Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

61 occurrences of ཆུ་བཟང་
[Clear Hits]


  
10  collapse section
  
 
 
 
 
  
འོད་སྲུང་ནས་བརྒྱུད་པའི་མངའ་རིས་སྟོད་ཀྱི་རྒྱལ་རབས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་པ་སོགས་ཀྱི་སྐོར།
 
 
  
 
 
 
46  expand section


61 occurrences of ཆུ་བཟང་
[Clear Hits]

 
previousའོད་སྲུང་ནས་བརྒྱུད་པའི་མངའ་རིས་སྟོད་ཀྱི་རྒྱལ་རབས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་པ་སོགས་ཀྱི་སྐོར།next

འོད་སྲུང་ནས་བརྒྱུད་པའི་མངའ་རིས་སྟོད་ཀྱི་རྒྱལ་རབས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་པ་སོགས་ཀྱི་སྐོར།


GLG019_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྲུང་ནས་བརྒྱུད་པའི་མངའ་རིས་སྟོད་ཀྱི་རྒྱལ་རབས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་པ་སོགས་ཀྱི་སྐོར།དེ་ནས་མི་རིང་བར་གྱེན་ལོག་བྱུང་སྟེ། དེ་ཡང་གྱེན་ལོག་ནི། ནམ་མཁའ་ལ་བྱ་གཅིག་འཕུར་བར་བྱ་གཞན་མང་པོ་འདུས་ཏེ་གནོད་པ་བྱེད་པར་དཔེ་བྱས། །ཐོག་མར་ཁམས་ནས་ལོག །དེ་ཡང་རྐྱེན་བློན་པོ་བྲན་ཁ་དཔལ་ཡོན་ཉེས་མེད་དུ་ཁྲིམས་ལ་སྦྱར་བའི་རྐྱེན་གྱིས་གནོད་སྦྱིན་དུ་སྐྱེས་ནས་བསྐུལ་བ་པོ་བྱས་ཏེ་ལྷ་འདྲེ་གདུག་(༤༦བ)


GLG019_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་དུ་མས་མི་རྣམས་བརླམས་པར། བུ་སྟོན་གྱིས་མཛད་པའི་བསྟན་བཅོས་རིན་ཅེན་བང་མཛོད་དུ་བཤད་ཅིང་། གྱེན་ལོག་གི་རྗེས་སུ་བང་སོ་ཕལ་ཆེར་ཀྱང་བྲུས་ཏེ་བཤིག་གོ །དེ་ལྟར་ཡུམ་བརྟན་གྱི་བརྒྱུད་པ་སྐྱིད་གཡོར་ཀུན་ལ་ཤིན་ཏུ་མང་ཞིང་། འོད་བསྲུངས་གཤེགས་པའི་བང་སོ་འཕྲུལ་རྒྱལ་གྱི་རྒྱབ་ཏུ་བརྩིགས། དེ་ནས་བང་སོ་རྩིག་པའི་སྲོལ་ནུབ་ཅིང་། དེའི་སྲས་མངའ་བདག་དཔལ་འཁོར་བཙན། དེ་ལ་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་། ཁྲི་ཀྱི་ལྡེ་ཉི་མ་མགོན་གཉིས་འཁྲུངས། ཉ་མ་མགོན་གྱིས་མངའ་རིས་སུ་བྱོན་ཏེ་ཆབ་སྲིད་བཟུང་། སྲས་གསུམ་བྱུང་བའི་ཆེ་བ་དཔལ་ལྡེ་རིག་པ་མགོན་གྱིས་མང་ཡུལ་བཟུང་། བར་པ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་རངས་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་། ལྡེ་གཙུག་མགོན་ལ་སྲས་ཁོ་རེ་དང་། ཀྲོང་ངེ་གཉིས་བྱུང་བའི། གཅེན་གྱིས་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་འོད་དུ་གྲགས། འདིའི་དུས་བསྟན་པ་སྒ་དར་ཉམས་ཏེ་པཎྜི་ཏ་འབྱོན་པའི་སྲོལ་ནུབ་ནས་ཡུན་རིང་བར་སོང་ཞིང་དུས་དེར་བལ་པོ་སླེ་རུ་རྩེ་བྱ་བའི་ལོ་ཙཱ་མཁས་པ་ཞིག་གིས་པཎྜི་ཏ་ཕྲ་ལ་རིང་བ་དང་། པཎྜི་ཏ་སྨྲྀ་ཏི་གཉིས་གདན་དྲངས་ཏེ་འོངས་པས། ལོ་ཙཱ་བ་ཤི །པཎྜི་ཏ་གཉིས་ཀྱིས་བོད་སྐད་མི་ཤེས་པས་ཡུན་རིང་པོར་འཁྱམས། སྨྲྀ་ཏིས་རྟ་ནག་ཏུ་ལུག་རྫི་མཛད། འོན་ཀྱང་རིང་མོ་ཞིག་ནས་མཁས་པ་འདྲ་དང་ཕྲད་པས་གཉིས་ཀས་ཁམས་སུ་བྱོན་ཏེ་བཤད་ཉན་གྱི་འཕྲིན་ལས་འགའ་ཞིག་བྱུང་། སྨྲྀ་ཏིས་སྨྲ་སྒོ་མཚོན་ཆར་གྲགས་པའི་བསྟན་བཅོས་མཛད་དོ། །ལར་ནི་དུས་སྐབས་དེ་དག་ཏུ་ཡང་བོད་སྟོན་གསུང་རབ་ཀྱི་གནས་ལ་བལྟ་བའི་མིག་དང་བྲལ་(༤༧ན)


GLG019_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དྲེགས་ལྡན་བླུན་པོ་དག་ལ་བཀུར་ཞིང་། པཎྜི་ཏ་སྨྲི་ཏི་ལྟ་བུའི་མཁས་པ་ཡང་རྫི་བོ་སོགས་ངན་པའི་ལས་འཚོལ་བ་འདི་དག་ལ་དཔགས་ཀྱང་། རྗེ་བཙུན་ས་པཎ་གྱིས། ཙུ་ཏའི་ཡུལ་དུ་ཕྱིན་པ་ན། །རྐང་གཉིས་པ་ལ་མིར་མི་རྩི། །ཞེས་དང་། ཙན་དན་གསེར་ལས་རིན་ཆེ་བ། །བླུན་པོས་སོལ་བར་བྱས་ཞེས་གྲགས། །ཞེས་གསུང་བ་ཐུགས་མེད་པར་སྣང་ངོ་། །ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་སྤྱན་དྲངས་ནས་འདུལ་བའི་བཤད་པ་དང་ལག་ལེན་རྒྱས་པར་མཛད། སློབ་མ་པཱ་ལ་རྣམ་གསུམ་བྱུང་བ་སྟོད་འདུལ་བར་གྲགས། ཁོ་རེའི་སྲས་ལྷ་ལྡེས་པཎྜི་ཏ་སུ་བྷུ་ཏི་ཤྲཱི་ཤཱནྟི་གདན་དྲངས་ནས་ཤེར་ཕྱོགས་ཀྱི་བསྟན་བཅོས་མང་དུ་བསྒྱུར། ལོ་ཆེན་རིན་ཅེན་བཟང་པོ་དབུའི་མཆོད་གནས་སུ་མཛད་ཅིང་། ལོ་ཙཱ་བ་འདི་གུ་གེའི་སའི་ཆར་སྙུང་ཝཾ་རཏྣ་དུ་ཞེས་བྱ་བར་འཁྲུངས་ཤིང་། ལོ་གཉིས་ལོན་པའི་ཚེ་དབྱངས་གསལ་གྱི་སྔགས་གསུང་ཞིང་ས་ལ་རི་མོ་འབྲི་བ་སོགས་ཚེ་རབས་སྔོན་མ་རྣམས་སུ་བློན་པོ་ལུག་ལྟ་བུའི་སྐྱེ་བ་མ་ཡིན་པར་མཁས་པ་པཎྜི་ཏ་རིམ་པར་བརྒྱུད་པའི་མཛད་པ་ངོ་མཚར་བ་བསྟན། ཁྱད་པར་རྒྱ་གར་དུ་འབྱོན་པའི་བསྐུལ་མ། པཎྜི་ཏ་བསོད་སྙོམས་པ་ཅིག་གིས་རྒྱ་དཔེ་ཀློག་མ་མཁྱེན་པས་ཐུགས་ཕྱུང་ནས། ཤིང་གི་གྲིབ་མ་ལ་གཟིམས་པའི་མནལ་ལམ་དུ་མཁའ་འགྲོའི་རྟགས་ལྡན་གྱི་བུད་མེད་ཅིག་གིས། སྲིན་བུའི་ཁ་ཆུས་རང་ལུས་བཅིངས་པ་ལྟར། །ཡུལ་ལ་ཞེན་པས་བདུད་ཀྱི་རྒྱ་རུ་ཚུད། །དེ་འདྲ་ཐར་བར་འདོད་པའི་མི་སུ་དག །བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཕྱིན་ནས་ཀྱང་། །རྒྱ་གར་ཤར་ནུབ་ཆུ་བཞིན་མྱུལ་ནས་(༤༧བ)


GLG019_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དམ་ཆོས་རྒྱ་མཚོ་བོད་དུ་བསྒྱུར་ན་བདེ། །ཞེས་པའི་ལུང་བསྟན་བྱུང་བས་རྐྱེན་བྱས་ཏེ། དཀའ་སྤྱད་དུ་མས་ཁ་ཆེར་བྱོན། ཀ་ལ་ཝ་རི་བྱ་བའི་གྲོང་དུ་སླེབ། བྲམ་ཟེ་ཞིག་གིས་ཕྱག་གི་རི་མོ་བལྟས་ཏེ་ཤིས་པ་བརྗོད། རྐང་མགྱོགས་ཡིད་བཞིན་ནོར་བུ་བསམ་འཕེལ་བྱ་བ་ལ་བརྟེན་ནས་གྲོང་ཁྱེར་ཏ་མ་ལ་སནྟིར་བྱོན་ནས། པཎྜི་ཏ་ཤྲདྷ་ཀོ་ར་ཝརྨ་དང་མཇལ་ཏེ། ཡོ་གའི་རྒྱུད་སྒྲུང་ཐབས་རྣམས་གསན་ཅིང་བསྒྱུར། པཎྜི་ཏ་གཞན་མང་པོ་ལའང་སྒྲོ་འདོགས་བཅད་དེ་བོད་དུ་འབྱོན་པར་བཞེད་པའི་ཚེ། རྨི་ལམ་གྱི་ལྟས་ལ་བརྟེན་ནས་པཎ་ཆེན་ནཱ་རོ་པ་དང་། ཀ་མ་ལ་གུཔྟ། ཛི་ན་མི་ཏྲ་སོགས་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་དཔག་ཏུ་མེད་པ་གསན། མདོར་ན་པཎྜི་ཏའི་བླ་མ་ཡང་བདུན་ཅུ་རྩ་ལྔ་བསྟེན་པས་གསུང་རབ་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་སོན་ཅིང་བསྟན་པ་ཕྱི་དར་ལ་སྐད་གཉིས་སྨྲ་བ་འདི་ཉིད་འགྲན་ཟླ་ཐམས་ཅད་དང་བྲལ་བས། མཁས་པའི་དབང་པོ་ཡེ་བཟང་རྩེ་པས་ཀྱང་བསྟན་པ་སྔ་དར་ལས་ཕྱི་དར་སྔགས་ཀྱི་བསྟན་པ་བོད་དུ་དར་བ་ཡང་། ལོ་ཙཱ་བ་འདི་ཁོ་ནའི་བཀའ་དྲིན་ཡིན་ཞེས་ཆེ་བ་མཛད་པ་ཡིན་ནོ། །ལྷ་ལྡེ་ལ་སྲས་འོད་ལྡེ། ཞི་བ་འོད། བྱང་ཆུབ་འོད་དང་གསུམ་ལས། ཆུང་བ་དགེ་སློང་བྱང་ཆུབ་འོད་བྱ་བ། ཕྱི་ནང་གི་ཆོས་དང་ལོ་ཙཱ་ལ་ཤིན་ཏུ་མཁས་པ་ཞིག་བཞུགས་ཤིང་། དེ་ཡང་ཡེ་ཤེས་འོད་རང་གི་གཅུང་ལ་རྒྱལ་སྲིད་གཏད་ཟིན་ཀྱང་། གར་ལོག་དང་འཐབ་པའི་དམག་དཔོན་དུ་བྱོན་པས་གཡུལ་ཕམ་སྟེ་བཙོན་དུ་ཤོར་བ་ན། གར་ལོག་གིས། དཀོན་ཅོག་གི་སྐྱབས་འགྲོ་འདོར་རམ། ལུས་ཀྱི་ལྗིད་དང་མཉམ་པའི་གསེར་གང་ཡང་རུང་བ་བྱུང་ན་ཕྱིར་གཏོང་ཞེས་པདྨ་ཁ་བྱུང་(༤༨ན)


GLG019_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བས། དབོན་སྲས་རྣམས་ཀྱིས་གསེར་མང་དུ་བཙལ་ཀྱང་ཡུན་དུ་འགོར་ཞིང་། ཡེ་ཤེས་འོད་ཀྱིས་གསུང་ལས། ད་ངེད་ན་ཚོད་མཐོན་པོར་གྱུར་པས་འདི་ནས་ཐོན་ཀྱང་བསྟན་འགྲོ་ལ་ཕན་པར་དཀའ་བས། གསེར་རྣམས་ཀྱིས་པཎྜི་ཏ་སྤྱན་དྲོངས་ལ་ཆོས་དར་བར་བྱེད་པའི་བཀའ་གནང་སྟེ། མི་རིང་བར་གྲོངས། ལས་ཆེན་ཀུན་རྒྱལ་བས། ལྷ་བླ་མ་ཡེ་ཤེས་འོད་གསེར་འཚོལ་དུ་བྱོན་པ། གར་ལོག་གིས་བཙོན་དུ་བཟུང་བར་བཤད་པ་ནི། སྐྱེ་བོ་ཕལ་པ་ནོར་སློང་བ་ལྟ་བུའི་རྣམ་པར་ཤར་བ་བློ་གྲོས་དམན་པ་སྟེ། འདི་ཉིད་མངའ་རིས་ཀྱི་བཙད་པོ་ཆེན་པོ་ཡིན་པས། རྒྱུ་མཚན་ཞིབ་ཏུ་མ་དཔྱད་པའི་སྐྱོན་ནོ། །དུས་སྐབས་དེ་དག་ཏུ་རྔ་ལ་ཞོན་ནས་ནམ་མཁའ་ལ་འཕུར་ཐུབ་པའི་རྫུ་འཕྲུལ་ཅན། ཨ་ར་མོ་བན་དྷེ་བཅོ་བརྒྱད་སོགས་ཀྱི་ལུགས་འཛིན་དུ་མས་སྐྱེ་བོ་མཚོན་གྱིས་གསོད་པ་དང་། ཤ་ཆང་བུད་མེད་བག་མེད་དུ་སྤྱོད་པ་དང་། འདུལ་བའི་བསྟན་པ་ཡང་གོང་དུ་བླ་ཆེན་པོ་སོགས་ནས་བརྒྱུད་དེ་དར་རྒྱས་ཆེ་བར་ཡོད་ནའང་། བསྟན་པ་སྔ་དར་གྱི་པཎྜི་ཏའི་ཕྱག་སྲོལ་ཕལ་ཆེར་ཉམས། གསར་དུ་པཎྜི་ཏ་ཚད་ཐུབ་མང་དུ་མ་བྱོན་པ་སོགས་ཀྱིས། བོད་སྟོན་རྣམས་ཀྱིས་སོ་སོའི་འདོད་སྦྱར་གྱི་ལུགས་རེ་བྱས་པས། བསླབ་བྱའི་གནས་ཕྲ་ཞིང་ཞིབ་པ་མཐའ་དག་ལུང་སྡེ་བཞི། དེ་དག་གི་འགྲེལ་པ་དང་བཅས་པའི་དགོངས་པ་བཞིན་འཕགས་ཡུལ་མཁས་པའི་ལུགས་དང་མཐུན་པ་ཞིག་མེད་པར་མཁྱེན་ནས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས། གངས་ཅན་གྱི་ལྗོངས་འདིར། ལོག་པར་རྟོགས་པའི་ཚུལ་མིན་གྱི་མུན་པ་དྲངས་ནས་ཕྱུང་བར་བྱ་བའི་གནས་ལྔ་མཁྱེན་པ་(༤༨བ)


GLG019_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ལྗང་གི་དབང་པོ་ལྟ་བུ་ཞིག་སྤྱན་དྲང་བར་དགོངས་སོ། །འོན་ཀྱང་ལས་ཆེན་ཀུན་རྒྱལ་བས། ཨ་ཙརྱ་དམར་པོས་གསང་སྔགས་ཐིག་ལེའི་སྐོར་བསྒྱུར་ནས་རབ་བྱུང་དུ་མ་ཁྱིམ་པར་ཕབ་པས་ཆོས་ལོག་མཁན་པོ་ཡིན་ཞེས་སྨྲ་བ་ནི། པཎྜི་ཏ་རང་གི་རྟོགས་པའི་ཡོན་ཏན་གྱི་དོད་མ་མཉམ་པའི་རབ་ཏུ་བྱུང་བ་འགའ་ཞིག་སྔགས་ཀྱི་དེ་ཁོ་ན་ཉིད་མ་རྟོགས་པར་འཆལ་བའི་སྐྱོན་བྱུང་བ་བདེན་ནའང་། པཎྜི་ཏ་གསང་བ་ཤེས་རབ་ལྟ་བུའི་གྲུབ་པའི་དབང་ཕྱུག་ཆོས་ལོག་མཁན་པོ་ཞེས་ངན་སྨྲས་བྱེད་པ་ནི། རང་ཉིད་ངན་སོང་མུ་མཐའ་མེད་པར་བསྒྲུབ་པའི་རྒྱུ་ཡིན་པས་ཤེས་ལྡན་རྣམས་བག་ཡོད་པར་བྱོས་ཤིག །སྨྲས་པ། ཡིད་སྲུབས་བྱེད་པའི་དཔུང་གི་སྔོ་བསངས་མའི། །བདེ་སྲིད་རྣམ་པར་བཞད་པའི་འདབ་སྟོང་ཚལ། །ཟུམ་ཚེ་སླར་ཡང་སྐལ་བཟང་རྟ་བདུན་གྱིས། །ཐུབ་བསྟན་ཉིན་བྱེད་གསར་པ་དྲངས་སོ་ཀྱེ། །ནུས་པའི་སྟོབས་ལྡན་དཔའ་དང་རྟུལ་ཕོད་པའི། །དཔལ་ལྡན་ཕྱོགས་ལས་རྒྱལ་བའི་རྡོ་རྗེའི་སྡེ། །རྣོན་པོའི་ཉག་ཕྲན་རྒྱུད་ལས་འཕོས་པའི་ཚེ། །སྡིག་ཅན་བཙད་པོའི་སྙིང་ལ་ཟུག་རྔུ་བྱིན། །ཨེ་མ་མཁས་བཙུན་བཟང་པོའི་སྙན་གྲགས་ཀྱི། །ཡོན་བོར་བལྟ་བའི་མིག་གི་ལྕགས་ཀྱུ་ཡིས། །བྱང་ཆུབ་འོད་སྟོང་གསལ་མཛད་སྒྲ་འཛིན་གྱིས། །ཞགས་པའི་ཕོན་པོ་ཡང་ཡང་འགུགས་སམ་སྙམ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་མི་གཡོ་བའི་སྙིང་སྟོབས་ཕུལ་དུ་བྱུང་བའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་བསྐྲུན་པ་ལ་བག་ཚ་བ་མི་མངའ་ཞིང་། རྣམ་པར་དག་པའི་ཚུལ་ཁྲིམས་ཡན་ལག་བརྒྱད་དང་ལྡན་པའི་དལ་འགྲོའི་ཀླུང་གིས། རྒྱལ་བའི་བསྟན་པ་མཁའ་ལྡིང་རྒྱལ་མཚན་ཅན་གྱི་བགྲོད་བྱེད་ལ་སྲི་ཞུའི་(༤༩ན)


GLG019_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཐུབ་ཀྱི་བརྟུལ་ཞུགས་ཡང་དག་པར་བཟུང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཀྱི་ཡ་ལད་བཙན་པོ་གྱོན་ཞིང་། མཛངས་པའི་ཡོན་ཏན་གྱི་དུ་ཀཱུ་ལའི་བ་དན་དཀར་པོ་སྲིད་པའི་རྩེ་མོར་གཡོ་བའི་པཎ་གྲུབ་དམ་པ་དཱི་པཾ་ཀ་ར་ཤྲཱི་ཛྙ་ནའི་སྙན་གྲགས། ལྷ་བླ་མའི་སྙན་གྱི་དབང་པོར་སོན་པ་ལ་བརྟེན་ནས། ནག་ཚོ་ལོ་ཙཱ་བ་རྒྱ་གར་དུ་ཆོས་སློབ་པར་ཕྱིན་པར་སླར་རང་ཡུལ་དུ་འཁོར་བ། ཞབས་སེན་གྱི་པདྨོ་རྣམ་པར་བསྐྱོད་པའི་ཕོ་ཉར། རིན་པོ་ཆེ་གསེར་གྱི་ཕྱག་རྟེན་སོགས་གྱ་ནོམ་པའི་དངོས་པོ་དང་བཅས་རྫངས་པ་ལམ་དུ་ཉེས་པའི་སྐྱོན་དང་བྲལ་ནས། བྲི་ཀ་མ་ལ་ཤཱི་ལར་སླེབས་ཏེ། རྒྱ་བརྩོན་སེང་གེས་མཇལ་བའི་གྲོགས་བགྱིས་ཏེ། ཇོ་བོའི་སྤྱན་སྔར་ཕྱག་རྟེན་རྣམས་དང་བཅས། སྔར་བསྟན་པ་ལ་འཕེལ་འགྲིབ་བྱུང་ཚུལ། དེང་སང་བསྟན་པ་དར་ཡང་སྡེ་སྣོད་ལག་ལེན་དུ་འདེབས་པར་དཀའ་ཞིང་། དེ་དག་གི་ཚུལ་ལ་བླང་དོར་གྱི་གནས་སྟོན་པར་ཇོ་བོ་ལྟ་བུ་ལས་གཞན་པའི་པཎྜི་ཏས་ཕན་ཐོགས་པར་དཀའ་ཚུལ་རྣམས་ཞུས་ཏེ། ལོ་ཙཱ་བ་རེ་ཞིག་སློབ་གཉེར་བྱེད་པ་ལྟར་བསྡད། ཇོ་བོས་ཡི་དམ་གྱི་ལྷ་དང་གྲུབ་པའི་རྣལ་འབྱོར་མ་ལ་དྲི་བ་མཛད་པས། སྤྱི་སྒོས་མཐའ་དག་ཏུ་འཕྲིན་ལས་ཀྱི་སྒོ་ཆེ་ཞིང་། ཁྱད་པར་ཨུ་པ་སི་ཀ་ཞིག་ལ་བརྟེན་ནས་ཕན་ཐོགས་འབྱུང་བར་ལུང་བསྟན་པར་བརྟེན། ཐབས་མཁས་ཀྱི་མཛད་པས་མངའ་རིས་སུ་བྱོན་ཏེ། མཐོ་ལྡིང་གི་གཙུག་ལག་ཁང་དུ་བཞུགས་ནས། ལྷ་བླ་མ་སོགས་ལས་ཅན་རྣམས་ཟབ་རྒྱས་ཀྱིས་ཆོས་དུ་མ་གསུངས་ཤིང་། བོད་དུ་ཆོས་བབ་ཅོལ་དུ་སྤྱོད་པ་རྣམས་ཀྱི་གཉེན་པོར་བྱང་ཆུབ་ལམ་གྱི་སྒྲོན་མར་གྲགས་པའི་བསྟན་(༤༩བ)


GLG019_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཁྱད་པར་མཛད། སྔར་རྒྱ་གར་ནས་ཕེབས་ཁར་ལོ་གསུམ་ལ་ཕྱིར་ཕེབས་པའི་ཁས་ལེན་གནས་བརྟན་ཤཱི་ལཱ་ཀ་རའི་དྲུང་དུ་ནག་ཚོས་ཁས་བླངས་པ་བཞིན་འཕགས་པའི་ཡུལ་དུ་འབྱོན་པར་ཆས་པའི་ཚེ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཇོ་བོ་བསེ་བཙུན་གྱི་དྲུང་ན་ཡོད་སྐབས། མངའ་རིས་སུ་པཎྜི་ཏ་ཕེབས་པའི་གཏམ་གསན་པས་མགྱོགས་པར་བཤུལ་དུ་ཞུགས་ཏེ་ཇོ་བོ་དང་མཇལ། དབུས་ཕྱོགས་སུ་ལྷ་ས་དང་བསམ་ཡས་ཀྱི་ཐོག་དྲངས་པའི་གཙུག་ལག་ཁང་དང་། དགེ་འདུན་གྱི་སྡེ་རྣམས་ཀྱི་བསྔགས་བརྗོད་མཛད་པས། ཇོ་བོ་ཆེན་པོ་དགྱེས་པའི་རྣམ་འགྱུར་གྱིས་ཕྱག་ལན་གྲངས་མང་པོར་གནང་བས་སྤོབས་པ་ལྷག་པར་སྐྱེས་ཏེ། དབུས་སུ་འབྱོན་པར་གསོལ་བ་བཞིན་ཞལ་གྱིས་བཞེས། དུས་དེར་འབྲོམ་གྱིས་བོད་སྟོན་རྣམས་ལ། ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི །ཞེས་སོགས་འཕྲིན་ཡིག་བརྫངས་པ་བཞིན་བསུ་བ་ལ་བྱོན། དེ་ནས་རིམ་གྱིས་གཡས་རུ་གཙང་གི་སའི་ཆར་ཕེབས་ཏེ། ཡོལ་ཆོས་དབང་ལ་སོགས་པའི་སློབ་མ་ཁྱད་པར་ཅན་འགའ་ཞིག་སྨིན་པར་མཛད། ཁུ་སྟོན་གྱི་ཡུལ་ཡར་ཀླུང་བཟང་བའི་བསྔགས་པ་བརྗོད་པ་ལ་བརྟེན་ནས་ཐང་པོ་ཆེར་ཕེབས་ཀྱང་། བསྙེན་བཀུར་ཚུལ་བཞིན་མ་བྱུང་བས་དྲོས་སྟབས་སུ་བསམ་ཡས་ལ་ཕེབས། རྒྱ་དཔེ་རྣམས་སློངས་པས་སྔར་མ་གཟིགས་པ་མང་པོ་མཆིས་པས། སློབ་དཔོན་པདྨས་མཁའ་འགྲོའི་གསང་མཛོད་ནས་བླངས་པ་ཡིན་ནམ་གསུངས། དེ་ནས་བང་སྟོན་དང་རྔོག་སོགས་ཀྱིས་བཏེག་ནས། སྙེ་ཐང་། ལྷ་ས། ཡེར་པ། ལན་པ་སོགས་སུ་ཕེབས་ཏེ། གདུལ་བྱའི་བློ་མཆོག་དམན་དང་བསྟུན་པའི་ཐེག་པ་ཆེ་ཆུང་གི་ཆོས་ཀྱི་མན་(༥༠ན)


GLG019_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་ར་བའི་འཕྲེང་བ་སྤེལ་ལེགས་ཁ་བ་རི་བའི་ལུས་ཅན་རྣམས་ཀྱི་གྲོང་དུ་འཆིང་བར་མཛད་དོ། །འོད་ལྡེའི་སྲས་རྩེ་ལྡེའི་དུས་སུ་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་ཕལ་ཆེར་འདུས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྙེན་བཀུར་དང་བདག་རྐྱེན་མཛད། ཟངས་མཁར་ལོ་ཙཱ་བས་ཚད་མ་རྒྱན་ཡང་དུས་དེར་བསྒྱུར། རྭ་ལོ། གཉན་ལོ། ཁྱུང་བོ་ཆོས་བརྩོན། བཙན་ཁ་བོ་ཆེ། རྔོག་བློ་ལྡན་ཤེས་རབ། མར་ཐུང་དད་པ་ཤེས་རབ་རྣམས་དང་བསྡེབས་ཏེ། དྭགས་པོ་དབང་རྒྱལ་རྣམས་ཀྱི་ཆོས་འཁོར་ལོ་ལ་བསྙེགས་ཏེ་བྱོན། བཙན་ཁ་བོ་ཆེས་སཛྫ་ནལ་བྱམས་ཆོས་བསླབས། རཱ་གཉན་གྱིས་ཆོས་འཁོར་ཐོན་ནས་རྒྱ་གར་དུ་བྱོན། དེ་ནས་མི་རིང་བར་དགེ་བཤེས་བྲག་དཀར་བས་སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་དགེ་འདུན་གྱི་སྡེ་བཙུགས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ། དེ་དག་དང་དུས་མཚུངས་སུ་བཀའ་གདམས་གཞུང་པ་གླང་ཤར། གདམས་ངག་པ་ལོ། བྱ་ཡུལ། རྒྱ་མ་རིན་ཆེན་སྒང་པ་རྣམས་ཀྱིས་ལྷ་ཆོས་བདུན་ལྡན་གྱི་བརྒྱུད་པའི་བསྟན་པ་སྤེལ། གསང་ཕུར་རྔོག་ལོ་ཡབ་སྲས་ཀྱིས་རིག་ལམ་ནས་དྲངས་པའི་བཤད་ཉན། པ་ཚབ་ལོ་ཙཱ་བས་དབུ་མའི་གཞུང་། རྒྱ་འདུལ་འཛིན། མཚོ་སྣ་བ་སོགས་ཀྱི་འདུལ་བའི་སྡེ་སྣོད། གཉལ་ཞིག་ཡབ་སྲས་ཀྱིས་ཕར་ཚད། རྔོག་ཨཱརྱ་དེ་ཝ་འདུལ་བ་འགོས་ལུགས། བྱ་སྒང་པ་བསོད་ནམས་རིན་ཅེན་གྱིས་འདུས་པ་མར་ལུགས། བླ་མ་རྔོག་པ་ཡབ་སྲས་ཀྱིས་མར་ལུགས་གུར་བརྟག་སམ་གསུམ། ཟུར་ཆུང་པ་དང་རྗེ་སྒྲོ་ཕུག་པ་སོགས་ཀྱིས་ལུང་གི་མདོ་བདུན། སྒྱུ་འཕྲུལ་སྡེ་བརྒྱད། སེམས་སྡེ་ཉི་ཤུའི་སྐོར། རྭ་ཆོས་རབ། རོང་(༥༠བ)


GLG019_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒ་ལོ། དཔྱལ་ལོ། གློ་བོ་ལོ་ཙཱ་བ། འབྲོ་ལོ་ཙཱ་བ་སོགས་ཀྱིས་གཤེད་སྐོར་དང་དུས་འཁོར། ས་སྐྱ་བ་དཀར་པོ་རྣམ་གསུམ་སློབ་བརྒྱུད་དང་བཅས་པས་འབྲོག་མི་ལུགས་ཀྱི་གསུང་ངག་གུར་བརྟག་སམ་གསུམ། བདེ་མཆོག་སྐོར། རྗེ་བཙུན་མི་ལ། སྒམ་པོ་པ། འབྲུག་པ། ཁྲོ་ཕུ། འབྲི་སྟག་སོགས་ཀྱིས་ཕྱག་རྒྱ་ཆེན་པོ་དང་ཆོས་དྲུག་གི་སྐོར། པཎ་ཆེན་ཤཱཀྱ་ཤྲཱི་སོགས་ཀྱིས་མདོ་སྔགས་གཉིས་ཀའི་རིག་ལམ་སྤེལ་བར་མཛད་པས། དུས་ཚོད་དེར། སྟོབས་བཅུ་མངའ་བ་ཟས་གཙང་སྲས་པོའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཆུ་ཤེལ་དབང་པོ་ལྟར་འཆད་རྩོད་རྩོམ་པ་དང་ཐོས་བསམ་སྒོམ་པའི་ཆ་ཤས་ཀྱི་ཉ་ཡོངས་སུ་གང་བ་ཡིན་ཅིང་། མཁས་གྲུབ་དེ་དག་དགུང་ལོ་བགྲེས་གཞོན་མ་གཏོགས་ཕལ་ཆེར་དུས་མཚུངས་པར། མཁས་པའི་དབང་པོ་ཡེ་བཟང་རྩེ་པ་ཞི་བ་ཆོས་ཀྱི་དབྱིངས་སུ་སྐུའི་བཀོད་པ་བསྡུས་པའི་རྗེས་སུ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་སོན་ཞིང་། ཐུབ་བསྟན་ཡོངས་ཀྱི་རྩ་ལག་གཅིག་པུ་གྲངས་མེད་རྒྱལ་བའི་འཁོར་ལོའི་དབང་ཕྱུག་འཁོན་སྟོན་ཆོས་ཀྱི་རྒྱལ་པོས་ཡུལ་དེ་ཝི་ཀོ་ཊ་མིང་གཞན་ཕ་བོང་ཁའི་དཀར་ཆག་ཏུ་བཀའ་སྩལ་ཏོ། །རྩེ་ལྡེའི་སྲས་འབར་ལྡེ། དེའི་སྲས་བཀྲ་ཤིས་ལྡེ། དེའི་སྲས་བྷ་ནེ། དེའི་སྲས་ནཱ་ག་དེ་ཝ། དེའི་སྲས་བཙན་ཕྱུག་ལྡེ། འདིས་ཡ་ཚེར་བྱོན། དེའི་སྲས་བཀྲ་ཤིས་ལྡེ། དེའི་སྲས་གྲགས་བཙན་ལྡེ། དིའི་སྲས་གྲགས་པ་ལྡེས་གསེར་ཕྱེ་བྲེ་བདུན་ལས་གྲུབ་པའི་འཇམ་དབྱངས་དང་། དངུལ་དཀར་སྟོང་ཕྲག་བཅུ་གཉིས་ལས་གྲུབ་པའི་བྱམས་པ་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། དེའི་(༥༡ན)


GLG019_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཨ་སོ་ལྡེས་རྡོ་རྗེ་གདན་དུ་མཆོད་པའི་རྒྱུན་བཙུགས། དེའི་སྲས་འཛི་དར་རྨལ་དང་ཨ་ནན་རྨལ་གཉིས། ཕྱི་མས་གསེར་གྱི་བཀའ་འགྱུར་བཞེངས། དེའི་སྲས་རིའུ་རྨལ་གྱིས་དངུལ་དཀར་བཞི་བཅུ་ལ་སྨན་བླ་མཆེད་བརྒྱད་དང་། འཕྲུལ་སྣང་དུ་གསེར་ཐོག་ཕུབ། དེའི་སྲས་སངྒཱ་རྨལ། དེའི་སྲས་འཛི་དར་རྨལ་གྱིས་སྲས་ཨ་འཛིད་རྨལ་གྱིས་རྒྱལ་ས་མ་ཐོབ་གོང་དུ་ས་སྐྱར་རབ་བྱུང་མཛད། སླར་སྲིད་བཟུང་། དེའི་སྲས་ཀ་ཀན་རྨལ། དེའི་སྲས་བར་བཏབ་རྨལ། འདི་ནས་ཡ་ཚེའི་གདུང་བརྒྱུད་ཆད་དེ་པུ་རང་ན་མངའ་བདག་བསོད་ནམས་ལྡེ་སྤྱན་དྲངས་ནས་སྲིད་བཟུང་བས་བུ་ཎྱ་རྨལ་དུ་གྲགས་སོ། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་གསུམ་བྱུང་བའི་ཆེ་བའི་བརྒྱུད་པ་གུང་ཐང་པ། ཀླུ་རྒྱལ་བ། སྤྱི་བ་ལྷ་རྩེ་གླང་ལུང་རྩང་བསྐོར་རྣམས་དང་། ཆུང་བའི་བརྒྱུད་པ་འཇད་རྟ་ནག་ཏུ་ཕོག་པ་ལས་མཆེད་པའི་འབྲོ་བ། གཡས་རུ་རུ་ལག་ཉང་། མུས་སོགས་ཀྱི་བཙད་པོར་གྲགས་པ་མང་ཞིང་། འབྲིང་པོ་ལ་སྲས་ཕ་བ་དེ་སེ། ཁྲི་ལྡེ། ཁྲི་ཆུང་། ཉག་པ་བཞི་ལས། དང་པོ་དང་བཞི་པ་གཙང་རོང་གི་ཕྱོགས་དང་། གཉིས་པ་མདོ་སྨད་ཙོང་ཁར་ཡོད་ཅིང་། གསུམ་པ་ཁྲི་ཆུང་གིས་ཡར་ཀླུངས་སུ་བཞུགས་ནས་སྐུ་མཁར་འཕྱིང་བ་སྟག་རྩེ་བཟུང་། དེའི་སྲས་འོད་སྐྱིད་འབར་ལ་སྲས་བདུན་བྱུང་བའི་གཡུ་ཅན་གྱིས་བྱ་སར་བཞུགས། དེའི་སྲས་ཇོ་དགའ་ལ་གསུམ་ལས་དར་མ་ལ་སྲས་བཞི་ལས་ཇོ་བོ་རྣལ་འབྱོར་གྱིས་འབན་ཚིགས་སུ་བཞུགས་རྗེ་སྤྱན་སྔ་རིན་པོ་ཆེ་ལ་མཆོག་ཏུ་གུས་ཤིང་གདན་ས་ཆེན་པོ་དཔལ་ཕག་མོ་གྲུར་ཕུད་དུད་མ་སྨད་པ་མཛད། དེའི་(༥༡བ)


GLG019_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་གསུམ་གྱི་ཇོ་འབག་ལ་སྲས་ལྔ་ལས་ཤཱཀྱ་མགོན་གྱིས་ཕོ་བྲང་གནས་ཆུབ་བཟུང་། རྗེ་ས་སྐྱ་པཎྜི་ཏ་ཆོས་འཁོར་བསྐོར་བའི་མཐུན་རྐྱེན་མཛད། དེའི་སྲས་ཤཱཀྱ་བཀྲ་ཤིས་ཀྱིས་ཕོ་བྲང་རྙིང་མ་བརྩིགས། སྲས་གཉིས་བྱུང་བའི་ཆུང་བ་མངའ་བདག་གྲགས་པ་རིན་ཅེན་གྱིས་འགྲོ་མགོན་འཕགས་པའི་ཞབས་ཕྱིར་གོང་མའི་དྲུང་དུ་བྱོན། འཇའ་ས་བླངས་ནས་བྲག་ཁའི་ཕོ་བྲང་བཏབ། གནས་ལྔ་རིག་པ་ཤཱཀྱ་ཤྲཱའི་རིང་ལུགས་པ་ཇོ་གདན་ཚོགས་པར་བསྙེན་བཀུར་ཕུལ་དུ་བྱུང་བ་མཛད། སྲས་བཞི་བྱུང་བའི་གཉིས་པ་མངའ་བདག་ཤཱཀྱ་མགོན་པོས་ལོ་ཙཱ་བ་ལེགས་པ་རྒྱལ་མཚན་སོགས་མཁས་གྲུབ་དུ་མའི་ཞབས་ནས་བཏེག །ཕོ་བྲང་ཡུམ་བུ་བླ་སྒང་དུ་གཙུག་ལག་ཁང་བཞེངས། དེའི་སྲས་ཆོས་རྗེ་ཤཱཀྱ་རིན་ཅེན་ལྡེ་སྟེ། འདི་ཡན་ཆད་ཀྱི་ནང་ནས་དར་མ་ལས་གཞན་དུ་གྱུར་པ་ཀུན། མཉམ་མེད་སྟོབས་བཅུ་མངའ་བའི་བསྟན་པ་རིན་པོ་ཆེར་སྲི་ཞུ་དང་། ས་ཆེན་པོ་ལ་སྤྱོད་པའི་སྐྱེ་རྒུ་མཐའ་དག་ལ་བདེ་སྐྱིད་མ་ལ་ཡའི་རླུང་གཞོན་གྱིས་དུཿཁའི་ཚ་གདུང་བཅིལ་བའི་ལྷག་བསམ་བཻ་ཌཱུརྱའི་རི་བོ་ཆུ་ཤེལ་དབང་པོའི་གོས་ཀྱིས་ཀླུབས་པ་ལྟར་དཀར་བའི་ཁུར་འཆང་བ་ཤ་སྟག་ཏུ་བྱོན་པའི་སྙན་གྲགས་ཧ་རི་ཙན་དན་གྱི་སྡོང་པོ་ཟླ་འཕྲེང་གྲངས་མེད་པའི་ས་འཛིན་གྱི་ཁོང་ལས་བརྒལ་བར་གཡུར་ཟ་ལྡེམ་མོ། །སྨྲས་པ། སྐབས་གསུམ་རྨུ་ཡི་ཉག་ཐག་ལས་བརྒྱུས་ས་མཚོའི་མུ་ཏིག་འཕྲེང་བ་ཅན། །གནམ་གྱི་སྐས་ལས་བདེ་བར་བབས་པའི་འཁོར་ལོ་རིན་ཅེན་རྒྱུ་བའི་ཤུགས། །ཚངས་བཅོམ་སྡེར་བཅས་མགོ་བོ་བྲེགས་ཚེ་ས་འདིར་འཕོས་པའི་རཱ་མ་ཎ། །མཐོ་རིས་ངོ་མཚར་གཏམ་གྱི་ཨུཏྤལ་སྐལ་ལྡན་རྣ་བའི་རྒྱན་དུ་སྤུད། །(༥༢ན)
རིགས་ཀྱི་མངོན་མཐོའི་ཉེ་བའི་ཚལ་ན་ལྡེམ་ལྡེམ་འཁྲིགས་པའི་ལག་འགྲོའི་སྙིང་པོའི་ས་སྐྱེས་དཔལ། །དཔལ་ཁྱིམ་ལྟར་དཀར་ལེགས་ལམ་ཡལ་ག་ལིང་ལིང་གཡོ་བར་དགེ་བཅུའི་ལྕུག་ཕྲན་བྱ་མ་རྟ། །རྟ་མཆོག་སྲབ་སྐྱོགས་ཁྲིམས་ཀྱི་མེ་ཏོག་ལོང་ལོང་འདབ་མ་པད་དཀར་གཞོན་ནུའི་ཆུན་པོ་བཞིན། །བཞིན་རས་ཕན་བདེའི་རྒྱན་མཆོག་ཟེའུ་འབྲུ་ཤིག་ཤིག་སྤུངས་པའི་བྱང་གྲོལ་དྲི་བཟུང་བླ་ན་མཚར། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousའོད་སྲུང་ནས་བརྒྱུད་པའི་མངའ་རིས་སྟོད་ཀྱི་རྒྱལ་རབས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་པ་སོགས་ཀྱི་སྐོར།next