡༣༦བ)


GLG019_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ཚོགས་བྱེད་པོའི་པིར་གྱིས་ལེགས་བྲིས་པའི། །དགའ་སྐྱིད་རི་མོ་རྣམ་བཀྲའི་གོས་སྔོན་ཅན། །སྡེ་བཞིའི་རྩེ་དགའ་ཁོང་ནས་དགོད་པའི་ལོ། །གསར་ཚེས་སྐྱེས་ཀྱི་བདོག་པར་བཅས་པས་ན། །བགྲང་བྱའི་ཕུང་པོས་བཙུགས་མིན་ཕྲ་མོའི་ན། །གཞོན་ཚུལ་ཐ་སྙད་མདོངས་མཐའ་ལ་བརྟེན་ཀྱང་། །གང་ཤར་བཟོ་མེད་ཆོས་སྐུའི་གསེར་གྱི་མངལ། ཁུར་ལྡན་རྒན་པོའི་བློ་ཅན་ཁྱོད་ཉིད་ཙམ། །ཀུན་རྟོག་ཡུལ་གྱི་འཆར་སྒོ་ཇི་སྙེད་པ། །ཉམས་དང་འགྱུར་བའི་སྙན་ཚིག་ལམ་དྲངས་ཚེ། །འཕགས་ཡུལ་གྲགས་པའི་དཔལ་འབར་དགེ་བའི་དབང་། ཁྱོད་དང་དབྱེ་བའི་ཁྱད་པར་ངས་མ་ཤེས། །མི་རྟོག་སེམས་གནས་མེ་ཁྱེར་འོད་ཙམ་གྱིས། །ཐུབ་བསྟན་གླིང་བཞི་གསལ་འདོད་གྲུབ་རིགས་ཅན། །མང་ཡང་ལྔ་རིག་ཆ་ཤས་ཉ་གང་བའི། །ཟླ་ཁྱོད་རང་གི་གྲིིབ་མ་མཆེད་པོར་འཛིན། ཁྱབ་འཇུག་སྙེམས་པ་འཕྲོག་པའི་གྱ་གྱུའི་གར། །ཚུལ་འཆོས་གོས་ཀྱིས་བསྒྲིབས་པའི་ངང་ཚུལ་དང་། །གསོང་པོར་སྨྲ་བའི་དམ་པའི་རང་བཞིན་དག །ཆུ་དང་འོ་མ་ངང་པས་འབྱེད་ལྟར་གསལ། །བཀྲ་ཤིས་གླུ་རུ་ལེན་པའི་རྒྱུད་མང་སྒྲས། །རྣ་བ་བདུད་རྩིའི་དཔལ་གྱི་བང་མཛོད་དུ། །ལན་ཅིག་མིན་པའི་བྱེད་པོ་ཁྱོད་ཉིད་ཀྱིས། །བདག་ཡིད་ཀུན་དགའི་བཅུད་ལེན་ཉམས་སུ་བསྟར། །འདི་ན་ལྷག་བསམ་ཆེས་དཀར་དཔུང་པ་ཡིས། །ཆོས་སྲིད་ཟུང་དུ་འཇུག་པའི་བསྟན་པའི་ཁུར། །བཏེག་ནས་རྫོགས་ལྡན་དུས་བཞིན་སྐྱེ་རྒུ་རྣམས། །སྤྱོད་པའི་ཐབས་ཚུལ་སྤེལ་ལ་ངལ་མེད་ཙམ། །དགེ་བཅུ་ཀུན་ཚང་སཱ་ལའི་སྨན་ལྗོངས་འདིར། །སྲིད་མཐའི་བར་དུ་གཞོམ་མེད་གཡུང་དྲུང་ལྟར། །བདེན་པའི་ཚིག་ཏུ་བརྗོད་པ་དོན་ལྡན་པ། །མཆོག་གསུམ་ཐུགས་རྗེ་ཆེན་པོའི་མཐུས་གྲུབ་གྲང་། །(༡༣༧ན)


GLG019_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་རིའི་སྦུབས་ནས་ཉིན་བྱེད་འཆར་བ་ལྟར། །མཛད་མེད་ཕུན་ཚོགས་གནམ་ལོ་ཚེས་སོ་ཅོག །ཤིས་བརྗོད་དབྱངས་ཀྱི་རྒྱལ་མོ་སྙན་པའི་སྒྲ། །རི་མོ་གཡས་འཁྱིལ་མགྲིན་པའི་ལམ་ནས་སྒྲོགས། །ལྷུན་པོས་ཆུ་གཏེར་བསྲུབས་པར་མ་བྱས་པའི། །སྔོན་མེད་ཟླ་བ་རྣམ་བཀྲའི་རི་མོ་ཅན། །འཕྲིན་ཡིག་རླུང་གི་ཤིང་རྟས་ཉེར་དྲངས་ནས། །གྲྭ་ནང་འཆི་མེད་ལམ་དུ་བདེ་བར་སོང་། །ལྕགས་གླང་ཧོར་ཟླ་བཅུ་གཅིག་པའི་ཚེས་གསུམ་ལ་བསམ་ཡས་ནས་གནོད་སྦྱིན་ཆེན་པོས་གསུང་འཕྲིན་བྱུང་བའི་ལན་སྐལ་བཟང་བསྒོ་བརྒྱ་ཕྱེ་བའི་གཏམ་སྙན། ཕུན་ཚོགས་སྲིད་ཞིའི་ལེགས་བྱས་བྱེ་བའི་གཏེར། །བསམ་པ་ཙམ་གྱིས་སྒྲུབ་པའི་དབང་གི་རྒྱལ། །བསྟན་སྲུང་གནོད་སྦྱིན་ཆེན་པོ་ཙི་དམར་བའི། །ལྷ་ཆེན་དགྱེས་པའི་གསུང་གི་སྒྲ་དབྱངས་སྙན། །སྣང་སྲིད་དྲེགས་པ་ཡོངས་ཀྱིས་ལུས་བཏུད་ནས། །བཀའ་ཉན་མངགས་གཞུག་འབངས་སུ་དམ་བཅས་པའི། །དབང་དྲག་རོལ་པའི་གཞལ་ཡས་ཁང་གི་རྩེར། །རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངས་པའི་མཐུས། །བར་དུ་གཅོད་བྱེད་དགྲ་བགེགས་ནག་པོའི་སྡེ། །མིང་གི་ལྷག་མར་གྱུར་དང་ལྷན་ཅིག་པར། །ཆོས་དང་སྲིད་ཀྱིས་བསོད་ནམས་ཕུང་པོའི་གཏེར། །གྲུབ་པའི་སྐལ་བཟང་སྒོ་བརྒྱ་ཕྱེ་བར་ངེས། །སླད་མར་ཞི་རྒྱས་དབང་དང་དྲག་པོ་ཡི། །འཕྲིན་ལས་བསམ་པ་ཇི་བཞིན་ལྷུན་གྲུབ་པར། །པདྨ་ཐོད་འཕྲེང་དམ་ཚིག་ཉེར་དགོངས་ལ། །མཛོད་ཅིག་སྡེ་བརྒྱད་དྲེགས་པའི་དམག་དཔོན་ཆེ། །རྣམ་པར་བཀྲ་བའི་ལྷ་རྫས་སྙན་ཤལ་དང་། །ས་ཟླའི་རིན་ཅེན་སྐྱེམས་བཟང་མཆོད་པའི་སྤྲིན། །མི་ཟད་ནམ་མཁའ་མཛོད་(༡༣༧བ)


GLG019_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལེགས་སྤྲུལ་ཏེ། །ལེགས་ལྡན་དབང་པོའི་མདུན་ས་མཛེས་གྱུར་ཅིག །ཆུ་སྟག་ཧོར་ཟླ་གཉིས་པར་མཆིམས་བུ་རྟ་ར་བས་བླང་དོར་རྟེན་འབྲེལ་སྒྲིག་པའི་སྐུལ་མ་བྱུང་བར་མཐུན་རྫས་སྤྱན་གཟིགས་དང་བཅས་ཏེ་བསྲིང་བའི་འཕྲིན་ལན་ལྷ་བཙན་ཟླ་བཞིན་འཆར་བའི་རྫིང་བུ། ཞི་མོ་ཀུན་འདུས་བཀའ་བརྒྱད་རྟེན་བརྟེན་པའི། །དཀྱིལ་འཁོར་འཁོར་ལོའི་བདག་ཉིད་གསང་བའི་ཕུག །མཆིམས་ཕུ་གསུང་གི་དབེན་གནས་ལེགས་སྲུང་བ། །ལྷ་བཙན་རྒོད་པོ་རྟ་རའི་རི་མོ་སོན། །ཟླ་བའི་དཀྱིལ་འཁོར་ཉ་གང་སྔ་དྲོའི་ཆར། །བསངས་མཆོད་གསེར་སྐྱེམས་བ་དན་མཁའ་ལ་བསྒྲེངས། །དུས་གསུམ་མཁྱེན་པ་ཨོ་རྒྱན་རྣམ་ཐར་དང་། །ཕྱིར་ཟློག་རིམ་གྲོའི་བླང་དོར་འཕྲལ་དུ་ཟིན། །ཞི་ཁྲོ་རྣམ་རོལ་དམར་ཆེན་གཏོར་མ་ལ། །བརྟེན་ནས་མདུད་སྡེའི་གཡུལ་ལས་རྣམ་རྒྱལ་བའི། །སྤྱི་སྒོས་ཕན་བདེའི་ལེགས་ཚོགས་སྒྲུབ་པའི་ཐབས། །འགྱངས་མེད་མྱུར་དུ་བསྒྲུབ་པའི་མདུན་སར་གནས། །རང་ཕྱོགས་སྲུང་བྱེད་བཙན་པོའི་གོ་ཆ་དང་། །ཕ་རོལ་ཐལ་བར་རློག་པའི་རྣོན་པོའི་མཚོན། །གླིང་བཞི་སྐོར་བའི་རྟ་སོགས་མཐུན་པའི་རྫས། །མི་འཛད་ནམ་མཁའ་མཛོད་དུ་བརླབས་ཏེ་སྤེལ། །རབ་དཀར་དར་གྱི་སྙན་ཤལ་གསེར་སྐྱེམས་བཅས། །ཆུ་དར་གོས་སུ་ཀླུབས་པ་སྟག་གི་ལོའི། །ཀུན་ཕན་དབོ་ཡིས་ཉ་པའི་དཀར་ཕྱོགས་ཀྱི། །བཟང་པོ་གཉིས་པའི་ཚེས་ལ་བྲིས་པ་དགེ །ཆུ་སྟག་ཧོར་ཟླ་གསུམ་པའི་ནང་དུ་བོད་ཁམས་བདེ་ཐབས་ལ་བསམ་ཡས་སུ་བཏེག་སྐབས་མདོ་སྔགས་གླིང་གི་སྲུང་མ་ཁ་ཆེ་དམར་པོས་ངོས་འཕྲད་ནང་མཐུན་རྫས་དགོས་ཚུལ་བྱུང་བའི་འཕྲིན་ལན་དབང་རྟགས་རྡོ་རྗེ་འབར་པའི་ཅོད་པན། དྲེགས་པ་ཀུན་འདུས་དཀྱིལ་འཁོར་འཁོར་ལོ་ཆེར། ཁྲག་འཐུང་(༡༣༨ན)


GLG019_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དྲག་པདྨ་ཧེ་རུ་ཀས། །དབང་བསྐུར་རྟགས་ཀྱི་རྡོ་རྗེའི་ཅོན་པན་ཅན། །གནོད་སྦྱིན་དམར་པོའི་འཕྲིན་ཡིག་ལྷ་དར་འབྱོར། །འགྲོ་ལ་རྗེས་བརྩེའི་རབ་དཀར་ལྷག་བསམ་གྱིས། །དྲངས་པས་བདག་གཞན་མཉམ་རྗེའི་སེམས་དཔའ་ཆེའི། །དགོན་གནས་སྲིད་མཐར་ཉམས་པ་མེད་སྐྱོང་བའི། །གཡར་དམ་ཇི་བཞིན་མཐུ་སྟོབས་བསྐྱེད་དེ་སྤྲོ། །རྒྱལ་དབང་པདྨའི་དགེ་བསྙེན་མཐུ་བོ་ཆེ། །ལྷ་མི་ངོས་འཛོམ་རྟེན་འབྲེལ་ལྷུན་གྱིས་གྲུབ། །སླད་མར་འཕྲིན་ལས་བསྒྲུབ་རྟེན་སྤྱན་གཟིགས་རྣམས། །སྤེལ་བ་ཇི་བཞིན་དམ་བཅའ་གཡེལ་མེད་མཛོད། །བསྟན་དང་བསྟན་འཛིན་འགྲོ་བའི་བདེ་སྐྱིད་རྣམས། །ཡར་ངོའི་ཟླ་བ་ལྟ་བུར་རབ་ཏུ་སྤེལ། །མི་བསྲུན་ཡིད་སྲུབས་སྡེ་དང་བཅས་པའི་དཔུང་། །བཅོམ་པའི་བ་དན་སྲིད་པའི་རྩེ་མོར་ཕྱོར། ཆུ་སྟག་ཟླ་བ་བཞི་པར་འཕྱོས་ནས་བཤན་པ་རྫོང་བཙན་པས་བླང་དོར་གྱི་སྐུལ་མ་དང་མཐུན་རྫས་དགོས་ཚུལ་བྱུང་བའི་འཕྲིན་ལན་དབང་དྲག་རོལ་པའི་ལྷ་རྒྱལ། དམར་ཟླུམ་མིག་དཀྱུས་བསྟན་པའི་མེལ་ཚེ་རུ། །ལྟ་བའི་བྱ་ར་མིག་གཡེལ་བཙན་རྒོད་ཆེ། །དབང་དྲག་རྣམ་པར་རོལ་པའི་བཤན་པ་ཡི། །ལྷ་རྒྱལ་དབྱངས་སུ་ལེན་པའི་འཕྲིན་ཡིག་འབྱོར། །རིག་སྔགས་འཆང་བའི་བརྟུལ་ཞུགས་གྲུབ་པའི་རྩལ། །འཛམ་བུའི་གླིང་ན་ཟླ་བྲལ་ཨོ་རྒྱན་རྗེས། །བཀའ་རྟགས་ཕྱག་རྒྱ་གཉན་པོས་ཟིལ་མནན་པའི། །གཡར་དམ་ཇི་བཞིན་སྒྲུབ་པའི་གཏམ་དེ་སྙན། །ས་འོག་སྲད་བུ་ཐུགས་སུ་བཏགས་པའི་དར། །ལྐོག་གྱུར་གནས་ལུགས་དཔྲལ་བའི་འདྲེན་བྱེད་ཀྱིས། །མངོན་སུམ་གསལ་མཐོང་གསང་ཚིག་བླང་དོར་རྣམས། །བསྟན་པའི་ཚིག་དོན་ཡིད་ལ་རི་མོར་བྲིས། །ལྷ་ཁྱོད་ཐུགས་དམ་སྐོང་བའི་མཐུན་པའི་རྫས། །དངོས་འབྱོར་ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །དཔལ་འབྱོར་འདོད་(༡༣༨བ)


GLG019_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

རྒུའི་གཏེར་དུ་བྱིན་རླབས་ནས། །དྲེགས་པའི་དམག་དཔོན་དགྱེས་སྐྱེད་དགའ་སྟོན་སྤེལ། །དགྲ་ལྷ་རྫོང་བཙན་བཤན་པ་དམར་པོ་ཡིས། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་སྒྲུབས་ཤིག་ཅེས། །གཉེར་གཏད་ཚིག་འཕྲེང་ཆུ་ཟླའི་ཡར་གྱི་ངོ་། །དཀར་ཆའི་ཟླ་བ་ཚེས་པའི་དུས་སུ་དགེ །བཙུན་མོ་ཚལ་གྱི་དགོན་པ་གསར་དུ་སྤོས་གྲུབ་པའི་ཆུ་སྟག་ཧོར་ཟླ་ལྔ་པའི་ལྷ་ཚེས་ལ། གཙུག་ལག་ཁང་གི་རྩེར་དགའ་སྟོན་གྱི་རྒྱལ་མཚན་འཛུགས་དགོས་ཚུལ་ལྷ་ཆེན་ཚངས་པའི་གསུང་ལྷར་བཙུགས་པའི་དུས་བསྲིངས་པའི་འཕྲིན་ཡིག་བཀྲ་ཤིས་རྟགས་ཀྱི་དཔལ་འབར། ཨེ་མ་ཁྲིམས་ལྡན་འདུ་བའི་གནྡྷོ་ལ། །སྡེར་བཅས་ལྷུན་གྱིས་གྲུབ་པའི་ཡངས་ཐོག་རྩེར། །བཀྲ་ཤིས་རྟགས་ཀྱི་རྒྱལ་མཚན་བསྒྲེང་བ་དང་། །ལྷན་ཅིག་ལྷ་ཆེན་དགྱེས་པའི་བསོ་སྒྲ་ལྡིར། །དཀར་ཕྱོགས་ཟླ་བ་ཚེས་པ་ཡར་གྱི་ངོ་། །གཟའ་སྐར་འཕྲོད་ཀྱིས་དགེ་བའི་དུས་བཟང་པོར། །ཐོར་ཚུགས་དུང་དཀར་གཡས་སུ་འཁྱིལ་བ་ཅན། །ཚངས་དབང་དགྱེས་པའི་འཛུམ་ཞལ་ངོམ་དེ་མཚར། །འདའ་དཀའ་པདྨ་ཐོད་འཕྲེང་རྡོ་རྗེའི་གསུང་། །ཇི་བཞིན་གངས་ཅན་བསྟན་འགྲོའི་བདེ་སྐྱིད་སྤེལ། །རིག་འཛིན་བདག་གིས་གཉེར་དུ་གཏད་པའི་ལས། །དཔག་བསམ་ཡོངས་འདུ་ལྟ་བུར་རེ་བ་སྐོངས། །རང་རྒྱུད་ལེགས་དུས་སྡེ་སྣོད་འཛིན་པ་ཡི། །འདུས་སྡེ་ཞྭ་སེར་ཅོད་པན་འཆང་བའི་གླིང་། །སྔོན་བཞིན་བསྲུང་དང་སྤེལ་བའི་འཕྲིན་ལས་རྣམས། །འབད་མེད་སྒྲུབས་ཤིག་དྲེགས་པའི་སྡེ་དཔོན་ཆེ། །ལྷ་རྫས་སྙན་ཤལ་ཟུང་ལྡན་སའི་ཟླ་བ། །མི་འཛད་ནམ་མཁའ་མཛོད་དུ་བྱིན་བརླབས་ནས། །ཆུ་སྟོད་ཟླ་བའི་དཀར་ཆ་རྩོམ་པ་ལ། །མངོན་དུ་ཕྱོགས་ཚེ་གྲུ་འཛིན་རྩེ་ནས་དགེ །(༡༣༩ན)


GLG019_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་གླང་ཧོར་ཟླ་དང་པོའི་ནང་དུ་འཇམ་དབྱངས་གོང་མའི་ཁྲིར་གསར་དུ་ཕེབས་པ་ཁང་ཤི་རྒྱལ་པོས་ལྷ་ཁང་སེར་པོའི་བླ་མ་བསམ་བློ་མིརྒན་ཆོས་རྗེས་གཙོས་པའི་གསེར་ཡིག་པ་ཆུ་སྟག་གི་ལོར་མངགས་ཏེ་གནང་སྦྱིན་བཟང་པོ་དང་བཅས། བཀའ་ཤོག་ཕེབས་པའི་ལན་འབུལ་བར་ལམ་པ་སྤྱན་སྔ་དང་རྒྱ་ཚེ་རིང་གཉིས་གཏང་རག་དུ་ཕུལ་བ་ས་གསུམ་རྣམ་པར་གནོན་པའི་གད་རྒྱངས། རྀ དྷུ པ ཏི བ ལི ཀ རྨ ཨུ དྲུ དྲ བྷཱུ མེ ཏྲི བི པྲཱ བི ཀཱ ནྟ པ བི དྲྀ ཤ ཨ ཧཾ ཀ རཱ ཀྟཱ པི ཙི ཏྟཱ ག མྨེ ཏྲཱ ནུ པཱ། ས པ ད ཀྲྀ ཏི ཨ ཧོ ཊི ཤེ ཥེ ཧི ནཱ དཱ ཪྻ དཻ བཾ བ བྷཱ མ ཀ ས ལ ཙ མ ཎྜ ལེ ཤཱ ད ཡཿ ར ཛྙ པ དྨ ལི ཡོཿ དུས་(སྡེབས་སྦྱོར་ལྕགས་ཀྱི་མདའ།)ཀྱི་བདག་པོའི་ལས་ཤུགས་དར་དྲགས་ས་གསུམ་རྣམ་པར་རབ་གནོན་ཀྱང་། །ང་རྒྱལ་སྡིག་ལྟའི་རྩུབ་སེམས་དང་བྲལ་འགྲོ་ཀུན་བྱམས་བརྩེས་རྗེས་སྐྱོང་བའི། །དམ་པའི་རང་བཞིན་ངོ་མཚར་ཁྱད་པར་དམན་ཚུལ་ལས་འཕགས་ལྷ་ཡི་ལྷ། །གནམ་སའི་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་གོང་མ་རྒྱལ་པོའི་ཞབས་དྲུང་དུ་། །རབ་དཀར་བརྩེ་ལྡན་ལྷག་བསམ་ཆུ་ཤེལ་དབང་། །རིས་མེད་འགྲོ་བའི་ཀུནྡར་རྗེས་ཆགས་པའི། །སྡོམ་བརྩོན་མང་དུ་ཐོས་པའི་ཀློག་པ་མཁན། །སྤོབས་པ་དགེ་བའི་མགྲིན་བཏེག་མཆིད་(༡༣༩བ)


GLG019_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཞུ། །གནམ་གྱི་ཤེ་མོང་རི་མོ་རབ་བཀྲའི་བཀའ། །གཟེངས་སྟོད་སྐྱེས་བཟང་མུ་ཏིག་འཁྲི་ཤིང་ཆར། །འབེབས་སྣོད་བསོད་ནམས་གསེར་ཞུན་ལས་གྲུབ་པར། །འཕྱུར་པོར་འཁྱིལ་བས་ལག་པད་སྙིང་གར་ཟུམ། །མགོན་ཁྱོད་འཇམ་དཔལ་གཞོན་ནུ་མི་ཡི་རྗེར། །ཉེར་བསྟན་གསང་གསུམ་རྡོ་རྗེའི་རྣམ་རོལ་ལ། །སྐྱེ་རྒ་ན་འཆི་སྲིད་པའི་གདོན་ཆེན་པོས། །ནམ་ཡང་རྫི་བར་ནུས་མིན་རང་གི་གཤིས། །འབངས་རྣམས་ཕན་ཚུན་མཉེན་གཤིན་འབྲུ་བཅུད་སྨིན། །རིང་པོར་འཚོ་དང་ཕུན་ཚོགས་འབྱོར་པའི་དཔལ། །གང་གི་རྣམ་སྨིན་ཤིང་རྟ་བདུན་པ་ཡིས། །དྲངས་པའི་རྫོགས་ལྡན་ཉི་མ་ཤར་འདི་སྤྲོ། །གཏིང་ཟབ་མ་རྒན་འཁོར་ཚོར་བདེ་སྐྱིད་ཆུ། །ཚད་མེད་འབབ་བྱེད་ལྷག་བསམ་ཁ་བའི་གོས། །མི་འབྲལ་རྟག་གྱོན་གངྒཱའི་ཡབ་གཅིག་ང་། །རྒྱལ་བསྟན་འདེགས་པའི་དཔུང་པ་རྩེ་མོར་བསྙེགས། །མི་བདག་ལང་ཚོའི་ཆ་ཤས་མ་གང་པས། །ཆེས་ཕྲའི་ན་ཚོད་དང་པོའི་ཟླ་ཚེས་ཀྱང་། །དཔའ་མཛངས་རྟུལ་ཕོད་བཅོ་ལྔའི་འོད་དཀར་ཅན། །རྣམ་དཔྱོད་དཀྱིལ་འཁོར་རྒྱས་པའི་འོད་སྟོང་འཕྲོ། ཁྱོད་དྲིན་ག་བུར་གཟེགས་མ་རེ་རེས་ཀྱང་། །སྲིད་པའི་གདུང་བ་འཕྲོག་ནས་བསིལ་བའི་ཟེར། །མངོན་འདོད་རྩེ་དགའི་སྣང་བ་ཆེས་འབར་བས། །འགྲོ་ཀུན་སྙིང་གི་ཀུནྡར་ཅིས་མི་བཞད། །རྩོལ་བར་ལྟོས་མིན་གང་བསམས་འགྲུབ་བྱེད་པའི། །ཡིད་བཞིན་ཅོད་པན་འཆང་བ་ཁྱོད་རྗེས་སུ། །སེམས་བྲལ་ཀུན་བཟོད་མ་ནི་འབྲང་བྱེད་ན། །འབངས་མིན་ཡིད་ཅན་མེད་ལ་སུ་ཞིག་མཚར། །སྔོན་བྱོན་ཡབ་མེས་ཁྲིམས་གཉིས་(༡༤༠ན)


GLG019_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དཀར་པོའི། །ཡུ་བ་རིགས་སྲས་ཐུ་བོ་ལ་གཏད་ན། །ཕན་བདེའི་གྲིབ་བསིལ་སྲིད་གསུམ་ཡོངས་ཁྱབ་པའི། །དགེ་བཅུ་ཀུན་ལྡན་འབྲས་དཀར་འགྲོ་ལ་སྦྱིན། །བརྒྱ་བྱིན་གཙུག་ནོར་རེག་ལ་ལྟོས་མིན་པར། །མི་ཡི་ལུས་ལ་ལེགས་བྲིས་ཡོན་ཏན་ཀུན། །རྫོགས་པའི་ཁྱོད་གདོང་སྡེ་བཞིའི་ཞལ་ལྡན་ཡང་། །མངའ་འབངས་སྐྱེ་བོས་མ་མཐོང་འདྲེན་བྱེད་སྐྱོན། །བསོད་ནམས་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན། །སྲིད་པའི་གཙུག་ཏོར་རྩེ་མོར་རབ་འཕགས་པའི། །ཞབས་སེན་ཉི་དཀྱིལ་གླིང་བཞིའི་ནམ་མཁའ་ལ། །རྟག་ཏུ་འཆར་བའི་ཡིད་སྨོན་འགྲུབ་གྱུར་ཅིག །ཆེན་པོའི་ལུང་ལས་འཛིན་ལས་དགྱེས་པའི་སྤྱན། །ནམ་ཡང་མི་གཏོང་གཟིགས་པའི་བཀའ་མཆིད་སྐྱེས། །བསིལ་རིའི་སྦུབས་ནས་རི་བོང་འཛིན་པ་འབུམ། །འཆར་ཡང་མི་མཛད་རང་གི་དཔེ་ཟླར་བསྟན། །གནམ་བསྐོས་རྒྱལ་ཁབ་ཡངས་པའི་གན་མཛོད་དུ། །བརྟན་གཡོའི་ཕྲ་རགས་དངོས་པོ་ཀུན་འཇུག་པས། །མདོངས་གསོལ་རྟེན་གྱི་རིན་ཅེན་འཇམ་པའི་དཔྱ། །འགྱུར་མེད་མཚམས་སྤྲིན་གསར་པས་རྒྱས་བཏབ་པའི། །ལྷ་མིར་བཅས་པས་ཁེངས་པའི་གདོང་སྨད་དེ། །དཔྲལ་བ་ས་ལ་རེག་ནས་འདུད་པའི་ཡུལ། །གཙུག་ལག་ལུགས་བརྒྱའི་ཕོ་བྲང་ག་ལ་བར། །དང་བའི་ཡིད་ཀྱིས་ཕུལ་བ་ཛ་ཡནྟུ། །གོང་མ་རྒྱལ་པོ་ཤུན་ཛི་མཐོ་རིས་ཀྱི་སྐས་ལ་འཛེགས་ནས་འཁོར་ལོས་བསྒྱུར་བའི་ཁྲིར་ལྕགས་གླང་ཧོར་ཟླ་དང་པོར་རིགས་ཀྱི་སྲས་ཁང་ཤི་རྒྱལ་པོ་ཕེབས་པ་ན་ལེགས་པོ་འབུལ་བའི་ཐོག་མར་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བ་ཅན་ཀྱི་ཞུ་ཡིག་ཆུ་སྟག་ལམ་པ་སྤྱན་སྔ་སྦྲེལ་པོ་རྫོང་སྟ་བྱས་སྐབས་ཕུལ་བ་གསར་པའི་ལྷ་ཞལ་ཚེས་(༡༤༠བ)


GLG019_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏམ་སྙན། བྷ བཱ ད མ སྶ མྦ ས ཀཱ ལ ནཱི ས པུ ཎྱ པ ཏྲ དཱི རྒྷ ཡུ ཁ རཱ ཟ ཀྲྀ ཏྱུ། ཏྲཻ གོ མ ཧེ ཤ དི ཀ མ ཉྫུ གྷཱོ ཥ ནཱ པ སྶཱ ར ཡཱ ཏེ རྨ ན པཱ ད མཱུ ལ ཡོཿ སྲིད་(སྡེབ་སྦྱོར་དབང་པོའི་རྒྱུད།)ཞིའི་ཕུན་ཚོགས་ཀུན་ཤོང་བསོད་ནམས་སྣོད། །ཚེ་རིང་གནམ་གྱི་ཤིང་རྟས་ཉེར་བསྐྲུན་པས། །ས་གསུམ་དབང་ཕྱུག་འཇམ་དབྱངས་གོང་མ་ཆེ། །མཚན་སྙན་ཡིད་ཀྱི་ངལ་གསོའི་ཞབས་དྲུང་དུ། །ཨེ་མ་སྲིད་ན་མངོན་མཐོ་ལྷ་དང་མི། །ཀུན་གྱི་ཕྱག་དང་ལེགས་སོ་འབུལ་བ་ལ། །མ་གཡེང་འདི་ན་གུས་པས་ཞུ་བའི་འཕྲིན། །སྙན་འགྱུར་གླུ་ལ་མགོན་ཁྱོད་སྙན་གཏོད་དང་། །མང་བཀུར་འཁོར་ལོས་སྒྱུར་བ་རྒྱལ་པོའི་ཁབ། །གསར་འབྲུག་སྡེར་ལྔས་བཏེག་པའི་ཁྲི་ཆེན་པོར། །གསར་པའི་ལྷ་ཁྱོད་ཚངས་པ་རྒན་པོ་ཡིས། །འགྲོ་ཀུན་གཙུག་ཏོར་རྩེར་མཛེས་རྒྱལ་པོར་བསྐོས། །སྔོན་བྱོན་ཡབ་གཅིག་མཐོ་རིས་གནམ་གྱི་སྐས། །འཛེགས་ནས་འཆི་བ་མེད་པའི་གཙོར་གཤེགས་ཚེ། །འཛམ་གླིང་མི་ཡི་བསོད་ནམས་མཐུ་ཆེན་པོས། །ཐོབ་(༡༤༡ན)


GLG019_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་རྩོད་པའི་དུས་ཀྱི་ང་ལས་ནུ། །ས་ཟླ་བྱེ་བའི་སྲང་གིས་ཉེར་རྔན་ཞིང་། །བརྒྱ་ཕྲག་གཡོ་སྒྱུའི་འཕྲུལ་གྱིས་ཁྲིད་མིན་པའི། །གནམ་ཐིག་དྲང་པོའི་རྒྱལ་ཁྲིམས་འགྲོ་ཀུན་ལ། །འདེབས་པའི་ངང་ཚུལ་མིག་གཏོང་ཁྱོད་ཀྱི་ལུགས། །ལྷ་གཅིག་གནའ་བོའི་ཁྲིར་ཕེབས་ངེས་པའི་གཏམ། །འདི་ན་ཐོག་མར་ཐོས་པའི་དགའ་སྟོན་དུ། །བདོག་པ་སྐྱེས་སུ་འབུལ་བའི་སྔོན་འགྲོའི་སྒོར། །མགྲིན་པའི་ལམ་ནས་ཤིས་པའི་ཚིག་འདི་བརྗོད། །མཁྱེན་བརྩེ་ནུས་ལྡན་སངས་རྒྱས་བདེན་གཉིས་ཆོས། །ཕྱིར་མི་ལྡོག་པའི་དགེ་འདུན་དཀོན་ཅོག་གསུམ། །གསེར་མངལ་ཁྱབ་འཇུག་མགྲིན་སྔོན་ལ་སོགས་པའི། །འཁོར་འདས་དཔལ་གྱིས་ལྷ་ཁྱོད་ཤིས་གྱུར་ཅིག །གསེར་འཁོར་ཡིད་བཞིན་ནོར་བུ་བཙུན་མོ་མཆོག །དགུང་བློན་གླང་ཆེན་རྟ་དང་དམག་དཔོན་ཏེ། །རིན་ཅེན་སྣ་བདུན་སྔོན་འགྲོའི་ཆབ་སྲིད་འོད། །བསྐལ་པར་སྐྱེ་རྒུའི་གདུང་མུན་མཐར་བྱེད་ཤོག །མི་བདག་བཀའ་དྲིན་མ་ལ་ཡར་སྐྱེས་དྲི། །ལུས་ཅན་ཀུན་གྱི་སྙིང་ལ་འཐུལ་བའི་ངད། །སྡུག་བསྔལ་ཚ་བས་ཉེན་ཞི་བསིལ་བའི་བདེ། །རྩེ་དགའ་རྫོགས་ལྡན་གསར་པའི་དཔལ་དགོད་ཤོག །གནམ་གྱིས་སྤྱི་བོའི་གཙུག་ནས་དབང་བསྐུར་བས། །རིན་ཅེན་པོད་ཅན་འཆང་བའི་རྒྱལ་པོའི་རིགས། །སྲིད་བཞིའི་གཙུག་ལག་ཀུན་ལ་མཁས་པའི་རྒྱུད། །གངྒཱའི་རྒྱུན་ལྟར་ཆད་པ་མེད་གྱུར་ཅིག །འཛམ་གླིང་ཡོངས་ཀྱི་བདེ་སྐྱིད་ངལ་གསོ་དང་། ཁྱོད་ཞབས་མི་འགྱུར་སྲོག་གཅིག་བྱུང་པའི་སྟེགས། །གཞོམ་མེད་རྟག་པའི་རང་བཞིན་གཡུང་དྲུང་དུ། །ལུས་ཅན་ཀུན་གྱི་བསོད་ནམས་མཐུས་གྲུབ་ཤོག །ཕུན་ཚོགས་རྟེན་འབྲེལ་སྒྲིག་པའི་ཞུ་འཕྲིན་བཅུད། །དག་པའི་སྙན་དབང་བཻ་ཌཱུར་ཟ་མ་ཏོག །འཁྱིལ་རྟེན་རིན་(༡༤༡བ)


GLG019_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཅེན་འཕྲེང་བ་འཇམ་པོའི་ཕྲུག །སྤེལ་བའི་སྟ་གོན་ཆོ་གས་འདི་ན་བྲེལ། །གངས་ཅན་ནོར་འཛིན་དཔལ་མོའི་སའི་ཐིག་ལེ། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་འདབས། །རང་བྱུང་འཕགས་པ་མཆེད་ཀྱི་ཞིང་ཁམས་མཆོག །གྲུ་འཛིན་རི་བོའི་སྤོ་ནས་ཕུལ་བ་དགེ །ཆུ་སྟག་ཧོར་ཟླ་བདུན་པའི་དགག་དབྱེའི་ཐོག་རིགས་ཀྱི་སྲུང་མ་ཐང་ཆེན་རྒྱལ་བ་བཤན་པ་ལག་དམར་ལ་ཁྲབ་གདན། གོ་ཚོན། གོས་དར། རྟ། གསེར་སྐྱེམས་སོགས་འབུལ་བར་འཕྱོས་ཆང་ཁྱིམ་པ་བཏང་སྐབས་གསོལ་བ་ཕུན་ཚོགས་སྡེ་བཞིའི་འཛུམ་ལྡན། དམར་ཟླུམ་འཁྱིལ་བའི་སྡང་མིག་ཉི་མའི་གཟིས། །ནག་པ་བདུད་སྡེའི་མུན་པ་མཐར་བྱས་ནས། །སྡེ་བཞིའི་བཞིན་རས་འཛུམ་ལྡན་སྐྱ་རེངས་མ། །འཆར་བྱེད་སྤྲུལ་པའི་རྒྱལ་ཆེན་རིགས་ཀྱི་ལྷ། །བརླང་པོར་སྤྱོད་པའི་དགྲ་སྙིང་དྲོན་མོའི་ཁྲག །བཏུངས་པས་མ་ངོམས་བམ་ཆེན་འདམ་ལྟ་བུར། །རྫི་བའི་སྟང་སྟབས་ད་དུང་མ་ཡོལ་ཀྱང་། །སྟོང་གསུམ་སྐད་ཅིག་མྱུལ་བའི་རྫུ་འཕྲུལ་ཅན། །གཙོ་ལས་གཞན་མིན་ནུབ་བྱང་དཀྱིལ་འཁོར་ལྷ། །གནས་གསུམ་དུར་ཁྲོད་ཀུན་མྱུལ་ཕོ་ཉའི་ཚུལ། །སོལ་ནག་ཐང་ཆེན་གནྡྷོ་ལའི་སྲུངས་མར། །བཤན་པ་ལག་དམར་ལྷ་སྲིན་དམག་གི་དཔོན། །འབྱམས་ཀླས་ནམ་མཁའ་མཛོད་ཀྱི་སྒོ་འཕར་བརྒྱ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་རབ་ཕྱེ་བའི། །དངོས་བཤམས་སྤྲུལ་པའི་སྤྱན་གཟིགས་ལེགས་བསྟར་ན། །དམ་ཅན་སྒོ་ལྔའི་དབང་པོ་དགྱེས་དགུར་རོལ། །ལྷ་ཀྱེ་བསྟན་འགྲོའི་བདེ་འཕྲོག་དགྲ་བགེགས་སྟེང་། །དགྲ་ལྷ་ཁྱུང་འབར་དྲག་ཁྲོས་མཚོན་རྣོན་པོ། །མངོན་སྤྱོད་གནམ་ལྕགས་རྡོ་རྗེ་འབར་བའི་ཐོག །ཕབ་སྟེ་ཕྱེ་མར་འཐག་པའི་འཕྲིན་ལས་མཛོད། །སྲིད་ཞིའི་དངོས་(༡༤༢ན)


GLG019_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རང་གིར་དབང་བྱེད་པར། །དུས་ཀྱི་བདག་པོའི་ལས་ཤུགས་བཙན་པོའི་སྤུན། །གདུང་བ་ཀུན་ཞི་རིང་པོའི་ཚེ་དང་འབྱོར། །མང་པོས་བཀུར་བའི་རྗེས་འགྲོར་ཁྱོད་ཀྱིས་སྒྲུབས། །རྣམ་པར་རྒྱལ་བའི་བ་དན་སུམ་རྩེན་གྱི། །འདུན་སའི་རྩེར་བརྒལ་འཆང་དང་ལྷན་ཅིག་ཏུ། །སྙན་བརྗིད་རྫ་རྔ་སྒྲོགས་པར་བསྐུལ་བའི་འཕྲིན། །ནོར་འཛིན་འབྲས་བུ་དུད་ལ་ཕྱོགས་ཚེ་དགེ །ཆུ་སྟག་ཧོར་ཟླ་བདུན་པའི་འགྲུབ་སྦྱོར་གྱི་ཉིན་སྐྱུར་ལུང་ཆོས་སྡེ་སྤྱི་ཚོགས་ཀྱིས་མི་འགྱུར་བརྟན་པའི་རྟེན་འབྱུང་བསྒྲིག་པར་པོ་ཏ་ལར་འབྱོར་སྐབས་གནས་སྲུངས་ཁྱི་འཇུག་རྒྱལ་པོས་ཆེད་དུ་བཟོས་པའི་གདན་སོགས་ཀྱི་རྟེན་དང་བཅས་འཕྲིན་ཡིག་བྱུང་བའི་ལན་མི་ཤིགས་རྡོ་རྗེས་དཔའ་བའི་གད་བརྒྱངས། ཐུབ་བསྟན་བཤད་སྒྲུབ་ལེགས་སྤེལ་འདུས་པའི་གླིང་། ཁྲིམས་ལྡན་ཕུན་ཚོགས་བཅུད་དུ་རབ་འཁྱིལ་བ། །གཡེལ་མེད་བསྲུང་བར་གཡར་དམ་བཙན་པོ་ཅན། །ནོར་སྐྱོང་སྒྱུ་དྲའི་རོལ་གར་ལྡན་པའི་འཕྲིན། །མི་ཤིགས་རྡོ་རྗེས་རྣམ་པར་དཔའ་བའི་སྟན། །ཟླ་བ་ཞུན་མར་འཁྱིལ་བའི་ཐགས་ཀྱི་དར། །འཆི་མེད་བཏུང་བའི་རབ་དཀར་ཡོལ་གོར་བཅས། །ངོ་མཚར་རྟེན་འབྱུང་སྒོ་བརྒྱ་རྣམ་པར་ཕྱེ། །ཡིད་སྲུབས་ནག་པོའི་གདོང་བ་ཡོངས་སྨད་ཅིང་། །གངས་ཅན་ཕན་བདེའི་འོད་སྣང་འདྲེན་བྱེད་པའི། །ཞི་ཁྲོ་རྣམ་པར་རོལ་པ་བཀའ་བརྒྱད་ལྷའི། །འཕྲིན་ལས་ཉི་མའི་དཀྱིལ་འཁོར་རྟག་ཏུ་འཆར། །སྲིད་པ་གསུམ་ན་ཆེ་བའི་རིག་སྔགས་ཀྱི། །བརྟུལ་ཞུགས་གྲུབ་པ་པདྨ་ཐོད་འཕྲེང་བཀའ། །མི་འདའ་རྡོ་རྗེའི་ཅོད་པན་ཉེར་བཅིངས་ནས། །བསྟན་འགྲོའི་མེལ་ཚེ་རྟག་ཏུ་སྐྱོངས་ཤིག་གུ །རྣམ་པར་བཀྲ་བ་འཆི་མེད་དབང་པོའི་གཞུ །བྱེད་པོས་ཐགས་སུ་ཉེར་བཏགས་སྙན་ཤལ་དང་། །གསེར་སྐྱེམས་(༡༤༢བ)


GLG019_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

འཛད་པ་མེད་པ་ནམ་མཁའ་མཛོད། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བརླབས་ཏེ་སྤེལ། །ཆུ་སྟག་ཧོར་ཟླ་གསུམ་པར་བསམ་ཡས་རབ་གནས་ལ་ཕྱིན་སྐབས་གྲྭ་ཚོང་འདུས་ནས་བྱ་ཁྲིད་མིག་གཅིག་པས་སྟག་ལོ་གོ་གསོལ་ཆེན་མོའི་དུས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འཚོག་རྒྱུ་ཡིན་པས། སྐུ་ཆས་དགོས་ཚུལ་འབྱུང་བ་ལྟར་ལོ་དེའི་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ལ་སྙན་ཤལ་བཀྲས་བཏགས། གོས་ཕྱི་ནང་། གསེར་སྐྱེམས། ཁྲབ་གདན། ཐོད། ཤ་གོས། ལྷམ། རྟ། མདུང་དམར། འཁོར་གསུམ། བཟང་རྔ། རས་ཡུག་སོགས་མཆོད་སྤྲིན་སྤྲོ་བར་ལྕང་ལོ་ཅན་པ་བསྟན་འཛིན་དཔལ་བཟང་བཏང་སྐབས་གསོལ་བའི་འཕྲིན་ཡིག་བདེ་སྐྱིད་ཉི་མ་ཤར་བའི་འོད་སྣང་། མངོན་ཤེས་རི་མོ་བཀྲ་བའི་མིག་གི་སྒོར། །སྲིད་པ་སྤྱོད་པའི་སྣང་ཚུལ་ཀུན་ཤར་ཚེ། །ལྐོག་གྱུར་གཉིད་སློང་མངོན་སུམ་སྐྱ་རེངས་ཀྱིས། །བདེ་སྐྱིད་ཉི་མའི་དཀྱིལ་འཁོར་འདྲེན་པའི་ལྷ། །ཤར་ཕྱོགས་དུང་སྒོ་ཕྱེ་བའི་ཕོ་བྲང་ནས། །རྒྱལ་ཆེན་མོན་ནག་པུ་ཏའི་ཞལ་གྱི་ཁྱིམ། །ཚེམས་དཀར་ཟེའུ་འབྲུ་ངོམས་པའི་འཛུམ་ལྡན་དུ། །སྒྱུར་བའི་བློན་པོ་བྱ་ཁྲིད་མིག་གཅིག་བུ། །རང་སྲིད་འཆི་མེད་བདེ་བར་ངལ་གསོ་བའི། །སྟོབས་ཆེན་རྣམ་པར་རྒྱལ་བའི་རྒྱལ་མཚན་ཅན། །འཕྲིན་ལས་ནོར་བུ་མཛད་མེད་སྐྱུག་པའི་གཏེར། །འཆང་ཁྱོད་གནོད་སྦྱིན་དབང་པོའི་སྤུན་ཟླ་བཞིན། །སྲོག་དབུགས་ཤ་ཁྲག་བཟར་རྔམས་རིངས་པའི་གར། །རྣམ་འགྱུར་དཔའ་བོའི་རོལ་པ་མཐའ་ཀླས་ཀྱང་། །དཀར་ནག་ལས་ཀྱི་ཚུལ་ལ་མེལ་ཚེ་མཁན། །ཐུབ་བསྟན་རིན་ཅེན་སྐྱོང་བའི་དཔལ་དུ་ཤིས། །སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་ཀྱི། །དབང་རྟགས་རྡོ་རྗེའི་འཕྲེང་བ་ཐོད་བཅིངས་པའི། །རི་མོར་རབ་འབར་གཡར་དམ་བསྐྱངས་པའི་ཐིག །དྲང་པོ་གནམ་གྱི་དགུ་ཚིགས་(༡༤༣ན)


GLG019_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འགྲན། །གྱེན་ཟློག་འབངས་ཀྱི་གྱ་གྱུ་ངན་འཆང་སྙིང་། །ལྐོག་མར་འབྱིན་དང་ལྷན་ཅིག་ཁེངས་པའི་མགོ །རྐང་སྟེགས་ས་ལ་ལྷུང་བའི་རྒྱལ་ཐབས་ཀྱི། །དབང་དྲག་རུ་མཚོན་བསྒྲེང་བར་ཁྱོད་བསྔགས་སོ། །ཉལ་འགྲོ་བདུད་རྩིར་འཁྱིལ་བ་འབྲས་ལྡན་གྱི། །ལྷ་རྒྱལ་དབྱངས་སུ་ལེན་པ་ཚེས་བརྒྱད་དུས། །གནམ་སའི་དཀྱིལ་འཁོར་གང་བ་མཆོད་པའི་སྤྲིན། །ཏིང་འཛིན་སྔགས་དང་ཕྱག་རྒྱས་འདི་ན་སྤེལ། །རྡུལ་བྲལ་དྲི་མེད་འཕྲིན་ཤོག་རྫིང་བུ་ལ། །བླང་དོར་ཟླ་བའི་སྣང་བརྙན་གྲངས་མང་ཡང་། །ཟབ་གསང་ཕྲ་ཞིབ་རི་དྭགས་གཟུགས་འཆར་བའི། །ལུང་བསྟན་ནམ་མཁའི་ཟླ་བ་མངོན་སུམ་སྟོན། །སྡེ་བཞིའི་སྒོ་འཕར་ཕྱེ་བའི་གན་མཛོད་ནས། །སྲིད་ཞིའི་ཕུན་ཚོགས་དཔལ་གྱི་བེའུའི་གཟུགས། །སྙིང་གར་དགའ་བ་གཡས་སུ་རབ་འཁྱིལ་བའི། །བསམས་དོན་འགྲུབ་པའི་བཀྲ་ཤིས་ལྷུན་གྲུབ་མཛོད། ཆུ་སྟག་ཧོར་ཟླ་བརྒྱད་པའི་ཡར་ཚེས་ལ་ཚེར་གསེབ་ནས་ཚངས་པ་དུང་གི་ཐོར་ཚུགས་ཀྱིས་སྤྱི་སྒོས་ཀྱི་རིམ་གྲོའི་བླང་དོར་དང་བཅས་ཏེ་འཕྲིན་ཡིག་བྱུང་བའི་གསུང་ལན་གཏམ་སྙན་གཡས་སུ་འཁྱིལ་བའི་དུང་དཀར། གནག་སྣུམ་རལ་པའི་ཐོར་ཚུགས་རྩེར། །གཡས་འཁྱིལ་སྙན་པའི་དུང་དཀར་པོས། །ལེགས་སྤུད་དཔལ་ལྡན་ཚངས་པ་ཡིས། །གསུང་འཕྲིན་ལྷ་དར་རྟེན་བཅས་འབྱོར། །སངས་རྒྱས་ཀུན་གྱི་བདག་ཉིད་ཅན། །པདྨ་ཀ་ར་ཞེས་གྲགས་པ། །གང་དེའི་སྤྱན་སྔར་ཁས་བླངས་པའི། །གཡར་དམ་གཡོ་མེད་ཇི་བཞིན་སྤྲོ། །གངས་ཅན་ར་བ་དཀར་པོ་ཡི། །བསྟན་དང་འགྲོ་བའི་ཉེར་འཚོ་རུ། །རྡོ་རྗེ་ལྟ་བུར་གནས་དགོས་པའི། །རྒྱུ་མཚན་ཡིད་ཀྱི་ཐིག་ལེར་སིམ། །ནག་པོ་བདུད་ཀྱི་སྡེར་བཅས་ལས། །རྣམ་(༡༤༣བ)


GLG019_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱལ་བའི་ཐབས་ཀྱི་ཚུལ། །རིམ་གྲོའི་བླང་དོར་མ་ལུས་པ། །གཡེལ་མེད་བརྩོན་པས་ཉམས་སུ་བསྟར། །ལྷ་མཆོག་ཡིད་བཞིན་དབང་གི་རྒྱལ། །སྙན་ཤལ་མཛེས་བྱེད་ལྷ་རྫས་དར། །གསེར་སྐྱེམས་ཞོ་ཡི་འཁོར་ལོ་བཅས། །ཡར་ཚེས་དགེ་བར་ཛ་ཡནྟུ། །ཆུ་སྟག་ཧོར་ཟླ་བརྒྱད་པའི་ནང་དུ་གྲྭ་ཨར་དགེ་རྒྱལ་པོ་བྱ་ཁྲིད་མིག་གཅིག་པ་དང་བརྒྱུད་གཅིག་ཏུ་བྱེད་པ་དེ་བར་སྐབས་སུ་ཁོག་ཞུགས་མ་བྱུང་བ་འདུག་པར་མོན་བུ་ཀླུ་བཙན་གྱི་ཁོག་གཡར་ནས་ཐོག་བབས་ཀྱི་ཚུལ་དུ་ཞུགས་ནས་མཐུན་རྫས་གསོལ་མཆོད་གསར་རྩོམ་བཅས་དགོས་ཚུལ་དང་ཁོག་པ་སུ་འཚོལ་འཕྲིན་ཡིག་བྱུང་བར་དགོས་ཆ་སྤེལ་པ་དང་བཅས་ཏེ་ལན་དུ་བསྲིངས་པ་དམ་ཚིག་རི་མོ་རྣམ་བཀྲ །ཨ་ཧོ་མི་བསྲུན་བརླང་པོའི་འབྲས་སྨིན་ལྕགས། །རིགས་འཛིན་པདྨ་ཀ་རའི་མཐུ་རྩལ་རྩིས། །བསྟན་སྲུངས་དབང་པོའི་གསེར་དུ་ལེགས་བསྒྱུར་བའི། །བྱ་ཁྲིད་མིག་གཅིག་བཤན་པའི་འཕྲིན་ཡིག་འབྱོར། །ཉི་ཟླ་མཁའ་ལ་འཆར་བ་ཡོལ་མིན་ལྟར། །རྟག་ཏུ་བསྟན་པའི་བྱ་ར་གཡེལ་མེད་དུ། །སྒྲུབ་པའི་གཡར་དམ་གཉེན་པོ་ལེགས་བསྲུང་བའི། །གཙུག་ན་རྡོ་རྗེའི་རི་མོ་བཀྲ་དེས་ཤིས། །ལྐོག་གྱུར་ཆོས་རྣམས་མངོན་སུམ་ཇི་བཞིན་དུ། །ལྟ་བའི་སྒྲིབ་བྲལ་ལྷ་མིག་རབ་གསལ་བས། །གཞལ་བ་ཇི་བཞིན་སྟོན་པའི་གསང་བའི་ཚིག །མ་བརྗེད་ཡིད་ཀྱི་ཡོལ་གོར་རྟག་ཏུ་བསྟན། །སྔོན་གྱི་ཁོག་པའི་བརྒྱུད་པ་ཅན་གང་དང་། །དེང་དུས་གསར་དུ་གཡར་པོ་བྱུང་བ་གཉིས། །མོན་བུ་ཀླུ་བཙན་དེ་དང་གྲོས་མཐུན་ངོས། །ལྷ་ཁྱོད་གང་བཞེད་ཅིག་ལ་འཚོལ་བར་མཛོད། །རྒྱལ་ཆེན་དཔེ་ཧར་སྐུ་ལྔ་གཙོར་སྟོན་ལ། །བློན་པོ་བྱ་ཁྲིད་མིག་གཅིག་སྒེར་གསོལ་ཞིག །དགོས་ཚུལ་ཇི་བཞིན་ཚིག་གི་སྲད་བུ་ལ། །ལེགས་བརྒྱུས་གསར་པའི་འཕྲེང་བ་རྣམ་པར་སྤེལ། །བྱང་(༡༤༤ན)


GLG019_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གངས་ཅན་སཱ་ལའི་སྨན་ལྗོངས་འདིར། །ཐུབ་བསྟན་ཡོངས་འདུ་རྒྱས་པའི་གྲིབ་བསིལ་ལ། །ལུས་ཅན་མ་ལུས་བདེ་བར་ངལ་གསོ་བའི། །ཕན་བདེའི་སྒོ་བརྒྱ་འབྱེད་པའི་འཕྲིན་ལས་སྒྲུབས། །ལྷ་དར་གསེར་སྐྱེམས་ལ་སོགས་བདོག་པའི་སྐྱེས། །ཐུགས་དམ་སྐོང་པའི་འདོད་རྒུའི་མཆོད་སྦྱིན་མཁན། །ཏིང་འཛིན་སྔགས་དང་ཕྱག་རྒྱ་བདེན་པའི་མཐུས། །དགྱེས་ཞལ་སྟོན་ཟླ་ལྟ་བུར་ངོམས་ཤིང་རོལ། །ཆུ་སྟག་ཧོར་ཟླ་བརྒྱད་པའི་ནང་དུ་འཕྱོས་ཆོས་འཁོར་སྟེང་རྒྱལ་པོའི་ལས་མཁན་བཙན་རྒོད་ཀྱིས་མཐུན་རྫས་དགོས་ཚུལ་བྱུང་བའི་འཕྲིན་ལན་ནམ་མཁའ་མཛོད་ཀྱི་ཟ་མ་ཏོག །པདྨ་རཱ་གའི་རྡུལ་བརྩེགས་ལྷུན་པོ་ལ། །ཉིན་བྱེད་འོད་ཀྱིས་འཁྱུད་པའི་གཟི་བྱིན་ཅན། །གནོད་སྦྱིན་བཙན་རྒོད་བཤན་པ་དམར་པོ་ཡི། །འཕྲིན་ཡིག་ལྷ་དར་རྟེན་དང་བཅས་པ་འབྱོར། །སྤྱི་དང་ཁྱད་པར་ཕན་བདེ་སྤེལ་བའི་ཐབས། །དམར་ཟླུམ་སྤྱན་གྱིས་གཟིགས་ནས་ལེགས་སྟོན་པའི། །བླང་དོར་ཡིད་ཀྱི་རིན་ཅེན་རྩིག་ངོས་ལ། །ཀུན་རྟོག་པིར་གྱིས་མ་བསྐྱུད་གསལ་བར་བྲིས། །སྡེ་བརྒྱད་ཀུན་གྱི་རལ་པའི་ཅོད་པན་རྩེར། །བཀའ་རྟགས་རྡོ་རྗེའི་ཕྱག་རྒྱ་ཉེར་འགོད་པའི། །པདྨ་ཐོད་འཕྲེང་རྩལ་གྱི་སྤྱན་སྔ་རུ། །གཡར་དམ་ཇི་བཞིན་བསྟན་འགྲོའི་མེལ་ཚེས་སྐྱོང་། ཁྱད་པར་གངས་ཅན་ར་བ་དཀར་པོ་ཡི། ཁོར་ཡུག་གཅིག་ཏུ་གྱུར་པའི་རྒྱལ་ཁམས་འདིར། །ནད་མུག་འཐབ་རྩོད་རྒུད་པ་ཀུན་ཞི་ཞིང་། །བདེ་སྐྱིད་དགའ་སྟོན་ལ་སྦྱོར་འཕྲིན་ལས་སྒྲུབས། །ཅང་ཤེས་བཞོན་པ་དང་བཅས་མཐུན་པའི་རྫས། །ཉེར་བསྐུལ་ཇི་བཞིན་དངོས་བཤམས་ཏིང་འཛིན་གྱིས། །འཛད་མེད་(༡༤༤བ)


GLG019_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་དུ། །བརླབས་ཏེ་སྒོ་གསུམ་དགྱེས་པ་བསྐྱེད་ཕྱིར་སྤེལ། །ཤེས་བྱའི་གཙུག་ལག་མང་པོར་ལྟ་བའི་མིག་ཡངས་མངའ་རིས་རུ་ཐོག་དབང་པོ་ཕུན་ཚོགས་རྣམ་རྒྱལ་གྱིས་མདོ་སྡུད་པ། བྱམས་ཆོས་བཞི་རྣམས་སྐད་ཤན་སྦྱར་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་ཞུས་དག་མ། གསོ་དཔྱད་ཀྱི་གཅེས་བསྡུས་རིན་ཅེན་འཕྲེང་བ། མཁྱེན་བརྩེ་ལོ་ཙཱ་བའི་སྡེ་ཚན་བདུན་པ་སྐད་ཤན་སྦྱར་དང་བཅས་པའི་གླེགས་བམ་མ་ཕྱིའི་གཡར་པོར་ཆེད་གཏད་བྱ་མ་རྟ་མངགས་ཏེ་སྙན་ཚིག་གི་འཕྲིན་ཡིག་བྱུང་བའི་ལན་རྣམ་དཔྱོད་མུ་ཏིག་གསར་པའི་འཁྲི་ཤིང་། སུ ཀྲྀ ཏྱ ད ཤྟཱཾ ཤི ར ཛ ནྨ ཏཿ བི ཙཱ ར མུ ཀྟི ན བྱ སྱ མྲྀ ཎཱ ལ བྷ རྵ ཏ། སྡེབ་སྦྱོར་རིག་གནས། ཡ། བ ཏ ཛྙེ ཡ ན ཏི ཥྛ ནེ མ གོ པྲ ཡཱ ཤུ བྷ སྟ ཎྡུ ལ པཱ ཀ ཏེ ལི ཁཾ། ལེགས་(སྡེབ་སྦྱོར་རིག་གནས།)བྱས་གླང་ཆེན་སྤྱི་བོ་ལས་སྐྱེས་པའི། །རྣམ་དཔྱོད་མུ་ཏིག་གསར་པའི་འཁྲི་ཤིང་ཆེར། །ཇི་སྙེད་ཤེས་བྱའི་གནས་ལུགས་སར་འབབ་པའི། །དགེ་བའི་འབྲས་དཀར་སྨིན་པ་དེ་ལ་སྤྲིངས། །བློ་གྲོས་རྒན་པའི་རྩེར་(༡༤༥ན)


GLG019_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

སོན་རལ་ཀླུང་ནས། །ཉམས་འགྱུར་འཕྲིན་རྟེན་གངྒཱའི་རྒྱུན་བབས་ཚེ། །གདོང་བཞི་ཙམ་གྱིས་ཚངས་པ་ཁྱོད་ཉིད་ལས། །ལྷག་པར་འཛིན་པའི་ཀུན་རྟོག་ཡིད་ལ་བྲིས། །རྒྱལ་གསུང་སྡུད་པ་བྱམས་ཆོས་པུ་སྟ་ཀཿ །རྒྱ་དཔེའི་ལེགས་སྦྱར་སྐད་དང་ཤན་སྦྱར་བ། །དོན་ལྡན་ཐམས་ཅད་མཁྱེན་ངེས་ཞ་ལུ་བས། །དྲི་མེད་སྤྱན་རས་ཀྱིས་བཙས་འཁྲུལ་མེད་གནས། །སྐད་རིགས་མི་གཅིག་སྡེ་ཚན་བདུན་པ་རུ། །རབ་དབྱེ་མཁྱེན་ལོའི་བློ་གྲོས་ཀྱིས་སྤོབས་དང་། །སྲོག་གི་ཀ་བ་འཛུགས་པའི་བདུད་རྩིའི་བཅུད། །གཅེས་བསྡུས་རིན་ཅེན་འཕྲེང་མཛེས་འབྱོར་དེ་སྤྲོ། །སྐྱེ་བའི་འཕྲེང་བ་མི་ཟད་འཁོར་བའི་མཐའ། །འཚོལ་བྱེད་ཟུག་རྔུས་གཏམས་པའི་སྣོད་ཡིན་ཀྱང་། །དལ་འབྱོར་མཚན་ཉིད་ལྡན་པ་གང་གི་ལུས། །བདེ་བར་རང་གནས་འབྱོར་འཚོའི་གཏམ་དེ་སྙན། །འདི་ན་ཐོས་བསམ་བ་ཀཱུ་ལ་ཡི་ཁ །རྣམ་གཡེང་ཉི་ཟླའི་འོད་ཀྱིས་ཕྱེད་མིན་ཀྱང་། །སྐྱེ་ཐོབ་ཤེས་རབ་ལུས་ཕྲའི་འགྲམ་ཆང་གིས། །ཕྱེ་བའི་འདབ་མ་བཞད་འདི་མ་སྙིགས་ཙམ། །སྔོན་བྱོན་མཁས་མང་གདོང་ལྔའི་དབང་པོའི་ཤུལ། །སྟོབས་འབྱོར་རམས་ཀྱིས་བསྒྱུར་བའི་ཁ་དོག་ལ། །མཚར་བྱེད་བསྟན་འཛིན་དབྱར་གྱི་སྲིན་འབུ་ལྟར། །གང་ཚེ་ཁྱོད་ཉི་ཟླ་མེད་ནམ་མཁའི་ཟླ། །ཐོས་བསམ་རྩ་བ་སྦོམ་པོར་བསྐྱེད་བསྲིངས་པའི། །ལྔ་རིག་ཛམྦུའི་གསེར་གྱི་སྙེ་མ་ཡིས། །དུད་ཁྱོད་གཡས་རུའི་ཕྱོགས་དེར་རང་ཉིད་ཀྱི། །གྲིབ་མ་ཙམ་ལ་མཁས་པའི་མཆེད་པོར་འཛིན། །དབང་རྟུལ་དྲང་སྲོང་དམོད་ལྷུངས་བློ་དམན་མངལ།(༡༤༥བ)
།ཕྱག་ཚན་མིང་བཏགས་ལྕགས་ཀྱི་ཏིམ་བུ་བདུན། །ཉེར་བཙས་ལྟར་སྣང་ཆོས་ཀྱི་སྡིག་སྨིན་པས། །དྭགས་བརྒྱུད་གྲུབ་རིགས་ཐ་གུའི་ལྟོ་ཅན་བཞིན། །འཛམ་གླིང་རྒྱན་གྱུར་ཁ་སྤུ་ཅན་རྣམས་ཀྱིས། །གཞུང་རྒྱ་འགྲོལ་བའི་ས་དགེའི་མཁས་རྣམས་དང་། །ཟོག་རྫུན་འཕྲུལ་གྱིས་གཞན་བློ་བྲིད་པ་རྣམས། ཁྱད་པར་ཤེས་པའི་བློ་ལྡན་ཉིད་ལས་སུ། །དེ་ལྟ་ན་ཡང་རིག་ལམ་སྨྲ་བའི་གྲར། །མ་རྟགས་འཆད་རྩོད་ཕྲག་པར་ཁུར་བླངས་ཅན། །དཔྱད་ན་ཨེ་རཎྜ་ཡི་སྙིང་པོའི་གཤིས། །འདིའང་སྐལ་ངན་དུས་ཀྱི་བྱེད་པོའི་སྐྱོན། །འོན་ཏེ་དེང་དུས་ལྔ་བརྒྱ་དྲུག་པའི་སྐབས། །ད་གདོད་ལུང་གི་ཕྲག་གསུམ་འོང་ངེས་ན། །ཤོང་དཔང་ལྟ་བུའི་ངེས་པར་ཀུན་མཁྱེན་འགས། །ཐུབ་བསྟན་ཉི་འོད་གསལ་སྙམ་ཡིད་ཀྱིས་གསོས། །མི་བདག་ཐ་སྙད་ཕ་མཐའ་ཟད་མིན་ཕྱིར། །གཟུང་འཛིན་ཕ་རོལ་རླུང་རིག་དངས་མའི་འཇའ། །རྡོར་སེམས་སྙིང་དབུས་བཞེངས་པའི་ཡེ་ཤེས་ལྷ། །རང་སྣང་དེ་ལ་ངོ་འཕྲོད་ཟབ་ལམ་གནད། །མ་སྨད་སྤོབས་པ་དགེ་བའི་མགྲིན་པ་ནས། །གླེང་བར་འོས་པའི་ཆོས་དང་སྲིད་ཀྱི་གཏམ། །ཨ་འདུས་ཀ་འཕྲེང་སྲད་བུར་རྟག་རྒྱུ་བའི། །ངང་ཚུལ་དེ་ལས་ལྡོག་མིན་ཁྱོད་ཀྱི་ལུགས། །མགྲིན་པའི་པད་མཚོར་དབྱངས་ཅན་ངང་མོ་དཀར། །ཉམས་འགྱུར་སྐད་སྙན་ས་སྤྱོད་རྣ་བ་ལ། །འཁྲོལ་ཚེ་རྗེས་ཆགས་མཚོན་པའི་མཐུན་འཚམས་སྤྲིན། །ཐགས་སུ་བཏགས་པའི་ས་གཞི་མཛོད་འདིའོ། །


previousརབ་བྱུང་བཅུ་གཅིག་པའི་ཆུ་སྟག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext