Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

12 occurrences of བྱམས་པ་གླིང་
[Clear Hits]


  
collapse section
  
  
  
 
  
  
 
  
ལྷ་གཟིགས་རླངས་ཀྱི་གདུང་རབས་བརྗོད་པ་དང་། ཕག་གྲུའི་རྒྱལ་རབས་ཀྱི་སྐོར།
 
 
  
  
expand section


12 occurrences of བྱམས་པ་གླིང་
[Clear Hits]

 
previousལྷ་གཟིགས་རླངས་ཀྱི་གདུང་རབས་བརྗོད་པ་དང་། ཕག་གྲུའི་རྒྱལ་རབས་ཀྱི་སྐོར། next

ལྷ་གཟིགས་རླངས་ཀྱི་གདུང་རབས་བརྗོད་པ་དང་། ཕག་གྲུའི་རྒྱལ་རབས་ཀྱི་སྐོར།


GLG019_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གཟིགས་རླངས་ཀྱི་གདུང་རབས་བརྗོད་པ་དང་། ཕག་གྲུའི་རྒྱལ་རབས་ཀྱི་སྐོར།ཁ་བས་བསྐོར་བའི་ལྗོངས་ཆེན་པོ་འདི་ཉིད་དུ་དཔལ་དྭགས་པོའི་བཀའ་བརྒྱུད་ཀྱི་བསྟན་པ་ནགས་ཀླུང་སྟུག་པོའི་དབུས་སུ་དཔག་བསམ་ཡོངས་འདུའི་ལྗོན་པ་ལྟ་བུ་ནི་དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ཞེས་དབང་པོ་ཐ་མལ་པ་རྩོད་དུས་ཀྱི་གདུལ་བྱའི་སྣང་ངོར་རིམ་གྱིས་སྦྱངས་པའི་སར་གནས་ཀྱི་སེམས་དཔའི་ཚུལ་འཛིན་ཅིང་། དབང་པོ་ཡང་རབ་ལ་དུས་གསུམ་གྱི་སངས་རྒྱས་ཡིན་པར་ཞལ་གྱིས་བཞེས་པའི་སྙན་གྲགས་ལྷ་ཡི་རྫ་ལྔ་སྒྲུབ་བརྒྱུད་རྣམ་པར་རྒྱལ་བའི་ཁང་བཟང་(༦༨ན)


GLG019_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྩེ་མོར་བརྡུངས་པས་མེ་ཏོག་མདའ་ཅན་ལྷ་མིན་གྱི་ཚོགས་མཐའ་དག་བརྣག་ནུས་ལས་འདས་ཏེ་ཕུན་སུམ་ཚོགས་པའི་ལེགས་བྱས་ཀྱི་བདུད་རྩིར་སྤྱོད་པ་ལ་ཉེར་འཚེའི་བསམ་པ་རིང་དུ་གཏོང་བའི་བྱེད་པོ་ཐེག་པ་ཆེན་པོའི་གླང་ཆེན་ས་ལ་རབ་བརྟན་གྱི་སྟེང་དུ་རྣམ་པར་འགྱིང་ཞིང་། ཡེ་ཤེས་འདྲེན་བྱེད་སྟོང་གིས་ཇི་ལྟ་ཇི་སྙེད་ཀྱི་ཆོས་མཐའ་དག་ཆེན་པོར་འཆར་བ་ཀུན་སྟོང་ཆེན་ཕྱག་རྒྱ་གཅིག་གི་རྒྱས་ཐེབས་པའི་རྡོ་རྗེ་རྩེ་བརྒྱ་པས་བདག་འཛིན་རི་བོའི་བགྲོད་པ་མིང་གི་ལྷག་མར་བཏང་བའི་སྐྱེས་མཆོག་མཆོད་སྦྱིན་བརྒྱ་པ་འདི་ཉིད་ཀྱི་བཀའ་བརྒྱུད་ཡིན་ལ། དེ་ཡང་ཆོས་སྲིད་ཀྱི་འབྱོར་པ་བླ་ན་མེད་པའི་སྒོ་ནས་ཡར་ལྡན་དུ་སྤེལ་བ་ནི་རྗེ་སྤྱན་སྔ་རིན་པོ་ཆེ་དང་། གོང་མ་ཏའི་སི་ཏུ་སོགས་དཔལ་ལྡན་རླངས་ཀྱི་གདུང་ལས་རིམ་པར་བྱོན་པ་རྣམས་ཡིན་པས། རླངས་ཀྱི་པོ་ཏི་བསེ་རུ་ལས། ལར་སྐྱེས་པའི་མིས་རང་གི་སྐྱེ་བརྒྱུད་མ་ཤེས་ན་ནགས་ཁུང་གི་སྤྲེའུ་དང་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་དང་འདྲ། ཡབ་མེས་ཀྱི་ཆེ་གེའི་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ་ཞེས་དང་། སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས། བྱས་པའི་ཆོས་ལ་གྲུབ་པའི་མཐའ་དགོས། ཆེ་བའི་མི་ལ་མཐོ་བའི་རྟགས་དགོས་ཞེས་གསུངས་པ་ལྟར། བོད་གསིལ་བུར་མ་སོང་བའི་སྔ་རབས་ཀྱི་དུས་རྗེ་འབངས་མཐའ་དག་རིགས་རུས་འཆོལ་བར་མི་སྤྱོད་པས་ཁུངས་དང་ཡིག་ཚངས་ལ་ནན་ཏན་དུ་བྱེད་པའི་སྲོལ་འདུག་ཅིང་། དེང་སང་ནི་འདི་རིགས་ཀྱི་རྒྱུ་མཚན་མང་དུ་སྨྲ་བ། སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས། །མཇུག་མ་མེད་ཅེས་བཞད་གད་བྱེད། །ཅེས་པའི་ཚུལ་ལྟ་བུར་འགྲོ་བར་གདའ་ནའང་(༦༨བ)


GLG019_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་འཕྲོས་ལས་འདི་ཉིད་ཅུང་ཟད་བརྗོད་ན། པོ་ཏི་བསེ་རུ་ལས། འབངས་ཀྱི་མི་རབས་ལ། འབྱུང་བ་སྣ་ལྔའི་སྙིང་པོ་ལ། སྒོ་ང་ཆེན་པོ་གཅིག་ཡོངས་པ། ཕྱིའི་སྒོང་ཤུན་ལ་ལྷ་བྲག་དཀར་པོ་ཆགས། ནང་གི་སྒོང་ཆུ་ལ་དུང་མཚོ་དཀར་མེར་འཁྱིལ། བར་གྱི་སྒོ་ངའི་དར་ཆ་ལ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། །སྒོ་ང་འཕྲུལ་གྱི་བཅོ་བརྒྱད་ཆགས། །སྒོ་ང་བཅོ་བརྒྱད་འབྲིང་པོ་དེ། །དུང་སྒོང་གཅིག་ཏུ་ཡར་ནས་བྱུང་། །ཞེས་བཤད་པ་ལྟར། དུང་གི་སྒོ་ང་དེ་ལ་དབང་པོ་ལྔ་དང་ཡན་ལག་རྣམས་སོ་སོར་དོད་དེ་མཚར་སྡུག་གྱི་ཁྱེའུ་ཡིད་ལ་སྨོན་པ་ལྟ་བུ་ཞིག་བྱུང་བས་མིང་ཡེ་སྨོན་རྒྱལ་པོར་བཏགས། དེའི་ཇོ་མོ་ཆུ་ལྕག་རྒྱལ་མོ་ལ། འཕྲུལ་སྲས་དབང་ལྡན་འཁྲུངས། དེས་དུང་བཟའ་དངུལ་མོ་བླངས་པ་ལ། ཀྭོ་སྲས་སྐྱེས་གཅིག་འཁྲུངས། དེའི་སྲས་མི་རབས་མཆེད་གསུམ་ལས། ཆུང་བ་སྟག་ཚལ་འལ་འོལ་གྱི་ཇོ་མོ་འཚམས་བཟའ་ཁྱད་ཁྱུད་ལ་སྲས་མགུར་ལྷ་མཆེད་བཞི་བྱུང་། ཆུང་བའི་སྲས་ཡབ་ལྷ་སྡེ་དྲུག་གི་ཆུང་བ་འོ་དེ་གུང་རྒྱལ་གྱི་ཇོ་མོ་ལྷ་མོ་ལ། ལྷ་ཚ་མཆེད་དགུ་བྱུང་། ཇོ་མོ་གཉན་མོ་ལ་གཉན་ཚ་མཆེད་དགུ། ཇོ་མོ་རྨུས་མོ་ལ། རྨུ་ཚ་མཆེད་དགུ། ཇོ་མོ་ཀླུ་བཟའ་ལ་ཀླུ་ཚ་མཆེད་བརྒྱད་བྱུང་། ཀུན་བསྒྲིལ་བས་སྲས་སུམ་ཅུ་རྩ་ལྔ་བྱུང་། དེ་རྣམས་ཀྱི་ཆུང་བ་སྣེ་ཁྲོམ་ལག་ཁྲའི་ཇོ་མོ་ལྷ་ལྕམ་ལ། ལ་ཁ་རྒྱལ་པོ་འཁྲུངས། དེའི་ཇོ་མོ་ལུང་ཁ་ཧྲིལ་མོ་ལ་སྲས་གསུམ་གྱི་ཆེ་བ་མཐིང་གི །དེའི་ཇོ་མོ་ལྷ་ལྕམ་དཀར་མོ་ལ་སྲས་བོད་འཇོངས་ལ་བྲང་གི་རྨུ་བཟའ་མཐིང་བསྒྲིལ་ཁབ་ཏུ་བཞེས་པར་རྒྱ་ཁྲི་ལ་ཞང་འཁྲུངས། དེ་ལ་སྲས་རྒྱལ་པོ་ཆེ་ཆུང་གསུམ། བརྒྱུད་བརྒྱད་ཡོད་པ་ལས། ཆུང་བའི་ཇོ་མོ་མཐིང་མོ་ལ་སྲས་གསུམ་(༦༩ན)


GLG019_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཁྲི་རྗེ་གཉན་ཐང་གི་སྲས་དཔལ་ལྷ། དེའི་སྲས་ཨ་མི་མུ་ཟི་ཁྲི་དོའི་ཇོ་མོ་གཉན་བཟའ་ཤ་མིག་ལ་སྲས་གསུམ་དང་། རྨུ་བཟའ་ལ་སྲས་གཅིག །སྲེན་བཟའ་ལ་སྲས་གཉིས་ཏེ་དྲུག་བྱུང་ལ། འདི་དག་ལས་མཆེད་པ་རུས་ཆེན་བཅོ་བརྒྱད། འབྲས་ལ་དཀར་ནག །ཁྲ་གསུམ་སོགས་དང་། བོད་མིའི་གདུང་དྲུག །བྱུང་ཚུལ་ཤིན་ཏུ་མང་ཞིང་། སྟོད་ཀྱི་འབྲས་དཀར་མཆེད་དགུ་ལ། །བལ་པོ་དང་བལ་ཡོ་བལ་སྲིད་གསུམ། །མ་སྟོང་བལ་སྟོང་ཅོན་སྟོང་དྲུག །མར་བ་དང་ཞང་ཆུང་པུ་རངས་དགུ །ཞེས་སོགས་དབྱེ་བ་ཤིན་ཏུ་མང་ཞིང་། བསེ་ཁྱུང་འབྲས་ཀྱི་ཇོ་མོ་བཙན་བཟའ་དགེ་ལྡན་མའི་སྲས། འབྲས་ཁྲབ། དེའི་ཇོ་མོ་སྲུན་བཟའ་ཁྲ་མོ་ལ་སྲས་བཞི་བྱུང་བའི་ས་ཆེས་ཧོར་བཟའ་འབུམ་མོ་ཁབ་ཏུ་བཞེས་པ་ལ་ཁྱུང་རུ་དཀར་པོ། དེའི་སྲས་འབུམ་རེ་ཤལ་མིག །དེའི་སྲས་ཨར་རྗེ་གཙུག་གསུམ། དེ་ལ་གནམ་ལྷ་མཆེད་བརྒྱད་ཀྱི་ལྔ་པས་སྲས་སུ་སྤྲུལ་པའི་མིང་མང་ལྡོམ་སྟག་བཙན། དེའི་ཇོ་མོ་རོང་བཟའ་ཁྱེ་ལྕམ་ལ་སྲས་མ་བྱུང་བས་ཐུགས་མ་བདེ་བར་ལྷ་ཡུལ་དུ་བྱོན་ཏེ་རང་གི་གཅེན་རྣམས་ལ་དྲིས་པར། རང་རེ་ལྷ་སྲས་མཆེད་བརྒྱད་ཀྱི། ཁྱེད་ནི་མི་ཡི་སྲས་སུ་སྤྲུལ། །བུ་དང་སྲས་མེད་ཐུགས་ཆད་ན། །ཟླ་བ་བཅུ་གསུམ་སྒྲུབ་པ་མཛོད། །ཡི་དམ་བསྒོམས་ལ་གསང་སྔགས་བགྲོངས། །ལོ་གསར་ཟླ་བ་བཅུ་གསུམ་ལ། །ལྷ་རི་གཉན་པོ་ཅན་དུ་བྱོན། །བསངས་དང་མཆོད་པ་གསོལ་བ་ཐོབ། །ལྷ་ཚངས་སྲས་མོ་འགྲུབ་སྟེ་འོང་། །ལྷ་ཚངས་སྲས་མོ་འགྲུབ་པ་ན། །ལྷ་ཡི་སྲས་ལ་མི་ཡི་བརྒྱུད། །རིགས་བརྒྱུད་ཁྱད་དུ་འཕགས་པ་འོང་། །མི་རབས་བདུན་ཅུ་རྩ་གསུམ་པར། །བླ་མ་མི་དཔོན་རྒྱུན་མི་ཆད། །(༦༩བ)


GLG019_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་གྱི་འདྲེན་པ་དང་། །དཔའ་བོས་རྒྱལ་ཁམས་འདུལ་བ་དང་། །གྲགས་པ་ས་སྟེང་ཁེབས་པ་འོང་། །ཞེས་གསུངས་པ་དང་མཐུན་པར་མི་ཡུལ་དུ་བྱོན་ཏེ་སྒྲུབ་པ་མཛད། ལོ་གསར་གྱི་ཟླ་བ་ལ་ལྷ་རིའི་རྩེར་བྱོན་ཏེ་མཆོད་པ་མཛད་པས་ནམ་མཁའ་ལས་འཇའ་ཚོན་སྣ་ལྔ་པ་བྱུང་ཞིང་བར་སྣང་ལ་རོལ་མོའི་སྒྲ་སོགས་ཆོ་འཕྲུལ་སྣ་ཚོགས་བྱུང་བས། ཚངས་སྲས་ལྷ་མོ་འཁོར་བརྒྱད་དང་བཅས་པ་བྱོན་པར་གཟིགས་ཏེ། ཆུང་མ་མཛད་པར་གསོལ་བ་བཞིན་འཁོར་རྣམས་འོད་དུ་ཡལ། ལྷ་མོས་ཞལ་གྱིས་བཞེས། རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ཆུས་ཇོ་མོའི་སྐུ་ལུས་བཀྲུས་ནས་ཡུལ་དུ་བྱོན། ཡུན་རིང་དུ་སོང་ཀྱང་སྲས་མ་བྱུང་། སྐབས་ཤིག་ནམ་མཁའ་ནས་སྒྲ་ཞིག་ལ། མང་ལྡོམ་སྟག་བཙན་དམག་ལ་བྱོན། །རྒྱ་དམག་བོད་དུ་ལྷགས་དོགས་ཡོད། །རྒྱ་དམག་བོད་དུ་ལྷགས་པ་ན། །ཁྱོད་མིན་གང་གིས་ཐུབ་མི་འགྱུར། །ཞེས་བྱུང་བས། མང་ལྡོམ་གྱིས་ཆིབས་ངང་དཀར་གཡུག་ཤོག་ལ་ཆིབས། དངུལ་དཀར་གྱི་དུང་ཁྲབ་དང་ཤེལ་དཀར་གྱི་རྨོག་དེ་གྱོན། འོད་འབར་གྱི་མཚོན་བཏགས་ནས། ནམ་མཁའ་ལ་ལྷ་དམག་དང་ཆུ་རྒྱུད་ལ་ཀླུ་དམག་རྣམས་འགྲིམ་དུ་བཅུག་སྟེ་བྱོན་པས། རྒྱ་རྣམས་བྲོས་ཏེ་གཡུལ་ལས་རྒྱལ། སྐབས་དེར་སྨན་བཙུན་གྱིས་ལྷ་ཡུལ་ནས་ཁྲིད་པའི་དུང་གི་མཛོ་མོ་བྲོས་པ་མང་ལྡོམ་གྱིས་བཀག །སྨན་བཙུན་གྱིས་མཛོ་མོ་འཚོལ་དུ་འོངས་པ་གཟིགས་ནས། མཛོ་མོ་མི་འགྲོ་བའི་ཕྱག་རྒྱས་བཅིངས་ཏེ་ཕ་བོང་གུར་འདྲའི་ནང་དུ་བྱོན། སྒོ་བསྡམས་ཏེ་ཟུར་གཅིག་ནས་གཟིགས་པས། སྨན་བཙུན་གྱིས་མཛོ་མོ་ལ་འོ་མ་བཞོས་པའི་ཕུད་ཀྱིས་དཀོན་ཅོག་དང་། མང་ལྡོམ་གྱི་སྐྱབས་ལྷ་ལ་མཆོད་(༧༠ན)


GLG019_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕུལ། ལྷག་མ་ཆུ་ལ་བླུག་ནས། རིགས་བརྒྱུད་ཁྱད་འཕགས་འབྱུང་བའི་སྨོན་ལམ་བཏབ་པས་མང་ལྡོམ་མཉེས། དུས་དེར་ནམ་མཁའ་ནས་སྤྲུལ་པའི་ལྷ་བརྒྱུད་སྤལ་རན་པས། སང་ཕོད་དུས་ཀྱི་དེ་ཙམ་ན། །རིགས་ཀྱི་སྲས་བུ་འཁྲུངས་པར་འགྱུར། །ཟེར་བའི་སྒྲ་བྱུང་བ་དང་། མང་ལྡོམ་ཀྱིས་སྨན་བཙུན་གྱི་རྩར་བྱོན་ནས་གཟིམས། ཐོ་རངས་མི་དཀར་རྟ་དཀར་དུ་སྤྲུལ་ནས། མཆེད་བདུན་ལ་གསུང་བ་བཞིན་བྱས་ཡོད། སྲས་ཇི་ལྟར་འཁྲུངས་ཞུས་པའི་ལན་དུ། མི་བརྒྱུད་ལྷ་རབས་གསུམ་དུ་ཡོད། །གཅིག་གིས་བླ་མའི་བརྒྱུད་པ་འཛིན། །སེམས་ཅན་ཀུན་གྱི་འདྲེན་པ་བྱེད། །གཅིག་གིས་བོད་ཁམས་དཔོན་དུ་འགྱུར། །བོད་ཁམས་ཀུན་གྱི་རྗེ་བྱེད་ཅིང་། །གཅིག་གིས་དཔའ་བོའི་རིགས་སུ་ཡོང་། །ཞེས་གསུངས། དེ་ནས་ཟླ་བ་བདུན་རྫོགས་དུས་ཉམས་སད་པའི་ཕྱིར་དུ་བདག་གི་སྲས་མ་ལགས་ཞེས་ལྷ་མོ་ལ་གསུངས་པས། སྲས་འཁྲུངས་ཁར་སྨན་བཙུན་གྱིས་སྔར་གཟིམས་སར་བྱོན། མནལ་ལམ་དུ་གསེར་གྱི་མཆོད་རྟེན་རིན་པོ་ཆེས་སྤྲས་པ་ལ། བང་རིམ་གྲངས་མེད་ཅིང་ཐོག་མཐའ་བར་གསུམ་ལ་རིམ་བཞིན་བླ་མ། ལྷའི་བུ་བུ་མོ་བསྒྲིགས་པ་ཞིག་པང་དུ་བྱུང་བ་རྨིས། སང་སྲས་འཁྲུངས་པ་ལྷ་རིའི་རྩེར་ཁྱེར་ཏེ། གཡམ་སྒྲོམ་གྱི་ནང་དུ་སྲས་བཞག་ནས། མང་ལྡོམ་གྱི་སྲས་ཡིན་ན་མི་བརྒྱུད་ལྷ་ལས་སྲ་བ་དང་། མིན་ན་བྱ་དང་གཅན་གཟན་གྱིས་ཟ་བའི་སྨོན་ལམ་བཏབ། མིའི་དྲི་མ་ཕོག་པའི་སྟབས་ཀྱིས་ལྷ་གནས་སུ་མ་ཐོན་པར་ཡུལ་དུ་ལོག །དེར་མང་ལྡོམ་ལ་རྒྱུ་མཚན་རྣམས་བཤད་པས། དེ་མ་ཐག་ཡབ་ཡུམ་(༧༠བ)


GLG019_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་ལྷ་རིའི་རྩེར་ཕྱིན་པ་ན། ཁྱེའུ་གཡུའི་ཟུར་ཕུད་ཅན་སྤྱི་གཙུག་ན་རླངས་པ་དཀར་པོ་ཡོད་པ་གཅིག་ལ་གཡུ་འབྲུག་གིས་ངར་ཆུ་བླུད། སེང་གེས་ནུ་ཞོ་བསྣུན། རྒོད་ཀྱི་གཤོག་པས་བཀབ། གཅན་གཟན་རི་དྭགས་ཀྱིས་སྐོར་བ་བྱེད། འཇའ་ཚོན་གྱི་གུར་ཕུབ་འདུག་པ་གཟིགས་པས། ཡབ་དགྱེས་ཏེ། རླངས་སོ་རླངས་སོ་ལན་གསུམ་རླངས། གསུངས་པས་རླངས་ཀྱི་གདུང་བརྒྱུད་ཅེས་མིང་དེ་ནས་ཆགས། འགའ་ཞིག་ཏུ་ག་གླ་བཏགས་སུ་སྣང་བ་ནི་ཡིག་མཁན་གྱིས་མ་དག་པའི་རྒྱུན་འབྱམས་པར་ངེས་སོ། །དེའི་ཇོ་མོ་ལྡོང་བཟའ་ཁྲི་སྒྲོན་ལ་སྲས་དཔའ་བོ། །དེའི་ཇོ་མོ་ལྕོག་རོ་བཟའ་ལྷ་གནམ་གྱི་སྲས་སྟོང་ཐོ། དེའི་སྲས་ཆེ་ཆེ། དེའི་སྲས་རྒོད་ལྡིང་། གཅེན་པོའི་སྟེང་དུ་རྒོད་ལྡིར་བ་ལྟར་འཕུར་བས་མིང་དེ་ལྟར་ཆགས། དེའི་སྲས་སྟོང་དགེ །དེའི་སྲས་སྟོང་ཁྲི། དེའི་སྲས་ཕག་ཚང་། དེའི་སྲས་ལྡང་ར། དེའི་སྲས་གཙུག་གཉེན་རྫོང་ཁོང་། དེའི་སྲས་བཙན་པ་འདབ་ཤོང་། དེའི་སྲས་སྣང་གཉན་ཁོང་སླེབ། དེའི་སྲས་མང་པོ་ཆེ་སྒྲོ་ཁ། དེའི་སྲས་སྟག་པོ་ཆེ་དར་དཔལ། འདིས་མ་ཕམ་གཡུ་མཚོའི་འགྲམ་དུ་གསེར་ཀྱི་ཤཱཀྱ་མུ་ནི་བཞེངས། གཡུ་སྣང་བ་འོད་ལྡན་ཡོན་དུ་ཕུལ། བྱུ་རུ་བཀྲ་ཤིས་འོད་འབར་གྱི་མཆོད་རྫས་བྱས། གྲུབ་ཐོབ་སེང་གེ་རབ་གནས་སུ་གདན་དྲངས་པའི་ཚེ། སྒང་བཟའ་ལྷ་མོ་ལ་སྲས་གཅིག་འཁྲུངས་པ། གྲུབ་ཐོབ་ཀྱིས་མཚོ་ནི་བཟང་ཞིང་སྲས་འདི་ལྷའི་སྤྱན་གྱིས་གཟིགས་པ་ཞིག་བྱུང་བས། མཚོ་བཟང་ལྷ་གཟིགས་སུ་ཐོགས་གསུང་། འདི་ནས་བཟུང་སྟེ་རླངས་ལྷ་གཟིགས་སུ་གྲགས་ལ། འདིའི་སྲས་ཨ་མི་བྱང་ཆུབ་འདྲ་འཁོལ་ཏེ། དགུང་ལོ་བརྒྱད་ལ་ཨོ་རྒྱན་དུ་བྱོན་པ་དང་། (༧༡ན)


GLG019_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་པོ་བཏུལ་ནས་ཕྱིར་བྱོན་པའི་ཚེ་ཡི་དམ་གྱི་ལྷ་ཞལ་གཟིགས་པ་དང་། གེ་སར་གྱིས་གླིང་ཡུལ་དུ་ལན་གཉིས་གདན་དྲངས་པའི་ཕྱི་མའི་ཚེ། ཕ་བོང་གྲ་བ་རྟ་འདྲ་བ་ལ་ཆིབས་ནས་ཕྱོགས་བཞིར་གདོན་ཆེན་པོ་བཞི་བཏུལ་བ་སོགས་རྫུ་འཕྲུལ་ནི་མཐའ་ཡས་ཤིང་། སྔར་བྱང་ཆུབ་རྡོ་རྗེ་ཟེར་ཡང་། ཕྱིས་ལྷ་སྲིན་བྲན་དུ་འཁོལ་བས་འདྲེ་འཁོལ་དུ་མཚན་ཆགས། སློབ་དཔོན་ཆེན་པོ་པདྨས་ཀྱང་། བྱང་དང་ཆུབ་ཅེས་བྱ་བ་ཡི། །མི་བུ་ཁྱད་དུ་འཕགས་པ་འོང་། །དེ་ནི་ང་ཡི་ཐུགས་ཀྱི་སྲས། །ཞེས་གསུངས་ཤིང་། བྱང་ཆུབ་འདྲེ་འཁོལ་ཉིད་ཀྱི་གསུང་དུ་ཡང་། ད་ནས་མི་རབས་བཅུ་གསུམ་ན། །བོད་ཁམས་ཡོངས་ཀྱི་བདག་པོ་འོང་། །ཞེས་ལུང་བསྟན་པ། འཇམ་དབྱངས་གོང་མ་རྒྱལ་པོའི་ཕོ་བྲང་ཚུན་གྱི་མཆོག་དམན་གྱི་སྐྱེ་བོ་མཐའ་དག་གི་མིག་དང་རྣ་བའི་སྤྱོད་ཡུལ་དུ་གྱུར་པ་དེ་ལྟར་ཡིན་ལ། འདིའི་ཇོ་མོ་སྐལ་ལྡན་མ་ལ་སྲས་དཔལ་གྱི་སེང་གེ །གཉན་ཐོག་ཨ་ཁྲོམ། སྟག་ཚབ་གསུམ་ལས། འབྲིང་པོ་གཉན་ཟོག་ཨ་ཁྲོམ་གྱི་སྲས་གཉན་པོ་ཉ་མོག་ཁྲི། དེའི་སྲས་རླངས་སྟོན་བྱ་ཞུ་ནག་པོ། དེའི་སྲས་ཨ་སེང་། དེའི་སྲས་ཨ་སེར། དེའི་སྲས་སྐྱབས་བདུན་དཔལ་དང་བརྒྱད། བཙན་དང་དགུ་ཞེས་པའི་ཆེ་བ་ཡོན་ཆེན་རྒྱལ་བ་སྐྱབས་ཡིན་ལ། དེ་ཡང་རླངས་སྟོད་ཐོ་ཡི་སྤྱི་དཔོན་མཛད། མགོ་རུམ་སེང་གེ་རྒྱ་བཅོམ། རྩེ་འཐོན་གྱིས་དྲག་པོ་སྤུན་བཞི་བཏུལ། ལྡོང་སྲས་ཀྱི་འདོན་ཡུལ་དབང་དུ་བསྡུས་པ་སོགས་འཇིག་རྟེན་མི་ཆོས་ནས་མངོན་པར་མཐོ་བ་ཤིན་ཏུ་མང་ཞིང་། དམ་པའི་ལྷ་ཆོས་ཀྱི་སྒོ་ནས། བྱང་ཆུབ་འདྲེ་འཁོལ་ནི་གོང་དུ་སྨོས་ཟིན་པ་དང་། དེའི་སྲས་གསུམ་གྱིས་དཔག་(༧༡བ)


GLG019_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པར་དཀའ་བ་སྤྲུལ་སྒྱུར་མཛད་པ་དང་། རླངས་ཁམས་པ་གོ་ཆས་རབ་ཏུ་བྱུང་བའི་སད་མི་མི་བདུན་གྱི་བར་མར་གྲགས། རླངས་དཔལ་གྱི་སེང་གེས་སློབ་དཔོན་ཆེན་པོའི་ཐུགས་སྲས་མཛད་དེ་གྲུབ་པ་བརྙེས། ཡེ་ཤེས་རྡོ་རྗེས་ཉི་མ་ལྟོང་ལ་མནན། ཡེ་ཤེས་སེང་གེས་དཔལ་ཐང་དུ་ཇག་པ་བཏུལ། དཔལ་གྱི་འབྱུང་གནས་ཀྱིས་ལྷ་འདྲེ་དམ་ལ་བཏགས། དར་མ་སེང་གེས་དུར་ཁྲོད་བསིལ་བ་ཚལ་དུ་བྱོན། དཔལ་གྱི་རྡོ་རྗེས་ཉི་ཟེར་ལ་ཆོས་གོས་བཀལ་བ་སོགས་གྲུབ་པ་བརྙེས་པའི་མཐུ་སྟོབས་དང་རྫུ་འཕྲུལ་དཔག་པར་དཀའ་བ་ཤ་སྟག་ཏུ་བྱོན་པ་ཡིན་ནོ། །སྨྲས་པ། །འཆི་བ་མེད་པའི་ལམ་ལས་ལེགས་འོངས་ལྷ་རིགས་རླངས་ཀྱི་པད་དཀར་ཚལ། །མཁས་གྲུབ་ར་ཡིག་གཉིས་པའི་ཚོགས་འདུ་ངོ་མཚར་འཕུར་ལྡིང་རོལ་གར་ཅན། །གསང་ཆེན་ཐེག་པའི་ཟེའུ་འབྲུ་རབ་ལྡེམ་དངོས་གྲུབ་སྦྲང་རྩིའི་ཟ་མ་ཏོག །ལོ་རྒྱུས་མྱངས་ན་ཞིམ་པའི་རོ་བཅུད་སྐབས་གསུམ་བདག་པོའི་བདུད་རྩི་བཞིན། །མདོ་ཁམས་ཡུལ་གྱི་ཟླ་བའི་མ་མ་ལས། །ལྷ་གཟིགས་གདུང་གི་མངོན་མཐོའི་བསིལ་ཟེར་ཅན། །གངས་ཅན་ལེགས་བྲིས་ལམ་དུ་འཕགས་པའི་ཚེ། །སྐལ་བཟང་སྐྱེ་རྒུའི་ས་སྨོས་འདོད་པ་འཇོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཡང་ཡོན་ཆེན་རྒྱལ་བ་སྐྱབས་ལ་ཇོ་མོ་འབྲོ་ལྡོག་བཟའ་དང་། དེ་གུ་མ། འབྲོ་བཟའ་ཡེ་ཤེས་མཚོ་དང་གསུམ་ལས། དང་པོའི་སྲས་རྗེ་སྤྱན་སྔ་རིན་པོ་ཆེ་དཔོན་སངས་རྒྱས་བསྐྱབས། དཔོན་ཤེས་རབ་རྒྱལ། གཉིས་པའི་སྲས་དབོན་མགོན་པོ་རྒྱལ་མཚན་གསུམ་པའི་སྲས་རྒྱལ་བ་རིན་པོ་ཆེ། བཅུ་གཉིས་པ་གཏེར་རྒྱབ་པ་རིན་ཅེན་རྡོ་རྗེ་རྣམས་ལས་(༧༢ན)


GLG019_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སྤྱན་སྔ་རིན་པོ་ཆེ་ནི་ཡབ་མེས་དང་བཀའ་བརྒྱུད་ཀྱི་ཆོས་ཀྱིས་གཙོ་མཛད། རྒྱལ་བའི་གསུང་རབ་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་ལྷུར་བླངས་པས། སྒྲུབ་རིས་ཡོངས་ཀྱི་བསྟན་པའི་བདག་པོར་གྱུར། ཤར་རྒྱལ་པོའི་ལུང་གིས་མཐོང་ཚད་བསད་ན་ཐོས་ཚད་སྐྲག་པའི་ལས་རྔམ་པོ་ཆེ་གསོག་པའི་བྱེད་པོ་དོར་རྟ་ནག་པོ་ཡང་རྫུ་འཕྲུལ་གྱིས་འདུལ་བར་མཛད་པས། ཁ་བ་རི་བ་རྣམས་ལ་གཅིག་ཏུ་བཀའ་དྲིན་ཆེ། དེ་རྗེས་རྒྱལ་བ་རིན་པོ་ཆེ་རབ་ཏུ་བྱུང་བའི་མཚན་གྲགས་པ་བརྩོན་འགྲུས་ཏེ། དབུས་སུ་ཕེབས་ནས་རྗེ་སྤྱན་སྔ་རིན་པོ་ཆེས་བྱིན་གྱིས་བརླབས་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྟོགས་པ་འཁྲུངས། མཁས་གྲུབ་ཀྱི་ཡོན་ཏན་ཕུལ་དུ་བྱོན་ཞིང་། ནམ་མཁའ་ལས་ཐོག་བབས་པ་སྐུ་ཆོས་སུ་གཏུམས་པས་རྒྱལ་སྲས་ཐོག་རྡུགས་པ་ཞེས་ནུས་མཐུའི་སྙན་པ་ཆེ། གདན་སར་ཕེབས་ནས་སིང་གྷ་གླིང་ཏི་ར་ཧུ་ཏི་ཡ་རྩེ་རྒྱལ་པོ་རྣམས་ཀྱིས་རྣམ་ཐོས་ཀྱི་བུ་ལ་འགྲན་པར་ནུས་པའི་མཁོ་དགུའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ཕུལ་ཞིང་། ཁྱད་པར་སོག་པོ་རྦད་འགྱེལ་དུ་གྲགས་པའི་ནོར་བུ་སོགས་ནོར་སྣའི་རིགས་ཀྱི་མཆོད་རྫས་བོད་ཡུལ་དུ་གདན་ས་ཐེལ་བཟང་བར་གྲགས་པ་ཡང་འདིའི་དུས་བྱུང་། སྤྱན་སྔ་རིན་པོ་ཆེ་ཡན་ཆད་དུ་གོང་མའི་འཇའ་ས་སོགས་མེད་འདུག་ནའང་། འདི་ཉིད་ཀྱི་དུས་ཧུ་ལ་ཧུང་གཏོགས་པ་རྣམས་གོང་མའི་ལུང་གི་འཇའ་ས་དང་བཅས་ལྡན་མ་སྒོམ་བརྩོན་གྱིས་སྤྱི་དཔོན་བྱས་ནའང་ལུགས་དང་འབྲེལ་བར་མ་བྱུང་བས། དཔོན་རྡོ་རྗེ་དཔལ་རྐང་བཞིའི་དཔོན་བྱེད་ཀྱི་ཡོད་པ་རྒྱལ་བ་རིན་པོ་ཆེས་ཚུར་བཀུག་སྟེ་ཁྲི་དཔོན་དུ་བསྐོས། གོང་སར་ལན་གསུམ་བྱོན། ཕོ་(༧༢བ)


GLG019_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་སྒང་། ཚོང་འདུས་བྲག་ཁ། སྣེའུ་གདོང་། སྣ་མོ། ཧ་ལ་སྒང་། ཐང་པོ་ཆེ་གླིང་སྨད། འཕྱོས་གཞིས་ཀ །མོན་མཁར་བཀྲ་ཤིས་གདོང་། རྒྱལ་ཐང་། ལྕགས་རྩེ་གྲི་ཁུ། མཆོད་རྟེན་གླིང་། ཆད་དཀར་ཏེ་གཞིས་ཀ་བཅུ་གཉིས་བརྩིགས། མངའ་ཐང་ཤིན་ཏུ་མཐོ་ཞིང་། དཔོན་རང་ཡང་མགོ་ལ་སྒོམ་ཞྭ་དང་། ལུས་ལ་ཆོས་གོས་རྣམ་གསུམ་གྱོན། བཙུན་ཚུགས་མ་དོར་བས་ལུགས་གཉིས་ཐད་ནས་ཀུན་གྱིས་མཐོ་བཟོས་ཆེ། འཁོར་རྣམས་ཀྱང་མཚུན་ཆེ་བའི་སྟབས་ཀྱིས་གཞན་མཐའ་དག་གིས་དཔོན་གྱིས་གཟིགས་སར་བག་ཡངས་ཀྱི་སྤྱོད་པ་བྱེད་མི་ནུས་སྐད། ཆོས་རྗེ་བསོད་གྲགས་པས། བཅུ་གཉིས་རིན་པོ་ཆེའི་དུས་གོང་མའི་འཇའ་ས་བྱུང་བ་དང་། ཚེས་བཞི་པའི་དུས་དཔོན་རྡོ་རྗེ་རིན་ཅེན་གྱིས་ཁྲི་དཔོན་བྱས་པར་སྨྲ་བ་སོགས་ནི་ཡིག་ཚང་ཁུངས་ཐུབ་རྣམས་མ་གཟིགས་པར་ཚོད་འཇོག་ཏུ་བྲིས་པའི་སྐྱོན་ཁོ་ན་སྟེ། ལོ་རྒྱུས་རྣམས་མ་ངེས་བཞིན་དུ་འདྲི་དགོས་པ་མོ་རྩིས་པ་བཞིན་གྱིས་ལུང་བསྟན་བྱུང་བ་ཡིན་ན་ཐུགས་བདེན་པར་མཆིས་སོ། །འགྲོ་མགོན་རིན་པོ་ཆེའི་སྤྲུལ་པ་བཅུ་གཉིས་རིན་པོ་ཆེ་རྡོ་རྗེ་ནི་ལུང་རྟོགས་ཀྱི་ཡོན་ཏན་མཐའ་ཡས་ཤིང་། གདན་སར་ཕེབས་ནས་པུ་རངས་ལོ་ཆུང་གི་ཐུགས་དམ་དགྲ་ནག་ལ་གསོལ་བ་བཏབ་པས་ལྷོ་བརྒྱུད་ཀྱི་འཁྲུག་པ་ཞི་བ་དང་མངོན་པར་མཁྱེན་པ་ཐོགས་པ་མེད་པ་སོགས་རྣམ་ཐར་ཡ་མཚན་ཅན་མང་ཞིང་། འདིའི་དུས་ཁྲི་དཔོན་རྡོ་རྗེ་དཔལ་གྲོངས་ནས་ཁོང་གི་གཅུང་གཞོན་ནུ་རྒྱལ་མཚན་ཁྲི་དཔོན་གྱི་གོ་སར་བསྐོས་ཀྱང་། མགོ་ལ་སྨྱུག་ཞྭ། ལུས་ལ་ཧོར་གོས། རྐང་པ་ལ་ཧོར་ལྷམ་གྱོན། མཚན་ཕྱེད་ཀྱི་རིན་གླུ་ལེན་ཞིང་བྲོ་བརྡུང་། ཉིན་ཕྱེད་ཀྱི་བར་ཉལ་བ་སོགས་བག་མེད་ཀྱི་སྤྱོད་པ་ཁོ་ནས་(༧༣ན)


GLG019_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འདའ་བས་ཕག་མོ་གྲུ་པའི་སྡེ་ཚུགས་ལ་ཤིན་ཏུ་གནོད་པ་བྱུང་། ཁོང་འདས་རྗེས་ལྷོ་བྲག་གཤོང་སྡེ་མཁན་པོ་རིན་རྒྱལ་གོང་སར་བཏང་སྟེ་འཇའ་ས་ཞུས། དེ་རྗེས་ཡར་འབྲོག་པ་བྱང་གཞོན་ཁྲི་དཔོན་དུ་བསྐོས་ནའང་སྔོན་མའི་མིག་ལྟོས་ཀྱིས་བག་མེད་ཀྱི་སྤྱོད་པ་ཁོ་ནའི་དབང་དུ་སོང་། དཔོན་མགོན་པོ་རྒྱལ་བ་སྲས་རིན་ཅེན་ཤེས་རབ། གྲགས་པ་ཡེ་ཤེས། གྲགས་པ་རིན་ཆེན། རིན་ཅེན་སྐྱབས་དང་བཞི་ལས། གྲགས་པ་ཡེ་ཤེས་ནི་ས་སྐྱར་འགྲོ་མགོན་འཕགས་པའི་དྲུང་དུ་འབྱོན་དུས་མདོ་སྡུད་པའི་ཚོད་ཙམ་གྱི་ཕྱག་དཔེ་ཞོགས་རེ་ལ་བཟུང་བས་མཁྱེན་རབ་ཀྱིས་གྲགས་པ་ཆེ། གདན་སར་བཞུགས་རིན་འགྲོ་ཕན་གྱི་སྒོ་མཆོག་ཏུ་ཡངས། ཁྲི་དཔོན་བྱང་གཞོན་གྱི་རྗེས་སུ་གཞོན་ནུ་ཡོན་ཏན་གྱིས་ཁྲི་དཔོན་ལོ་དྲུག་བྱས་ནའང་། ཆང་ནག་ཁོ་ན་དོན་དུ་གཉེར་བས་སྡེའི་འཛིན་ཚུགས་མ་བྱུང་། གཅུང་གྲགས་པ་རིན་ཅེན་ཐོས་བསམ་སྒོམ་པ་མཐར་ཕྱིན་ཞིང་གདན་སར་བཞུགས་ཐོག་ཏི་ཤྲི་གྲགས་འོད་དང་། རྒྱལ་པོ་ཐེ་མུར་བོག་གཉིས་ཀྱི་འཇའ་ས་སྟག་མགོ་ཕུལ། ཁྲི་དཔོན་ཟུར་དུ་མ་བསྐོས་བར་བླ་དཔོན་སྦྲགས་ནས་མཛད། དོ་སྔོན། རྒྱལ་ཐང་། སྨོན་མཁར། ས་འཐོན། བྱི་ཆུང་། ཟ་ར་ཟོ་ཐང་། ལྡིང་གསུམ། གཡུ་སྲིང་། མོན་མཁར་སོགས་གཞོན་རྒྱལ་འོད་དུ་དབེན་ཤ །དཔོན་ཆེན་ལེགས་པ་དཔལ། སློབ་དཔོན་ཨ་ཙ་ར། དཔོན་ཆེན་ཨ་བློན། ས་སྐྱ་བ་སོགས་ལ་ཤོར་བ་རྣམས་ཕྱག་རྫས་ཀྱིས་བསླུ་བར་མཛད་པས། ཕག་གྲུ་ཁྲི་བསྐོར་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། དེའི་དོན་གྱིས་སི་ཏུ་རིན་པོ་ཆེའི་བཀའ་ཆེམས་སུ། སྣེའུ་གདོང་གི་ཐབ་མགོ་འཛིན་པའི་གཞིས་ཀ་མིང་ཅན་འདི་རྣམས་ཞི་(༧༣བ)


GLG019_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཤེགས་པས། ཕྱག་རྫས་ཀྱིས་བསླུས་པའི་གཞིས་ཀྱང་ཡིན་ཅིང་། སྐུ་དྲིན་ཆེ་བའི་དོན་གྱིས་ད་ལྟ་ཉི་ཤུ་གཉིས་མཆོད་འདི་རང་རེ་ནང་སོ་དང་བཟའ་པ་མི་སྡེ་དང་བཅས་པས་བདག་རྐྱེན་བྱེད་པའི་དོན་དེ་ཡིན་ཞེས་གསུང་། དཔོན་རིན་ཅེན་སྐྱབས་ལ་ཛེམ་ཞང་ལྕམ་མ་དང་ཁྲི་སྨོན་འབུམ་སྐྱིད་གཉིས་ལས། དང་པོའི་སྲས་རྒྱལ་མཚན་དཔལ་བཟང་། གྲགས་པ་རྒྱལ་མཚན། གྲགས་པ་བཟང་པོ་དང་གསུམ། འབུམ་སྐྱིད་ཀྱི་སྲས་གོང་མ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན། གྲགས་པ་ཤེས་རབ། བསོད་ནམས་བཟང་པོ་སྟེ་ཡུམ་མི་གཅིག་པའི་སྐུ་མཆེད་དྲུག་ལས། གྲགས་པ་རྒྱལ་མཚན་ཐོས་བསམ་སྒོམ་པ་མང་དུ་མཛད་ཅིང་། ཁྱད་པར་མགོན་པོའི་བཀའ་བབས་བྱུང་ཞིང་གདན་ས་ཡུན་རིང་དུ་མཛད། འདིའི་དུས་སློབ་དཔོན་རྒྱལ་མཚན་བཟང་པོས་གོང་མའི་དྲུང་དུ་ཕྱིན་ཏེ་ལུང་དང་ལག་རྟགས་སྦྲེལ་ནས་ཁྲི་དཔོན་བྱས་ནའང་། བག་ཡངས་ཀྱི་དབང་དུ་སོང་ནས་ལུགས་གཉིས་ཀྱི་འཛིན་བཀོད་ཚར་མ་བྱུང་ཞིང་། དེའི་རྗེས་སུ་རྒྱལ་མཚན་སྐྱབས་ཀྱིས་ཁྲི་དཔོན་གྱི་གོ་སར་བསྡད་ཀྱང་འཁོས་ཀ་ཆུང་བས་ཀུན་གྱིས་བརྙས་པ་བྱས་ཏེ། ཕག་མོ་གྲུ་པའི་སྡེ་སྲིད་ཀྱི་འཛིན་ཚུགས་ཉག་ཕྲ་བ་བྱུང་། དེ་རྗེས་ཏའི་སི་ཏུ་ཁྲི་དཔོན་གྱི་གོ་སར་ཕེབས་པ་ཡིན་ལ། འདི་ཉིད་ནི་ཐང་ཡིག་ལས། ཡར་ཀླུངས་མཐིལ་ནས་རྣམ་སྨིན་བསྐྱེད་རྒྱལ་འབྱུང་། །བག་གིས་ས་རློག་དབུས་ཁམས་ས་ཧོར་ཟ། །བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་། །ཞེས་པའི་ལུང་བསྟན་ཐོག་ཏུ་བབས་པ་སྟེ། འཇིག་རྟེན་ཐམས་ཅད་ཀྱི་བྱེད་པོ་གསེར་མངལ་ཅན་གྱིས་གནམ་ཀ་བ་མེད་པའི་སྒོ་ཕྱེ་ནས། རིན་པོ་ཆེ་སྣ་བདུན་སྔོན་དུ་འགྲོ་བ་ཅན་གྱི་གདོང་ལྔའི་དབང་པོའི་གད་(༧༤ན)


GLG019_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱངས་ཟད་མི་ཤེས་པར་སྒྲོགས་པའི་ཁྲི་ཆེན་པོར་སྙིང་སྟོབས་དཔའ་རྟགས་ཀྱི་ལུས་སྟོབས་ཡོངས་སུ་རྫོགས་པའི་ས་སྲུང་དབང་པོའི་སྣར་རིགས་པ་དང་མི་རིགས་པའི་སྡེ་བཞིའི་སྤྱོད་ཚུལ་ལ་རྨོངས་པའི་དྲ་བ་མཐའ་དག་གཅོད་པའི་ཤེས་རབ་ཀྱི་སྤུ་གྲི་རྣོན་པོ་རང་བྱན་དུ་འཁོར་ཡང་ངོ་ཚ་དང་ཁྲེལ་གཞུང་སོགས་ཡ་རབས་དམ་པའི་སྤྱོད་ཚུལ་གྱི་འཛམ་བུ་ཆུ་བོའི་གསེར་གྱི་རྒྱན་བཟང་པོས་མཛེས་པར་སྤུད་པས་སྐྱེ་རྒུ་མཐའ་དག་གི་རལ་པའི་ཅོད་པན་གྱི་རྩེ་མོར་འགྱིང་བ་ལ་སྐྱེ་བས་ཐོབ་པའི་སྐལ་བ་མཆོག་གི་ལེགས་བྱས་ཀྱི་ཞགས་པ་རིང་པོ་སྟོང་སྤྱི་ཕུད་ཀྱི་རྒྱལ་ཁམས་སུ་ཁྲིམས་ཀྱི་ཐིག་དྲང་པོར་འདེབས་པའི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་པོ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོ་ལ་སྐུ་བལྟམས། དགུང་ལོ་གསུམ་ལ་འབྲི་ཀློག་མཁྱེན་པ་དང་། དྲུག་ལ་ཆོས་སྐྱོང་བྱ་རོག་གདོང་ཅན་གྱི་རྗེས་གནང་གསན་པས་ཤིན་ཏུ་འགོ་བ་བྱུང་། དགུང་ལོ་བདུན་པ་ལ་སྤྱན་སྔ་ཆོས་བཞི་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་བྱང་ཆུབ་རྒྱལ་མཚན་དུ་བཏགས། དགུ་པ་ལ་མཁན་ཆེན་ཚུལ་དར་བ་དང་། སློབ་དཔོན་པུ་རངས་པ་ལ་རབ་ཏུ་བྱུང་། བདེ་མགོན་གྱི་བསྙེན་པ་མཛད་པས་དངོས་གྲུབ་ཀྱི་མཚན་མ་ཁྱད་པར་ཅན་བརྙེས། དགུང་ལོ་བཅུ་བཞི་ལོན་པའི་ནག་པ་ཟླ་བའི་ཚེས་བཅུ་བདུན་ལ་ས་སྐྱར་འབྱོན་པའི་གྲབས་མཛད། ཟླ་བ་བཞི་པའི་ཟླ་སྟོད་ལ་སྣེའུ་གདོང་ནས་ཐོན་ཏེ་གླུར་བཞུགས་པའི་གོངས་འཁོར་རྣམས་ཀྱིས་ཆང་མང་དུ་བླངས་ཏེ་བག་མེད་ཀྱི་སྤྱོད་པ་བྱེད་པར་བརྩམས་པས། བདག་ཆེན་རིན་པོ་ཆེར་འབུལ་རྒྱུའི་རྟ་ལ་ཆིབས་ཏེ་མ་བཞུགས་པར་བྱོན་པས་གཞན་རྣམས་ཀྱང་(༧༤བ)


GLG019_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ལ་ཡོང་དགོས་པ་བྱུང་ཞིང་། སྐབས་འགར་གུང་གི་དྲོ་ཕྱིས་བས་མ་གསོལ་བ་སོགས་རབ་ཏུ་བྱུང་བའི་བླ་མར་ཁས་འཆེ་བ་འགའ་ཞིག་ལས་འདི་ཉིད་བསླབ་པ་ལ་གུས་ཤིང་། གོང་དཀར་བས་མི་ཁལ་ལ་གནོད་པ་བྱས་པར་ངོས་ཀྱིས་བྱོན་ཏེ་བཅུ་ཧུ་བསྟན་ནས་ངའི་འགོ་ཁག་ཁྱེད་རྣམས་ལ་ཡོད་དོ་ཞེས་སོགས་ཀྱི་ན་ཕྲ་མོ་ནས་གསུང་སྒམ་པོ་བྱོན་པས་འཇིགས་ཏེ་གཏོང་ལེན་དང་བཟོད་གསོལ་བྱས། གན་པ་ཕུར་ལྕང་གོང་གི་རྒྱལ་པོས་བར་ཆད་བརྩམ་པ་སྒོམ་བཟླས་མཛད་པས་མ་ཚུགས། དེ་ནས་རིམ་གྱིས་ས་སྐྱར་ཕེབས་ཏེ། དཔོན་ཆེན་འོད་ཟེར་སེང་གེས་བན་རྩ་བྱས་ནས་བདག་ཆེན་རིན་པོ་ཆེར་ཕག་གྲུའི་དཔོན་པོ་འདི་སློབ་གཉེར་བྱུང་ན་རབ། མ་བྱུང་ན་བཞི་ཐོག་པའི་དྲུང་འཁོར་ལས་ཚན་ཞིག་ཞུས་འདུག་པ་ལྟར་དམ་གཉེར་ལ་བསྐོས་ནས། བདག་ཆེན་པ་ཐུགས་གཏུམ་པས་གསོལ་གཟིམས་དམ་གཉེར་སོགས་ལ་བཀའ་བཀྱོན་འཕྲལ་འཕྲལ་ཡོང་བ་ཞིག་འདུག་པས། དགོངས་བཞུས་ཏེ་རང་བཞིན་ལས་ཚན་མང་བར་བཞུགས། སྤྲུལ་པའི་དཔྱིད་ཆོས་ལ་ཆུ་མིག་ཏུ་ཕེབས་སྐབས་ཞབས་ཕྱིར་མཚན་ཉིད་ཀྱི་བླ་མ་འཇམ་དཔལ་དང་། སྔགས་ཀྱི་བླ་མ་ཀུན་དབང་སོགས་དགེ་བའི་བཤེས་གཉེན་གྱི་རིམ་པ་དང་། དཔོན་ཆེན་དབང་ཕྱུག་དཔལ། སང་ཡེ་དཔོན་པོ། བ་དེ་ལུང་བའི་དཔོན་པོ། སྟག་ལུང་དཔོན་པོ་རྣམས་ཀྱི་སྔ་བས་ཁར། སི་ཏུ་ལ་ཕག་གྲུ་དཔོན་པོར་འབོད་ཅིང་། དཔོན་པོ་རྣམས་ཀྱི་ནང་ནས་མཐོང་བཟོས་ཆེ་བར་མཛད། ཆག་ཆག་ལ་ཁར། བདག་ཆེན་རིན་པོ་ཆེ་ཆིབས་བཤོལ་སྐབས་སི་ཏུའི་ཆིབས་འཛིན་པ་སྔོན་ལ་སོང་ནས་མེད་པས། ཆིབས་འདྲོགས་ཏེ་རྒྱང་རིང་པོར་ཁྱེར་བས། རྒྱལ་ཚ་རིན་དབང་གིས་རྟ་ནས་བབས་ཏེ་རོགས་བྱས་འདུག་པ་(༧༥ན)


GLG019_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་ཀླུངས་པའི་ཞེན་ཡིན་འདུག་ཅིང་། བཀའ་ཆེམས་སུ། ང་རྟ་ཐོག་ནས་མ་ལྷུངས་པ་ཁོའི་དྲིན་ཡིན་གསུང་། ས་སྐྱར་ཕེབས་སྐབས་དྲུང་འཁོར་རྣམས་ཆང་གི་དགའ་སྟོན་བྱེད་པར། བྲང་ཁང་ཤར་ན་སི་ཏུ་བང་ཡོད་པར་བདག་ཆེན་པའི་སྐུ་གཞོགས་ནས་འབོད་མཁན་བསྟུད་མར་གནང་བྱུང་བ་ལ་བྱོན་པས། གསོལ་རས་གསེར་གྱི་ཐེབ་རྩའི་ནང་དུ་གནང་ཆེས་མེད་པར་ཕྱག་རྗེན་པས་བཟུང་ཆོག་པའི་དགྱེས་པའི་བཀའ་སྩལ་ཞབས་གོམ་འཁྱོར་བ་ཙམ་ཡོད་ནའང་ཐུགས་རུས་མཛད་དེ་གསོལ། བདག་ཆེན་པོ་རིན་པོ་ཆེ་མངོན་མཁྱེན་ཐོགས་མེད་མངའ་བས། སི་ཏུ་ལ། ཁྱེད་ལ་ཁྲི་དཔོན་ཡོང་གཡུལ་རྒྱལ་སློབས་གསུང་བ་སོགས་མ་འོངས་པ་མཁྱེན་པའི་གསུང་མང་དུ་མཛད། དེའི་རྒྱུ་མཚན་གྱིས་བཀའ་ཆེམས་སུ། བླ་མ་བདག་ཆེན་པའི་དྲུང་དུ་ཐུགས་ལ་དཔེ་མེད་བཏགས་པ་དེ་ངའི་བསོད་ནམས་ཆེན་པོ་ཡོད་པ་འདི་མཁྱེན་པར་འདུག་བསམ་པའི་དག་སྣང་དང་མོས་གུས་བསམ་གྱིས་མི་ཁྱབ་པ་ཡོད་གསུང་། སྟོན་ཆོས་ཐོག་བླ་མ་མཉམ་མེད་པའི་དྲུང་དུ་བརྟག་གཉིས་ཀྱི་གསན་སྦྱོང་མཛད་སྐབས། སློབ་དཔོན་ནམ་བློ་དང་མ་འཆམ་པའི་ཚིག་རྩོད་ཀྱི་གཏམ་བླ་མས་གསན་པས། ཁྱེད་ཚེ་རླུང་གིས་འདས་པའི་བྱེ་རི་ཡིན། ཕག་གྲུ་དཔོན་པོ་སྲིད་པས་བསྐོས་པའི་གངས་རི་ཡིན་གསུངས་སྐད། དེ་ནས་རྟ་ལོའི་ལོ་གསར་ལ་རིན་ཅེན་སྒང་དུ་དཔོན་ཆེན་རིན་ཅེན་སེང་གེའི་རྩར་བྱོན་པས་འབྲུམ་པས་བསྙུང་དེ་གྲག་པ་དང་། འཇད་དུ་ཟླ་བ་གསུམ་བཞི་སྐོར་བཞུགས། དེ་ནས་དབུས་སུ་འབྱོན་ཁར་བདག་ཆེན་རིན་པོ་ཆེའི་དྲུང་དུ་ཕྱག་འབུལ་ལ་བྱོན་པས། བླ་མ་མཁས་བཙུན་པ་དང་། སི་ཏུ་གཉིས་ཕྱག་སྦྲེལ་ནས་མཁས་བཙུན་པས་སི་ཏུ་པའི་མགོ་གཉེར་(༧༥བ)


GLG019_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སི་ཏུས་མཁས་བཙུན་པའི་ཞབས་ཏོག་ཏུ་འགྱུར་བ་བྱེད་དགོས་པའི་གསུང་ནན་ཆེ་བ་བྱོན། དེ་ནས་དབུས་སུ་བྱོན་ཏེ་མི་རིང་བར་གོང་མ་རྒྱལ་པོས་སྟག་མགོན་ནོར་བུ་གསུམ་པ་དང་བཅས་ཁྲི་དཔོན་གྱི་ལས་ཀ་གནང་། ཁྱི་ལོ་ཟླ་བ་བརྒྱད་པའི་ནང་ཚུན་དུ་རྒྱལ་མཚན་སྐྱབས་ཀྱིས་ཁྲི་དཔོན་བྱས་ནའང་། ལུགས་གཉིས་ཀྱི་བྱེད་པ་མཐུ་དམན་ཞིང་ཁྱད་པར་ཁོང་རང་གིས་ལས་ཀ་ལེན་པར་གོང་མའི་གསེར་ཞལ་ལན་གསུམ་མཐོང་བའི་རྒྱལ་དཔལ་སྒྲོལ་མ་སྐྱིད་འཕྲོག་འདོད་པའི་ཆེད་དུ་བསད་ཅིང་། སི་ཏུ་ལ་ཚིག་ངན་བསྐུར་བ་སོགས་ཀྱིས། སི་ཏུས་བླ་ཆེན་ཀུན་བློ་གོང་མའི་གམ་ནས་ས་སྐྱར་བསྙེན་རྫོགས་ལ་བྱོན་པའི་སྡེབས་ཀར་སི་ཏུ་རིན་ཅེན་གྲགས། དཔལ་ལྡན་ཇུ་དབེན་ཧུར་དཔོན་གྱི་དམ་ཁ་ཁྲིམས་ར་དང་བཅས་འབྱོར་འདུག་པའི་དུས་སུ་གཏུག་གཤེར་བྱས། རྒྱལ་མཚན་སྐྱབས་ལས་ཀ་ལས་ཕབ། ཁྱི་ལོ་ཟླ་བ་དགུ་པའི་ཚེས་དགུའི་ཉིན་བཀའ་ཤོག་བཅུ་ཧུ་རྣམས་བསྒྲགས། བཅུ་བཞི་ལ་སྣེའུ་གདོང་རྩིས་བླངས། གཞོན་ནུ་འོད་གཉེར་པར་བསྐོས་ཀྱང་ཕྱི་ནང་གི་ཞིབ་ཚགས་ཚུལ་དང་མཐུན་པ་མ་བྱུང་ཡང་གཉེར་རྩིས་ལེན་པ་ལས་གཞན་པའི་ཅ་ར་མ་མཛད། འབྲུག་ལོ་ལ་ཨ་ཏུ་ལ་ཡར་ཀླུངས་སུ་བྱོན། ཡུན་རིང་བཞུགས། ཉིན་གཅིག་ཨ་ཏུ་ལས། སི་ཏུ་རྟ་རར་ཁྲིད་ནས་རྟ་བྲེས་ཀྱི་ཁ་ཤིང་གོག་ལ་ཁད་ཅིག་འདུག་པ་དེ་བསྟན་ནས། ཁྲི་དཔོན་བློ་ཞིབ་དགོས་པ་ཡིན། འདི་ལ་ས་ཕག་གསུམ་བཞག་ན་འགྲིག་པས། རྟ་ལ་སྣད་ཡར་མི་ཡོང་བ་ཡིན། རྟ་རབ་ལ་དངུལ་བྲེ་རེ། དངུལ་བྲེ་དེ་གསེར་སྲང་བརྒྱད་ཡིན་གསུང་བ་སོགས་འཇིག་རྟེན་མི་ཆོས་ལ་དགོས་པའི་བསླབ་བྱ་ཆེ་ཕྲ་དུ་མ་མཛད། དེ་ནས་སྦྲུལ་ལོ་སི་ཏུའི་རབ་ཏུ་བྱུང་བའི་མཁན་པོ་ཚུལ་དར་བའི་དཔོན་(༧༦ན)


GLG019_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཕྱོང་རྒྱས་པ་ཧོར་གཞོན་ནུ་བཟང་པོ་གཉེར་དུ་བསྐོས། དེ་རྗེས་གཞིས་ཀ་རྣམས་ཀྱི་གསོ་ཕྲན་དང་། ཡུལ་གྲུ་སོ་སོར་སྐྱེ་ཤིང་འཛུགས་པ། གཤམ་ཆུ་ལ་ཟམ་མོ་ཆེ་འཛུགས་པ། སྣེའུ་གདོང་རྩེའི་ཕོ་བྲང་རྒྱ་བསྐྱེད་དེ་རྣམ་པར་རྒྱལ་བར་ཁང་བཟང་ས་ལ་འཕོས་པ་ལྟ་བུ་མཛད། དེ་ནས་མི་རིང་བར་གཡའ་བཟང་པ་དང་ཁ་མཆུ་མང་དུ་བྱུང་ཞིང་། གཡའ་བཟང་པ་འདི་ཆོས་ཕྱོགས་ནས་ཕག་གྲུའི་སློབ་བརྒྱུད་དང་། འཇིག་རྟེན་ནས་ཧུ་ལ་ཧུར་གཏོགས་པའི་ཕག་གྲུའི་འོག་ཏུ་དགོས་རྒྱུ་ཡིན་ནའང་ལས་ཀྱི་ཤུགས་ཀྱིས་བདས་པ་ན། བློ་ཆེན་ལོག་པའི་ལམ་ལ་འགྲོ། །མུ་སྟེགས་བྱེད་ཀྱི་སྟོན་པ་མཆོག །དབང་ཕྱུག་སྨྱོན་པའི་བརྟུལ་ཞུགས་འཛིན། །ཞེས་པའི་དཔེ་ལྟར་གཡའ་བཟང་པས་ཕག་མོ་གྲུ་པའི་སྟེང་དུ་དམག་གིས་ཚུར་འགེབས་ལན་འགའ་བྱས་ཤིང་ཚལ་པ་རྒྱབ་ཕུགས་སུ་ཡོད་པ་དང་། དཔོན་ཆེན་རྣམས་ཀྱང་ཡོ་བས་ཁ་མཆུ་ཡང་གཡའ་བཟང་པ་རྒྱལ་བ་འགའ་རེ་བྱུང་ནའང་། ཁ་མཆུའི་རྩ་བ་མ་ཆོད་པས་གཡའ་ཕག་བར་ཐང་དུ་གཡུལ་འཁྲུགས་པས་ཕག་གྲུ་ཕམ་སྟེ། སྟོན་པ་གཞོན་འོད་ཀྱིས་འགོ་བྱས་མི་གཅེས་བཅུ་གསུམ་ཙམ་བསད། སི་ཏུ་དང་མཉམ་དུ་གཞོན་ནུ་བཟང་པོས་འགོ་བྱས་མི་བཅོ་ལྔ་ཙམ་མ་གཏོགས་ཕལ་ཆེར་བྲོས། དེ་ནས་དཔོན་ཆེན་དབང་ཕྱུག་དཔལ་བའི་དྲུང་དུ་གཡའ་ཕག་གཏུག་གཤེར་བྱས་པས་ཕག་གྲུ་བདེན་པ་ཆེ་བ་ཙམ་བྱུང་ཀྱང་། དཔོན་ཀུན་རྡོར་གྱིས་གྱོག་བྱས་པར་བརྟེན་གཡའ་བཟང་པ་རྒྱལ། དེ་ནས་མི་རིང་བར་དཔོན་ཆེན་དབང་བརྩོན་གྱིས་དོགས་ལུམ་པར་སི་ཏུ་སྟོན་མོ་ལ་བོས་ཐོག །ལབ་བསླུས་ཀྱི་རྣམ་པར་སྟག་མགོ་གཏོང་དགོས་པའི་ཚ་འཇུན་ཅི་ཡང་བྱས་ཤིང་། ཞག་བཅུ་དགུ་ཙམ་གྱི་རིང་གུང་ཐང་དུ་(༧༦བ)


GLG019_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བཙོན་ལ་འཇུག་པ་སོགས་བྱས་ཀྱང་། ཤེས་རབ་ལྡན་པ་མགོ་བསྐོར་ཡང་། །བྱ་བའི་ཆ་ལ་རྨོངས་མི་འགྱུར། །སྲོག་ཆགས་གྲོག་མ་མིག་མེད་ཀྱང་། །མིག་ལྡན་གཞན་ལས་ལྷག་པར་མགྱོགས། །ཞེས་པ་ལྟར་མཁྱེན་རབ་དང་སྙིང་སྟོབས་ཕུལ་དུ་བྱུང་བས། དཔོན་ཆེན་གྱིས་གླགས་མ་རྙེད་པར་ཕྱིར་ཕེབས། དེ་ནས་སི་ཏུ་དར་མ་རྒྱལ་མཚན། མངའ་རིས་ཕྱིན་གྱི་འཇགས་བྱེད་པ་དང་། བོད་ཆོལ་ཁ་གསུམ་གྱི་ཕྱེ་གསལ་བྱེད་པར་བྱོན་དུས། འདམ་དང་ཚོང་འདུས་འགུར་མོ་གཉིས་སུ་གཏུག་གཤེར་བྱེད་མ་ཐུབ་ཀྱང་། མངའ་རིས་འཁོར་ནས་ཡར་ཀླུངས་སུ་སེ་ཆེན་རྒྱལ་པོའི་འཇའ་ས་ལི་ཇི་བཅུ་ཧུ་སོགས་ཡིག་རིས་རྣམས་བསྟན་པས་སི་ཏུ་དར་རྒྱལ་བ་ཧ་ལས། གཡའ་ཕག་གི་ཁ་མཆུའི་བཅད་མཚམས་ལེགས་པར་བྱས་ནའང་། གཡའ་བཟང་ཚུལ་འབུམ་འོད་ཀྱིས། ཨེ་གཉལ་གྱི་དམག་རྣམས་བསྐུལ་ཏེ་རྡོག་པོ་རྒྱུད་དུ་འཁྲུགས་པས་ཕག་གྲུ་རྒྱལ་ཏེ། མ་དགའ་དགྲ་དགས་འགོ་བྱས་མི་ཉི་ཤུ་ཙམ་བསད་ཀྱང་། གཡའ་བཟང་པས་འབྲས་མོའི་ནང་དུ་གཞོན་ནུ་བཟང་པོ་དཔོན་གཡོག་གི་སྟེང་དུ་བཀབ་པར། སི་ཏུ་དཔོན་གཡོག་གིས་འགབ་སངས་འབྱོར་ཏེ་གཡའ་བཟང་པའི་དམག་རྣམས་ཕྱིར་བྲོས། གཡའ་བཟང་དགོན་པ་དང་གཞིས་ཀ་རྣམས་རྩིས་བླངས། དེ་ནས་ས་སྐྱར་བླ་མ་ཀུན་སྤངས་པ་དང་། དཔོན་ཆེན་རྒྱལ་བཟང་པ་གཉིས་ཀྱིས་སི་ཏུ་གསོད། སྣེའུ་གདོང་རྩིས་ལེན་པའི་གྲོས་ངན་བཤམས་པ་རིམ་གྱིས་མཆེད་ནའང་། སྔར་ནས་ས་ཕག་གཉིས་འབྲེལ་ཟབ་ཅིང་། ཁྱད་པར་སི་ཏུ་རང་བདག་ཉིད་ཆེན་པོ་བཟང་པོ་དཔལ་པའི་དྲུང་འཁོར་ཡིན་པའི་སྟབས་ཀྱིས། དཔོན་ཆེན་ལ་དགྲ་དབང་མཆོངས་བྱེད་པའི་རྩིས་ཡོད་སྐབས། དཔོན་ཆེན་རྒྱལ་བཟང་བ་དབུས་ཕྱོགས་སུ་བྱོན་ཏེ་(༧༧ན)


GLG019_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་ཡར་ཀླུངས་སུ་ཕེབས། སང་གཡའ་ཕག་གཉིས་གཏུག་གཤེར་བྱེད་རྒྱུའི་ཉིན། སི་ཏུ་པས་གཞོན་ནུ་བཟང་པོས་འགོས་བྱས་བློན་པོ་རྣམས། སང་ངེད་དང་གཡའ་བཟང་པ་གཉིས་ཁྲི་དཔོན་གྱི་མདུན་དུ་གཏུག་གཤེར་བྱེད་རྒྱུ་ཡིན་པས། མ་ངེས་པའི་དཔོན་ཆེན་གྱི་ངེད་བཟུང་བ་བཞིན་བྱུང་ན་ངེད་ཀྱི་ལྤགས་པ་དམར་བཤུས་བྱེད་ཀྱི་འདུག་ཟེར་འབྱུང་ཀྱང་། སྣེའུ་གདོང་མ་གཏོད་སོགས་ཀྱི་བསླབ་སྟོན་རྣམས་མཛད། སང་དཔོན་ཆེན་གྱིས་སི་ཏུ་བཟུང་ཀྱང་ཐེལ་རྩེ་མེ་ལ་བསྲེགས་པས་ཡི་གེ་ལེན་རྒྱུ་མ་བྱུང་། དེ་ནས་དཔོན་ཆེན་གྱིས་སྣེའུ་གདོང་དུ་བསྐོར་གཡང་བྱས་པར་བློན་པོ་རྣམས་ཀྱིས་ཞལ་ངོ་ལས་སྡེ་སྲིད་གལ་ཆེ་ཟེར་ནས་མ་གཏད། དེ་ནས་དཔོན་ཆེན་གྱིས་སི་ཏུ་ལ་ཀོ་ཤ་བརྒྱ་དང་སུམ་ཅུ་རྩ་ལྔ་ཙམ་བརྒྱབ། ཞྭ་རྔ་མ་ཅན་གཅིག་དབུ་ལ་བསྐོན་པ་སོགས་བཙོན་ཆས་ཀྱི་རྣམ་པས་ཡར་ཁྲིད་སྐྱི་ནག་བར་དུ་ཚལ་པའི་དམག་གིས་བསྐྱལ་པས་ཁ་ངན་གཏོང་བ་དང་འདེད་དྲག་བྱས། ཆེན་པོ་རེ་ཞིག་གུད་གྱུར་ཀྱང་། །དེ་ལ་གདུང་བ་སྐྱེ་མི་དགོས། །ཟླ་བ་རེ་ཞིག་གཟས་ཟིན་ཀྱང་། །དེ་མ་ཐག་ཏུ་གྲོལ་བར་འགྱུར། །ཞེས་པ་ལྟར། ཉུག་ཆོས་རྫོང་དུ་ཟླ་བ་ཕྱེད་གཉིས་དང་། ཀོ་སྤྲེལ་དུ་ཟླ་གཅིག་བཞུགས་དེ་ནས་བོ་དོང་དུ་དཔང་ལག་གི་ཐོག་དཔོན་ཆེན་དབང་བརྩོན་འཇའ་ས་དང་བཅས་མཐོང་སྨོན་དུ་སླེབས་པ་དང་། དཔོན་ཆེན་རྒྱལ་བཟང་གིས་སི་ཏུ་ལ་དམ་སྦྲགས་མ་བྱས་པར་སི་ཏུ་དབུས་སུ་བྱོན། སྣེའུ་གདོང་དུ་གཞོན་ནུ་བཟང་པོས་འགོ་བྱས་བློན་པོ་རྣམས་ལ་ཁ་མཆུ་འདིའི་དབྱེ་གསལ་མ་བྱུང་བར་ཆོས་བྱེད་པ་སྐད་མི་ཟེར་བའི་ཁས་ལེན་བསྐོར། དེ་ནས་དཔོན་ཆེན་དབང་བརྩོན་གྱིས་ཁྲི་དམག་རྣམས་བསྡུས་ཏེ་དོག་ལུང་པར་(༧༧བ)


GLG019_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དང་། སི་ཏུས་ཀྱང་རྫོང་རྣམས་ཀྱི་འཛིན་ཆ་དང་དཔུང་གི་བསྡུ་སོགས་མཛད་བྱང་གི་ལ་ཁར་ཁྲོམ་པོ་ལྷ་བཙུན་དཔོན་གཡོག་བརྒྱ་སྐོར་དང་། དཔོན་ཆེན་གྱི་དམག་རྣམས་ཐུག་པ་ལྷ་བཙུན་པ་ཅན་ལག་དཔངས་མཐོ་བར་བྱུང་བའི་གཏམ་སྙན་པ་སླབ། སང་གཞོན་ནུ་བཟང་པོས་དམག་དཔོན་བྱས་ཏེ། ཕག་གྲུ་ཁྲི་བསྐོར་གྱི་དམག་རྣམས་བཏེག །ལྷུམ་སྟེང་དུ་དྲོ་ལ་སླེབ། དེར་རྟ་རྣམས་སྒུགས་བསླངས། བབ་ཅོལ་དུ་སྤྱོད་པ་མ་ཡིན་པར་དཔའ་བོ་དམག་ལ་ཆས་པ་སྟག་ལྟར་མཆོང་པ་ལ་མེད་མི་རུང་གི་མི་བཞིའི་ནང་གི་ཐུག་དཀར་བས་ལྷ་གསོལ། གཡུལ་རྒྱལ་བས་ལྟོ་བསྒྱུར། དུས་ཚོད་རྩིས་དང་བསྟུན་ནས་དཔུང་རྣམས་འགྲིམས། དཔོན་ཆེན་གྱིས་ཁྲི་དམག་མོན་མཁར་མདའ་ན་རུ་བསྒྲིགས་པའི་སྟེང་དུ་བཀབ་ནས་འཁྲུགས་པས་ས་སྐྱ་པའི་དབུས་གཙང་གི་ཁྲི་དམག་མཐའ་དག་སྤུབ། ཕག་གྲུ་པའི་ཇུས་རྣམ་པར་རྒྱལ་བའི་རུ་མཚོན་སྲིད་རྩེའི་བར་དུ་བསྒྲེང་ནས། དགྲ་མགོ་རུ་དར་དང་བཅས་ཕོ་བྲང་ཆེན་པོ་སྣེའུ་གདོང་ཆེར་ལག་རྟགས་སུ་བསྐུར་བས་ཀུན་གསལ་སྒེག་མོ་རླུང་གི་རྒྱལ་མཚན་གྱི་གོས་གྱོན་པ་ལྟར་རྣམ་པར་བཀྲ་བའི་དར་གྱི་ལྷབ་ལྷུབ་དང་གྲགས་སྙན་རྫ་རྔའི་སྒྲ་ཆེན་པོས་ནམ་མཁའི་ནོར་བུ་ཡང་སྐྲག་ནས་གླིང་བཞི་བསྐོར་བའི་ཟོལ་གྱིས་རྒྱུ་བར་བྱས་སོ། །སྔར་དཔོན་ཆེན་རྒྱལ་བཟང་གིས་སི་ཏུ་བཟུང་སྐབས་ཕོ་བྲང་ཆེན་པོར་འཁྲ་ཕུར་ཚུགས་ཤིང་། ཉེ་ལམ་དབང་བརྩོན་གྱིས་ཁྲི་སྐོར་བཅུ་གསུམ་གྱི་དཔུང་བཤམས་པ་བཏུལ་བ་སོགས་གཞན་སྡེ་རྣམ་པར་འཇོམས་པའི་དགྲ་ཐབས་ཀྱིས་སྡེ་སྲིད་ཕག་མོ་གྲུ་པའི་བསྟན་ཇུས་ཚུགས་པའི་རྩ་བ་ལྟ་བུ་ཧོར་གཞོན་ནུ་བཟང་པོ་ཡིན་པས། བཀའ་ཆེམས་སུ། སྣེའུ་གདོང་དགྲ་ལག་(༧༨ན)


GLG019_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མ་ཤོར་བ་བྱུང་བས་ངའི་སྲོག་ཐོན། དེ་ལ་བརྟེན་ནས་སྡེ་འདི་ཟུག་ཆགས་བྱུང་བས་ཁོ་དྲིན་ཆེ་བ་ཡོད་པའི་དོན་དེ་ཡིན་ཞིང་། ད་དུང་ཚུན་བཅད་དུ་ང་ལ་སྔས་གཏོད་པ་འདི་ཡིན་པས་ཤི་གསོན་གང་བྱུང་ཡང་ནང་ནས་བསྡུར་དགོས། ད་ལྟའང་གཞོན་ནུ་རྒྱལ་མཚན་གྱིས་འགོ་བྱས་སྤུན་སྐྱ་སེར་ཀུན་ལ་བློ་ཐུབ་དང་། ནང་མི་འཆེལ་བའི་དོན་དེ་ཡིན་གསུང་ལ། དེ་ནས་སི་ཏུ་རང་ཡང་དཔུང་ཐོག་ཏུ་ཕེབས། གྲ་ཕྱི་འཕྱོང་རྒྱས་སོགས་ལྷོ་རྒྱུད་ཀྱི་ས་ཆ་རྫོང་གཞིས་ཕལ་ཆེར་བླངས། འཐབ་བརྩོད་སྔ་ཕྱིར་བྱུང་ཡང་གཞན་དག་རྣམས་རྨེག་མེད་པར་བཅོམ། དེ་ནས་དཔོན་ཆེན་དབང་བརྩོན་གྱིས་དམག་བསགས་པར་བླ་མ་དམ་པས་བཀའ་ཕེབས་དང་། དེ་རྗེས་ཁ་མཆུ་བསྡུམ་མཁན་མང་དུ་བྱུང་ཡང་། དཔོན་ཆེན་གཞན་གྱིས་བསྐྱོད་སྟབས་སུ་སོང་བས་མ་འགྲིག་པའི་ཟིར་བུན་གྱི་ངང་ལ་སི་ཏུས་གོང་དཀར་བླངས་ཏེ། དེ་ལ་དཔོན་ཆེན་གྱི་དཔུང་བཅུག་པར་བསད་བཟུང་ཚུལ་ལྕེབས་པ་སོགས་མང་དུ་བྱུང་ནས་སི་ཏུ་བ་རྒྱལ་ཏེ། ཁ་རག་ཕྱིན་གཙང་ལ་ཡར་གཏོགས་ལྷ་འབྲུག་རྣམས་རྟ་རྨིག་འོག་ནས་བླངས། དེ་ནས་ཏ་དབེན་པ་དང་མཇལ་ཏེ་གོང་མའི་དྲུང་དུ་ཁྱེད་རང་འགྲོའམ་མི་གཏོང་བ་གང་རིས་འཐད་གསུང་བ་བཞིན་དབང་ཕྱུག་དང་ཤེས་རབ་རྡོ་རྗེ་གཉིས་བཏང་བ་ཉེས་མེད་དུ་འཁོར་ཏེ་ཁྲི་བསྐོར་ལ་དགོས་པའི་དངུལ་གྱི་དམ་ཁ་དང་ཅྭ་ཧུ་སོགས་འགྲུབ། དེ་ནས་འབྲི་གུང་སྒོམ་པ་ཀུན་རྡོར་གྱིས་སྔ་ཕྱིར་བྱེད་སྤྱོད་མ་མཁས་པ་ལ་བརྟེན། ཕག་གྲུ་དང་འབྲི་གུང་པ་འགལ་ཏེ་སྡེ་འཁྲུག་ལན་མང་དུ་བྱུང་ཞིང་། ཁྱད་པར་འབྲི་གུང་པ། ནམ་གྲགས་པ། གཡའ་བཟང་པ་གསུམ་གྱིས་གྲོས་བཤམས་ནས། ཕག་གྲུའི་སྟེང་(༧༨བ)


GLG019_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཀབ་པར་གཞོན་ནུ་བཟང་པོས་འགོ་བྱས་ཡར་སྟོད་ཀྱི་དམག་རོགས་འབྲས་མོ་བསྲུང་བ་ལ་བཞག །སི་ཏུ་རང་གིས་གཙོས་དབྱར་ཆེན་བྱང་ཁར་བཏོན་ནས་འབྲི་གུང་པར་ཇུས་ཉེས་བཏང་བས། གཡའ་བཟང་པ་ཡང་ཕྱིར་བྲོས། ཚལ་པ་དང་། ནམ་གྲགས་པ་གཉིས་ཀྱི་ཁྲོན་པ་རི་དང་གཡུ་རྩི་བྲག་ལ་རྗོང་རྩིག་པ་སོགས་ཀྱི་བྱེད་པར་རྟེན། ཕག་གྲུའི་དམག་རྣམས་གསང་མདར་ཕོངས་ཐོག །གཡའ་བཟང་བ་འབུམ་ཕྲག་འོད་ཀྱིས་གཉལ་དམག་རྣམས་ཁྲིད་ནས་ལྷུན་པོ་རྩེར་སླེབ་པའི་འཕྲོད་བྱུང་བ་དང་ཕྱིར་ལོག་སྟེ་འཁྲུགས་པས་འབུམ་ཕྲག་འོད་ཀྱིས་འགོ་བྱས་དགུ་བརྒྱ་ཙམ་ལྷུན་པོ་རྩེའི་ནང་ལ་བཅུར། དེ་རྗེས་གཉལ་དམག་ཡོངས་པ་རྣམས་ཀྱང་མང་དུ་བསད་ཅིང་གོ་མཚོན་རྣམས་ཐོབ། འབུམ་གྲགས་འོད་དཔོན་གཡོག་རྣམས་ཀྱིས་འབབས་ཁ་བླངས། གཉལ་ཤེལ་མཁར་སོགས་གཞིས་ཀ་རྣམས་སུ་རྗོང་དཔོན་བཏང་ཞིང་ཟུག་པ་བཙུགས། དེ་ནས་སྐབས་ཤིག་ཆོས་རྗེ་བླ་མ་དམ་པས་བར་མཛད་ནས། སི་ཏུ་དང་དཔོན་ཆེན་རྒྱལ་བཟང་པ་གོང་དཀར་དུ་མཇལ་འཕྲད་མཛད། དཔོན་ཆེན་གྱིས་སི་ཏུ་ལ་བཟོད་གསོལ་བྱས་ཏེ་མཐུན་སྐབས། ནམ་གྲགས་ཀྱིས་ཤངས་མཐོང་སྨོན་ལ་བརྒྱབ་པས། དཔོན་ཆེན་གྱི་རོགས་སུ་ཕག་གྲུའི་དམག་རྣམས་ཆེན་པོས་འགོ་བྱས་ཕྱིན་པར་ཤབ་ཆུའི་ལྷོ་ཁར་འཁྲུགས་ཏེ། ནང་པའི་དཔུང་རྣམས་བཅོམ། དེ་ནས་ཕག་གྲུའི་དམག་རྣམས་ས་སྐྱར་འགྲོ་བར་ཐག་བཅད་ཀྱང་། དཔོན་ཆེན་གཞན་གྱིས་མགོ་བསྐོར་གྱི་དབང་དུ་སོང་སྟེ་དམག་རྣམས་ཕྱིར་སློག །དེ་ནས་དཔོན་ཆེན་ས་སྐྱར་བྱོན་པས་བླ་མ་ཏི་ཤྲིའི་སྲས་པོ་གཉིས་ཀྱིས་བཙོན་དུ་བཅུག་པས། སི་ཏུས་དཔུང་(༧༩ན)


GLG019_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གཙང་དུ་བཏེག །ཞི་དྲག་གི་ཐབས་དུ་མའི་སྒོ་ནས་དཔོན་ཆེན་བཙོན་ནས་བཏོན། གཙང་གི་ས་ཆ་ཕལ་ཆེར་ཆབ་འོག་ཏུ་བཅུག་སྟེ། ཕྱིར་འབྱོན་པའི་ལམ་ཞོར་དུ་གཞིས་ཀ་རིན་སྤུངས་རྩིག་པའི་ཞལ་བཀོད་མཛད། དེ་ཡང་དུས་སྐབས་འདི་དག་ཏུ་ས་སྐྱ་པ་ཞལ་ངོ་མང་བས་བླ་བྲང་གོ་བཞིར་གྱེས་ནས་ནང་མི་མཐུན་པ་སོགས་ཀྱིས་བསྟན་ཇུས་མཐའ་དག་ཕག་གྲུ་པའི་འོག་ཏུ་ཤོར་བ་ནི། ས་ནང་གྲུམས་ནས་ཕག་གིས་ས་རློག་འཇིག །ཡར་ཀླུངས་ནང་ནས་ཕྱག་རྡོར་སྤྲུལ་པ་འབྱུང་། །ཞེས་པའི་ལུང་བསྟན་གྱི་དོན་དང་མཐུན་པར། གོང་མ་ཏའི་སི་ཏུ་འདི་ཉིད་ནི་གསང་ཆེན་རྡོ་རྗེ་ཐེག་པའི་བཀའི་བསྡུ་བ་པོ་རྗེ་བཙུན་ཕྱག་ན་རྡོ་རྗེའི་གསང་བ་གསུམ་གྱི་རྨད་དུ་བྱུང་བའི་ཟློས་གར་ལས། ཆོས་ཀྱི་རྒྱལ་པོ་མེས་དབོན་གསུམ་གྱིས་མཛད་པའི་སྣང་བརྙན་དྲི་མས་ཅུང་ཟད་སྦགས་པ་བསལ་བའི་སླད་དུ་དབུས་གཙང་རུ་བཞིའི་རྒྱལ་ཁམས་ལ་སྟོབས་ཀྱིས་མངའ་སྒྱུར་བར་གནམ་གྱི་ལུང་གིས་སྤྱི་བོ་ནས་དབང་བསྐུར་བར་གོར་མ་ཆག །དེ་ནས་གོང་མ་རྒྱལ་པོས། དར་ཁ་ཆེ་སོགས་གསེར་ཡིག་པ་མངགས་ཏེ་ཏའི་སི་ཏུའི་མིང་དང་དམ་ཁ་གནང་།དེ་ནས་འབྲི་གུང་པས་ཕག་གྲུའི་སྟེང་དུ་དམག་ཚན་ཆེར་བསགས་པར་བརྟེན། སི་ཏུས་གོང་དཀར་གྱི་དམག་རྣམས་བཏང་སྟེ་བྲག་དཀར་ཕབ། དེ་སྐབས་ས་སྐྱར་བླ་མ་ཀུན་སྤངས་པ་བཀྲོངས་པ་སོགས་ནང་འཁྲུག་བྱུང་བས། ཁ་མཆུ་ལབ་པར་སི་ཏུ་གཙང་དུ་བྱོན། དཔོན་ཆེན་རྒྱལ་བཟང་འབོད་པར་བཏང་བ་ཁོང་ལྷ་རྩེ་བཀའ་གྲོས་ལ་བྱོན་ཐོག་དཔོན་ཆེན་དབང་བརྩོན་དང་མཁན་པོ་ནམ་མཁའ་ཡེ་ཤེས་ཀྱིས་དུག་བཏང་ཡང་ཟེར། ཨ་རག་མང་བས་ལན་ཀྱང་ཟེར། གང་ལྟར་དཔོན་ཆེན་གྲོངས།(༧༩བ)


GLG019_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སི་ཏུས་ས་སྐྱས་གཙོས་པའི་ཆེ་གཉན་རྣམས་ཀྱི་བཅྭ་ཚེ་བླངས། མཇུག་བསྡོམས་སུ་ས་སྐྱར་བྱོན། བཅྭ་ཚེའི་ནང་དང་འགལ་བ་བྱུང་ན་རྩ་ར་གཏོང་བའི་ཁྲིམས་བསྒྲགས། ལྷ་ཁང་ཆེན་མོར་རིན་ཅེན་འོད་ཀྱིས་འགོ་བྱས་བརྒྱ་སྐོར་ཞིག་ཟུག་པར་བཞག །ས་སྐྱའི་ལོ་རྒྱུས་ན་འདི་སྐབས་རྫོང་ཆུང་པ་གཟུངས་ཀྱི་དཔལ་བས་སི་ཏུ་ལ་མངོན་སྤྱོད་ཀྱི་ལས་མཛད་པས་མཚན་མ། ཁྱད་པར་ཅན་བྱུང་སྐད། དེ་ནས་སི་ཏུ་དབུས་སུ་བྱོན་རྗེས་ལྷ་རྩེ་པ་དང་བྱང་པ་འཁྲུགས། དེ་ལ་བཅྭ་ཚེ་དར་མཐུན་པའི་རྩ་ར་གཏོང་བར་ཆེན་པོས་གཙོས་པའི་དམག་བརྫངས་པ་སྙི་ཚར་སླེབ་དུས་ལྷ་རྩེ་ནས་དཔོན་ཆེན་དབང་བརྩོན་གྱི་དཔུང་གིས་ས་སྐྱ་ལྷ་ཁང་ཆེན་མོར་བསྐོར་བ་ཐོས་པས་དཔུང་རྣམས་སྙི་ཚར་ནས་ས་སྐྱར་ཕྱིན་ཏེ་འཁྲུགས་པས་མང་དུ་བསད། དཔོན་ཆེན་བཟུང་། བཞི་བརྒྱ་སྐོར་ལ་ཁྲིམས་ལུགས་བྱས། དེ་ནས་ཏི་ཤྲི་ཀུན་དགའ་རྒྱལ་མཚན། སློབ་དཔོན་བསོད་ནམས་བློ་གྲོས། གཡའ་བཟང་ཁྲི་དཔོན། ཚལ་པ་ཁྲི་དཔོན་སོགས་ཀྱིས་གོང་སར། སི་ཏུས་ས་སྐྱ་དམག་གིས་བཅོམ། ཁྲི་དཔོན་གཞན་རྣམས་ལ་མཐར་འདེད་བྱས་སོགས་ཀྱི་ཞུ་ལོག་རིམ་པར་ཕུལ་བར་བརྟེན། གོང་མ་ཐུགས་ཚོམ་པ་སེལ་བའི་ཆེད་དུ། དྲུང་ཆེན་ཤེས་རབ་བཀྲ་ཤིས་ཀྱིས་སེང་གེ་དཀར་མོའི་པགས་པ་སྡེར་བཞི་མ་ཉམས་པས་གཙོས་པའི་འབུལ་བ་དང་བཅས་གོང་མའི་སྐུ་གཞོགས་སུ་བཏང་བས། གདུང་རབས་ནས་གདུང་རབས་སུ་ཕན་པའི་འཇའ་ས་དང་ལུང་བཟང་པོ་གྲུབ། དེ་ལྟར་འབྲི་ཚལ་གཡའ་བཟང་ས་སྐྱའི་དཔོན་ཆེན་སོགས་སྟོབས་སྦྱོར་དྲེགས་པས་མྱོས་པའི་རྒོལ་བའི་ཀླན་ཀ་ཅན་རྣམས་ལ། ཅེ་སྤྱང་དུས་མིན་དུ་ང་རོའི་སྐད་འབྱིན་པར། གདོང་ལྔའི་དབང་(༨༠ན)


GLG019_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དགྲ་ཟླར་མི་སེམས་པའི་ངང་ཚུལ་བཞིན་མཛད་ཀྱང་། ཚུར་འགེབས་ཀྱི་བྱེད་པ་དུག་སྦྲུལ་སྒོང་འཁྱེར་གྱི་སྣང་ཚུལ་ལ་བརྟེན་ནས་གཞན་སྡེའི་མངའ་ཐང་ཐམས་ཅད་དཔུང་ཤེད་ཀྱིས་བཅད་ནས་ནུབ་ཕྱོགས་ཆུ་ལྷའི་མཐར་ཐུག་གི་བར་དུ་བཀའ་རྟགས་ཀྱི་ཕྱག་རྒྱ་བཙན་པོས་གསེར་གྱི་གཉའ་ཤིང་ལྟ་བུར་ལྕི་བའི་རྒྱལ་ཁྲིམས་ཀྱི་འོག་ཏུ་བཅུག་སྟེ། ཉི་འོག་གི་རྒྱལ་ཕྲན་མཐའ་དག་གིས་ཡུལ་སྲོལ་དང་མཐུན་པའི་ནོར་གྱི་དབྱེ་འབུལ་བ་སོགས་མདོར་ན་བསིལ་ལྡན་གངས་ཀྱི་རི་བོ་དར་དཀར་ཀྱི་ཡོལ་བས་བྲེས་པའི་ཁོངས་སུ་འཁོད་པའི་སྐྱེ་རྒུ་མཐའ་དག་གིས་བདེ་བའི་རྩ་རྐྱེན་གྱི་བྱེད་པོ་ཀུན་ང་རྒྱལ་བའི་གདོང་པ་དམད་ནས་གཏིང་སེལ་གཙང་བར་ཚར་བཅད། གོང་དཀར། བྲག་དཀར། སྣེའུ། འོལ་ཁ། སྟག་རྩེ། བསམ་འགྲུབ་རྩེ། ལྷུན་གྲུབ་རྩེ། རིན་སྤུངས་སོགས་དབུས་གཙང་འཛིན་མའི་ལྟེ་བའི་ས་མདུད་རྣམས་ལ་རྫོང་ཆེན་བཅུ་གསུམ་བརྩིགས། ཕོ་བྲང་ཆེན་པོ་སྣེ་གདོང་རྩེར་རྒྱལ་སྒོ་ཕྱི་ནང་གསུམ་དུ་བྱས་པའི་ནང་མལ་ནག་ཆང་གི་ཁྲིམས་བསྡམས་ཤིང་། སི་ཏུ་ཉིད་ཆང་དང་ཕྱི་དྲོའི་ཁ་ཟས་སྤོང་བ་སོགས་རབ་བྱུང་གི་ཚུལ་ལ་གནས་པས་ལྷ་སྡེ་དང་མི་སྡེ་ཀུན་གྱི་སྤྱི་བོའི་ཅོད་པན་དུ་ནོར་བུ་དབང་གི་རྒྱལ་པོ་ལྟར་བསྟེན། དེ་ཡང་སྔར་དཔལ་ལྡན་ས་སྐྱ་པས་བོད་ཙམ་དུ་མ་ཟད་བོད་ཆེན་པོའི་རྒྱལ་ཁམས་ལ་མངའ་སྒྱུར་ནའང་། གདུང་བརྒྱུད་ཞལ་ངོ་རྣམས་ཐུགས་འདོད་ཀྱི་འཐེན་ཕྱོགས་སོ་སོར་སོང་ཞིག །དཔོན་ཆེན་རྣམས་ཀྱང་ཏིག་མི་ཆགས་པར་སྤོ་ལེན་མང་བ་གོང་མའི་ཁྲིམས་ཀྱང་ཧོར་གྱི་ཤན་ཤོར་བའི་ཧང་ཟོམ་སོགས་ལ་བརྟེན། ཐང་ལྷོད་དང་མཐོ་དམའ་ཅི་རིགས་དང་། ཁྱད་པར་ཧོར་ཁྲིམས་ལ་མི་བསད་ན་སྲོག་ཚབ་ཏུ་སྲོག་(༨༠བ)


GLG019_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བས་མཚོན་པའི་ཁྲིམས་རྣམས་སྡིག་པའི་ལས་ཤས་ཆེ་བར་བརྟེན། བོད་ཆོས་རྒྱལ་གོང་མའི་ལུགས་སྲོལ་བཟང་པོ་དགེ་བ་བཅུས་གཞི་བཟུང་བ་འདི་ཉིད། ཏའི་སི་ཏུས་གཙོ་བོར་མཛད་པར་བཞེད་དེ། ཚུལ་དེ་ཉིད་སྒྲུབ་པར་བྱེད་པ་ལ་ཁས་ཞན་རྣམས་ཡལ་བར་དོར་ཞིང་། དྲེགས་པོ་རེངས་སུ་བཅུག་པ་མ་ཡིན་པའི་བདེན་རྫུན་ཐང་མར་བརྡལ་ནས། དཀར་ནག་ཤན་ཕྱེད་པའི་ཁྲིམས་ཀྱིས་རྒྱལ་ཁམས་རྒན་མོ་གསེར་ཁུར་ལྟ་བུར་བདེ་བའི་ཆེད་དུ། དཔའ་བོ་སྟག་གི་ཞལ་ལྕེ། སྡར་མ་ཝའི་ཞལ་ལྕེ། སྣེ་མོ་ལས་འཛིན་ཀྱི་ཞལ་ལྕེ། ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། ནག་ཅན་ཁྲག་བཅོད་ཀྱི་ཞལ་ལྕེ། དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། བསད་པ་སྟོང་གི་ཞལ་ལྕེ། རྨས་པ་ཁྲག་གི་ཞལ་ལྕེ། སྨྱོན་ཧམ་མནའ་དག་གི་ཞལ་ལྕེ། བརྐུས་པ་འཇལ་གྱི་ཞལ་ལྕེ། ཉེ་འབྲེལ་འབྲལ་བཟླུམས་ཀྱི་ཞལ་ལྕེ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ། ནམ་བར་ཚུར་གྱི་ཞལ་ལྕེ་སྟེ་བཅོ་ལྔའི་སྒོ་ནས་གཏན་ལ་ཕབ། དེ་ཡང་མི་བསྲུན་ལོག་པར་འཁུ་བའི་དགྲ་སྡེ་ཚར་བཅད་ནས། ཇུས་དོན་བཞེད་ཐོག་ཏུ་འཁྱོལ་བའི་ཐབས་སུ་དྲག་པོ་དཔུང་གི་སྦྱོར་བ་བཤམས་ཚུལ། ཚུར་འགེབས་ལ་བཙན་པོའི་རྫོང་ལ་འཁྲ་འཕུར་བྱེད་ཚུལ། སྣེ་མོར་མངགས་སླེབ་རྣམས་ཀྱིས་རྣམ་དཀར་གྱི་ལས་ལ་སྤྱོད་ཅིང་ཉེ་འགྱང་སྤངས་པའི་གཞུང་དོན་གཙོ་བོར་བྱེད་ཚུལ། མི་བསད་ལ་ལན་འཇལ་གྱི་གཉིས་ཕུང་སྡིག་ལས་བྱེད་དུ་མི་འཇུག་པར་སྟོང་སྤྲོད་ལེན་སོགས་ཕྲ་ཞིབ་མཛངས་པའི་བློས་ཁྲིམས་ཀྱི་འཇམ་དར་ཡུག་གཅིག་ཏུ་བརྐྱངས་པའི་འཛུམ་གྱིས་རྫོགས་ལྡན་གསར་པའི་མགྲོན་རིང་ནས་འགུགས་པར་མཛད་དོ། །སྨྲས་པ། །འཇིགས་བྲལ་སྲ་བརྟན་གཡུལ་(༨༡ན)


GLG019_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་དཔའ་བའི་རུ་མཚོན་རྩེ་ལ་དགྲ་སྡེའི་སྲོག་དབུགས་བླངས་པ་ན། གསེར་ལྡན་རུམ་དཀར་ཁྱབ་པའི་མདངས་ཀྱིས་ཟླ་གཞོན་སྐྲག་སྟེ་བྱང་གླིང་ངོས་ཀྱི་མཁའ་ལ་བྲོས། ཁྲག་གི་རྦ་རླབས་འཕྱུར་བའི་འོད་དམར་ཟི་ཡིས་རྒོད་མ་ཁ་ངོ་རྒྱ་མཚོའི་འགྲམ་དུ་ཡིབས། །རྣམ་པར་རྒྱལ་བའི་རྫ་རྔ་ལྡིར་བས་སུམ་རྩེན་བདག་པོ་འདུད་པར་གྲོས་པའི་ཅ་ཅོ་གླེང་། །ཨེ་མ་རྩོད་པའི་དུས་འདིར་སུ་ཝརྞའི། །འཁོར་ལོ་ནམ་མཁར་འཕགས་པའི་རྒྱལ་ཐབས་ཀྱིས། །གྲགས་སྙན་དུ་ཀཱུ་ལ་ཡི་བ་དན་དཀར། །སྲིད་པའི་རྩེ་མོར་ཁྱབ་ཅེས་ལྷ་རྣམས་སྒྲོག །གོང་མའི་ལུང་གིས་གཙུག་ན་ཟླ་བའི་མཆོག །ཐོབ་པས་སྟོབས་ལྡན་འགྲོ་སྐྱབས་གསེར་ཅན་འགའ། །དཔའ་མཛངས་སེང་གེའི་སྡེར་མོས་བསད་པ་ན། །པད་དཀར་མིག་ཅིག་གཉིས་པ་ས་འདིར་སྣང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་དྭགས་པོ་བཀའ་བརྒྱུད་ཀྱི་ཕྱོགས་སུ་མདོ་ཕྱོགས་ཀྱི་བཤད་གྲའི་སྲོལ་མེད་པ་གསར་དུ་བཏོད་པའི་ཆེད་དུ་ཆོས་གྲྭ་ཆེན་པོ་རྩེས་ཐང་བཏབ། ཕར་ཚད་སོགས་བཀའ་པོ་ཏི་དུ་མ་ལ་རིག་ལམ་ནས་དྲངས་པའི་བཤད་ཉན་བཙུགས། དེ་དང་ཐེལ་གྱི་སྒོམ་གྲྭ་གཉིས་ཀ་ལ་ཕུན་སུམ་ཚོགས་པའི་མཐུན་རྐྱེན་སྦྱོར་བ། བདེ་བར་གཤེགས་པའི་སྐུ་བརྙན་དུ་མ་དང་། གསེར་གྱི་བཀའ་འགྱུར་རོ་ཅོག་བཞེང་པ། ར་ས་འཕྲུལ་སྣང་དང་བསམ་ཡས་ཀྱིས་མཚོན་པའི་གནས་ཆེན་ཁྱད་འཕགས་རྣམས་ལ་མཆོད་འབུལ་སོགས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བླ་ན་མེད་པ་བསྒྲུབས་པའི་ཚོགས་གཉིས་ཀྱི་ཆུ་གཏེར་ཆེན་པོ་དབྱར་མཚོ་ལྟར་གྱུར་པའི་མཐུས་དཀར་ནག་གི་ལས་ཀྱི་འབྲས་བུ་ཆོས་ཐམས་ཅད་རྗེན་པར་འཆར་བའི་ཚད་མའི་སྲང་ལ་གཞལ་བས། ནག་པོའི་འབྲས་བུ་ཆ་ཙམ་དུ་ཡང་མ་གྱུར་པས། (༨༡བ)


GLG019_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་ཆུ་ཟླའི་འོད་དཀར་གྲངས་མེད་པ་སྤྲོས་པས་མངོན་པར་མཐོ་བས་ངེས་པར་ལེགས་པའི་གང་བུ་ཡོངས་སུ་སྨིན་པས་ནོར་འཛིན་གྱི་བུ་མོ་མངལ་ཁྱུད་ཀྱིས་ལྕི་བར་མཛད། འདི་ཉིད་གཤེགས་རྗེས་འཇམ་དབྱངས་གུ་ཤྲི་ཆེན་པོ་ནི་དཔོན་བསོད་ནམས་བཟང་པོའི་ཇོ་མོ་ཉི་རུ་མ་དང་མང་ཉམ་གཉིས་ལས་སྔ་མ་ལ་ཉིད་དང་བདག་པོ་ཤཱཀ་རིན་པ་གཉིས། ཕྱི་མ་ལ་དཔོན་རིན་རྡོར་འཁྲུངས་པ་ལས། འཇམ་དབྱངས་པ་བླ་མ་ཀླུ་ལུང་གྲགས་པ་ལ་ཀློག་ཡིག་བསླབས། ཆོས་བཞི་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས་སློབ་དཔོན་གཞོན་བརྩོན་ལ་རབ་ཏུ་བྱུང་བའི་མཚན་ཤཱཀྱ་རྒྱལ་མཚན་དུ་གསོལ། གདན་སར་བརྟག་གཉིས་དང་། རྩེས་ཐང་དུ་བཀའ་པོ་ཏི་བཞིས་བཤད་པ་མཛད་པས་མཁས་པའི་གྲགས་པ་ཐོབ། བུ་སྟོན་རིན་པོ་ཆེའི་དྲུང་དུ་རྡོ་རྗེ་ཐེག་པའི་རྒྱུད་བཤད་དབང་ལུང་མང་དུ་གསན་པས། མགོན་པོ་གདོང་གི་རི་མན་གྱི་ཡར་ཀླུངས་ཀྱི་ཞིང་རེའི་ཁར་དཀྱིལ་འཁོར་རིགས་མི་འདྲ་བ་རེ་བཞེངས་ཀྱང་ཁེབ་པར་ཡོད་ཅེས་བུ་སྟོན་ཆོས་རྗེས་ཞལ་ཕོ་གསུང་། ཆོས་རྗེ་བླ་མ་དམ་པའི་དྲུང་དུ་བསྙེན་པར་རྫོགས་ཏེ་ལྷ་སར་ཆོས་འཁོར་དང་། རྩེས་ཐང་གི་ཚོགས་པ་ལོ་བཅུ་གསུམ་གྱི་བར་དུ་སྐྱོང་བར་མཛད། མི་རིང་བར་ཕོ་བྲང་སྣེའུ་གདོང་རྩེའི་ཁྲི་ཐོག་ཏུ་ཕབས་ཏེ་ཧོར་གོང་མ་རྒྱལ་པོས། ཏའི་སི་ཏུ་དང་ཆང་གུའི་ལུང་། ཀྭ་དིན་གུ་ཤྲི་ལས་ཀ་དང་དམ་ཁ་གནང་། བོད་ཆོལ་ཁ་གསུམ་བརྒྱུད་པ་དང་བཅས་པ་ཤེས་སུ་འཇུག་པའི་འཇའ་སས་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་ན་མངོན་པར་མཐོ། གཙང་ཕྱོགས་སུ་ལོག་པར་འཁུ་བའི་ཀུན་དཀྲིས་ཀྱིས་བརྣག་པའི་སེམས་ལྡན་འགའ་ཞིག་གི་སྟེང་དུ་དཔུང་གི་སྦྱོར་བ་བཤམས་དུས། ཆོས་སྐྱོང་བྱ་རོག་གདོང་ཅན་གྱི་ནུས་པས་དམག་རྣམས་གཙང་པོ་ལ་ཐོགས་མེད་དུ་ཕྱིན། ཕྱིར་(༨༢ན)


GLG019_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་ནས་དཔལ་ལྡན་བླ་མ་དམ་པ་གཙོ་བོར་བཞུགས་པའི་དགེ་འདུན་ཁྲི་ཕྲག་མང་པོ་ཞག་བཅུ་སྦྲེལ་དུ་གྱ་ནོམ་པའི་བཀུར་སྟི་མཛད་ནས་ཆོས་འཁོར་བཙུགས། མངའ་འབངས་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་འགོད་པར་མཛད། དཔོན་རིན་ཅེན་རྡོ་རྗེས་ཟིན་བཀྲ་ཤིས་སྐྱིད་དང་། དོ་བྲག་མ་རིན་ཅེན་འཚོ་གཉིས་ཁབ་ཏུ་བཞེས་པའི་སྔ་མ་ལ་རྒྱལ་སྲས་གྲགས་པ་རིན་ཅེན་དང་ཆོས་རྗེ་ཆོས་བཞི་བ་གཉིས་ལས། ཆོས་བཞི་བ་ཆུང་ངུའི་དུས་སུ་མཁན་ཆེན་སེང་གེ་རྒྱལ་མཚན་གདན་དྲངས་པས། སྨན་བླའི་ཕོ་བྲང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་སྐུ་ལུས་ལ་ཐིམ་པ་གཟིགས་པའི་ལུང་བསྟན་མཛད། རྒྱལ་སྲས་གྲགས་རིན་པ་ལ་བརྟག་གཉིས་ཀྱི་ལུང་ཞུས་ཏེ་ཐུགས་སྐྱོང་དང་། སྤྱན་སྔ་གྲགས་ཤེ་བ་ལ་དགེ་བསྙེན་གྱི་སྡོམ་པ་མནོས་པའི་མཚན་གྲགས་པ་བྱང་ཆུབ་ཏུ་གསོལ། འཇམ་དབྱངས་གུ་ཤྲི་ཆེན་པོས་གདུང་བརྒྱུད་སྤེལ་བའི་བཀའ་གནང་ཀྱང་མ་བཞེད་པར། ཆོས་རྗེ་དཔལ་ལྡན་བླ་མའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་གདན་ས་ཆེན་པོའི་གོ་སར་བཞུགས་ནས་ཟབ་རྒྱས་ཆོས་ཀྱིས་སྐལ་བཟང་གི་གདུལ་བྱ་སྨིན་པར་མཛད་ཅིང་། གུ་ཤྲི་ཆེན་པོའི་རྗེས་སུ་ཕོ་བྲང་སྣེའུ་གདོང་རྩེའི་ཁྲི་ཐོག་ཏུ་བྱོན་ནས་བླ་དཔོན་སྦྲགས་ཏེ་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོ་ཡང་འདི་ཉིད་ཀྱི་ཞབས་ལ་གཏུགས་ནས་མི་འཕྲོག་པའི་དད་པ་ཚད་མེད་པ་འཁྲུངས་ཏེ། མཁས་དབང་དཎྜཱིའི་གཞུང་ལུགས་ནས་དྲངས་པའི་རྟོགས་བརྗོད་དཔག་བསམ་ལྷུན་པོར་གྲགས་པའི་ལེགས་པར་བཤད་པའི་རྩོམ་པ་གནང་། སྤྱན་སྔ་རིན་པོ་ཆེ་ཡང་རྒྱལ་བ་ཙོང་ཁ་པ་ཆེན་པོའི་རྨད་དུ་བྱུང་བའི་མཁྱེན་རབ་ཀྱིས་གསུང་རབ་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་བྱོན་པ་གཟིགས་ནས་བསྔགས་(༨༢བ)


GLG019_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱ་ཆེར་མཛད། འདི་ཉིད་ཀྱི་གཅུང་ཆོས་རྗེ་བསོད་ནམས་གྲགས་པ་དོ་བྲག་དཔོན་མོ་ལ་འཁྲུངས། མཁན་ཆེན་གཞོན་དབང་པའི་དྲུང་དུ་རབ་ཏུ་བྱུང་། རྩེད་ཐང་གི་གདན་སར་ཕེབས་ནས་འཆད་རྩོད་རྩོམ་པའི་སྐྱེས་བཟང་པོས་མཁས་པ་རྣམས་ཀྱི་ཡིད་ཡོངས་སུ་ཕྲོགས། ལྷ་སར་དགེ་འདུན་དཔག་ཏུ་མེད་པ་ལ་ཆོས་འཁོར་བསྐོར། ལོ་ཆེན་བྱང་ཆུབ་རྩེ་མོའི་དྲུང་དུ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། ཕོ་བྲང་ཆེན་པོའི་ཁྲི་ཐོག་ཏུ་ཕེབས་ནས་ཕན་བདེའི་བསིལ་ཟེར་མངའ་འབངས་ཀུནྡའི་སྙིང་ལ་དྲན་པར་མཛད། ས་སྐྱོང་ཤཱཀྱ་རིན་ཅེན་གྱིས་ཟིན་རིན་ཅེན་འཛོམ་ཞེས་པ་གྲོངས་ཚེ་ལས་དག་རྣམས་ཀྱི་སྣང་ངོར་སེང་གེ་ལ་ཆིབས་ནས་མཁའ་འགྲོས་སྤྱན་དྲངས་པ་མཐོང་ཞིང་། ཆམས་ལ་དུང་གཡས་འཁྱིལ་བྱོན་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་སྤྲུལ་པ་དེ་ཉིད་ཁབ་ཏུ་བཞེས་པའི་སྲས་མོའི་དབང་པོ་གྲགས་པ་རྒྱལ་མཚན། དྲུང་བྱང་ཆུབ་རྡོ་རྗེ། སྤྱན་སྔ་བསོད་ནམས་བཟང་པོ། སྤྱན་སྔ་དཔལ་ལྡན་བཟང་པོ། སྤྱན་སྔ་བསོད་ནམས་རྒྱལ་མཚན། དྲུང་སངས་རྒྱས་རྒྱལ་མཚན་རྣམས་སྐུ་བལྟམས་པ་ལས། མིའི་དབང་པོ་གྲགས་པ་རྒྱལ་མཚན་ནི། འཇམ་དབྱངས་ཆེན་པོའི་སྐུའི་སྐྱེ་བ་གསལ་བར་དྲན་ཞིང་། མཁྱེན་རབ་མཆོག་ཏུ་ཡངས་པས་ཀློག་ཡིག་སོགས་ཆེད་གཉེར་དུ་བསླབ་སྦྱངས་མ་དགོས་པར་འབད་མེད་དུ་མཁྱེན། མཁན་པོ་གཞོན་དབང་བའི་དྲུང་དུ་རབ་ཏུ་བྱུང་། སྤྱན་སྔ་གྲགས་པ་བྱང་ཆུབ་ལ་ཆོས་ཁྲིད་རྣམས་རྫོགས་པར་གསན། མཚན་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་གསོལ། ཆོས་གྲྭ་ཆེན་པོ་རྩེས་ཐང་གི་གདན་སར་ཕེབས་ནས་རིག་པའི་དབང་ཕྱུག་ཆོས་ཀྱི་གྲགས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གསུངས་པས་ཤིན་ཏུ་ཕྲ་བ་རྟོག་གེའི་རིག་པ་ལ་མངོན་པར་ང་རྒྱལ་བའི་མཁས་རློམས་སྲུང་རྣམས་(༨༣ན)


GLG019_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤོབས་པ་ཕྲོགས། དེ་ནས་ཕོ་བྲང་ཆེན་པོའི་སེང་གེའི་ཁྲིའི་དགའ་ཚལ་དུ་ཞབས་ཟུང་སཱ་ལ་ཆེན་པོའི་ལྗོན་པ་རྣམ་པར་འགོད་པའི་རྫོགས་ལྡན་གསར་པའི་དྲི་བསུང་མ་ལ་ཡའི་རླུང་བཞོན་གྱིས་བོད་ཆེན་པོར་འཁོད་པའི་སྐྱེ་རྒུ་ཀུན་གྱི་དུཿཁའི་ཚ་གདུང་གི་འཇིགས་པ་མིང་གི་ལྷག་མར་མཛད་ནས། ཕན་པ་དང་བདེ་བའི་ཆར་ཆེན་པོ་ཐ་གྲུ་ཀུན་ཏུ་ཕབ། བཀྲ་ཤིས་སྒོ་མང་གསུམ་གྱིས་ཐོག་དྲངས་པའི་ཐུགས་དང་སྐུའི་རྟེན། བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་བོད་དུ་འགྱུར་བའི་གླེགས་བམ་མཐའ་དག་ས་ལེ་སྦྲམ་གྱི་སྙིང་པོ་ལས་གྲུབ་ཚར་གཉིས། གསེར་དངུལ་ལ་འདྲེས་མ་གཅིག །ཆབ་ཤོག་དཀར་པོ་ལ་བྲིས་པ་ཚར་གསུམ་གྱིས་ཐོག་དྲངས་གསུང་རྟེན་མཐའ་ཡས་ཤིང་། དེ་དག་ཀྱང་རྒྱལ་མཁར་རྩེའི་སྡེ་དགོན་དུ་བཀའ་འགྱུར་ཤིན་ཏུ་མང་བ་ཆར་རྩིས་ནས་བྲིས་པ་སྣང་བ་ལྟ་བུ་མ་ཡིན་པར་རྒྱུ་ཕུན་སུམ་ཚོགས་པའི་སྟེང་དུ། བོད་ཀྱི་ཡི་གེ་མཐའ་དག་གངས་ཁྲོད་པ་རྣམས་ལ་བཀའ་དྲིན་འགྲན་ཟླ་མ་མཆིས་པ་ཐོན་མི་སཾ་བྷོ་ཊས་མཛད་པའི་སུམ་རྟགས་དང་། དེ་དག་ལ་བརྟེན་ནས་བོད་ཀྱི་མཁས་པའི་དབང་པོ་རྣམས་ཀྱི་ཡི་གེའི་བརྡ་དག་གིས་བསྟན་བཅོས་མང་དུ་སྣང་བ་རྣམས་ལ་བརྟེན་ནས་སྡེབ་ཀྱི་སྦྱོར་ལུགས་མཐའ་དག་ལ་ཞིབ་མོར་དཔྱད། རྒྱུད་འབུམ་སོགས་སུ་ལེགས་པར་སྦྱར་བ་ལྷའི་སྐད་ཀྱི་སྔགས་མཐའ་དག་བྱ་ཀ་ར་ཎའི་དོན་ཁོང་དུ་ཆུད་པའི་སྐད་གཉིས་སྨྲ་བ་རྣམས་ཀྱིས་རང་བཞིན། རྐྱེན། རྣམ་འགྱུར་གསུམ་ལ་བརྟེན་ནས་གཏན་ལ་ཕབ་པས། བཀའ་འགྱུར་དེ་རྣམས་གཅིག་ཏུ་བསྟན་པའི་རྩ་ལག་ལྟ་བུར་གྱུར། གཙུག་ཏོར་དྲི་མ་མེད་པའི་གཟུངས་གསེར་གྱིས་བཞེངས་པའི་སྙིང་པོ་ཅན་གྱི་འབུམ་ཐེར་གྲངས་མང་བ་དང་། འབུམ་ཐེར་གདུང་ལོའི་གྲངས་ལོ་རེ་བཞིན་(༨༣བ)


GLG019_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པ། སྤྱན་སྔ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་གྱིས་ཆོས་འབྱུང་མིག་འབྱེད་འོད་སྟོང་མཛད་པའི་ལོ་ས་ཁྱི་ཡན་ལ་ལོ་ཉི་ཤུ་རྩ་གཉིས་སྟར་ཆགས་སུ་བྱུང་བར་གསུངས་འདུག་པས་དེ་ནས་ཀྱང་ས་ཕག་ནས་ལྕགས་ཕག་གི་བར་ལོ་བཅུ་གསུམ་གྱི་རིང་རྒྱུན་མ་ཆད་པར་མངོན། གཞན་ཡང་རིས་སུ་མ་ཆད་པའི་གྲུབ་པའི་མཐའ་ཐ་དག་ལ་བསྙེན་བཀུར་དང་། ཡོངས་འཛིན་རྣམས་ཆོས་ཀྱི་གསན་པ་མཛད་པ། པཎ་ཆེན་ཤཱཀྱ་ཤྲཱིའི་རྒྱུན་འཛིན་ཚོགས་སྡེ་འགའ་ཞིག་ལ་བསྟན་པའི་རྩ་ལག་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོའི་ཐུགས་དམ་བདེ་གཤེགས་བདུན་གྱི་སྨོན་ལམ་འབུམ་ཕྲག་མང་དུ་བསྐུལ་བ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་སྲིད་འདིའི་ལེགས་བྱས་རྣམ་པར་དཀར་བའི་ནམ་མཁའི་གླང་པོ་ཡོངས་སུ་འཁྲིགས་པ་ལས་བྱུང་བའི་འཕྲལ་ཡུན་ཀུན་ཏུ་དགེ་ལེགས་ཀྱི་འཇུག་རྒྱུན་མི་ཆད་པའི་གྲུ་ཆར་གྱིས། ཡེ་ཤེས་མཆོག་གི་མྱུ་གུ་ཟད་མི་ཤེས་པའི་ཟོང་དུ་བསྐྲུན་པའི་ཐབས་མཁས་ཀྱི་སྒོ་འཕར་བརྒྱ་ཕྲག་ཕྱེ་བའི་ཀུན་མཁྱེན་ཟས་གཙང་སྲས་པོས་ཆོ་འཕྲུལ་བསྟན་པའི་དུས་ཁྱད་པར་ཅན་ཆུ་ཤེལ་དབང་པོ་རྟ་ཆེན་དགའ་མའི་ཁྱིམ་དུ་རྩེ་དགར་སྤྱོད་པའི་ཟླ་བར། བོད་ཡུལ་ཀྱི་རྡོ་རྗེ་གདན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སྨོན་ལམ་གྱི་དུས་སྟོན་ཁྱད་པར་ཅན་འཛུགས་པ་མཛད་པའི་མཐུན་རྐྱེན་ཡང་དག་པར་བསྒྲུབས། རིང་མོ་ཉིད་ནས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་པའི་རྟེན་འབྲེལ་གྱིས་ཁྲི་ཐོག་ཏུ་ཕབས་པ་ནས་བཟུང་སྟེ། འཇིག་རྟེན་ཀུན་ཏུ་མུ་གེ་ཡམས་ནད་སོགས་མེད་ཅིང་མཁོ་དགུའི་ཡོ་བྱད་ལ་ལོངས་སྤྱོད་པའི་འདོད་རྒུ་རྨུགས་འཛིན་གྱི་བང་མཛོད་ལ་རང་དབང་དུ་སྤྱོད་པ་ལྟ་བུར་གྱུར། དེ་ཡང་འདིའི་ཡབ་ས་སྐྱོང་ཆེན་པོ་ཤཱཀྱ་རིན་ཅེན་ལ་ཐོ་གན་ཐི་མུར་གྱིས་ལུང་གནང་ནས་ཕོ་བྲང་(༨༤ན)


GLG019_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་ཁྲི་དཔོན་དུ་ཕེབས་ཤིང་། ཐོ་གན་ཐི་མུར་གྱི་དུས་གྲུ་ཐ་ལ་གྲུ་རྒྱ་ནག་གི་ཡུལ་གྲུ་ཆེན་པོ་འགའ་ཞིག་ཏུ་ཁྲལ་ལེན་པར་བཏང་བས། དེ་དང་རྒྱའི་མི་དཔོན་འགའ་ཞིག་གྲོས་མཐུན་ཏེ་ཤིང་རྟ་འཁོར་ལོ་མང་དུ་བྱས་པའི་འོག་ཏུ་དམག་དང་། སྟེང་དུ་རིན་པོ་ཆེ་དང་གོས་དར་གྱི་ཚོགས་བཞག་སྟེ་ཁྲལ་སྐྱེལ་བ་ལྟར་བྱས་ནས་ཕོ་བྲང་གི་ཉེ་ལོགས་སུ་ཡོངས་ཏེ་དམག་གིས་བསྐོར་བས། རྒྱལ་པོ་གསང་སྒོ་ཞིག་ལ་བྲོས། གྲུ་ཐ་ལ་གྲུས་མངའ་འབངས་ཐམས་ཅད་ཆབ་འོག་ཏུ་བཅུག་པའི་སྲས་ཀྱེན་འུན། དེའི་སྲས་ཡུང་ལོ་ཏ་མིང་རྒྱལ་པོའི་དུས་གསེར་གྱི་དམ་ཁ་དང་། སླར་ཡང་ཤེལ་གྱི་དམ་ཁ། དབང་གི་འཇའ་ས་གནང་བས་མཚན་དབང་གྲགས་པ་རྒྱལ་མཚན་ཞེས་སྙན་པའི་རྫ་རྔ་སྐབས་གསུམ་པའི་ལམ་དུ་བརྡུངས་པས་འཇིག་རྟེན་གྱི་མེས་པོ་ཚངས་པས་གནམ་རིམ་པ་བཅུ་གསུམ་གྱི་མཐོང་ནས་རིན་པོ་ཆེའི་བུམ་པ་དྲི་བཟང་གི་ཆུས་གང་བས་སྤྱི་བོ་ནས་དབང་བསྐུར། རྫོང་ཆེན་རྣམས་ཀྱི་རྫོང་སྡོད་སོ་སོ་ལ་མི་བརྒྱུད་དང་བཅས་པར་འཇའ་སའི་ཤེལ་དམ་གནང་། མཆོག་དམན་གྱི་སྐྱེ་རྒུ་མཐའ་དག་གོང་མ་ཆོས་རྒྱལ་ཆེན་པོ་ཞེས་གླེང་ཞིང་། ཉང་སྟོད་ཤར་ཁ་བ་རྒྱལ་རྩེ་རབ་བརྟན་ཀུན་བཟང་འཕགས་པས་གོང་མ་འདི་གཉིས་ཀྱི་གཟིམས་དཔོན་གྱིས་ལས་ཀ་བཟུང་ཞིང་། སྡེ་སྲིད་འདི་ཉིད་ཀྱི་བཀའ་དྲིན་ལས་མངའ་ཐང་ཆེ་བར་ཡོད་ཀྱང་། ཅུང་ཟད་བྱེད་མ་མཁས་པས་གོང་མའི་ཐུགས་ལ་ཕོག་སྟེ། ཉང་སྟོད་དུ་དཔུང་གི་འཇུག་སྒོ་ལན་གཉིས་ཙམ་མཛད་པས། ཡར་ཀླུངས་པ་རྣམས་དགྲ་ཉང་སྟོད་ཤར་ཁ་བ་ཟེར་བའི་སྐབས་བྱུང་ཞིང་། འོན་ཀྱང་དྲན་འཛིན་ཙམ་ལས་རྒྱལ་མཁར་རྩེ་རྩིས་ལེན་པ་སོགས་མ་མཛད། དེ་ཙམ་མ་གཏོགས་དབུས་གཙང་མཐའ་དག་བདེ་འཇགས་ལས། དཔུང་གི་འཇུག་སྒོ་སོགས་སྡིག་པའི་ལས་ཀྱི་སྦྱོར་བ་ལ་མི་རེ་བར་ཆོས་ལྡན་(༨༤བ)


GLG019_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་ཁྲིམས་ཉིན་བྱེད་དབང་པོ་ཤར་བ་ན། མི་བསྲུན་པའི་སྐྱེ་བོ་ཞེ་སྡང་གི་འདབ་མ་རྣམ་པར་རྒྱས་པའི་ཀུ་མུཏའི་ཚལ་མཐའ་དག་རང་ཤུགས་ཀྱིས་ཟུམ་པར་གྱུར་ཏོ། །གོང་མ་འདིའི་དུས་དཔའ་མཛངས་རྟུལ་ཕོད་པའི་རྒྱལ་པོའི་བྱ་བ་ལ་མཁས་པའི་བློན་པོ་རིན་སྤུངས་ནམ་མཁའ་རྒྱལ་མཚན་རིན་སྤུངས་ཀྱི་རྫོང་དཔོན་དང་། ས་སྐྱའི་ལྷ་ཁང་ཆེན་མོའི་དཔོན་ཆེན་གྱི་ཁྲིར་བསྐོས། འཕྱོང་རྒྱས་པ་ཧོར་དཔལ་འབྱོར་བཟང་པོར་བསམ་འགྲུབ་རྩེའི་རྫོང་དཔོན་དང་དམག་དཔོན་གྱི་ལས་ཀ་གནང་། གཞན་ཡང་སྣེའུ་པ་ནམ་མཁའ་བཟང་པོ། བྲག་དཀར་པ་རིན་ཅེན་དཔལ་རྣམས་གྲགས་ཆེ། རིགས་རུས་ཡོན་ཏན་མངའ་ཐང་སོགས་ལུགས་གཉིས་ཀྱི་གོ་རིམ་དང་མཐུན་པའི་དྲུང་འཁོར་ཤིན་ཏུ་མང་ཞིང་། དེ་དག་ཀྱང་ཆེན་པོའི་ལས་ཚན་གྱི་སྒོ་དང་བསྟུན་པའི་རྒྱན་གོས་ཀྱི་རིམ་པ་དང་། ཁྱད་པར་གནམ་ལོ་གསར་དུ་ཚེས་པའི་དགའ་སྟོན་དུས་རིན་ཅེན་རྒྱན་ཆར་གྲགས་པའི་བཀོད་པས་ཁྱད་པར་དུ་འཕགས་པའི་རྒྱན་སྤྲོད་དང་། རྒྱུན་མར་ཡང་རིན་པོ་ཆེའི་ཕྲ་ཚོམས་ཀྱིས་རྣམ་པར་མཛེས་པའི་ཀྵརྞི་ཀ་རྣ་བའི་རྒྱན་དུ་སྤུད་པ་སོགས་མཛད་ལ། མདོར་ན་ལུགས་གཉིས་ཀྱི་མཛད་པ་བཟང་པོ་གཞན་དག་ལྟ་ཅི་སྨོས། གནས་སྐབས་ཀྱི་སྤྱོད་ལམ་ཡང་ཡ་རབས་བཟང་པོ་ཆེ་བཙུན་གྱི་ངང་ཚུལ་ལས། ལུང་མ་བསྟན་གྱི་ཞྭ་གོས་གྱོན་པ། སྒྲིགས་ཀུན་སྤྱོད་ཀྱི་སྲང་ལ་བཅུར་བ་མེད་པའི་ཡིད་ལ་ཤར་ཚད་ལག་ཏུ་མི་ལེན་པའི་མིག་ལྟོས་མཆོག་ཏུ་བཟང་། ཆོས་རྗེ་བསོད་གྲགས་པས། ཆོས་རྒྱལ་ཆེན་པོ་འདི་ཉིད་ཀྱི་བློན་པོའི་ཁྲོད་དུ་བྲག་དཀར་པ་ཤེས་རབ་བཀྲ་ཤིས་འདྲེན་པ་ནི། ཤེར་བཀྲས་པས་གོང་མ་ཏའི་སི་ཏུའི་སྐབས་ཧོར་རྒྱལ་པོའི་དྲུང་དུ་འཇའ་ས་ཞུ་བར་བྱོན་པའི་དུས་དགུང་ལོ་བཞི་བཅུ་རྩ་བདུན་གྱི་ཁར་སླེབ་ཅིང་། སི་ཏུ་རིན་པོ་ཆེ་ནས་གོང་མ་འདིའི་རིང་ལ་གདན་རབས་ཀྱང་འགའ་ཞིག་སོང་བས། རླུང་ཆེན་(༨༥ན)


GLG019_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་བཀྲས་པ་འོང་བའི་དོན་མེད་ཅིང་། རིན་སྤུངས་ནམ་མཁའ་རྒྱལ་པོ་ནམ་མཁའ་རྒྱལ་མཚན་གྱི་སྲས་ཡིན་ཀྱང་། ནམ་མཁའ་རྒྱལ་མཚན་གྱི་སྔོན་ལ་འདྲེན་པ་སོགས་དམུས་ལོང་གཅིག་པུར་རྒྱུ་བ་ལྟ་བུར་ཀུན་དང་མི་མཐུན་པའི་གཏམ་མང་ངོ་། །སྨྲས་པ། ཕུལ་བྱུང་བསོད་ནམས་ཤིང་རྟས་ལེགས་དྲངས་པས། །དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་འབར་བའི་གཟིས། །སྡེ་གསུམ་ཅིག་ཅར་གསལ་བའི་གྲགས་པའི་གཟུགས། །རླུང་གི་རྒྱལ་མཚན་ལྟ་བུར་ཚར་དུ་དངར། །ཐ་གུའི་ལྟོ་ཅན་འཇུག་པ་བཅུ་པའི་སྒྱུས། །ཀུན་ལས་རྣམ་པར་རྒྱལ་ལ་མཚར་དུ་ཅི། །གཡོ་མེད་དྲང་པོའི་ཚུལ་གྱིས་ལྷར་བཅས་འགྲོའི། །གཙུག་ན་ཞབས་སེན་ཨུ་དུམ་ཝཱ་ར་འཛུམ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཅུང་སངས་རྒྱས་རྒྱལ་མཚན་གྱིས་རིན་སྤུངས་ནས་བདག་མོ་ཞིག་ཁབ་ཏུ་བཞེས་པར་གྲགས་པ་འབྱུང་གནས་དང་། ཀུན་དགའ་ལེགས་གཉིས་འཁྲུངས། གྲགས་པ་འབྱུང་གནས་སྐུ་ན་ཕྲ་མོ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ལ་མཁས་པར་སྦྱངས། ཁྱད་པར་རྡོ་རྗེ་ཐེག་པ་ལ་ཐུགས་རབ་ཀྱི་རྩལ་ཤིན་ཏུ་ཆེ་བས། མཁས་པའི་དབང་པོ་འགོས་ལོ་ཡེ་བཟང་རྩེ་པའི་ཞལ་ནས། དེ་རྗེས་མིའི་དབང་པོ་གྲགས་པ་འབྱུང་གནས་པ་ཐུགས་རབ་ཤིན་ཏུ་ཆེ་ཞིང་གསང་སྔགས་ཀྱི་མཁྱེན་པ་ཤིན་ཏུ་རྒྱས་པར་གྱུར་ཀྱང་། གདན་སའི་བཞུགས་ཁྲི་རིན་པོ་ཆེ་ཤིན་ཏུ་གཉན་པར་དགོངས་ནས་གདན་སར་མ་བཞུགས་ཀྱང་། གནས་ཆེན་དུ་འགྲོ་བའི་རི་པ་རྣམས་ལ་མགྱོགས་ཁྲིད་གསུངས་ཞེས་དེབ་སྔོན་དུ་གསུངས་པ་ལྟར་ཡིན་ལ། དེ་ཡང་ཆོས་རྒྱལ་ཆེན་པོ་གཤེགས་རྗེས། འདི་ཉིད་སྐུ་ན་ཕྲ་བས་ཕོ་བྲང་ཆེན་པོའི་ཁྲིར་ཡབ་སྲས་གཉིས་སུ་བསྐོ་ལ་བཀའ་བློན་རྣམས་གྲོས་མ་མཐུན་པར་སྤྱན་སྔ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་(༨༥བ)


GLG019_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞུས་པས། སྲས་བསྐོ་བར་བཀའ་གནང་བ་བཞིན་མཛད་ཀྱང་སྤྱན་སྔ་གཤེགས་རྗེས། ཡབ་ཀྱིས་ཁྲི་ཐོག་ཡོང་བའི་ཆེད་དུ་གནང་སྒོ་མ་ལེགས་པར་བརྟེན། ཡར་ཀླུངས་སུ་སྡེ་གཟར་ལངས་ཏེ་ཡབ་ཆེ་ས་དཔོན་བློན་ཡར་རྒྱབ་ཏུ་འབྱོན་དགོས་བྱུང་། དེ་ནས་གོང་མ་དབུས་ཀྱི་གཞིས་བསྐོར་ལ་ཕེབས་སྐབས་སྣེའུ་རྫོང་དུ་མཁས་གྲུབ་ཆོས་རྗེ་དགེ་ལེགས་དཔལ་བཟང་དང་གསང་ནེའུ་ཐོག་གི་ཆོས་རྗེ་རྣམ་གཉིས། དྲུང་ཆེན་སློབ་དཔོན་སོགས་མཇལ་བར་ཕེབས། གོང་མའི་སྐུ་གཞོགས་སུ་བཞུགས་གྲལ་གྱི་ཐོག །གསུང་རབ་ཀྱི་འབྲེལ་གཏམ་མཛད་ཁར་མཁས་གྲུབ་ཆོས་རྗེ་དང་གསང་ཕུའི་ཆེན་པོ་རྣམས་སོ་སོ་ནས་བཤད་པ་མཛད་རྒྱུ་འོང་དུ་རེ་ཡང་། གོང་མའི་ཞབས་ཕྱིར་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་བ་ཡོང་བས་ཁོང་གི་རྩེས་ཐང་པའི་བརྟུལ་ཞུགས་ཀྱི་ཐོག་མར་གཞུང་ལེན་པ་མཛད་སྐད། དེ་ནས་འཇམ་དབྱངས་གོང་མ་རྒྱལ་པོ་ཀྱེན་ཐའི་ཡིས་དབང་གི་འཇའ་ས་གནང་བ་ནས་བཟུང་། དབང་གྲགས་པ་འབྱུང་གནས་སུ་གྲགས། ཐེལ་དང་རྩེས་ཐང་གཉིས་སུ་གདན་ས་ཟུར་དུ་མེད་ནའང་། གསུང་ཆོས་འགངས་ཆེ་བ་རྣམས་རྩེ་ནས་གནང་ཞིང་། ཟུར་འཆད་སློབ་དཔོན་རྣམས་ལ་བཀའི་འཁོར་ལོས་ཁྱབ་པ་དང་། གསེར་གྱི་བཀའ་འགྱུར་བཞེང་བ་སོགས་ལུགས་ཟུང་གི་མཛད་པ་མཐའ་དག་གོང་མན་རིམ་གྱི་སྲོལ་བཟང་པོ་མ་ཉམས་པར་བཟུང་། ཡར་རྒྱབ་ནས་ཆེ་ས་རྩེས་ཐང་དུ་གདན་དྲངས། ཞལ་ངོ་ནང་མཚམས་ཀྱི་འཁོན་ཞི་ནས་ཐུགས་ཡིད་གཅིག་ཏུ་འདྲེས། བྱང་ཕྱོགས་ཀྱི་བསོ་ཁ་བསྲུང་བར་འུ་ཡུག་གླིང་དཀར་གྱི་རྫོང་བརྩིགས། རིན་སྤུངས་ནོར་བུ་བཟང་པོ། འཕྱོང་རྒྱས་པ་ཧོར་དཀོན་ཅོག་རིན་ཅེན་ནི་ཆོས་རྒྱལ་ཆེན་པོའི་ཞབས་ལ་གཏུགས་ཀྱང་གོང་མ་འདིའི་དུས་སུ་ཁྲིམས་ཀྱི་ཁ་ལོ་སྒྱུར་བའི་བློན་པོ་མཛད། གཅུང་ཀུན་དགའ་ལེགས་པས་གསུང་རབ་ལ་སྦྱངས་པ་མ་སྨད་པ་མཛད་དེ། (༨༦ན)


GLG019_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྩེས་ཐང་གི་གདན་སར་ཕེབས། རིན་སྤུངས་ནས་བདག་མོ་ཁབ་ཏུ་བཞེས་པར་སྲས་རིན་ཅེན་རྡོ་རྗེ་དབང་གི་རྒྱལ་པོ་འཁྲུངས། འཇམ་དབྱངས་གོང་མ་ཆེན་ཧང་རྒྱལ་པོས་དབང་གི་འཇའ་ས་གནང་། འདི་ཉིད་རྟོགས་པའི་ཡོན་ཏན་ཕུལ་དུ་བྱུང་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཞིག་ཡིན་པར་འདུག་ནའང་གནས་སྐབས་སུ་སྐྱེ་བོ་རྣམས་ཀྱི་སྣང་ངོར་མཛད་སྒོ་ལེགས་རྒྱུ་མེད་ཙམ་ཡང་འདུག་པར་དཔགས། གཙང་གི་གཞིས་བསྐོར་ལ་ཕེབས་དུས་རིན་སྤུངས་ནོར་བཟང་པས་གུས་འདུད་བླ་ན་མེད་པ་མཛད་ཀྱང་གནང་སྒོའི་ཁོག་ལ་མ་མགུ་སྐད། དེ་ནས་གོང་མ་ཀ་བཞི་བ་སྐུ་མཆེད་ཀྱིས་གང་ཞུས་ལ་གསན་པས། ཡབ་ཡུམ་ནང་མཚམས་སུ་སེལ་ཆེན་པོ་ཞུགས་ཏེ། ཡར་གོང་བྱ་བསམ་སྡེ་པ་སོགས་བདག་མོ་ཕྱོགས་དང་། སྣེའུ་འོལ་དགའ་རྣམས་གོང་མའི་ཕྱོགས་སུ་ཆད་ནས་དུས་མི་བདེ་བ་མང་དུ་བྱུང་། འོན་ཀྱང་འཕྱོང་རྒྱས་པ་རྡོ་རྗེ་ཚེ་བརྟན་ཕན་ཚུན་གཉིས་ཀའི་ཕྱོགས་སུ་མ་ལྷུངས་པས་སྡེ་གཟར་བཟླུམས་ཤིང་། ཞལ་ངོ་ནང་མཚམས་ཀྱི་ལེགས་སྤེལ་མཛད་པས་སྡེ་སྲིད་ཀྱི་ཞབས་ཏོག་ཏུ་འགྱུར་བ་བྱུང་། དེ་ནས་ཡུམ་གཤེགས་རྗེས་རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེས་མཁར་ཐོག་བཟུང་། དེ་ཡང་དེབ་ཐེར་སྔོན་པོ་ལས། དེ་རྗེས་བདག་པོ་ཀུན་དགའ་ལེགས་པ་དང་། ཆེ་ས་སངས་རྒྱས་རྒྱལ་མཚན་བཀའ་བགྲོས་མཛད་དེ། ཤིང་ཕོ་ཁྱིའི་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ལ་ཆོས་ཀྱི་རྗེ་རིན་པོ་ཆེ་དཔལ་ངག་གི་དབང་པོ་དགུང་ལོ་བཅུ་དྲུག་བཞེས་པ་ཞིག་རིན་པོ་ཆེའི་གདན་སེང་གེའི་ཁྲི་ལ་བཞུགས་སུ་གསོལ་ཞེས་གསུངས་པ་ལྟར། བར་སྐབས་སུ་ཐེལ་གྱི་གདན་ས་སྟོངས་ནའང་། སླར་སྤྱན་སྔ་ངག་གི་དབང་པོ་འདི་ཉིད་བཞུགས་པ་ཡིན་ལ། འདིའི་ཡབ། ལ་ལ་དག་ཚེས་ལྔ་རིན་པོ་ཆེ་གྲགས་པ་འབྱུང་གནས་ཡིན་པར་འཆད། འགའ་ཞིག་ཚེས་ལྔ་རིན་པོ་ཆེ་སྐུ་(༨༦བ)


GLG019_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཚེའི་སྟོད་སྨད་མཐའ་དག་ཏུ་རབ་ཏུ་བྱུང་བ་ཡིན་པས། མ་ཡིན་པར་སྨྲ་བ་ཡང་ཡོད་ལ། འདི་ཉིད་ཀྱིས་མཛད་པའི་ཕུར་པའི་འཕྲིན་ལས་རྒྱ་མཚོའི་མཛད་བྱང་དུ། ཇོ་སྲས་ཀུན་བཟང་རོལ་པའི་རྡོ་རྗེ་ཞེས་གསུང་བ་ལ་དཔགས་ན་ཡབ་ཡིན་ནམ་སྙམ། གང་ལྟར་ཤེས་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །དེ་ཡང་སྤྱན་སྔ་ངག་གི་དབང་པོ་གཞོན་ནུ་ནས་དཔལ་ཡེ་བཟང་རྩེ་པ་སོགས་ཡོངས་འཛིན་དུ་མ་བསྟེན་ནས་གསུང་རབ་ལ་ཐོས་བསམ་བསྒོམ་པ་མང་དུ་མཛད། བསྟན་པ་ལ་ཞུགས་ཏེ་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས་ཏེ་གདན་ས་ཆེན་པོའི་སྤྱན་སྔར་ཕེབས། བར་སྐབས་སུ་གོང་མའི་གནང་བཀོད་ལ་བརྟེན་ནང་མཚམས་སུ་མི་མཐུན་པ་བྱུང་ཡང་། སླར་རིམ་པས་འཇགས་སྐབས། རིན་སྤུངས་དོན་ཡོད་རྡོ་རྗེས་གཙང་དཔུང་རྣམས་དབུས་སུ་བཅུག་སྟེ་གཞིས་ཀ་སྣེའུ་བའི་ལག་ནས་རྫོང་གཞིས་འགའ་ཞིག་བླངས། དེ་ནས་སྤྱན་སྔ་རིན་པོ་ཆེ། རིན་སྤུངས་མཚོ་སྐྱེས་པ་དང་དོན་ཡོད་རྡོ་རྗེ་གཉིས། འཕྱོང་རྒྱས་པ་ཧོར་ཚེ་དབང་རྣམ་རྒྱལ་དང་། ཧོར་རིན་ཅེན་རྒྱལ་མཆོག་སྐུ་མཆེད་ཀྱིས་གཙོས་པའི་སྣེའུ་བ་དཔལ་འབྱོར་རྒྱལ་པོ། ལར་རྒྱབ་པ་རིན་ཅེན་རྒྱལ་པོ། བྱང་པ་བཀྲ་ཤིས་དར་རྒྱས་སོགས་བློན་པོ་རྣམས་ཀྱིས་གྲོས་ཐོག་ནས་ཕོ་བྲང་ཆེན་པོར་སྤྱིར་སྤྱན་དྲངས། མི་རིང་བར་ཞལ་ངོ་གོང་མ་རྣམས་གཤེགས་པས་ལྷ་རིགས་རླངས་ཀྱི་གདུང་འཛིན་པ་སྤྱན་སྔ་ཉིད་མ་གཏོགས་མེད་པར་བརྟེན། ཇི་ལྟར་གྲོང་ཁྱེར་སེར་སྐྱའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་པའི་དོན་ལྟར། བོད་ཁ་བ་ཅན་འདིར་ཀུན་མཁྱེན་བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེ་དང་། སྐྱེ་རྒུ་རྣམས་ཀྱི་ཕན་བདེ་ནི་གནམ་བསྐོས་ཀྱི་རྒྱལ་པོ་ཕག་མོ་གྲུ་པའི་སྡེ་སྲིད་ལ་རག་ལུས་པས། གོང་དུ་སྨོས་པའི་བློན་པོ་(༨༧ན)


GLG019_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་གོང་མ་སྤྱན་སྔ་རིན་པོ་ཆེར་ནན་གྱིས་ཞུས་ཏེ། རྫོང་ཁ་པའི་སྲས་མོ་ཞིག་བདག་མོར་ཕུལ། ཡབ་མེས་ཀྱི་ལུགས་སྲོལ་བཟང་པོ་རྣམས་དཀར་ཕྱོགས་ཀྱི་ཟླ་ཚེས་ལྟ་བུར་ཆེས་ཆེར་གསལ་བར་མཛད། སྲས་ངག་དབང་བཀྲ་ཤིས་གྲགས་པ་སྐུ་བལྟམས་ནས་རིང་པོར་མ་ལོན་པར་སྤྱན་སྔ་ཞི་བར་གཤེགས་ཁར་སྲས་སྐུ་ན་ཧ་ཅང་ཕྲ་བས་དེ་ལ་ཐུགས་ཆགས་པའི་ཚུལ་གྱིས་སྐུ་ངལ་བ་ཆེན་པོར་གྱུར་སྐབས། སྤྱན་སྔ་ཆོས་ཀྱི་གྲགས་པས་གདུང་བརྒྱུད་རིན་པོ་ཆེ་ནར་མ་སོན་པའི་རིང་ཁོང་རང་གིས་ཐེལ་གྱི་སྤྱན་སྔའི་ཁུར་བཞེས་དང་། ཐེལ་རྩེས་ཐང་གི་ཆེན་པོ་གྲོས་དབང་པོ་བློན་པོ་རྣམས་དང་བཅས་པར་གནང་བཀོད་བཀའ་ནན་སོགས་ཀྱིས་ཁྱབ་པའི་སྡེ་སྲིད་ཀྱི་ལར་རྒྱ་མི་འཕྱུག་པའི་ཞལ་ལེན་མཛད། དེ་ཡང་དཔོན་ཚབ་ཐེལ་གཏོང་བྱེད་པར་རིན་སྤུངས་མཚོ་སྐྱེས་རྡོ་རྗེས། བློན་པོ་གཞན་རྣམས་ལ་གྲོས་མེད་པར་འགའ་ཞིག་འདོད་པ་ལྟར་མཛད་པས། སྡེ་དཔོན་གཞན་རྣམས་མ་འདོད་པའི་དབང་གིས་སྡེ་གཟར་ལངས། འོན་ཀྱང་འཕྱོང་རྒྱས་ནས་སྡེ་སྲིད་ཀྱི་ལར་རྒྱ་ལ་དགོངས་ཏེ་ཐུགས་ཁོག་ཆེ་བར་མཛད་པས་ཡོ་འཁྱོམས་ཆེར་མ་བྱུང་། དེ་ནས་འཇམ་དབྱངས་གོང་མས་སྤྱན་སྔ་རིན་པོ་ཆེར་དབང་གི་འཇའ་ས་གནང་ཡང་སྤྱན་སྔ་ཞིང་བརྗེས་པས་གནང་སྦྱིན་རྣམས་ཕྱག་མཛོད་དུ་བཞག་ནས་གསེར་ཡིག་པ་ཕྱིར་ལོག །དེ་རྗེས་རིན་སྤུངས་པ་དང་འཕྱོང་རྒྱས་པ་གཉིས་ཀྱིས་གཙོས་པའི་བློན་པོ་རྣམས་བཀའ་བགྲོས་ཐོག་ནས་གདུང་བརྒྱུད་རིན་པོ་ཆེ་ངག་དབང་བཀྲ་ཤིས་གྲགས་པ་ཕོ་བྲང་ཆེན་པོའི་ཁྲི་ཐོག་ཏུ་སྤྱན་དྲངས། གཞོན་ནུའི་དུས་ཉིད་ནས་རོལ་རྩེད་སོགས་སྐྱེ་བོ་ཕལ་པ་དག་གི་སྤྱོད་ཡུལ་ལས་རྣམ་པར་འདས་པས་འཇིག་རྟེན་མེས་པོ་རྣམས་ཀྱིས་ཀྱང་བློས་འཁྱུད་པར་དགའ་ཞིང་། ཆོས་དང་སྲིད་ཀྱི་ཡོན་ཏན་མ་ལུས་ཅིག་ཅར་དུ་ཤོང་(༨༧བ)


GLG019_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟ་མ་ཏོག་ལྟོ་བ་རབ་ཏུ་ཡངས་པ། ཆེན་པོའི་རྣམ་པར་ཐར་པའི་ཁ་རྒྱན་གྱིས་མཛེས་པའི་གཟི་བརྗིད་ཀྱི་རྒྱལ་པོ་ཉིན་མོར་བྱེད་པ་ལ་སྐྱེངས་པ་སྟེར་བས་རིགས་སྟོབས་སུ་མ་ཟད། བློ་སྟོབས་ཀྱིས་ཀྱང་བོད་ཆེན་པོའི་རྒྱལ་ཁམས་སུ་འཁོད་པའི་གོང་མའི་མདུན་ན་འདོན་བློ་ཅན་ཤེལ་གྱི་མེ་ལོང་ལྟ་བུ་རྣམས་ཀྱང་ཟིལ་གྱིས་གནོན་པའི་བཀའ་ཁྲིམས་བཟང་པོས་བོད་འབངས་ཐམས་ཅད་བདེ་བ་ནས་བདེ་བར་སྤྱོད་པའི་བདེ་སྐྱིད་ཀྱི་གླུ་དབྱངས་སྙན་པོས་དྲི་ཟའི་རྒྱལ་པོ་གན་དྷརྦྷ་ཁ་བ་རིར་གནས་སམ་སྙམ་དུ་སྐབས་གསུམ་པ་རྣམས་ལ་འཕྱང་མོ་སྟེར་བར་བྱེད་དོ། །འོན་ཀྱང་འདི་ཉིད་ཀྱི་དུས། གྲགས་འབྱུང་མིང་ཅན་སྣེ་ཡི་གདོང་པོ་འཛིན། །བདུད་སྤྲུལ་མི་དགུས་ཕག་ཚང་ཡོས་ལྟར་རྔོད། །ཅེས་པའི་ལུང་བསྟན་ལྟར། རིན་སྤུངས་ངག་དབང་རྣམ་རྒྱལ་གྱིས་ཨེ་གཉལ་གྱི་ཕྱོགས་སུ་དམག་གི་དཔུང་ཁྱེར་བྱེད་པ་སོགས་གོང་མའི་དགོངས་པར་ཕོག་པ་མཛད་པར་བརྟེན། ཞྭ་དམར་བ་བཞི་པས། ཕག་མོ་གྲུ་པའི་སྡེ་སྲིད་འདི། སྤྱིར་རྒྱལ་ཁམས་ཡོངས། སྒོས་སྡེ་དཔོན་རྣམས། ཡང་སྒོས་ཁྱེད་ནི་རིན་སྤུངས་པ་ལ་གཅེས་པས་དགོངས་བསམས་མཛད་དགོས་ཚུལ་གསུངས་ཀྱང་བཞེད་པ་ཞིག་མ་བྱུང་། དེ་ཡང་ལུང་བསྟན་དུ་གྲགས་འབྱུང་ཞེས་པ་ནི་གོང་མ་གྲགས་འབྱུང་བའི་སྐབས་དུས་མི་བདེ་བ་འགའ་ཞིག་བྱུང་བས་འགོ་ཟིན་པ་ལ་དགོངས་ཀྱི། དངོས་གཞི་གོང་མ་འདིའི་དུས་སོ། །དེ་སྐབས་འཇམ་དབྱངས་གོང་མས་དབང་གི་མཚན་དང་འཇའ་ས་གནང་། ཞབས་དྲུང་གོང་མ་ཆེན་པོ་དཔལ་ངག་གི་དབང་ཕྱུག་བཀྲ་ཤིས་གྲགས་པ་མཚན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཀྭ་དིན་གུ་ཤྲི་ཧོ་ཝང་གི་མཚན་གྱི་ཟློས་གར་སྲིད་པ་གསུམ་གྱི་མེ་ལོང་གི་ངོས་སུ་གསལ་བར་ཤར་རོ། །མི་རིང་བར་རིན་སྤུངས་པས་མེ་ཏོག་མདའ་ཅན་གྱི་ལས་དང་ཚངས་པ་མཚུངས་པར་སྤྱོད་པའི་སྡིག་སེམས་ཀྱིས་(༨༨ན)


GLG019_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་གཟར་བསླངས་པས། ལྷ་མ་ཡིན་ལྷའི་མངའ་ཐང་ལ་ཕྲག་དོག་གི་བསམ་པས་གཡུལ་བཀྱེ་བ་ན་ལེགས་བྲིས་པ་རྣམས་ཀྱི་བསོད་ནམས་ཀྱི་མཐུས་ལྷ་མིན་མཐའ་དག་མིང་གི་ལྷག་མར་འགྱུར་བ་དེ་བཞིན་དུ་སྡེ་སྲིད་མཚན་ཇུས་རྒྱལ། འོན་ཀྱང་ཞྭ་དམར་ཆོས་གྲགས་པས་བར་མཛད་ནས་ལོ་གསུམ་གྱི་ཆིངས་བསྡམས་ནའང་། རིན་སྤུངས་པས་སླར་སྡེ་གཟར་བསླངས་ཏེ་རྒྱལ་མཁར་རྩེར་བཏེག་སྐབས། འཕྱོང་རྒྱས་པ་རིན་ཅེན་རྒྱལ་མཆོག་གིས་གཙོས་གོང་མའི་དཔུང་ཆེན་རྣམས་ཉང་སྟོད་བར་དུ་བྱོན། དགའ་ལྡན་པ་དམག་དཔོན་བསོད་ནམས་རྒྱལ་པོས་སྐྱིད་འཕན་གྱི་དཔུང་རྣམས་ཁྲིད་དེ་ཤངས་ཀྱི་བར་དུ་བཏེག་པས་རི་ལ་སྤྱི་བོས་བརྡུང་བའི་རྣམ་ཐར་འཛིན་པ་ཆེར་རློམ་གྱི་དྲེགས་ལྡན་གཞིས་ཀ་རིན་སྤུངས་པ་འབངས་གྱེན་ལོག་གི་རྒྱུ་མི་ཟད་པ་བསགས་པའི་འབྲས་བུ་དུས་གཅིག་ཏུ་སྨིན་པས་ཅི་བྱ་གཏོལ་མེད་དུ་གྱུར་ནའང་། རྒྱལ་རྩེ་དང་པ་སྣམ་པའི་ས་ཆ་བཤོར་བ་རྣམས་ཕྱིར་སྤྲོད་པ་དང་། གོང་སར་དགོངས་བསངས། རྫོང་དཔོན་གྱི་ལས་ཀ་ཞུ་བ། ཕྱིན་ཆད་མ་རུངས་པའི་སེམས་འདོར་བ་སོགས་ཀྱི་དན་ཁ་ལས་མཐའ་མེད་དུ་གཏོང་བ་མ་མཛད། དེ་ལྟ་ནའང་དུས་ཀྱི་བསྐལ་པས་འགྲོ་བའི་བསོད་ནམས་མཐུ་དམན་ཞིང་། ནག་པོའི་ཕྱོགས་ཀྱིས་ཡིད་བསྒྱུར་བ་བདུད་ཀྱི་ལས་འགྲུབ་པའི་འབྲས་བུའི་ཤུགས་གང་གིས་ཀྱང་དགག་དཀའ་བར་བརྟེན། རིན་སྤུངས་པ་དཔོན་བློན་གྱིས་སྡེ་གཟར་ཚན་ཆེ་བར་བསླངས་ཀྱང་། སྡེ་སྲིད་ཀྱི་མཚན་ཇུས་ལ་སྐྱོན་མ་བྱུང་། གོང་མ་འདི་ཉིད་ཀྱིས་བདེ་བར་གཤེགས་པའི་གསུང་གི་སྙིང་པོ་གསེར་ཞུན་མའི་ཁུ་བས་བྲིས་པའི་བཀའ་འགྱུར་དང་། སྟོང་འཁུན་མཛངས་མའི་སོར་མོའི་འདུ་བྱེད་ལས་བསྐྲུན་པའི་གན་གོས་ཁ་དོག་སྣ་ཚོགས་ལས་གྲུབ་པའི་སྐུ་བརྙན་བཞེང་བ་ཕྱོགས་ལྷུང་གི་བསམ་པས་རིས་སུ་མི་གཅོད་པར། (༨༨བ)


GLG019_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་བུ་རམ་ཤིང་པའི་རྗེས་སུ་ཞུགས་པའི་གྲུབ་པའི་མཐའ་ཐམས་ཅད་ལ་བསྙེན་བཀུར་དང་མགོ་འདྲེན། ཇོ་ཤཱཀྱ་རྣམ་གཉིས་དང་བྱང་ཆུབ་ཆེན་པོས་ཐོག་དྲངས་པའི་གངས་ཁྲོད་ཀྱི་སྐུ་གསུང་ཐུགས་རྟེན་ཁྱད་འཕགས་རྣམས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་མངོན་པར་སྤྲོ་བ་དང་། རྗེ་བཙུན་ཕྱག་ན་པདྨ་བསོད་ནམས་རྒྱ་མཚོ་དང་། དཔལ་འབྲུག་པའི་རིང་ལུགས་པདྨ་དཀར་པོ་རྣམས་ཏི་ཤྲིར་བསྟེན། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་ཕྱུག་མཐའ་དག་འབད་མེད་དུ་འགྲུབ་པའི་རྒྱུ་དགེ་བ་བཅུ་ལ་རྫོགས་པར་ལོངས་སྤྱོད་པ་དང་ལྡན་པའི་མེ་ཏོག་གཞོན་ནུ་གསར་དུ་དགོད་པའི་འཁྲི་ཤིང་ནམ་མཁའི་མཐའ་ཀླས་པར་འཁྱུད་པའི་ཁོར་ཡུག་དང་པོ་བདེ་བར་གཤེགས་པའི་སྙིང་པོ་མཆོག་གི་གོ་འཕང་སྲིད་པའི་རྩེ་མོར་བསྙེག་པའི་ཐེམ་སྐས་སུ་འཛུགས་པར་མཛད། འདི་ཉིད་ཀྱི་དུས་རིན་སྤུངས་པ་དང་དཔོན་བློན་ནང་མཚམས་སུ་སེལ་ཆེ་བར་བྱུང་ཡང་། ཕྱི་རྒྱའི་བློན་ཆེན་གྱི་གྲལ་དུ་རིན་སྤུངས་ངག་དབང་རྣམ་རྒྱལ། སྲས་དོན་གྲུབ་ཚེ་བརྟན་རྡོ་རྗེ་རྣམ་གཉིས། འཕྱོང་རྒྱས་པ་ཧོར་རིན་ཅེན་རྒྱལ་མཆོག་སྐུ་མཆེད། སྲས་ཧོར་བསོད་ནམས་མགོན་པོ་མཆེད་གསུམ། དེའི་སྲས་ཧོར་བསོད་ནམས་དར་རྒྱས་རྣམས་རིམ་པ་བཞིན་དང་། བྲག་དཀར་འཇམ་དཔལ་ཚེ་རིང་རྒྱལ་པོ། ཡར་རྒྱབ་རིན་ཅེན་བཀྲ་ཤིས། དགའ་ལྡན་པ་བསོད་ནམས་རྒྱལ་པོ། བྱ་ནོར་བུ་བཀྲ་ཤིས་སོགས་བློན་པོ་དང་། དྲུང་འཁོར་འགངས་ཆེ་བ་ཤིན་ཏུ་མང་། གོང་མ་འདི་ཉིད་ལ་རིན་སྤུངས་ཀྱི་སྲས་མོ་ཞིག་ཁབ་ཏུ་བཞེས་པར་སྲས་གོང་མ་འགྲོ་བའི་མགོན་པོ་དང་། སྤྱན་སྔ་གྲགས་འབྱུང་བ་གཉིས་ལས། གོང་མ་འགྲོ་བའི་མགོན་པོ་གོང་དཀར་དུ་ཕེབས། དཔོན་ས་འཕྱོང་རྩེའི་དྲུང་ཁབ་(༨༩ན)


GLG019_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཞེས་པའི་སྲས་ཞབས་དྲུང་ངག་དབང་གྲགས་པ་སྐུ་བལྟམས། འགྲོ་བའི་མགོན་པོ་གཤེགས་པའི་གདུང་རྟེན་རིན་པོ་ཆེའི་ཕྲ་ཚོམས་ཀྱིས་སྤྲས་པ་ཕོ་བྲང་གོང་རི་དཀར་པོར་བཞེངས། སྤྱན་སྔ་གྲགས་འབྱུང་བ་ཐེལ་གྱི་གདན་སར་ཕེབས། ཞབས་མི་བདེ་བའི་དབང་གིས་ཟབ་བཞེས་ཐུགས་དམ་གྱི་རིམ་པ་གཙོ་བོར་མཛད། ཁྱད་པར་གཤེད་སྐོར་དང་མ་མགོན་བྱ་རོག་གདོང་ཅན་ལ་རྩལ་དུ་ཐོན་པས་སྡེ་པ་འོས་ཁ་བ་ཕུན་ཚོགས་རབ་བརྟན་པས་ཐེལ་གྱི་མཆོད་གཞིས་སོགས་ལ་ལོག་བསྒྲུབ་མང་དུ་མཛད་པར་མངོན་སྤྱོད་ཀྱི་ལས་སྦྱོར་གནང་བས། དུས་དེ་སྐབས་དེར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་འོལ་ཁ་རྩེར་བཞུགས་ཡོད་པ་མཚན་ལྟས་འགྱུར་ཏེ་རྒྱལ་དུ་ཕེབས། མི་རིང་བར་སྡེ་པ་སྐུ་རྦབ་ལ་ཤོར་བའི་རྐྱེན་གྱིས་གྲོངས། ཐེལ་པ་རྣམས་ལྷུངས་པའི་ཚེ་བར་སྣང་ཁམས་ནས་བྱ་རོག་ཞིག་གིས་ཕྱག་བཅད་ནས་ཁྱེར་སོང་བ་ཡིན་ཟེར་བའི་ཐེལ་གྱི་མགོན་ཁང་ན་ད་ལྟ་ལག་པ་ཞིག་སྟོན་རྒྱུ་ཡོད་སྐད། ཞབས་དྲུང་ངག་དབང་གྲགས་པ་གོང་དཀར་ན་བཞུགས་སྐབས། རྩེར་ཡུམ་མི་གཅིག་པའི་སྐུ་མཆེད་ཡོད་པར་བརྟེན། དཔོན་ས་འཕྱོང་རྩེ་མས་གནང་བཀོད་མ་ལེགས་པའི་ཟེར་བུན་བསླངས་ཏེ། རིན་སྤུངས་པ་དང་དགའ་ལྡན་པ་སོགས་ཞབས་དྲུང་ངག་དབང་གྲགས་པའི་ཞབས་ཏོག་ཏུ་རྩེར་དཔུང་གི་སྦྱོར་བ་བཤམས། ཧོར་བསོད་ནམས་དར་རྒྱས་སོགས་བློན་པོ་གཞན་རྣམས་དཔུང་ཁྱེར་གྱི་ཕྱོགས་ལྷུང་མངོན་ཚན་ཅན་མེད་ནའང་། གོང་མ་ཆེན་པོས་བཀྲ་ཤིས་རྩེ་བར་ནང་བློན་བཅོལ་བར་མ་རངས་པའི་བར་ཞུགས་ཁོག་ནས་རྩེར་དཔུང་གིས་བསྐོར་མ་དགོས་པའི་ངོས། གོང་མ་འོན་རྒྱལ་བཟང་དུ་ཕེབས་བཅུག་ནས། ཞབས་(༨༩བ)


GLG019_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་ངག་དབང་གྲགས་པ་རྩེའི་ཁྲི་ཐོག་ཏུ་གདན་དྲངས། འོན་ཀྱང་འབྲུག་པ་སྤྲུལ་སྐུ་པདྨ་དཀར་པོས་སྡེ་དཔོན་རྣམས་ལ་རྒྱུ་མཚན་གནང་ཡང་ཟེར། གང་ལྟར་འགྱངས་མེད་དུ་གོང་མ་ཕྱིར་རྩེར་ཕེབས། ཞབས་དྲུང་ངག་དབང་གྲགས་པ་གོང་དཀར་དུ་བཞུགས་པ་ལ་ཡང་བསྐོར་རྒྱག་ཆ་གྲུལ་ཆེ་བ་འབྱུང་སྐབས་གོང་དཀར་འདི་དབུས་གཙང་གཉིས་ཀྱིས་མདུད་འཛོམ་པའི་ལྟེ་བ་ལྟ་བུར་འདུག་པས་རང་རེའི་མི་ངོ་ཞིག་གིས་མ་བཟུང་ན་བོད་ཀྱི་བདེ་སྐྱིད་ལ་གནོད་པས་རྫོང་གཏོད་མི་དགོས་ཚུལ་གྱི་གོང་མའི་བཀའ་ཤོག་གོང་དཀར་དུ་གནང་བ་བསྐོར་མི་རྣམས་ཀྱི་ལག་ཏུ་བརྒྱབ་པས་དམག་རྣམས་གྱེས་ཏེ་བདེ་འཇགས་ཆེ་བ་བྱུང་། ཞབས་དྲུང་ངག་དབང་གྲགས་པ་འདི་ཉིད་ཀྱིས་ལུགས་ཟུང་གི་མཛད་པ་མཐའ་ཡས་ཤིང་། ལྷག་པར་དགེ་འབྲུག་གཉིས་ལ་ཐུགས་མོས་ཆེ་བས་དམ་པའི་ཆོས་ཀྱི་གསན་པ་མང་དུ་མཛད། སྒེར་དུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དང་མཆོད་ཡོན་ཉི་ཟླ་ཟུང་གཅིག་ལྟ་བུར་ཐུགས་སྣང་དག་པ་བྱུང་བས་གོང་དཀར་འཇམ་དབྱངས་གོང་མའི་ཕོ་བྲང་ནས་རྟེན་འབུལ་གྱི་རྒྱུན་འཛུགས་པ་གནང་། གོང་མ་ཆེན་པོའི་སྲས་ཟུར་པ་སོགས་ཀྱིས་སྣེའུ་གདོང་རྩེའི་ཁྲིར་བཞུགས་ཤིང་། བདུད་མི་སྤུན་དགུས་དབུས་གཙང་ལན་མང་དུ་དཀྲུགས་པའི་སྲི་ངན་ལངས་ཏེ། བྱི་གླང་སྡེ་གཟར་གྱི་སྐབས་འཕོ་འགྱུར་ཤིན་ཏུ་ཆེ་བ་བྱུང་། ཞབས་དྲུང་ངག་དབང་གྲགས་པ་ལ་སྲས་བཀའ་བརྒྱུད་རྣམ་པར་རྒྱལ་བ་དང་། རྣམ་རྒྱལ་གྲགས་པ་གཉིས་འཁྲུངས་པར་གཅུང་ཡར་རྒྱབ་ནས་བདག་མོ་བྱོན་སྐབས་རིགས་འཛིན་ཆེན་པོའི་རྒྱལ་སྲས་པདྨ་ཆོས་རྒྱལ་དང་། ལྷ་རྩེ་བ་གཉིས་ཀྱིས་སྲུང་འཁོར་མཛད་དུས། རྒྱལ་སྲས་པས་ཐུན་བྲབ་སོགས་ཚམ་རྔམ་ཧ་ཅང་ཆེ་(༩༠ན)
བས་བདག་མོ་འཛངས་ཏེ་འབྱོན་མ་ནུས་པར་བགེགས་སྐྲོད་ཀྱི་མཚམས་ཅུང་ཟད་བཞག་པས་རྟེན་འབྲེལ་འཕྱུགས་ནས་མ་འགྱངས་པར་ཞབས་དྲུང་རྣམ་རྒྱལ་གྲགས་པ་སྐུ་གཤེགས། གཅེན་བཀའ་བརྒྱུད་རྣམ་པར་རྒྱལ་བ་ལུགས་ཟུང་གི་མཁྱེན་སྒོ་ཡངས་ཤིང་ཁྱད་པར་ཕྱག་རྒྱ་ཆེན་པོ་སོགས་ངེས་དོན་གྱི་སྐོར་ལ་ཐགས་གཞོལ། འདི་ཉིད་ཀྱིས་སྲས་མི་ཕམ་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་ད་ལྟ་ཕོ་བྲང་སྣེའུ་གདོང་རྩེར་བཞུགས་སྐབས་སོ། །སྨྲས་པ། རྨད་བྱུང་རླངས་ཀྱི་གསེར་སྐྱོགས་ཀྱིས་བཅུས་ལྷ་རིགས་བདུད་རྩིའི་ཟིལ་དངར་ཅན། །མཐོ་རིས་ཡོན་ཏན་བདུན་གྱི་མངའ་འབྱོར་ཡུལ་དབུས་སྨན་ལྗོངས་ཡོལ་གོའི་ནང་། །འཕྱུར་བུར་གཏམ་པའི་རིན་ཅེན་གདུང་བརྒྱུད་ཆོས་སྲིད་བླ་ན་དངར་བའི་རོ། །གངས་ཅན་ལྗོངས་འདིའི་སྐྱེ་རྒུ་མེ་ཞལ་ཡོངས་ཀྱི་དགའ་སྟོན་ཨེ་མ་མཚར། །སྐྱེ་བས་ཐོབ་པའི་རིགས་གཟུགས་ཆུ་ནང་ཟླའི། །སྡེ་གསུམ་གཅིག་ཏུ་དཀར་བའི་བསིལ་ཟེར་གྱིས། །ནམ་མཁའི་རི་བོང་ཅན་དེ་ཕམ་མོ་ཞེས། །ཆུ་འཛིན་ལང་ལོང་འཁྲིགས་པས་སྒྲིབ་སྙམ་བྱེད། །གནམ་བསྐོས་རྒྱལ་སྲིད་སཱ་ལའི་སྡོང་པོ་ལ། །ལས་ཀས་མངོན་མཐོའི་སྟོབས་ལྡན་ཡལ་གའི་ཚོགས། །སྲིད་འབྱོར་ལོ་མའི་ཕང་ཕུང་གཡོ་བཞིན་དུ། །ལེགས་བྱས་འབྲས་བུའི་འདོད་འཇོ་དཔྱིད་དུ་དར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousལྷ་གཟིགས་རླངས་ཀྱི་གདུང་རབས་བརྗོད་པ་དང་། ཕག་གྲུའི་རྒྱལ་རབས་ཀྱི་སྐོར། next