Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

31 occurrences of འབངས་མི་
[Clear Hits]


  
12  collapse section
  
  
  
 
 
  
 
 
 
 
གཞིས་ཀ་སྣེལ་པ་དང་། རྒྱལ་མཁར་རྩེ་པ། འོལ་ཁ་བ་སོགས་ཀྱི་སྐོར།
 
 
13  expand section


31 occurrences of འབངས་མི་
[Clear Hits]

 
previousགཞིས་ཀ་སྣེལ་པ་དང་། རྒྱལ་མཁར་རྩེ་པ། འོལ་ཁ་བ་སོགས་ཀྱི་སྐོར།next

གཞིས་ཀ་སྣེལ་པ་དང་། རྒྱལ་མཁར་རྩེ་པ། འོལ་ཁ་བ་སོགས་ཀྱི་སྐོར།


GLG019_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གཞིས་ཀ་སྣེལ་པ་དང་། རྒྱལ་མཁར་རྩེ་པ། འོལ་ཁ་བ་སོགས་ཀྱི་སྐོར།གཞིས་ཀ་སྣེལ་པ་ནི། ཆེན་པོ་རིན་ཅེན་བཟང་པོས་གོང་མ་སི་ཏུའི་ཞབས་ལ་གཏུགས། ས་སྐྱར་དམག་ལ་འབྱོན་སྐབས། སི་ཏུས་ཕག་གྲུའི་ཁྲི་དམག་རྣམས་ཀྱིས་ཆེན་པོ་ལ་ཕྱག་འཚལ་དགོས་པ་སོགས་གསུངས་ནས་དཔོན་ཚབ་དུ་བསྐོས། དུས་དེར་དཔོན་ཆེན་བཟུང་བ་སོགས་ཇུས་ཀྱི་འགྲོ་ཁྱབ་ཆེ་བ་བྱུང་། ས་སྐྱ་པ་དང་ཧོར་རྒྱལ་པོ་མཆོད་ཡོན་དུ་འབྲེལ་བའི་དུས་ཀྱི་ནོར་སྣ་ཁྱད་འཕགས་རྣམས་དབུས་སུ་དྲངས། དཔོན་ཆེན་རྣམས་ཀྱིས་གཙོས་པས་གཞན་སྡེ་རྣམས་ལ་ཁྲིམས་ར་ཉི་མ་བཅུ་གསུམ་བསྒྱུར་ཅིང་བྱ་ཁྲ་མའི་སྟེང་དུ་མི་ལྔ་བརྒྱ་ཙམ་ཁྲིམས་ལ་སྦྱར་བའི་དྲག་ཤུལ་གྱིས་འབོད་གྲོགས་ཀྱང་འདར། སྐམ་པོ་གྲོང་དུ་སྒེར་གཞིས་ཀྱི་མཁར་ལས་མཛད། བྱ་སར་སྒེར་གྲུ་བཙུགས། ཡོན་བདག་བློ་བདེའི་སྲས་མོ་བདེ་སྐྱིད། ཁམས་མོ། དཔོན་མོ་དཔལ་ལྡན་འབུམ་གསུམ་ཇོ་མོར་བླངས་པ་ལས། དང་པོ་ལ་རྒྱལ་བ་རིན་ཆེན། དྲུང་ནམ་མཁའ་བཟང་པོ། གཉིས་པ་ལ་དཔོན་ཤག་པ། གསུམ་པ་ལ་དཔལ་ལྡན་ཆོས་སྐྱོང་དང་། བསོད་ནམས་བཟང་པོ་འཁྲུངས། དཔལ་ལྡན་ཆོས་སྐྱོང་གི་ཉང་སྨད་བསམ་གྲུབ་རྩེའི་རྫོང་དཔོན་ཐོག་ཅིག་མཛད། དྲུང་ཆེན་དཔོན་གྲགས་པས་གོང་མའི་ཞབས་ལ་གཏུགས། སྤྱན་སྔ་གྲགས་པ་བྱང་ཆུབ་དང་། རྫོང་ཕྱི་རྒྱལ་མཚན་བཟང་པོ་དཔོན་བློན་བཀའ་བགྲོས་ཐོག་སྣེའུའི་རྫོང་དཔོན་དུ་བསྐོས། གོང་དཀར་ནས་སྒོམ་ལོག་ཆོས་རྒྱལ་གཅུང་པོ་རྩེས་ཐང་དགེ་བསྙེན་དང་། པ་སྡེ་མཁན་པོས་གཙོས་པའི་དམག་གི་སྦྱོར་བ་བཤམས་པ་མཚོ་སྣ་གདོང་དུ་སླེབས་སྐབས། དཔོན་གྲགས་པ་རང་གིས་དམག་དཔོན་མཛད་ནས་འཁྲུགས་པས་རྒྱལ་ཏེ། པ་སྡེ་མཁན་(༩༩ན)


GLG019_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པོས་གཙོས་པའི་མི་དྲུག་ཅུ་ཙམ་ལྔ་པའི་ལམ་དུ་བཏང་། དེ་རྗེས་སྟོད་པ་འཇམ་དཔལ་གྱི་ཐོག་ཏུ་དཔུང་བཏེག །གཉའ་གནོན་དུ་གཞིས་ཀ་སྨོན་མཁར་བརྩིགས། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་གྱོ་ཐོག་རྡོ་གཅལ་གསར་རྗེས་ཁྱམས་ར་དང་། བར་བསྐོར་གྱི་ཐོག་འབུབས། ལྡེབ་བྲིས། གོང་མ་སི་ཏུའི་དགོངས་རྫོགས་སུ། ཆོས་རྫོང་། བཀྲ་ཤིས་སྒང་། བྲག་ནག །དབུས་གླིང་སོགས་སྐྱིད་ཤོད་སྟོད་སྨད་ཀྱི་སྔགས་གྲྭ་རྣམས་སུ་དཀྱིལ་འཁོར་སྒྲུབ་མཆོད་བཙུགས། བྱམས་པ་ཆོས་འཁོར་གྱི་དྲུང་དུ་དགེ་འདུན་བཞི་སྡེས་བྱམས་པས་དམ་བཅས་པའི་གཟུངས་སྨོན་ལམ་དང་བཅས་པའི་རྒྱུན། དུང་མཚོར་སྔར་དུང་མཚོ་རས་པས་ངན་སློང་ལ་སྐྱོ་ཚུལ་བཙུགས་པ་བར་སྐབས་སུ་ཆད་པ་གསེར་བྲེའི་ནས་ཁལ་ལྔ་བཅུ་ལྔ་བཅུས་ལོ་ལྟར་དུ་གསོས། ཆེན་པོ་རིན་བཟང་པ་ཡབ་ཡུམ། རྒྱལ་བ་རིན་ཅེན་སྐུ་མཆེད་ཀྱི་སྒྲིབ་སྦྱོང་ལ། ཇོ་བོ་རྣམ་གཉིས་དྲུང་དུ་སྨན་བླ་འདོན་པའི་རྒྱུན། གསང་ནེའུ་ཐོགས་སོགས་དགེ་འདུན་གྱི་སྡེ་རྣམས་སུ་མཐུན་རྐྱེན་སྦྱོར་བ་སོགས་རྣམ་དཀར་གྱི་ལས་གཅིག་ཏུ་དེ་ཆེ། དྲུང་ཆེན་ནམ་མཁའ་བཟང་པོ་གོང་མའི་ལུང་གིས་སྣེའུའི་རྫོང་དཔོན་དུ་བྱོན། རྒྱལ་བ་ཙོང་ཁ་པ་ཡབ་སྲས་ལ་རྩ་བའི་བླ་མར་མཛད། ཁྱད་པར་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེ་ཆེན་པོ་འདེབས་པའི་མཐུན་རྐྱེན་ཕུལ་དུ་བྱུང་བ་དང་། རྟ་ཆེན་གྱི་ཟླ་བའི་ཆོ་འཕྲུལ་གྱི་དུས་ཁྱད་པར་ཅན་ལ་འགྲོ་བའི་བསོད་ནམས་དམོད་པར་བསྐྲུན་པའི་ཐབས་དམ་པ་ལྷ་ས་སྨོན་ལམ་ཆེན་མོ་འཛུགས་པའི་མཐིལ་ལེན་མཛད། འདི་ཉིད་ཀྱིས་ལྕམ་རིན་ཅེན་སྒྲོལ་མ་ཇོ་མོར་བླངས་པར། དྲུང་ཆེན་ནམ་མཁའ་དཔལ་འབྱོར་འཁྲུངས། གོང་མ་གྲགས་པ་རྒྱལ་མཚན་གྱིས་རྫོང་དཔོན་གྱི་ལས་(༩༩བ)


GLG019_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་གནང་། གསེར་གྱི་བཀའ་འགྱུར་བཞེང་བ་དང་། འཕྲུལ་སྣང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་ཞབས་ཏོག །དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེ་ཆེན་པོའི་མཇུག་ཆགས་རྣམས་མཛད། དཔོན་གྲགས་པས་ཚལ་པ་དཔོན་མོ་ཇོ་མོར་བླངས་པའི་སྲས། དྲུང་ཆེན་གྲགས་པ་དཔལ་བཟང་གིས་གོང་མ་གྲགས་འབྱུང་བའི་ཞབས་ལ་གཏུགས། སྟག་སྣའི་དམག་རེས་བྱེས་གཉེར་དང་། ཁྲིམས་ལས། གསོལ་དཔོན་སོགས་ལས་ཚན་རིམ་པར་མཛད། རྒྱལ་མཁར་རྩེའི་སྲས་མོ་སྐལ་བཟང་མ་ཇོ་མོར་བླངས་ཀྱང་། བར་སྐབས་སུ་བདེ་དོག་ཅི་རིགས་ལ་བརྟེན་རབ་ཏུ་བྱུང་། སླར་ཧོར་ཆས་སུ་བསྒྱུར་ནས་གོང་སས་དུ་དབེན་ཤྲིའི་ལས་ཀ་གནང་། བྱང་སྦྲ་ཐག་འཐེན་ཚད་ཀྱི་དཔོན་དུ་བསྐོས། རིན་སྤུངས་པ་ལ་མཛོ་རིར་ཇུས་ཉེས་ཆེན་པོ་བཏང་བས་དཔའ་གྲགས་ཆེ། དེའི་སྲས་དྲུང་ཆེན་དཔལ་འབྱོར་རྒྱལ་པོ། དབང་གྲགས་འབྱུང་བ་སྐུ་མཆེད་ཀྱིས་རྫོང་དཔོན་གྱི་ལས་ཀ་གནང་། བསྟན་པ་སྤྱི་དང་ཁྱད་པར་རྒྱལ་བ་ཙོང་ཁ་པའི་བསྟན་པ་ལ་ཕུལ་དུ་བྱུང་བའི་བསྟི་སྟང་མཛད། མངའ་ཐང་ཡང་ཤིན་ཏུ་མཐོ་བས། འབྲི་གུང་རྡོ་ཐམ་མན། ཁ་རག་རྡོ་བུག་པ་ཅན་ཡན། ཡར་ཀླུངས་ཁྲ་འབྲུག་ཚུན་ཞེས་ལམ་ཡིག་མཛད་སྐད། འདི་ཉིད་ཀྱི་སྲས། ངག་དབང་བསོད་ནམས་རྒྱལ་པོ། ངག་དབང་བསོད་ནམས་ལྷུན་པོ། ངག་དབང་བསོད་ནམས་རྣམ་རྒྱལ་གསུམ་ལས། དང་པོ་ཆུང་ངུ་ལ་གྲོངས། ཕྱི་མ་གཉིས་ཀྱི་དུས་རིན་སྤུངས་དོན་ཡོད་རྡོ་རྗེས་དཔུང་གི་སྦྱོར་བས་མངའ་ཐང་རྣམས་ཤོར་རོ། །རྒྱལ་མཁར་རྩེ་པ་ནི། སྔོན་འདོད་ཁམས་སྟོད་དུ་དབྲ་རྒོད་ལྡོང་བཙན་བྱ་བ། སྟག་ལྤགས་བརྒྱའི་ཐུལ་བ་གྱོན་པ། དྲེད་ལ་སྦར་འཛིན་བྱེད་པ། ཁྲོམ་གེ་སར་རྒྱལ་པོའི་མག་པ་བྱས་པའི་བུ་ཚ་བརྒྱུད། ཡོན་བདག་(༡༠༠ན)


GLG019_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཉེག་བྱ་བའི་སྲས་སློབ་དཔོན་ནམ་མཁའ་བྱང་ཆུབ་བྱ་བ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས་གྲུབ་པ་བརྙེས་པ་ཞིག་གི་སྲས་སློབ་དཔོན་ནམ་མཁའ་ལྷུན་གྲུབ། དེའི་སྲས་སློབ་དཔོན་ནམ་མཁའ་བཟང་པོ། དེ་ལ་སྲས་བརྩོན་འགྲུས་རྡོ་རྗེ། གྲགས་པ་བརྩོན་འགྲུས། གཞོན་ནུ་འཕགས་གསུམ་ལས། ཆེ་བས་སྣར་ཐང་དུ་རབ་ཏུ་བྱུང་། ཆུང་བས་ཏི་རི་གྲགས་འོད་པའི་ཡིག་དཔོན་མཛད། བར་པ་ལ་སྲས་རྒྱལ་མཚན་ཡིག་རིས་མང་དུ་མཁྱེན། འདི་ཉིད་ཀྱིས་བརྩམས་པའི་བཀའ་པོཏ་ཡང་སྣང་། འདི་ཆོས་རྗེ་ཀརྨ་པ་དང་ཐུགས་འབྲེལ་ཆེ་བས། མཚུར་ཕུའི་བྱང་ཆུབ་ཆེན་པོ་བཞེང་བར་བྱོན་སྐབས། བཟོ་རྒྱུས་ལྡངས་ན་ཁོ་བོས་མདུན་གྱི་ནགས་རི་འདི་ཙམ་བློར་ཤོང་ཞུས་པས། སྤྲུལ་སྐུ་ནགས་རི་པར་གྲགས། འདིས་མ་གཅིག་ལྷ་སྨན་ཇོ་མོར་བླངས་པར་སྲས་དཔལ་ལྡན་བཟང་པོ། དཔལ་ལྡན་རིན་ཆེན། མ་ཟངས་དར་པོ་གསུམ་འཁྲུངས། ཉང་སྟོད་འདུལ་ཆུང་ཆུ་ནུབ་ཀྱི་ནང་ཚན། ལྷན་ཡུལ་སྔོན་མོ་ལུང་རིངས་སུ་བྱོན་པའི་ལམ་ཁར་ལྕགས་པའི་གདུང་བརྒྱུད་འཕགས་པ་རྒྱལ་ལ་དང་མཇལ་ཏེ་མིང་ཞུས་པས། གཅེན་གཉིས་ལ་འཕགས་པ་དཔལ་བཟང་དང་། འཕགས་པ་རིན་ཅེན་དུ་བཏགས། འཕགས་པ་དཔལ་བཟང་གིས་དཔལ་ལྡན་ས་སྐྱ་པའི་ལས་ཚན་བཟུང་གཏམ་ཡིག་རྩིས་གསུམ། མདའ་ཁ་དཔལ་རྩལ་དང་ལྡན་པའི་ཤར་དུང་ལྷོ་དུང་འདུལ་བའི་རྒན་པོར་ས་སྐྱ་ནས་བསྐོན་ཆ་དང་བཅྭ་ཚེ་གནང་། དེ་ནས་བཞི་ཐོག་ཉེ་གནས་ཀྱི་གོ་ས་བཟུང་། པ་ཤི་ད་ར་ཁ་ཆེ་ཤར་ཕྱོགས་གོང་མའི་དྲུང་དུ་བརྫངས་པས། འབྲི་མཚམས་གངས་དཀར་པོ་ཚུར་ཤེས་སུ་བཅུག་པའི་འཇའ་ས་གནང་། གོང་མ་སི་ཏུའི་དྲུང་དུ་བྱོན་པར། སློབ་དཔོན་རྣམ་རྒྱལ། ཤེར་བཟང་། པ་ཤི་དཀོན་(༡༠༠བ)


GLG019_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་རྣམས་ཀྱིས་རིན་སྤུངས་སུ་བསྐོར་ནས། གྲྭ་ཚོང་འདུས་སུ་བསྐྱལ་ཏེ་དམ་གཅུར་བྱས་པ་ལས་གྲོལ་ཏེ་ཡར་བྱོན་སྐབས། ཧོར་རྒྱལ་པོས་ནང་ཆེན་གྱི་འཇའ་ས་གནང་། རྩེ་ཆེན་དང་ཕག་རི་རྣམ་རྒྱལ་གྱི་རྫོང་བརྩིགས། རྒྱལ་རྩེ། སྣ་བོ་རྫོང་གཉིས་ཉི་མ་གཅིག་ལ་འགྲམ་བཏིངས། ཁྱུང་རྩེ་སོགས་རྫོང་མང་དུ་བརྩིགས། རྩེ་ཆེན་གཙུག་ལག་ཁང་བཏབ། བདག་ཆེན་འཕགས་པ་དཔལ་ལ་སྲས་མང་དུ་ཡོད་ཀྱང་། ཇོ་མོ་མ་གཅིག་དཔལ་མ་ལ་ནང་ཆེན་ཀུན་དགའ་འཕགས་འཁྲུངས། དེ་ལ་སྲས་དཔོན་མོ་མགོན་པོ་སོགས་སྲས་ལྕམ་སྲིང་མང་དུ་འཁྲུངས་པ་ལས། བདག་ཆེན་རབ་བརྟན་ཀུན་བཟང་འཕགས་འདི་ཉིད་ཕོ་བྲང་སྣེའུ་གདོང་རྩེར་གོང་མ་གྲགས་པ་རྒྱལ་མཚན་པའི་དྲུང་དུ་བྱོན། གོང་མས་སྣེའུ་གདོང་དགའ་ལྡན་རྩེའི་རྟེན་གསུམ་རྣམས་ཀྱི་ནང་ནས་དཔོན་རབ་བརྟན་དང་ཇི་ལྟར་འདོད་པ་ཞིག་ཁྱེར་གསུངས་པས། ཐུབ་དབང་རྡོ་རྗེ་གདན་ཆུང་མ་ཞིག་ཞུས་པས། ཐུགས་ཉམས་ཆེ་བའི་གྲགས་པ་བྱུང་། དེང་སང་ཡང་རྒྱལ་རྩེའི་ལི་མ་ལྷ་ཁང་དུ་བཞུགས་ཡོད་འདུག་ཅིང་། གཙང་དུ་བྱོན་ནས་གྲོགས་པོ་བརྒྱ་རྩར་རིན་སྤུངས་ནམ་མཁའ་རྒྱལ་པོའི་དཔུང་རྣམས་སྤུབ་སྟེ་མཚན་ཇུས་ལེགས་པ་བྱུང་། མཁས་གྲུབ་རིན་པོ་ཆེ་དང་མཆོད་ཡོན་དུ་འབྲེལ་ནས། དཔལ་འཁོར་བདེ་ཆེན་གྱི་གཙུག་ལག་ཁང་སྡེ་དང་བཅས་པ་བཏབ། སྔགས་གྲྭ་པ་རྣམས་ཀྱིས་དཀྱིལ་འཁོར་མང་པོའི་ཞལ་འབྱེད་དང་། མདོ་གྲྭ་པ་རྣམས་ཀྱིས་དབྱར་ཆོས་ཐོག་བཀའ་པོཏ་རྣམས་ལ་རབ་འབྱམས་གྲྭ་བསྐོར་གྱི་རྒྱུན་སྲོལ་བཙུགས། སྐུ་འབུམ་བཀྲ་ཤིས་སྒོ་མང་དང་གོས་སྐུ་ཆེན་མོ། བཀའ་འགྱུར་རྒྱུན་འཇགས་སུ་བཞེང་བ་སོགས་དབུས་གཙང་གི་སྡེ་དཔོན་ཞིག་ལ་རྣམ་དཀར་གྱི་མཛད་པ་འདི་ཉིད་ཆེ་བར་མངོན། འདིའི་སྲས་རབ་བརྟན་བཀྲ་(༡༠༡ན)


GLG019_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་འཕགས། དེའི་སྲས་དོན་གྲུབ་འཕགས་ནས་བཟུང་སྟེ་བདག་པོ་ཕུན་སུམ་པ་ཡན་ཆད་དུ་མངའ་ཐང་རྒྱུན་གནས་ཤིང་། བར་སྐབས་སུ་དུས་མི་བདེ་བ་འགའ་ཞིག་བྱུང་ཡང་། གོང་མ་སྡེ་སྲིད་ནས་རྒྱབ་གཉེར་མཛད་པས་སྐྱོན་དུ་མ་གྱུར་ཏོ། །སྡེ་པ་འོལ་ཁ་བ་ནི། དྲུང་ཆེན་བཀྲ་ཤིས་རྒྱལ་མཚན་ལ་སྡེ་སྲིད་གོང་མ་གྲགས་པ་རྒྱལ་མཚན་གྱིས་རྫོང་དཔོན་གྱི་ལས་ཀ་གནང་། ཆོས་རྗེ་བཟང་སྐྱོང་པས་ཉི་མ་གླིང་གི་དགོན་པ་འདེབས་པའི་སྦྱིན་བདག་གི་མཐིལ་མཛད། རིན་པོ་ཆེའི་ཁུ་བས་བྲིས་པའི་བདེ་བར་གཤེགས་པའི་བཀའི་གླེགས་བུ་ཁ་བས་བསྐོར་བའི་ལྗོངས་སུ་འགྱུར་རོ་ཅོག་བཞེང་བ་སོགས་སྐུ་ཚེའི་སྟོད་ལ་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ཤིང་། རྗེས་སུ་རིགས་ཀྱི་སྲས་ནར་སོན་པ་དང་། ཆོས་རྗེ་རྒྱལ་ཚབ་པའི་དྲུང་དུ་བསྟན་པའི་རྩ་བ་སོ་སོར་ཐར་པའི་སྡོམ་པ་མནོས། འོལ་ཁ་དགེ་སྦྱོང་ཆེན་པོར་སྐྱེ་བོ་རྣམས་གླེང་། དེ་རྗེས་ནོར་བཟང་པ་དང་། རྒྱ་མཚོ་བ་མཆེད་ཀྱིས་སྲིད་བསྐྱངས་ཤིང་སྡེ་པ་རྒྱ་མཚོ་པ་ལ་གོང་མ་ཆེན་པོས་དམག་དཔོན་གྱི་ལས་ཀ་གནང་བས། གཞན་སྡེ་འཇོམས་པ་ལ་སྙིང་སྟོབས་ཀྱི་རྩལ་དང་ལྡན་སྐད། དེ་ནས་མཁན་ཆེན་པས་མཆོད་ཁང་དང་། རྗེ་བཙུན་མི་ཕམ་མགོན་པོའི་སྐུའི་སྣང་བརྙན་བཞེང་བ་སོགས་གོང་མའི་རྒྱུན་བཟང་པོ་བཟུང་། དེ་རྗེས་དོན་ཡོད་རྣམ་རྒྱལ་རྡོ་རྗེས། མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་ནོར་བཟང་རྒྱ་མཚོ་ཞེས་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་གཞུང་ལུགས་སྔོན་ཆད་གངས་ཅན་པ་རྣམས་ཀྱིས་མ་རྟོགས་པ་དང་ལོག་པར་རྟོགས་པའི་ཐེ་ཚོམ་གྱི་དྲ་བ་མཐའ་དག་དྲུངས་ནས་འབྱིན་པའི་ཤིང་རྟ་ཆེན་པོ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་རྣམས་ལ་གུས་མཆོད་ལྷུར་ལེན་ཞིང་། (༡༠༡བ)


GLG019_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གསང་བ་མཁའ་འགྲོའི་སྦས་པའི་བསྟི་གནས་ཆོས་འཁོར་རྒྱལ་གྱི་འདུས་སྡེ་རྟེན་དང་བརྟེན་པར་བཅས་པ་ལ་འཚོ་བའི་ཡོ་བྱད་བཟང་པོ་གོང་འཕེལ་དུ་སྦྱར་བ་སོགས་དགེ་བའི་ལས་ཀྱི་ཤུགས་ཟད་པ་མེད་པའི་རལ་གྲིས་མུ་མཐའ་མེད་པའི་འཁོར་བ་ནགས་ཀླུང་སྟུག་པོའི་མཐའ་དབྲལ་ཏེ། སྲས་ཕུན་ཚོགས་རབ་བརྟན་གཤེགས་པར་བརྟེན། ཞལ་ངོའི་བརྒྱུད་རིང་བར་མ་བྱུང་ཡང་། ཕྱིས་སུ་འོད་གསལ་ལྷ་ལས་བབས་པའི་ས་སྐྱོང་པ་དང་ཁྱོན་གཅིག་པར་གྱུར་ཏོ། །ཡར་རྒྱབ་པ་ནི། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་ཐོན་མི་སཾ་བྷོ་ཊ་ཞེས་བྱ་བ་འཇམ་དབྱངས་ཀྱི་རྣམ་པར་སྤྲུལ་པ། སྔར་བོད་དུ་ཡི་གེའི་སྲོལ་མེད་པ་ལ། རྒྱ་ཡིག་ལྔ་བཅུ་ཐམ་པ་བོད་ཡིག་སུམ་ཅུར་གཏན་ལ་འབེབས་པའི་ཤིང་རྟ་ཆེན་པོ་དེ་ཉིད་ཀྱི་གདུང་བརྒྱུད་ཡིན་ལ། ཁ་ཅིག་བྷོ་ཊ་ཞེས་སྨྲ་བ་ནི་མི་རིགས་པར་སཾ་བྷོ་དྲར་འདོད་པ་མཆིས་ནའང་སཾ་བྷོ་ཊ་ཞེས་གངས་རིས་བསྐོར་བའི་ལྗོངས་འདིར་ལེགས་པར་སྦྱར་བ་ལྷའི་སྐད་སྨྲ་བ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་ཞ་ལུ་བ་ཆོས་སྐྱོང་བཟང་པོས་མཛད་པའི་བརྡ་སྤྲོད་པའི་བསྟན་བཅོས་ཟ་མ་ཏོག་ཏུ། གངས་ཅན་ཁྲོད་པའི་བླ་མ་མཆོག །སཾ་བྷོ་ཊ་ཞེས་རབ་གྲགས་པའི། །ཞེས་གསུངས་པས་སོ། །ཆོས་བློན་ཆེན་པོ་འདི་ཉིད་ཀྱི་སྲས་མ་ཧཱ་ས་ཏྭ། དེའི་སྲས་ཡེ་ནག །དེའི་སྲས་ཉི་མ་ཀློང་གསལ། དེའི་སྲས་བེར་ནག་ཅན། དེའི་སྲས་མོན་མོ། དེའི་སྲས་གཙོ་བོ་ལྷ་སྲས། འདི་རྣམས་དགུང་ལོ་བརྒྱ་ལྷག་ཙམ་བཞུགས་པ་ཤ་སྟག་བྱུང་། དེའི་སྲས་བསོད་ནམས་རྒྱལ་པོ། དེའི་སྲས་རྒྱལ་པོ་དགའ། དེའི་སྲས་རྟ་མགྲིན་རྒྱལ་མཚན། དེའི་སྲས་རྡོ་རྗེ་བཀྲ་ཤིས། འདིས་དཔལ་ལྡན་ས་སྐྱར་ཏི་ཤྲི་ཀུན་བློའི་ཞབས་ལ་གཏུགས། དེ་ཉིད་ཀྱི་ཧོར་རྒྱལ་པོའི་(༡༠༢ན)


GLG019_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་དུ་བརྫངས་པས། དུ་དབེན་ཤའི་བྱ་ལས་ཆེན་པོ་གནང་། དེའི་སྲས་དཔོན་བཞི་འཛོམ། གོང་མ་གྲགས་པ་རྒྱལ་མཚན་གྱིས་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་ལ་བསྐོས། དེའི་སྲས་རྒྱལ་བ་ཤེས་རབ། དེའི་སྲས་དཔོན་ཆེན་གྲལ་ལྔ། འདི་ཉིད་ཀྱིས་སྐུ་ཚེའི་སྟོད་ལ་གོང་མ་གྲགས་པ་འབྱུང་གནས་ཀྱིས་ཡར་རྒྱབ་དཔོན་ཆེན་དང་གོང་དཀར་རྫོང་དཔོན་གྱི་ལས་ཀ་གནང་། འོན་ཀྱང་སྤྲུལ་པའི་གང་ཟག་ཁྱད་པར་དུ་འཕགས་པ་ཡིན་པས། སྐུ་ཚེའི་སྨད་ལ་རབ་ཏུ་བྱུང་བ་སྟེ་གསང་བ་སྔགས་ཀྱི་ཆོས་སྡེ་གོང་དཀར་རྡོ་རྗེ་གདན་དུ་གྲགས་པའི་ངོ་མཚར་ཅན་དེ་བཏབ། འདི་ཉིད་ཀྱིས་དཔོན་སྲས་ནས་བཟུང་སྟེ། སྡེ་པ་རྣམ་རྒྱལ་བ་སྐུ་མཆེད་ཀྱི་བར་དུ་མངའ་ཐང་ཡར་རྒྱས་སུ་གནས་སོ། །བྱ་པ་ཁྲི་དཔོན་ནི། ཡུལ་ཡར་ཀླུངས་ཀྱི་སྨད། མ་ཡུལ་ལྗོངས་ཀྱི་འདབས་སུ་བྱའི་རྒྱལ་པོ་གཤོག་བཟང་དང་འདབ་བཟང་གི་རིགས་ལས་མཆེད་པ་མང་དུ་བྱུང་བས་བྱ་བ་ཞེས་གྲགས་ལ། ཡར་ཀླུངས་མཐིལ་དུ་རྣམ་སྨིན་བསྐྱེད་པ་ཡིན། །གློ་བུར་རྒྱལ་པོ་བྱ་མིག་མས་ཀྱིས་འགེབས། །ཞེས་པའི་ལུང་བསྟན་དུ་གླེང་། ཡུལ་དེར་བྱ་ཆོས་ཀྱི་ཀ་བ་དང་། གཅུང་ཐོད་པ་གཡུའི་སྨིན་མ་ཅན་མཆེད་གཉིས་ལས། ཆུང་བའི་སྲས་མཁན་པོ་ཡོན་ཏན་མཆོག་དང་། བྱ་ཤཀ་གཉིས་འཁྲུངས་པས་གཅེན་གྱི་འབྲིང་སྡེ་ལ་རབ་ཏུ་བྱུང་། ཨེ་ནས་ཀློགས། བྱར་ནས་ཤར་མདའ། དྭགས་པོ་ནས་གྲོམ་མདའ། གཉལ་ནས་སྲིན་མོ་མིག་རྣམས་བཟུང་། བྱ་ཤ་ཀ་ལ་སྲས་རྡོ་རྗེ་ལེགས་པ་དང་རྡོ་རྗེ་དབང་ཕྱུག་གཉིས་བྱུང་བ་གཉལ་ཕྱོགས་སུ་བྱོན། རྒྱ་མཚོ་གྲོང་མཁར་བཏབ། གཅུང་གི་སྲས་བླ་མ་བྱ་ནག་ཆེན་པོ་རིན་ཅེན་འོད་འཁྲུངས། ཁ་ཆེ་པཎ་ཆེན་དང་མཇལ་ནས་སྤྱོད་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཞུས། (༡༠༢བ)


GLG019_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་རྒྱལ་བ་ཐོག་རྡུགས་པ། སྐྱེ་འོད་འབྱུང་། འཇད་རྟ་མིག་པ་སོགས་བླ་མ་མང་དུ་བསྟེན་ནས་ཐོས་བསམ་སྒོམ་པ་ལྷུར་མཛད། ཁྱད་པར་སྤུ་གྲི་སྐོར་གསུམ་སོགས་ཡི་དམ་ཆོས་སྐྱོང་ལ་རྩལ་དུ་ཐོན་པས་ཡང་རྩེའི་གཙུག་ལག་ཁང་ཀྱང་གཉན་པའི་གྲགས་ཆེ། འདི་ཉིད་ཀྱིས་གཙུག་ལག་ཁང་བརྩིགས་དུས་སྟག །སྤྲེའུ། ཤོ་མོང་གསུམ་བོང་ཚོད་ཤིན་ཏུ་ཆེ་བའི་ཆོ་འཕྲུལ་བྱུང་བས། སྟག་དང་ཤོ་མོང་གཉིས་བསད་པའི་སོབ་ཀྱང་རྩེའི་མགོན་ཁང་སྤྱན་གཟིགས་ཁྲོད་དུ་ཡོད་སྐད། སྤྲེའུ་དེ་གསོད་ཐུབ་ན་དབུས་གཙང་སྤྱི་དང་ཁྱད་པར་ལྷོ་རྒྱུད་ཀྱི་མི་བདེ་བའི་རྩ་བ་ཞི་བ་གཅིག་འོང་རྒྱུ་ཡིན་ཀྱང་། འགྲོ་བའི་ལས་ཀྱི་མཐུས་སྤྲེའུ་ཤོར་བས་ཕྱིས་སུ་སྐུ་རབ་པ་བྱུང་། བླ་མ་འདི་ལ་བྱར་སྨད་དུ་ཚལ་སྒོམ་ཆོས་ལ་དགའ། ལོ་རོང་རབ་དགའ་བ་ཆེན་པོ། དྭགས་པོར་བ་ཚོ་རས་པ། གཙང་དུ་འུ་ཡུག་པ་ཆེན་པོ་སྟེ་ཆོས་ཀྱི་བུ་བཞི། གཉལ་དུ་ཆོས་གྲྭ་གྲོང་མཁར། ཨེར་སེ་པོ། དྭགས་སུ་ནགས་མོ་ཤོད། བྱར་ན་རྒྱ་མཚོ་བླུག་གང་སྟེ་སྡེ་བཞི་བྱུང་ལ། རིགས་ཀྱི་སྲས་བྱ་ཇོ་སྲས། དེའི་སྲས་མངའ་བདག །དེ་ལ་སྲས་དགེ་སློང་བ། བྱ་རིན་ཆེན། ཆོས་རྒྱལ་དཔལ་བཟང་གསུམ་ལས། དང་པོའི་སྲས་རིན་ཅེན་དཔལ། དབང་ཕྱུག་རིན་ཅེན་བཟང་པོ། དྭགས་པོ་བ་བཞི་བྱུང་། དྭགས་གཉལ་ལོ་རོ་རྣམས་སུ་གཞིས་ཀ་མང་དུ་བརྩིགས། བྱ་རིན་ཅེན་གྱིས་ཨེ་གཉལ་བྱར་དྭགས་ལོ་རོ་རྣམས་ཀྱི་སྒོ་སྡུད་མཛད་ནས་ཧོར་དམག་བཟློག་པས་ཀུན་གྱིས་དཔོན་དུ་བཀུར། འདིའི་སྲས་ཀུན་དགའ་རིན་ཅེན་གྱིས་ས་སྐྱའི་དཔོན་ཆེན་ཀུན་དགའ་བཟང་པོ་ལ་གཏུགས། བྱ་ཆོས་རྒྱལ་དཔལ་བཟང་པས་འགྲོ་མགོན་འཕགས་པའི་དྲུང་དུ་བྱོན། ཤར་པ་ཀུན་བསོད་ལ་སློབ་དཔོན་བཅོལ་ནས་རྒྱུད་གསུམ་མན་ངག་དང་བཅས་པ་(༡༠༣ན)


GLG019_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་པ་མཛད། ཨ་མི་བྱ་ནག་གི་དུས་ལ་ཡང་རྩེར་མགོན་ཁང་སོགས་ཡོད་པའི་སྟེང་དུ། སླར་གཙུག་ལག་ཁང་དུ་གྲགས་པའི་མཁར་ལས་རྒྱ་བསྐྱེད། རྒྱ་ཧོར་གྱི་ནོར་སྣ་མང་པོ་བསྡུས་ནས་མཛོད་ནག་ཏུ་རྒྱས་བཏབ། རྒྱལ་བའི་བཀའ་འགྱུར་གསེར་ལས་གྲུབ་པ་བཞེངས། ཆོས་སྲིད་ཀྱིས་མཐོ་བའི་འགོ་ཚུགས། འདིའི་སྲས་ཀུན་དགའ་རྒྱལ་མཚན། མཁན་ཆེན་སྤྱིལ་བུ་བ། མངའ་བདག་ཆོས་སེང་འོད། བྱ་ཐུབ་པ་དཔལ་རྣམས་ལས། དང་པོས་དཔོན་ཆེན་འོད་ཟེར་སེང་གེ་ལ་འདམ་དུ་རྫོངས་ཞུ་བར་བྱོན། རྟེའུ་རའི་གྱ་གཉེར་ཀྱང་འདིའི་རིང་ལ་བྱུང་། མངའ་བདག་ཆོས་སེང་འོད་འབྲི་གུང་གི་སྐུ་ཚ་ཡིན་པར་བརྟེན། འབྲི་གུང་ནས་བྱར་དྭགས་ཀྱི་དཔོན་དུ་བསྐོས། དེའི་སྲས་མཁན་ཆེན་ཚུལ་ཁྲིམས་བཟང་པོས་ཟངས་མོ་ཆེའི་མཁན་པོ་མཛད། སླར་ཡང་རྩེར་ཁྲི་དཔོན་གྱི་གོ་སར་བྱོན། དེའི་སྲས་དཀོན་ཅོག་བཟང་པོ། དེའི་སྲས་བཀྲ་ཤིས་དཔལ་བཟང་གིས་རྩེས་ཐང་དུ་སློབ་གཉེར་མཛད། བཤད་སྟོན་བཟང་པོ་བཏང་། གོང་མ་སྡེ་སྲིད་གྲགས་པ་རྒྱལ་མཚན་གྱིས་བྱ་པའི་ཁྲི་དཔོན་ལ་བསྐོས། དེའི་སྲས་རྒྱལ་བ་བཀྲ་ཤིས། ཤཱཀྱ་དཔལ་མགོན། ཐུབ་པ་རྒྱལ་མཚན་རྣམས་ལས། དང་པོས་སྣེའུ་གདོང་རྩེར་བྱོན། གོང་མ་སྡེ་སྲིད་ཀྱི་དྲུང་འཁོར་མཛད། བྱ་པ་ཁྲི་དཔོན་གྱི་གོ་སར་བསྐོས། སྲས་བྱ་བཀྲ་ཤིས་དར་རྒྱས། པདྨ་རྟ་མཆོག་རྒྱལ་པོ། བྱ་ཚེ་དབང་རྒྱལ་པོ། སྐལ་བཟང་ཆོས་ཀྱི་རྒྱ་མཚོ། བྱ་ནོར་བུ་རྒྱ་མཚོ་རྣམས་འཁྲུངས། གཅུང་ཤཱཀྱ་དཔལ་མགོན་མཁན་ཆེན་ཡོན་ཏན་དབང་ཕྱུག་ལ་རབ་ཏུ་བྱུང་སྟེ་ཐོས་བསམ་སྒོམ་ལ་ལྷུར་བླངས་ནས། ཟངས་མོ་ཆེར་མཁན་ཐོག་ཏུ་བཞུགས། སྐལ་བཟང་ཆོས་ཀྱི་རྒྱ་མཚོ་ནི་མཛད་པ་འཁྲུལ་མེད་སོགས་བསྟན་བཅོས་མང་(༡༠༣བ)


GLG019_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཛད་ཅིང་གསུང་རབ་ལ་མཁས་པར་གྲགས། བྱ་བཀྲ་ཤིས་དར་རྒྱས་རྩེས་ཐང་ནས་དཔོན་ས་རྡོ་རྗེ་རིན་ཅེན་དབང་གི་རྒྱལ་པོས་ལྷོ་རྒྱུད་ལུང་གི་ཁྲི་དཔོན་དུ་བསྐོས་སླར་ཡང་སྣེའུ་གདོང་རྩེ་ནས་གོང་མ་ངག་གི་དབང་ཕྱུག་གིས་བསྐོ་ཇ་བཟང་པོ་གྱ་ནོམ་པ་གནང་། བྱ་པ་ཁྲི་དཔོན་གྱི་ཞལ་ངོ་གཅིག་ལ་འདི་ཉིད་གྲགས་ཆེ་ཞིང་། ཆོས་རྗེ་ཀརྨ་པ་རྗེ་དྲུང་ཆོས་གྲགས་རྒྱ་མཚོ་ལ་མཆོག་ཏུ་གུས། གསེར་གྱི་བཀའ་འགྱུར་གྱིས་ཐོག་དྲངས་སྐུ་གསུང་ཐུགས་ཀྱི་རྟེན་བཞེང་བ་སོགས་རྣམ་དཀར་གྱི་དགེ་ལས་མང་དུ་མཛད། འདི་ཉིད་ཀྱིས་རྡོ་རྗེ་གོས་དཀར་མ་ཇོ་མོར་བླངས་པའི་སྲས། བྱ་ནོར་བུ་བཀྲ་ཤིས་དང་། གྲགས་པ་རྒྱལ་མཚན་མཆེད་གཉིས་འཁྲུངས་ཤིང་། དེ་ཡང་རྡོ་རྗེ་གླིང་པའི་ལུང་བསྟན་དུ། གཉལ་ལུང་པ་རྒྱལ་པོ་གཅིག་གིས་འབངས་སུ་སྡུད། སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྐུ་ཞིག་རྒྱལ་པོར་འབྱོན་ཞེས་པའི་ལུང་བསྟན་དུ་འགའ་ཞིག་གླེང་བར་མཆེད་གཉིས་ཀྱི་ནང་ནས་འབྲུག་པ་སྤྲུལ་པའི་སྐུ་འཇམ་དབྱངས་ཆོས་གྲགས་པས་སྐུ་ཚེའི་སྟོད་ལ་ཡབ་ཡུམ་གྱི་བཀའ་ནན་བཞིན་རྒྱལ་སྲིད་བསྐྱངས་པའི་སྲས་བསྟན་འཛིན་ནོར་བུ་དང་མཚོ་སྐྱེས་རྡོ་རྗེ། དེའི་སྲས་གོང་མ་ཆེན་པོ་མི་ཕམ་ཚེའི་དབང་པོ་དང་། དམག་དཔོན་སྟག་རྡོ་རྗེ་དེ་གཉིས་ཀྱི་སྲས་ཀརྨ་ཚེ་དབང་གྲགས་པ་དང་། གངས་དཀར་རྣམ་རྒྱལ་བྱུང་ངོ་། །དགའ་ལྡན་པ་དམག་དཔོན་བསོད་ནམས་རྒྱལ་པོ་ནི། སྐྱིད་ཤོད་ཡར་ཕྱོགས་གླིང་ཞེས་པར། མི་ཆུང་དོན་རྒྱལ་དུ་གྲགས་པ་དེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་མགར་གྱི་རིགས་ལས། ཏྲེ་ཧོས་དགའ་བདེ་བཟང་པོ་ཞེས་པ་ཚལ་པ་ཁྲི་དཔོན་གྱི་གོ་སར་ཡོད་པར་དེ་ལ་གཏུགས། དུས་འགྱུར་གྱི་དབང་གིས་སྡེ་སྲིད་ཕག་མོ་གྲུ་པའི་རྫོང་དཔོན་གཞིས་ཀ་སྣེལ་པའི་ཕྱག་གཡོག་མཛད། ཉང་བྲན་དགའ་ལྡན་གྱི་མེ་དཔོན་དུ་བསྐོས་པས་དགའ་(༡༠༤ན)


GLG019_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་མིང་ཐོགས། དེ་ལ་སྲས་བསོད་ནམས་རྒྱལ་པོ། དབང་དར། རྣམ་སྲས་གསུམ་གྱི་ཆེ་བ་སྣེལ་པ་དཔལ་འབྱོར་རྒྱལ་པོའི་ཐུགས་ལ་བཏགས་པས། དབྱི་ནག་བསོད་རྒྱལ་དུ་གྲགས་ཤིང་། བྱང་ཕྱི་ཆོས་ལུང་དང་ཡང་དགོན་ནང་སོར་གཏོགས་པ་ཕུད་རྗེས། ཀླན་ཀ་གཉིས་ཀས་གཙོས། ལོ་སྤྲེལ་སྣ་གདོང་ཕྱིན་གྱི་འཇའ་ས་གནང་། འབྲིང་པོ་སྣམས་བོན་གྲོང་གི་བདག་པོ་མཛད། ཆུང་བ་འབྲོང་རི་སྔོན་རྫོང་དུ་ཡོད་ཐོག །རིན་སྤུངས་པའི་དཔུང་གིས་བསྐོར་བའི་རྒྱོགས་ནད་ལ་བརྟེན་རྫོང་གཏད་ནས། ཚལ་དུ་མཁར་ལས་མཛད་ནས་བཞུགས། དབྱི་ནག་བསོད་རྒྱལ་མ་མཆེད་ཀྱི་སྲས་ནང་སོ་ནམ་མཁའ་རྒྱལ་པོས་བར་སྐབས་ཆུ་ཤོལ་ལྷུན་པོ་རྩེ་བཟུང་། འོན་ཀྱང་སྣེལ་པ་ནང་ཟློས་དུས་རིན་སྤུངས་པའི་དཔུང་སྙེ་ཐང་དུ་འབྱོར་ཐོག་ཆུ་ཤོལ་གཏད། ནམ་མཁའ་རྒྱལ་པོའི་སྲས་ཚེ་བརྟན་རྒྱལ་པོ་དང་། བསོད་ནམས་གཉིས་ལས། ཆེ་བ་རབ་ཏུ་བྱུང་། ཆུང་བ་ལ་སྣེལ་པ་སྐུ་མཆེད་ཀྱི་དགོངས་པར་མི་བདེ་བ་མང་དུ་བྱུང་བར་བརྟེན། རིན་སྤུངས་དོན་ཡོད་རྡོ་རྗེས་དཔུང་སྐྱིད་ཤོད་དུ་བཅུག་སྐབས། རིན་སྤུངས་པར་ངོ་གཏད་པའི་དམག་གི་སྣེ་བསུ་མཛད་པས་སྣེའུ་དང་པོ་ཏ་ལ་སོགས་རིན་སྤུངས་པའི་ཕྱག་ཏུ་འབྱོར་པའི་ལག་རྟགས་སུ་རྙིང་ཁུང་གི་སྟེང་སྙེ་མདའ་ཆུ་སོ་ཁ་ཡན་གྱི་འཇའ་ས་གནང་། དེ་ནས་མི་རིང་བར་སྡེ་སྲིད་གོང་མ་ཆེན་པོའི་དཔུང་གཞུང་པོ་རར་ཕེབས་སྐབས། ཡར་རྒྱབ་རིན་ཅེན་བཀྲ་ཤིས་ཀྱིས་འཚམས་སྦྱར་ནས། དགའ་ཤག་གཉིས་ཀྱིས་གོང་མའི་ཞབས་ཕྱིར་འབྲངས། ཤག་པ་ལ་སྐྱོར་མོ་ཀླུང་དང་སྐྱིད་ཤོད་གཡས་རུའི་རུ་དཔོན། དགའ་ལྡན་པར་བདེ་ཆེན་དུ་གཏོགས་པའི་ཆུ་ལྷོ་བྱང་རྣམས་དང་། ཡར་རྒྱབ་པར་སྣེའུ་རྫོང་དཔོན་གྱི་ལས་ཀ་གནང་། གོང་མའི་(༡༠༤བ)


GLG019_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཏོག་ཏུ་འགྱུར་བས་བོད་ཡུལ་གྱི་རྡོ་རྗེ་གདན་འཕྲུལ་སྣང་གིས་གཙོས་སྐྱིད་ཤོད་ལུང་པའི་ཁྲིམས་བདག་ཏུ་ལུང་བུད། གཏན་ཁྲ་ཤེལ་ཐམ་གྱིས་ཆོད། འདི་ཉིད་ཀྱི་སྲས་ར་ནུ་ལྷ་བསྲུང་གིས་གོང་མ་ཆེན་པོ་ཆུ་ཤོལ་དུ་བཞུགས་སྐབས། རིན་སྤུངས་པའི་དམག་གིས་ཁང་བཅར་བར་ར་ནུ་ལྷ་བསྲུང་གིས་གཙོས་པས་ཁ་སྤུབ་ཆེ་བར་བཏང་བས། གོང་ས་ནས་དམག་དཔོན་བསོད་ནམས་རྒྱལ་པོའི་མིང་ནང་། བྱི་རི་སྟག་རྩེའི་མི་བརྒྱུད་རྫོགས་རྗེས་དགའ་ལྡན་པ་དང་ཁྱོན་སྒྲིལ་བར་སྲས་ལྕམ་སྲིང་དྲུག་འཁྲུངས་པས་གཉིས་ཆུང་ངུ་ལ་གྲོངས། ལྕམ་ཚེ་དབང་རྒྱལ་མོ་འཕྱོང་རྒྱས་ཧོར་བསོད་པའི་ཇོ་མོ་དང་། ལྕམ་དུ་དཀར་སྡེ་སྲིད་ཀྱི་བདག་པོར་བཞེས། དེ་འོག་ནང་སོ་དོན་གྲུབ་རྒྱལ་པོས་གངས་ནས་རྫོང་དཔོན་གྱི་ལས་ཀ་ཞུས། མི་རིང་བར་སྡེ་སྲིད་ཞལ་ངོ་ནང་དུ་སེལ་ཞུགས་སྐབས་དགའ་ལྡན་པའི་དཔུང་གིས་སྐྱོར་མོ་ཀླུང་རྫོང་དམར་འབེབས་སུ་བཏང་། སྟོད་ལུང་དང་འཕན་ཡུལ་གྱི་རྫོང་མངའ་ཞབས་ཕལ་ཆེར་བླངས། གངས་ནས་ཆུ་ཤོལ་མཁན་ཆེན་པར་བཀའ་བཀྱོན་གནང་བའི་དཔུང་གི་རྐངས་མཛད་ནས་ཆུ་ཤོལ་འབེབས་པ་དང་། གོང་དཀར་ནས་ཞབས་དྲུང་ངག་དབང་གྲགས་པ་རྩེའི་ཁྲིར་ཕེབས་པའི་ཞབས་འདེགས་མཛད། གཅུང་སྡེ་པ་བཀྲ་ཤིས་རབ་བརྟན་པས། གོང་མར་ལར་རྒྱབ་ནས་ཞབས་འདྲེན་ཞུས་སྐབས་སྐྱིད་ཤོད་ཀྱི་དཔུང་རྣམས་ལྷོ་ཁར་བཏོན་པ་སོགས་སྡེ་སྲིད་ཀྱི་ཞབས་ཏོག་ཏུ་འགྱུར་བར་བརྟེན། གཞིས་ཀ་བྲག་དཀར་གྱི་རྫོང་དཔོན་གནང་། སྐྱིད་སྨད་རྣམ་རྒྱལ་སྒང་གི་སྒྲུབ་མཆོད་གླིང་མཁར་དུ། སྣེ་གདོང་ཡར་རྒྱབ་སོགས་ལྷོ་རྒྱུད་ཀྱི་དཔུང་རྣམས་འབྱོར་པའི་སྟེང་དུ། སྡེ་པ་བཀྲ་ཤིས་པ་ཉིད་ཀྱིས་འགོ་མཛད་ནས་(༡༠༥ན)


GLG019_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

མཆོངས་པ་དང་། སྟོད་ལུང་མཚོ་སྣ་གདོང་དུ་ཡར་གོང་ཆུ་སྙུག་གཉལ་བྱར་ལོར་གསུམ། ལྷོ་བྲག་དྭགས་ཀོང་དུ་རྒྱལ་བཟང་གི་དཔུང་ཞིབ་སྒྲིལ་བྱུང་བ་བཟློག་ཐུབ་པ་སོགས་དགྲ་ཐོབ་ཏུ་མངོན་པར་ལྕི་བའི་དཔའ་གྲགས་ཀྱིས་སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་ལ་སྐྱེངས་པ་སྟེར་ནུས། དགའ་ལྡན་དངུལ་གདུང་རིན་པོ་ཆེར་སྒོ་རྒྱན། འཕྲུལ་སྣང་གཙུག་ལག་གི་གསེར་ཐོག་བཟོ་བ། རིན་ཅེན་སྒང་དུ་རིག་པའི་དབང་ཕྱུག་ཆོས་ཀྱི་གྲགས་པའི་རིང་ལུགས་ཀྱི་བཤད་གྲྭ་འཛུགས་པ་སོགས་རྣམ་དཀར་གྱི་མཛད་པའི་ཟླ་སྣང་གིས་ལེགས་བྱས་པུཎྜ་རི་ཀའི་ཚལ་ཆེས་ཆེར་རྒྱས་པར་མཛད་ཅིང་། རིགས་རུས་ཡོན་ཏན་དུ་མས་མངོན་པར་མཐོ་བའི་ལྷའི་བཙུན་པ་བསོད་ནམས་དཔལ་བཟང་དང་། མཁས་པའི་དབང་པོ་ཤར་པ་ཆོས་རྗེ་ནམ་མཁའ་རྒྱལ་མཚན་སོགས་ཏི་ཤྲིར་བསྟེན་ནས་བཀུར་སྟི་བླ་ལྷག་ཏུ་མཛད། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་ལ་རྣམ་དཔྱོད་ཀྱི་རྩལ་རྨད་དུ་བྱུང་བའི་ཡོན་ཏན་དུནྦྷུའི་བྷིའི་སྒྲ་དབྱངས་སྐབས་གསུམ་བདག་པོའི་གནས་སུ་བསྒྲགས་སོ། །འདི་ཉིད་ཀྱི་སྲས་སྡེ་པ་གཡུལ་རྒྱལ་ནོར་བུ་ལུགས་གཉིས་མངོན་པར་མཐོ་ཞིང་སྲས་བསོད་ནམས་རྣམ་རྒྱལ། ཡིད་བཞིན་ནོར་བུ་ཆོས་རྗེ་གསུམ་ལས། གཅེན་གཉིས་ཀྱིས། རྩེ་ནས་གོང་མའི་ལྕམ་ཇོ་མོར་བསུས་པའི་སྲས་མགོན་པོ་རབ་བརྟན། རྡོ་རྗེ་རྣམ་རྒྱལ་ཆོས་རྗེ་མཚོ་སྐྱེས་རྡོ་རྗེ་རྣམས་བྱུང་ངོ་། །སྨྲས་པ། སྡེ་བཞིའི་དཔལ་འབྱོར་ཡོངས་འདུ་རླངས་ཀྱི་ལྗོན། །གནམ་བསྐོས་རྒྱལ་སྲིད་ཡལ་འདབ་སྟུག་པོ་ལས། །བསོད་ནམས་དཔུང་གིས་སྤྱོད་པའི་previous hit མི་བདག་འབྲས། །མངའ་འབངས next hit་དགའ་བའི་འདོད་རྒུ་ཆར་དུ་ཕབ། །(༡༠༥བ)


GLG019_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་རུས་བཟང་པོའི་ནོར་འཛིན་དབུས། །སྟོབས་འབྱོར་གསེར་གྱི་འཛིན་མས་བསྐོར། །ཡ་རབས་རྣམ་ཐར་ལྷུན་པོའི་རྩེར། །རྒྱལ་ཕྲན་ཉེ་དབང་ཚོགས་ཀྱི་འདུས། །ཆོས་སྲིད་བླང་དོར་གནས་ཀུན་ལ། །མ་འདྲེས་གཟིགས་པའི་སྤྱན་སྟོང་ལྡན། །སྡེ་སྲིད་མཆོད་སྦྱིན་བརྒྱ་པ་གང་། །སྲིད་འདིར་མཐོ་བའི་ཁྲི་ལ་འགྱིང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་གོང་མ་ཏའི་སི་ཏུ་ནས་བཟུང་སྟེ། བོད་གཉན་ཞན་གྱི་གོ་རིམ་སིལ་བུར་མ་གྱུར་གྱི་བར། སྲིད་ཀྱིས་མངོན་པར་མཐོ་བ་ཕལ་ཆེར་ནི་སྡེ་སྲིད་གོང་མའི་ཐུགས་ལ་བཏགས་ཤིང་། ལུང་དང་ལས་ཀ་གནང་བ་ཤས་ཆེ་ནའང་། ས་སྐྱོང་ལྷ་རྒྱ་རི་བ་ནི། གོང་ནས་ལུང་དང་འཇའ་ས་ཆེད་དུ་མ་བླངས་པར། ཉི་འོག་གི་རྒྱལ་པོར་གྱུར་པ་ཞིག་སྟེ། དེ་ཡང་བོད་ཆོས་རྒྱལ་གྱི་གདུང་བརྒྱུད་དྲི་མ་མེད་པ་གནམ་ལྡེ་འོད་སྲུངས་ཀྱི་སྲས་མངའ་བདག་དཔལ་འཁོར་བཙན་གྱི་བརྒྱུད་ཚ་བ་ཁྲི་བཀྲ་ཤིས་བརྩེགས་པའི་སྲས་གསུམ་གྱི་འོད་ལྡེ་ལས་རིམ་པར་བྱུང་བ། འོད་སྐྱིད་འབར་གྱི་སྲས་གཙང་ཚ་སྤུན་དྲུག་ལས་བརྒྱུད་དེ། གདན་ས་ཐེལ་གྱི་མདར་བཙད་པོ་ཚ་བ་རོང་པ་ཞེས་མི་དཔོན་ཞིག་དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་དུས་བྱུང་ཞིང་། དེ་ནས་རིམ་པར་བརྒྱུད་ནང་སོ་མདའ་སྨད་པས། ཨེ་སྟོད་ཆུ་ཚན་ཁ་ཞབས་སུ་རི་ལ་རྩ་རྒྱ་བོ་སྐྱེས་པ་ཞིག་ན་གཞིས་ཀ་བརྩིགས་པས་རྒྱ་རི་ཞེས་མིང་དུ་ཆགས། དེ་ནས་ལྷ་ཆོས་ཀྱི་བཤེས་གཉེན་སོགས་ཞལ་ངོ་རིམ་པར་བྱུང་བ་ལས། ལྷ་དགྲ་ལས་རྣམ་རྒྱལ་གྱིས་རྒྱ་རི་རྫོང་དུ་བཞུགས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དང་མཆོད་ཡོན་དུ་འབྲེལ། རྒྱ་རི་ལྕོག་མཁར་དུ་ལོ་གསར་གཏོར་ཆེན་གྱིས་ཕྱག་སྲོལ་བཙུགས། ལྷ་དགྲ་ལས་པས་སེ་ཆེན་རི་སྒོ་ཕྱོགས་སུ་ཕེབས་པས། ཡུལ་དུ་བཀྲ་(༡༠༦ན)


GLG019_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པའི་དགེ་མཚན་མང་དུ་བྱུང་བས། ཡུལ་མི་རྣམས་ཀྱིས་ནས་ཕུད་ཁལ་རེ་ཕུལ། བླའི་དཔོན་དུ་གྱུར་ཏེ། རི་སྒོ་བཀྲ་ཤིས་ཆོས་རྫོང་དུ་ཕོ་བྲང་གི་ལྟེ་བ་མཛད། དེ་ནས་ལྷ་འཇིག་རྟེན་དབང་ཕྱུག་ཁྲི་ཐོག་ཏུ་ཕེབས་རྗེས། ལྷ་བྱམས་པ་རབ་བརྟན་དང་ལྷ་ཡུལ་འཁོར་དབང་ཕྱུག་སྐུ་མཆེད་གཉིས་བྱུང་། འདིའི་དུས་སུ་སྤྲུལ་སྐུ་བདེ་ཆེན་གླིང་པས། ཨེ་ཡི་ནང་དུ་ཁྲག་མཚོ་ལན་གསུམ་ཁོལ། །རྒྱལ་པོ་བྱམས་པའི་མིང་ཅན་བྱ་བ་འབྱུང་། །རྒྱལ་པོ་དེ་ཡིན་བསྟན་པ་རྒྱས་པ་ལ། །ཞེས་སོགས་ཀྱི་དོན་དང་མཐུན་པར་མངའ་ཐང་གོང་དུ་འཕེལ། ཁྱད་པར་ལྷ་ཡུལ་འཁོར་བས་ལང་ཀའི་གྲོང་ཁྱེར་ས་ལ་འཕོས་པ་ལྟ་བུའི་བཙན་རྫོང་འོལ་ཁ་སྟག་རྩེ་མངའ་འབངས་དང་བཅས་པ་རང་དབང་དུ་མཛད། དེ་ནས་ལྷ་བསོད་ནམས་རབ་བརྟན་སྐུ་མཆེད་གསུམ་ལས། བསོད་ནམས་རབ་བརྟན་ཁྲི་ཐོག་ཏུ་ཕེབས། ཆད་དཀར་རྫོང་གི་ཉེ་འདབས་སུ་དགེ་འདུན་གྱི་སྡེ་འཛུགས་པ་སོགས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས། དེ་རྗེས། ལྷ་དགའ་ལྡན་དཔལ་འབར་གྱིས་ཁྲིར་ཕེབས་ནས་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་བསྟན་པ་ལ་སྲི་ཞུ་བླ་ལྷག་ཏུ་མཛད། རོག་པ་རྩར་མི་བསྲུན་པའི་སྐྱེ་བོ་རང་ཉམས་ཀྱི་བློའི་སྤྱོད་ཡུལ་ཅན་རྣམས་མིང་གི་ལྷག་མར་བཅོམ་པས་མགོ་ལག་ཁྲག་གི་རལ་པས་སྦགས་པ་བླངས་པ་སོགས་འཇིགས་པ་མེད་པའི་སྙིང་སྟོབས་ཀྱིས་རྣམ་པར་རྒྱལ་བའི་དབུ་རྨོག་བཙན་པོ་གྱོན། དེ་རྗེས་ཁྲི་ཐོག་ཏུ་བློ་བཟང་མཐུ་སྟོབས་ཆོས་རྒྱལ་བྱོན་ནས་སྙིང་རྗེ་ཆེན་པོའི་གཞན་དབང་གིས་སྡེ་འཁྲུག་སྙོལ་བ་གཙོ་བོར་མཛད། འོན་ཀྱང་ལས་ངན་གྱི་རྦ་ཀློང་དྲག་པོས་བདས་པའི་སྐྱེ་བོ་འཕར་འགྲོའི་རིགས་ཅན་ན་ཀྲའི་མགྲིན་པར་འཇུག་འདོད་ཀྱིས་ཚུར་རྒོལ་གྱི་སྡེ་གཟར་འགའ་ཞིག་བྱུང་(༡༠༦བ)


GLG019_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་བཀའ་ཁྲིམས་སྒྱུར་བའི་བྱེད་པོ་བསོད་ནམས་རབ་བརྟན་སོགས་ཀྱིས་ཞི་དྲག་གི་སྦྱོར་བ་དུ་མས་བཟློག་པར་བྱས། ཁྲི་ཆེན་འདི་ཉིད་ནི་རྣམ་དཀར་དགེ་བའི་ལས་ལ་མཆོག་ཏུ་བརྩོན་ཞིང་། ཁྱད་པར་གསང་སྔགས་ཟབ་མོའི་རྣལ་འབྱོར་ལྷུར་མཛད་དེ། དེ་རྗེས་ལྷ་ངག་གི་དབང་ཕྱུག་དགའ་ལྡན་རབ་ཏུ་བརྟན་པ་མི་འགྱུར་རྣམ་པར་རྒྱལ་བ་ཁྲི་ཐོག་ཏུ་བྱོན་ཏེ། ཕུན་སུམ་ཚོགས་པའི་མངའ་ཐང་འགོག་པ་མེད་པའི་སྣང་བ་རབ་ཏུ་རྒྱས་སོ། །སྨྲས་པ། མཆོད་སྦྱིན་བརྒྱ་ཡིས་འཆི་མེད་དབང་པོའི་སར། །སྐབས་གསུམ་རིགས་ཀྱི་བདག་པོར་དབང་སྒྱུར་ན། །ནོར་འཛིན་ཚེས་བཞིན་སྐྱོང་བའི་ལེགས་བྱས་ཀྱིས། །སྟོང་གསུམ་ཀུན་ཀྱང་རང་གིར་བྱས་ཀྱིས་དོགས། །ཨེ་མ་ཁྱོད་ཀྱིས་སྡེ་བཞིའི་ནོར། །བསོད་ནམས་གསེར་གྱི་འཁོར་ལོ་ཡིས། །དྲངས་པའི་མཛད་མེད་གན་མཛོད་འདི། །རེ་བ་སྐོང་བའི་དཔག་བསམ་དབང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཡང་གནམ་བསྐོས་ཀྱི་རྒྱལ་པོ་འཇམ་དབྱངས་གོང་མ་སེ་ཆེན་གན་གྱི་ལུང་གིས། ཁ་བའི་རྡུལ་མང་ཡོངས་སུ་བརྩེགས་པའི་བོད་དང་བོད་ཆེན་པོའི་རྒྱལ་ཁམས་མཐའ་དག་དཔལ་ལྡན་ས་སྐྱ་པ་ལ་ཕུལ་ཏེ། གནམ་ལ་ཉི་ཟླ་ཟུང་གཅིག་ས་ལ་མཆོད་ཡོན་རྣམ་གཉིས་ཞེས་གྲགས་ཤིང་། དེ་ནས་ཟླ་བའི་འཕྲེང་བ་བཅུ་ཕྲག་བདུན་གྱི་ཕྱོགས་སུ་ཉེ་བ་ན། གང་གིས་ཀྱང་གཞོམ་གཞིག་ནུས་པའི་གོ་སྐབས་ཕྲ་མོ་ཙམ་ཡང་རིང་དུ་སྤངས་པའི་བསོད་ནམས་ཀྱི་དཔུང་པ་ཅན། སའི་ཚངས་པ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་གཞན་དྲིང་མི་འཇོག་པའི་དཔའ་མཛངས་རྟུལ་ཕོད་པའི་རྣམ་དཔྱོད་ཀྱིས་བོད་ཡངས་པའི་ས་ཀུན་ལ་དབང་སྒྱུར་བ་ནས་བཟུང་། དུས་ཡུན་རིང་པོའི་བར་དུ་དཔལ་ཕག་མོ་གྲུ་པའི་སྡེ་སྲིད་ཀྱི་བཀའ་ཁྲིམས་གདུགས་དཀར་པོ་(༡༠༧ན)


GLG019_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་འོག་ཏུ་ཁྱབ་ཚུལ་སྔོན་དུ་བརྗོད་མ་ཐག་པ་དེ་ལྟ་ནའང་། ཞབས་དྲུང་གོང་མ་ཆེན་པོ་ཞིང་ཁམས་གཞན་དུ་འཕོ་བའི་ཚུལ་བསྟན་པའི་མཇུག་ཏུ། ཕག་གྲུའི་མཚན་དོན་མི་རྒྱུག་པ་དང་། གློ་བུར་གྱི་རྒྱལ་བ་ཞིག་འབྱུང་བ་སོགས་དུས་འགྲིག་པས། འཕྲེང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་ལུང་བསྟན་དུ། སྒྲ་སྙན་འདྲ་བའི་གནས་སྒོ་རུ། འཇིག་རྟེན་དབང་ཕྱུག་སྤྲུལ་པ་ཉིདཿ ཨར་ཐའི་མིང་འཛིན་བྱུང་གྱུར་ན༔ ལྷོ་བྱང་གློ་བུར་རྒྱལ་པོ་བྱེད༔ སྒྲུབ་པ་སྙིང་པོའི་བསྟན་པ་འཛུགས༔ མི་ལོ་ལྔ་བཅུར་བདེ་ལ་འགོད༔ སྐྱེ་བའི་རྟེན་འབྲེལ་མ་འགྲིག་ན༔ ཡུལ་དེ་རང་འཕོ་གུད་པ་དང་༔ མཐའ་མ་རླུང་གིས་འཁྱེར་དུ་ཉེ༔ ཞེས་སྡེ་པ་འཕྲེང་མགོ་བའི་མི་ངོ་ཞིག་གིས་གློ་བུར་གྱི་རྒྱལ་པོ་བྱེད་པའི་ལུང་བསྟན་དང་། གནང་རྩེ་ནས་ཀྱི་གསང་བའི་ལུང་བསྟན་དུ། གཙང་ཕྱོགས་རྒྱལ་པོ་པདྨའི་མིང་ཅན་འབྱུང་༔ སྐུ་ཚེ་མཐར་ཕྱིན་བདུད་དབང་མ་གྱུར་ན༔ ཞེས་པ་ལྷད་བཅུག་པ་མིན་ན་རིན་སྤུངས་པའི་སྲས་པདྨ་དཀར་པོས་བོད་སྤྱིའི་རྒྱལ་པོ་བྱེད་པར་བཤད་པ་སོགས་ནི་རྟེན་འབྲེལ་འཕྱུགས་པས་ཐོག་ཏུ་མ་ཕེབས། པདྨའི་རྒྱལ་ཚབ་མངའ་རིས་པཎ་ཆེན་དང་རིགས་འཛིན་ལེགས་ལྡན་པའི། བླ་མ་བཀའ་བརྒྱད་ཡོངས་འདུས་ཀྱི་ལུང་བསྟན་དུ། འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་སུ༔ བདུད་མོ་རྣོ་མྱུར་ནག་མོ་ལ༔ བུ་དགུ་སྐྱེས་ནས་འཛམ་གླིང་འཇོམས༔ ཁྱད་པར་བོད་ཡུལ་གངས་ཅན་འདིར༔ མ་འོངས་བཞི་བཅུར་ཉེ་དུས་སུ༔ བདུད་སྤྲུལ་དགུ་དང་དེ་བློན་དགུ༔ བཙུན་མོ་ཕྱི་ནང་ལས་བྱེད་དགུ༔ བང་འཕྲིན་དབུ་གཙོ་དམག་དཔོན་དགུ །དགུ་དགུ་བརྒྱད་ཅུ་རྩ་གཅིག་གིས༔ འགྲོ་ཀུན་ཁ་ལོ་ཐུར་དུ་(༡༠༧བ)


GLG019_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིད༔ ཅེས་པའི་དུས་རྟགས་ཐོག་ཏུ་ཁེལ་ཏེ། རིན་སྤུངས་པའི་བློན་པོ་ཞིང་གིས་བསམ་འགྲུབ་རྩེའི་རྫོང་དཔོན་གྱི་ཐོག །སྣར་ཐང་བ། ནོར་བྱུང་བ། བརྒྱ་ཚོ་བ་སོགས་ལྷོ་བྱང་གི་དཔོན་རིགས་མང་པོ་དང་འབྲེལ་བཏགས་བྱས་པའི། སྡེ་པ་རོང་པར་འབངས་གྱེན་ལོག་གིས། སྡེ་གཟར་ལན་སྔ་ཕྱི་ཁ་ཡར་དུ་བྱུང་བའི་མཐར་ཇེ་འཕེལ་དུ་སོང་སྟེ། གཙང་སྟོད་རྒྱལ་པོ་ལུང་གིས་དབུས་གཙང་མཐའ་དག་རིམ་གྱིས་ཆབ་འོག་ཏུ་བཅུག་པའི་མངའ་ཐང་གི་དཔལ་ཕུན་སུམ་ཚོགས་པ་དག །ཇི་ལྟར་ཉི་མའི་དཀྱིལ་འཁོར་སེང་གེ་མོའི་བུའི་མགྲིན་པར་ཆུད་པ་ལྟར། མངའ་འབངས་མཐའ་དག་ཅིག་ཅར་དུ་རང་གིར་འཛིན་པའི་བྱེད་པོ་ནི། རྩོད་དུས་ཀྱི་འཁོར་ལོས་སྒྱུར་བ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་སྟེ། འདི་ཉིད་ནི། གཏེར་སྟོན་དྲི་མེད་ལྷུན་པོའི་ལུང་བསྟན་ལས། སྤྱིར་ཡང་མཐའ་དམག་ལན་བདུན་མཐའ་མ་ལ༔ བཛྲ་པཱ་ཎིའི་སྤྲུལ་པའི་རྒྱལ་པོ་ཞིག༔ བོད་ཁམས་དར་ཅིག་བདེ་ལ་སྦྱོར་བ་འབྱུང་༔ ཞེས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་མིའི་སྲིད་པའི་ཟློས་གར་ཅན་ཡིན་པར་ལུང་གིས་ཟིན་པས། བྱང་སེམས་འཕགས་པ་སྙིང་རྗེ་དང་། སྨོན་ལམ་གྱི་དབང་གིས་འགྲོ་བའི་དོན་དུ་བསམས་བཞིན་ཆོས་ལྡན་རྒྱལ་པོར་སྐྱེ་བ་བཟུང་ནས་ཕན་བདེའི་འོད་བརྒྱ་ཕྱོགས་བཅུར་བཀྱེད་པ་སྟེ། གང་ཞིག་ཐ་མལ་གྱི་སྐྱེ་བོ་རང་ཉམས་ཀྱིས་སྤྱོད་པའི་སྣང་ཚུལ་མུན་པ་མཐའ་དག་རྒྱང་དུ་བསྲིངས་པ་ནི་གོར་མ་ཆག་ལ། དེ་ཡང་བྱང་ཕྱོགས་ཧོར་སོག་གི་རྒྱལ་ཁམས་ན་སྡེ་ཆེན་པོ་གྲངས་མེད་པ་ཡོད་པའི་ཡ་གྱལ། ཨོ་རོད་ཚོ་པ་བཞིར་གྲགས་པའི་ནང་ཚན། ཧོ་ཤོད་ཀྱི་དཔོན་པོ་ཧ་ནའི་ལ་ཇོ་མོ་ཨ་ཧའི་ཧ་ཐུན་བླངས་པར་སྲས་ལྔ་བྱུང་བའི་གསུམ་པ་རྒྱལ་པོ་འདི་ཉིད་ཆུ་ཕོ་རྟའི་ལོ་ལ་(༡༠༨ན)


GLG019_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས། མཚན་ཐོ་རོལ་བའི་ཧུར་བཏགས་སོ། །དགུང་ལོ་བཅུ་གསུམ་ལོན་པའི་ཚེ། མགོ་དཀར་གྱི་དམག་ཁྲི་ཕྲག་ཙམ་གྱི་སྟེང་དུ། དམག་རྣམས་ཀྱིས་སྣ་དྲངས་ཏེ་མཆོངས་པས་ཕ་རོལ་གྱི་དཔུང་ཚོགས་མཐའ་དག་འཇིག་རྟེན་ཕྱི་མའི་ལྟད་མོ་དུས་གཅིག་ཏུ་མྱོང་བར་བྱས་པའི་གྲགས་པས། སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་མིའི་ཡུལ་དུ་རྒྱུ་བའི་འགྲན་ཟླ་གཉིས་པ་བྱས་སོ། །དེ་སྐབས་ཡུལ་ཕྱོགས་དེ་དག་མཐའ་འཁོབ་ལས་ཀྱང་ཆེས་མཐའ་འཁོབ་ཏུ་གྱུར་པ་ཀླ་ཀློའི་རྒྱལ་ཁམས་ལྟ་བུར་གནས་པ་ལས། སོག་པོའི་ཡུལ་གྲུ་གཞན་དག་ཏུ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དང་། གསེར་གྱི་རྒྱལ་པོ་མཆོད་ཡོན་ཟུང་གཅིག་ལ་བརྟེན་ནས་དམ་པའི་ཆོས་དར་ཞེས་པའི་ཆོས་ཀྱི་མིང་ཙམ་ཐོས་འཛིན་གྱི་རྒྱན་དུ་གྱུར་པས་ཡིད་དགའ་སྤྲོ་དང་བཅས་ཏེ་ཕྱོགས་དེར་ཕྱག་བཙལ་བས་དཔྲལ་བ་སྐྲངས་པ་ཙམ་དུ་གྱུར་ཅིང་། བསྟན་པའི་དབུ་བརྙེས་པ་ནི། ལྷ་ཐོ་ཐོ་རི་གཉན་ཤལ་ལ་གཉན་པོ་གསང་བ་འབྱུང་བ་བཞིན་ནོ། །མེ་རྟ་དགུང་ལོ་ཉེར་ལྔར་སླེབས་པའི་ཚེ། ཡུམ་གྲོངས་པའི་རྐྱེན་གྱིས་མཁོ་དགུའི་འབྱོར་པ་མཐའ་དག་མཆོག་དམན་གྱི་སྐྱེ་བོ་རྣམས་ལ་སྦྱིན་པར་བཏང་ཞིང་། དེ་ཡང་ཚེ་འདིའི་སྙན་གྲགས་དང་། རྣམ་སྨིན་ལན་ལ་རེ་བ་ཙམ་མ་ཡིན་པར། སློབ་དཔོན་ཟླ་གྲགས་ཀྱིས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་གཏོང་། །ཞེས་གསུངས་པ་ལྟར། འཁོར་གསུམ། བདེན་སྟོང་གི་རྩིས་ཟིན་པའི་འཕགས་ཆེན་དམ་པའི་རྣམ་ཐར་རོ། །བྱང་འཕགས་རྣམས་ནི་གཞན་དོན་དུ་འགྱུར་ཚེ་དམྱལ་བའི་མེ་འོབས་ཀྱང་མཐོ་རིས་ཀྱི་དགའ་བའི་ཚལ་བཞིན་དུ་འཇུག་པར་མཛད་པ་ནི་ཆོས་ཉིད་དེ། དེ་སྐབས་ཁར་ཁ་དང་ཨོ་རོད་ཕན་ཚུན་དུ་གཡུལ་(༡༠༨བ)


GLG019_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་པོ་ཆེ་བཤམས་པའི་འཁྲུག་ལོང་གིས། སྲོག་གཅོད་པའི་སྡིག་པའི་ལས་རྔམ་པོ་ཆེས། ངན་སོང་མུ་མཐའ་མེད་པའི་ནགས་ཀླུང་སྟུག་པོར་བསྒྱུར་བའི་སྦྱོར་བ་ལ་བརྩོན་པ་དག་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཏེ། ཁར་ཁ་ཨོ་རོད་ཕན་ཚུན་དུ་འགྲུལ་ཙམ་ཡང་བྱེད་མི་ནུས་པའི་སྐབས། བདག་གཞན་བརྗེ་བའི་སྙིང་སྟོབས་ཀྱིས་གོ་ཆ་བཙན་པོ་གྱོན་ཏེ། ཁར་ཁའི་ཁྲོད་དུ་ཚམ་ཚོམ་མེད་པར་བྱོན་ནས། གཞུང་དཀའ་ཚེགས་ཆུང་ངུས་བཟླུམས་པར་མཛད་པ་དག་ལེགས་པའི་ཕ་རོལ་དུ་ཕྱིན་པ་ལྟ་བུའི་རྣམ་ཐར་རོ། །སྟོང་འཁོར་ཆོས་རྗེ་དང་ཁར་ཁའི་རྒྱལ་བློན་རྣམས་ཡི་རངས་ཏེ། དའི་གུ་ཤྲི་ཞེས་ཆོ་ལོ་བྱིན། སླར་རང་ཡུལ་དུ་བྱོན། རྗེ་བསོད་ནམས་རྒྱ་མཚོ་ལ་ཨོ་རོད་ཅིག་གིས་མདོ་སྡེ་གསེར་འོད་དམ་པ་ལ་ཕྱག་ནས་ཞུས་པའི་ཚེ། གསུང་རབ་གྱི་མིང་དྲི་བ་གནང་བར། ཨལ་ཏན་གེ་རིལ་ཟེར་ཞུས་པས། ད་ནས་མི་ལོ་ཉི་ཤུ་ན་ཁྱོད་ཀྱི་ཡུལ་དུ་ཆོས་འདི་དར་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར། གསེར་འོད་དམ་པ་སོགས་ཆོས་མང་དུ་སྒྱུར་བའི་སྦྱིན་བདག་མཛད་པ་སོགས་བསྟན་པའི་སྲོལ་བཏོད་པ་ནི། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་གཉིས་པ་ས་འདིར་འོངས་སོ་ཞེས་ལྷ་རྣམས་གླེང་ངོ་། །སྔར་སོག་པོ་ཚོ་ཆེན་དྲུག་ལ་གཞུང་དང་ཆིངས་ཡོད་པ་རྣམས། ཆ་དཀར་རྒྱལ་པོས་བཤིག་པའི་དུས་འཁྲུག་ལ་བརྟེན། བྲོས་པོ་འགའ་ཞིག་ཁར་ཁའི་ཁྲོད་དུ་འོངས་པར། དཔོན་པོ་ནང་ཕན་ཚུན་རྩོད་པའི་རྐྱེན་གྱིས། ཁར་ཁ་ཆོག་ཐུ་རང་ཡུལ་ནས་སྤྱུགས་ཏེ་མཚོ་ཁར་འོངས་པ། སྡིག་ཅན་གྱི་ཡུལ་དུ་རིན་པོ་ཆེའི་ཆར་བབ་པའི་གཏམ་རྒྱུད་ལྟར། རེ་ཞིག་མངའ་ཐང་ཆེ་བར་བྱུང་བས། ནག་པོའི་གདོན་གྱིས་ཡིད་རྣམ་པར་བརླམས་པས། བསྟན་པ་སྤྱི་དང་ཁྱད་པར་རྒྱལ་བ་ཙོང་ཁ་པའི་བསྟན་(༡༠༩ན)


GLG019_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ལོག་པར་འཁུ་བའི་བསམ་སྦྱོར་ངན་པ་ཉམས་སུ་བསྟར་པ་ལ་བསྟེན། རྒྱལ་པོ་འདི་ཉིད་ཀྱིས་བསྟན་པ་འབའ་ཞིག་ཐུགས་སུ་བཅུག་པའི། རང་ཡུལ་ནས་དམག་གི་དཔུང་ཚོགས་དང་ཆབས་གཅིག་པར་བཏེག་པ། མེ་གླང་ཟླ་བ་དང་པོར་མཚོ་ཁར་འབྱོར་ཏེ། སྟོབས་ལྡན་གྱི་རྒྱལ་པོ་རཱ་མ་ཎས་ལང་ཀའི་བདག་པོ་ལྔ་པའི་ལམ་དུ་བཏང་བ་བཞིན་ཆོག་ཐུའི་དམག་ཁྲི་ཕྲག་བཞི་དང་བཅས་པ་མིང་གི་ལྷག་མར་བཏང་། ཤར་ཕྱོགས་རྒྱ་མཚོའི་མཐའ་ཚུན་མངའ་འོག་ཏུ་བསྡུས་ཏེ་ཆོས་སྲིད་གཉིས་ལྡན་གྱི་སྒོ་ནས་མངའ་འབངས་རྣམས་བདེ་བར་བསྐྱངས། རིམ་གྱིས་ཉི་མ་དབུས་ཀྱི་རྒྱལ་ཁམས་སུ་བྱོན། བསོད་ནམས་ཀྱི་ཚོགས་རྒྱ་ཆེར་སྤེལ་བའི་དགའ་སྟོན་བསྒྲུབས། བོད་ཡུལ་གྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ། རྒྱལ་ཕྲན་ཀུན་གྱི་ཅོད་པན་དུ་བགྲོད་བྱེད་ཟུང་ཉེ་བར་འགོད་པའི་ངལ་སོར་མཛད་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོའི་མཚན་དང་ལས་ཀ་སོགས་མངོན་པར་བླངས་ཏེ། ཕྱིར་ལམ་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས། དེ་དགོངས་ཉེར་བདུན་ཡིན་ནའང་། སྲོད་ཀྱི་དུས་རྡེའུ་ཕྲ་མོ་ཙམ་ཡང་མཐོང་བའི་མུན་པ་ཤིན་ཏུ་དཀར་བ་བྱུང་བས། བསྟན་སྲིད་མཐའ་དག་དཀར་འཇམ་དུ་འགྱུར་བའི་རྟེན་འབྲེལ་འགྲིག །དེ་སྐབས་བོད་དང་བོད་ཆེན་པོ་མཐའ་དག་མངའ་འོག་ཏུ་ཆུག་པའི་མཚན་ལྟས་ལེགས་པའང་འགའ་ཞིག་བྱུང་འདུག །གླང་ལོའི་དགུན་ཐོག་མཚོ་ཁར་ཕྱིར་བྱོན། དེ་ཡང་བར་ཁམས་སུ་བེ་རི་དོན་ཡོད་ཀྱིས། ཀུན་མཁྱེན་བུ་རམ་ཤིང་པའི་རྗེས་སུ་ཞུགས་པ་མཐའ་དག་ཉེ་བར་འཚེ་ཞིང་། བོན་ཁོ་ན་སྤེལ་བ་ལ་བརྟེན། ས་ཡོས་ཧོར་ཟླ་ལྔ་པའི་ནང་དུ་བེ་རིའི་ཐོག་ཏུ་དཔུང་ཚོགས་རྣམས་བཏེག །མངའ་འབངས་ཕལ་ཆེར་བླངས། (༡༠༩བ)


GLG019_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་འབྲུག་ཟླ་བ་བཅུ་གཅིག་པའི་ཉེར་ལྔ་ལ། བེ་རི་དཔོན་པོ་སོགས་མཐའ་བཙན་པོར་གྲོས་པ་རྣམས་ཀྱང་། གང་གིས་བསོད་ནམས་ཀྱི་ལྕགས་ཀྱུ་རྣོན་པོས། ཁབ་ལེན་རྡོ་བ་དང་ལྕགས་ཕྱེའི་སྣང་ཚུལ་ལྟར་ཁྲིམས་ཀྱི་དོ་ར་ཆེན་པོར་ཡོངས་སུ་བཅུག །མི་བདེ་བའི་རྩ་རྐྱེན་མཐའ་དག་གནས་ནས་དབྱུང་། ས་དགེ །ཀར་འབྲུག །སྟག་ལུང་པ་སོགས་ཀྱི་བླ་དཔོན་ཁྲིམས་དོང་དུ་ཚུད་པ་རྣམས་བཏོན་ཏེ་རང་གནས་སུ་བསྐྱལ། འཇང་རྒྱལ་པོ་ཚུན་ཆད་ཀྱི་སྐྱེ་རྒུ་རྣམས་ཀྱིས་ནོར་གྱི་དཔྱ་ཁྲལ་ཕུལ་ཞིང་གུས་འདུད་ལྷུར་བླངས། དེ་ནས་དབུས་གཙང་གི་ཕྱོགས་དཔུང་གི་ཚོགས་བཤམས་པར་མངོན་དུ་ཕྱོགས་པ་ནི། མངའ་རིས་སྐུ་མཆེད་ཀྱི་གཏེར་ལུང་དུ། ཁྱད་པར་གདུག་པ་སྦྲུལ་གྱི་ལོ་ཤར་དུས༔ གནམ་རྟགས་འོད་དཀར་སྐྱ་རེངས་ཡང་ཡང་ཤར༔ གཟའ་སྐར་འཁྲུག་ཅིང་བྱང་དུ་ཧོར་སོག་གསོ༔ འོལ་ཁའི་ཕྱོགས་སུ་རྐྱེན་བྱས་འཁྲུག༔ དབུས་གཙང་སྡེ་འཁྲུག་འགྲོ་རྣམས་ཉམ་ཐག་འགྱུར༔ ས་གཡོས་ནད་རིམས་ལོ་གསུམ་ལོ་ཉེས་འབྱུང་༔ ལོ་དགུའི་བར་དུ་དབུས་གཙང་དབུ་རུར་འཚོགས༔ ཁྲག་གི་ཆར་པ་ལོ་བདུན་བར་དུ་འབབ༔ ཅེས་དང་། ཡོལ་མོ་སྤྲུལ་སྐུའི་གཏེར་གསར་དུ། ཡོས་ཀྱི་ལོ་ལ་ངལ་སོ་བྱེད༔ འབྲུག་གི་ལོ་ལ་འབྲུག་ལྟར་འདིར༔ སྦྲུལ་ལ་སྦྲུལ་ཤུན་བཞིན་དུ་འཐོར༔ དེ་ཕྱིར་ཡོས་བུའི་ལོ་ལ་ལོང་༔ ཞེས་པའི་དུས་རྟགས་དང་མཚུངས་པར་དཔུང་ཚོགས་བྱེ་བ་ཕྲག་བརྒྱའི་གཡུལ་བཤམས་ཏེ། ལྷོ་ཕྱོགས་གཤིན་རྗེའི་མཐར་ཐུག་པ་ཚུན་དབང་དུ་བསྡུས། ཆུ་རྟ་ཟླ་བ་གཉིས་པའི་ཉེར་ལྔ་ལ། བོད་ཤིང་སྒོ་ཅན་ཡོངས་ཀྱི་རྒྱལ་བློན་རྣམས་ཀྱང་ང་རྒྱལ་གྱི་གདོང་པ་སྨད་དེ་གུས་འདུད་ལྷུར་ལེན་གྱི་སྦྱོར་བ་ལ་ཉེ་བར་ཞུགས། ཆུ་ཤེལ་གྱི་(༡༡༠ན)


GLG019_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ནག་པས་ཉ་བ། དུས་འཁོར་བའི་ལོའི་ཐོག་མའི་དུས་ཚེས་ནས་བོད་ཆོལ་ཁ་གསུམ་གྱི་རྒྱལ་པོར་གྱུར་ཏེ། བཀའ་ཁྲིམས་ཀྱི་གདུགས་དཀར་པོ་སྲིད་རྩེའི་བར་དུ་འཁོར། རིས་བྲལ་གྱི་གྲུབ་པའི་མཐའ་རྣམས་ལ་གུས་འདུད་ལྷུར་ལེན་གྱི་ལྷག་པའི་བསམ་པ་མངའ་ནའང་། ཀར་སྲིད་རྣམས་ཀྱིས་བྱེད་སྤྱོད་མ་མཁས་པར་བརྟེན། ཤར་ཕྱོགས་ཀོང་པོའི་ཡུལ་ཚུན་དཔུང་ཤེད་ཀྱིས་སྤྱད། གཏེར་སྟོན་འཇའ་ཚོན་པས་རང་གཏེར་དུ་སློབ་དཔོན་ཆེན་པོའི་སྤྲུལ་པར་བསྟན་ཡོད་ཅེས་ངོས་བཟུང་། རྒྱ་གར་གྱི་རྒྱལ་པོར་ཁོ་ཤིང་། བལ་ཡུལ་ཡམ་བུའི་རྒྱལ་པོ། མངའ་རིས་རྒྱལ་པོ་སོགས་མཐའི་རྒྱལ་པོ་མང་པོས་ཀྱང་ཡུལ་ལུགས་ཀྱི་སྐྱེས་མང་དུ་ཕུལ། དེ་ཡང་རཏྣའི་བསྟན་པ་སྤྱི་ལུང་དུ། འབྲི་ཡི་རཱ་ཅོ་ཕག་གི་མཇུག་མ་ཅན༔ གུང་གི་ཚང་འཆའ་ས་ཡིས་ཟས་ཟ་ཞིང་༔ ཞེས་པའི་འོག་ཏུ་དབུས་གཙང་ཐམས་ཅད་སྐུ་ཡི་མངའ་འོག་འདུ༔ དེ་ལྟའི་བསྟན་པ་མི་ལོ་དྲུག་ཅུ་འབྱུང་༔ ཞེས་པ་འབྲི་གུང་པ་དང་ཕག་གྲུའི་བསྟན་པ་གཡག་ཙམ་ལས་རྭ་ཅོ་དང་མཇུག་མ་ལུས་པའི་ཚོད་ཙམ་གྱི་དུས་རྟགས་དང་གནས་ཚད་བསྟན་ནོ། །དེ་ཡང་རྒྱལ་བ་ཙོང་ཁ་པ་ཆེན་པོའི་ཐུགས་རྗེའི་བདུད་རྩི་གང་གིས་གསང་བ་གསུམ་གྱི་ཟ་མ་ཏོག་ཏུ་བལྟམས་པས་ཆོས་སྲིད་མཐའ་དག་གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔལ་ལ་འགྲན་པ་འདི་བཞིན་ནོ། །
མཛད་བྱང་།སྨྲས་པ། དབྱངས་གསལ་སྡེབ་ཀྱི་སྲ་བར་བཅིངས་པའི་ལྕགས་རྗེའི་ཁོར་ཡུག་དབུས་ན་མངོན་མཐོ་གླེགས་བུའི་རིན་ཅེན་རྡུལ་མང་བརྩེགས་པའི་བ་གམ་ན། །འགལ་བའི་ཁུར་མང་གྱ་གྱུའི་ཚུལ་སྤངས་ལེགས་བཤད་ཁམས་ཀྱིས་དྭངས་མ་ཀུན་བསྡུས་ཚར་དུ་དངར་བའི་དེབ་ཐེར་རི་དྭགས་མིག་ཅན་མ། །ཉམས་འགྱུར་འཇོ་སྒེག་གར་གྱི་རྣམ་རོལ་བཅད་(༡༡༠བ)


GLG019_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུག་སྤེལ་མའི་དབྱངས་བདུན་ལྷུར་ལེན་ཚིག་དོན་མ་འདྲེས་ཟུར་མིག་དབང་གཞུ་ལྟར་འཁྱུག་ཅིང་། །མངོན་བརྗོད་ཨུ་དུམ་ཝཱ་རའི་འཕྲེང་མཛེས་གཏམ་རྒྱུད་མགོ་སྐྱེས་གཡོན་འཁྱར་མ་འདི་བློ་ལྡན་བརྒྱ་བྱིན་དག་ལས་གཞན་གྱི་སྤྱོད་ཡུལ་མིན། །ཀ་རཎྜ་ལྟར་ཡ་རབས་མཆོག་གི་སྤྱོད་ཚུལ་སྣོད་དུ་ཅ་ཅོའི་ངག་སྤངས་ཁུངས་ལྡན་ལོ་རྒྱུས་དབུས་འགྱུར་ཏ་ལའི་གླེགས་བམ་ཇི་བཞིན་རབ་གསལ་བ་ཏི་ཛྭཱ་ཡི་པུ་སྟ་ཀ །ཁ་དོག་ཚིག་དོན་མ་འདྲེས་ལང་ཚོ་རྣམ་པར་བཀྲ་བའི་ཆ་ཤས་ཡོངས་རྫོགས་སྙན་ཚིག་བསིལ་ཟེར་མདངས་ཀྱི་ཐ་གྲུ་ཀུན་ཁྱབ་སྒྲ་འཛིན་བདུད་རྩིས་ཕ་རོལ་ཤེས་ལྡན་དགའ་སྟོན་ཆེ། །ག་ཛ་ལྟ་བུའི་དྲེགས་པའི་བླུན་པོ་ལེགས་བཤད་སྐྱེས་ལས་ཇ་ཆང་བཏུང་བ་འབའ་ཞིག་དོན་དུ་གཉེར་ཕྱིར་ད་ལྟའི་དུས་ཀྱི་སྣང་ཚུལ་འདི་ལ་བ་གླང་སྤྱོད་ལས་གཞན་མི་བྲིན། །ང་ཞེས་སྟོབས་ནོར་སྙེམས་པས་འགྱིང་ཡང་ཤེས་ལྡན་རིག་པའི་ཉ་གར་གཞལ་ཚེ་ལྕི་དང་ཡང་བའི་མཐའ་བྲལ་ན་རའི་དབུས་ན་གཡུང་པོར་མཐོང་བས་མ་དམད་འགྲོ་བ་ཤིན་ཏུ་དཀོན། །ཙ་ཀོ་ར་ཡི་ལུས་འདེག་བློ་ཡིས་ཤེས་བྱའི་མཁའ་ལ་འགྲོད་ཚེ་ཞ་བོ་ཇི་བཞིན་མཐུ་དང་བྲལ་ཡང་ར་ནག་གསེར་གྱི་ཟོལ་ཅན་འགའ་ཞིག་གིས། །ཚ་ཟེར་ལ་སོགས་གྲང་དྲོའི་འཇིགས་པ་ཁྱད་བསད་བསྒྲུབས་རྣམས་གཏན་བདེ་ཟ་བར་བྱེད་པ་གོར་མ་ཆག་མོད་ལ་ལར་འདི་སྣང་རྣམ་དཔྱོད་ཚུལ་དང་བྲལ། །ཛ་ཊའི་ཅོད་པན་ཆོས་རྒྱལ་མེས་དབོན་འཁོན་རིགས་རླངས་སོགས་གྲགས་སྙན་འ་འུད་སྲིད་པའི་རྩེ་མོ་ཀུན་ཏུ་ཤ་ཤིའི་འོད་འཛིན་བློ་གསལ་ཚོགས་རྣམས་ཀྱིས། །ཝ་ལེར་སྒྲོག་འདོད་སེམས་ཀྱིས་བསྐུལ་བས་བསྔགས་བརྗོད་རྒྱུད་མང་གླུ་བླངས་ཡ་མཚན་དཔལ་གྱིས་སྐབས་གསུམ་པ་རྣམས་ས་ལ་བལྟ་ཕྱིར་རྒྱུ་སྐར་ཟོལ་གྱིས་ལྷགས། །ཧ་ཅང་ས་ཆེན་(༡༡༡ན)


GLG019_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བའི་ཆོས་ལྡན་རྒྱལ་བ་ཨ་ཤྭདྠ་ཡི་ལྗོན་པའི་དབང་པོ་དར་བའི་མཆོག །ཧ་རི་ཙན་དན་དཔུང་པ་སྐྱེས་ཀྱི་དབུས་མཐོ་ཨ་ག་རུ་ཡི་རྒྱལ་ཕྲན་ཀུན་གྱིས་ཟླ་བྲལ་བ། །ཧ་རི་ཀ་ཡི་མགྲིན་དབྱངས་ཁྲིམས་གཉིས་ང་རོས་ཨ་མྲའི་ཡོངས་འདུ་མངའ་འབངས་ཡོངས་ཀྱི་འདབ་མ་འཛུམ། །ཧ་ཧར་བཞད་པའི་ཕུལ་བྱུང་དགའ་སྟོན་བཟང་པོས་ཨ་མྲི་ཏ་ཡི་སྙིང་པོའི་ཟིལ་དངར་བླ་ན་མེད། །སྲིད་ཞིའི་ཁམས་ཀྱི་ལྷ་ལམ་ཡངས་པའི་ངོས། །རྒྱལ་དབང་ཡེ་ཤེས་སྒྱུ་མའི་འོད་དཀར་ཅན། །བསིལ་ལྡན་ཆུ་སྣོད་སོ་སོར་ཤར་བ་ལས། །བཀའ་ཁྲིམས་དགེ་བའི་བཅུ་དྲུག་ཆ་ཤས་རྫོགས། །གངས་ཅན་ཀུན་གསལ་མཛེས་མའི་བཞིན་རས་ལ། །ཐུབ་བསྟན་ནམ་མཁའི་སྒྲོན་མེའི་སྤྱན་གྱི་དཀྱུས། །ལུང་རྟོགས་ཁྲོལ་པའི་སྣང་མཛོད་ལྕགས་ཀྱུ་ཡིས། །ཕན་བདེའི་འོད་དཀར་གཞོན་ནུ་རིང་ནས་འགུགས། །སྲོང་བཙན་དགེ་བཅུའི་ལེགས་ལམ་ཟླ་ཚེས་ཅན། །ལོག་སྤྱོད་ར་རིའི་དྲི་མ་བྱུང་བའི་འོད། །གྲགས་སྙན་རལ་པར་སྤུད་ཚེ་མགྲིན་སྔོན་ཅན། །ས་བླའི་ལྗོངས་སུ་སོང་ཞེས་ལྷ་རྣམས་གླེང་། །ཡིད་སྲུབས་ཀྱིས་བརླམས་སྡིག་ལྟའི་སེམས་འཆང་རིགས། །ལེགས་བྱས་སྣང་བ་འགོག་ཚེ་ཁྲི་སྲོང་ལྷས། །ཐབས་མཁས་འཕྲུལ་གྱིས་སྤེལ་བས་དགེ་ལེགས་འོད། །སྤུར་རྒྱལ་ཡངས་པའི་ས་ལ་ཀུན་ཏུ་འབར། །རལ་པའི་ཟུར་ཕུད་བླ་བྲེར་བྲེས་པའི་མཁར། །ཐུན་མཚམས་ལང་ཚོའི་སྡེ་ཡིས་ལེགས་འཁྱུད་པས། །བདུད་སྡེའི་རྒྱལ་མཚན་ནགས་ཀྱི་མེ་ཁྱེར་དག །གངས་ལྡན་ར་བའི་ངོས་ལས་ཕྱི་རོལ་བརྒལ། །མ་རིག་སྟུག་པོར་འཕྱན་བྱེད་དགྲ་སྡེའི་ལྷར། །མངོན་པར་འཁོན་པའི་བདུད་རྩི་བོད་ཡུལ་ཟོང་། །འཐུངས་པས་ཆོས་སྲིད་བདག་པོ་ས་སྐྱ་བ། །སྟོབས་ལྡན་སྒྲ་གཅན་གཉིས་པ་ས་འདིར་སྣང་། །རིན་ཅེན་བདུན་གྱི་འདོད་(༡༡༡བ)


GLG019_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྒུར་མངའ་སྒྱུར་བའི། །ས་དབང་རྒྱལ་པོའི་གོ་སར་གནམ་གྱི་མཐོངས། །སྒོ་འཕར་ཡངས་པའི་སྤོ་ནས་བུམ་བཟང་གིས། །སྤྱི་བོར་དབང་བསྐུར་སྡེ་སྲིད་ཕག་མོ་གྲུ། །ཨེ་མ་སྔོན་བྱོན་ས་སྤྱོད་ལྷ་རྣམས་ཀྱིས། །བོད་འབངས་འདབ་བརྒྱ་བཞད་པའི་ཕན་བདེའི་འོད། །སྤྲོས་ཚེ་ཉིན་བྱེད་བདག་གིས་ཅི་བྱ་ཞེས། །གནོད་སྦྱིན་ཕྱོགས་ཀྱི་འཁྲིག་པའི་ཁྱིམ་དུ་བྲོས། ཁྲིམས་གཉིས་སྲབ་ཀྱིས་མ་གཙུག་རེངས་པའི་གཉར། །དྲང་ཐིག་འཛམ་བུ་གསེར་གྱི་འཁོར་ལོ་ཡིས། །མནན་ཚེ་ངན་སྤྱོད་སྐྱེ་བོའི་བག་ཡངས་ཀུན། །བཀྲེས་སྐོམ་གདུང་བས་མནར་ལུས་ཇི་བཞིན་སྙམ། །བརྣག་ནུས་ལས་འདས་ཕ་རོལ་རྒོལ་པའི་གཡུལ། །རྣམ་པར་བཅོམ་པའི་མགོ་འཕྲེང་ཁྲག་གིས་བརླན། །ལན་ཅིག་མིན་པར་གཤེར་བའི་དམར་འོད་ཀྱིས། །རྒོད་མ་ཁ་དེ་རྒྱ་མཚོའི་མཐའ་རུ་ཡིབས། །གསེར་མངལ་སྟོབས་ལ་རྨུགས་འཛིན་འབྱོར་པའི་མཛོད། །གཅིག་ཏུ་བསྡུས་འདྲའི་སྲིད་ཀུན་དགེ་ཕྱོགས་སུ། །བསྒྱུར་བས་རྣམ་སྨིན་དཀར་པོའི་ཐིགས་པ་འབུམ། །འཛག་བྱེད་དམ་པའི་སྤྱོད་ཚུལ་རྨད་དུ་བྱུང་། །མཐོན་པོའི་མངའ་ཐང་ཕུན་ཚོགས་དཔལ་འབྱོར་ཀུན། །བཀོད་པས་ཁྱད་འཕགས་རྣམ་དཔྱོད་དབྱར་རྔའི་སྒྲས། །ཆེ་བའི་རྣམ་ཐར་བཟང་པོའི་གཙུག་ཕུད་ཅན། །ཡ་རབས་དགའ་སྟོན་རྣམ་བཀྲའི་གཤོག་རླབས་ངོམ། །ཀྱེ་མ་ཐོས་བསམ་བདུད་རྩི་ཡལ་བོར་ནས། །ངན་གཡོ་ཟང་ཟིང་རྙོོགས་པའི་བཟའ་བཏུང་གིས། །ལྟོ་བ་ཁེངས་པའི་དྲེགས་ལྡན་མཐོན་པོའི་ཁྲིར། །འཛེགས་ཀྱང་ཐ་ག་པ་དང་ཁྱད་པར་ཅི། །ཡ་རབས་ཚལ་དུ་རིགས་རུས་ཆོ་འབྲང་གི །ཡོངས་འདུའི་ལྗོན་པ་རྒྱས་པ་རྨད་བྱུང་ཡང་། །ཚེ་ལྡན་བྱ་བའི་སྦྱོང་ཚུལ་མི་ཤེས་ན། །གསེར་སྐྱོགས་སྣོད་དུ་ངན་སྐྱུགས་བླུག་དང་མཚུངས། །མཁས་དང་གྲུབ་པའི་སྐྱེ་བར་ཁས་འཆེ་(༡༡༢ན)


GLG019_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འཆད་རྩོད་རྩོམ་པའི་བློ་གྲོས་མཐུ་དམན་ན། །གནོད་སྦྱིན་ནོར་ལ་སྤྱོད་པ་ཚེ་འཕོས་ནས། །དབུལ་པོའི་ཁྱིམ་དུ་སྐྱེས་དང་ཁྱད་པར་ཅི། །མི་མཛད་སྟོབས་འབྱོར་གཏེར་ལ་མངའ་སྒྱུར་ཡང་། །འདི་ཕྱིའི་ཕུན་ཚོགས་བསྒྲུབ་པའི་རྣམ་དཔྱོད་མིག །ལོངས་ཚེ་ས་འོག་གནས་པའི་ཀླུ་ཚོགས་དང་། །སྲང་ལ་བཏེག་ཚེ་ལྕི་ཡང་གང་གིས་འབྱེད། ཁུངས་ལྡན་ལོ་རྒྱུས་མཐོང་བར་རིག་ལམ་ནས། །འདྲེན་པའི་རྣམ་འབྱེད་ཤེས་རབ་མཐུ་ཕྲ་ཡང་། །དམུས་ལོང་གཅིག་པུར་རྒྱུ་བའི་གོམ་སྟབས་བཞིན། །འགལ་འདུའི་ཁུར་གྱིས་ལྕི་བའི་གླེགས་བམ་མང་། །ལོ་རྒྱུས་གཞུ་ལ་དྲང་པོའི་རྒྱུད་དྲངས་ནས། །ལེགས་བཤད་འདབ་ལྡན་གཡོ་བའི་ཉག་ཕྲན་ཅན། །མི་ཤེས་རྨོངས་པའི་སྙིང་ལ་ཕོག་སྲིད་ཀྱང་། །གཟུར་གནས་མཁས་པས་མཐོང་ཚེ་སྤྲོ་བ་འཕེལ། །མི་མཛད་ཞིང་གི་གངས་རིའི་སྤོ་ལ་སྡེ་བཞིའི་རྩལ་གསུམ་ཡོངས་སུ་རྫོགས་པའི་མཐོ་རིས་རྒྱལ་པོ་གདོང་ལྔའི་དབང་། །རིམ་པར་བྱོན་ལ་བསྔགས་ཚིག་སྭ་སྟིའི་སྒྲ་ཡི་གདུབ་སིལ་འཁྲོལ་བས་ཡ་རབས་མདུན་སའི་ཁ་རྒྱན་སྤེལ་ལེགས་འདི། །ཤེས་བྱའི་རྦ་ཀློང་ཡིད་མཚོར་རོལ་པའི་བནྡེ་ཚངས་དབང་སྲས་མོས་བཞད་པའི་འཛུམ་ལྡན་ལེགས་བཤད་གཏེར་མཛོད་ཀྱིས། །མི་བདག་གསུང་གི་རི་བོ་མན་དྷ་ར་ཡིས་བསྐུལ་ལྟར་དཔྱད་གསུམ་དག་པའི་འཆི་མེད་ལུས་ཕྲའི་པདྨོ་བསྐྲུན། །གངས་ཅན་འཛིན་མའི་དཔྱིད་ཀྱི་མངལ་ཁུར་ལས། །བློ་གྲོས་ཡལ་འདབ་དར་བའི་ཤེས་ལྡན་རྣམས། །ངོ་མཚར་གཏམ་གྱི་ལེགས་བཤད་སྐྱེས་འདོད་ན། །དེབ་ཐེར་དཔྱིད་ཀྱི་རྒྱས་མོའི་དབྱངས་འདི་བསྟེན། །ཐུབ་བསྟན་ཀུན་གསལ་མཛེས་མའི་ཁོར་ཡུག་ཏུ། །རུང་མཐུན་གོས་ཀྱི་ཐུན་མཚམས་ཟོལ་བསྟེན་ནས། །ངེས་གསང་ཐེག་པའི་ཡང་རྩེ་སྔོ་སྐྱེས་འབྲས། །ཡོངས་སྨིན་གང་(༡༡༢བ)


GLG019_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྒྱས་པའི་གཡུར་ཟ་ལྡེམ། །དེ་ལྟ་ན་ཡང་ངེས་པ་ལྔ་ལྡན་གཟུགས། །བཤེས་གཉེན་དམ་པའི་ཨཱ་དརྴ་ཡི་ངོས། །ཟློས་གར་བསྒྱུར་བའི་དྲིན་ལས་རིག་པའི་གནས། །སྨ་ཚེ་དབྱངས་ཅན་དགྱེས་པའི་འཛུམ་གྱིས་བསུ། །ལྷག་བསམ་རབ་དཀར་དྲི་བྲལ་ཡིད་ཀྱི་མཁར། །བསྟན་བཅོས་ཆུ་ལྷའི་བུ་ཡི་པུ་སྟ་ཀས། །སྐྱེ་རྒུའི་ཉོན་མོངས་འདུ་བ་འཁྲུགས་པའི་ནད། །ལེགས་བཤད་ཆུ་ཀླུང་དྭངས་པོས་དྲུངས་འབྱིན་ཅིང་། །འཛམ་བུའི་ལང་ཚོ་དར་བབས་འཁྲི་ཤིང་གིས། །ཉེར་མཚོན་ཡངས་པའི་ནོར་འཛིན་སྐྱོང་བ་ཀུན། །རྩུབ་འགྱུར་དཔལ་གྱི་རྣོ་ངར་རབ་ཞི་ནས། །དགེ་བཅུའི་ཁྲིམས་ཀྱིས་རྫོགས་ལྡན་འབོད་པར་ཤོག །ཕན་བདེའི་གདུགས་དཀར་སྲིད་པའི་རྩེ་མོའི་བར། ཁོར་ཡུག་གཅིག་ཏུ་ཁྱབ་པའི་ལེགས་པའི་ལམ། །སྟོབས་བཅུའི་རྩལ་འཆང་རིང་ལུགས་སྙིང་པོའི་བརྒྱུད། །འགྲོ་བའི་བསོད་ནམས་ཞིང་དུ་འབར་གྱུར་ཅིག །ཅེས་གངས་རིས་བསྐོར་བའི་ལྗོངས་སུ་མཆོག་གསུམ་དམ་པར་གཏན་གྱི་སྐྱབས་སུ་འཛིན་ཅིང་། རྣམ་འདྲེན་ཟས་གཙང་སྲས་པོའི་བསྟན་པ་རིན་པོ་ཆེ་ལ་ཕུད་དུད་སོགས་བླ་ན་མེད་པར་བཀུར་བའི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་རྣམས་གཙོ་བོར་བཀོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་འདི་ཡང་། སྟོབས་ཀྱི་དབང་ཕྱུག་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་བཀས་བསྐུལ་བར་བརྟེན། བཀའ་ཆེམས་བཀའ་ཁོལ་མ། ཐུགས་རྗེ་ཆེན་པོའི་སྐོར། མཁས་པའི་དབང་པོ་འགོས་ལོ་གཞོན་ནུ་དཔལ་དང་། ཚལ་པའི་དེབ་ཐེར་སོགས་ཁུངས་ཐུབ་ཀྱི་ཡིག་ཚང་རྣམས་ལ་ཞིབ་མོར་དཔྱད། མཁས་རློམ་དྲེགས་ལྡན་གྱི་ཁུངས་མེད་བླུན་ཚིག་གི་གླེགས་བམ་རྣམས་ལ་དགག་གཞག་ཅུང་ཟད་བགྱིས་ཏེ། སྙིགས་དུས་ཀྱི་རྒྱལ་(༡༡༣ན)


GLG019_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉིས་པ་རྗེ་བཙོང་ཁ་པའི་བསྟན་ལ་ཞུགས་པས་རྒྱུ་མཚན་ཤེས་ནས་མི་ལྡོག་པའི་དད་པ་ཐོབ་ཀྱང་། འཐད་ལྡན་གྱི་གྲུབ་པའི་མཐའ་རྣམས་ལ་ཆོས་སྤོང་གི་སྒྲིབ་པས་མ་སྦགས་ཤིང་། བཅུ་ཕྲག་རིག་པའི་གནས་ལ་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་ཤར་བའི་ཟ་ཧོར་གྱིས་རིགས་ལས་ལོ་རྒྱུས་སྨྲ་བའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ། མིང་གཞན་ཚངས་སྲས་བཞད་པའི་རྡོ་རྗེ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོ་གསར་པའི་སྡེས། འགྲོ་བའི་བླ་མ་ཤཱཀྱ་སེང་གེ་དྲག་པོ་ཞེས་པ་ལྕགས་སྤྲེལ་ལོར་བལྟམས་ནས་ལོ་ཉིས་སྟོང་དྲུག་བརྒྱ་དང་ཉག་མ་གསུམ་འདས་པ། འཕགས་པའི་ཡུལ་དུ་སཱུཪྻ་ཞེས་པ་གངས་ཅན་ཀྱི་ལྗོངས་འདིར་ཉི་མར་གྲགས་ཤིང་། མ་ཧཱ་ཙི་ནའི་རྒྱལ་ཁམས་སུ་དབང་ཐང་དང་བསྟུན་པའི་སྐད་གུའི་ཝུའི། ཕྱོགས་འདིར་ཆུ་མོ་ལུག་ཏུ་བརྗོད་པའི་གླུ་དབྱངས་ཀྱི་ཟླ་བའི་ཕྱོགས་སྔ་མའི་རྒྱལ་བ་དང་པོའི་ཚེས་ལ། སྨན་ལྗོངས་སའི་ལྟེ་བ་དགའ་ལྡན་ཕོ་བྲང་མེ་ཏོག་མངོན་པར་བཀྲ་བའི་ལྡིང་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།མངྒ་ལཾ།། །།


previousགཞིས་ཀ་སྣེལ་པ་དང་། རྒྱལ་མཁར་རྩེ་པ། འོལ་ཁ་བ་སོགས་ཀྱི་སྐོར།next