Nitartha Digital Library
Tibetan
 
previousམཆོག་དམན་བར་པ་རྣམས་ལ་ལུགས་ཟུང་དང་འབྲེལ་བའི་བསླབ་བྱ་གསལ་བར་སྟོན་པའི་རིམ་པ་ཟླ་བ་འབུམ་ཕྲག་འཆར་བའི་རྫིང་བུ།next

མཆོག་དམན་བར་པ་རྣམས་ལ་ལུགས་ཟུང་དང་འབྲེལ་བའི་བསླབ་བྱ་གསལ་བར་སྟོན་པའི་རིམ་པ་ཟླ་བ་འབུམ་ཕྲག་འཆར་བའི་རྫིང་བུ།


GLG019_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དམན་བར་པ་རྣམས་ལ་ལུགས་ཟུང་དང་འབྲེལ་བའི་བསླབ་བྱ་གསལ་བར་སྟོན་པའི་རིམ་པ་ཟླ་བ་འབུམ་ཕྲག་འཆར་བའི་རྫིང་བུ་ཞེས་བྱ་བ་བཞུགས་སོ། །(༡ན)


GLG019_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མེ་ཏོག་འཕྲེང་ཅན།)དཱི རྒྷ བྷྱཱ ཝ དྭི ག ནྱ ཏ ལུ ནྟ ཙུ ཎཱ ལི ངྒ མི ཏྲཻ ༔ སུ ཤྴཱུ རེ རྡ ཤ དྦ ལྱ ཅ བ ནྡྷུ སུ ཪྻ རྦི ནཱི ས རྦྦ པུ རྞ ཏྭ ཡཱ ཨེ ཧི བྷ བྱཱ ཀ རུ ཎྱ སྱ ཡ ཙྪཱ ཧི ཏ།རིང་ནས་གོམས་པས་ཚོགས་གཉིས་ལུས་ཕྲ་མས། །མི་ཕྱེད་མཛའ་བས་འཁྱུད་པའི་སྟོབས་བཅུའི་རྩལ། །ཡོངས་སུ་རྫོགས་པའི་རྣམ་འདྲེན་ཉི་མའི་གཉེན། ཁྱོད་ཀྱིས་སྲིད་འདིར་ཐུགས་རྗེའི་སྨན་ཡོན་སྩོལ། །མཁས་པའི་རྦ་རླབས་འཛིན་མའི་མཐར་འཁྲུག་ཅིང་། །བཙུན་པའི་དྲི་བསུང་ཕྱོགས་ཀྱི་འཁོར་ལོ་འགེངས། །བཟང་པོའི་འོད་དཀར་རྨོངས་པའི་མུན་པ་སེལ། །ཙོང་ཁ་པ་ཞེས་དུས་གསུམ་རྒྱལ་བའི་(༢ན)


GLG019_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ། །ཤེས་བྱར་མཁྱེན་པའི་མཐའ་བྲལ་འཇམ་དཔལ་དབྱངས། །འཇིག་རྟེན་ཀུན་གྱི་བྱེད་པོ་གསེར་མངལ་ཅན། །མི་ཟད་ཚིག་གི་གཏེར་མཛོད་དབྱངས་ཅན་ལྷ། །ཆོས་ཀུན་ལྟ་བའི་བློ་མིག་སྩོལ་ཅིག་ཀྱེ། །ལུགས་ཟུང་བླང་དང་དོར་བྱའི་བགྱི་བའི་ལས། །ཇི་བཞིན་ཡི་གེའི་ཕྲེང་བར་སྤེལ་བའི་ཚིག །དྲེགས་ལྡན་རྒྱལ་པོའི་ཅོད་པན་གྱིས་བསྐུལ་ཚེ། །སྙོམས་ལས་ཅན་གྱིས་གཡར་ཁྲལ་འདི་ལྟར་ལོ། །ཆོས་སྲིད་ཀུན་ལ་མཐའ་ཡས་རིག་པའི་འཕྲུལ། །བརྒྱ་ཕྲག་འབྱེད་པའི་རབ་ཡངས་ཤེས་རབ་ཀྱིས། །ཞིབ་མོར་ཡུན་དུ་དཔྱད་དེ་རི་བོང་ཅལ་སྒྲོག་གིས་རི་དྭགས་ཀུན་བསླུས་པ་ལྟར། ལེགས་བརྟགས་ནས། །ལག་ཏུ་བསྟར་བ་དཔྱོད་ལྡན་སྤྱི་ཡི་ལུགས། །སྟོབས་ནོར་འབྱོར་པས་རྒྱགས་པའི་ཁེངས་ཅན་ལ། །ཡིད་དང་ངང་ཚུལ་རྗེས་མཐུན་སྨྲ་བའི་གཏམ། །བག་ཕེབས་གླེང་མོར་བགྱིས་ཏེ་ཐབས་སངས་རྒྱས་ཀྱིས་ཀྱང་མ་སྐྱེས་དགྲ་ལ་ཕ་གསད་བྱར་གསུངས་པའི་འགྱོད་པ་བསལ་བའི་མདོ་དང་། གདུལ་བྱ་འགའ་ཞིག་ལ་གང་ཟག་གི་བདག་ཡོད་པར་བསྟན་པ་ལྟ་བུ། མཁས་ཀྱིས། །གང་ཡིན་དོན་གྱི་ཐོག་ཏུ་འབེབས་པ་གནད། །(༢བ)


GLG019_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པས་གནམ་གྱི་མཐོངས་ནས་ཡངས་པའི་སར། །བཙན་པོའི་ལས་ཀྱིས་བསྐོས་པའི་རྒྱལ་པོའི་རིགས། །ལེགས་ཉེས་བྱ་བའི་སྤྱོད་ཚུལ་ཇི་ལྟར་ཡང་། །འཕྲལ་སྣང་གུས་ས་པཎ་གྱིས། ཡུལ་གྱི་བདག་པོ་ཞེས་སྡང་ནའང་། དེ་ལ་གུས་པ་ཁོ་ན་བྱེད། ཅེས་པ་གསུངས་ལྟར། པ་ལྷུར་ལེན་རང་གི་དོན། །མཐོ་དམའ་དང་བྲལ་ཕན་ཚུན་མཉམ་པ་ལ། །འཕྲལ་སྣང་མཛེས་པའི་འཛུམ་གྱིས་ལེགས་བསུས་ནས། །ཉེ་རིང་བྱ་གཞག་བཟང་ངན་ཅིག་ཤོས་ཀྱི། །ཐབས་དང་བསྟུན་ནས་ཉམས་སུ་ལེན་པ་གཅེས། །བྲན་འཁོར་རྣམས་ལ་བསླབ་བྱར་ནན་ཏན་བསྐྱེད། །ཅུང་ཟད་ནོངས་ལ་བློ་ཁོག་ཡངས་བྱ་ཞིང་། །ཤེས་བཞིན་ཁྱད་དུ་གསོད་པའི་དངོས་པོ་དག །དྲན་འཛིན་སྔོན་གྱི་རྒྱ་བོད་ཀྱི་རྒྱལ་པོ་རྣམས་ཀྱི་ཁྲིམས་བཙན་པོ་མཛད་ཅིང་། མི་རྗེ་སྲོང་བཙན་སྒམ་པོས་སྤྲུལ་པའི་མིའི་མགོ་ལག་གཅོད་པ་སོགས་ཀྱང་དགོངས་གཞི་ཆེ། ལེགས་ཉེས་སྤང་བླང་འབྱེད་པར་རིགས། །སྔོན་དང་འཕྲལ་གྱི་རྒྱུ་རྐྱེན་ལས་བྱུང་བའི། །མི་མཛའི་དགྲར་ཡང་ཚིག་གི་མཚོན་འདེབས་པ། །བློ་ཆུང་བྱིས་པའི་ཚུལ་ལས་མ་མཆིས་པས། ཁྱབ་འཇུག་མི་ཡི་སེང་གེའི་རྣམ་འགྲོ་སྐྱབས་གསེར་ཅན་ལ་གང་གིས་མི་ཐུབ་པས་མཆོག་དབང་ཕྱུག་གི་བྱིན་པར། ཁྱབ་འཇུག་གིས་མིའི་སེང་གེར་སྤྲུལ་ནས་བསད་པ་ལྟ་བུ། ཐར་བརྗིད། །ཡིད་ངོར་བདེ་སྡུག་བཟང་ངན་འཆར་བ་དག །དགག་པར་མི་ནུས་དེ་ཡི་རྒྱུ་མཚན་རྣམས། །ཚིག་ཏུ་བརྗོད་ན་རང་གི་སྣང་ཚུལ་ཀུན། །རྗེན་པར་སྟོན་པས་གྲེ་བར་བསྐྱིལ་བ་གནད། །རིང་ནས་ལས་ཀྱིས་འཕངས་པའི་རྗེ་བོ་ཡིས། །བྱམས་བརྩེས་སྐྱོད་ལས་ལྷོད་པས་གཡེལ་གྱུར་ཁམ་རྡའི་ཡུལ་གྱི་བྲམ་ཟེ་དཔལ་དང་དཔལ་གྲུབ་ཀྱི་(༣ན)


GLG019_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་རྒྱུས་ལྟར། ཀྱང་། །འགྱུར་མེད་བསམ་པ་ཐག་པས་ལས་བྱས་ན། །མི་བསླུའི་རྒྱུ་ལས་འབྲས་བུ་འབྱུང་བར་ངེས། །མཆོག་དམན་སྐྱེ་བོས་གཅམ་བུའི་ཚིག་མིན་པར། །སྙིང་ནས་བློ་དེ་བཞིན་གཤེགས་པ་སྤྲེའུར་གྱུར་ཚེ་གཡང་རོང་ལ་ལྷུང་བའི་མི་བཏོན་པའི་ལོ་རྒྱུས་ལྟར། གཏད་བྱས་པ་སླུ་བ་དང་། །དུག་སྦྱོར་མནའ་དང་ཚད་ལ་མི་བརྩི་བའི། །ལས་འདི་སྒྲུབ་ལས་སྲོག་འདོར་ཅེས་མི་དགའ། །དོན་མེད་རྫུན་དང་ཕྲ་མའི་བྱེད་པོ་ཡིས། །མཛའ་གཅུགས་འབྱེད་སོགས་ཕུང་བྲམ་ཟེ་མ་གཟུགས་ཀྱི་ཉི་མའི་གཏམ་རྒྱུས་ལྟར། ཀྲོལ་ཆེན་པོའི་ལས། །འདི་ཕྱི་མནར་བའི་མི་དགེའི་འབྲས་བུ་དག །སྒྲུབ་པ་བློ་དང་ལྡན་པ་སུ་ཡིས་བྱེད། །གཡོ་ཁྲམ་ངོ་བསྟོད་བློ་བྲིད་སྦྱོར་བ་ཡིས། །བཅོས་མའི་ལྟར་སྣང་གྲོགས་སུ་རློམ་པ་རྣམས། །སྦྲང་སྤུ་གྲི་རྣོན་པོའི་ཁ་ལ་སྦྲང་བྱུགས་ནས་བསྔགས་ན་ལྕེ་གཅོད་པ་ལྟར། རྩི་བྱུགས་པའི་སྤུ་གྲི་དང་མཚུངས་པས། ཁ་མཛེས་ཁོང་གྲིམས་བཙན་པོའི་གོ་ཆ་ཡིན། གཞན་གྱིས་ཆེད་དུ་གཉེར་བ་མ་ཡིན་པའི། །བར་མའི་ལས་ལ་བཅོལ་རྟོག་མེད་བཞིན་དུ། །གྲོས་དང་ཚལ་པ་ཁྲི་དཔོན་ཀུན་དགའ་རྡོ་རྗེས། ས་སྐྱ་བར། དྲུང་ཆེན་རིན་པོ་ཆེ་ཏཱའི་སྭི་ཏུ་ལ་ངན་གཤོམས་ཀྱི་བཀའ་གྲོས་འཆར་སྟོན་དང་། དཔོན་ཆེན་རྒྱལ་བཟང་ཡར་ཀླུང་སུ་འོངས་སྐབས། ཚལ་པ་ཁྲི་སྐོར་གྱིས་དམག་རོགས་བྱས་པས་མཐར་ཁོང་རང་གི་མངའ་འབངས་ཤོར་བ་ལྟ་བུ། འཆར་སྟོན་ལུས་སེམས་ངལ་བྱེད་པའི། །ཀླད་ཆུང་དེ་འདྲ་གཞན་གྱི་གད་མོའི་ཡུལ། །དྲང་པོའི་གཏམ་གྱིས་ཡིན་མིན་མཐའ་དག་ཀུན། །ཐང་མར་བརྡལ་ལ་ཤེས་ལྡན་སུ་མི་མགུ། །དགྲ་ལ་སྙིང་ནས་གནག་ཀྱང་དགའ་བའི་སྤྲང་མོའི་གཏམ་བརྗོད་མཁས་པས་རྒྱལ་པོ་ཁྱབ་འཇུག་དུལ་བ་ལྟ་བུ། ཚུལ། །(༣བ)


GLG019_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས་ན་ནམ་ཕུགས་ཤགས་སུ་ཆེ་བ་ཡིན། །ངེས་པར་མཛའ་ན་ངོ་བསྟོད་མ་ཡིན་པའི། །བླང་དོར་ཤ་ཚའི་མདོ་ལས། ཀུན་དགའ་བོའི་ཚ་བོ་ལ་མཽ་གལ་གྱི་བུས་དམྱལ་བ་བསྟན་པ་ལྟ་བུ། གཏམ་གྱིས་གསོང་པོར་སྨྲ། །ཕན་བཏགས་པ་ལ་དྲིན་གྱིས་སྒྲལ་ཤལ་གཏམ། །ཧ་ཅང་མངས་ན་དགའ་བའི་དུང་སེམས་ཡལ། །བྱམས་པ་ཆེས་ན་བུར་ཡང་ཕྱིས་སྲོལ་ཚུད། །རྔན་ཆེན་གྲོགས་ལ་མང་ཡང་འཁོན་པའི་རྒྱུ། །ངན་པའི་དཔེ་ཁྲིམས་གཞན་ལ་གཏོད་པ་ས་སྐྱའི་དཔོན་ཆེན་རྒྱལ་བཟང་གི་བླ་མ་ཀུན་སྤངས་པ་དཀྲོངས་པས། ཕྱིས་ཁོ་རང་ས་སྐྱར་བཅོམ་དུ་བཅུག་པ་ལྟ་བུ། ན། །དེ་ཡི་གཡང་རྩ་རང་ལ་བྱུང་ཉེན་ཆེ། །ལེགས་ཉེས་སྔོན་གྱི་བསོད་ནམས་ལ་རག་ཀྱང་། །དཔའ་དཔོན་ཆེན་དབང་བརྩོན་གྱིས་ཁྲི་སྐོར་བཅུ་གསུམ་གྱི་དམག་ཁྲིད་ཀྱང་ཕག་གྲུ་མ་ཐུབ་པ་ལྟ་བུ། མཛངས་རྟུལ་ཕོད་ཕོ་ཚོད་ཟབ་པ་གནད། །ཕན་གནོད་བྱ་བ་གང་ཡང་འགྲུབ་པའི་གདེངས། །མ་རྙེད་བར་དུ་གསལ་པོར་གཏམ་མི་སྨྲ། །གང་ལ་གསར་འགྲོགས་ཆེ་བའི་རྗེ་དཔོན་དང་། །སྙིང་གཏམ་ཕྱི་རུ་འཆད་པའི་གྲོགས་པོ་དང་། །བཟང་ངན་སེམས་ལ་མི་འཇོག་མགོ་སྟེང་དག །ཟོལ་འགྲོགས་མཛེས་པར་བྱེད་པ་གྲུང་པོ་ཡིན། །ལྷག་པར་དགའ་ཡང་འཛུམ་ཆེན་མི་བྱ་ཞིང་། །མ་མགུ་གྱུར་ཀྱང་བཞིན་གྱི་འགྱུར་ལྡོག་སྤང་། །གདེངས་ཁྱབ་འཇུག་གིས་འཇུག་པ་བཅུའི་རྣམ་གྲངས་མང་དུ་བསྟན་པས་ཀུན་ལས་རྣམ་པར་རྒྱལ། ཚོད་ཡིད་ལ་བཟུང་ནས་ངེས་མེད་གཏམ། །བརྗོད་པས་གཞན་དག་འཕྱང་མོའི་དྲ་བར་འཇུག །རང་ཉིད་སྟོབས་འབྱོར་དཔལ་གྱིས་ཆེར་དྲེགས་ཤིང་། །ཀུན་གྱིས་བཀུར་ཡང་ཡ་རབས་ཁུངས་ལྡན་ལ། །བརྙས་པར་བྱེད་པ་(༤ན)


GLG019_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་ཕྱི་ནང་རྒྱལ་པོ་ང་ལ་ནུས་བརྒྱ་བྱིན་དང་སྟན་ཅིག་གི་སྟེང་དུ་བསྡད་པར། དེ་ལ་ངན་སེམས་བྱས་པས་ཕྱིར་ལྷུང་བ་ལྟ་བུ། ཀུན། །གསལ་པོར་སྟོན་པས་གོ་འདུལ་བ་ལུང་དུ་གླང་པོ་ཆེ་དང་བྱ་དང་རི་བོང་རྣམས་ཀྱིས་བསྙེན་བཀུར་གོ་རིམས་བྱས་པར་བཀྲ་ཤིས་པར་བཤད། རིམ་འབྲེལ་མཚུངས་གནད། །གོང་མའི་དཔོན་གྱིས་ཉེ་བར་བསྐྱངས་པ་ཡིས། །ལུགས་ཟུང་ཀུན་ལ་བཙན་པོའི་དབང་ལྡན་ཡང་། །འཕྲལ་དུ་མི་བརྙས་འཇུག་པ་བདེ་བ་དེ། །ཅང་ཤེས་འཕྲུལ་གྱི་མེ་ལོང་ཅིས་མ་ཡིན། །སྔོན་ས་པཎ་གྱིས། མཁས་པ་རང་གིས་དཔྱོད་ཤེས་ཀྱི། བླུན་པོ་གྲགས་པའི་རྗེས་སུ་འཕྲད། ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག་ཅེས་གསུངས་པ་ལྟར། ནས་ཆ་རྒྱུས་ཞིབ་ཏུ་མ་འཚལ་བར། །ཡུན་དུ་མ་བརྟགས་ལེགས་ཉེས་ཕྱོགས་ཙམ་གྱིས། ཁ་ཚོན་བཅད་དེ་གྲོགས་དང་དགྲར་ལྟ་བ། །རང་ཉིད་འགྱོད་པའི་མཚོ་རུ་ལྟུང་བའི་རྒྱུ། །གང་ཞིག་གཡུལ་ངོ་ཟློག་པའི་དཔའ་བོའི་རྩལ། །མི་ལྡན་ན་ཡང་གྲོགས་ཀྱི་ཁྲོད་ནང་དུ། །རྩིང་པོའི་གཏམ་དང་སྤྱོད་པས་མིག་ལྟོས་ཀུན། །ཤེས་གཡའ་བཟང་ཁྲི་དཔོན་དང་རྒྱལ་མཚན་སྐྱབས་དང་མ་དགའ་དགྲ་དགའ་ལྟ་བུ། བྱེད་སྐྱེས་བུ་དེ་ལས་ཐ་ཆད་སུ། །ཆུང་ངུའི་རྐྱེན་ལ་དགའ་ཁྲོའི་ཀུན་རྟོག་རྣམས། །སྟོན་ཅིང་རྟག་ཐུབ་དཀའ་བའི་སྐྱེ་བོ་ལ། །གྲོགས་རྗེས་སྐྱབས་སུ་འཚོལ་བ་སྡིག་ཁ་ཡི། ཁང་ཧྲུལ་ནང་དུ་སྡོད་དང་ཁྱད་པར་ཅི། །དགའ་སྡུག་བར་མའི་སེམས་ཀྱི་གར་མཁན་མ། །གཏིང་བྲལ་རྒྱ་མཚོའི་ནང་གི་ནོར་བུ་ལྟར། །མི་མངོན་གཞན་གྱིས་དཔག་པར་དཀའ་བ་དེ། ཁྲིམས་ལྡན་མདུན་སར་དགུང་བློན་ཕེར་བའི་བཀའ་གདམས་ཆོས་འབྱུང་དུ། རྒྱལ་བ་འབྲོམ་ལ། དུས་དེར་རྒྱལ་ཁྲིམས་ཡོད་ན་དགུང་བློན་ཆེན་པོ་བློ་གྲོས་དང་དཀྱེལ་ཆེ་བས་ངེས་པར་བཤད་པ་ལྟར། འོས། །(༤བ)


GLG019_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ནན་ཏན་བསླབས་ཀྱང་ལེགས་པའི་ཡོན་ཏན་བྲལ། །ངན་པའི་སྤྱོད་པ་ཁབ་ལེན་རྡོ་བཞིན་ཤེས། །དྲུང་དུ་འཁོད་རྣམས་དེ་ལ་སྦྱོར་བྱེད་པའི། །སྤྲེའུའི་མཛོད་འགྲེལ་རྒྱལ་སྲས་མ་ལས། རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་བཅུའི་ལོ་རྒྱུས་ལྟར།རྣམ་ཐར་འཛིན་དེ་རྒྱང་དུ་བསྐྲད། །ཡུན་དུ་བསྟེན་ནས་དགེ་ལ་ངང་གིས་སྦྱོར། །ཤེས་བྱ་མཐའ་དག་འཆད་ལ་སྤོབས་པ་ཅན། །དོན་གྱི་སྙིང་པོ་ཐར་ལམ་སྟོན་མཁས་པ། །གཏན་གྱི་སྐྱབས་ཡུལ་ཡོངས་འཛིན་བླ་མའི་མཁས་གྲུབ་རིན་པོ་ཆེས་ན་བཟའ་ཕུ་ཐུང་མ་གསོལ་ཞིང་ཐུགས་ང་རྒྱལ་བའི་རྣམ་པ་ཅན་དེ་རྒྱལ་བ་བཙོང་ཁ་པ་དང་མཇལ་བ་ཙམ་གྱི་ཐུགས་རྒྱལ་ཆག་ཅིང་ཞི་དུལ་དུ་གྱུར་པ་དང་། རྗེ་ས་པཎ་གྱིས་དཔོན་ཆེན་ཤཱཀྱ་བཟང་པོ་ལྟ་བུའི་སྡིག་ཅན་མཐོ་རིས་སུ་དྲངས་པ་ལྟ་བུ། འོས། ཁ་དྲག་གཏམ་དང་འབྱོར་པས་ལེགས་སྐྱོང་ཞིང་། །གཅམ་བུར་མི་ལྟ་བྱས་བྱུང་སོ་སོར་འབྱེད། ཁྲིམས་ལ་སྤྱི་སྙོམས་དྲུང་ཆེན་ཏཱའི་སྭི་ཏུ་གཙང་དུ་བྱོན་སྐབས་ཁྲོམ་ཆེན་པོ་ཚོགས་ནས་སྐུ་ཚེ་རིང་བའི་སྨོན་ལམ་བཏབ་པ་ལྟ་བུ། ལྟོས་བཅས་ཤུགས་ཀྱིས་སྐྱོང་། །ཕྲ་ཞིབ་ཁོག་ཡངས་བློ་གཏད་དཔོན་གྱི་འོས། །ཉེས་པའི་སྐྱོན་སེལ་ཕན་པའི་ཡོན་ཏན་སྒྲུབ། །སྐྱིད་སྡུག་ཀུན་བྲག་དཀར་བ་ཤེས་རབ་བཀྲ་ཤིས་ཀྱིས་ཉེས་དམིགས་ལ་མ་འཛེམས་པར་རྒྱ་ནག་དུ་ཕྱིན་པ་ལྟ་བུ། ལ་མི་འབྱོལ་ཕྱི་ཐག་ཅན། །མཐོ་དམའ་ཕྲ་མོར་རེ་འཁང་མི་བྱེད་པ། །ཡིད་ཀྱི་འཇོག་ས་མཛའ་གཅུགས་གྲོགས་ཀྱི་འོས། །ཅི་བཅོལ་ལ་ཉན་ཤ་ཚ་མི་འདོར་ལ། །དཀའ་བའི་ལས་ལ་ཁ་ལྷང་མི་འདོན་ཞིང་། །གཟེངས་སུ་བསྟོད་བློན་པོ་ཐོན་མི་དང་མགར་གྱི་རྣམ་ཐར་ལྟར། ཀྱང་གཉའ་བ་མི་རེངས་(༥ན)


GLG019_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བློ་རྩེ་གཅིག་ཏུ་སྒྲིལ་དེ་འཁོར་གྱི་འོས། །དེ་ལྟ་ན་ཡང་སྲིད་པའི་ཕུན་ཚོགས་ལས། །འཕྲལ་གྱི་བདེ་བ་སྒྲུབ་པའི་མི་ཆོས་ཙམ། །བླ་ལྷག་འབྲས་བུ་ཚངས་དང་འཁོར་ལོས་སྒྱུར། །འགྱུར་པའི་སྡུག་བསྔལ་ཡིན་ཕྱིར་སྙིང་པོས་དབེན། །ཐབས་དང་ཤེས་རབ་རྩི་ཡིས་ཟིན་པ་ལས། །འཁྲུལ་པའི་འགྲོ་འདིའི་ལྕགས་ཁམས་སངས་རྒྱས་ཀྱི། །འཛམ་བུའི་གསེར་དུ་སྒྱུར་བའི་བྱེད་པ་པོ། །བཤེས་གཉེན་ཇོ་བོས་ཁྱེད་བོད་བླ་མ་ལ་ཐ་མལ་བའི་འདུ་ཤེས་ལས་མེད། ག་ནས་སྐྱེ་ཞེས་པའི་ཁུངས་ལྟར། ལ་རག་དེ་ཕྱིར་བསྟེན་པ་གཅེས། །ཡོངས་འཛིན་དེ་ཡང་བསླབ་གསུམ་དེ་ཉིད་རྟོགས། །སྙིང་བརྩེ་ལ་སོགས་ཡོན་སློབ་དཔོན་ཞང་བཙུན་དང་གཉན་སྟོན་གྱི་ལོ་རྒྱུས་པོ་ཏོ་བས་གསུངས་པ་ལྟར། ཏན་ཉེར་ལྡན་ཞིང་། །སློབ་བུ་དགེ་བའི་ཇོ་བོ་ལ་སྐད་ཆེན་པོས་གདམས་པ་ཞུས་པར། མན་ངག་བྱ་བ་དད་པ་ཡིན། །དད་པ་དད་པ་གསུང་པ་ལྟར། ཞིང་ས་དད་པ་ལ། །བརྟེན་ན་དོན་གཉིས་མྱུ་གུ་ཅིས་མི་འགྲུབ། །མཐུན་རྐྱེན་ཚོགས་གསོག་ཡན་ལག་བདུན་པ་དང་། །མཚན་མོའི་རིག་པའི་བདག་ཉིད་ཉིན་བར་མཐའ་དག་དང་། མཚན་མོའང་ཀུན་གྱི་སྟོད་སྨད་འདས་ནས་ནི། ཞེས་བཤེས་སྤྲིང་ལས་གསུངས་པ་ལྟར། ཐོག་མཐར་དགེ་སྦྱོར་ལ་བརྩོན་ཞིང་། །དབང་པོའི་སྒོ་སྡོམ་ཟས་ཀྱི་ཚོད་རིག་པ། །རྒྱུན་གྱི་སྤྱོད་ལམ་ཚུལ་ལ་གཟབ་པ་གཅེས། །མི་ཁོམ་སྐྱོན་བྲལ་འབྱོར་པའི་རྟེན་བཟང་པོ། །ཡང་ཡང་རྙེད་པར་འཕན་ཡུལ་སྨའི་ཕྱས་འཁར་གྱི་ལོ་རྒྱུས་ལྟར། དཀའ་བ་ཐོབ་དུས་འདིར། ཐོས་བསམ་སྒོམ་པའི་རྫིངས་ཀྱིས་འཁོར་བའི་མཚོ། །སྒྲོལ་བར་འཇུག་འདོད་སུ་ཞིག་བློ་དང་ལྡན། །སྐས་ཀྱི་གདང་བུར་འཛེག་པའི་གོ་རིམས་(༥བ)


GLG019_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །ཐེག་ཀུན་གཞི་མ་སྐྱེས་བུ་ཆུང་ངུ་དང་། །ཐུན་མོང་ལམ་གྱི་ཆོས་སྐོར་ཉམས་ལེན་པ། །དཱི་ཆོས་ཟབ་ཟབ་མོ་མང་པོས་བོད་རྣམས་བསླུས་པས། ལྷ་བཙུན་གྱི་བཞེད་པ་ལྟར་ཇོ་བོས་ལམ་སྒྲོན་མཛད། པཾ་ཀ་རའི་ལུགས་སྲོལ་བླ་ན་མེད། །ངེས་པར་འཆི་ཞིང་དུས་ཀྱི་ཆ་མེད་པར། །ཕ་རོལ་འགྲོ་ཚེ་དཀར་ནག་ལས་འབྲས་ཙམ། །མ་གཏོགས་ལུས་ཀྱང་རྗེས་སུ་མི་འབྲང་བའི། །ཚུལ་ལ་བསམ་པས་དགེ་བར་ངང་གིས་འཇུག །ད་ལྟའི་སྡུག་བསྔལ་ཕྲ་མོ་བརྣག་དཀའ་ན། །ངན་སོང་དུ༔ཁ་ཡུན་རིང་སུ་ཡིས་བཟོད། །དེ་ཕྱིར་དམྱལ་བཤེས་སྤྲིང་སློབ་སྤྲིང་སྤྱོད་འཇུག་སོགས་ལས་བཤད་པ་ལྟར། བ་ཡི་དྭགས་དུད་འགྲོ་ལས། །བཟློག་པར་མི་བརྩོན་སེམས་ལྡན་མིན་ནམ་ཅི། །ཟུག་རྔུའི་ནད་ལས་སྐྱོབ་ཕྱིར་སྨན་བསྟེན་ལྟར། །འཇིགས་ཀུན་བསྲུང་ཕྱིར་བསླུ་མེད་མཆོག་གསུམ་ལ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་ཤེས་བྱས་ནས། །ཚམ་ཚོམ་མེད་པོ་ཏོ་བས། འོ་སྐོལ་སངས་རྒྱས་ལས་མོ་མར་རྩིས་ཆེ་ཚུལ་གསུང་། པར་གཏན་གྱི་སྐྱབས་སུ་འགྲོ །སངས་རྒྱས་ཆོས་དང་དགེ་འདུན་སོ་སོ་ཡི། །སྐྱབས་ཤེད་བུ་སེར་སྐྱ་ཆུ་སྲིན་དུ་སྐྱེས་པ་དང་། མཉན་པ་བཟང་ལྡན་དང་། དཔེ་ཆ་ལ་སོ་དྲེག་བཀུས་པར་ཇོ་བོས་མ་བཟོད་པ་དང་འབྲོམ་གྱིས་ལྷན་པ་སེར་པོ་ཙམ་ཡང་དབུ་ཐོག་ཏུ་འཇོག་པའི་གཏམ་རྒྱུས་ལྟར། འགྲོའི་བསླབ་བྱ་ཕྲ་རགས་ཐམས་ཅད་ལས། །བདེ་སྡུག་འབྲས་བུ་འབྱུང་བའི་ཚུལ་བསམས་ནས། །ཤེས་བཞིན་བརྟན་པོས་བསླབ་ལ་ནན་ཏན་བྱ། །སྲང་མདའི་མཐོ་དམའ་ལྟ་བུར་བདེ་འགྲོ་དང་། །ངན་འགྲོར་འཕེན་པའི་དགེ་དང་སྡིག་པའི་ལུས་ཀྱི་གསུམ། ངག་གི་བཞི། ཡིད་ཀྱི་གསུམ། ལས། །རྣམ་ཡིད་ཆེས་ཀྱི་དད་པ་བརྟན་པོ། སྨིན་རྒྱུ་མཐུན་བདག་འབྲས་འབྱིན་པ་ལ། །ངེས་རྙེད་སྲུང་སྡོམ་ནན་དུ་བྱ་བར་རིགས། །ཆར་སྤྲིན་སྟུག་པོས་(༦ན)


GLG019_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གཡོགས་པའི་ལྷ་ལམ་དག །འཐོར་བྱེད་དྲི་ཡི་བཞོན་པས་མཐར་སྐྲོད་བཞིན། །གཉེན་པོ་སྟོབས་བཞིའི་བཤགས་པར་ནན་ཏན་དུ། །བསྐྱེད་ཆོས་བཞི་བསྟན་པའི་མདོ་དང་དཔུང་བཟང་གིས་ཞུས་པ་ལས་བཤད། ན་སྔོན་བྱས་སྡིག་པ་དྲུངས་ནས་འབྱིན། །དེ་ལྟར་དགེ་དང་སྡིག་པའི་བླང་དོར་གྱིས། །མངོན་པར་མཐོ་བའི་ལུས་བཟང་རྙེད་གྱུར་ཀྱང་། །ཟོ་ཆུན་ཁྱུད་མོ་བཞིན་དུ་ངན་སོང་དུ། །ལྡོག་ཕྱིར་གཏན་གྱི་བདེ་བར་ཅི་ཞིག་རུང་། །བདེན་བཞིའི་ཕན་གནོད་འཇུག་ལྡོག་ལེགས་བསམས་ནས། །སྲིད་པའི་ཕུན་ཚོགས་མཐའ་དག་མེ་འོབས་ལྟར། །འཁོར་བ་བཅིངས་ལས་གྲོལ་བར་འདོད་པ་ཡི། །སྐྱེས་བུ་འབྲིང་དང་ཐུན་མོང་འདི་རྨད་བྱུང་། །སྐྱེ་ཀརྨ་པས། རྒས་པ་ཁད་ཀྱིས་ཁད་ཀྱིས་འོང་བས་དྲག །དུས་གཅིག་ལ་འོང་ན་བསྲན་ཐབས་མེད་གསུང་། རྒ་ན་འཆི་འདོད་པ་བཙལ་མི་རྙེད། །མི་འདོད་ཕྲད་སོགས་རིགས་དྲུག་ཉམ་ང་ཀུན། །ཉེས་བརྒྱའི་འབྱུང་གནས་འཁོར་བའི་རང་མཚང་སྟེ། །སྡུག་བསྔལ་བསམས་ཏེ་དེ་རྒྱུ་ལས་དང་ཉོན་མོངས་པ་དུག་གསུམ་སོགས། ཀུན་འབྱུང་སྤོང་། །རྟེན་འབྲེལ་ལུགས་ཕུ་ཆུང་བས་རྟེན་འབྲེལ་ལུགས་འབྱུང་ལུགས་བཟློག་ལས་བརྩམས་པའི་ལམ་གྱི་རིམ་པ་མཛད། བཟློག་སྒྲུབ་རྟེན་ཚངས་སྤྱོད་ཁྲིམས། །ངེས་འབྱུང་རྐྱེན་གྱིས་བླངས་པའི་དགེ་སྦྱོང་གིས། །ལྷག་པའི་བསླབ་པ་གསུམ་པོ་ཉམས་བསྟར་པས། །ཐར་པའི་ཁང་བཟང་མཆོག་དེར་དགྱེས་རྒུར་སྤྱོད། །དེ་ལྟར་རང་ཉིད་འཁོར་བའི་བཙོན་ར་ལ། །མི་འཇིགས་གདེངས་ཚད་བརྙེས་ཀྱང་སྐྱེ་རྒུ་རྣམས། །སྲིད་མཚོར་མནར་ལས་འདོན་པའི་ཁུར་འཁྱེར་བ། །སྐྱེས་བུ་ཆེན་པོའི་ཆོས་ལུགས་(༦བ)


GLG019_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་ལམ། །གང་དེར་རྒྱུ་དང་འབྲས་བུའི་ཐེག་པ་ལས། །ཆེས་ཟབ་གསང་བ་སྔགས་ཞེས་རབ་གྲགས་ཀྱང་། །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་མ་སོང་བར། །མ་དུལ་གླང་པོ་ཞོན་ན་རང་ཉིད་ཕུང་། །མ་ཇོ་བོས་འབྲོམ་ལ། ཆོས་ཟབ་མོའི་གྲགས་པས་སྔགས་ལ་འཁྲུག །ལར་འཁོར་བའི་གཏིང་རྡོ་བྱས་ཀྱི་དོགས། །ཞེས་དང་། འབྲོམ་གྱིས་པོ་ཏོ་བར། ཁྱོད་ཚེ་འདིར་སྔགས་ལ་མ་འཇུག་གསུང་བ་སོགས། ཟབ་ཀྱང་དམ་ཚིག་ཉམས་ན་རྡོ་རྗེའི་དམྱལ་བར་སྐྱེ་བས། དེའི་ཡུན་དུ་ཕ་རོལ་ཏུ་ཕྱིན་པའི་ཚོགས་རྫོགས་པ་ལ་དགོངས། རིག་ཉོན་མོངས་འཐུག་པོས་ཆེར་སྦགས་པས། །དགྲ་གཉེན་བར་མ་དུ༔ཁས་མནར་བ་ལ། །དགའ་སྡུག་བཏང་སྙོམས་མིན་པར་ལུས་ཅན་ཀུན། །མར་ཤེས་དེ་ཡི་དྲིན་དྲན་གཟོ་བ་གཅེས། །དེ་ལྟར་ཀུན་ལ་བྱམས་པའི་སེམས་ཀྱིས་བསྒོས། །སྙིང་རྗེ་ཆེན་པོ་ནན་ཏུར་བསྒོམས་པ་ཡིས། །ལུས་ཅན་སྲིད་མཚོ་སྒྲོལ་བའི་ཁུར་འཁྱེར་བའི། །མི་དམན་ལྷག་བསམ་ཡུན་དུ་བསྲིང་བ་གནད། །རང་སློབ་དཔོན་ཙནྡྲ་གོ་མིས། ཏིག་ཏའི་སྡོང་པོ་ལ་བུ་རམ་གྱི་ཐིགས་པ་རེ་གཉིས་ཀྱིས་མངར་མི་ནུས་པ་ལྟར། ཉིད་སྡུག་བསྔལ་གསུམ་གྱི་དབང་གྱུར་ཕྱིར། །གཞན་དག་དེ་ལས་ཐར་པའི་མཐུ་དམན་པས། །ཐོག་མར་ཀུན་མཁྱེན་ཡེ་ཤེས་འཐོབ་པའི་ཆེད། །རྒྱལ་བའི་སྲས་ཀྱི་སྤྱོད་པ་རྣམས་ལ་བསླབ། །གཅེས་སྐོལ་གྱི་སྟོན་པ་ཀ་ཤིའི་རྒྱལ་པོར་གྱུར་ཚེ་ཕུག་རོན་ལ་ཤ་དང་། ཐམས་ཅད་སྒྲོལ་ལྟ་བུ། པའི་སྲོག་དང་རྟ་གླང་མཆིས་བྲང་བུ། །འོ་རིན་ཅེན་མཛོད་སོགས་ཟང་ཞིང་འབྱོར་པའི་ཟོང་། །རིགས་མེད་འདོད་ཅན་ཀུན་ལ་གཏོང་བྱེད་པའི། །སྦྱིན་ཟང་ཟིང་གིས་སྦྱིན་པས་གཞན་དག་དགའ་ཞིག་སྡུད་ལ། སྙན་པར་སྨྲ་བས་ཚུལ་དེ་སྟོན་ཅིང་མོས། དོན་སྤྱོད་པས་གཞན་དག་དེ་ལ་སྦྱོར། དོན་མཐུན་པས་རང་ཉིད་ཉམས་སུ་ལེན་པ་སྟེ་བསྡུ་བའི་དངོས་པོ་བཞི་ཕར་ཕྱིན་ལྷག་མ་རྣམས་ལ་ཡང་སྦྱར་རོ། །པའི་ཕ་རོལ་ཕྱིན་པ་ཕ་མཐའ་ཡས། །(༧ན)


GLG019_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གནོད་བཞི་བཅས་སྤོང་བ་ལས་བརྩམས་པའི། །སོ་ཐར་བྱང་སེམས་ཚུལ་ཁྲིམས་ཇི་སྙེད་པ། ཁས་བླངས་ཇི་བཞིན་འབྲོམ་གྱིས་སོ་སོར་ཐར་པ་སོ་སོ་སྐྱེ་བོས་སྲུང་ནུས་པ་དེ་བོར་ནས། ཞེས་ཐེག་ཆེན་པར་ཁས་ལེན་པ་འགའ་ལ་བཀའ་བཀྱོན་པ་དང་། ཇོ་བོས་སོ་ཐར་དང་འགལ་མ་མྱོང་། བྱང་སེམས་དང་སྔགས་སྡོམ་ལས་འགལ་བ་བྱུང་བ་རྣམས་ཞག་ཏུ་མ་འགྲོགས་ཞེས་གསུངས། སྲུང་དང་ལེགས་སྡོམ་པ། །མཐའ་ཡས་ཡོན་ཏན་བརྟེན་པའི་འཛིན་མ་འདྲ། །མི་བསྲུན་གདུག་པ་འཚེ་བའི་གནོད་པ་དང་། །དཀའ་སྤྱད་གཞན་དོན་སྒྲུབ་པའི་ངལ་བ་ལ། །དང་ལེན་བཟོད་ཞི་བ་ལྷས། སེམས་ཅན་མི་བསྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡོངས་མི་ལང་། ཁྲོ་བའི་སེམས་འདི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་ཆོམས་དང་འདྲ། ཞེས་པ་ལྟར་དང་། ཁོང་ཁྲོས་དགེ་རྩ་ཐམས་ཅད་འཇོམས་པས་ཤིན་ཏུ་ཉེས་པ་ཆེ། །ཤ་ར་པས་ཁམ་ལུང་པ་སྣེའུ་ཟུར་པ་གྲ་བ་པ་གསུམ་སྙན་ཁུང་འཐུག་པས་བདེ། གཞན་རྣམས་སྙན་སྲབ་པས་མི་བདེ་བ་བྱུང་བར་གསུངས་པ་དང་། འབྲོམ་ལ་འདིས་འདི་སྐད་ཟེར་བྱས་ན་ལྐོག་ཁ་བཙན་པོར་ཡང་གཏོང་གསུང་། པའི་གོ་ཆ་བཙན་པོ་འདི། དགེ་བའི་དངོས་པོ་མཐའ་དག་སྲུང་བར་ཤིས། །སེམས་མེད་ཉི་མ་ཟླ་བའི་བ་གམ་དག །དལ་པོ་ཏོ་བས་སེན་མོ་གྲུབ་པའི་ར་མདའ་དང་བྱང་པའི་ར་མདའི་དཔེ་གསུངས་པ་ལྟར། མེད་རླུང་གིས་ལྷ་ལམ་སྐོར་བྱེད་ན། །ཡུན་དུ་བརྩམས་པའི་བརྩོན་འགྲུས་བྱེད་པོ་ཡིས། །མི་གནས་མྱང་འདས་ས་དེར་ཅིས་མི་འཁྲིད། །བྱིང་རྒོད་དང་བྲལ་གཡོ་མེད་གསལ་བའི་མདངས། །(༧བ)


GLG019_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་རྣམ་བཀྲ་ལུས་སེམས་ཤིན་སྦྱངས་ཀྱི། །བདེ་སྟེར་དེ་ཁོ་ན་ཉིད་དམ། སྔགས་ཀྱི་རིམ་གཉིས་སོགས་གང་ལ་ཡང་འདི་ཉིད་དགོས་ཏེ། ཀ་མ་པ་ལ་ཤཱི་ལས་མར་མེ་དང་རླུང་གི་དཔེ་གསུངས་སོ། །སྟོང་ཉིད་བདེ་བ་ཆེན་པོའི་ལམ། །ཀུན་གྱི་གཞི་མ་བསམ་གཏན་ཕ་རོལ་ཕྱིན། །རྣམ་ཆོས་ཀུན་ལ་ཤེས་རབ་ཀྱིས་དཔྱོད་དགོས་པས། ཤ་ར་བས་སངས་མ་རྒྱས་བར་དུ་སློབ་གཉེར་ཚར་པ་མེད་གསུང་བ་དང་། རྣལ་འབྱོར་པས་སངས་རྒྱ་བ་ལ་པོ་ཏི་མཛོ་ཁལ་ཙམ་ལ་སློབ་གཉེར་བྱ་དགོས་པར་གསུང་སྐད། སྤྱིར་དོན་དམ་རྟོགས་པ། ཀུན་རྫོབ་གནས་ལྔ་རིག་པ་རྟོགས་པ། སེམས་ཅན་དོན་བྱེད་རྟོགས་པའི་ཤེས་རབ་སོགས་མང་ངོ་། །པར་དཔྱོད་པའི་ཤེས་རབ་རྣོན་པོ་ཡིས། །མཐའ་ཡས་ཆོས་རྣམས་རང་བཞིན་གྱིས་སྟོང་ཡང་། །ཐ་སྙད་རྟེན་འབྱུང་བསླུ་བ་མེད་པ་ཡི། །རྒྱུ་འབྲས་ཚུལ་ལ་ངེས་པའི་ངོ་མཚར་རྙེད། །རང་ཉིད་བསྐལ་ཆེན་གྲངས་མེད་གསུམ་གྱི་བར། །དཔལ་ལྡན་སྟོབས་བཅུའི་གོ་འཕང་སྒྲུབ་པའི་རིང་། །མར་གྱུར་ལུས་ཅན་མནར་བ་མ་བཟོད་ནས། །ཉེ་ལམ་འཇུག་འདོད་དབང་པོ་ཡང་རབ་དག །ཐུན་མོང་རྒྱུ་ཡི་ཐེག་པས་བློ་སྦྱངས་ནས། །འབྲས་བུ་རྡོ་རྗེའི་ཐེག་པར་བགྲང་ཡས་ཀྱང་། །འཕགས་ཡུལ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་། གངས་ཅན་མཁས་དབང་བློ་བཟང་གྲགས་པ་ཡི། །བཞེད་སྲོལ་རྒྱུད་ཀྱི་རྒྱལ་རྗེ་བླ་མས། གང་ཞིག་རྟོགས་ན་མཐའ་དག་གསུང་རབ་ལ། །མི་འཇིགས་སྒོམས་པ་མཆོག་སྟེར་འདུས་པའི་ལམ། །ཞེས་གསུངས། པོ་འདུས་པའི་ལམ། །འདི་ཉིད་གསང་སྔགས་ཡོངས་ཀྱི་ཕྱི་མོ་སྟེ། །ཡེ་ཤེས་ལྔ་ཡི་སྐུ་བཞིའི་ས་བོན་འཇོག་པས་དམ་ཚིག་ནི་སྲོག་ལྟར་བསྲུང་། ས་བོན་ཐེབས་པའི་ཆེད། །བརྡ་དོན་འཕྲོད་ངེས་དབང་བཞི་ནོད་པར་བྱ། །ཕྲ་རགས་(༨ན)


GLG019_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དུ་མཁྱེན་ཞིང་བྱང་སེམས་ཡུངས་འབྲུ་ཙམ་དུ་དཀྱིལ་འཁོར་ཡོངས་རྫོགས་སྒོམ་པ་སོགས། །རིམ་མི་གཡོ་ངེས་རྙེད་པ། །རོ་རྐྱང་དྲི་བཞོན་དྷཱུ་ཏཱིར་ཐིམ་པ་ཡི། །དགའ་ཡས་བབས་མས་བརྟན་གྱི་དགའ་བ་བཞིས་དྲངས་པའི། བས་ལུས་དབེན་ཏིང་འཛིན་ཉེར་དྲངས་ཤིང་། །གང་ཤར་རྡོ་དམ་པ་རིགས་བརྒྱ། དེ་ཉིད་རིགས་ལྔ། གསང་བ་རིགས་གསུམ། གསང་ཆེན་རིགས་གཅིག་པའི། རྗེ་འཆང་གི་སྐུ་རུ་འཆར། །དེ་ནས་སྲོག་རྩོལ་གསུམ་གྱིས་སྙིང་ཁ་ཡིས། །རྩ་འདུད་གྲོལ་བས་ངག་དབེན་ཏིང་འཛིན་སྐྱེ། །སེམས་ཕྱི་ནང་གི་རྐྱེན་གཉིས་ཀྱིས་དྲངས་པས། དབེན་ཐུགས་ཀྱི་རྡོ་རྗེའི་རླུང་སེམས་ལས། །རིམ་པ་གསུམ་པའི་མཚན་དཔེས་བརྒྱན་ཅིང་ནམ་མཁའ་མཛོད་ལ་མངའ་འབྱོར་པའི། སྒྱུ་ལུས་མངོན་དུ་བྱེད། །ལྷན་སྐྱེས་བདེ་བ་ཆེན་པོ་དྲངས་པ་ཡིས། །རིམ་པ་བཞི་པ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་དག་པར་བྱས་པས། དོན་གྱི་འོད་གསལ་དག །བསྐྱེད་མཚན་དཔེས་སྤྲས་པའི་དག་པ་སྒྱུ་མའི་སྐུ་དང་ཐུགས་དོན་གྱི་འོད་གསལ་གཉིས་དངོས་པོ་གཅིག་པའི། དེ་སློབ་པའི་ཟུང་འཇུག་རབ་འཐོབ་ནས། །མི་སློབ་རིགས་བརྒྱའི་ཁྱབ་བདག་མྱུར་དུ་འགྲུབ། ཁྱད་པར་གསང་བདེ་འཇིགས་གསུམ་ཟུང་འབྲེལ་དུ། །ཉམས་སུ་ལེན་པ་རྒྱལ་བློ་བཟང་གྲགས་པ། བའི་དགོངས་པ་སྟེ། མ་འགྲུབ་གྱུར་ན་རྡོ་རྗེ་འཇིགས་བྱེད་ཉིད། ཁྱད་པར་འཕགས་པས་འདི་ཉིད་གཅེས་པར་འཛིན། །གཞན་ཁྲོ་བོའི་དུས་སུ་ཡང་འཇམ་དཔལ་གྱི་ཞལ་ཡོད་པས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་གོ་ཆོད། གཏུམ་མོ་དང་སྒྱུ་ལུས་སོགས་ཕ་རྒྱུད་མ་རྒྱུད་གཅིག་ལ་གསལ་ཡང་གཅིག་ལ་མི་གསལ་བ་སོགས་འདིར་མཐའ་དག་གསལ་བས། ཡང་(༨བ)


GLG019_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་འཁོབ་ཡངས་པའི་ནོར་འཛིན་དེར། །ཚེགས་ཆུང་དོན་ཆེ་ཡན་ལག་བརྒྱད་པའི་ཁྲིམས། །སྐྱབས་གསུམ་དགེ་བསྙེན་ཡིག་དྲུག་བཟླས་སྐྱབས་གསུམ་དགེ་བསྙེན་ནི་བསྟན་པར་འཇུག་པའི་སྒོ་ཡིན་པས་ལེགས་ལ། ད་ལྟ་ཡོངས་རྫོགས་དགེ་བསྙེན་བླངས་པར་ཁས་འཆེ་བའི་རྟགས་སུ་གཟན་གྱོན་པ་དེ་ཡོད་འདུག་པ། སྲོག་གཅོད་ལོག་གཡེམ་ལ་མི་འཛེམ་པ་ཤས་ཆེ་བར་གདའ་བས་སྡིག་པའི་རྒྱུའོ། །ལུང་དང་། །ལས་འབྲས་དགེ་བོད་དུ་ཡང་པཎྜི་ཏ་ཤམ་ཐབས་སྔོན་པོ་ཅན་གྱིས་སྔགས་བཤད་པས་ཕལ་ཆེར་བསླབ་པ་འཆོལ་ཏེ་འདུལ་བའི་བསྟན་པ་ཉམས་པས། ཇོ་བོ་ཆེན་པོས་ཀྱང་སྐྱབས་འགྲོ་ལས་འབྲས་སོགས་གསུངས་ནས་ཕན་པ་དཔག་ཏུ་མེད་པ་བཏགས། དོ་ཧ་ཞེས་པའི་སྔགས་གསུངས་པར་བརྩམས་པས་འབྲོམ་སྟོན་རིན་པོ་ཆེས་བཀག་པ་དང་། མངའ་རིས་སུ་ལྷ་བཙུན་གྱིས་ཀྱང་སྔགས་མི་གསུང་བར་ཞུས་པ་རྣམས་དགོངས་གཞི་ཆེ་སྟེ། དཔེར་ན་གསང་སྔགས་ཀྱི་དབང་ད་ལྟ་ཅི་ཐོབ་བྱེད་པར་འདུག་སྟེ། དེ་ཐོབ་ནས་སྔགས་སྡོམ་སྲུང་དགོས་རབ་བྱུང་གི་སྡོམ་པ་བླངས་ནས་མ་སྲུངས་པ་འདྲ་བའི་སྟེང་ནས་ཉེས་དམིགས་དེ་ལས་ཀྱང་ཆེའོ། །སྡིག་ལ་སོགས་གཙོ་བོར་སྟོན། །འོན་ཀྱང་སྔགས་ལ་མོས་པའི་ལས་སད་པའི། །སྣོད་ལྡན་དག་ལ་གནས་སྐབས་མཐར་ཐུག་གི །དངོས་གྲུབ་ཐོབ་པའི་ཐབས་མཆོག་དུས་འཁོར། གསང་འདུས། བདེ་དགྱེས། དམར་ནག་འཇིགས་གསུམ། ཚེ་དཔག་མེད། རྟ་མགྲིན། རིག་གསུམ་མགོན་པོ། མགོན་ཆེན་སྡེ་བཞི། སློབ་པོ་ཆེན་པོ་ཨ་བྷཱ་ཡ་ཀ་རའི་ཐུགས་དམ་སྒྲུབ་ཐབས་རྒྱ་མཚོ་སོགས་ཡུལ་དེར་བདེ་ལེགས་འབྱུང་བ་དག་སྤེལ། ཡི་དམ་ལྷ། །གསང་སྔགས་སྐབས་དང་སྦྱར་ཏེ་སྤེལ་བར་བྱ། །མདོར་ན་དང་དུ་བླང་བར་དཀའ་བའི་ལས། །མི་བཟོད་ཐོག་ཏུ་བབས་པ་ཅི་བྱུང་ཡང་། །མཆོག་གསུམ་དམ་པ་སྙིང་ནས་བློ་བཀལ་ཏེ། །(༩ན)


GLG019_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པས་དོན་ཀུན་འགྲུབ་པར་འགྱུར། །ཨེ་མ་ལུགས་གཉིས་བྱ་བའི་མགྲིན་བཅུའི་གཟུགས། །བློ་གྲོས་བཻ་ཌཱུར་གསར་པའི་རྩིག་ངོས་ལ། །ཤར་ཚེ་ལྟ་བའི་ཧ་ནུ་མན་ཐ་དེ། །གཉིས་པ་སཱ་ལའི་ལྗོངས་འདིར་འཕོས་སྙམ་བྱེད། །གཉིས་སྐྱེས་རྒྱལ་པོ་གཅིག་གི་དཀྱིལ་འཁོར་གཟུགས། །འབུམ་ཕྲག་ཆུ་སྣོད་སོ་སོར་འཆར་བ་ལྟར། །མི་ཟད་ཤེས་བྱའི་ཚུལ་འདི་གྲངས་མང་ཡང་། །དཔྱོད་ལྡན་ཚད་མས་གཞལ་ནུས་མིན་པ་སུ། །སྡེ་བཞིའི་གནས་ཚུལ་ཚུལ་བཞིན་སྟོན་པའི་ཚིག །ཚིག་སྦྱོར་ཆེས་ཉུང་ཉུང་ངུའི་གཏམ་གྱི་འཕྲེང་། །འཕྲེང་བར་སྤེལ་ལེགས་ལེགས་ལམ་རྒྱན་གྱི་མཆོག །མཆོག་དམན་མཛེས་བྱེད་བྱེད་པོ་འདི་ན་བཀོད། །ཚངས་པའི་གསུང་ལས་འོངས་པའི་གཏམ་རྒྱུས་ལྟར། །ཤིང་རྟ་ཆེ་གཉིས་ཞལ་ལུང་ལམ་གྱིས་འགྲོས། །ལུགས་ཟུང་བྱ་བའི་ཤེལ་དཀར་མེ་ལོང་ལ། །འཆར་བའི་བྱེད་པོ་དགེ་སྦྱོར་སྐད་གཉིས་པ། །ཆོས་སྲིད་སྒྲོས་སུ་གླེང་འོས་དྲང་པོའི་གཏམ། །སྙིང་པོར་སྒྲིལ་བའི་དོན་གྱི་ཟླ་སྣང་གིས། །ཨུཏྤལ་དཀར་པོའི་འདབ་མ་འཛུམ་བྱེད་ན། །སེམས་ལྡན་སུ་ཞིག་རྒོལ་བའི་གོ་སྐབས་ཅི། །ལྷག་བསམ་རི་དགས་མིག་ཅན་བཞིན་རས་ངོས། །ཤེས་རབ་སྨིན་མའི་འཁྲི་ཤིང་གར་སྒྱུར་བའི། །ལེགས་བཤད་མིག་གི་རི་མོ་འཛུམ་པའི་དཀྱུས། །འདོད་ཅན་སྐྱེ་བོའི་སྙིང་ལ་འཇུག་གྱུར་ཅིག །ཅེས་ལུགས་གཉིས་ཀྱི་བླང་དོར་གསལ་བར་སྟོན་པ་ཤེལ་དཀར་མེ་ལོང་ཞེས་ཚིག་སྦྱོར་གོ་བདེ་བར་བྱས་པ་འདི་ཡང་། སྟོབས་ཀྱི་འཁོར་ལོ་ས་ལ་སྤྱོད་པའི་ཚངས་པ་མིའི་གཟུགས་ཅན་གང་གི་(༩བ)


GLG019_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རལ་པའི་ཅོད་པན། ལེགས་སྦྱར་སྐད་དུ་དྷ་རྨ་སྭཱ་མི་ཛ་ཡཱ་ཎཱཾ་ཀརྨ་ཞེས་པ་བོད་ཡུལ་དུ་ཆོས་རྗེ་རྒྱལ་བའི་འཕྲིན་ལས་པར་གྲགས་པ་དག་གིས་ནན་གྱིས་བསྐུལ་བ་ལ་བརྟེན་ནས། གངས་རིའི་ལྗོངས་འདིར་གནམ་གྱིས་བསྐོས་པའི་ཆོས་ལྡན་རྒྱལ་པོ་གོང་མ་སྡེ་སྲིད་ཕག་མོ་གྲུ་པ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དཔོན་བཅས་ཀྱི་མདུན་ན་འདོན། འཕགས་ཡུལ་པའི་རྒྱལ་རིགས་སཱ་ལ་པ་ཆེན་པོ་ཟ་ཧོར་གྱི་རིགས་ལས་སོན་ཞིང་། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རིང་ལུགས་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་ཅིང་། བཅུ་ཕྲག་རིག་པའི་གནས་ཕྱོགས་ཙམ་མཐོང་བའི་བན་དྷེ་སྙོམ་ལས་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས། ས་སྐྱོང་ཞེས་པ་ཤིང་མོ་བྱའི་ལོ་ཆུ་ཤེལ་གྱི་དབང་པོ་ནག་པའི་དགའ་མ་དང་རྩེ་བའི་དབྱངས་ཨིི་འཆར་བའི་ཚེས་ལ། ཁ་བའི་རྡུལ་མང་བརྩེགས་པའི་ལྟེ་བ། སྡེ་བཞིའི་སྒོ་འཕར་ཅིག་ཅར་དུ་ཕྱེ་བའི་རྡོ་རྗེ་གདན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །ཨོཾ་སྭསྟི་བྲ་ཛཱ་བྷྱ༔ གྲངས་མེད་འགྲོ་ལ་ཉེར་འཚོའི་དཔྱིད་ཀྱི་སྤྲིན། །ཕུལ་བྱུང་ཕན་བདེའི་ཆར་རྒྱུན་སྙན་པའི་རྔ། །ཅིག་ཅར་གྲུབ་པའི་རྫོགས་ལྡན་གསར་པའི་མགྲོན། །འབོད་མཁས་རྣམ་འདྲེན་ཟས་གཙང་སྲས་པོ་རྒྱལ། །དབྱིག་གི་བློ་གྲོས་མ་འདིར་སྟོབས་བཅུའི་རྩལ། །ལས་བཟང་སོར་རྩེས་བསྐྲུན་མིན་དཔེ་བྲལ་གར། །མཁས་རློམ་གྲགས་པའི་མུ་ཁྱུད་སྐྱེངས་བྱེད་པའི། །རྒྱལ་བའི་ཏོག་གྱུར་བཙོང་ཁ་པ་ལ་འདུད། །རིང་ནས་བསོད་ནམས་(༡༠ན)


GLG019_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བཻ་ཌཱུར་ཚོང་ཟོང་གིས། །རྣམ་པར་གཞལ་བའི་རྗེ་བཙུན་དབང་གི་རྒྱལ། །ཐུབ་བསྟན་རྒྱལ་མཚན་རྩེ་མོར་མཆོད་པའི་འོད། །རྒྱ་མཚོའི་གོས་ཅན་ཀུན་ཏུ་འབར་ལ་འདུད། །ལེགས་པའི་ལམ་གྱི་སྐྱེད་ཚལ་དོ་ར་རུ། །དལ་བརྒྱད་འབྱོར་བཅུ་གྲུབ་པའི་ས་མོས་ཚལ། །མཐོན་པོའི་རིགས་ཀྱི་ཡལ་འདབ་སྤུད་པ་ལ། །བླང་དོར་བསིལ་ཟེར་ཚུལ་འདིས་བཞད་དོ་ཀྱེ། །རང་བསྲུང་ཕ་རོལ་གཞོམ་སོགས་རྒྱལ་ཐབས་ཀྱི། །སྣ་ཚོགས་བྱ་བ་སྒྲུབ་པའི་ཆོས་ཉིད་དུ། །སྣང་ཡང་ལྕགས་ལ་གསེར་འགྱུར་རྩི་བཞིན་དུ། །རྒྱལ་ཁྲིམས་ཆོས་སུ་སྒྱུར་བ་གནད་དུ་གཅེས། །གནས་སྐབས་མཐར་ཐུག་ཉེར་འཚེའི་རྒྱ་མཚོ་ལས། །སྒྲོལ་བྱེད་གྲུ་གཟིངས་དཀོན་ཅོག་རིན་ཅེན་ལ། །བཅོས་མིན་སྙིང་ནས་དད་པའི་གདུང་ཤུགས་ཀྱིས། །ཉིན་མཚན་ཀུན་ཏུ་སྐྱབས་འགྲོར་བརྩོན་པར་རིགས། །རྒྱལ་བས་ཁྱིམ་པར་བསྔགས་པའི་སོ་སོར་ཐར། །ངེས་འབྱུང་རླན་གྱིས་བསྐྲུན་པའི་ཚུལ་ཁྲིམས་འབྲས། །སྐབས་འཚམ་དུས་དང་སྦྱར་ཏེ་ལེགས་སྲུང་བ། །མངོན་མཐོའི་གོ་འཕང་འཐོབ་པའི་རྒྱུ་རུ་ཤིས། །ལུས་སྲོག་འཚེ་བས་ཉེན་ལ་མི་འཇིགས་པའི། །སྦྱིན་དང་འཕོངས་པར་མཁོ་དགུའི་འབྱོར་པ་ཡིས། །ཚིམ་པར་བྱེད་པ་སྟོབས་དང་ལྡན་རྣམས་ཀྱི། །རླབས་ཆེན་བསོད་ནམས་སྒྲུབ་ལ་མངོན་པར་མཐོ། །སྦྱིན་དང་ཚུལ་ཁྲིམས་བཟོད་སོགས་དགེ་བའི་ལས། །ཇི་སྙེད་བསགས་པ་སྟོབས་བཅུའི་གོ་འཕང་མཆོག །ཐོབ་བྱེད་རྒྱུ་ཡི་གཙོ་བོ་བྱང་ཆུབ་སེམས། །ཐེག་ཆེན་ལམ་གྱི་སྲོག་ཡིན་བརྩོན་པ་སྐྱེད། །ཚེ་གཅིག་སངས་རྒྱས་སྟེར་བྱེད་སྔགས་ཀྱི་ཚུལ། །རྗེ་(༡༠བ)


GLG019_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་འཇམ་དཔལ་སྙིང་པོའི་གདམས་པའི་མཐིལ། །དཔལ་ལྡན་རྡོ་རྗེ་འཇིགས་བྱེད་རིམ་གཉིས་ལམ། །དལ་འགྲོའི་རྒྱུན་ལྟར་ཆད་མེད་ཉམས་ལེན་མཛོད། །ལྷག་པའི་བསམ་པས་བསྒྲུབས་ན་དགེ་བའི་ཚོགས། །ཆུང་ངུར་གྱུར་ཀྱང་འབྲས་བུ་མཐའ་ཀླས་ཤིང་། །ཉེ་བར་འཁོད་རྣམས་དེ་ཡི་རང་བཞིན་དུ། །རྣམ་པར་སྦྱོར་བའི་དགེ་བ་བླ་ན་མེད། །མཆོག་དམན་བར་མའི་འབངས་ལ་བྱམས་བརྩེའི་འཛུམ། །ལྷུག་པར་བསུས་པའི་ག་བུར་གསར་པའི་ཐིགས། །ཀུན་གྱི་སྙིང་ལ་དྲན་པའི་བསིལ་ངད་ཅན། །དགའ་བདེས་ལན་ཅིག་མིན་པར་བརླན་པར་མཛོད། །མི་བསྲུན་སྐྱེ་བོའི་བག་མེད་སྐྱིན་ཐང་གིས། །སྐྱེ་འགྲོའི་ཕན་བདེའི་ལོ་ཏོག་འཇོམས་བྱེད་ན། །རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འོད་སྟོང་གིས། །མངའ་འབངས་ཡིད་ཀྱི་ཀུནྡ་ལྕི་བར་མཛོད། །ཆེན་པོའི་སྲིད་ཀྱི་བྱ་བ་སྒྲུབ་པ་ལ། །དཔའ་མཛངས་རྟུལ་ཕོད་ལྡན་པའི་མདུན་ན་འདོན། །ཅང་ཤེས་དུ་མ་གཅིག་ཏུ་བགྲོས་པའི་ངག །ལེགས་པའི་ཆ་ཀུན་བསགས་ཏེ་འབད་པར་རིགས། །རྣམ་འདྲེན་ཟས་གཙང་སྲས་པོའི་བསྟན་པའི་དཔྱིད། །མཉམ་མེད་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི། །རིང་ལུགས་དྲི་མེད་དེ་འཛིན་འདུས་པའི་སྡེར། །མི་ལྷོད་གུས་པའི་བསམ་པ་བརྟན་པར་མཛོད། །ཤེས་རབ་ཀུན་གསལ་ཡངས་པའི་ཨཱ་དརྴ། །བླང་དོར་གར་དུ་རྩེ་བའི་ཉིན་མོར་བྱེད། །འགོག་མེད་གསལ་བར་ཤར་བའི་སྒྱུ་མ་མཁན། །ལྷ་ལྡན་གཙུག་ལག་བྱ་འདབས་ངོས་ནས་དགེ །ཞེས་པ་འདི་ཡང་གནམ་བྱིང་གིར་རྒྱལ་པོའི་རིགས་ལས་དད་སྟོབས་ལྡན་པ་ཨེར་(༡༡ན)


GLG019_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ན་ཧུང་ཐའི་ཇིས་བསྐུལ་བ་ལ་བརྟེན་ནས། ཤཱཀྱའི་རིང་ལུགས་པ་ངག་དབང་བློ་བཟང་རྒྱ་མཚོས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་ཉེ་འདབས་སུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །དལ་འབྱོར་རྟེན་གྱི་མེ་ལོང་དངས་པའི་ངོས། །གཏན་མདུན་ཡིད་འོང་སྣང་བརྙན་འཆར་བའི་ཐབས། །རྣམ་དཀར་ཉལ་འགྲོ་ཐོད་དུ་མེས་པོ་བཞིན། །བསྟེན་ན་མི་དགེའི་དྲི་མ་ངང་གིས་འཁྲུད། །འདི་སྣང་ཙམ་གྱི་བདེ་འབྲས་སྨིན་པ་ཡང་། །སྐྱབས་མཆོག་དཔྱིད་ཀྱི་མ་མར་རག་ལུས་ན། །གྲངས་མེད་སྐྱེ་བར་བསྒྲུབས་པའི་ལེགས་བྱས་ཀུན། །མཆོག་གསུམ་དམ་པའི་མཐུ་ལས་གཞན་དུ་ཅི། །དེ་ཕྱིར་ཆོས་སྲིད་བསྒྲུབ་བྱའི་ཞིང་ས་ལ། །རྒྱུ་འབྲས་བླང་དོར་ཚུལ་བཞིན་ཉམས་བསྟར་པའི། །ས་བོན་བསྐྲུན་ཚེ་འདི་ཕྱིའི་ཕན་བདེའི་འབྲས། །ལྷུན་གྱིས་འགྲུབ་པ་ནན་ཏན་སྙིང་པོར་རིགས། །ཐུན་གྱི་ཐོག་མར་འཁོར་བའི་ཆུ་གཏེར་ལས། །བསྒྲལ་ཕྱིར་སྙིང་ནས་སྐྱབས་སུ་འགྲོ་བ་དང་། །གཞན་ཕྱིར་སེམས་སྐྱེད་སྡིག་ལྟུང་དག་བྱེད་པའི། །ཚོགས་སོག་གཟུངས་སྔགས་ཕྱག་མཆོད་གསོལ་འདེབས་བྱ། །ཚེ་དཔལ་སྐྱེད་ཅིང་བྱང་ཆུབ་སྩོལ་བའི་ལྷ། །བཟླས་བརྗོད་ལྷུར་ལེན་བར་ཆད་སེལ་བྱེད་པའི། །ཆོས་སྲུང་གསོལ་མཆོད་དགེ་རྩ་བསྔོ་བ་རྣམས། །ཉིན་ཞག་ཕྲུགས་གཅིག་དགེ་སྦྱོར་རིམ་པ་ཁྲིགས། །ཆོས་སྲིད་པད་དཀར་ཀུནྡ་འབྱེད་འཛུམ་གཉིས། །ཅིག་ཅར་འགལ་ཡང་འཇིག་རྟེན་ཟླ་ཟེར་གྱིས། །དམ་ཆོས་པད་འདབ་སྙིགས་པར་མི་འགྱུར་བའི། །གཏམ་གྱི་བདུད་རྩི་ཡིད་ལ་སིམ་པར་བྱོས། །ཞེས་(༡༡བ)


GLG019_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ཡང་ཁྱམས་སྟོད་པ་དོན་གཉིས་ལྷུན་གྲུབ་ཀྱི་ངོར་ཟ་ཧོར་གྱི་བནྡྲེས་བྲིས། འཆི་མེད་དཔལ་སྟེར་ཡིད་བཞིན་འཁོར་ལོའི་ཞབས། །ལེགས་བཤད་འདོད་པར་འཇོ་བའི་དབྱངས་ཅན་མ། །ངེས་ལེགས་ལ་སྦྱོར་ཕྱག་ན་པདྨའི་ཞབས། །ལྷག་པའི་ལྷ་ཀྱེ་ཁྱོད་ལ་དགེ་ལེགས་སྩོལ། །བསོད་ནམས་གསེར་གྱི་འཁོར་ལོ་རྩིབས་སྟོང་གིས། །སྟོབས་ཀྱི་དཔུང་པས་ས་ལ་དབང་སྒྱུར་བའི། །འཇམ་དབྱངས་གོང་མའི་རིགས་སུ་ཉེར་སོན་པ། །ཨེ་མ་ངོ་མཚར་ལས་ཀྱང་ངོ་མཚར་རྨད། །དེང་སང་རྩོད་ལྡན་ལྔ་བརྒྱའི་སྙིགས་དུས་འདིར། །མཐོ་དམན་བར་པའི་ཉེ་རིང་འགྲོ་བ་ལ། །མཛེས་ཤིང་བག་ཕེབས་ཁོང་གྲིམས་རང་དོན་རྣམས། །འཕྱུག་མེད་གནད་དང་ལྡན་པའི་འགྲོགས་ལུགས་གཅེས། །གསུང་འཇམ་ཞི་དུལ་སྙན་པར་སྨྲ་བ་ཡིས། །དགྲ་གཉེན་བར་མའི་བློ་སེམས་འཁྲིད་མཁས་པའི། །མཛངས་པའི་འཕྲུལ་གྱིས་རྒྱལ་ཐབས་ལེགས་སྒྲུབ་པ། །རྣམ་དཔྱོད་གོས་སེར་ཅན་ལ་འགྲན་པར་མཛོད། །ཞི་བའི་ཐབས་ཀྱིས་འབད་ཀྱང་མི་ཐུལ་བའི། །མི་བསྲུན་ལོག་པར་འཁུ་བའི་དགྲ་སྡེའི་དཔུང་། །སྙིང་སྟོབས་རྩལ་གྱིས་འཇོམས་ལ་ཆེས་དཔའ་བ། །ལྷ་ཆེན་གཙུག་ན་ཟླ་བའི་ངང་ཚུལ་ཟུངས། །བློ་གྲོས་ཞིབ་མོས་ཡང་ཡང་བརྟགས་པ་ཡིས། །ཞི་དང་དྲག་པོར་བརྩམས་པའི་བྱ་བ་གང་། །མ་གྲུབ་བར་དུ་དཀའ་བ་ཁྱད་གསོད་པའི། །ཚངས་པ་རྒན་པོའི་བློ་ལྟར་རྟུལ་ཕོད་མཛོད། །ལུགས་གཉིས་ཡོན་ཏན་ཀུན་གྱི་གཞི་རྟེན་མཆོག །འཕགས་བོད་རྒྱ་ཧོར་ཡུལ་སོགས་གྲངས་མེད་ཀྱི། །སྐད་དང་(༡༢ན)


GLG019_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་རིགས་བརྡ་ལ་བྱང་ཆུབ་པ། །མཐོ་རིགས་སརྦ་ཛྙཱ་ཡི་རྒྱུད་འཛིན་མཛོད། །འཕོང་སོགས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཡིས། །སྟོབས་ལྡན་གྱད་ཀྱི་རིགས་ཅན་མ་ལུས་པའི། ཁེངས་པ་ཅིག་ཅར་འཕྲོག་ནུས་སྲིད་སྒྲུབ་དང་། །རཱ་མ་ཎ་ཡི་ངང་ཚུལ་ཇི་བཞིན་མཛོད། །ཀུན་ལ་སྤྱི་སྙོམས་ཁྲིམས་ཀྱི་འོད་གསལ་ཡང་། །སྒེར་བལྟོས་པད་དཀར་གཞོན་ནུ་འཛུམ་ནུས་ཤིང་། །ལོག་སྒྲུབ་འབྱུང་པོའི་བྱ་རྣམས་ལོང་བྱེད་པར། །རྩོལ་མེད་ལྷུན་གྲུབ་ཉི་མ་ལྟ་བུར་མཛོད། །གཏམ་གྱིས་ཡིད་གསོ་ཟང་ཟིང་ནོར་མང་སྟེར། ཁས་ཞན་དབུགས་ཕྱུང་ཐབས་མཁས་མཛད་པ་ཡིས། །མཚོ་ལ་ངང་པ་ཇི་བཞིན་སྐྱེ་རྒུ་ཀུན། །འབད་མེད་ངང་གིས་འདུ་བའི་ཐབས་འབད་མཛོད། །ངེས་པའི་གཏན་ཚིགས་ལྡན་པ་སྙིང་གི་གྲོགས། །འགྱུར་མེད་གུས་ལྡན་འཁོར་གཡོག་མ་གཏོགས་པ། །གང་ལ་བྱ་བྱེད་བཟའ་བཏུང་གསང་བའི་གཏམ། །ཞིབ་མོར་དཔྱད་པའི་ངག་དང་ལྡན་པ་གནད། །ཚེ་སྒྲུབ་བར་ཆད་སེལ་བའི་དགེ་སྦྱོར་དང་། །སཱ་ཚ་སྦྱིན་གཏོང་མདོ་སྒྲོག་བསྐང་བཤགས་སོགས། །རིམ་གྲོ་སྨན་དང་ཟས་ཀྱི་སྤྱོད་ལམ་གྱིས། །དལ་འབྱོར་ཡུན་རིང་འཚོ་བའི་ཐབས་ཚུལ་མཛོད། །ལན་གཅིག་བསྲུངས་ཀྱང་ལྷ་མིའི་ལུས་འཐོབ་ཅིང་། །ཐར་པ་ཐོབ་བྱེད་ཉ་སྟོང་བརྒྱད་གསུམ་གྱིས། །བསྙེན་གནས་ཡན་ལག་བརྒྱད་པའི་ཆོ་ག་ལ། །འབད་པས་སྒྲུབ་པ་གཏན་གྱི་མདུན་མའི་གཞི། །དཀའ་ཚེགས་ཆུང་ངུས་མཆོག་གི་དངོས་གྲུབ་གང་། །རྩོལ་མཛད་ཡི་དམ་འཕགས་མཆོག་སྤྱན་རས་གཟིགས། །སྙིང་པོ་ཡི་གེ་དྲུག་པའི་བཟླས་རྗོད་ལ། །མ་ཡེངས་ཆུ་བོའི་རྒྱུན་བཞིན་འབད་པར་(༡༢བ)


GLG019_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ། །བླ་མ་སངས་རྒྱས་བྱང་སེམས་གསོལ་འདེབས་དང་། །སྨོན་ལམ་སྡིག་བཤགས་ཕྱག་དང་སྐོར་བ་སོགས། །བགྱིད་འོས་རྣམ་པར་དཀར་བའི་དགེ་བ་དག །རང་གཞན་བྲེལ་བའི་དུས་དང་བསྟུན་པ་གཅེས། །སྐུ་གཟུགས་མཆོད་རྟེན་བཀའ་དང་བསྟན་བཅོས་ཀྱི། །གླེགས་བམ་བཞེང་དང་དགེ་འདུན་བསྙེན་བཀུར་ཞིང་། །ཕོངས་ལ་སྦྱིན་གཏོང་སྲོག་སླུ་ཚེ་ཐར་སོགས། །དགེ་བ་རྒྱ་མཚོའི་རླབས་ལྟར་ཡོལ་མེད་མཛོད། །དེ་ལྟར་ཚུལ་བཞིན་ལྷག་བསམ་དག་པ་ཡིས། །བསྒྲུབས་ན་མཆོག་གསུམ་དམ་པའི་ཐུགས་རྗེ་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་ཡིས། །འདི་ཕྱིའི་ལེགས་ཚོགས་འགྲུབ་པར་འདོན་མི་ཟ། །གང་གི་ཚེ་དཔལ་སྟོབས་འབྱོར་མ་ལུས་པ། །འཕེལ་ཞིང་ཕྱི་མ་དག་པའི་ཞིང་མཆོག་ཏུ། །སྐྱེ་བའི་བདེན་ཚིག་སྨོན་ལམ་དགེ་སྦྱོར་གྱི། །སྐྱབས་འཇུག་ཡིད་ལ་ཡུན་དུ་འགྲོགས་པར་བྱེད། །དེ་ལྟར་ལུགས་ཟུང་འགྲུབ་བྱར་འོས་པའི་གཏམ། །སྙན་པའི་སྒྲ་དབྱངས་འབྱིན་པའི་ཀུ་ཀེ་ལ། །ས་སྤྱོད་རིགས་ལྡན་ཁེ་ཤིང་ཆིང་ཝང་གི །དྲུང་དུ་ཚིག་གི་གཤོག་རླབས་བསྐྱོད་དེ་སོང་། །ཞེས་ཆོས་སྲིད་ཟུང་ལྡན་གྱི་བསླབ་བྱ་མེས་པོའི་ཞལ་ལུང་ཞེས་པ་འདི་ནི་འཇམ་དབྱངས་གོང་མ་རྒྱལ་པོའི་རིགས་ལས་དཔྱོད་ལྡན་ཁ་ཤིང་ཆིང་ཝང་གི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡྷེས་ཕོ་བྲང་ཆེན་པོ་པེ་ཅིང་དང་ལེ་བར་བདུན་བརྒྱ་ཙམ་གྱིས་ཆོད་པའི་ས་བྱང་ཕྱོགས་ཏལ་སྒར་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ལྟ་བས་མི་ངོམས་མཚན་དང་དཔེ་བྱད་སྐུ། །སྲིད་ཞིའི་གདུང་སེལ་ཡན་ལག་དྲུག་(༡༣ན)


GLG019_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཅུའི་གསུང་། །མ་ལུས་ཆོས་ཀུན་དྲི་མེད་མཁྱེན་པའི་ཐུགས། །རྣམ་འདྲེན་གཙོར་གྱུར་ཟས་གཙང་སྲས་ལ་འདུད། །རྙེད་དཀའ་འཇིག་སླ་དོན་ཆེ་དང་ལྡན་པའི། །དལ་འབྱོར་རིན་ཅེན་ལན་གཅིག་ཐོབ་དུས་འདིར། །འཇིགས་རུང་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །བསྒྲལ་ཕྱིར་གཏན་གྱི་མདུན་མ་བསྒྲུབ་པར་རིགས། །ལེགས་བྱས་དཔུང་པས་སྟོབས་ལྡན་རྒྱལ་པོ་ཡི། །རིགས་སུ་སྐྱེས་རྣམས་ཚེ་འདིའི་བྱ་གཞག་ཀུན། །དོར་ནས་དམ་ཆོས་འབའ་ཞིག་ལྷུར་ལེན་པ། །ཚུལ་བཞིན་སྒྲུབ་པའི་སྐལ་པ་ཆེས་ཕྲ་ཡང་། །བདེ་གཤེགས་སྐུ་གསུང་ཐུགས་རྟེན་བཞེང་བ་དང་། །དགེ་འདུན་མཆོད་ཅིང་འཕོངས་པར་སྦྱིན་པར་གཏོང་། །མི་དང་དུད་འགྲོའི་སྲོག་སྐྱོབ་ཚེ་ཐར་དང་། །རང་གིས་དུས་ཁྲིམས་སྲུང་ཞིང་ཡིག་དྲུག་སོགས། །ལུས་ངག་ཡིད་གསུམ་དགེ་ལ་སྤྱོད་པ་དང་། །འབངས་རྣམས་བདེར་སྐྱོང་དགེ་བའི་སྲོལ་གཏོད་སོགས། །རྒྱ་ཆེ་རྣམ་སྨིན་དཀར་པོར་འཛག་ནུས་པའི། །ཐབས་མཁས་འཕྲུལ་གྱི་བྱེད་པོ་གཅིག་གིས་ཀྱང་། །ཕན་བདེའི་གདུགས་དཀར་སྲིད་རྩེར་འཁོར་ནུས་ཞེས། །མ་འདྲིས་ཀུན་ལ་བརྩེ་བའི་སངས་རྒྱས་ཀྱིས། །ལན་ཅིག་མིན་པར་གསུང་རབ་མང་པོ་རུ། །བསྟན་པ་འདི་ཀོ་བསླུ་མེད་ངེས་པའི་གསུང་། །འདི་ནི་རྒྱ་མཚོའི་མཐས་གཏུགས་ནོར་འཛིན་ལ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རིགས་སོན་པ། །གང་དེའི་རྣམ་པར་དཀར་བའི་གངྒཱའི་རྒྱུན། །ཞི་བའི་ཆུ་གཏེར་ཆེན་པོར་འབབ་ཕྱིར་བྲིས། །ཞེས་པ་འདི་ནི་མ་ག་དྷ་བཟང་མོ་དང་ཚུལ་མཚུངས་པའི་ནོར་འཛིན་དབང་མོ་གུ་རུ་ན་ཀོང་ཇོས་བསྐུལ་(༡༣བ)


GLG019_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ངོར་ཟ་ཧོར་གྱི་བནྡྷེས་བྱང་ཕྱོགས་ཏལ་སྒར་སྦྱར། ཕུན་ཚོགས་འདོད་པའི་རེ་སྐོང་དབང་གི་རྒྱལ། །དྲན་པས་ཚེ་ཡི་དཔལ་སྟེར་རྒྱལ་བའི་ཡུམ། །ཡིད་བཞིན་འཁོར་ལོ་རྣམ་པར་རྒྱལ་མ་སོགས། །ལྷག་པའི་ལྷ་ཡིས་ཁྱོད་ལ་རྟག་ཏུ་སྲུངས། །མངོན་མཐོའི་དལ་འབྱོར་རྒྱུ་སྐར་འཕྲེང་བའི་དབུས། །རྨད་བྱུང་ཟ་ཧོར་རིགས་ཀྱི་ཟླ་སྣང་གཟུགས། །མཁྱེན་དཔྱོད་རྣམ་པར་ཡངས་པའི་འོད་དཀར་གྱིས། །འཕྲལ་ཡུན་བདེ་བར་ཀུནྡ་བཞད་འདི་མཚར། །རྐང་འཐུང་ཁྲོད་ན་དཔག་བསམ་ཡོང་འདུ་ལྟར། །ཤིན་ཏུ་རྙེད་དཀའི་རྟེན་བཟང་ཐོབ་པ་འདི། །དོན་མེད་ངང་དུ་སྟོང་ཟད་མ་སོང་བར། །ཡང་དག་སྙིང་པོ་སྒྲུབ་པའི་ཚུལ་འདི་གསོན། །དཀོན་ཅོག་སྐྱབས་འགྲོ་བྱང་ཆུབ་སེམས་བསྐྱེད་པ། །སྔོན་དུ་བཏང་བའི་སྒོ་ནས་ཚོགས་གསོག་དང་། །སྡིག་ལྟུང་མི་དགེ་ཟུངས་ནས་དབྱུང་བའི་ཕྱིར། །གཉེན་པོ་སྟོབས་བཞིའི་བཤགས་པར་ནན་ཏན་མཛོད། །ལྷ་མིའི་ལུས་རྟེན་འཐོབ་པ་ཚུལ་ཁྲིམས་ལ། །རག་ལས་ཕྱིར་ན་བྱ་སླ་ཚེགས་ཆུང་ཞིང་། །དོན་ཆེན་སྒྲུབ་པ་ཡན་ལག་བརྒྱད་པའི་ཁྲིམས། །ཉ་སྟོང་བརྒྱད་གསུམ་ཀུན་ཏུ་སྲུང་བར་མཛོད། །དངོས་སུ་བཤམས་པའི་སྐུ་གསུང་ཐུགས་རྟེན་ལ། །མེ་ཏོག་བདུག་སྤོས་མར་མེ་བྱུག་པའི་དྲི། །ལྷ་བཤོས་རོལ་མོ་སོགས་ཀྱིས་ལེགས་མཆོད་པའི། །གྲངས་མེད་བསོད་ནམས་ཚོགས་ཆེན་སྤེལ་བར་མཛོད། ཁྱད་པར་འཕྲུལ་སྣང་བསམ་ཡས་ཁྲ་འབྲུག་སོགས། །བོད་འབངས་ཡོངས་ཀྱི་བསོད་ནམས་ཞིང་མཆོག་ལ། །གསེར་ཆབ་སྙན་ཤལ་མར་མེའི་ཕྲེང་བ་ཡིས། །(༡༤ན)


GLG019_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ཚོགས་རྒྱ་མཚོའི་རླབས་ལྟར་ཡོལ་མེད་མཛོད། །ཚུལ་ཁྲིམས་རྣམ་པར་དག་པའི་དགེ་འདུན་ལ། །བསྙེན་བཀུར་སྟོན་ཅིང་བྱིན་རླབས་ཆེས་ལྷག་པའི། །སྨན་བླའི་མདོ་ཆོག་མཁན་ཆེན་ཞི་འཚོའི་གསུང་། །ལྷད་མེད་རྒྱས་པ་འདོན་དུ་འཇུག་པར་མཛོད། །མངའ་འབངས་ཚོགས་རྣམས་བྱམས་པས་ལེགས་སྐྱོང་ཞིང་། །རི་རྒྱ་ཀླུང་རྒྱ་མི་ཕྱུགས་སྲོག་སྐྱོབ་དང་། །དབུལ་འཕོངས་ནད་པ་ཉམ་ཐག་འགྲོ་བ་ལ། །བཟའ་བཏུང་སྨན་སོགས་སྦྱིན་གཏོང་ཕན་གདགས་མཛོད། །མཆོད་རྟེན་མན་ཁང་ལ་སོགས་ཞིག་གསོས་དང་། །རྡོ་ལྷ་སྤྱན་འབྱེད་ལམ་འཕྲང་ཟམ་པ་འཆོས། །ཚེས་བཅུའི་མཆོད་པ་ཡིག་དྲུག་འདྲེན་པ་སོགས། །འགྲོ་མང་ཐབས་ཀྱིས་དགེ་ལ་སྐུལ་བར་མཛོད། །ཡུན་རིང་འཚོ་གཞེས་ཆེད་དུ་ཚེ་སྒྲུབ་དང་། །བར་ཆད་སེལ་ཕྱིར་ལྷག་པའི་ལྷ་བསྙེན་ཅིང་། །སཱཙྪ་འདེབས་ཤིང་གཏོར་མ་རྒྱ་རྩ་གཏོར། །བོད་ཀྱི་ཆོས་སྐལ་ཡིག་དྲུག་འདྲེན་པ་མཛོད། ཁྲག་མཁྲིས་རླུང་དང་བད་ཀན་ལ་སོགས་པ། །གང་ཆེ་དེ་ཡི་གཉེན་པོ་བསྟེན་པ་དང་། །སྐུ་ལ་འཇུག་པའི་ཟས་དང་སྤྱོད་ལམ་སོགས། །སྨན་པ་མཁས་པའི་ངག་བཞིན་སྤང་བླང་མཛོད། །གདུགས་དཀར་ཤེར་སྙིང་སྒྲོལ་མ་ཚེ་གཟུངས་དང་། །བཀའ་འགྱུར་ཆོས་སྐྱོང་གཏོར་བསྔོ་བསྐང་བ་མདོས། ཁྲོ་འཆར་ཟློག་པ་སྲི་གནོན་ལྟོ་བཅོས་སོགས། །ཟབ་རྒྱས་སྐུ་རིམ་རྣམས་ལ་གཡེལ་མེད་མཛོད། །དེ་ལྟར་རང་གིས་བྱེད་དང་གཞན་བྱེད་དུ། །འཇུག་ཀྱང་དགེ་བ་ཐ་དག་རྫོགས་བྱང་དུ། །བསྔོ་ཞིང་སྨོན་ལམ་དག་པས་འཚམས་སྦྱར་ཏེ། །མི་ཟད་འབྲས་བཟང་རྒྱ་ཆེར་སྤེལ་(༡༤བ)


GLG019_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛོད། །ཉམས་བཞེས་གསལ་འདེབས་ཚིག་ཉུང་དོན་གསལ་འདི། །ཟ་ཧོར་རིགས་ལྡན་དབང་མོ་ཨ་ནེ་དྲུང་། །པད་དཀར་ཆོས་ཉིད་བཟང་མོའི་ཐུགས་དམ་དུ། །ཟ་ཧོར་བནྡྷེ་ཚངས་སྲས་བཞད་པས་བྲིས། །ན་མོ་མཉྫུ་བཛྲ་ཤྩ་སཱ་ར་སྭ་སྟྱཻ། །བགྲང་ཡས་ཤེས་བྱར་སྲིད་པའི་ནམ་མཁའི་མཐའ། །ཀུན་གཟིགས་མཁྱེན་པའི་དགུ་ཚིགས་ཞགས་པ་ཡིས། །ལེགས་འཆིང་འཇམ་དཔལ་རྡོ་རྗེ་ངག་གི་ལྷ། །དབྱངས་ཅན་དགའ་མར་བཅས་པས་འགྲོ་འདི་སྐྱོངས། །ཐོས་བསམ་སྒོམས་པའི་གཟིངས་ཀྱིས་སྲིད་པའི་མཚོ། །རབ་བསྒྲལ་དམ་པའི་སྐྱེས་རབ་ནོར་བུའི་དཔྱ། །ལེགས་རྙེད་ཐེག་ཆེན་རིགས་ལྡན་རྒྱལ་བའི་སྲས། །འགྲོ་ཀུན་འདྲེན་སླད་བརྩོན་པའི་གོ་ཆ་གྱོན། །བདག་དང་གཞན་དུ་བརྗེ་བའི་སྨན་གྱི་མཆོག །སྒྲིབ་གཉིས་ནད་བརྒྱ་འཇོམས་པའི་བདུད་རྩིའི་གཏེར། །རྣམ་པ་ཐམས་ཅད་མཁྱེན་པ་སྒྲུབ་པའི་སྲོག །འཚོ་བྱེད་རླབས་ཆེན་སྤྱོད་པ་རྟག་ཏུ་བསྟེན། །བསྐལ་མང་བྱ་དཀའི་ཚེགས་ལ་བལྟོས་མིན་པའི། །སྨིན་གྲོལ་ཆོས་ཀྱི་ཉིན་བྱེད་འོད་པོ་ཆེ། །ཟུང་འཇུག་སྐུ་བཞིའི་པད་དཀར་རབ་བཞད་ཚེེ། །འཆི་མེད་རྡོ་རྗེའི་གླུ་དབྱངས་རྣ་བར་འཇེབས། ཁྱད་པར་དཔང་སྟོན་ཐམས་ཅད་མཁྱེན་པའི་རིགས། །དབྱངས་ཅན་དགའ་བའི་འཇིགས་མེད་ཀུན་མཁྱེན་དེའི། །ལུང་དང་རྟོགས་པའི་བསྟན་པ་ཀུན་བཟོད་མ། །རྣམ་དཔྱོད་རུས་སྦལ་ཁུར་གྱིས་འདེགས་པར་མཛོད། །སྒྲ་ཚད་རིག་པ་བརྒོལ་ངན་སྤོབས་པ་འཕྲོག །བཟོ་དང་གསོ་བས་གདུལ་བྱ་རྗེས་སུ་འཛིན། །སྟོབས་བཅུའི་གོ་འཕང་མངོན་བྱེད་ནང་དོན་ཏེ། །པཎ་ཆེན་གྲགས་པའི་(༡༥ན)


GLG019_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ས་ཁྱོད་ཀྱིས་དྲུངས། །གངས་ཀྱི་རི་བོ་དཀར་བའི་རང་བཞིན་ལ། །བསིལ་སྦྱིན་མཁན་པོའི་འོད་ཀྱིས་གསལ་བྱེད་ལྟར། །མཁས་གྲུབ་དབང་པོར་སྐུལ་བའི་ཚིག་གི་འཕྲེང་། །དཔྱོད་ལྔ་བཞེད་པའི་རེ་བ་བསྐང་ཕྱིར་སྤེལ། །ཞེས་པ་འདི་ནི་ཡོངས་རྫོགས་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་འཇིགས་མེད་གྲགས་པའི་བསྟན་འཛིན་སྦྱོར་ར་སྤྲུལ་པའི་སྐུ་རྡོ་རྗེ་སྙིང་པོའི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། ཨོཾ་སྭསྟི་སིདྡྷཾ། བསྐལ་བཟང་སངས་རྒྱས་རབ་གསལ་ལྔ་བརྒྱའི་དུས། །ངུར་སྨྲིག་གར་མཛད་ཀུན་མཁྱེན་བུ་སྟོན་ཞབས། །སླར་སྤྲུལ་བསྟན་པའི་སྲོག་ཤིང་མཚར་པ་རྗེ། །ཡབ་སྲས་བརྒྱུད་པར་བཅས་པ་རྟག་ཏུ་རྒྱལ། །རང་ཉིད་ཆོས་བརྒྱད་འཁོལ་པོའི་གཞན་དབང་གི །དལ་འབྱོར་དོན་མེད་སྟོང་པར་འཛད་བཞིན་དུ། །བླང་དང་དོར་བྱ་སྨྲེང་གསོལ་སྨྱོན་པ་ཡིས། །ཤེས་ལྡན་གཞན་གྱི་ཉེས་པ་སེལ་བ་བཞིན། །འོན་ཏེ་གཙང་སྟོད་ཞ་ལུའི་ཆོས་གྲྭ་ནས། །སྨིན་གྲོལ་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་མཆོག །མཁས་ཤིང་གྲུབ་བརྙེས་གསུང་གི་ཉི་ཟེར་གྱིས། །སྨྲ་བའི་བང་མཛོད་འདབ་བརྒྱ་ཅི་ཡང་འཛུམ། །མགོན་ཁྱོད་འཇིག་རྟེན་ཚུལ་ལུགས་སྨོས་ཅི་དགོས། །ན་ཚོད་ཕྲ་ནས་དམ་པའི་ཡོངས་འཛིན་གྱི། །རྗེས་བཟུང་ཐོས་བསམ་སྒོམ་པའི་རྩེར་སོན་པས། །རྒྱ་མཚོར་ཆུ་ཡི་ཐིག་པས་ཅི་ཞིག་བྱ། །དེ་ལྟ་ན་ཡང་ཆེས་ཆེར་སྙིགས་པ་ཡི། །བློ་དམན་རྗེས་འཇུག་(༡༥བ)


GLG019_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ལ་ཕན་པའི་ཆེད། །འདི་འདྲ་བསྐུལ་ཞིང་བརྩོམས་པ་སྔོན་དུས་ཀྱང་། །བྱུང་ཕྱིར་འགལ་བ་མེད་སྙམ་ཅུང་ཟད་འགོད། །ཚེ་འདི་བློ་ཡིས་བཏང་བའི་ལྷ་ཆོས་དང་། །འདི་སྣང་སྲིད་ལ་ཞེན་པའི་མི་ཆོས་གཉིས། །ཕལ་ཆེར་ཚ་གྲང་ལྟ་བུར་འགལ་བས་ན། །ལྷན་ཅིག་སྒྲུབ་པ་བྱེ་མའི་ཆངས་བུ་བཞིན། །འོན་ཀྱང་བཀའ་གདམས་གོང་མ་མི་ལ་སོགས། །ཚེ་འདིའི་འཁྲི་བ་རྦད་ཀྱིས་ཆོད་རྣམས་དང་། །མཚུངས་མིན་དེང་དུས་རིས་མེད་གྲུབ་པའི་མཐའི། །རྗེས་ཞུགས་ཕལ་ཆེར་ཆོས་སྲིད་ལྷན་ཅིག་སྤྱོད། །དུས་ངན་སྐྱེ་བོའི་སླུ་འདྲིད་གཡོ་སྒྱུ་དང་། །སྙིང་ནས་དད་ཅིང་གུས་པའི་ངང་ཚུལ་གཉིས། །བྱ་བྱེད་གཏམ་དང་སྤྱོད་ཚུལ་རགས་པ་ཡིས། །རྟོགས་མིན་བརྟག་ཅིག་ཞིབ་མོར་དཔྱོད་པ་གནད། །ཤ་ཚར་རློམ་པའི་དྲང་པོའི་གཏམ་གྱི་མདས། །བཅོལ་ཆུང་སྙིང་ག་རྨས་ཏེ་དང་མའི་དགྲར། །འཛིན་པ་མང་ཕྱིར་དུས་ངན་སྐྱེ་བོ་ཡི། །བློ་དང་བསྟུན་པའི་མོལ་མཆིད་འགྲོགས་ལུགས་གཅེས། །བདག་གིར་བཟུང་བའི་གྲྭ་སློབ་འཁོར་འབངས་ལ། །ཟོལ་འགྲོགས་ངོ་བཟུང་འཕྲལ་དུ་མཐུན་གྲུབ་ཀྱང་། །ཕུགས་མར་བསྒྲུབས་པའི་འབྲས་བུ་ཆུད་འཛའ་བས། །དྲང་པོའི་གཏམ་གླེང་བཟང་ངན་དབྱེ་བ་འབྱེད། །ཟང་ཟིང་ནོར་དང་ས་གཞིས་འཛིན་སྐྱོང་རྣམས། །སྙིགས་དུས་དགོན་སྡེ་སྐྱོང་ལ་ཉེར་མཁོ་བས། །རང་ཉིད་གཅིག་པུའི་ཆེད་མིན་དགེ་འདུན་གྱི། །འཚོ་བའི་མཐུན་རྐྱེན་བསྒྲུབ་ལ་ཉེས་མེད་སྙམ། །འཕགས་པའི་ཡུལ་ལྟར་བསོད་སྙོམས་ཁོ་ནའི་ཟས། །ཉིན་བཞིན་སློང་སྟེར་བོད་(༡༦ན)


GLG019_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཆེས་དཀའ་བས། ཀུན་སྤངས་དབེན་ས་བསྟེན་ཀྱང་ཟས་གོས་ཀྱི། །མཐུན་རྐྱེན་ཙམ་ཞིག་སྒྲུབ་ལ་ཀླན་ཀ་སུ། །དགྲ་གཉེན་ངེས་མེད་བསམས་ན་ཆགས་སྡང་གིས། །ཕྱོགས་རིས་འཁོར་བར་འཁྱམས་པའི་གཞི་ཡིན་ཀྱང་། །བཏང་སྙོམས་ཆོས་རྗེས་ཁོ་ནར་འབྲང་བ་དེས། །དུས་ངན་ཚེ་འདི་འབྱིད་པ་དཀའ་མོར་སྣང་། །གནས་མལ་བཟའ་བཏུང་སྨན་གྱི་བཅུད་ལེན་དང་། །བསྲུང་བཟློག་རིམ་གྲོ་འཁོར་གྲོགས་སྤྱོད་ལམ་གྱིས། །དལ་བའི་རྟེན་བཟང་རིང་པོར་འཚོ་བའི་ཐབས། །འདི་ཕྱིའི་དོན་གང་སྒྲུབ་ཀྱང་གལ་པོ་ཆེ། །བློ་གྲིམས་སྙིང་སྟོབས་རྩལ་ལག་འཇམ་རྩུབ་སོགས། །ཕ་རོལ་བྱ་སྤྱོད་དང་བསྟུན་སྒྱུ་ཐབས་འཕྲུལ། །སྲིད་སྐྱོང་གཞན་སྡེ་འདུལ་ལ་ཉེར་མཁོ་ཡང་། །ཧ་ཅང་ཐལ་ན་དམ་པའི་ཆོས་དང་འགལ། །ཀྱེ་མ་སྲིད་པའི་བདེ་བ་ཕུན་ཚོགས་ཀྱང་། །བརྒྱ་བྱིན་སླར་ཡང་ངན་སོང་ལྷུང་བ་བཞིན། །སྦྲང་མའི་སྦྲང་རྩི་ལྟ་བུའི་ཡ་མ་བརླར། །བློ་ལྡན་སུ་ཞིག་འབད་པས་ཅི་སྟེ་སྒྲུབ། །མཚན་དཔེའི་མཛེས་སྐུ་ཚངས་པའི་གསུང་དབྱངས་ཅན། །ཤེས་བྱ་ཇི་ལྟ་ཇི་སྙེད་ཀུན་མཁྱེན་པ། །ཐུབ་དབང་དཔལ་གྱི་མགུར་ལས་བསྩལ་པའི་བཀའ། །བསླུ་མེད་གཏན་འདུན་སྒྲུབ་པ་རབ་ཀྱི་ཕུལ། །སྒྲ་ཚད་བཟོ་གསོ་མདོ་རྒྱུད་བསྟན་བཅོས་མཚོ། །རྣམ་དཔྱོད་གཟིངས་ཀྱིས་དཔོགས་ནུས་དེ་སྲིད་དུ། །ལེགས་བཤད་ནོར་བུ་འཚོ་བའི་སྙིང་སྟོབས་ཀྱིས། །བགྲོད་པ་དེ་ཡང་དམ་པའི་ངང་ཚུལ་ཡིན། །བསྟན་ལ་གཅེས་ཤིང་འགྲོ་ལ་ཉེར་བརྩེ་བས། །ཐོས་དོན་བསམས་པའི་སྨིན་གྲོལ་(༡༦བ)


GLG019_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་མན་ངག །སྣོད་དང་ལྡན་ལ་ལྷུག་པར་སྟོན་པ་ཡི། །འཆད་ཉན་འདི་ཀོ་ཕན་བདེའི་རྩ་བར་ངེས། ཁྱད་པར་རྡོར་དབྱིངས་དཔལ་རྩེ་དུས་འཁོར་སོགས། །རྣལ་འབྱོར་རྣལ་འབྱོར་བླ་ན་མེད་རྒྱུད་ཀྱི། །གར་ཐིག་དབྱངས་དང་སྒྲུབ་མཆོད་རབ་ཏུ་གནས། །སྦྱིན་སྲེག་ཕྲ་རགས་ཕྱག་ལེན་མི་ནུབ་སྤེལ། །བུ་སྟོན་ཡབ་སྲས་མཚར་ཆེན་མཁྱེན་བརྩེ་སོགས། །མཁས་གྲུབ་གོང་མ་རྣམས་ཀྱི་བཞེད་པའི་སྲོལ། །ཐུན་མོང་མིན་པའི་ཟབ་ཆོས་ཕྱག་བཞེས་རྣམས། །སྲིད་མཐར་མི་ཉམས་དར་རྒྱས་བརྩོན་པ་གཅེས། །འབད་པས་བཙལ་མིན་ཟང་ཟིང་སྦྱིན་གཏོང་དང་། །ཚུལ་ཁྲིམས་གཙང་ཞིང་གཞན་ཡང་དེ་ལ་འགོད། །དགེ་ཚོགས་རྩ་བ་དྲུངས་འབྱིན་ཁོང་ཁྲོའི་མཚོན། །བཟོད་པའི་གོ་འདི་གཏན་བདེའི་འདུན་མར་འཁུམས། །ཆོས་སྲིད་ཆེ་ཆུང་བྱ་བ་གང་སྒྲུབ་ཀྱང་། །ལེ་ལོའི་དབང་གྱུར་ཡིད་ཀྱི་འདུན་པར་ལུས། །བརྩོན་འགྲུས་རླུང་གི་རྟ་ལ་ཉེར་ཞོན་ན། །ཚ་ཟེར་ཅན་གྱིས་ཉིན་བཞིན་གླིང་བཞི་འཁོར། །འདི་ཕྱིའི་ཕན་བདེའི་རྩ་བ་བཤེས་གཉེན་དུ། །གསུང་རབ་དགོངས་འགྲེལ་བཅས་ལས་ལེགས་གསུངས་ན། །དཔལ་ལྡན་ཆོས་སྐྱོང་བཞེད་སྲོལ་ལམ་ཟབ་ཀྱི། །རྣལ་འབྱོར་མཆོག་ལ་སྤྱོད་འདི་སྐལ་བ་བཟང་། །མ་རྒྱུད་གསང་མཐའ་དགྱེས་མཛད་ཧེ་རུ་ཀ༔ འདུས་པ་རྣམ་གཉིས་དུས་དགྲའི་དབང་པོ་སོགས། །སྔ་ཕྱིར་འགྱུར་བའི་ཡི་དམ་དཀྱིལ་འཁོར་ལྷའི། །བསྙེན་ཅིང་སྒྱུབ་མཆོད་བདག་འཇུག་ལེན་པར་བྱ། །ཚེ་སྤེལ་འབྱོར་པའི་རེ་སྐོང་ལྷག་པའི་ལྷ། །བཟླས་པས་རྒྱུད་བསྐུལ་དངོས་གྲུབ་(༡༧ན)


GLG019_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་དང་། །ལྷག་པར་ཕུར་ཐོགས་དྲག་པོའི་སྒྲུབ་པ་ཡིས། །ནག་ཕྱོགས་བདུད་སྡེའི་དམག་དཔུང་འཇོམས་ལ་ཤིས། །སྤྱི་སྒོས་བསྟན་དར་རྣལ་འབྱོར་ཆོས་སྒྲུབ་པར། །གླགས་ལྟའི་དགྲ་དཔུང་འཇོམས་ལ་རྡོ་རྗེའི་ཐོག །གུར་ཞལ་བཀའ་སྡོད་ལས་གཤིན་རབ་བརྟན་མ། །བསྟན་སྲུངས་བསྙེན་སྒྲུབ་མཆོད་བཤགས་སྐང་བར་འབད། །ཡང་སྒོས་མུ་སྟེགས་ཉི་མ་གྲུབ་པ་སོགས། །ཐལ་བར་བརླག་མཛད་རྣམ་མང་ཐོས་པའི་སྲས། །རྟག་ཏུ་ལུས་དང་གྲིབ་མ་ལྟར་འབྲངས་ན། །མཆོད་བསྙེན་སྐང་བ་འཕྲིན་བཅོལ་ནན་ཏར་མཛོད། །ངན་སོང་གནས་ལ་སྙིང་ནས་མ་འཇིགས་པར། །ལྷ་མིའི་བདེ་བར་ཞེན་ལོག་ག་ལ་འབྱུང་། སྲིད་པ་འཁོར་བར་གནས་ན་སྡུག་བསྔལ་གྱི། །ཟོ་ཆུན་འཁྱུད་མོ་འདི་ལས་སུ་ཞིག་ཐར། །ཚུལ་དེ་འཇུག་ལྡོག་བྱེད་ནུས་དལ་བའི་རྟེན། །རྙེད་དཀའ་དོན་དང་ལྡན་པར་ལེགས་རྟོགས་ནས། །སྡིག་སྤོང་དགེ་སྒྲུབ་འགྲོ་རྣམས་མར་ཤེས་ཏེ། །ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་མཆོག་སྒོམས། །ལྔ་གསུམ་བཅོ་ལྔའི་ཉམས་སོགས་འཇམ་རྩུབ་ཀུན། །ཡང་དག་ལམ་དུ་གྲོལ་བས་སངས་རྒྱས་ཀྱི། །གསང་གསུམ་དག་པ་འཁོར་ལོར་འབྱམ་ཀླས་པའི། སྣང་གསུམ་ལམ་འདི་སྐལ་བཟང་རོ་བརྒྱའི་བཅུད། །གདོད་ནས་བློ་འདས་བྱར་མེད་གཞི་དུས་ལྷར། །མ་ཤེས་འཁྲུལ་སྣང་སྤྱོད་བྱེད་ལམ་བསྒོམས་པས། །བཅུ་གསུམ་རྡོ་རྗེའི་འབྲས་བུ་གཡུར་ཟ་བ། །ཐུན་མོང་ལམ་ལས་ཁྱད་འཕགས་འདི་རྨད་བྱུང་། །བུམ་པའི་དབང་གིས་སྦྱང་གཞི་ལུས་ཀྱི་རྩ། །(༡༧བ)


GLG019_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བྱེད་ལམ་བཟང་སྣང་སྟོང་ལྷའི་དཀྱིལ་འཁོར། །རབ་གསལ་རང་བཞིན་ལྷན་སྐྱེས་ངོ་འཕྲོད་ནས། །ཕྲ་རགས་སྐྱེད་རིམ་གནད་ལ་སྒྲོ་འདོགས་བཅད། །གསང་བའི་དབང་གིས་སྦྱང་གཞི་ཡི་གེའི་གཟུགས། །སྦྱོང་བྱེད་ལམ་བཟང་གསལ་སྟོང་བདག་བྱིན་རློབས། །ཉམས་མྱོང་རང་རིག་ལྷན་སྐྱེས་ངོ་འཕྲོད་པས། །རྩ་རླུང་གཏུམ་མོའི་གནད་འགག་ཉམས་འོག་ཆུད། །གསུམ་པའི་དབང་གིས་སྦྱང་གཞི་དང་མའི་ཁམས། །སྦྱོང་བྱེད་ལམ་བཟང་བདེ་སྟོང་འཁོར་ལོ་ཡིས། །འབར་འཇག་ཞུ་བདེ་ལྷན་སྐྱེས་མངོན་གྱུར་བའི། །བཅུ་དྲུག་དགའ་བཞི་དབབ་ལྡོག་ཕོ་ཉའི་ལམ། །མཆོག་དབང་བཞི་པས་སྦྱང་གཞི་སྙིང་པོ་རླུང་། །སྦྱོང་བྱེད་ལམ་བཟང་རྦ་རླབས་རྣམ་གསུམ་དོན། །མཐར་ཕྱིན་རྣམ་ཀུན་མཆོག་དང་ལྡན་པའི་ས། །སྔགས་ལམ་ལ་རྙེད་ཕྱག་ཆེན་མཚན་ཉིད་ལྡན། །རྣལ་འབྱོར་མཆོག་གི་ལམ་བཟང་ཉམས་བསྟར་ཚེ། ཁམས་འདུས་གསུམ་གྱི་གཞི་ཡི་འཕྲང་གེགས་ལ། །སྤྱོད་པ་རྣམ་གསུམ་ལམ་གྱིས་བོགས་བཏོན་པས། །ལྟས་ངན་གཡང་དུ་ལེན་པའི་གནད་འདི་ཟབ། །ཚེ་འདིར་འཇའ་ལུས་འོད་སྐུར་མ་གྲོལ་ན། །འདའ་དཀའི་ལམ་གྱིས་དག་པའི་ཞིང་བགྲོད་ཅིང་། །གལ་ཏེ་སྲིད་པ་བར་དོའི་འཕྲང་འགྲིམ་ཚེ། །དྲན་པ་རྣམ་གསུམ་ལམ་གྱི་ངོ་འཕྲོད་གཅེས། །གང་དེ་ཉམས་འོག་ཚུད་པའི་ཚོད་འཛིན་ལ། །སྒྱུ་མ་རྨི་ལམ་ཉིན་མཚན་ཁོར་ཡུག་ཅན། །ཚོགས་བཤད་སྤང་སྤོས་ངད་ཙམ་ལྡང་མིན་པའི། །སློབ་བཤད་ལི་ཤིའི་དྲི་བསུང་སྤྲོ་བའི་ལུགས། །ཕྱོགས་རེ་ཙམ་མིན་ཐུབ་པའི་(༡༨ན)


GLG019_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཀུན། །ཡོངས་སུ་རྫོགས་པའི་ཚད་མ་བཞི་ལྡན་ཆོས། །ཉམས་སུ་བླངས་པས་ཚེ་འདིར་རྡོ་རྗེ་འཆང་། །མངོན་དུ་གྱུར་པའི་དགའ་སྟོན་ཨེ་མ་མཚར། །དགེ་འདིས་རང་ལུས་སྣང་སྟོང་ལྷ་སྐུར་ཤར། །ངག་གི་གྲགས་སྟོང་སྔགས་ཀྱི་རང་སྒྲ་སྒྲོག །སེམས་ཉིད་གསལ་སྟོང་རྡོར་སེམས་རང་ངོ་ཤེས། །དུས་ཀུན་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །ཅེས་བཤད་སྒྲུབ་ཐོས་བསམ་སྒོམ་གསུམ་འདི་ཕྱིའི་དགེ་ལེགས་སུ་འགྱུར་བའི་འཁོར་ལོ་གསུམ་གྱི་བྱེད་ལུགས་སློབ་དཔོན་སྔས་ཁ་མ་དེ་ནང་བཞིན་བསྒྲུབ་ཆོག་པ་ཞིག་དགོས་ཞེས་འགྲོ་བའི་མ་རིག་སེལ་བའི་རྟེན་འབྲེལ་དུ་གསེར་གྱི་མིག་ཐུར་གྱི་རྟེན་དང་བཅས་ཏེ་བུ་སྟོན་ཐམས་ཅད་མཁྱེན་པའི་ཆོས་ཀྱི་གདན་ས་པ་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །སངས་རྒྱས་རྣམས་ཀྱི་མཁྱེན་བརྩེ་ནུས་པ་ཀུན། །གཅིག་བསྡུས་རིགས་གསུམ་སྒྱུ་དྲའི་གར་མཁན་ཅན། །ཆོས་ཀྱི་འཁོར་ལོས་སྒྱུར་རྒྱལ་བཙོང་ཁ་པ། ཁམས་གསུམ་འགྲོ་བའི་བླ་མས་རྟག་ཏུ་སྐྱོངས། །སྲིད་བདེའི་བདེ་སྤེལ་སྡུག་བསྔལ་སྤོང་བའི་ཐབས། །བླུན་རྨོངས་བྱོལ་སོང་རྣམས་ཀྱང་སྒྲུབ་མཁས་ན། །བླང་དང་དོར་བྱར་བལྟ་བའི་མིག་ཡངས་པའི། །མངོན་མཐོའི་རྟེན་ལྡན་སུ་ཞིག་དོན་དུ་གཉེར། །དལ་འབྱོར་རྙེད་དཀའ་འཇིག་སླ་ལས་འབྲས་ཟབ། །ངན་སོང་སྡུག་བསྔལ་(༡༨བ)


GLG019_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མེ་འོབས་ལྟར་མཐོང་ནས། །བསླུ་མེད་དཀོན་ཅོག་གསུམ་ལ་སྐྱབས་འགྲོ་ཞིང་། །སྙིང་པོ་སྟོབས་བཞིའི་བཤགས་པ་ནན་ཏར་འབད། །མངོན་མཐོ་ལྷ་མིའི་གོ་འཕང་ཉེར་ཐོབ་ཀྱང་། །འཆི་མེད་གཙོ་ཡང་གནས་ངན་ལེན་སྲིད་ན། །འཁོར་བའི་ཕུན་ཚོགས་ཀུན་ལ་ཡིད་ཕྱུང་སྟེ། །ལམ་བཟང་བསླབ་པ་གསུམ་གྱི་ཉམས་ལེན་གཅེས། །རང་ཉིད་གཏན་བདེའི་གོ་འཕང་ཙམ་ཐོབ་ཀྱང་། །སྐྱེ་བར་དྲིན་གྱིས་བསྐྱངས་པའི་མར་གྱུར་འགྲོ །སྡུག་བསྔལ་རྒྱ་མཚོར་བྱིངས་ལ་སྙིང་རྗེ་ཆེས། །ཉེར་དྲངས་སྨོན་འཇུག་བྱང་ཆུབ་སེམས་མཆོག་སྐྱེད། །སྦྱིན་སོགས་ཕར་ཕྱིན་དྲུག་གིས་རང་གི་རྒྱུད། །ལེགས་པར་སྨིན་ནས་བསྡུ་བའི་དངོས་པོ་བཞིས། །གཞན་རྒྱུད་རྣམ་པར་གྲོལ་བའི་ཐབས་ཆེན་པོ། །རྒྱལ་སྲས་དམ་པའི་རྣམ་ཐར་ལེགས་པར་སྐྱོངས། །ཐུན་མོང་ལམ་གྱི་རྒྱུད་སྦྱངས་སྣོད་རུང་ནས། །རྡོ་རྗེ་ཐེག་པའི་ལམ་བཟང་ཉམས་ལེན་གྱི། །གཞན་དུ་གྱ་ཚོམ་གསང་སྔགས་ལ་འཇུག་པ། །མནོག་ཆུང་ཉེན་ཆེ་ཞིབ་མོར་དཔྱོད་པ་གནད། །མདོར་ན་འདི་ཕྱིའི་ལེགས་ཚོགས་གང་སྒྲུབ་ཀྱང་། །རྒྱུ་འབྲས་ལ་འཛེམ་སྙིང་རྗེས་རྒྱུད་བརླན་ཞིང་། །སྣང་སྟོང་དབྱེར་མེད་ལྟ་བས་རྒྱས་ཐེབས་པའི། །བཀའ་གདམས་གོང་མའི་རྣམ་ཐར་སྐྱོང་བར་མཛོད། །ཅེས་པ་འདིའང་སྐྱིད་ཤོད་ཆོས་རྗེའི་སྤྲུལ་པའི་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་གསུང་གི་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་པ་འཇམ་དབྱངས་སོ། །ཤེས་བྱར་སྲིད་ཀུན་ཡོངས་མཁྱེན་འཇམ་ཞིང་དུལ། །(༡༩ན)


GLG019_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་དབྱངས་བདུན་མགྲིན་འཁྲོལ་ངག་གི་ལྷ། །ངུར་སྨྲིག་གར་གྱིས་རོལ་བའི་རྡོ་རྗེ་འཛིན། །དཔལ་འབྱོར་ལྷུན་གྲུབ་སྙིང་དབུས་ཟེའུ་འབྲུར་བཞུགས། །ཚེ་རབས་མང་པོར་ཆོས་དཀར་བསགས་པའི་མཐུས། །བློ་བཟང་གྲགས་སྙན་ཆེས་འབར་བཙོང་ཁ་པའི། །རྨད་བྱུང་བསྟན་པ་རིན་ཅེན་སྒོར་ཞུགས་ཁྱོད། །མ་ཡེངས་རྣ་བའི་དབང་པོ་བློགས་ཏེ་ཉོན། །མི་ཁོམ་གནས་བརྒྱད་སྨག་རུམ་སྟུག་པོའི་དབུས། །དལ་འབྱོར་གློག་འོད་སྐད་ཅིག་འགྱུ་བ་ཡིས། །རྙེད་དཀའ་འཇིག་སླའི་ངང་ཚུལ་ཡོང་བསམས་པའི། །མི་རྟག་ལྕག་གིས་སེམས་ཀྱི་ཅང་ཤེས་སྣུན། །གྲོ་ནས་ལ་སོགས་ས་བོན་གང་བཏབ་པའི། །འབྲས་བུ་སོ་སོར་སྨིན་པ་ཇི་བཞིན་དུ། །དགེ་དང་སྡིག་པས་བསྐྱེད་པའི་བདེ་སྡུག་གི །དཀར་ནག་ལས་འབྲས་མི་བསླུ་ཡང་ཡང་སྒོམས། །བཟོད་དཀའི་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི། །བསླུ་མེད་དཔུང་གཉེན་དཀོན་ཅོག་རིན་ཅེན་ཡིན། །དེ་ཕྱིར་བསམ་པ་ཐག་པས་སྐྱབས་འགྲོ་ལ། །ཉིན་མཚན་དུས་དྲུག་ཀུན་ཏུ་འབད་པ་གཅེས། །ཕྱི་མ་བདེ་འགྲོར་སྐྱེས་ཀྱང་བཙོན་ར་ལས། །ཐོན་པ་སླར་ཡང་མི་ཆུད་དེང་མེད་ན། །སྲིད་བདེ་གྱུར་པའི་དུ༔ཁ་ཡོངས་ཤེས་ཏེ། །ཐར་པའི་ལམ་བཟང་སྒྲུབས་ཤིག་གཏན་འདུན་ཡིན། །རང་རྒྱུད་འདུལ་བ་ཚུལ་ཁྲིམས་བསླབ་པ་དང་། །ཉོན་མོངས་བག་ལ་ཞ་བྱེད་ཏིང་ངེ་འཛིན། །ཤེས་རབ་བསླབ་པས་བདག་འཛིན་དྲུང་ཕྱུང་ནས། །སྡུག་བསྔལ་གསུམ་གྱི་གྲོང་ལ་ཕྱི་ཕྱག་ཚོལ། །རང་ཉིད་གཅིག་པུ་ཞི་བདེར་མ་ཆགས་པར། །མཐའ་ཀླས་སྐྱེ་བར་ཕན་བཏགས་མཁའ་མཉམ་འགྲོ། །ངང་ཚུལ་བསམས་ཏེ་བྱང་ཆུབ་སེམས་བསྐྱེད་ནས། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ཆེ་ལ་སློབས། །གྲངས་མེད་(༡༩བ)


GLG019_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་གསུམ་ཚེགས་ཀྱིས་བསྒྲུབ་བྱའི་ལམ། །སྙིགས་དུས་ཚེ་ཐུང་ཡུན་ལ་ཐབས་མཁས་ཀྱིས། །གོམ་པ་གཅིག་གིས་རབ་བགྲོད་རྡོ་རྗེའི་ཐེག །ཤིན་ཏུ་རྙེད་དཀའི་བསྟན་ལ་ལེགས་པར་འཇུག །ལྟ་བར་སྒྲོ་བཏགས་ཕྱག་རྒྱའི་ལམ་སོགས་དང་། །མི་འདྲ་དབང་གི་རྒྱུད་སྨིན་རིམ་གཉིས་ཀྱི། །རྣལ་འབྱོར་དོན་གྱི་ཕྱག་རྒྱ་ཆེན་པོ་ཡིས། །ཟུང་འཇུག་སྐུ་བཞིའི་གོ་འཕང་མངོན་དུ་བྱོས། །དེ་ལྟར་ཐུབ་བསྟན་ཡོངས་སུ་རྫོགས་པ་ཡི། །གོ་རིམ་འཁྲུལ་མེད་སྙིང་པོར་ལེགས་བསྡུས་པ། །མཚོ་ལ་བཞིན་རས་ལྟ་བུར་གསལ་བ་འདི། །བློ་བཟང་རིན་ཅེན་ཉམས་ལེན་ཆེད་དུ་གདམས། །ཚུལ་འདི་ཟ་ཧོར་བནྡེས་མགྲིན་པའི་རྔ། །མྱོས་ལྡན་དབྱུག་གུས་བསྐུལ་བའི་མོད་ཉིད་ལ། །བཀོད་ཚེ་སོར་མོའི་འདུ་བྱེད་སྒྱུར་པ་པོ། །གནས་བཙུན་འཇམ་དབྱངས་བསྟན་འཛིན་ཞེས་བྱའོ། །སྭསྟི། སྔོན་ནས་རྣམ་དཀར་རླབས་ཆེན་ཆར་རྒྱུན་གྱིས། །ཚེ་འདིར་མངོན་མཐོའི་འབྲས་བཟང་རབ་སྨིན་པ། །ལེགས་པར་འོང་པའི་སྣང་ཚུལ་དྲན་མེད་འདིས། །ཕྱི་མའི་བདེ་སྡུག་སྒྲུབ་པའི་དཔེ་རུ་བསྟན། །དལ་བའི་རྟེན་འདི་རྙེད་དཀའ་ཡིད་བཞིན་ནོར། །འཇིག་པར་སླ་བ་གློག་གི་གར་མཁན་བཞིན། །ངན་སོང་འཇིགས་སྐྲག་མེ་འོབས་ལྟ་བུ་ལ། །ནན་ཏར་བསམས་ཚེ་དགེ་ལ་ངང་གིས་འཇུག །མི་རྟག་འཆི་བས་སྙིང་ནས་ཡིད་འབྱུང་སྟེ། །སྲིད་པའི་ཕུན་ཚོགས་རྣམས་ལ་ཞེ་ལོག་པའི། །བཅོས་མིན་བློ་ཞིག་རྒྱུད་ལ་ལེགས་སྐྱེས་ན། །ཆོས་ཀུན་རྩ་བར་དེ་ལས་ལྷག་པ་མེད། །འབྲོམ་སྟོན་ཆོས་ཀྱི་དབང་ཕྱུག་མི་ལ་རྗེ། །སྔོན་བྱོན་མཁས་དང་གྲུབ་པའི་རྣམ་པར་ཐར། །རླབས་ཆེན་གཞན་གྱིས་དཔག་པར་དཀའ་བ་ཡང་། །ཉེར་ལེན་རྣམ་དག་ངེས་འབྱུང་སེམས་སུ་ཁུམས། །དེ་ཕྱིར་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་པའི། །(༢༠ན)


GLG019_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་སྣོད་ཀྱི་ཞིང་ས་གཤིན་པ་ལས། །གསང་ཆེན་ཉེ་ལམ་ས་བོན་ཡོངས་བཏབ་པས། །སྐུ་བཞིའི་འབྲས་བུ་མ་ལུས་ཡོངས་སུ་སྨིན། །ལྷག་པར་ཁྱོད་ཀྱི་སྔོན་ནས་ལས་འབྲེལ་བའི། །ལྷ་མཆོག་སྤྱན་རས་གཟིགས་དབང་ཡིན་པའི་ཕྱིར། །དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་དྲུག་པར། །ཡིད་དམ་ཆོས་སྐྱོང་དབྱེར་མེད་གཅིག་ཏུ་སྒྲུབས། །འདི་ལ་ཆོས་མིན་གློ་ཤུགས་བཤལ་བ་ན། །ཚེ་འདིར་བར་གཅོད་ཀུན་སྐྱོབ་འདོད་པ་འགྲུབ། །འཆི་དུས་དོན་གྱི་འོད་གསལ་ནག་པོ་ཆེས། །བདེ་ཆེན་གནས་སུ་འདྲེན་པར་གདོན་མི་ཟ། །དེ་ལྟར་བརྗོད་བྱའི་སྙིང་པོའི་ནོར། །ནམ་མཁའ་ལྷ་དབང་སྙིང་དབུས་སུ། །གཏམས་པར་གྱིས་ལ་ཉམས་སུ་ལོང་། །ལེགས་པའི་ཡོན་ཏན་རབ་ཏུ་འཕེལ། །ཕྱག་རྫོགས་དབུ་གསུམ་ལྟ་བ་བོད་འདིར་གྲགས། །དབུ་མ་གླུ་སྒྲུབ་བཞེད་སྲོལ་ལྟ་བའི་རྩེ། །གཞུང་ལུགས་སྦྱངས་པའི་མཁས་མིན་རྟོགས་པར་དཀའ། །དེང་དུས་ཕྱག་ཆེན་ཟེར་བ་སེམས་གནས་ཀྱི། །ལྟ་བ་ཡིན་གྱི་ཕྱག་ཆེན་དངོས་གནས་མིན། །དབང་དང་རིམ་གཉིས་ལས་བྱུང་ཡེ་ཤེས་ལ། །ཕྱག་རྒྱ་ཆེན་པོར་ཚད་ལྡན་མཁས་རྣམས་བཞེད། །པད་འབྱུང་བཱི་མ་ལ་དང་བཻ་རོ་སོགས། །བཀའ་གཏེར་ལས་འོངས་ངེས་དོན་རྫོགས་པ་ཆེ། །མཁས་རྨོངས་བར་མ་གང་གིས་ཉམས་བླངས་ཀྱང་། །ཚེགས་ཆུང་དོན་ཆེ་འཕྲུལ་གྱི་གནད་གསང་ཟབ། །དཔེར་ན་མི་ཕམ་མགོན་པོ་ཆེས་རྒན་པ། །བཻ་རོས་ཚེ་དེར་བྱང་ཆུབ་ལམ་དུ་ཁྲིད། །རྒྱ་བོད་གཉིས་ཀར་རྟོགས་གྲལ་དུས་གཅིག་ཏུ། །བྱུང་བའི་ངོ་མཚར་ལོ་རྒྱུས་ཕ་མཐའ་ཡས། །དེ་ཕྱིར་ལས་འདིའི་ཉམས་ལེན་སྙིང་པོ་ནི། །ཆོས་ཀུན་ཀ་ནས་དག་པས་མ་རྙེད་སྟོངས། །སྟོངས་ཀྱང་སྒྱུ་མ་ལྟ་བུར་(༢༠བ)


GLG019_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་སྣང་། །སྣང་བའི་ངོ་བོར་བལྟས་ན་ངོས་བཟུང་མེད། །མེད་ཀྱང་བདེ་སྡུག་ཐམས་ཅད་ཉམས་མྱོང་ནུས། །ཡིད་འོང་ཆུ་ཟླ་ལྟར་འཆར་རང་གི་སེམས། །སེམས་ཀྱི་གཤིས་ལུགས་ནམ་མཁའ་ལྟ་བུར་དག །དགེ་སྡིག་བདེ་སྡུག་སྤྲིན་འབྲུག་འཇའ་གློག་བཞིན། །འཆར་ཡང་འབྱུང་གནས་འགྲོ་གསུམ་དམིགས་སུ་མེད། །མེད་ཀྱང་དོན་བྱེད་ནུས་པ་རྨི་ལམ་འདྲ། །ད་ལྟར་རྟོགས་པར་བྱེད་པའི་མཁན་པོ་དེ། །གཏན་མེད་ཡིན་ན་རྟོགས་བྱ་རྟོགས་བྱེད་བྲལ། །ཡོད་ན་དེ་ཡི་ངོ་བོ་བཙལ་བས་སྟོངས། །སེམས་འདི་མ་རྟོགས་མ་རིག་འཁོར་བར་འཁྱམས། །རྟོགས་ན་རིག་པའི་ངོ་བོ་ཀུན་ཏུ་བཟང་། །རྐང་འཁྱམ་རྒྱལ་པོའི་བུ་བཞིན་རང་ཉིད་ལ། །གནས་ཕྱིར་སངས་རྒྱས་ཕྱི་རོལ་ནས་འཚོལ་བ། །རྐུན་བུ་ནང་བཞག་གཞན་དུ་རྩད་གཅོད་འདྲ། །དེ་ཕྱིར་སྐྱེ་འགག་གནས་གསུམ་དང་བྲལ་བ། །གསལ་སྟོང་བརྗོད་དུ་མེད་པའི་གནས་ལུགས་འདི། །རང་རིག་དག་པའི་ངོ་བོ་རྡོ་རྗེ་སེམས། །མེ་ལོང་གཟུགས་བརྙན་ཇི་བཞིན་སྤྱི་གཙུག་ཏུ། །གཙོ་རྐྱང་ཡུམ་བཅས་གང་འདོད་གསལ་བཏབ་པའི། །ཐུགས་ཀའི་སྔགས་འཕྲེང་དག་ལས་བདུད་རྩིའི་རྒྱུན། །བབས་ཏེ་བསགས་པའི་སྡིག་སྒྲིབ་མ་ལུས་པ། །དུད་ཁུ་རྣག་ཁྲག་གཟུགས་སུ་བཤང་ཆུའི་ལམ། །རྐང་མཐིལ་གཉིས་ནས་འཐོན་པའི་ཏིང་འཛིན་བཅས། །ཡིག་བརྒྱ་མང་བཟླས་ནད་གདོན་སྡིག་སྒྲིབ་ཀུན། །དག་པར་འགྱུར་བས་ཉམས་ལེན་གནད་དུ་ཆེ། །རེས་འགའ་རྡོར་སེམས་གནས་འགྱུར་ཚེ་དཔག་མེད། །སྒྲོལ་དཀར་ལ་སོགས་གང་འདོད་ལྷར་གྱུར་ནས། །སོ་སོའི་སྔགས་བཟླ་ཚེ་དང་བསོད་ནམས་སོགས། །བསྐྱེད་པའི་ཏིང་འཛིན་སྤྲོ་བསྡུ་དེ་འབྲས་འབྱུང་། །སྐབས་འགར་དྲག་(༢༡ན)


GLG019_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཕྱག་རྡོར་རྟ་མགྲིན་སོགས། །བསྐྱེད་བཟླས་དམིགས་པས་སྟེང་འོག་བར་གསུམ་གྱི། །གདོན་བགེགས་འབྱུང་པོའི་ཚོགས་རྣམས་མ་ལུས་པ། །མེ་ལྕེའི་དཔལ་གྱིས་ཕྱེ་མ་ལེབ་ལྟར་བསྲེག །ཕྱིས་འགྱུར་མཁས་རྣམས་དེ་འདྲ་མི་བཞེད་ཀྱང་། །གཅིག་པུ་ཉིད་ལས་དུ་མའི་གར་བཞིན་དུ། །རང་རིག་བདེ་གཤེགས་གཅིག་ལས་ཡོངས་རྫོགས་སུ། །བསྒྱུར་འདི་འོད་གསལ་ཐེག་པ་མཆོག་གི་གནད། །སྤྲོས་བཅས་དམིགས་པས་སྐྱོ་ན་རིག་པའི་གདངས། །བརྗོད་བྲལ་ཀ་དག་ངང་དུ་ལྷོད་ཀྱིས་གློད། །རྣམ་རྟོག་གང་ཤར་ངོ་བོ་ལ་བལྟས་པས། །སྦྲུལ་མདུད་ལྟར་གྲོལ་ངང་དུ་ལྷན་གྱིས་གློད། །ལ་ལ་ལྟ་བའི་རྦད་ཁམ་ཆེན་པོ་ཡིས། །ཆད་མཐར་ལྷུང་ནས་འདུས་བྱས་དགེ་བ་སྤོང་། །དེ་འདྲ་ལོག་པའི་ལམ་སྟེ་ལྟ་བ་ལ། །རྩལ་ཐོན་ཙམ་གྱི་ལས་འབྲས་ངེས་རྙེད་དགོས། །དེ་ཕྱིར་སྡིག་སྦྱོང་ཆེད་དུ་སེམས་ཅན་གྱི། །བརྒྱ་ཕྲག་སྲོག་བླུ་སཱ་ཙྪ་འབུམ་ཐེར་གདབ། །སྨན་བླ་ལྟུང་བཤགས་བཟང་སྤྱོད་ན་རག་སྐོངས། །ཀུན་རིག་ལ་སོགས་དགེ་བ་ཅི་ནུས་སྒྲུབས། །དེ་ལྟར་མཚན་བཅས་མཚན་མེད་ལེགས་བྱས་ཀྱིས། །ཐོགས་མེད་དུས་ནས་ད་ལྟའི་བར་བསགས་སྡིག །རབ་བྱང་ཡང་སྲིད་ཀུན་ཏུ་མངོན་མཐོའི་རྟེན། །ཐོབ་ཅིང་རིང་མིན་བྱང་ཆུབ་མཆོག་བརྙེས་ཤོག །སྙིང་པོར་དྲིལ་བའི་ཉམས་ལེན་ཚིགས་བཅད་འདི། །རྣམ་གླིང་ཕུན་ཚོགས་དབང་པོས་བསྐུལ་བའི་ཆེད། །ཟ་ཧོར་བནྡེས་འཕྲལ་དུ་ཉེར་བཀོད་པའི། །ཡི་གེའི་བྱེད་པོ་ངག་དབང་ནམ་མཁའོ། །འཁོར་བའི་རྒྱ་མཚོར་བྱིང་བའི་འགྲོ་བ་རྣམས། །མི་བཟོད་སྡུག་བསྔལ་འཇིགས་(༢༡བ)


GLG019_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱོབ་པའི་མགོན། །དཀོན་མཆོག་གསུམ་ལས་གཞན་དུ་མ་མཆིས་པས། ཁ་ཙམ་ཚིག་ཙམ་མིན་པའི་སྐྱབས་འགྲོ་ཅེས། །ཡིད་ཅན་མ་ལུས་ཕ་མར་ཡོངས་ཤེས་ནས། །རང་གི་བདེ་བ་དེ་དག་ཀུན་ལ་གཏོང་། །སྐྱེ་རྒུའི་སྡུག་བསྔལ་མ་ལུས་རང་ཉིད་ཀྱིས། །ལེན་པའི་བྱང་ཆུབ་སེམས་ལ་སྦྱོང་བ་གནད། །གཏོང་ལེན་བྱ་བའི་ཡུལ་དང་བྱེད་པོ་ཀུན། །ཆུ་ནང་ཟླ་བ་བཞིན་དུ་སྣང་ཙམ་ལས། །དཔྱད་ཚེ་གདོད་ནས་ཅུང་ཟད་མ་གྲུབ་པའི། །གནས་ལུགས་སྟོང་ཉིད་ལྟ་བས་རྒྱས་འདེབས་བྱ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས། །རྒྱུན་ཆད་མེད་པར་ཉམས་སུ་ལེན་པ་དང་། །འདི་སྣང་འགགས་ཚེ་བདེ་བ་ཅན་ཞིང་དུ། །སྐྱེ་མཆེད་བཟང་སྤྱོད་སྨོན་ལམ་མཚམས་སྦྱོར་བྱེད། །ཉ་སྟོང་བརྒྱད་གསུམ་བསྙེན་གནས་སྡོམ་པ་བསྲུང་། །ཇི་ལྟར་ནུས་པའི་སེམས་ཅན་སྲོག་སྐྱོབ་བླུ། །སཱ་ཙྪ་གདབ་ཅིང་རྒྱལ་བའི་གསུང་རབ་ཀློག །གཟུངས་སྔགས་ཟབ་མོའི་བཟླས་བརྗོད་ཅི་ནུས་བྱེད། །ཕོངས་པ་རྣམས་ལ་ཟས་གོས་སྦྱིན་པ་གཏོང་། །དཀོན་མཆོག་གསུམ་གྱི་སྐུ་གསུང་ཐུགས་རྟེན་ལ། །མཆོད་པ་འབུལ་ཞིང་ཕྱག་དང་སྐོར་བ་བྱེད། །རྟག་ཏུ་ཁོང་ཁྲོའི་གཉེན་པོར་བཟོད་པ་བསྒོམ། །དགེ་བ་གང་བྱས་སངས་རྒྱས་ཐོབ་པའི་རྒྱུར། །བསྔོས་ན་འདི་ཕྱིའི་དོན་ཀུན་ལྷུན་གྲུབ་པར། །བསླུ་མེད་ཐུབ་པའི་གསུང་རབ་ལས་བྱུང་ཕྱིར། །སོམ་ཉི་སྤངས་ཏེ་བརྩོན་འགྲུས་རྩོམ་པར་རིགས། །ཞེས་མེ་ཁ་ནོ་ཡོན་ཁོ་ཏུ་ནང་སོ་ཐའི་ཤིས་འདི་ཕྱིའི་འཇིགས་པ་ལས་སྐྱོབ་པའི་འཆང་རྒྱུ་སྒོམ་རྒྱུ་ནང་དོན་གྱི་རྩོམ་པ་ཞིག་གྱིས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །(༢༢ན)


GLG019_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཟུང་གི་བསླབ་བྱ་མུ་ཐི་ལའི་འཕྲེང་བ་བཞུགས། སྨྲ་བ་ངག་གི་དབང་ཕྱུག་འཇམ་པའི་དབྱངས། །དབྱངས་ཅན་ལྷ་མོ་གཙུག་ལག་འདོད་འཇོའི་དཔལ། །དཔལ་ལྡན་ཚངས་པ་སྡེ་བཞིའི་བང་མཛོད་འཛིན། །འཛིན་མའི་མངའ་བདག་རྣམས་ཀྱིས་ཤིས་པ་སྩོལ། །ཆོས་དང་སྲིད་ཀྱི་ཚིག་དོན་ཟབ་བརླིང་སྒྲ། །སྙན་ངག་པི་ཝཾ་རྒྱུད་ཀྱིས་གླུར་བླངས་ན། །རྣམ་དཔྱོད་ལང་ཚོ་རྒྱས་པའི་ཤེས་ལྡན་རྣར། །འཛབས་ཀྱང་ཕལ་ཆེར་ཐོས་འཛིན་ཚེར་མལ་ཉལ། །དེ་ཕྱིར་མཆོག་དམན་ཀུན་གྱིས་ལེགས་རྟོགས་པའི། །འབོལ་རྩོམ་ཚིགས་སུ་བཅད་པའི་མུ་ཐི་ལ། །ཆིང་གིས་གནམ་གྱི་རིགས་ལས་མི་བདག་མགུལ། །མཛེས་བྱེད་དོ་ཤལ་འཕྲེང་བས་རྒྱན་དུ་སྤུད། །དེང་དུས་རྒྱ་གར་རྒྱ་ནག་ཧོར་བོད་སོགས། །སྔོན་བྱུང་ཡ་རབས་ངང་ཚུལ་ལུགས་གཉིས་ཁྲིམས། །ཆེར་ནུབ་ངན་སྤྱོད་ངོ་སོར་འཁྱེར་དུས་འདིར། །ལེགས་པར་བཤད་ཀྱང་ཙཱུ་ཏའི་རྐང་གཉིས་བཞིན། །བྱང་བསྟན་ཕུག་པར་རྟ་ལྗང་ཅན་གྱི་ཟེར། །མི་འཇུག་དངོས་པོའི་གཤིས་ལ་བཅོས་མེད་ཀྱང་། །ཕྱོགས་གཞན་བུག་པར་ཤར་བའི་སྣང་བ་ཡིས། །འཐིབས་བུའི་སྨག་རུམ་སེལ་བ་འགའ་འབྱུང་སྙམ། །ལྷ་ཆོས་ལྟ་ཞོག་མི་ཆོས་བྱ་གཞག་ཀྱང་། །ལམ་དུ་རྒྱུག་པ་བསོད་ནམས་ལ་རག་པས། །དཀོན་ཅོག་མཆོད་དང་ངན་སོང་སྦྱིན་གཏོང་སོགས། །ལེགས་བྱས་སྤེལ་བའི་ཚོགས་ཆེན་གསོག་པ་གནད། །མངོན་ཤེས་མེད་ཕྱིར་གྲོས་དང་མདུན་མ་ཀུན། །ཐོག་ཏུ་ཁེལ་དཀའ་ཡུལ་དུས་གནས་སྐབས་དང་། །དགྲ་གཉེན་བར་མ་བརྟགས་ནས་འཕྲལ་ཚོད་འཕྲལ། །བླངས་ཏེ་འཇུག་པ་ཕོ་ཚོད་ཡང་རྩེ་ཡིན། །སེམས་ཀྱི་འཆར་སྒོ་འབྱུང་ལ་མཐའ་མེད་ཀྱང་། །གྲེ་བར་བསྐྱིལ་ནས་(༢༢བ)


GLG019_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྨྲ་བ་དེ་མཁས། །སྙིང་ནའི་དགྲ་ལ་འཕྲལ་དུ་མི་ཁྲོ་བར། །བཅོས་མ་འཛུམ་གྱིས་བསུ་བ་གྲུང་པོ་ཡིན། །རང་བློ་མི་འབབ་གཏམ་ཚིག་ཅི་བྱུང་ཡང་། །བརྫུ་བཟང་ཁོག་ནས་མི་མངོན་ལེན་པ་ཟབ། །ཟས་ནོར་འདོད་ཀྱང་ངག་མཛངས་གཡོ་ཐབས་ཀྱིས། །མི་མངོན་ཤུགས་ཀྱིས་ལེན་པ་སྤྱང་པོ་ཡིན། །ངན་ལ་མི་འཁང་སླད་ནས་འགྱུར་བ་སྲིད། །བཟང་ལ་མ་བསྟོད་ཅིར་འགྱུར་ཤེས་པ་དཀའ། །གང་གི་ཐོག་ཏུ་འབབ་པའི་གནད་མེད་པར། །གཞན་ཟེར་འབྲངས་པའི་ཞལ་བཅེ་བཅད་མི་རུང་། །བྱ་བ་གང་ཡང་འགྲུབ་པའི་གདེང་མེད་པར། ཁ་འདོན་མི་སྐྱེན་ཁོང་དུ་སྦེད་པར་གནད། །བུ་སོགས་གཉེན་ལ་བྱམས་དྲག་ངན་སྲོལ་ཡོང་། དགྲ་ལ་ཧ་ཅང་སྡང་ན་རང་ལ་མཚུངས། །གཉེན་ལ་རལ་སྤྱོད་ཆེས་ན་ནམ་ཕུགས་འཁོན། །ཟན་ལ་འབར་ཤ་ཆེས་ན་འཁོར་མཁན་དཀོན། །འཁོར་ལ་ཆེས་ཆེར་རྩུབ་ན་སྙིང་སྐྲན་འཇུག །གྲོགས་ལ་རྔན་ཆེན་མངས་ན་ཞེ་བཞག་ཡོང་། །དཔེར་ན་གཞན་ལ་གཏོད་ན་རང་ལ་འཁོར། ཁ་དགྲ་མི་བསག་གནག་པ་སེམས་ལ་གཞོག །གཉེན་ལ་མི་བསྟོད་བྱམས་པ་ཡིད་ལ་འཛིན། །ངན་བློ་ཡོད་ཀྱང་ཕྱི་རུ་འཇམ་སྐད་སྙན། །གདོང་ཐུག་དྲག་པོས་དྲག་པོ་ཐུལ་དཀའ་བས། །སྣ་ཚོགས་ཐབས་ཀྱིས་མདུན་མ་རླབས་ཀྱིས་ཆོད། །གཏམ་མགོ་འཛུམ་བསུ་མཇུག་མ་དལ་གྱིས་ལོང་། །དགོས་དོན་ཕིགས་སྨྲ་འཚམ་ཞིང་མཛེས་པར་བརྗོད། །སེར་སྣ་ཙམ་གྱིས་ཟས་ནོར་གསོག་དཀའ་བས། །བརྒྱ་བཤིག་སྟོང་འགུགས་སྤྱི་བྱམས་བློ་རྒྱ་བསྐྱེད། །བུ་ལ་ཉེས་སྐྱོན་བཤད་ན་རྗེས་སུ་ཕན། །རང་ལ་ཆེ་བསྟོད་སྤངས་ན་ནམ་ཕུགས་བྲིན། །རང་འདོད་ཞེ་བཞག་སྤྱི་གཙིགས་ཕྱིར་བྱས་བཙུན། །བུད་མེད་གྲོས་དབང་མ་གཏོང་རང་ཐག་(༢༣ན)


GLG019_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད། །རྨོངས་པར་གྲོལ་དང་ངན་ལ་དབང་། །གྲོས་ལ་མི་དབང་མི་ལ་གྲོས་མ་འཆད། །དཀྲུག་ཤིང་བྱེད་མཁན་གྲོས་ཀྱི་ཁྱུར་མ་འཇུག །མཁས་དང་རྒན་རབས་ཉམས་ཆེན་ཤ་ཚར་དྲིས། །གྲོས་མཐིལ་རེ་ཞིག་མ་བཤད་བསྒྱུར་དུ་བཏུབ། །གྲོས་ལ་བསམ་གཞིགས་མང་བཏང་ཧང་བུག་ཆུང་། །མི་དཔེ་རང་ལ་བཀབ་ནས་ཞིབ་མོར་དཔྱད། །ཕྲན་བུའི་ཁེ་ལ་བལྟས་ནས་ཉེན་སྡོ་དང་། །གཏམ་ངན་མི་བསམ་འདོད་ལ་སྲེད་པས་འཕུང་། །ཡ་རབས་དུས་བསྟུན་དམའ་སར་འབབས་མི་རུང་། །མ་རབས་ཆེ་སར་བཏོན་ན་གཉའ་བ་རེངས། །མཁས་པ་རས་པོར་ཡོན་ཏན་ལྡན་པ་དཀོན། །མི་མངས་དགྲ་རུ་མི་ལེན་གཉེན་དུ་འགུགས། །མི་འགྲུབ་ཁས་ལེན་མ་ཆེ་དེར་མི་འཇུག །གཅེས་ནོར་འདོད་ཅན་མི་ལ་མི་སྟོན་གསང་། །ཚོད་མེད་ལ་གྲོས་ངན་སེམས་ཅན་ལ་བློ། །མི་བཏོད་སྙིང་གཏམ་ཁ་མང་ཅན་ལ་གསང་། །སྣ་ཐུང་ཀུ་རེ་མི་ཐུབ་ལ་སྡོ་སྤོང་། །མི་བདེན་པ་ལ་ལུས་ཀྱིས་གཤགས་མ་གདབ། །མི་ཉན་གྲོས་འདེབས་མེད་ལ་ཁྱེར་ཤོག་དང་། །མི་ཡོང་ལས་འཆོལ་མི་ཤེས་ཀོ་ལོང་དོར། །དྲིན་འདྲེན་མངས་ན་དགའ་བའི་གདུང་སེམས་འཆོར། །གྱོང་ཆེན་མངས་ན་གཉེན་ཡང་ཞེན་པ་ལྡོག །གཞན་སྡུག་སྙིང་ཚིམ་མ་བྱེད་རང་ལ་འཁོར། །རང་སྐྱིད་མ་ངོམ་གཞན་གྱིས་དེ་ལན་འཇལ། །གྲོས་ཉེས་འགྱོད་འཐལ་མི་བྱ་ཕྱིན་ཆད་གཟབས། །དགོས་མིང་འཕོག་ཐུག་གཏམ་གྱིས་དགྲ་བོ་འགུགས། །ཕ་རོལ་བསམ་པ་རྟོགས་ཕྱིར་ཡུན་དུ་སོམས། །རང་མགོ་ཐོན་པའི་འཕྲུལ་ཅན་གྲུང་པོ་ལེན། །ཆེན་པོར་སླེབས་ཚེ་ཁེངས་དང་ང་རྒྱལ་དམད། །ཀུན་གྱིས་ཁུར་དུས་འོག་འཛུལ་འཇུག་པར་བྱེད། །འགྲུབ་ཚད་མི་བྱེད་(༢༣བ)


GLG019_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་འཛིན་ཁེ་ཉེན་བསམ། །དཔོན་དུ་གྱུར་ཚེ་འདོད་ཆུང་སྤྱི་གཙིགས་ངོས། །སྒེར་དུ་བལྟོས་རྣམས་མི་མངོན་ཤུགས་ཀྱིས་སྐྱོང་། །ཤེར་ཚད་ལག་ཏུ་མི་ལེན་བླངས་ཕྱིན་ཆད། །ཞི་དྲག་ཐབས་ཀྱིས་བྱ་བ་མཐའ་རུ་ཐོན། །ཟེར་ཚད་བདེན་པར་མི་འཛིན་དཔྱད་དར་གྱིས། །ཟས་ཞིམ་མིར་བྱིན་ནོར་བཟང་རང་གིས་ཆོངས། །མི་སྙིང་གཅོད་པའི་གཏམ་དེ་ལྕེ་ནས་བཟུང་། །སྡང་དགྲའི་ནོར་ལ་མ་བལྟ་བརྗེད་མ་གཞུག །མ་ཞིམ་སྣ་ཉེར་ཞིམ་ལ་ཧབ་ཤ་དང་། །མ་མགུར་འཕྲལ་དུ་མཆུ་མུག་མིག་ལྡོག་སྤོང་། །དོན་མེད་ལས་ལ་བརྩོན་འགྲུས་རང་ངལ་ཡིན། །གསོད་བརྡུངས་ངེས་པར་དགོས་ལ་སྙིང་མ་ཆུང་། །མ་བབས་ཁྲལ་དང་ལག་འདོན་ཡངས་མི་འཇུག །དགོས་མེད་འབངས་རྣམས་མནར་བའི་ལས་མི་བྱེད། །ཕྲད་མ་ཐག་པའི་མི་ལ་ངོ་ཤེས་དང་། །འདྲིས་མ་ཐག་པའི་མི་ལ་བློ་གཏོད་དང་། །སེམས་ལ་བབས་འཕྲལ་དགའ་བའི་འཛུམ་སྟོན་དང་། །མ་བབས་འཕྲལ་བཞིན་སྡུད་རྣམས་ཀླད་ཆུང་ཡིན། །དྲག་པོ་དྲག་ཁྱེར་མ་མཁས་ནམ་ཕུགས་འཕུང་། །མཛའ་བ་མཛའ་ཁྱེར་མ་མཁས་ནམ་ཕུགས་འཁོན། །མཁས་པ་མཁས་ཁྱེར་མ་མཁས་ནམ་ཕུགས་བླུན། །བཙུན་པ་བཙུན་ཁྱེར་མ་མཁས་ནམ་ཕུགས་འཆལ། །ཆེ་བ་ཆེ་ཁྱེར་མ་མཁས་ནམ་ཕུགས་དམའ། །གཏམ་ལ་རྒྱུ་མཚན་ཡོད་པས་གཞན་ཁ་མྱུལ། །བག་ཕེབས་ངག་འཇམ་སྙན་པོས་བློ་བྲིད་ནས། །གཞན་མཚང་ཐབས་ཀྱིས་བྲུས་ནས་ཆམ་ལ་འབེབས། །མ་བཤད་པས་ཀྱང་མི་གོ་ལྷོན་པར་སྨྲ། །མ་འབར་བུས་ཀྱང་མི་ཉན་རན་པར་རྒོལ། །མ་བསླབས་སུས་ཀྱང་མི་གོ་ལེགས་པར་བསླབས། །མ་སྦྱིན་གཉེན་ཡང་མི་འཁོར་བག་རེ་སྟེར། །ཡང་ཡང་བྱིན་སར་རྟག་འགྲོ་བྱམས་པ་(༢༤ན)


GLG019_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཟད། །དྲིན་ཅན་མི་དེ་སུན་དུ་མ་འཇུག་མཛངས། །གཉའ་བར་འཆོར་བའི་དགྲ་བོར་རངས་མ་འཇུག །སུས་ཕན་མི་ཤེས་སྙོམ་ཆུང་རས་མ་བོར། །གང་བཅོལ་གོ་ཆོད་གྱུར་ན་བྲན་གྱི་རབ། །རྫུན་དང་གཡོ་རྒྱུ་མི་ཤེས་ནམ་ཕུགས་བྲིན། ཁ་ཉུང་ལག་པ་གཙང་བ་ཡོན་ཏན་མཆོག །བྱས་ཡུས་ཆེས་ན་ལས་ལ་ངོ་སོ་ཆུང་། ཁ་གདངས་སྦར་བསྡམས་མི་དང་འབྲལ་བྱེད་ཕུང་། །མཐོན་པོ་ང་རྒྱལ་ཅན་གྱི་མཚང་མ་འདྲུ། །བསམ་ངན་ཕྱི་ཐག་ཐུང་དང་གྲོགས་མ་བྱེད། །ཞེ་སྡང་ཁ་འཇམ་ཅན་ལ་རང་ཟོན་ཆུག །དོན་མེད་གཏམ་ལ་ཡང་ཡང་སྐྱོར་ཟློས་སྤོང་། །ཕྱུག་པོ་ནོར་ལ་སྤྱོད་ཤེས་སླད་ནས་འཕེལ། །མི་ལྡོགས་བསྲིས་ཞིབ་བྱས་ན་རང་སྡུག་ཆུང་། །དབུལ་ཡང་སྡུག་ཐེག་བྱས་ནས་ཕོ་བཟོ་བྱེད། །ནོར་ཡོད་མེད་པོར་མ་བརྫུ་ཀུན་གྱིས་ཤེས། །ངན་པ་ཆེ་སྐད་མ་འདོན་ཁྲེལ་བདས་ཡོང་། །གདོང་པར་ཁྲག་མེད་གཉེན་ལ་རེ་བ་ལས། །ངོ་ཚ་ཁྲེལ་ཡོད་ཤེས་པའི་དགྲ་བོ་དགའ། །བློ་གཏད་མི་ཐུབ་སྤུན་དང་བཟའ་ཚང་ལས། །གསང་ཐུབ་བློ་ལྡན་གྲོགས་དང་གྲོང་པ་བཟང་། །ཡོན་ཏན་མེད་པའི་ཚོགས་ཀྱི་སློབ་དཔོན་ལས། །ཤེས་རབ་ལྡན་པའི་གྲ་སློབ་བྱས་ན་འཚེངས། །མི་ཉན་ཁ་འདུས་མང་པོའི་དཔོན་པོ་ལས། །ཡ་རབས་བཟང་སྤྱོད་ལྡན་པའི་གཡོག་པོ་སྐྱིད། །ལང་ཤོར་རྐུན་པོ་མི་ཡི་ཁྱུར་མི་ཚུད། །བློ་གྲོས་ཟབ་དང་མགོ་འཐོམས་ནོར་ས་ཡོད། །ཀླད་ཆུང་མི་དང་ཕོ་གྲུང་ནོར་ས་ཡོད། །མ་ནུས་ཇོ་བཟང་བརྫུ་ཆེ་ནོར་ས་ཡོད། །བློ་ཤེད་ཅན་དང་དོ་ཐུང་ནོར་ས་ཡོད། །རང་བཞིན་བཟང་དང་མདོ་མེད་ནོར་ས་ཡོད། །དྲང་པོའི་མི་དང་གླེན་པ་ནོར་ས་ཡོད། །ཚུལ་འཆོས་ཅན་དང་བཙུན་པ་ནོར་ས་ཡོད། །ཚེ་བློས་ཐོངས་དང་ཟོག་པོ་ནོར་ས་ཡོད། །བརྫུ་(༢༤བ)


GLG019_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཅན་དང་མཁས་པ་ནོར་ས་ཡོད། །དེ་ལྟར་ཚེ་འདིའི་མདུན་མ་བསྒྲུབ་པ་ལ། །བླང་དང་དོར་བྱའི་སྐྱོན་ཡོན་ཤེས་བྱས་ནས། །དཔའ་མཛངས་རྟུལ་ཕོད་སྣ་ཚོགས་གཡོ་འཕྲུལ་གྱིས། །རང་ཉིད་རྒྱལ་བའི་སྒྱུ་ཐབས་ལྷུར་ལེན་གཅེས། །འོན་ཏེ་ཚངས་པ་བརྒྱ་བྱིན་འཁོར་ལོས་བསྒྱུར། །ལྷ་མིའི་དཔལ་འབྱོར་ཀུན་ལ་ལོངས་སྤྱོད་མཐར། །སླར་ཡང་ལྕགས་བསྲེགས་ས་གཞིར་དམྱལ་བའི་མེ། །འབར་བའི་བུད་ཤིང་བྱེད་སྲིད་ཡིད་བརྟན་ཅི། །འཇིག་རྟེན་གསལ་བར་བྱེད་པའི་ཉི་ཟླ་ཡང་། །སྔོན་བསགས་བཟང་པོའི་འཕེན་པ་རྫོགས་པའི་མཐར། །རང་གིས་ལག་པ་བརྐྱང་བསྐུམ་མི་མཐོང་བའི། །མུན་པའི་མལ་དུ་ཉལ་འབྱུང་མཆི་མ་དཀུ། །པདྨའི་འདབ་འདྲའི་གོས་ཀྱི་རེག་བྱས་ཀྱང་། །ལུས་ལ་རྩུབ་ཉམས་བྱེད་པའི་སྨིན་ལེགས་མ། །བདག་པོའི་རོ་དང་ལྷན་ཅིག་སྲེག་ཁང་དུ། །རབ་འབར་མེ་ཡིས་བསྲེག་པ་སུ་ཡིས་བཟོད། །ནོར་བུའི་གླིང་དུ་བགྲོད་པའི་ཚོང་ཟོག་གིས། །རྣམ་ཐོས་བུ་ལ་འགྲན་པའི་དེད་དཔོན་ཡང་། །འཇུར་བགེགས་གནས་སུ་སྐྱེ་ནས་ཟས་སྐོམ་གྱིས། །བཀྲེས་ཤིང་སྐོམས་པའི་ངང་ཚུལ་ཀྱེ་མ་ཧུད། །དགྲ་འདུལ་གཉེན་སྐྱོང་མངའ་ཐང་ལོངས་སྤྱོད་སོགས། །བླ་ནས་བླར་འཕེལ་ཕོ་རྒོད་གྲུང་པོ་ཡི། །གྲངས་སུ་ཆུད་ཀྱང་ཚེ་ནི་ནམ་མཁའི་གློག །རྨི་ལམ་ཙམ་གྱི་བདེ་བས་ཅི་ཞིག་བྱ། །བསམས་ཀྱིན་ནམ་ཡང་རྫུན་ཟོག་མི་གསུང་བ། །འོ་སྐོལ་རྣམ་འདྲེན་ཟས་གཙང་སྲས་པོ་དེས། །འཁོར་བར་གནས་ཕྱིན་སྡུག་བསྔལ་རང་བཞིན་དུ། །བསྟན་ཚུལ་བསམས་ན་སྙིང་ཡང་དུམ་བུར་གས། །བཟོད་དཀའི་སྡུག་བསྔལ་འདི་ལས་སླན་ཆད་དུ། །མི་ལྡོག་ཐར་པའི་ཁང་པར་མཇུག་པའི་ཐབས། །(༢༥ན)


GLG019_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ནག་ལས་འབྲས་བསམས་ནས་བླང་དོར་ངོས། །བསླབ་པ་རྣམ་གསུམ་ཉམས་ལེན་གྲུང་པོ་ཡིན། །སངས་རྒྱས་སྲས་བཅས་མངོན་སུམ་མཐོང་དཀའ་ཡང་། །དེ་དག་ཞལ་སྐྱིན་གསུང་དང་ཐུགས་རྟེན་ལ། །མེ་ཏོག་གདུག་སྤོས་མར་མེ་ལྷ་བཤོས་སྒྲ། །འཕན་འདུགས་ཕྱེ་ཕུར་ལ་སོགས་མཆོད་སྦྱིན་དབུལ། །བསླབ་གསུམ་ལྡན་པའི་དགེ་འདུན་བསྙེན་བཀུར་ནས། །ཐུབ་གསུང་སྒྲོག་སོགས་ཆོས་སྤྱོད་རྣམ་བཅུའི་ལས། །རྣམ་གསུམ་འཁོར་ལོའི་བྱ་བ་ཆེར་སྤེལ་བའི། །བསོད་ནམས་ཚོགས་ཆེན་གསོག་པ་གནད་དུ་ཆེ། །དབུལ་ཕོངས་སྐྱེ་རྒུ་ཀུན་ལ་སྦྱིན་པ་གཏོང་། །ཉམ་ཐག་ནད་པར་གོས་ཟས་སྨན་གྱིས་བསྐྱངས། །འཆི་ངེས་དུད་འགྲོ་གསོད་འོས་ནག་ཆེན་མི། །སྲོག་བླུ་མི་འཇིགས་སྐྱབས་ཀྱི་སྦྱིན་པ་བྱ། །ལྷ་མིའི་རྟེན་བཟང་ཐོབ་པའི་རྒྱུའི་གཙོ་བོ། །བྱ་སླ་ཚེགས་ཆུང་ཡན་ལག་བརྒྱད་པའི་ཁྲིམས། །ཉ་སྟོང་བརྒྱད་གསུམ་རྣམས་ལ་ལེགས་བླངས་ནས། །དམ་བཅའ་སྡོམ་པ་ཚུལ་བཞིན་བསྲུང་བར་མཛོད། །ཚིག་རྩུབ་མཚོན་ལ་ཇི་མི་སྙམ་པས་གོ །བཙན་པོར་གྱོན་ན་རང་རྒྱུད་མི་འཁྲུགས་པས། །རྣམ་པ་དགེ་བའི་སྲོག་རྩ་མི་གཅོད་ཅིང་། །སྔར་བསགས་འཕེལ་བའི་ཐབས་ཚུལ་འདི་ལ་བརྩོན། །སྒྱིད་ལུག་ལེ་ལོ་བཏང་སྙོམས་དབང་སོང་ན། །ལེགས་པའི་ཡོན་ཏན་གང་ཡང་འགྲུབ་དཀའ་བས། །དལ་མེད་བརྩོན་པ་ཆེན་པོས་འབད་བྱས་ན། །ཆེས་ཆེར་དཀའ་བའི་ལས་ཀྱང་ལྷུན་གྱིས་གྲུབ། །དེ་བཞིན་གཤེགས་སྐུ་ལ་སོགས་དམིགས་རྟེན་ལ། །མ་ཡེངས་གཞོལ་བའི་ཏིང་འཛིན་བརྟན་པོའི་རྒྱུན། །ཆད་མེད་བསྟན་ན་ཉོན་མོངས་མངོན་གྱུར་མགོ ། ཟིལ་མནན་ལུས་སེམས་ལས་རུང་བསམ་གཏན་རྙེད། །ཆོས་རྣམས་(༢༥བ)


GLG019_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་བདག་གཞིའི་སྟེང་ཙམ་ན། །རྟོགས་པས་བཏགས་པ་ལས་གཞན་དོན་དམ་དུ། །མ་རྙེད་རྟེན་ཅིང་འབྲེལ་འབྱུང་དབུ་མའི་ལམ། །ཤེས་རབ་མཚོན་གྱིས་འཁོར་བའི་རྩ་བ་གཅོད། །དྲན་པས་འཆི་བདག་དཔུང་འཇོམས་ཚེ་དཔག་མེད། །ཡིད་སྲུབས་སྡེ་བཅས་མཐར་བྱེད་གསང་བའི་བདག །བླ་མགོན་དབྱེར་མེད་མྱུར་མཛད་ཕྱག་དྲུག་པ། །འདི་ཕྱི་བར་དོའི་སྐྱབས་ཡིན་རྟག་ཏུ་བསྟེན། །དེ་ཡང་གནམ་དང་ས་ཡི་དཀྱིལ་འཁོར་ལ། །དབང་ཕྱུག་མི་ཡི་རྒྱལ་པོ་ཆེན་པོ་རྣམས། །རང་ཉིད་གཅིག་པུར་དགེ་སྦྱོར་ལ་གཞོལ་ལས། །བསྟན་འགྲོའི་བདེ་ཐབས་བསྒྲུབ་པ་མཆོག་ཏུ་བསྔགས། །ཉི་འོག་མི་ཡི་བདག་པོ་ཆེ་རྣམས་དང་། །ཕན་ཚུན་མཉེས་གཤིན་བྱམས་པའི་སེམས་བཟང་པོས། །རང་རང་མངའ་རིས་རྣམས་ཀྱི་ཆོག་ཤེས་ཤིང་། །འབངས་ཀུན་བདེ་ཕྱིར་བཟང་པོའི་གཞུང་བཟང་སྤེལ། །སངས་རྒྱས་ཐུགས་རྗེ་ཕྱོགས་བྲལ་འགྲོ་བ་ལ། །འཇུག་ཕྱིར་ཡང་དག་ཆོས་ལ་རིས་མེད་ཀྱང་། །གནའ་བོའི་དུས་ནས་དར་བའི་ཡབ་མེས་ཀྱི། །ཆོས་ལུགས་གྲུབ་པའི་མཐའ་དེ་ཤིན་ཏུ་ཤེས། །བྱང་ཕྱོགས་ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ། །ཨལ་ཐན་ཆོས་ཀྱི་རྒྱལ་པོ་ཏི་ཤི་རིར། །བསོད་ནམས་མཚན་ལྡན་ཏཱ་ལའི་བླ་མ་གང་། །བྱོན་ནས་དེང་བར་ཞྭ་སེར་ཅན་གྱིས་ཁྱབ། །རྒྱུ་མཚན་དེས་ན་འཇམ་མགོན་བཙོང་ཁ་པའི། །བསྟན་པ་རིན་ཅེན་བཀུར་ན་ཕྱག་དྲུག་མགོན། །ལས་གཤིན་འདོད་ཁམས་མ་སོགས་ཆོས་སྲུང་གིས། །རྟག་ཏུ་བསྲུང་ཞིང་མངའ་ཐང་བདེ་སྐྱིད་འཕེལ། །ལུགས་གཉིས་ཟུང་འབྲེལ་ཡབ་མེས་རྒྱལ་པོའི་ཁྲི། །མནན་ནས་ས་ཆེན་འཇམ་དར་ཡུག་གཅིག་དང་། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ཉེར་སྤྱད་པས། །འདི་ཕྱི་གཏན་གྱི་མདུན་མ་(༢༦ན)


GLG019_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་འགྲུབ། །དེ་ལྟར་ཆོས་སྲིད་བླང་དོར་རང་ཉིད་ལ། །མི་ལྡན་ནེ་ཙོའི་བརྗོད་པ་ལྟ་བུའི་ཚིག །སྨྲ་ལ་མཁས་རྣམས་ཁྲེལ་ཡང་སྟོན་ཟླ་ལྟར། །ཆེས་དཀར་སེམས་བཟང་བ་ལ་ཉེས་པ་མེད། །འདིས་མཚོན་དགེ་བས་གནས་བསྐོས་མི་ཡི་བདག །བཙུན་མོ་སྲས་བཅས་བློན་འབངས་རབ་བརྟན་ཅིང་། །མངའ་ཐང་དཔལ་འབྱོར་རྣམ་མང་ཐོས་སྲས་དང་། །མཚུངས་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །དེ་ལྟར་ལུགས་གཉིས་དང་འབྲེལ་བའི་བསླབ་བྱའི་རིམ་པ་མུ་ཐི་ལའི་བགྲོད་པ་འདི་ནི་ཚེ་རིང་གནམ་གྱི་ཤེ་མོང་གིས་སྟོབས་ཀྱི་དབང་ཕྱུག་ཆིང་གིས་ཀྱི་རིགས་ལས་མཁས་ཁ་ཐུ་ཤེ་ཡི་ཐུ་རྡོ་རྗེ་རྒྱལ་པོས་རི་ཁ་བ་ཅན་གྱི་ལྗོངས་སུ་དཀོན་ཅོག་གསུམ་ལ་བླ་མར་བཟུང་སྟེ་མཆོད་པར་བྱོན་པའི་ཚེ་རྩོམས་ཤིག་པར་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་རིགས་ལས་སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །སྭསྟི་སིདྡྷི། རིགས་གསུམ་ཐུགས་རྗེའི་ཆ་གང་ཟླ་འོད་ཀྱིས། །མཁྱེན་བརྩེ་ནུས་པའི་ཀུནྡ་རབ་རྒྱས་པ། །ས་སྐྱའི་འཇམ་མགོན་དཔའ་བོ་རིམ་བྱོན་གྱི། །ཞབས་སེན་དམར་འོད་སྲིད་ཞིའི་གཙུག་ན་མཛེས། །མདོ་རྒྱུད་ཐ་སྙད་ལྔ་རིག་བཱ་ཀུ་ལ། །མཁས་རློམ་ཕལ་གྱི་ཉི་ཟླས་མ་ཕྱེ་བ། །འཁོན་རིགས་བློ་གྲོས་ལུས་བྲལ་འགྲམ་ཆང་གིས། །བཞད་དེ་སྐལ་བཟང་བུང་བའི་དགའ་སྟོན་དཔྱིད། །རྒྱལ་བཀའ་ཟབ་དང་རྒྱ་ཆེ་ནམ་མཁའི་མཐས། །གཞལ་བར་དཀའ་ཡང་ཐུབ་(༢༦བ)


GLG019_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཡོངས་རྫོགས་པ། །རྣལ་འབྱོར་དབང་ཕྱུག་བཞེད་སྲོལ་གསུང་ངག་ལས། །གཞན་དུ་མཆོག་གི་ཉམས་ལེན་དམིགས་སུ་མེད། །ཐུན་མོང་གདུལ་བྱའི་ཤལླི་ཀ་ཡི་ནགས། །ཚོགས་བཤད་གོམ་འགྲོས་ལྷོད་པོའི་གཉིས་འཐུང་དབང་། །མང་ཡང་གསང་ཆེན་སློབ་བཤད་འཇིགས་མེད་སྒྲ། །དབྱངས་སུ་ལེན་པའི་གདོང་ལྔ་པ་དེ་བརྗིད། །རྣལ་འབྱོར་གསང་མཐའི་སྙིང་པོའི་ཡང་སྙིང་མཆོག །ནཱ་རོ་ཏ་པའི་སྙན་བརྒྱུད་གདམས་པ་ཡིས། །མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞིང་ཁམས་སུ། །འདྲེན་པའི་གནད་ཟབ་འདི་ཀོ་ཡིད་བཞིན་ནོར། །བྱིན་རླབས་ནུས་རྩལ་དམར་འོད་གློག་གི་ཞགས། །འཕངས་པའི་མོད་ལ་སྲིད་ཞིའི་ཡོན་ཏན་རྣམས། །འཆིང་བར་བྱེད་པ་དམར་པོ་སྐོར་གསུམ་ཞེས། །འདོད་པའི་རེ་བ་སྐོང་བ་དཔག་བསམ་ལྗོན། །ཆོས་དབྱིངས་བདེ་ཆེན་ཞི་ལ་རྟག་ཞོལ་ཡང་། །མིའུ་ཐུང་རྡོ་རྗེ་སྲིན་པོའི་སྟང་སྟབས་ཀྱིས། །དགྲ་བགེགས་འདམ་ལྟར་བརྫི་བ་གུར་གྱི་མགོན། །སྟོབས་འཕྲོག་གདོང་བཞིས་ཁམས་གསུམ་ཟ་བ་སྙམ། །དེ་ལྟར་མཆོག་ཐུན་དངོས་གྲུབ་བསྒྲུབ་པའི་ཆོས། །སྙན་བརྒྱུད་ཚད་མ་བཞི་ཡི་རྟེན་འབྲེལ་ཀུན། །འཕྱུགས་མེད་བསྒྲིགས་ནས་གཏན་མདུན་ལྷུན་གྲུབ་པ། །སྙིང་དབུས་དཔལ་གྱི་བེའུར་འཁྱིལ་བར་མཛོད། །མཉན་ཡོད་བྱ་རྒོད་གཤོངས་ཀྱི་མཁན་ཆེན་མང་ཐོས་གྲགས་པ་རྡོ་རྗེས་གདམས་པ་ཚིགས་བཅད་མ་ཞིག་དགོས་ཞེས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །སྭསྟི། ཀུན་རྫོབ་སྤྲོས་པའི་སྣང་བ་བཀྲག་པོ་ཆེ། །མཁའ་(༢༧ན)


GLG019_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྲིན་དང་ཆུ་ལ་ཆུ་རླབས་བཞིན། །གསལ་སྟོང་སེམས་ཀྱི་འཆར་སྒོར་མཐའ་ཀླས་ཀྱང་། །དཔྱད་ན་དོན་དམ་དབྱིངས་སུ་རྙེད་པ་མེད། །སེམས་ལ་གཉིས་སྣང་བག་ཆགས་གོས་པའི་མཐུས། །དངོས་ཉམས་རྨི་ལམ་འཇིགས་སྐྲག་ཅི་བྱུང་ཡང་། །ཕྱི་དོན་ཙམ་དུ་བདེན་པར་མ་གྲུབ་ཅིང་། །སེམས་ལས་ལོགས་སུ་ཅུང་ཟད་ཙམ་ཡང་མེད། །སེམས་དེ་གསལ་རིག་ཙམ་ཡིན་ལེགས་བརྟགས་ན། །ཐོག་མར་སྐྱེ་བའི་རྒྱུ་མེད་དེ་ཡིས་སྟོང་། ཁ་དོག་དབྱིབས་མེད་བར་དུ་ངོ་བོ་ཡིས། །སྟོང་ཕྱིར་གནས་མེད་སྐྱེ་གནས་དང་བྲལ་བས། །འགགས་པ་མེད་པས་འབྲས་བུ་ཉེར་སྟོང་ཕྱིར། །སྟོང་པ་སེམས་ཀྱི་རང་བཞིན་ཚུལ་ལ་བརྟག །གསལ་བ་མ་རྙེད་དེ་ལ་སྟོང་པར་འཛིན། །སྟོང་པ་འཚོལ་མཁན་དེ་ཉིད་གསལ་བ་སྟེ། །གསལ་དུས་སྟོང་ཞིང་སྟོང་དུས་གསལ་བས་ན། །གསལ་སྟོང་ཟུང་འཇུག་རང་བཞིན་མ་གྲུབ་པས། །ཐོག་མཐའ་སྐྱེ་འཇིག་འགྲོ་འོང་རྟག་ཆད་སོགས། །ཀུན་ལས་འདས་པ་སྤྲོས་བྲལ་ངང་ཉིད་དུ། །མཉམ་པར་བཞག་པས་གེགས་དང་བར་ཆད་ཀུན། །མཁའ་ལ་འཇའ་བཞིན་རང་ཚུགས་མི་ཐུབ་པས། །མདོར་ན་རྣམ་རྟོག་མཐའ་དག་འཁོར་བ་དེ། །དེ་སྦྱངས་རྣམ་ཤེས་ཕུང་པོ་གནས་བསྒྱུར་བས། །མེ་ལོང་ཡེ་ཤེས་མྱ་ངན་འདས་གྱུར་ནས། །འཁོར་འདས་གཉིས་སུ་མེད་པ་ལམ་གྱི་གནད། །རྣལ་འབྱོར་དབང་ཕྱུག་ཐུགས་བཅུད་ཟབ་མོའི་ལམ། །བར་ཆད་དངོས་གྲུབ་སྐྱོན་ཀུན་ཡོན་ཏན་དུ། །ཤེས་ན་ལྟས་ངན་གཡང་དུ་ངེས་པར་ཁུགས། །ཚུལ་འདི་རྡོ་རྗེ་འཆང་དབང་བཀའ་འགྱུར་བའི། །རིགས་དབོན་ནམ་(༢༧བ)


GLG019_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་མཚན་ཅན་ཐུགས་དམ་གྱི། །བོགས་འདོན་ཙམ་དུ་ཟ་ཧོར་བནྡེས་བཀོད། །ཨོཾ་སྭསྟི་སིདྡྷི། བདག་གཞན་མཉམ་བརྗེའི་ཐུགས་བསྐྱེད་རིང་པོ་ནས། །གོམས་པའི་ས་བོན་ཚོགས་གཉིས་དྲོད་གཤེར་གྱིས། །ལེགས་སྨིན་ཆོས་གཟུགས་ཡོངས་འདུ་ཉི་མའི་གཉེན། །ཕན་བདེའི་འབྲས་བུས་རིས་མེད་འགྲོ་ཚིམ་མཛོད། །རྒྱུད་ལྔའི་ལམ་དུ་ཟོ་ཆུན་འཁྱུད་མོ་བཞིན། །རིང་བར་འཁོར་ཡང་དལ་རྟེན་ད་རེས་ཙམ། །རྙེད་འདིར་རྡོག་སྣ་འདྲེད་ཚེ་མི་ཁོམ་པ། །གནས་ངན་ཆུ་གཏེར་ཀློང་དུ་འཕྱན་ལས་ཅི། །དེ་ཕྱིར་རང་རྒྱུད་འདུལ་བའི་ཁྲིམས་དང་ལྡན། །གཞན་ཕན་རླབས་ཆེན་སྤྱོད་པའི་སེམས་མཆོག་བསྐྱེད། །དབང་ཁྲིད་ངེས་གསང་འབྲས་བུས་ཉེར་ཕྱུག་པ། །དུས་བརྒྱའི་ཟ་མ་ལན་གཅིག་ཡིད་བཞིན་ནོར། ཁྱད་པར་བདག་མེད་མཁའ་འགྲོའི་ཞལ་གྱི་རླངས། །རྣལ་འབྱོར་དབང་ཕྱུག་ཆོས་སྐྱོང་བཞེད་པའི་སྲོལ། །ཐུབ་བསྟན་ཡོངས་རྫོགས་གསུང་ངག་སྨིན་གྲོལ་གྱིས། །འདུས་གསུམ་འཕྲང་བརྒལ་ཟུང་འཇུག་བདེ་ཆེན་བགྲོད། །འདི་ཀོ་རང་ཆེད་དོར་ནས་མཁའ་མཉམ་འགྲོ །འདྲེན་ཕྱིར་ཐེག་པའི་རྒྱལ་པོ་བླ་མེད་ཀྱི། །སྤྱོད་མཆོག་ཕ་མཐར་ཕྱིན་པས་དོན་གཉིས་ཀུན། །ལྷུན་གྲུབ་གཏན་གྱི་མདུན་མའི་ཡང་རྩེར་སོན། །ཆོས་བརྒྱད་འཁྲུལ་བའི་སྣང་བ་བཀྲག་པོ་ཆེ། །སྒྱུ་མས་ཉེར་སྤྲུལ་རྟ་གླང་ལྟར་རིག་གནས། །བས་མཐར་གཅིག་ཏུ་བྱང་ཆེན་བསྒྲུབ་གཞོལ་ན། །དུས་གསུམ་རྒྱལ་བ་དགྱེས་བསྐྱེད་མཆོད་པའི་གཙོ། །འོན་ཏེ་ཐུབ་བསྟན་ལྔ་ཕྲག་ལྔ་འདས་པ། །སྒྲུབ་འཇུག་ལུང་དུ་ཉེ་བར་བསྒོམ་པ་ལས། །འཆད་ཉན་(༢༨ན)


GLG019_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྒྱུད་ལ་འཇུག་འཕྲིན་ལས་གྱི། །ཤིང་རྟ་ལུང་རྟོགས་རིན་ཅེན་ཅི་ཡང་འདྲེན། །མདོ་ཁམས་ནོར་འཛིན་བུ་མོའི་མངལ་གྱི་བུར། །དགེ་འདུན་འདུས་པའི་གླིང་གིས་ལྕི་བ་དེར། །སྐལ་བཟང་གདུལ་བྱའི་ཚོགས་རྣམས་འཁོར་བ་ལས། །ཡིད་འབྱུང་མྱང་འདས་བསྒྲུབ་ཕྱིར་ཁྲིམས་ལ་སྦྱོར། །སྣང་གསུམ་ཐུན་མོང་གདམས་པས་བློ་སྦྱངས་ནས། །རྒྱུད་གསུམ་རྡོ་རྗེ་རྦ་རླབས་བར་གྱི་ལམ། །རྣོ་བརྟུལ་དབང་པོར་འཚམ་པར་ཚོགས་སློབ་ཀྱིས། །རྣམ་པར་གྲོལ་བའི་དགའ་སྟོན་ས་ལ་འགོད། །བླ་མེད་གསང་མཐའི་རྒྱུད་ཀྱི་སྙིང་པོའི་བཅུད། །ནཱ་རོ་ཏ་པའི་ཟབ་དོན་རྣལ་འབྱོར་མ། །རབ་འབྲིང་ཐ་མའི་སྐལ་བ་དང་འཚམ་པར། །མཁའ་སྤྱོད་དག་ཞིང་འཁྲིད་པའི་ཉེ་ལམ་སྟོན། །རིགས་བྱེད་ལྷ་མོ་ཚོགས་བདག་འདོད་རྒྱལ་གྱིས། །ཐོགས་མེད་དབང་གི་འཕྲིན་ལས་འཕྲུལ་པོ་ཆེས། །དྲེགས་ལྡན་ལོག་པར་འཁྲུ་རྣམས་རབ་བསྡུས་ནས། །ཐུབ་པའི་རྗེས་སུ་འཇུག་ལ་ཉེ་བར་འགོད། །གཏུམ་ཆེན་རྡོ་རྗེ་སྲིན་པོ་གུར་གྱི་མགོན། །སྟོབས་འཕྲོག་དབང་པོ་དམར་ནག་ལས་མཁན་བཅས། །མཐུ་སྟོབས་དུས་ཀྱི་བྱིན་ཟ་འབར་བའི་རྩེར། །དགྲ་བགེགས་རྩ་སྦུར་མི་རྟག་ལམ་དུ་འགོད། །མདོར་ན་ཀློག་པ་ཐོས་བསམ་སྤོང་བ་དང་། །བྱ་བ་ལས་འཁོར་ལས་ཀྱི་ཤཱཀྱའི་བསྟན། །སྤྱི་དང་ཁྱད་པར་འཇམ་མགོན་ས་སྐྱ་པའི། །རིང་ལུགས་བླ་ནས་བླར་མཐོར་སྤེལ་བར་རིགས། །ཆེས་ཆེར་སྙིགས་མའི་དུས་ཀྱི་སྐད་ངན་པས། །དམ་པའི་ཆོས་ལ་གཅིག་ཏུ་གཞོལ་ཁོ་ནས། །སྣ་ཚོགས་སྐྱེ་བོའི་ཡིད་ཀྱིས་བསོས་སྨན་དུ། །འགྱུར་བའི་ལུགས་(༢༨བ)


GLG019_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཟུངས་མདུན་མ་དཀའ་མོར་སྣང་། །དེ་ཕྱིར་བསྡུ་བའི་དངོས་པོ་རྣམ་པ་བཞི། །མཆོག་དམན་བར་པའི་འགྲོ་བ་འདུལ་ཆེད་དུ། །རྒྱལ་བས་ལན་ཅིག་མིན་པར་བསྔགས་པས་ན། །ཐབས་མཁས་སྤྱོད་པས་དོན་གཉིས་སྒྲུབས་ཤིག་གུ། །རང་ཉིད་བླང་དོར་གདེངས་ཚོད་དང་བྲལ་ནས། །ནེ་ཙོ་ལྟར་སྨྲ་ཤེས་ལྡན་ཁྲེལ་བའི་གནས། །ཡིན་ཀྱང་རི་ཁུད་བླ་མས་ནན་ཏན་དུ། །བསྐུལ་ངོ་མ་ལྡོག་ཚིག་གི་འཕྲེང་བར་སྤེལ། །པད་རྩ་ལྟར་དཀར་བཟང་པོའི་བསམ་པ་ཡིས། །བརྗོད་པའི་མཎྜལ་སངས་རྒྱས་སྲས་བཅས་ལ། །འབུལ་ན་མ་སྨད་ཐུགས་རྗེ་ཉི་འོད་ཀྱིས། །བདག་སོགས་འགྲོ་བའི་བློ་མུན་སེལ་བར་ཤོག །ཅེས་བླང་དོར་གྱི་རིམ་པ་བསླབ་བྱའི་ཚུལ་དུ་བསྡེབས་པ་ཞིག་དགོས་ཞེས་མདོ་རྒྱུད་ཀྱི་རྒྱ་མཚོར་བློ་གྲོས་མཆོག་ཏུ་ཡངས་པ་དགེ་བའི་བཤེས་གཉེན་རི་ཁུད་བླ་མ་ཤཱཀྱ་ཀུན་དགས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །སྭསྟི། བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་ཏོག །ཐགས་སྙོམ་ཚེམས་དཀར་འཛུམ་པའི་ཞལ་སྒོ་ལས། །མཐའ་ཀླས་ཆོས་ཀྱི་ཕུང་པོ་གསུངས་སོ་ཅོག །གྲངས་མེད་སྐྱེ་རྒུའི་ཉེར་འཚོ་རྩི་སྨན་ལྗོན། །འགྲོ་རྒྱུད་ཉོན་མོངས་གངྒཱའི་ཀླུང་རྡུལ་བཞིན། །ཕྲ་མོར་འབྱེད་ནུས་སངས་རྒྱས་ཁོ་ནའི་ཡུལ། །ཡིན་ཕྱིར་སྙིང་པོའི་གསུང་རབ་ཕ་མཐའི་ཚད། །ཚུར་མཐོང་བྱིས་བློས་གཞལ་བར་ག་ལ་ཅི། །དེ་ལྟར་མཆོག་དམན་ཐེག་པའི་རྣམ་གྲངས་ཀུན། །མ་འདྲེས་ཉམས་སུ་ལེན་ལ་མཐུ་ཞན་ཡང་། །བསྟན་པ་ཐམས་ཅད་དགོངས་དོན་འགལ་མེད་དུ། །གདམས་པར་ཤར་ནས་རྒྱུད་(༢༩ན)


GLG019_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་འགོལ་བ་གནད། །འཕགས་བོད་མཁས་གྲུབ་ནམ་མཁའི་སྐར་ཚོགས་ཀྱི། །རྣམ་དག་སོ་སོའི་ལུགས་བཞིན་ཡོངས་བསྟར་བས། །དུས་གསུམ་རྒྱལ་རྣམས་གཤེགས་བཤུལ་ཉེར་བགྲོད་པ། །རྨད་བྱུང་ཉམས་སུ་བླང་འོས་ཁོ་ནའི་ལུས། །འོན་ཏེ་རྐང་འཐུང་ཁྲོད་ན་ཡོངས་འདུ་ལྟར། །ཤིང་རྟ་ཆེ་གཉིས་བཞེད་གཞུང་སྐྱེས་བུ་གསུམ། །ལམ་གྱི་རིམ་པ་དཱི་པཾ་ཀ་ར་ནས། །ཡོངས་བརྒྱུད་བཀའ་གདམས་སྙན་པའི་གྲགས་པ་འབར། །ཚུལ་འདི་ཆེས་ཕྲ་བསྟན་པའི་མེ་རོ་ཙམ། །སླར་བསོས་གངས་ཅན་ལྗོངས་འདིར་རྒྱས་མཛད་པ། །འཇམ་མགོན་བློ་བཟང་གྲགས་པས་རབ་བཀྲལ་བའི། །ལེགས་བཤད་འདི་ཀོ་སྔོན་མེད་ཡིད་བཞིན་ནོར། །ལམ་གྱི་རིམ་པ་གཉིས་ཀྱི་ཚིག་དོན་ཀུན། །ཞིབ་མོར་བརྗོད་ན་ཡི་གེའི་ཚོགས་ཀྱིས་འཇིགས། །སྙིང་པོར་དྲིལ་ཚེ་ངེས་འབྱུང་བྱང་ཆུབ་ལམ། །སྟོང་ཉིད་རྟོགས་པའི་ཤེས་རབ་གསུམ་དུ་འདུས། །དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པའི། །ངང་ཚུལ་ཚིག་གི་རྗེས་ཙམ་མ་འབྲངས་པར། །དེ་དོན་བཅོས་མིན་ཡིད་ལ་མི་བཟོད་པ། །ལྷང་ལྷང་མ་སྐྱེས་བར་དུ་྄བསྒོམ་པ་གནད། །དགེ་བས་ཕྱི་མ་ལྷ་མིའི་རྟེན་ཐོབ་ཀྱང་། །སྡུག་བསྔལ་གསུམ་གྱི་རྒྱ་ལས་མ་གྲོལ་ཞིང་། །འཁོར་བའི་འཇུག་རིམ་བསམས་ཏེ་སྲིད་པ་ལས། །ཐར་འདོད་སྙིང་དབུས་དམ་བཅའི་འཛིན་བུར་ཐོག །རང་ཉིད་གཏན་བདེ་ཐོབ་ཀྱང་མཁའ་མཉམ་འགྲོ །མར་ཤེས་ལ་སོགས་རྒྱུ་འབྲས་མན་ངག་བདུན། །ལེགས་བསམས་སྨན་དང་འཇུག་པ་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་པ་བསྟར་བ་གནད་དུ་ཆེ། །དེ་ཡང་དང་པོར་བཏང་སྙོམས་(༢༩བ)


GLG019_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་སོང་བས། །ཚེ་འདིའི་མས་མཚོན་དགྲ་གཉེན་བར་མ་ལ། །བདག་བདེ་གཞན་གཏོང་གཞན་སྡུག་ཚུར་ལེན་པ། །ཤནྟ་དེ་ཝའི་ལུགས་ཚུལ་གཙོ་བོར་བསླབ། །སྙིང་རྗེའི་ཡུལ་དུ་གྱུར་པའི་སེམས་ཅན་རྣམས། །སྣང་ཡང་རང་བཞིན་མེད་པ་ཆུ་ཟླ་ལྟར། །ཆོས་ཀུན་གདོད་ནས་སྟོང་པ་དབུ་མའི་ལམ། །ངེས་དོན་ལྟ་ལ་དཔྱད་འཇོག་ཟུང་འབྲེལ་སྒོམས། །རྗེས་ཐོབ་སྣང་བ་མཐའ་དག་སྒྱུ་མ་ཡིས། །སྤྲུལ་པའི་རྟ་གླང་དང་མཚུངས་ངེས་བརྙེད་ཅིང་། །ནམ་མཁའ་བཞིན་དུ་གཡོ་མེད་མཉམ་བཞག་གིས། །སྲིད་པའི་གཞི་རྩ་ཐམས་ཅད་དྲུངས་ནས་འབྱིན། །རྒྱལ་པོས་ལེགས་གསུངས་མཁས་པ་མང་པོས་བཤད། །རྣལ་འབྱོར་སྤྱོད་པའི་ཚོགས་ཀྱིས་ཉམས་སུ་བསྟར། །ལོ་པཎ་གྱིས་བསྒྱུར་དཔྱད་གསུམ་དག་པའི་ཆོས། །བློ་གསལ་ཡིད་དབང་འཕྲོག་བྱེད་ལྕགས་ཀྱུ་ཡིན། །ཆད་མཐར་ལྷུངས་པ་སྟོང་འབྱམས་ཧད་པོ་ཅན། །ཕྱག་རྒྱ་པར་གྲགས་ར་གན་ལྷད་མེད་པ། །གསེར་ཞུན་ལྟ་བུའི་མཐའ་བྲལ་དབུ་མའི་ལམ། །སངས་རྒྱས་གཉིས་པ་ཀླུ་སྒྲུབ་བཞེད་པའི་སྲོལ། །ཕྱག་ཆེན་སྙན་པའི་གཏམ་གྱིས་ཡིད་འཕྲོག་ན། །སྨིན་བྱེད་དབང་དང་གྲོལ་བྱེད་བསྐྱེད་རྫོགས་ལས། །བྱུང་བའི་རང་བྱུང་ཡེ་ཤེས་འཁྲུལ་མེད་དུ། །ཉམས་བླངས་ཚེ་འདིར་རྡོ་རྗེ་འཆང་དབང་འཐོབ། །ངེས་འབྱུང་གིས་དྲངས་སོ་ཐར་ཁྲིམས་ཀྱིས་བཙུན། །སྟོང་ཉིད་སྙིང་རྗེའི་སྙིང་པོ་བྱང་སེམས་སྒོམས། །ཕྲ་རགས་བསྐྱེད་རིམ་དབེན་གསུམ་སྒྱུ་ལུས་དང་། །འོད་གསལ་ཟུང་འཇུག་ལམ་གྱིས་གཏན་མདུན་སྒྲུབས། །ཞེས་པ་འདིའང་བསྟན་པའི་རྩ་བ་སོ་སོར་ཐར་པའི་ཁྲིམས་དང་ལྡན་ཅིང་ཐེག་པ་ཆེན་པོའི་ཆོས་ཀྱིས་(༣༠ན)


GLG019_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དལ་འབྱོར་དོན་ལྡན་དུ་བྱེད་པའི་འཕན་ཡུལ་དྲུག་བརྒྱ་དགེ་སློང་བློ་བཟང་དཀོན་མཆོག་གིས་ཉམས་ལེན་བྱེད་ཚུལ་ཞིག་རིང་ནས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །འགྲོ་རྣམས་ཐོག་མ་མེད་ནས་མི་དགེ་བ། །བསགས་པ་ནག་པོར་འཛག་པའི་འབྲས་བུ་རྣམས། །སྨིན་པ་ཇི་བཞིན་སྙིགས་མ་ལྔ་བདོ་འདིར། །ནད་མཚོན་མུ་གེས་ཉམ་ཐག་སྐྱེ་རྒུའི་ལས། །ཚུལ་འདིར་རྒྱལ་སྲས་སློབ་མར་བཅས་པ་ཀུན། །མ་ལ་བུ་གཅིག་བཞིན་དུ་རྗེས་བརྩེ་ཡང་། །འགྲོ་བའི་དཀར་ནག་སྔོན་བསགས་དེང་སྨིན་པ། །རེ་ཞིག་བཅོས་སུ་མེད་ལ་མཐུ་དཔུང་ཅི། །འོན་ཀྱང་དུ་ཁས་མནར་བའི་སྐྱེ་རྒུ་རྣམས། །ཆུ་ནང་ཟླ་གཟུགས་སྒྱུ་མའི་རྟ་གླང་བཞིན། །སྣང་ཡང་བདེན་པར་མ་གྲུབ་དོན་དམ་བདེན། །བརྗོད་བྲལ་སྟོང་ཆེན་དག་པའི་དབྱིངས་སུ་ཞོག །རྨི་ལམ་ཡུལ་གྱི་འཆར་སྒོ་ཇི་བཞིན་དུ། །བདེ་སྡུག་སྣ་ཚོགས་སྣང་བ་འཁོར་བའི་རྒྱ། །དབྲལ་ནས་ཐར་པའི་ལམ་དུ་ལུས་ཅན་ཀུན། །སྒྲོལ་ནུས་སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་གཅེས། །རྒྱ་བོད་ཧོར་སོགས་ཐོས་སོ་ཅོག་གི་འགྲོ །སྡུག་བསྔལ་འདམ་ལས་གྲོལ་བར་མཆོག་གསུམ་ལ། །གསོལ་གདབ་འདེབས་བྱ་འདེབས་བྱེད་འདེབས་ཡུལ་དང་། །བྲལ་བ་གདོད་མའི་གཤིས་ལ་ལྷུག་པར་ཞོག །ཅེས་པའང་མ་ཧཱ་ཙི་ནའི་ཡུལ་ནས་ཨུན་དུར་བླ་མའི་ཤི་རེས་ཐུས་དམག་འདི་ལ་བརྟེན་ནས་སྐྱེ་འགྲོ་གྲངས་མེད་པ་ཤི་བས། ངེས་འབྱུང་སྐྱེས་ཤིང་མྱ་ངན་གྱིས་ནོན་པར་ཕན་པའི་གདམས་པ་སོག་སྐད་དུ་བསྒྱུར་བ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་(༣༠བ)


GLG019_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ན་མ༔པདྨཱ་ཀཱ་རཱ་ཡ། སངས་རྒྱས་ཀུན་འདུས་ཨཽཌྜི་ཡ་ན་ཡི། །སློབ་དཔོན་རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེའི། །སྙིང་ཏིག་བདུད་རྩིའི་ཉིང་ཁུ་མང་ཙམ་དུ། །ཉམས་སུ་བསྟར་བ་མདུན་མའི་ཡང་རྩེ་ཡིན། །དེ་ཕྱིར་རྡོ་རྗེ་སློབ་དཔོན་ཚད་ལྡན་དྲུང་། །དཀྱིལ་འཁོར་ཆེན་པོར་དབང་གིས་ལེགས་སྨིན་ནས། །གྲོལ་བྱེད་ཁྲིད་ཀྱི་རིམ་པར་ཐུན་མོང་དང་། །ཐུན་མོང་མ་ཡིན་སྔོན་འགྲོ་མ་འཕྱུགས་གནད། །དལ་འབྱོར་རྙེད་དཀའ་མི་རྟག་འཆི་བ་དྲན། །སྐྱབས་འགྲོ་སེམས་བསྐྱེད་བསོད་ནམས་ཀུ་སུ་ལུའི། །ཚོགས་གསོག་རྡོར་སེམས་བླ་མའི་རྣལ་འབྱོར་རྣམས། །ཐུན་མོང་སྔོན་འགྲོར་ནང་བྱན་ཆུད་པར་བྱ། །ལུས་ངག་ཡིད་གསུམ་རུ་ཤན་སོ་སོར་དབྱེ། །རིགས་དྲུག་ས་བོན་ཡེ་ཤེས་མེ་ཡིས་བསྲེགས། ཁང་རུལ་ཞིག་འདྲ་ཁོལ་བུར་ན་བ་དང་། །དྲོད་སྐྱེ་མི་རྟོག་འཆར་བ་ལུས་སྔོན་འགྲོ །རླུང་སེམས་ཧཱུྃ་གསུམ་གཅིག་བསྲེས་སྣང་གླུ་བླངས། །ཕྱི་ནང་ཀུན་ལ་རྒྱས་གདབ་རང་བཞིན་བྲལ། །ཧཱུྃ་གིས་ཕྱི་ནང་ཟད་ཐལ་ལ་ཕུག་པས། །རྡོས་བཅས་དངོས་པོར་འཛིན་པ་རང་གིས་ཞིག །ཧཱུྃ་གི་བ་ཐག་འཆིང་དང་གྲོལ་བ་ཡི། །དམིགས་པ་གང་ལ་བསྟད་ཀྱང་བསྒྱུར་དུ་བཏུབ། །སྲིན་འགྲོས་ཚུལ་གྱི་ནམ་མཁའི་མཐར་གཞལ་བས། །དགའ་སྐྱོ་འཆར་བ་དག་གི་སྔོན་འགྲོ་ཡིན། །འཁོར་བར་འཁྱམས་མཁན་སྒོ་གསུམ་གང་ཡིན་བརྟག །སེམས་སུ་ངོ་འཕྲོད་རྐུན་མ་ངོས་ཟིན་འདྲ། །སྒོ་གསུམ་གཅིག་ན་སེམས་ཀྱང་མཐོང་ཐོས་བསམ། །ཡང་ན་ལུས་ངག་གཟུགས་དང་སྒྲ་ཡིས་དབེན། །དཔྱད་པས་ལུས་ངག་རྟེན་དང་(༣༡ན)


GLG019_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བྲལ་བས། །འཁྲུལ་རྟོག་ཀུན་ཞི་ཆོས་ཉིད་རང་ཞལ་མཐོང་། །སེམས་འདིའི་འབྱུང་གནས་འགྲོ་གསུམ་བཙལ་བ་ན། །ཕྱི་ནང་སྣོད་བཅུད་ཆ་ཤས་ཕྲར་གསིལ་ཀྱང་། །མ་རྙེད་སྐྱེ་འགག་གནས་གསུམ་བྲལ་བ་ཡི། །མཉམ་ཡངས་བློ་བདེ་སེམས་ཀྱི་སྔོན་འགྲོ་ཡིན། །ལུས་ནི་འགུལ་བསྐྱོད་ངག་ནི་སྨྲ་བརྗོད་དང་། །སེམས་ནི་དྲན་རྟོག་བྲལ་བར་ལྷོད་ཀྱིས་གློད། །རྩ་རླུང་ཁོད་སྙོམས་ཏིང་འཛིན་ངང་གིས་འཕེལ། །གནད་དུ་བབ་སྟེ་སྔོན་འགྲོ་བཞི་ཡི་ལམ། །དེ་ལྟར་ཐུན་མོང་ཐུན་མོང་མ་ཡིན་པའི། །སྔོན་འགྲོའི་ཉམས་ལེན་ཉམས་འོག་ཚུད་ངེས་ལ། །རྡོ་རུས་ཐུག་པར་ཉམས་སུ་བླངས་པའི་རྗེས། །དངོས་གཞིར་བརྩོན་འགྲུས་རབ་ཀྱིས་ཚེ་འདི་དང་། །འབྲིང་གིས་བར་དོ་ཐ་མས་རང་བཞིན་གྱི། །སྤྲུལ་སྐུར་འཚང་རྒྱའི་དང་པོར་ཁྲེགས་ཆོད་དང་། །ཐོད་རྒལ་ལམ་གྱི་རིམ་པ་རྣམ་གཉིས་ལས། །དང་པོར་སྣང་བ་སེམས་སུ་ངོ་སྤྲོད་པ། །ཕྱག་ཆེན་པ་ལྟར་ས་རྡོ་རི་བྲག་སོགས། །སྣང་ཙམ་སེམས་སུ་འདོད་པ་བླུན་པོའི་ལུགས། །སྣང་ཙམ་བཟུང་བའི་ཡུལ་ལ་ཆེར་བརྟགས་པས། །འཁྲུལ་པ་ཙམ་ལས་གཞི་མེད་རྩ་བ་བྲལ། །འདི་ཞེས་འཛིན་པའི་བློ་ཡང་དེ་དང་འདྲ། །དེ་གཉིས་སྐྱེ་འགག་གནས་གསུམ་བྲལ་བ་ཡི། །དབྱེར་མེད་སྣང་བ་སེམས་ཉིད་ལས་གཞན་མེད། །སེམས་ལས་བྱེད་མཁན་གཞན་དུ་མེད་པས་ན། །ཆུ་ལས་ཆུ་ལྦུར་བརྡོལ་ལས་གཞན་དུ་མེད། །སྣང་བ་སེམས་སུ་ངོ་སྤྲོད་ཟབ་གནད་ཡིན། །སེམས་དེ་སྟོང་ཉིད་ཆོས་སྐུ་མ་འགགས་པའི། །རྩལ་ལས་འཁོར་འདས་ཆོས་ཀུན་སྣང་ན་ཡང་། །ངོ་བོ་སྟོང་པ་སྤྲོས་དང་བྲལ་བའི་ཕྱིར། །ཆུ་བོ་བརླན་གཤེར་དག་ལས་གཞན་མེད་པས། །སེམས་(༣༡བ)


GLG019_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྟོང་པར་ངོ་སྤྲོད་མན་ངག་ཡིན། །སྣང་དང་སྣང་ཡུལ་དབྱེར་མེད་དུག་ལྔ་སོགས། །ཤར་ཡང་ངོ་བོ་སྟོང་པ་གང་ཤར་ཀུན། །སྒྱུ་མར་འཆར་བ་སྣང་སྟོང་གཉིས་མེད་དེ། །བུ་རམ་དེ་ཡི་རོ་བཞིན་དབྱེར་མ་ནུས། །འདི་ཀོ་སྣང་སྟོང་ཟུང་དུ་འཇུག་པའི་གནད། །སྙིང་དབུས་གཞོན་ནུ་བུམ་སྐུར་གདོད་མ་ནས། །འདུས་མ་བྱས་པ་ཀ་དག་རིག་པའི་གཤིས། །གཉིས་མེད་རང་གྲོལ་ཉི་མའི་སྙིང་པོ་ལྟར། །སྐྱོན་བྲལ་འདི་ལས་སངས་རྒྱས་ལོགས་སུ་མེད། །སྐྱོན་བྲལ་འདི་དངོས་བཟུང་ནས་ཅེར་གྱིས་བལྟ། །གཉིས་མེད་རང་གྲོལ་གདེངས་ཚད་བཙལ་བ་ཡིན། །གཉིས་པ་ཐོད་རྒལ་ལམ་གྱི་རིམ་པ་ནི། །སྤྲུལ་སྐུ་དྲང་སྲོང་ཅོག་བུའི་བཞུགས་སྟངས་ཀྱིས། །སྙིང་དབུས་ཡེ་ཤེས་སུམ་ལྡན་གདོད་མའི་མགོན། །རིག་གདངས་རྩ་སྒྲོན་ལམ་བརྒྱུད་ཆུ་སྒྲོན་མས། །ཐོན་པ་ཡེ་ཤེས་སྒྲོན་མ་ཆོས་ཉིད་དེ། །དག་པ་དབྱིངས་ཀྱི་མཁའ་ལ་ཤར་བའི་ཚེ། །འོད་དང་འོད་ཁྲིམ་ཐིག་དང་ཐིག་ཕྲན་དང་། །སྦྲ་ཕུག་རེ་ལྡེ་མཐིང་ཕྱར་མེ་ལོང་སོགས། །གང་ཤར་དེ་ལ་རྩེ་གཅིག་བལྟས་པ་ན། །ཀ་དག་ལྷུན་གྲུབ་གཉིས་སུ་མེད་པ་ཡི། །ཤེས་རབ་རང་བྱུང་སྒྲོན་མའི་གཞིའི་སྣང་ལུགས། །ད་ལྟའི་སྣང་སེམས་འབྲས་བུ་ཡེ་གྲོལ་བའི། །སྨིན་བྱེད་དོན་ལ་གོམས་པས་མངོན་སུམ་གྱི། །རང་སྣང་དབྱིངས་རིག་དབྱེར་མེད་དུ་འཆར་བས། །འདི་མཐོང་ཙམ་གྱིས་འཁོར་བར་ཕྱིར་མི་ལྡོག །དེ་ལྟར་སྦྱངས་པས་ཕྱི་ཡི་དབྱིངས་ནང་དུ། །ལུག་རྒྱུད་དབྱེར་མེད་གནས་པ་ཇི་ལྟ་བར། །ནང་དུ་ཀ་དག་སྟོང་པའི་དབྱིངས་ཀྱི་ངང་། །རང་མདངས་རིག་པའི་དབྱིངས་ཀྱི་རྩལ་རྣམས་ཀུན། །དབྱེར་མེད་གནས་པས་འོད་གསལ་མ་བུ་འདྲེས། །ཆོས་ཉིད་མངོན་སུམ་ཉམས་སུ་བླངས་པའི་རྗེས། །ལོངས་སྐུ་གླང་ཆེན་ཉལ་(༣༢ན)


GLG019_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འདུག་སྟངས་ཀྱིས། །གོང་བཞིན་བལྟས་པས་ཁ་དོག་རྣམ་པ་ལྔའི། །འོད་འཕྲེང་ཐིག་ལེ་སྲན་མ་ཙམ་གྱི་ནང་། །ལུག་རྒྱུད་སྐར་མདའ་ཇི་བཞིན་འཚེར་ཞིང་མགྱོགས། །གྱེན་སྒྲེང་རྩིབས་ཤར་གྲུ་ཕྱེད་རེ་ལྡེ་དང་། །ཡུལ་གྲུ་ལ་སོགས་མ་ངེས་ཅིར་ཡང་འཆར། །ཐིག་ལེ་མེ་ལོང་ཙམ་གྱི་ནང་དུ་ནི། །རིག་པ་འདབ་ཆགས་འཕུར་རྐྱེན་བཞིན་དུ་འཆར། །དེ་ནུབ་ཡེ་ཤེས་ལྔ་དབྱིངས་སྣང་བ་ནི། །མིག་ཚགས་མིག་མར་དྲ་བ་དྲ་ཕྱེད་དང་། །མེ་ཏོག་ཚོམ་བུ་རིགས་ལྔའི་ཕྱག་མཚན་ཚོགས། །མཁར་ཐབས་ཟ་འོག་གུར་ཁྱིམ་ཐིག་ལེའི་ཁྱོན། ཁམ་བོར་ཙམ་ལ་རི་དྭགས་སྤང་རྒྱུག་འདྲ། །དེ་རྗེས་ཐིག་ལེ་བསེ་ཕུག་ཙམ་གྱི་ནང་། །རིག་པ་བུང་བ་རྩི་བཅུད་མྱང་བ་འདྲ། །ལུག་རྒྱུད་གཅིག་འདུས་གཉིས་དང་ལྔར་འབེལ་སོགས། །སྣང་བ་དང་པོའི་ཐིག་ལེ་ལས་ཆེ་ཞིང་། །བར་དོ་ལས་གྲོལ་ཉམས་ནི་གོང་འཕེལ་ཚད། །འདི་ལ་རྡོར་སེམས་སྐུ་རྐྱང་འཆར་བ་སོགས། །སྙིང་ཏིག་གཞན་དུ་བྱུང་བས་གང་ཟག་གི། །འཆར་སྒོའི་སྣང་ཚུལ་གཅིག་ཏུ་མཐའ་མ་བཀག །དེ་རྗེས་ཆོས་སྐུ་སེང་གེའི་བཞུགས་སྟངས་ཀྱིས། །སྔོན་བཞིན་གཅུན་ནས་དབྱིངས་རིག་བལྟས་པ་ཡི། །ཐིག་ལེ་རེ་རེའི་ནང་དུ་ཕྱེད་སྐུ་དང་། །སྐུ་རྐྱང་སྤྲུལ་སྐུའི་སྣང་བ་ཡབ་ཡུམ་ལྔར། །ཤར་བ་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན། །སྟེང་དང་ཕྱོགས་བཞིར་རིགས་ལྔ་ཡབ་དང་ཡུམ། །གཙོ་བྱས་ཡབ་ཡུམ་ཟུང་འཇུག་ཚོམ་བུ་ཡི། །དཀྱིལ་འཁོར་བགྲང་ཡས་ཆོས་སྐུའི་སྦྱང་བ་དག །དབྱིངས་རིག་ཉིན་མཚན་མེད་པ་ཆད་ཕེབས་ཡིན། །དེ་ལྟར་གོམས་པས་ཚེ་འདིར་ཞིང་ཁམས་ཆོད། །ལོངས་སྤྱོད་རྫོགས་པའི་སྐུ་རུ་གྲོལ་བ་ཡིན། །སླར་ཡང་ཆོས་སྐུའི་བཞུགས་སྟངས་ངང་ཉིད་ལས། །སྙིང་དབུས་རིག་པ་ཨ་དཀར་ལས་འཕྲོས་པའི། །སྔོན་པོའི་འོད་ཀྱིས་སྟོད་སྨད་ལུས་ཀུན་ཁྱབ། །མདུན་ནས་བརྩམས་(༣༢བ)


GLG019_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དཀར་སེར་དམར་ལྗང་གིས། །ལུས་ནི་འོད་ཀྱི་ཕུང་པོ་ཆེན་པོར་གྱུར། །ལྔ་ལྡན་ཐིག་ལེ་ཨ་ཧྲཱི༔འི་ཡི་གེ་སོགས། །གྲངས་མེད་བ་སྤུའི་བུ་ག་ནས་ཐོན་ཏེ། །སྣང་སྲིད་ཐམས་ཅད་འོད་ཀྱི་གོང་བུར་གྱུར། །རགས་པའི་ལུས་ཟད་མཉམ་བཞག་ཕྱག་རྒྱ་ཅན། །འོད་ལུས་སྒྱུ་མ་ཙམ་དུ་འཆར་བ་ཡིན། །གཞོན་ནུ་འབུམ་སྐུ་འགྲུབ་ནས་སྐྲ་སེན་སོ། །ཅུང་ཟད་བཞག་སྟེ་སྔོན་མེད་རྫོགས་སངས་རྒྱས། །དེའི་ཕྱིར་ཆོས་ཉིད་ཟད་སར་འཁྱོལ་ཞེས་བརྗོད། ཁྲེགས་ཆོད་ཐོད་རྒལ་ཉམས་ལེན་རབ་འབྲིང་མཐའ། །ཉམས་འོག་ཆུད་ན་བརྩོན་འགྲུས་འབྲིང་པོ་རྣམས། །བར་དོ་ཐ་མ་རང་བཞིན་སྤྲུལ་སྐུ་ཡི། །ཞིང་དུ་འཚང་རྒྱའི་གདམས་པར་མ་བལྟོས་ཤིང་། །སྤྲོ་ན་སྙིང་ཏིག་ཟང་ཐལ་ཀློང་གསལ་དང་། །གསེར་ཞུན་ལ་སོགས་མང་པོར་རྒྱས་བཤད་ཅིང་། །དེ་དོན་ཆོས་འདི་སྟོན་པའི་མཁས་གྲུབ་ཀྱི། །ཞལ་ལུང་རྣམས་ལ་འབད་པས་བླང་བྱ་རུ། །ཡོང་བས་ཡི་གེའི་ཚོགས་ཀྱིས་མ་བཀོད་ཀྱང་། །བློ་གསལ་རྣམས་ཀྱིས་ཐོས་བསམ་སྒོམ་པས་འགྲུབ། །སྙིང་ཏིག་ལས་བརྩམས་གདམས་པ་ཉུང་ངུ་ཞིག །རྫོགས་ཆེན་བླ་མ་པདྨ་རིགས་འཛིན་གྱིས། །བསྐུལ་ཚེ་གང་ཤར་རང་གྲོལ་གྱིས་བཀོད་པའི། །ཡི་གེའི་འདུ་བྱེད་དཔལ་གྲོང་སྔགས་རམས་སོ། །ན་མོ་མཉྫུ་བཛྲ་ཡ། འདི་ཕྱིའི་ལེགས་ཚོགས་ཀུན་གྱི་རྩ་བ་ནི། །དཀར་ནག་ལས་འབྲས་བླང་དོར་ཁོ་ནར་རག །དེ་དོན་ཚུལ་བཞིན་སྟོན་པའི་དགེ་བའི་བཤེས། །སྲིད་ཞིའི་ཡོན་ཏན་སྤེལ་བྱེད་མ་མ་ཡིན། །དེ་ཕྱིར་རང་ལ་དམ་ཆོས་འཆད་མཛད་པའི། །ཡོངས་འཛིན་རྣམས་ལ་སྐྱོན་རྟོག་བློ་སྐྱེས་ན། །ཐོས་བསམ་བསྒོམ་པའི་ས་བོན་མེས་ཚིག་པར། །སྔོན་པོའི་མྱུ་གུ་ཇི་བཞིན་འབྲས་བུས་སྟོང་། །(༣༣ན)


GLG019_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འཆལ་ཐོས་ཉུང་འཇུངས་སེམས་ལ་སོགས་པ། །སྐྱོན་གྱི་ཆ་ནས་ནམ་ཡང་མི་བསམ་པར། །ཡོན་ཏན་གཙོ་བོར་བཟུང་ནས་ཤུགས་དྲག་གི །དད་པ་ལེགས་བསྐྱེད་འདི་ཕྱིའི་མདུན་མ་མཆོག །རྩོད་དུས་བླ་མ་སྐྱོན་ཡོན་འདྲེས་པའང་། །རང་སེམས་ལོག་པར་རྟོག་པའི་འཆར་སྒོ་ལས། །ངེས་པའི་དོན་དུ་སངས་རྒྱས་དངོས་ཡིན་པར། །བློ་ཐག་ཆོད་ན་ཉེས་པའི་དྲི་དང་བྲལ། །སྐྱོན་རྣམས་རང་གི་མཐོང་སྣང་ཁོ་ན་དང་། །ཡོན་ཏན་ཚོགས་ལ་ཡིད་ཆེས་གདེངས་རྙེད་པའི། །མདུན་མའི་རྩེ་མོར་གདུང་ཤུགས་གང་ཆེ་བའི། །བློ་དེ་ངང་གིས་འབྱུང་བ་ཆོས་ཉིད་ཡིན། །ཆེད་བུ་བསྒོམས་པའི་རྩོལ་བར་བལྟོས་མིན་པར། །དགེ་བའི་བཤེས་གཉེན་མཐོང་ཐོས་དྲན་པའི་མོད། །སྐྱོན་བྲལ་ཡོན་ཏན་མ་ལུས་ཚང་བ་རུ། །འབད་མེད་འཆར་ན་རྣམ་དག་དད་པ་ཡིན། །དལ་བརྒྱད་འབྱོར་བཅུ་ལྡན་པ་མི་ཡི་ལུས། །རང་ཐོག་ཚང་ངམ་མ་ཚང་ལེགས་བརྟགས་ནས། །ཚང་ན་དེ་རྒྱུ་བསྒྲུབ་པ་དགེ་སྡིག་གི །བླང་དང་དོར་བྱའི་དཀའ་གནད་ཚུལ་ལ་བསམ། །ཚེ་འདིར་ཕལ་ཆེར་སྡིག་པའི་ལས་བསགས་ཚེ། །སྔོན་དང་ཕྱི་མའི་མཐའ་ནི་གོང་དང་མཚུངས། །དེ་ཕྱིར་རྒྱུ་ལས་འབྲས་བུ་འབྱུང་དགོས་པས། །དལ་རྟེན་ཐོབ་པ་ཉིན་སྐར་བཞིན་དུ་དཀོན། །བཙས་མ་ཐག་དང་དར་བབས་རྒན་པོ་རྣམས། །ངེས་མེད་འཆི་བདག་དྲུང་དུ་ཆུ་ཀླུང་བཞིན། །དབང་མེད་རྒྱུ་བའི་ངང་ཚུལ་འདི་མཐོང་ན། །ཚེ་འདིའི་མདུན་བསྒྲུབ་བྱིས་པའི་རྩེད་མོ་འདྲ། །བསགས་པའི་དཀར་ནག་ལས་ཀྱི་འབྲས་(༣༣བ)


GLG019_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དེ། །ཅུང་ཟད་ཙམ་ཡང་མི་འཆོལ་ངེས་པར་མྱོང་། །རྒྱུད་ལྔའི་འགྲོ་ཀུན་སྡུག་བསྔལ་རྣམ་གསུམ་གྱིས། །མནར་བའི་ཚུལ་ལ་བསམས་ན་སྙིང་རྩ་འདར། །འཆི་མེད་བདག་པོ་འཁོར་ལོས་སྒྱུར་རྒྱལ་ཀྱང་། །ངན་འགྲོའི་གཡང་སར་འཕྱན་པ་ཆེས་མང་ན། །སྐྱུགས་ནད་ཅན་ལ་ཟན་བཞིན་བློ་ལོག་སྟེ། །བཅོས་མིན་ཐར་འདོད་ངེས་འབྱུང་རྣམ་དག་ཡིན། །དེ་ལྟར་འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེར། །རྟོགས་ཏེ་བསླབ་གསུམ་ལམ་གྱི་གྲུ་གཟིངས་ལ། །བརྟེན་ནས་ཞི་བདེའི་རིན་ཆེན་གླིང་ཕྱིན་ཀྱང་། །དོན་གཉིས་མ་རྫོགས་དམན་པའི་ས་རུ་གོལ། །བདེ་བ་འདོད་ཀྱང་ཆེས་ཆེར་རྨོངས་པའི་བློས། །མི་བཟད་ཉེས་བརྒྱའི་ཟུག་རྔུའི་རྒྱུ་བསྒྲུབས་ཏེ། །སྡུག་བསྔལ་དངོས་དང་དེ་རྒྱུར་ལོངས་སྤྱོད་པའི། །འགྲོ་ཀུན་དྲིན་ཅན་ཕ་མ་ཤ་སྟག་ཡིན། །རང་ལ་མཐུ་བྲལ་རྣམ་པ་ཐམས་ཅད་མཁྱེན། །ཐོབ་ན་གཞན་དོན་རྒྱ་ཆེར་འགྲུབ་པའི་ཕྱིར། །བདག་གཞན་མཉམ་པར་བརྗེ་བའི་བྱང་ཆུབ་ཀྱི། །སེམས་བསྐྱེད་ཕྱིན་དྲུག་ལམ་ལ་བསླབ་པ་གཅེས། །དེ་ལྟར་དང་པོར་ངེས་འབྱུང་བྱང་ཆུབ་སེམས། །སྙིང་པོར་དྲིལ་བའི་ཚིགས་བཅད་ཉུང་ངུ་ཞིག །དགོས་ཞེས་སྒྲ་ཚད་སྨྲ་བའི་རབ་འབྱམས་པ། །བཤེས་གཉེན་རྣམ་པར་རྒྱལ་དེས་བསྐུལ་བའི་ངོར། །རང་ལ་བསམ་པའི་བག་ཆགས་ཕྲ་མོའང་། །མི་ལྡན་ནེ་ཙོའི་སྨྲ་བ་ཇི་བཞིན་དུ། །ཚངས་སྲས་བཞད་པའི་རྡོ་རྗེས་བཀོད་པ་ཡི། །ཡི་གེའི་འདུ་བྱེད་བློ་བཟང་དབང་པོའི། །(༣༤ན)


GLG019_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་འདུས་རྔ་ཡབ་གླིང་པ་དང་། །དྲི་མེད་བཤེས་གཉེན་མཁྱེན་བརྩེ་ནུས་པའི་གར། །མངོན་སུམ་སྟོན་མཛད་ཡོངས་འཛིན་རྣམ་པ་བཞི། །བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོར་ཞུགས། །ནམ་མཁའི་ཕ་མཐས་གཞལ་དཀའི་སེམས་ཅན་གྱི། །དབང་པོ་དང་འཚམ་སྒྲིབ་གཉིས་གཉེན་པོ་རུ། །རྒྱལ་བས་ལེགས་གསུངས་བགྲང་ཡས་ཆོས་ཕུང་ཚོགས། །བསྡུ་ན་རྒྱུ་འབྲས་ཐེག་པ་གཉིས་སུ་འདུ། །མཐའ་དག་འགྲོ་ལ་སྨན་པ་ཤ་སྟག་ལས། །དོན་མེད་དོན་ལོག་སྟོན་པ་མི་སྲིད་ཀྱང་། །མྱུར་དུ་སངས་རྒྱས་སྒྲུབ་ཐབས་གསང་སྔགས་ཀྱི། །ཉེ་ལམ་འདི་ཀོ་གཞན་ལས་ཁྱད་པར་འཕགས། །དེ་ཡི་ནང་ནས་ཐེག་པ་ཀུན་གྱི་རྩེ། །ཨ་ཏི་རྫོགས་པ་ཆེན་པོའི་མན་ངག་གིས། །ཕུང་པོ་འོད་སྐུར་ཚེ་འདིར་གྲོལ་ནུས་པའི། །ལམ་འདི་བདེ་གཤེགས་རྣམས་ཀྱིས་བྱོན་པའི་བཤུལ། །འོན་ཏེ་རྩ་བ་བྲལ་བའི་སྡོང་པོ་དང་། །རྨད་མེད་རྩིག་པའི་ཁ་བད་ལ་རིངས་ལྟར། །དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ། །འཁོར་བའི་སྡུག་བསྔལ་སྙིང་ནས་བསམ་པ་གནད། །སྡུག་བསྔལ་དེ་ལས་སྐྱོབ་ཕྱིར་སྐྱབས་འགྲོ་དང་། །མ་རྒན་འགྲོ་ལ་བརྩེ་བའི་སེམས་མཆོག་བསྐྱེད། །བསག་སྦྱངས་བྱིན་བརླབས་མྱུར་འཇུག་བླ་མ་ཡི། །རྣལ་འབྱོར་རང་གི་རྒྱུད་ལ་འདྲེས་ངེས་གཅེས། །ཚུལ་འདི་ལམ་འབྲས་གསང་བདེ་སྦྱོར་དྲུག་དང་། །ནེ་གུ་ཞི་གཅོད་དབུ་ཕྱག་བློ་སྦྱོང་སོགས། །ཉམས་ཁྲིད་བལ་དང་ཕྱོགས་ཙམ་མཚུངས་པའི་ཕྱིར། །ཐུན་མོང་སྔོན་འགྲོ་ཞེས་སུ་མིང་འདོགས་མཛད། །ཐུན་མོང་མ་ཡིན་ལུས་ངག་ཡིད་(༣༤བ)


GLG019_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ། །འཁོར་འདས་རུ་ཤན་དབྱེ་བས་སྡིག་པ་འདག །བར་ཆད་སེལ་ཞིང་དངོས་ཞེན་ལྡོག་པ་དང་། །རྡོ་རྗེ་གསུམ་དུ་འཚང་རྒྱའི་དགོས་པ་ཡོད། །སྲིད་པར་ཟོ་ཆུན་ལྟར་འཁོར་རིགས་དྲུག་གི །ས་བོན་གདོད་ནས་རང་ལུས་ལ་གནས་པ། །ཡེ་ཤེས་མེས་བསྲེགས་སྒོ་གསུམ་སྒྲིབ་པ་དག །རིགས་དྲུག་ཞེན་ལྡོག་ཕྱིན་ཆད་འཁོར་རྒྱུན་གཅོད། ཁོལ་བུ་ན་དང་ཁང་རུལ་ཞིག་པ་དང་། །དྲོད་སྐྱེ་མ་རྟོག་ངང་དུ་སེམས་གནས་པ། །མ་བྱུང་བར་དུ་རྡོ་རྗེའི་འདུག་སྟངས་སོགས། །ལུས་ཀྱི་སྔོན་འགྲོའི་གནད་ལ་ནན་ཏན་བྱ། །ཕྱི་ནང་ཐམས་ཅད་ཧཱུྃ་གི་རང་བཞིན་དང་། །སྣོད་བཅུད་ཧཱུྃ་གི་ཟང་ཐལ་ཕུག་པ་ཡིས། །རང་བཞིན་མེད་པར་རྡོས་བཅས་ཚུགས་ཞིག་ནས། །སྟོངས་སང་འཇའ་ཚོན་ལྟ་བུར་འཆར་བ་ཡིན། །ཧཱུྃ་གི་བ་ཐག་གྲོལ་འཆིང་འཁྱོག་འགྲོས་ཀྱི། །སྣ་ཚོགས་དམིགས་པའི་འཁྲུལ་འཁོར་ལ་བཅུར་བས། །ཐེར་ཟུག་མེད་པར་གང་འདོད་ལ་བསྒྱུར་ཅིང་། །ལུས་ངག་ལམ་དུ་བསྒྱུར་བཏུབ་དགོས་པ་ཡོད། །ལུས་ངག་རིགས་དྲུག་གནས་འཁྱམས་ལྟར་སྣང་ཡང་། །བདེ་སྡུག་སེམས་ཀྱི་མྱོང་བའི་རྣམ་འཕྲུལ་ཏེ། །ཤི་བའི་འོག་ཏུ་ལུས་ནི་བེམས་པོ་དང་། །སྨྲ་བརྗོད་པི་ཝང་རྒྱུད་ཐག་ཆད་པ་བཞིན། །ཆུ་ནང་ཟླ་ལྟར་ཆོས་ཀུན་རང་སེམས་ལ། །སྣང་བ་ཙམ་ལས་གཞན་དང་མི་གཅིག་པར། །རྟོགས་ཚིག་གཟུང་འཛིན་རྩ་ཆད་གཉིས་འཛིན་གྱི། །མཁར་འགྱེལ་ཆོས་ཉིད་མཁའ་ལྟར་ཁྱབ་པའི་གནད། །གསལ་གསལ་ཧྲིག་ཧྲིག་སེམས་འདི་གང་ནས་བྱུང་། །གང་གནས་གང་འགྲོ་བཙལ་བས་སྐྱེ་འགག་གནས། །ཡོངས་བྲལ་གདོད་མའི་(༣༥ན)


GLG019_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གཤིས་ལུགས་མཐོང་བའི་མོད། །མཉམ་ཡངས་ཆེན་པོར་གཅིག་ཏུ་བློ་བདེའོ། །ལུས་བསྐྱོད་ངག་སྨྲ་ཡིད་རྟོན་དང་བྲལ་བར། །ཉལ་བས་རྩ་རླུང་འཁོར་སྙོམས་ཏིང་ངེ་འཛིན། །ཤུགས་འབྱུང་སྒོ་གསུམ་འཛིན་པ་རང་སར་གྲོལ། །ཐུན་མོང་མ་ཡིན་སྔོན་འགྲོ་རྣམ་བཞིར་གྲགས། །དེང་དུས་སེམས་ཀྱི་གནས་ཆ་ཙམ་རྙེད་པར། །རྟོགས་པ་མཐོན་པོར་རློམ་པའི་སྒོམ་ཆེན་པོ། །མང་ཡང་ལམ་འདིའི་དངོས་གཞིའི་ཕྱོགས་ཙམ་དུ། །མ་སླེབས་རྨང་གཞི་ཡིན་པས་ནན་ཏན་དགོས། །སྔོན་ནས་བཀའ་གཏེར་རྫོགས་ཆེན་གང་རུང་གི །སྨིན་བྱེད་དབང་ཆུ་མ་ཐོབ་གསར་བུ་རྣམས། །ངེས་གསང་སྣོད་རུང་བྱ་ཕྱིར་སྨིན་བྱེད་དབང་། །ཚད་ལྡན་ཆོ་གའི་སྒོ་ནས་ལེགས་པར་ཞུ། །ཀ་དག་དངོས་གཞིར་ཆུ་ལས་ཆུ་ལྦུར་བཞིན། །ཡེ་ནས་བཙལ་དུ་མེད་པས་ཆོས་རྣམས་ཀུན། །སེམས་ཀྱི་སྣང་ཆ་ཡིན་ཕྱིར་སྣང་བ་ཀུན། །སེམས་སུ་ཐག་བཅད་མྱོང་བ་ཐོན་པར་བྱ། །ཕྲ་ཞིབ་གནས་ལ་ཕྱི་རོལ་གཟུང་བའི་ཡུལ། །མེ་ལོང་གཟུགས་ལྟར་རང་གི་སེམས་ལ་ཤར། །དེ་བཞིན་བཟང་ངན་རྟོག་བྱེད་འཛིན་པ་ཡང་། །རང་སེམས་ལ་ཤར་གཟུང་དང་འཛིན་པའི་ཆོས། །སྒྱུ་མའི་རྟ་གླང་ལྟ་བུར་མེད་བཞིན་དུ། །གཞི་མེད་རྩ་བྲལ་ཡེ་ནས་དག་ན་ཡང་། །སྟོང་ཞིང་མ་འགགས་སྣང་བ་སེམས་ཙམ་དུ། ཁས་ལེན་སྔ་འགྱུར་རིགས་འཛིན་རྣམས་ཀྱི་ལུགས། །གནད་འགག་འདི་དོན་མ་རྟོགས་སྣོད་བཅུད་སོགས། །མཐོང་ཚད་སེམས་སུ་སྨྲ་བའི་ཕྱག་ཆེན་པོ། །སེམས་ཀྱང་བེམས་པོར་ཐལ་བའི་འགལ་དུམ་ཕྲེང་། །ལུགས་སྲོལ་འདི་ཡི་བགྲང་བྱར་འདྲེན་མི་རུང་། །སེམས་སྣང་མ་འགགས་(༣༥བ)


GLG019_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་རང་རྩལ་ལ། །སྣང་ཡང་དཔྱད་ན་ཡེ་སྟོང་ཆོས་སྐུ་རུ། །ངེས་པས་འཁྲུལ་བའི་གཞི་རྩ་དངོས་འཛིན་ཞིག །ཆུ་བོ་གཤེར་ལས་ལོགས་སུ་མེད་དང་མཚུངས། །བཟང་ངན་གང་ཤར་ངོ་བོར་བལྟས་པས་སྟོང་། །སྟོང་པའི་ངང་ནས་སྒྱུ་མ་ལྟར་འཆར་བ། །དབྱེར་མེད་ཉོན་མོངས་ཡེ་ཤེས་ལྔར་གྲོལ་བས། །བུ་རམ་དེའི་རོ་བཞིན་དུ་དབྱེར་མི་ནུས། །སྙིང་དབུས་གཞོན་ནུ་བུམ་སྐུར་སེམས་ཉིད་དམ། །རིག་པ་གདོད་ནས་གྲོལ་བའི་ཀུན་ཏུ་བཟང་། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་འདུས་པ། །ཆོས་ཉིད་ངང་ནས་ཆོས་ཉིད་ཡུལ་ལ་སྤྱོད། །འདུས་བྱས་ཀུན་གཞིའི་སེམས་ཙམ་གློ་བ་རུ། །ལས་རླུང་གིས་དྲངས་འབྲས་བུ་འཁོར་བར་འཁྱམས། །དེ་ཉིད་རྟར་ཞོན་དྲི་མེད་རིག་པ་ཡང་། །ཞལ་ཕྱག་རྫོགས་པའི་སྐུ་རུ་ངང་གིས་འཆར། །ད་ལྟའི་རིག་པ་འདི་ལ་ཅེར་བལྟས་པས། །གསལ་ལ་འཛིན་པ་དངས་ལ་ཕྱི་ནང་མེད། །ཡངས་ལ་འཆལ་བ་རང་དངོས་ངོས་གཟུང་མེད། །གསལ་བས་གར་ཁྱབ་རིག་པས་ཡོངས་ལ་ཁྱབ། །ཟང་ཐལ་ཆམ་བརྡལ་སྟོང་གསལ་རིག་གསུམ་པོ། །དབྱེར་མེད་མཁྱེན་ཆ་ནང་གསལ་རྟོག་པ་ཡིས། །མ་བསླད་ཡེ་ཤེས་གསུམ་དང་ལྡན་པའི་གཤིས། །རང་བབས་ཅོག་བཞག་རྒྱ་ཡན་ཆེན་པོའི་ངང་། །བཞག་ཚེ་མཁའ་ལ་སྣོད་བཅུད་ཀུན་གྱིས་ཀྱང་། །ཚུར་ལ་དགོས་པ་མེད་པ་ཇི་བཞིན་དུ། །ཉི་མའི་སྙིང་པོ་ནམ་ཡང་མུན་པ་དང་། །གཏན་བྲལ་ལྟ་བུར་ངེས་ནས་མཉམ་པར་བཞག །ཉམས་སུ་བླངས་རྗེས་འགྱུར་བ་མེད་པ་ཡི། །གདེངས་ཚད་འཚོལ་ཕྱིར་ངེས་ཤེས་དྲང་བ་དང་། །རྩལ་སྦྱང་བོགས་དབྱུང་རིམ་བཞིན་ཉམས་བསྟར་བས། །གང་(༣༦ན)


GLG019_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཆོས་སྐུའི་ཡོ་ལང་ཆེན་པོར་འགྲོ །ཆོས་ཀུན་ཡེ་ནས་ཀ་དག་ཁྲེག་ཆོད་ལམ། །ཉམས་བོག་ཆུད་ནས་ཡོན་ཏན་མ་ལུས་པ། །ཡེ་ནས་ལྷུན་རྫོགས་ཐོད་རྒོད་སྔོན་འགྲོ་ལ། །ལུས་ངག་ཡིད་གསུམ་བྱ་བ་དགུ་ཕྲུགས་གཏོང་། །འབྱུང་བཞི་དག་ནས་རིག་པ་ཡེ་ཤེས་དང་། །དཀར་འཇམ་རྩ་དར་རྒྱང་ཞགས་དག་པར་དབྱིངས། །ཐིག་ལེ་སྟོང་པ་ཤེས་རབ་རང་བྱུང་གི །སྒྲོན་མ་དྲུག་པོ་ལས་རླུང་ཡོངས་དག་ནས། །ཡེ་ཤེས་རླུང་གི་ཆ་ལས་ཉེར་བྱུང་བ། །ཉམས་སུ་ལེན་ཚེ་སྒོམ་གསུམ་གཅུན་པའི་ཐབས། །སྤྲུལ་སྐུ་དྲང་སྲོང་ལོངས་སྐུ་གླང་ཆེན་དང་། །ཆོས་སྐུ་སེང་གེའི་བཞུགས་སྟངས་ལེགས་བཅས་ཏེ། །ཡེ་དག་རང་རིག་མགོན་པོ་འོད་མི་འགྱུར། །འོད་ཕུང་དབུས་ན་ཡེ་ཤེས་གསུམ་ལྡན་གྱི། །སྙིང་པོ་རྨ་བྱའི་སྒོ་ང་ལྟ་བུ་རུ། །ནང་གསལ་གདངས་ལས་སྐུ་དང་ཐིག་ལེ་ཞིང་། །མཐའ་ཀླས་རང་ལ་རང་ཆས་ལྷུན་གྲུབ་པ། །སྐལ་ཅན་རྣམས་ཀྱིས་མངོན་སུམ་ངོ་འཕྲོད་ཚེ། །རང་སྣང་འོག་མིན་ཞིང་དུ་འཚང་རྒྱའི་ལམ། །འོད་གསལ་སྣང་བ་བཞི་རུ་ཡོངས་འཆར་བ། །རྟེན་དང་བརྟེན་པར་འབྲེལ་ཕྱིར་སྙིང་དབུས་ནས། །ནང་དབྱིངས་རིག་པ་ཡེ་ཤེས་སྒྲོལ་མ་དེ། །དཀར་འཇམ་རྩ་ཡི་སྒྲོན་མའི་ལམ་བརྒྱུད་དེ། །རྒྱང་ཞགས་ཆུ་ཡི་སྒྲོན་མའི་སྒོར་ཐོན་པ། །རྣམ་དག་དབྱིངས་སྒྲོན་ཐིག་ལེ་སྟོང་སྒྲོན་ནང་། །རིག་པ་རང་བྱུང་ལུག་རྒྱུད་འཆར་ཆེད་དུ། །ཟིམ་བུའི་མིག་གིས་ཟེར་ལ་ཁྲིད་པ་ཡི། །གཟེར་བས་གསལ་སྟོང་རྣམ་པར་མི་རྟོག་པའི། །ཀ་དག་ལྷུན་གྲུབ་གཉིས་སུ་དབྱེར་མེད་པ། །ལུག་རྒྱུད་གསེར་(༣༦བ)


GLG019_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྐུད་ཕྲེང་དང་ཐིག་ལེ་དང་། །ཐིག་ཕྲན་ཤར་མཐར་ཤེས་རབ་རང་བྱུང་གི །སྒྲོན་མའི་སྔོན་འགྲོར་ཀོ་མོག་རྡོ་བསྐྱུར་ནས། །རྨ་བྱའི་མདོངས་བཀྲའི་བར་དུ་ཤར་པ་ལ། །ཆོས་ཉིད་མངོན་སུམ་སྣང་བ་ཞེས་བཤད་ཅིང་། །ཉི་མ་མ་གཡོས་འོད་ཟེར་འཕྲོ་བ་ལྟར། །གཞོན་ནུ་བུམ་སྐུ་རིག་པ་ཡེ་ཤེས་དེ། །རང་གི་གཞི་དབྱིངས་ཡེ་ཤེས་སྟོང་སྒྲོན་ཡིན། །དེའི་གདངས་རྩ་མིག་མཁའ་རུ་ཤར་བ་ལ། །ཐིག་ལེ་སྟོང་སྒྲོན་རིག་པའི་ཡེ་ཤེས་ཟེར། །ཕྱི་ནང་ཕྲ་མོའི་གནད་འགག་མ་ནོར་གཅེས། །ཉམས་ཀྱི་སྣང་བ་གོང་དུ་སྤེལ་བའི་ཆེད། །སྔར་བཞིན་མ་ཡེངས་གཅིག་ཏུ་གཟིར་བ་ཡིས། །ཆོས་ཉིད་མངོན་སུམ་དུས་ལས་ཐིག་ལེ་རྣམས། །ཇེ་ཆེར་འཕེལ་བ་རྟགས་ཚད་གཅིག་ཏུ་འདོད། །བི་མའི་སྙིང་ཏིག་ཀློང་གསལ་ལ་སོགས་པར། །རྡོར་སེམས་སྐུ་རྐྱང་ཡན་ཆད་འཆར་བའི་ཚུལ། །གང་ཟག་སོ་སོའི་དབང་པོའི་ཁྱད་པར་ལས། །མཐའ་བཀག་གཅིག་གི་ངོས་གཟུང་བྱར་མི་ནུས། །རིག་པ་ཚར་དུ་ཕེབས་པའི་ཉམས་ལེན་སྐབས། །དབྱིངས་ཀྱི་སྣང་བས་ཀུན་ལ་ཁྱབ་པས་ན། །འབྱུང་བ་བཞི་ཡི་སྣང་བ་དང་བྲལ་བས། །ཐིག་ལེའི་དབུས་སུ་ཕྱེད་སྐུ་ནས་བཟུང་སྟེ། །སྟོང་གསུམ་གང་དུ་བལྟས་ཀྱང་དབྱིངས་རིག་གི །སྣང་བ་ཉིན་མཚན་རྒྱུན་ཆད་མེད་པར་འཆར། །གོང་དུ་སྐུ་རྐྱང་ཤར་ཚེ་འདི་ཉིད་ཀྱི། །ཐོག་མར་ཡབ་ཡུམ་ཟུང་རེ་འཆར་བར་བཤད། །ཉམས་སུ་བླངས་མཐར་ཆོས་ཉིད་ཟད་པ་ནི། །ཕྱི་རོལ་ཉམས་ཀྱི་སྣང་བའི་འཕེལ་ཁ་ཟད། །ནང་དུ་སྒྱུ་ལུས་རྡོས་བཅས་ཕུང་པོ་ཟད། །གསང་བ་(༣༧ན)


GLG019_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ཚོགས་སེམས་ཀྱི་འཕྲོ་འདུ་ཟད། །ཚིག་དང་འཁྲུལ་པ་ཐམས་ཅད་རང་དག་ནས། །གཟུགས་ཕུང་འཇའ་ལུས་འོད་ཀྱི་གོང་བུར་ཡལ། །རྣམ་དག་ཆོས་སྐུའི་ཀློང་དུ་ཐིམ་པ་ཡི། །འཇའ་སྤྲིན་ནམ་མཁར་ཐིམ་པ་ཇི་བཞིན་ནོ། །མཐའ་རྟེན་མི་འགུལ་གསུམ་གྱི་གཞིར་བཅའ་བ། །སྡོད་པ་གསུམ་གྱི་ཆད་བཟུབ་རྟགས་གསུམ་པོ། །སྒོ་གསུམ་ལ་འཆར་ཚད་གསུམ་རྨི་ལམ་གྱི། །ཐོབ་པ་གསུམ་གྱི་གཟེར་གདབ་གདེངས་བཞི་ཡི། །དྲོད་ཚད་ལེགས་བསྟན་ཚེ་གཅིག་གྲོལ་ནུས་པ། །དབང་པོ་རབ་ཀྱི་ཉམས་སུ་བླང་བྱ་དེ། །གལ་ཏེ་ཚེ་འདིར་གྲོལ་བར་མ་ནུས་ན། །འབྲིང་གིས་བར་དོའི་ལམ་གྱིས་གྲོལ་བའི་ཐབས། །རབ་ཀྱི་དེད་དཔོན་གསེར་གླིང་བགྲོད་པ་ལྟར། །སྐྱེ་གནས་བར་དོའི་དོན་རྟོགས་རྣམ་ཤེས་མཁར། །ཐིམ་ཚེ་འོད་གསལ་མ་བུ་གཅིག་འདྲེས་པ། །ངོ་འཕྲོད་ཤར་གྲོལ་དུས་མཉམ་རྫོགས་འཚང་རྒྱ། །འབྲིང་གིས་སྐད་ཅིག་གཉིས་པར་ངོ་འཕྲོད་ནས། །སྟོང་པར་རྟོགས་པས་མཚོ་ལ་ཁ་བ་བཞིན། །ཉོན་མོངས་ཆོས་ཉིད་རོ་གཅིག་གྲོལ་བའི་མཐར། །ཡོན་ཏན་རྫོགས་ནས་མངོན་པར་འཚང་རྒྱ་འགྱུར། །ཐ་མས་འཁྲུལ་བ་རང་ཐོག་ཏུ་གྲོལ་བས། །ཆོས་ཉིད་བར་དོར་མ་སླེབ་ཙམ་གྱི་དུས། །འཁྱགས་རུམ་ཆུ་བཞིན་འོད་གསལ་ཆེར་མཆེད་ནས། །རིམ་གྲོལ་ཐོག་མའི་བཞི་རུ་སངས་རྒྱས་ཐོབ། །རྒྱལ་པོའི་བཀའ་ཆེམས་བསྐུར་ལྟར་འཆི་ཁ་ཡི། །བར་དོར་རང་གི་སྟོབས་སམ་གྲོགས་གཞན་གྱིས། །ཞི་ཁྲོའི་སྐུ་དང་སྒྲ་འོད་ཟེར་གསུམ་སོགས། །ངོ་སྤྲད་ཆོས་ཉིད་བར་དོ་ཤར་ཚེ་གྲོལ། །འཆི་བའི་འོད་གསལ་མ་པང་བུ་རྒྱུག་ལ། །(༣༧བ)


GLG019_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ལམ་དམར་ལམ་ཁ་བྱེ་བརྒྱལ་སངས་དུས། །གློ་བུར་དྲི་བྲལ་ཞི་བ་ཆོས་ཀྱི་སྐུ། །སྟོན་གནམ་གཡའ་དག་ལྟ་བུའི་འོད་གསལ་དེ། །ངོ་འཕྲོད་ཀ་དག་གཞི་ལ་རང་གྲོལ་བ། །ཆོས་ཉིད་བར་དོའི་ཁོངས་སུ་འཆད་ན་ཡང་། །འདི་དུས་བེམ་རིག་བྲལ་བར་མ་གྱུར་ཕྱིར། །དོན་གྱི་འཆི་ཁ་བར་དོའི་ཁོངས་སུ་གཏོགས། །ལྷུན་གྲུབ་བར་དོའི་རབ་ནི་འོད་གསལ་ལ། །ནམ་མཁའ་ཐིམ་ཚེ་མདུན་དུ་ཡེ་ཤེས་ལྔའི། །མཐོང་ཁུང་འཇའ་ཚོན་སྣ་ལྔའི་བ་ཐག་ཅན། །མིག་གཡོན་ཟུག་པ་ཐུགས་རྗེ་ཚད་མེད་ཀྱི། །ཐག་པ་རྡོར་སེམས་ཁོང་གསེང་ལམ་ལ་བསྟད། །རིག་པ་སྟོང་གསལ་འདུས་མ་བྱས་པ་ལ། །མ་ཡེངས་ངང་ནས་ཡར་གྱི་ཟང་ཐལ་དུ། །སྐར་མདའ་འཕངས་པ་ལྟ་བུར་ཐོགས་མེད་འགྲོ །ངོས་མ་ཟིན་ཚེ་དེ་ལས་མཆེད་པ་ཡི། །འོད་གསལ་ཞིང་ཁམས་རྒྱ་ཆེ་མུ་མེད་པ། །ཡོམ་ཡོམ་ཤིག་ཤིག་ཤར་ཀུན་རང་སྣང་དུ། །རྟོགས་པའི་མོད་ལ་སྐད་ཅིག་ཉིད་ལ་གྲོལ། །འབྲིང་གི་ཀླད་པ་དུར་ཁར་ནང་བཞུགས་པའི། ཁྲག་འཐུང་སྟང་སྟབས་སྒྲ་འོད་མཚོན་ཆ་སོགས། །སྔར་འདྲེས་མི་བཞིན་མ་བུ་འཕྲོད་པ་ཡི། །རང་ཤར་རང་སྣང་ངང་དུ་གྲོལ་བ་ཡི། །ཐ་མ་སྙིང་གའི་ཞི་བའི་ལྷ་ཚོགས་རྣམས། །རིམ་བཞིན་འཆར་བ་དབེན་ན་རྣམ་སྣང་སྐུ། །ཤར་ཚེ་གདམས་པར་དྲན་ནས་ངོ་འཕྲོད་པའི། །སྣང་མཛད་ངོ་བོར་འཚང་རྒྱ་གཞན་རྣམས་ཤེས། །སྲིད་པ་བར་དོའི་རབ་ཀྱི་བར་དོ་དེར། །རྨི་ལམ་ཙམ་དུ་སྐྱེས་ཀྱང་ཚེ་སྔོན་དུས། །བླ་མས་ངོ་སྤྲད་ཆོས་ཉིད་མངོན་སུམ་ལ། །ཅུང་ཟད་ཉམས་བླངས་མཐུ་ཡིས་སྐད་ཅིག་མར། །རྨི་ལམ་(༣༨ན)


GLG019_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སད་ལྟར་ཤར་ཕྱོགས་མངོན་དགའ་སོགས། །སངས་རྒྱས་ཞིང་མང་བགྲོད་ནས་ཆོས་ཉན་ཅིང་། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་། །འཁོར་བ་དེ་སྲིད་འགྲོ་བ་འདྲེན་པར་འགྱུར། །འབྲིང་གིས་སྲིད་པ་བར་དོར་འཁྱམས་པའི་ཚེ། །སྔོན་ཐབ་དབང་དང་གདམས་པ་དྲན་བྱས་ནས། །རིགས་དྲུག་སྐྱེ་སྒོ་བགགས་ནས་སྤྲུལ་སྐུའི་ཞིང་། །དྲན་པའི་མོད་ལ་གནས་དེར་སྐྱེ་བ་ལེན། །ཐ་མས་བསྐྱེད་རིམ་གསལ་གདམ་བླ་མ་བསྒོམ། །རྩེ་གཅིག་འདུན་པས་ཕ་མ་ལྷ་སྐུ་རུ། །གསལ་བའི་མཁའ་གསང་པདྨ་ཉི་ཟླའི་སྟེང་། །རྣམ་ཤེས་ཡི་དམ་ས་བོན་ལ་བཅུག་པས། །དལ་འབྱོར་རྟེན་ཐོབ་ཉམས་ལེན་འཕྲོ་འཐུད་པ། །ཡུན་ཆགས་ས་འཛུགས་ལྟ་བུར་གྲོལ་ལམ་རྙེད། །ཡང་མཐའ་སྐྱབས་འགྲོ་སེམས་བསྐྱེད་ཤུགས་དྲག་པོས། །གནས་ངན་ལས་ལྡོག་ཆོས་ལྡན་ལུས་རྟེན་ཐོབ། །བརྩོན་འགྲུས་ཆེས་ཆེར་ཞན་དང་སྡིག་ཅན་རྣམས། །མ་བསྒོམས་སངས་རྒྱས་འཕོ་བའི་མན་ངག་གིས། །དག་ཞིང་བགྲོད་ཐབས་རིགས་འཛིན་བརྒྱུད་པ་ཡི། །ཞལ་དྲོད་མཁའ་འགྲོའི་ཁ་རླངས་ཅན་ལས་ལོང་། །དེ་ལྟར་དབང་པོ་རབ་འབྲིང་ཐ་མ་ཡི། །འཇུག་ངོགས་ཐེག་པ་རིམ་དགུའི་ཡང་རྩེའི་ཆོས། །པདྨ་ཀཱ་ར་བི་མཱ་ལ་མི་ཏྲའི། །ཐུགས་བཅུད་སྙིང་ཏིག་མང་པོའི་དགོངས་དོན་ཡིན། །རྣམ་མང་གྲུབ་མཐས་རྒྱུད་བསླད་ལོག་རྟོག་མཁན། །མ་ཡིན་སྙིང་ནས་མོས་པའི་སྣོད་ལྡན་ལས། །ཀུན་ལ་བསྟན་ནས་ཨེ་ཀ་ཛ་ཊཱི་སོགས། །ཆོས་སྲུང་གཉན་པས་གསང་རྒྱས་འདེབས་པ་གནད། །སྔོན་གྱི་བག་ཆགས་ཕྲ་མོས་ཆོས་འདི་ལ། །མོས་ཤིང་མང་དུ་ཐོས་(༣༨བ)


GLG019_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྒྲུབ་ལ་གཡེལ། །ནེ་ཙོའི་སྨྲ་བ་ལྟ་བུ་བུམ་སྟོང་ནས། །སྣོད་གཞན་ལ་འབྱོ་མོ་གཤམ་བུ་དང་མཚུངས། །འོན་ཏེ་ཚེ་འདིའི་བྱ་བ་རྒྱབ་ཏུ་བསྒྱུར། །མཚན་ལྡན་བླ་མ་མང་པོའི་ཞབས་པད་བསྟེན། །རྩེ་གཅིག་སྒྲུབ་ལ་ཉེར་གཞོལ་རིགས་འཛིན་གྱིས། །འབད་པས་བསྐུལ་ཚེ་ཅུང་ཟད་གཡར་ཁྲལ་བགྱིས། །དགེ་འདིས་དེང་ནས་བཟུང་སྟེ་རང་རིག་སེམས། །གདོད་ནས་དག་པ་རྡོ་རྗེ་སེམས་དཔའི་ཞལ། །མ་མཐོང་དེ་སྲིད་ཆོས་འདི་སྟོན་མཛད་པའི། །རྡོ་རྗེ་སློབ་དཔོན་འབྲལ་མེད་བསྟེན་པ་དང་། །ཆོས་བརྒྱད་བུན་ལོང་བྱིས་བློ་འདྲིད་ཐབས་ལ། །མ་ཞེན་སྐྱོན་ཀུན་ཀ་དག་ཆོས་སྐུའི་གདངས། །ཡོན་ཏན་ལྷུན་གྲུབ་ཡོངས་སྐུའི་ཞིང་མྱུལ་ཏེ། །སྤྲུལ་སྐུས་མཐའ་ཀླས་སེམས་ཅན་འདྲེན་པར་ཤོག །རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བརྩེ་ཆེན་གྲུབ་ཆེན་འོད་གསལ་ཀློང་ཡངས་རང་གྲོལ་གྱིས་ཞལ་གདམས་སུ་མིང་བཏགས་པ་ཞིག་དགོས་ཞེས་བསྐུལ་བ་ལ་བརྟེན་ནས་རྡོ་རྗེ་འཆང་ཆེན་པོ་དཔལ་འབྱོར་ལྷུན་གྲུབ། རབ་འབྱམས་ཤེས་བྱ་ཀུན་གཟིགས་ཟུར་ཆེན་ཆོས་དབྱིངས་རང་གྲོལ། བཀའ་གཏེར་ཆོས་ཀྱི་བང་མཛོད་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེ། རྒྱལ་དབང་པདྨའི་གདུང་ཚབ་ཆོས་རྒྱལ་གཏེར་བདག་གླིང་པ་བཞིའི་བཀའ་དྲིན་ལས་ཨ་ཏི་རྫོགས་པ་ཆེན་པོའི་དབང་ཁྲིད་ལུང་མན་ངག་དུ་མ་ནོས་པའི་ཟ་ཧོར་གྱི་སྔགས་སྨྱོན་གང་ཤར་རང་གྲོལ་གྱིས་ལྕགས་མོ་བྱ་ལོ་སྤྲེལ་ཟླའི་ཡར་ཚེས་ལ་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་མཆོག་གིས་བགྱིས་པ་སིདྡྷི་རསྟུ། (༣༩ན)


GLG019_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་བྱེད་པདྨར་ཅོ་འདྲིའི་སྙེམས་མིན་ཡང་། །སྣང་སྲིད་དྲེགས་པའི་གཉེན་པོར་རྫུས་སྐྱེས་སུ། །གར་དབང་སྤྲུལ་པའི་ཟློས་གར་ཐོད་ཕྲེང་རྩལ། །ཞབས་སེན་ཟླ་ཚེས་གཙུག་ན་རྟག་འཆར་གསོལ། །སྲིད་པའི་བྱ་གཞག་འཇིག་རྟེན་མི་ཆོས་དང་། །གཏན་གྱི་བདེ་བ་བསྒྲུབ་པའི་ལྷ་ཆོས་གཉིས། །འགལ་མེད་ཟུང་དུ་འབྲེལ་བའི་བྱེད་ཆོས་ནི། །ཚ་གྲང་ལྟ་བུར་གཅིག་ཏུ་འགལ་ཆོས་ཡིན། །འོན་ཏེ་ལྕེ་བཙུན་སེང་གེ་དབང་ཕྱུག་དང་། །རྗེ་བཙུན་མི་ལ་མེ་ལོང་རྡོ་རྗེ་སོགས། །ཆོས་བརྒྱད་གཏན་སྤངས་སྔོན་བྱོན་རྣམ་ཐར་ལ། །སྙིང་ནས་ཐར་འདོད་སུ་ཞིག་ཅིས་མི་མོས། །དེ་ཚུལ་བློ་དང་བརྩོན་པས་བསྒྲུབ་པ་ལ། །ཡར་གྱི་དཔོན་དང་དམའ་བའི་འཁོར་གཡོག་འབངས། །དགྲ་འདུལ་གཉེན་སྐྱོང་རེ་དོགས་ཀུན་སྤངས་ནས། །ལྟོ་གོས་གྱོང་ཁུར་དབེན་པ་རྩེ་གཅིག་བསྟེན། །དེང་དུས་ཆོས་པར་རློམ་པའི་གཟུགས་བརྙན་ཕལ། །དཀའ་གནས་འདི་འདྲ་མངོན་སུམ་ལྟ་གཞོག་གི །རྨི་ལམ་ཙམ་དུ་འབྱུང་བའི་སྐལ་ཕྲ་ན། །ལུགས་གཉིས་ཟུང་འབྲེལ་སྤྱོད་ལས་འོས་གཞན་ཅི། །དེ་ཕྱིར་མཆོག་དམན་དགྲ་གཉེན་བར་མ་ལ། །བྲག་ཤུལ་རྩིང་སྤྱོད་སྣང་བ་གདོང་འདེང་བློ། །མ་ཡིན་སྣ་ཚོགས་ཐབས་ཀྱིས་ངོ་བསྲུང་བ། །སྙིགས་དུས་སྐྱེ་རྒུའི་འགྲོགས་ཁུགས་བཟང་པོར་གོ །འོན་ཀྱང་དཀོན་མཆོག་ལས་འབྲས་རྒྱབ་བསྐྱུར་ནས། །གཡོ་སྒྱུ་མནའ་ཟ་དུག་གཏོང་ངན་ལས་ཀྱིས། །རང་དོན་རེ་ཞིག་འགྲུབ་ཀྱང་བརྣག་དཀའ་བའི། །རྣམ་སྨིན་མཐོང་ཆོས་ཚེ་འདིར་མྱོང་བས་སྤོང་། །ལུགས་གཉིས་དཔལ་འབྱོར་དར་ལ་ཕྲག་དོག་པ། ཁ་མཁས་གཏིང་རྩུབ་སྐྱ་བཙུན་(༣༩བ)


GLG019_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་པའི་རིགས། །སྔོན་ལས་འཕྲལ་རྐྱེན་དབང་གིས་འབྱུང་སྲིད་པས། །ཞིབ་བརྟག་ཁོང་བསྒྲིགས་ཁ་མཛེས་ཟོན་སྐྱོར་གཅེས། །སློབ་བུ་དགོན་གནས་གྲ་རིགས་འཁོར་འབངས་ལ། །ཧ་ཅང་བྱམས་ན་ཕྱིས་སུ་སྲོལ་ངན་འཛུགས། །དྲག་འཇུན་ཆས་ཚེ་སྙིང་སྐྲན་འཇུག་པས་ན། །གང་འཚམ་ཐབས་ཀྱིས་འདུལ་བའི་ཆོ་ག་ཟབ། །རྙེད་པས་རྙེད་པ་བསྡུ་སོགས་འདུ་འཛིའི་ལས། །ལྷུར་ལེན་དམ་པའི་ཆོས་དང་རྒྱབ་འགལ་ཡང་། །དེང་དུས་བསྟན་འཛིན་ཡོངས་ཀྱི་རྣམ་པར་ཐར། །འཁོར་སྐྱོང་འུར་སྒྲོག་བྱེད་ལ་ངེས་པར་མཁོ། །གཅིག་ངོ་ཟིན་ཀྱང་ཅིག་ཤོས་མི་དགའ་བ། །སྲང་མདའི་མཐོ་དམན་ལྟ་བུ་ཆེས་དཀའ་ཡང་། །ཚེ་འདི་རྒྱབ་ཏུ་མ་འཁྱུད་སྦྱིན་བདག་སོགས། །གཞན་ངོ་བསྲུང་ཞིང་འདྲིད་པ་གནད་དུ་ཆེ། །ཕན་བཏགས་དྲིན་ཅན་བློ་གཏད་མཁན་པོ་སོགས། །བལྟོས་བཅས་རྣམས་ལ་སྙན་སྙན་མཛེས་ཚིག་གི །མེ་ཏོག་མི་འཐོར་གསོང་པོར་སྨྲ་བ་དང་། །ཕན་ཐབས་ཅི་ནུས་སྒོ་གསུམ་བསྒྲིམས་ཏེ་འབད། །མ་རུངས་ལོག་པར་འཁུ་ལ་ངན་སྤྱོད་མཚོན། །མི་བརྡེག་ཁོང་སྦེད་དངོས་བརྒྱུད་སྒྲུབ་ཐབས་ཀྱི། །ཆམ་ལ་འབེབས་པ་དཔའ་མཛངས་བརྟུལ་ཕོད་པའི། །རྣམ་ཐར་རང་དོན་བསྒྲིབ་ལ་ལྷག་པར་བསྔགས། །མྱང་འདས་བསམ་པས་མ་ཟིན་རྟེན་བཞེང་དང་། །ཚོགས་གསོག་འཁོར་བའི་འཁོར་ལོ་བསྐོར་ན་ཡང་། །བླུན་པོ་ངོ་མཚར་འཛིན་ཕྱིར་མི་ཆོས་ལ། །ལྷ་ཆོས་མིང་བཏགས་འཕྲིན་ལས་སྤེལ་ལ་ཕན། །དེས་མཚོན་ནད་གདོན་བགེགས་རིགས་སེལ་བ་དང་། །རིང་འཚོ་འབྱོར་རྒྱས་ཕལ་ཆེར་བདེར་འགྲོ་(༤༠ན)


GLG019_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །ཉམས་མྱོང་འཆོལ་མེད་འབྱུང་བར་ནེམ་ནུར་བྲལ། །ངན་སོང་སྐྱེས་ཀྱང་ལས་དཀར་འབྲས་བུ་ལ། །འཁོར་བའི་བདེ་བ་སྒྲུབ་ལ་ཡངས་པའི་བློ། །ལྡན་ཀྱང་ཚེ་འདི་མི་རྟག་ནམ་མཁའི་གློག །ཕྱི་མ་གཅིག་པུར་འགྲོ་བ་རེ་དོགས་ཀྱི། །སྤང་བླང་མང་པོ་གླེང་བ་ངག་གི་ལས། །སྣོད་ཀྱི་འཇིག་རྟེན་དུས་བཞིའི་འགྱུར་ལྡོག་དང་། །བཅུད་ཀྱི་སེམས་ཅན་སྡུག་བསྔལ་སྤྱོད་ཚུལ་ལ། །བསམས་ན་དལ་རྟེན་འདི་ལ་སངས་རྒྱས་ཞེས། །གྲགས་སྙན་སྒྲ་བོ་ཆེ་དེ་དོན་གཉེར་རིགས། །སེམས་ཅན་བསམ་པའི་ཁྱད་པར་མཐའ་ཀླས་པས། །རྒྱལ་བས་ཆོས་ཚུལ་གྲངས་མེད་གསུངས་ན་ཡང་། །སྙིང་པོ་ཐེག་པ་རིམ་པ་དགུར་འདུས་པའི། །རྣམ་གསུམ་ཡོ་ག་ལས་ལྷག་གཞན་ན་གང་། །སྨིན་གྲོལ་ལུང་དང་རྒྱུད་བཤད་མན་ངག་རྣམས། ཁོང་དུ་ཆུད་ནས་ཞི་ཁྲོ་བཀའ་བརྒྱད་ཀྱི། །ལྷ་སྔགས་ཡེ་ཤེས་རོལ་པའི་རྣལ་འབྱོར་ལ། །བརྟེན་ནས་མཆོག་ཐུན་དངོས་གྲུབ་བསྒྲུབ་པར་རིགས། །མ་ནིང་དྲེགས་པའི་སྡེ་དཔོན་སུམ་ཅུ་སོགས། །དམ་ཅན་ལས་ལ་བསྐུལ་ཏེ་དགྲ་བགེགས་ཚོགས། །ཉེར་བསྒྲལ་རྣམ་ཤེས་རང་རིག་ཀུན་བཟང་ཞིང་། །འདྲེན་པ་སྔགས་རྒན་རྣམས་ཀྱི་གོ་མཚོན་ཡིན། །མཚན་མའི་དཀྱིལ་འཁོར་ཙམ་ལ་མ་ཞེན་པར། །རང་བྱུང་ལུས་ཀྱི་རྡོ་རྗེ་ཕོ་བྲང་དུ། །རྩ་གསུམ་ལྷ་ཚོགས་མ་ལུས་ཡོངས་འཆར་བའི། །ཟབ་གསང་གནད་འདི་ཨ་ཏི་ཡོ་གའི་ལམ། །འོད་གསལ་ཆོས་སྐུ་རང་ལ་གདོད་མ་ནས། །གཅེར་མཐོང་ངོ་སྤྲོད་ཨ་ཏི་རྫོགས་པ་ཆེ། །ཐེག་པའི་ཡང་རྩེ་འཛིན་ལ་གོམས་འདྲིས་ན། །སངས་རྒྱས་གཞན་ནས་འཚོལ་བའི་རེ་བ་སྐྱུངས། ཁྱད་པར་པད་འབྱུང་ཐུགས་བཅུད་(༤༠བ)


GLG019_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཆེན་བཟར། །གནང་བ་མཁའ་འགྲོའི་སྙིང་ཏིག་བཀའ་གནད་མདུད། །འགྲོལ་མཛད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡི། །ཡང་ཏིག་འདི་ཀོ་ཡིད་བཞིན་དབང་གི་རྒྱལ། །བླ་རྫོགས་ཐུགས་གསུམ་ཉམས་སུ་བླང་བའི་ཕྱིར། །མཚོ་སྐྱེས་བྲག་ཏུ་ཆིག་རེ་འགྲིམ་པ་ལ། །ཐག་བཅད་སྤང་ལ་བེ་ཕུར་ཡོངས་བཏབ་པས། །དམ་པའི་རྣམ་པར་ཐར་དེར་གཅིག་ཏུ་རངས། །འོན་ཏེ་སྙོམ་ཆུང་ཆེན་པོའི་མིང་མི་ལྡན། །གཞན་གྱི་ཕྲག་དོག་རླང་སྤྱོད་ཡུལ་བྲལ་བའི། །བྱ་བཏང་མིན་ཕྱིར་ཚོམ་རྐུན་ཇག་པ་ཡི། །འཚེ་བ་སེལ་བའི་ཐབས་ལ་འབད་པར་རིགས། །ཅིའི་ཕྱིར་སྒྲུབ་ཆེན་རྣམས་སུ་དགྲ་བཟློག་པའི། །གོ་མཚོན་ནད་གསོའི་སྨན་སོགས་བཤད་པ་དང་། །ལུས་གནས་ཆེད་དུ་འཚོ་བའི་ཟས་བསྟེན་པ། །བཤེས་པའི་སྤྲིངས་ཡིག་སོགས་ལས་གསུངས་དང་མཚུངས། །ཅུང་ཟད་བརྗོད་འདི་རིག་པ་འཛིན་ཁྱོད་ཀྱི། །ཐུགས་གསང་ཀློང་དུ་ཉེ་བར་སིམ་པ་དང་། རྩེ་གཅིག་སྒྲུབ་པ་མཛད་བཞེད་ལྷུན་གྲུབ་པར། །རྩ་བ་གསུམ་གྱི་ཐུགས་རྗེའི་མཐུ་དཔུང་བསྐྱེད། །ཅེས་བླང་དོར་གྱི་ཚུལ་གདམས་པའི་ལུགས་སུ་བྱས་པ་འདི་ནི་དབང་ཆེན་སྤྲུལ་པར་ལུང་གིས་ཟིན་པ་ཐུགས་སྲས་ཟླ་བའི་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རྡོ་རྗེའི་གསུང་གིས་བསྐུལ་བ་ལ་བརྟེན་རང་གི་བྱ་སྤྱོད་མཐའ་དག་སྨྱོན་པའི་ཟློས་གར་ལྟ་བུས་བརྗོད་པར་མི་འོས་ཀྱང་ནེ་ཙོའི་འདོན་པ་ལྟར་སྣག་ཤོག་གི་གྲོན་ལ་མ་འཛེམས་པར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བློ་བཟང་དབང་པོའོ།། །།


previousམཆོག་དམན་བར་པ་རྣམས་ལ་ལུགས་ཟུང་དང་འབྲེལ་བའི་བསླབ་བྱ་གསལ་བར་སྟོན་པའི་རིམ་པ་ཟླ་བ་འབུམ་ཕྲག་འཆར་བའི་རྫིང་བུ།next