Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

12 occurrences of བྱམས་པ་གླིང་
[Clear Hits]


  
collapse section
  
  
  
གངས་རིས་བསྐོར་བའི་ལྗོངས་འདིར་རྒྱལ་བའི་འཕྲིན་ལས་འཇུག་ཚུལ་ལས་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་བརྗོད་པ།
 
  
  
 
  
 
 
  
  
expand section


12 occurrences of བྱམས་པ་གླིང་
[Clear Hits]

 
previousགངས་རིས་བསྐོར་བའི་ལྗོངས་འདིར་རྒྱལ་བའི་འཕྲིན་ལས་འཇུག་ཚུལ་ལས་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་བརྗོད་པ།next

གངས་རིས་བསྐོར་བའི་ལྗོངས་འདིར་རྒྱལ་བའི་འཕྲིན་ལས་འཇུག་ཚུལ་ལས་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་བརྗོད་པ།


GLG019_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གངས་རིས་བསྐོར་བའི་ལྗོངས་འདིར་རྒྱལ་བའི་འཕྲིན་ལས་འཇུག་ཚུལ་ལས་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་བརྗོད་པ།དེ་ལྟར་ཤམ་བྷ་ལས་མཚོན་ཏེ། ཨོ་རྒྱན་བལ་ཡུལ། རྒྱ་ཧོར་སོགས་སུ་བསྟན་པ་བྱུང་ཚུལ་ནི་མཐའ་ཡས་ཀྱང་མང་གིས་དོགས་པས་མ་སྤྲོས་ལ། སྐབས་སུ་བབ་པ་རང་ཅག་གངས་རིས་བསྐོར་བའི་ལྗོངས་འདིར་རྒྱལ་བའི་འཕྲིན་ལས་ཀྱི་འཇུག་བཤད་ཚུལ་ནི། དེ་ཡང་ཟླ་གཞོན་ལན་བརྒྱར་བཞུ་བའི་ཁུ་བས་བྱུགས་པའི་མན་ཤེལ་གྱི་ལྷུན་པོའི་འཕྲེང་བ་ཚར་དུ་མངར་བ་ལྟ་བུའི་གངས་རིའི་འདབ་མ་ཁོར་མོ་ཡུག་ཏུ་འཁྲིགས་པའི་ཡུལ་ལྗོངས་འདིར་མིའི་འགྲོ་བ་ཆགས་ཚུལ་ལ། མཁས་པ་རྣམས་ཀྱི་བཞེད་ཚུལ་མཐའ་ཀླས་ཤིང་། འགའ་ཞིག་ནི་རང་ཉིད་ཀྱི་ལུགས་ཁོ་ན་ལ་ཞེན་པའི་ལུང་རིག་དཔྱད་པ་མེད་པར་ལུགས་གཞན་དག་རྣམས་ཚད་ལྡན་མ་ཡིན་པ་ཁོ་ནར་སྨྲ་བའི་གཏམ་གྱི་འབྲུག་སྒྲས། ཆོས་སྤོང་གི་རྨ་བྱ་རང་དབང་མེད་པར་དགའ་བའི་ལས་ཀྱི་སྒྲིབ་པའི་སྒྲོ་གཤོག་ཕྱོགས་བཅུར་སྐྱོང་བ་འགའ་མཆིས་ནའང་། རིས་སུ་མ་ཆད་པའི་གསུང་རབ་ཀྱི་རྒྱ་མཚོ་ཆེན་པོའི་ལྗིང་ལས་རྣམ་དཔྱོད་གྲུ་གཟིངས་ཀྱིས་རང་དབང་དུ་སྤྱོད་པ་གཞོན་ནུ་དཔལ་བའི་གསུང་ལས། བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་། ལུང་དང་རིག་པའི་གནོད་པ་མེད་ཅིང་ཞེས་སྤྱི་ཁྱབ་ཏུ་གསུངས་ནས། ལུགས་གཞན་ཡང་འདྲེན་པར་མཛད་པའི་གུང་འགྲིག་མི་འགྲིག་གི་བརྗོད་བྱ་ཙམ་ལས་མཐའ་གཅིག་ཏུ་གསལ་བར་མ་གསུངས་ལ། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ལས་བཤད་པའི་རྒྱལ་པོ་རུ་པ་ཏི་དཔུང་བཅས། རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་པ་(༡༠ན)


GLG019_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཕེལ་བའི་རིགས་ཀྱང་ཡོད་སྲིད། གཙོ་བོ་ནི་ཕྱག་ན་པདྨའི་ཐུགས་རྗེའི་འཕྲིན་ལས་ཀྱི་འོད་ཟེར་འགོག་པ་མེད་པར་ཤར་བས། གངས་ཁྲོད་ཀྱི་འགྲོ་བའི་པད་ཚལ་རྣམ་པར་རྒྱས་པ་ཞིག་སྟེ། དེ་དག་གི་ཚུལ་གནས་ལྔ་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་ཀ་བ་ཤིང་ལོ་ཅན་གྱི་བྱང་ངོས་ནས་བཞེས་པའི་བཀའ་འཁོལ་མ་དང་། མ་ཎི་བཀའ་འབུམ་སོགས་གངས་ཅན་གྱི་ལྗོངས་ན་དར་རོ་ཅོག་གི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དུ་མ་ཞིག་དགོངས་པའི་ཁོག་གཅིག་པ་ལས། སྤྲེའུ་དང་བྲག་སྲིན་མོ་ལྷན་ཅིག་འདུས་པའི་ཕྲུག་གུ་གདོང་དམར་ཤ་ཟན་གྱི་རིགས་སུ་བཤད་པ་ལྟར། རྒྱལ་བ་ཉི་མའི་གཉེན་གྱི་ཚད་མེད་པའི་ཐུགས་རྗེའི་མངལ་ཁུར་ལས་ཐོན་པའི་གསུང་གི་སྣང་བསྩལ་བ་ལ་བརྟེན་ནས། བོད་ཆེན་པོའི་རྒྱལ་ཁམས་སུ་འཕགས་པ་རིགས་གསུམ་གྱི་མགོན་པོས་དྲི་མ་མེད་པའི་འདྲེན་བྱེད་ཀྱིས་གཟིགས་པ་ན། སྟོད་མངའ་རིས་ཀྱི་ཆ་ནི་གླང་པོ་ཆེ་དང་རི་དྭགས་ཀྱི་ཡུལ། བར་དབུས་གཙང་གི་ཆ་ནི་རི་དྭགས་དང་སྤྲེའུའི་ཡུལ། སྨད་མདོ་ཁམས་ཀྱི་ཆ་ནི་སྤྲེའུ་དང་བྲག་སྲིན་གྱི་ཡུལ། དེ་ཡང་སྟོད་གཡའ་རི་དང་གངས་རི། བར་བྲག་དང་སྤང་ལྗོངས། སྨད་རྩི་ཤིང་དང་ནགས་ཚལ་གྱི་ཡལ་ག་སྟུག་པོས་དབྱིག་འཛིན་གོས་སུ་ཀླུབས་པ་ལྟ་བུར་རྒྱུ་བའི་འགྲོ་བ་ཀུན་ཀྱང་སྲོག་གཅོད་སོགས་ངན་སོང་གི་རྒྱུ་ལ་བག་མེད་དུ་ལོངས་སྤྱོད་པའི་རྐྱེན་གྱིས་ཡུལ་གྲུ་དེ་དག་གི་འོག་ཏུ་མི་ཟད་པའི་དུཿཁའི་འབྱུང་གནས་དམྱལ་བའི་ལྕགས་ཀྱི་ཟ་མ་ཏོག་འདྲ་བའི་ནང་དུ་ལྷུང་བར་ཡེ་ཤེས་གཟིགས་པས་མཁྱེན་ནས་འཕགས་པ་རྣམ་གསུམ་བཀའི་བགྲོ་བ་ལས་ཐོག་མར་འཇིག་(༡༠བ)


GLG019_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དབང་ཕྱུག་གིས་འདུལ་བའི་ཕུལ་དུ་བྱུང་བའི་དགོངས་པ་ལ་བཞུགས་ཏེ་འཕགས་པ་ཕྱག་སྟོང་སྤྱན་སྟོང་གི་སྐུའི་རྣམ་པས་ལྷ་སའི་ཐད་ཀྱི་འཛིན་མའི་ངོས་སུ་བྱོན་པས་དམྱལ་བའི་གནས་ཀྱང་ཡིད་དུ་འོང་བའི་འཆི་མེད་བདག་པོའི་དགའ་བའི་ཚལ་ལ་སྐྱེངས་པ་སྟེར་བར་གྱུར་པ་ལྟ་བུའི་སྣང་བ་དང་བཅས་ཏེ་དེར་གནས་པའི་སྤྲིན་མགྲིན་ཕལ་ཆེར་ལྷའི་བདེ་བ་ལ་སྤྱོད་པར་དབུགས་དབྱུང་ནས། བོད་ཀྱི་འགྲོ་བའི་དོན་མཛད་པར་ཡང་དུད་འགྲོ་ནི་གླེན་ཞིང་གཏི་མུག་པའི་ངང་ཚུལ་ཅན་ལ་བླང་དོར་གྱི་གནས་ཚུལ་བཞིན་སྟོན་པའི་མཐུ་དམན་པས་མིའི་རིགས་སྤེལ་བར་དགོངས། འཕགས་པའི་ཐུགས་རྗེས་རིགས་བསྒྱུར་བའི་སྤྲེའུ་ཞིག་དང་། འཕགས་མ་སྒྲོལ་མའི་བྱིན་རླབས་ཀྱི་རི་དྭགས་གཟུགས་བརྙན་བློའི་ཟླ་གཞོན་དངས་པའི་ངོས་སུ་ཤར་བའི་བྲག་སྲིན་མོ་གཉིས་ཚོགས་པ་ལས་རིགས་དྲུག་ནས་ཚེ་འཕོས་པའི་སྤྱོད་ཚུལ་མི་འདྲ་བའི་ཕྲུག་གུ་དྲུག་བྱུང་བ་ཡང་། ཕ་རིགས་རྣམས་འཆར་སྒོ་མྱུར་ཞིང་སྙིང་རྗེ་ཆེ་བ་ཁོག་གྲིམས་པ། མ་རིགས་རྣམས་གདོང་དམར་སྡིག་ལས་ལ་བརྔམས་ཤིང་རོ་གྱོང་པ་བྱུང་བ་དེ་དག་ལས་རིམ་པར་འཕེལ་བས་བོད་མིའི་རྒྱལ་ཁམས་སུ་གྱུར་ཏེ། རུས་ཆེན་བཞི་ལས་གྱེས་པའི་ཁམས། ཡེ་སང་དཀར་པོ་གནམ་གྱི་འཇུ་ཐག་ཅན་དང་གཅིག །ཡེ་སྨོན་ནག་མོ་ཁྲོ་ཆུའི་ཕ་བོང་འདྲ་བ་དང་གཉིས། སྤྱང་ཁྲིག་ཡེ་ཤེས་ལྷའི་སྒྲོན་མེ་དང་གསུམ། མོན་རྫུ་ནག་པོ་ཁྱིའི་རྔ་ལྗང་ཅན་དང་བཞིར་དབྱེ་བ་བྱུང་། དེ་ཡང་རྒྱལ་ཕྲན་བསིལ་མ་མང་དུ་བྱུང་ཡང་འཕགས་པ་མཆོག་གིས་བྱིན་གྱིས་བརླབས་པ་མ་མཆིས་ཤིང་། ཁྱད་པར་འགྲོ་བ་ཡོངས་ལ་(༡༡ན)


GLG019_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་སྒྱུར་བའི་རྒྱལ་པོ་ཞིག་མེད་ན། རྒྱལ་བའི་བསྟན་པ་འབྱུང་དཀའ་བར་དགོངས་ནས། མང་པོས་བཀུར་བའི་བརྒྱུད་ལས་བྱུང་བའི་རྒྱལ་པོ་དམག་བརྒྱ་པ་ཞེས་བྱ་བ་ལས་སྲས་འཕགས་པས་བྱིན་རླབས་ཀྱི་བྱེད་པོས་མི་ལས་འདས་པ་ཞིག་བལྟམས་ཏེ། མིག་མས་འགྲིབས་སུ་ཡོད་པ། གཡུའི་སྨིན་མ་ཅན། སོ་དུང་སོ་འཁོར་མར་ཡོད་པ། ལག་པ་འཁོར་ལོའི་ཡན་ལག་ཅན་ལྟ་བུར་ཡོད་པའི་མཚན་ལྡན་ཞིག་བྱུང་བ། ཡབ་ཀྱིས་ལྷ་འདྲེའི་སྤྲུལ་པར་དགོངས་ནས་སྤྱུགས་པས། པད་དཀར་འཛིན་པའི་ཡེ་ཤེས་མཆོག་གི་འོད་ཟེར་གྱིས་སྣང་བ་བསྒྱུར་ནས། ལྷ་རི་གྱང་ཐོའི་རྩེ་ལ་བྱོན་ནས་གཟིགས་པས། ཡར་ཀླུང་གི་ཡུལ་ནི་མཐོ་རིས་ཀྱི་ཡོན་ཏན་ས་ལ་འཕོས་པ་ལྟར་བཟང་ཞིང་། ཡར་ལྷ་ཤམ་པོའི་གངས་རི་འདི་ལྷུན་པོའི་མཛེས་སྡུག་ལ་ཆགས་པའི་ཆུ་ཤེལ་གྱི་དབང་པོ་ཉ་གང་བས་འཁྱུད་པ་ལྟར་མཁྱེན་ནས། ལྷ་རི་རོལ་པོའི་རྩེ་ལ་གཤེགས་ནས་ལྷ་སྐས་ལ་བབས་ཏེ། བཙན་ཐང་སྒོ་གཞིར་ཞབས་ཟུང་གི་འཁོར་ལོ་བསྐྱོད་པས་བོན་པོ་སོགས་ཡོན་ཏན་ཅན་གྱི་མི་བཅུ་གཉིས་ཕྱུགས་སྐྱོང་བས་མཐོང་སྟེ་གང་ནས་འོངས་ཞེས་གཏམ་དྲིས་པར། མཁའ་ལ་མཛུབ་མོ་ཀེར་བས་ལྷ་ལས་ཆད་པར་གོ་ནས་བོད་ཁམས་ཀྱི་རྗེར་འོས་སོ་ཞེས་གཉའ་བར་ཁྲི་བྱས་བཏེག་ནས་འོངས་པས་རྗེ་གཉའ་ཁྲི་བཙན་པོར་གྲགས་ལ། དེབ་སྔོན་དུ་ཁྲི་བཙན་པོ་འོད་ལྡེ་ཞེས་པ་དང་དོན་གཅིག །རྗེ་འདིས་ཕོ་བྲང་ཡུམ་བུ་བླ་སྒང་བརྩིགས། ཚེ་མི་གཤེན་གྱི་རྨུ་རྒྱལ་གྱི་དོན་བསྒྱུར། ང་དང་གནམ་མུག་མུག་གི་སྲས་མུ་ཁྲི་བཙན་པོ། དེ་དང་ས་དིང་དིང་གི་སྲས་(༡༡བ)


GLG019_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དིང་ཁྲི་བཙན་པོ། དེ་དང་སོ་ཐམ་ཐམ་གྱི་སྲས་སོ་ཁྲི་བཙན་པོ། དེ་དང་དོག་མེར་མེར་གྱི་སྲས་མེར་ཁྲི་བཙན་པོ། དེ་དང་གདགས་ཀྱི་ལྷ་མོ་དཀར་མོའི་སྲས་གདགས་ཁྲི་བཙན་པོ། དེ་དང་སྲིབ་ཀྱི་ལྷ་མོའི་སྲས་སྲིབ་ཁྲི་བཙན་པོ། འདི་རྣམས་རྨུ་ཐག་ལ་བྱས་ནས་མཁའ་ལ་ཡལ་བས་བང་སོ་མེད་པར་གྲགས་ཤིང་། གནམ་གྱི་ཁྲི་བདུན་ནོ། །སྲིབ་ཁྲི་བཙན་པོ་དང་། ས་བཙུན་རླུང་རྗེའི་སྲས་གྲི་གུམ་བཙན་པོ། དེ་དང་ཀླུ་བཙན་མེར་ལྕམ་ལ་སྲས་གསུམ་བྱུང་ཡང་། བློན་པོ་ལོ་ངམ་དང་འཐབས་པས་རྒྱལ་པོ་བཀྲོངས། བོད་དུ་ཁྲབ་ཀྱི་ཐོག་མ་འདིའི་དུས་སྨར་ཁམས་ནས་བླངས། སྲས་རྣམས་ཡབ་མེས་ཀྱི་དཀོར་མཛོད་ནས་རྟེའུ་གླང་རུ་དཀར་ཞེས་པའི་གླང་འཕུར་ཤེས་ལ་ཞོན་ནས་ཀོང་པོའི་ཕྱོགས་སུ་བྲོས་ཤིང་ཡུག་ཅིག་བློན་པོས་རྒྱལ་སྲིད་བཟུང་། མི་རིང་བར་རྒྱལ་པོའི་བཙུན་མོ་དང་ཡར་ལྷ་ཤམ་པོའི་སྤྲུལ་པ་ཅིག་འདུས་པ་ལས་བྱུང་བའི་བློན་པོ་རུ་ལས་སྐྱེས་ཀྱི་ལོ་ངམ་བསད་དེ། སྲས་བྱ་ཁྲི་རྒྱལ་སར་བསྐོས། རྗེ་གྲི་གུམ་ནས་རྨུ་ཐག་ཆད་པས་བུར་བྱུང་བ་ཟངས་ཀྱི་གའུར་བཅུག་སྟེ་ལྕགས་གཟེར་བཏབ་ནས་ཆུ་ལ་བསྐྱུར་བ་ཀོང་ཆུ་རླག་ཏུ་ཁྱེར་བ་ཆུ་སྲིན་བྱེ་མ་ལག་རིང་གིས་བརྙེད་ནས་ཇོ་མོར་ཕུལ་བ་མཛོད་དུ་སྦས་པ་ལས་བཏོན་ནས། འཕྱིང་ཡུལ་དར་ཐང་དུ་བང་སོ་བརྩིགས་དེ་བང་སོའི་ཐོག་མ་ཡིན་ཞིང་། ཡུམ་གྱིས་ལྷ་ལ་དམོད་བོར་བས་ནམ་མཁའ་ནས་ཁྱོད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་འགྱུར་རོ་ཞེས་པའི་སྒྲ་བྱུང་བས་བྱ་ཁྲིའི་མཚན་ལ་སྤུ་དེ་གུང་རྒྱལ་ཟེར། ཡབ་ཀྱི་རིང་ལ་ཞང་ཞུང་དང་། བྲུ་ཤའི་གཤེན་གྱི་དུར་བོན་བྱུང་ཞིང་། སྲས་ཀྱི་རིང་ལ་སྐུ་མཁར་ཕྱིང་བ་སྟག་རྩེ་བརྩིགས། སྒྲུང་དང་ལྡེའུ་གནམ་(༡༢ན)


GLG019_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བོན་གཤེན་པོ་ཆེ་བྱུང་། རུ་ལས་སྐྱེས་དང་སྲས་ལྷ་བུ་མགོ་དཀར་ཏེ་བློན་པོ་གཉིས་ཀྱི་རིང་། ཆུ་ཡུར་བར་དྲངས། སྤང་ཞིང་དུ་རྨོས། རྡོ་བཞུ་བས་དངུལ་ཟངས་ལྕགས་གསུམ་བཏོན། ཆུ་ལ་ཟམ་པ་བཙུགས། རྒྱལ་པོ་དེ་དག་བར་གྱི་སྟེང་གཉིས་ཡིན། བང་སོ་གཡའ་དང་རྫ་ལ་བཏབ་བོ། །སྤུ་དེ་གུང་རྒྱལ་དང་བོམ་ཐང་རྨང་མཉའི་སྲས་ཨེ་ཤོ་ལེགས། དེ་དང་རྨུ་ལྕམ་བྲ་མ་ནའི་སྲས་དེ་ཤོ་ལེགས། དེ་དང་ཀླུ་སྨན་མེར་མོའི་སྲས་ཐི་ཤོ་ལེགས། དེ་དང་བཙུན་མོ་གུར་སྨན་གྱི་སྲས་གུ་རུ་ལེགས། དེ་དང་མཚོ་སྨན་འབྲོང་མའི་སྲས་འབྲོང་ཞི་ལེགས། དེ་དང་སྨན་བུ་མོའི་སྲས་ཨི་ཤོ་ལེགས། དེ་རྣམས་སའི་ལེགས་དྲུག་སྟེ་བང་སོ་གཡའ་སྤང་མཚམས་སུ་བཏབ་བོ། །ཨི་ཤོ་ལེགས་དང་རྨུ་ལྕམ་སྨིན་ལེགས་ཀྱི་སྲས་ཟ་ནམ་ཟིན་ལྡེ། དེ་དང་མཚོ་སྨན་ཁྲི་དཀར་གྱི་སྲས་ལྡེ་འཕྲུལ་ནམ་གཞུང་བཙན། དེ་དང་སེ་སྙན་མང་མའི་སྲས་སེ་སྣོལ་གནམ་ལྡེ། དེ་དང་ཀླུ་མོ་མེར་མའི་སྲས་སེ་རྣོལ་པོ་ལྡེ། དེ་དང་འོ་མ་སྟེ་མོ་མཚོའི་སྲས་ལྡེ་སྣོལ་ནམ། དེ་དང་ཁྲི་སྨན་རྗེ་མའི་སྲས་ལྡེ་རྣོལ་པོ། དེ་དང་སེ་བཙུན་གཉན་རྗེའི་སྲས་ལྡེ་རྒྱལ་པོ། དེ་དང་སྨན་བཙུན་ལུག་སྒོང་གི་སྲས་ལྡེ་སྤྲིན་བཙན། དེ་དག་ལྡེ་བརྒྱད་དེ་བང་སོ་ཆུ་བོའི་གཞུང་ལ་བཏབ་བོ། །ལྡེ་སྤྲིན་བཙན་དང་ཉི་བཙུན་མང་མ་རྗེའི་སྲས། རྒྱལ་ཏོ་རི་ལོང་བཙན། འདི་ཡན་ཆད་ཀྱི་རྒྱལ་པོ་རྣམས་ལྷ་ཀླུའི་བུ་མོ་འབའ་ཞིག་བཙུན་མོར་བསྟེན་པས་ཡུམ་རྣམས་གྲོངས་པའི་ཚེ་བུར་མ་བྱུང་ཞིང་། འདི་མན་ནས་འབངས་དང་གཉེན་བསྲེས་ཏེ། རྒྱལ་ཏོ་རི་ལོང་བཙན་དང་འོ་མ་ལྡེ་བཟའ་ཁྲི་བཙུན་བྱང་མའི་སྲས་སུ་ཁྲི་(༡༢བ)


GLG019_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་ནམ། དེ་དང་སྨན་བཟའ་ཁྲི་དཀར་གྱི་སྲས་ལ་ཁྲི་སྒྲ་དཔུང་བཙན། དེ་དང་སྨན་བཟའ་ཀླུ་སྟེང་གི་སྲས་ཁྲི་ཐོག་རྗེ་བཙན་ཏེ་གདུང་རབས་ཉེར་བདུན་གྱི་རིང་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་པ་ཡིན་ནོ། །སྨྲས་པ། ཕྱག་ན་པདྨའི་གསང་བ་གསུམ་གྱི་ངོས། །བསིལ་ལྡན་ལྗོངས་འདིའི་རྗེ་འབངས་རི་མོའི་གར། །བློ་གསལ་ཡིད་ངོར་བསྒྱུར་བའི་གཏམ་གྱི་དཔྱ། །ལོ་རྒྱུས་ཟོང་གིས་བསྒྲུབ་པའི་སྐལ་བར་བྱིན། །སྟོབས་དང་ལོངས་སྤྱོད་འཁྱོག་པོའི་ཡལ་ག་དེ། །བླུན་རྨོངས་ཚང་ཚིང་ཁོང་ན་མང་མཆིས་ཀྱང་། །ཕྲ་ལྡེམ་གཉེན་ལྕུག་དྲི་བཟང་ཕོན་པོ་ཅན། །ཤེས་ལྡན་མ་ལ་ཡ་དབུས་གཡུར་ཟ་ལྡེམ། །མྱང་ན་དངར་བའི་དཔལ་སྟེར་ཞིམ་པའི་རོ། །ཡིག་ཚང་སྦྲང་རྩིའི་བཅུད་ཀྱི་ཉིང་ཁུ་ཅན། །འཆལ་གཏམ་མྱོས་བྱེད་རྫས་ཀྱིས་མ་བསླད་པར། །རྐང་དྲུག་མཛོད་ཀྱི་གླེགས་བུ་རྨད་དུ་བྱུང་། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཡན་ཆད་དུ་དོན་གྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི་མཐུ་ཕུལ་དུ་བྱུང་བ་ལས་བསྐྲུན་པའི་རྒྱལ་རིགས་ཤ་སྟག་ཀྱང་གནས་སྐབས་སུ་ཆོས་ལྡན་གྱི་རྒྱལ་པོ་མ་བྱུང་ཞིང་། འདི་ནས་དམ་པ་ཆོས་ཀྱི་དབུ་བརྙེས་པ་ཡིན་པས། ཁྲི་རྗེ་ཐོག་བཙན་དང་། རུ་ཡོང་བཟའ་སྟོང་རྒྱལ་ན་མོ་ཚོའི་སྲས་སུ་དཔལ་དགེ་ལེགས་ཀུན་ཏུ་འབར་བའི་བཟང་པོའི་སྣང་བ་ཅན་གྱི་རྣམ་འཕྲུལ། ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས་ཏེ། རྒྱལ་པོ་འདིའི་རིང་ལ་ཕོ་བྲང་ཡུམ་བུ་བླ་སྒང་གི་ཡང་ཐོག་གི་སྟེང་དུ་སྤང་ཀོང་ཕྱག་རྒྱ་པ། གསེར་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ། ཙིནྡྷ་མ་ཎིའི་སྐོར་ཕོར་(༡༣ན)


GLG019_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མཁའ་ལས་བབས་ཏེ། གདུང་རབས་ལྔ་ནས་འདིའི་དོན་ཤེས་པ་འབྱུང་བའི་ལུང་བསྟན་གྱི་སྒྲ་ནམ་མཁའ་ལས་བསྒྲགས་པས། ངོ་མི་ཤེས་པ་ལྟར་བཅོས་ཀྱང་། ངོ་མཚར་དུ་བཟུང་ནས། ཕོ་བྲང་གི་དཀར་ཁང་དུ་མིང་གཉན་པོ་གསང་བར་བཏགས་ནས་མཆོད་པ་དང་བཅས་ཏེ་བཞུགས་སུ་གསོལ་བའི་མཐུས་རྒྱལ་པོ་དགུང་ལོ་བརྒྱད་ཅུ་པ་སླར་ན་ཚོད་དར་ལ་བབས་པའི་ལང་ཚོ་ལྟར་ཡ་མཚན་དུ་གྱུར་ཅིང་། ཡོངས་སུ་བསྒྲིལ་བས་ལོ་བརྒྱ་ཉི་ཤུའི་བར་དུ་བཞུགས་སོ། །དེབ་སྔོན་དུ་ནེལ་པ་པཎྜི་ཏའི་ལུགས་དང་སྦ་བཞེད་གཙང་མ་གུང་བསྒྲིགས་པ་མཁས་པའི་གསུང་ཡིན་ཀྱང་། ནེལ་པ་པཎྜི་ཏས་ནམ་མཁའ་ལས་བབས་པ་མི་འཐད་པར་སྨྲ་བ་ནི་བློ་ཆུང་གི་གཏམ་སྟེ། བསྟན་པའི་དབུ་བརྙེས་པའི་རྟེན་འབྲེལ་དུ་འཕགས་པའི་གང་ཟག་གི་སྤྲུལ་པ་དང་ཐུགས་རྗེ་བསམ་ལས་འདས་པས་སོ། །དེ་རྣམས་ལ་བཙན་ལྔར་གྲགས་ཤིང་བང་སོ་ཕྱིང་ལུང་དར་ཐང་དུ་བཏབ་བོ། །བཙན་པོ་དེ་དང་རྣོ་ཟ་མང་པོ་རྗེའི་སྲས་ཁྲི་གཉན་གཟུང་བཙན་ཏེ་བང་སོ་དོན་མཁར་མདར་བརྩིགས། དེ་དང་འབྲོང་བཟའ་མོ་དུར་ཡངས་གཞེར་ལ་སྲས་འགྲོ་གཉན་ལྡེའུ་སྟེ་བཙུན་མོ་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་ཁབ་ཏུ་བཞེས་པས་དེ་ཀླུའི་རིགས་ཡིན་པས་སྦལ་པའི་རོ་མར་ཁུར་བཙོས་པའི་ཟ་མའི་རིགས་མཛོད་ཕུགས་སུ་བཞག་པ་གཟིགས་པས་རྣམ་པར་རྟོག་པའི་དབང་དུ་གྱུར་ནས་སྙུན་དུ་ཀླུ་ནད་ཀྱིས་ཐེབས་ཤིང་སྲས་ཀྱང་དམུས་ལོང་ཞིག་བྱུང་བས་མིང་དམུས་ལོང་དཀོན་པ་བཀྲ་ཞེས་བཏགས་པ་ལ་ཞལ་ཆེམས་སུ། བསམ་པ་བཟང་པོ་གསེར་དང་འདྲ་བ་སྟེ། །བཟང་པོའི་གྲོས་ནི་བདུད་(༡༣བ)


GLG019_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ཡིན་ཞེས་ཉོན། །ངན་པ་རྣམས་ཀྱང་མེ་དང་འདྲ་བས་གསོས། །མི་ཆོས་རྟོག་པ་ཡིན་གྱི་རྣམ་རྟོག་སྐྱུངས། ཁྱོད་ཡབ་མེས་ཀྱི་གཉན་པོ་གསང་བར་མཆོད་པ་གྱིས། །འ་ཞའི་ཡུལ་ནས་སྨན་པ་བོས་ལ་མིག་ཕྱེ། མིག་མ་བྱུང་ན་སུམ་པའི་ཡུལ་ན་བོན་པོ་ཞིག་གི་ཆུང་མ་རྒྱ་མོ་རྒྱ་ལྕམ་བྱ་བ་ལ་ནུབ་ཅིག་འགྲོགས་པའི་ཤག་མོ་ཙམ་པ་ལ་སྐྱེས་པའི་སུམ་རི་རིང་མོ་བྱ་བ་ཡོད་པས་དེ་བོས་ལ་གཅེན་ཆོལ་རྒྱལ་སར་ཆུག་གསུངས་ནས་བང་སོ་ཞིང་མདར་བརྩིགས་པ་ཡབ་ཡུམ་གསོན་པོར་བཞུགས་སྐད་དོ། །དེ་ནས་སྲས་ཀྱིས་ཡབ་ཀྱི་གསུང་བཞིན་བྱས་པས་མིག་བྱེ་སྟེ། སྐྱིད་ཤོད་སྟག་མོ་རི་ལ་གཉན་འདུག་པ་གཟིགས་པས་སྟག་རི་གཉན་གཟིགས་སུ་གྲགས། བང་སོ་དོན་མཁར་མདའ་རུ་བརྩིགས་སོ། །རྗེ་དེ་དང་འོལ་གོང་བཟའ་སྟོང་བཙུན་འགྲོ་དཀར་གྱི་སྲས་གནམ་རི་སྲོང་བཙན་ཏེ་འདིའི་རིང་ལ་རྒྱ་ནས་རྩིས་དང་སྨན་བྱུང་ཞིང་། བ་དམར་མོའི་འོ་མས་སྤྲུས་པའི་འཇིམ་པ་ལས་བརྩིགས་པའི་ཕོ་བྲང་ཁྲི་བརྩེགས་འབུམ་གདུགས་ཞེས་བྱ་བ་བརྩིགས། བྲག་གསུམ་ལྡིང་མའི་མཚོ་འགྲམ་ནས་རྟ་མདོ་ཝ་ཅང་ཤེས་བརྙེད་པར་ཆིབས་ནས། ཕུང་གཡག་ཐལ་དཀར་རུ་རིང་ཞེས་བྱ་བའི་འབྲོང་བསད་པའི་ཤ་སྒ་ལ་བཏགས་པ་ས་ལ་ལྷུངས་པ་ལས་ཚྭ་རྙེད། བང་སོ་དོན་ཁར་མདར་བརྩིགས་པ་ཡིན་ནོ། །སྨྲས་པ། གསང་བའི་མཛོད་འཛིན་རྒྱལ་སྲས་མཆོག་གི་ལེགས་པར་བྱས་པའི་གྲུ་གཟིངས་ཀྱིས། །ཐབས་མཁས་འཕྲུལ་གྱི་སྒོ་འཕར་ལས་འོངས་གཉན་པོ་གསང་བའི་ཡིད་བཞིན་གྱི། །ནོར་བུ་དབང་རྒྱལ་བོད་འབངས་ཡོངས་ཀྱི་རྒྱལ་མཚན་རྩེ་མོར་ལེགས་འགོད་པའི། །སྐལ་པ་(༡༤ན)
མཆོག་གི་དབྱངས་སུ་ལེན་འདི་དྲི་ཟའི་རྒྱུད་ལ་རྣམ་པར་འཁུ། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousགངས་རིས་བསྐོར་བའི་ལྗོངས་འདིར་རྒྱལ་བའི་འཕྲིན་ལས་འཇུག་ཚུལ་ལས་གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་བརྗོད་པ།next