Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
རབ་བྱུང་བཅུ་གཅིག་པའི་ཤིང་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ཤིང་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ཤིང་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ཤིང་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །དཔལ་ལྡན་ས་སྐྱའི་ཆོས་ཀྱི་གདན་ཁྲི་ལ་བཞུགས་པ་ཞབས་དྲུང་བདག་ཆེན་ངག་དབང་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཆབ་ཤོག་གི་ལན་མཐོ་རིས་ལྡིང་བའི་གསང་པའི་ཐེམ་སྐས། ཨཱ ཛི ཏྲི གུ ཧྱཱ ས མུ དྲེ ཤྭ ར སུ རྻཱ ས དྷཱ པ ཙུ རྀ ལ ཀྵ སྨི རྨཱུ ལ སུ ཁཱི ཡ པ དྨཱ ཧ སཱ སུ ཀྲྀ །རྒྱལ་(ཁ་སྒོ་ཕན་པའི་སྡེབ་སྦྱོར།)བ་ཀུན་གྱི་གསང་གསུམ་ཆུ་གཏེར་ལས། །མཁས་དང་གྲུབ་པའི་དབང་ཕྱུག་ཉིན་མོར་བྱེད། །ལེགས་བྱས་འོད་ཟེར་འབུམ་གྱིས་ལུས་ཅན་རྣམས། །ཕན་དང་བདེ་བའི་འདབ་བརྒྱ་བཞད་པའི་དྲུང་། །(༢ན)


GLG019_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རིང་མིན་མཆོག་ཏུ་དགེ་བའི་དུས་ཀྱི་ཆར། །ཉེས་བརྒྱ་ར་རིའི་དྲི་མ་དྲུངས་ཕྱུང་ཞིང་། །མཚན་དཔེའི་ཆ་ཤས་བཅུ་དྲུག་ཡོངས་གང་བས། །སྔོན་མེད་ཟླ་བ་གསར་པའི་གཟུགས་ཀྱི་སྐུ། །ལེགས་བྱས་འབུམ་སྡེའི་ལུས་ཕྲའི་འཛུམ་མདངས་ཀྱིས། །ཕན་བདེའི་སྣང་བ་རྒྱ་མཚོའི་ངོ་མཚར་མགྲོན། །མཐོ་རིས་ལྡིང་ཁང་གསར་པའི་ཐེམ་སྐས་ལས། །བསུས་འདི་སྐལ་བཟང་འགྲོ་བའི་གཉེན་གཅིག་པུ། །དྲི་མེད་གདུང་གིས་མངོན་མཐོ་འཆི་མེད་རྒྱུད། །འཁོན་རིགས་མ་ལ་ཡ་ཡི་སྐྱེད་ཚལ་ལས། །མཁྱེན་བརྩེའི་འདྲི་བསུང་ཕྱོགས་བརྒྱར་འགྱེད་པའི་དཔལ། །གྲངས་མེད་སྐྱེ་བོའི་བསོད་ནམས་ཟོང་གིས་བསྒྲུབས། །འཇམ་དབྱངས་ཐུགས་རྗེའི་གུར་ཀུམ་གསར་པའི་ཚོན། །རི་མོ་ཡོངས་སུ་སྨིན་པའི་རྣམ་དཔྱོད་ཀྱིས། །ལུང་རྟོགས་བསྟན་པའི་གདུགས་དཀར་སྲིད་རྩེ་ཡི། ཁོངས་ལས་བརྒལ་བར་འཁོར་བའི་ས་སྐྱ་པ། །བཀའ་ཐམ་ཚིག་ཕྲེང་གཉིས་སྐྱེས་ལུས་དཀར་ཅན། །ངོ་མཚར་གཏམ་གྱི་མགྲིན་རྔ་སྒྲོག་བཞིན་དུ། །ཐུན་འཚམས་ཕྱག་རྒྱར་འགྲོགས་པའི་བདོག་པ་ཟུང་། །སྙིམ་པར་ཐོགས་ཏེ་སྨན་ལྗོངས་ཚལ་དུ་སོན། །རྒྱལ་བ་ཀུན་དངོས་འཇམ་མགོན་བཙོང་ཁ་པའི། །རིང་ལུགས་གསེར་གྱི་ཤིང་(༢བ)


GLG019_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

རྟའི་ཁ་ལོ་པ། །ཟ་ཧོར་རིགས་ལས་ཤཱཀྱའི་བཙུན་པ་ཡང་། །ལྔ་རིག་རྒྱ་མཚོར་བགྲོད་པའི་འདུན་པར་མཆིས། །སྙིགས་མས་ཆེར་སྦགས་མི་བསྲུན་ཚེར་དོང་ན། །འགྲོ་ལ་རྗེས་ཆགས་འཕགས་ཆེན་དམ་པ་རྣམས། །སྙིང་སྟོབས་གོ་ཆ་བཙན་པོས་གཞན་གྱི་དོན། །སྒྲུབ་ལ་ངལ་བ་མེད་པ་ཆོས་ཉིད་ལགས། །དེ་ཕྱིར་མཁྱེན་བརྩེའི་འོད་དཀར་གར་མཁན་མས། །རྩོད་པའི་མུན་པ་རིང་དུ་སྐྲོད་པ་དང་། །རྫོགས་ལྡན་སྣང་བ་འབུམ་སྡེའི་དགའ་སྟོན་གྱིས། །ཀུན་ཁྱབ་རྣམ་པར་ཐར་པ་དེ་རྨད་བྱུང་། །གསང་ཆེན་སློབ་བཤད་དབྱར་སྐྱེས་སྙན་པའི་དབྱངས། །ཕྱོགས་བརྒྱར་བསྒྲིགས་ཀྱང་སྐལ་བཟང་མདོངས་མཐའ་ཅན། །མ་གཏོགས་འདབ་ཆགས་ཀུན་གྱི་མངལ་འཛིན་པ། །སྲིད་མིན་དམན་པའི་སྐལ་བ་ཅན་དེས་ནོངས། །བློ་གྲོས་རིན་ཅེན་སྦྲེལ་བའི་ཐེམ་སྐས་ཅན། །ཐུབ་བསྟན་རྒྱལ་མཚན་སྒྲེང་བའི་སེང་གེ་ཁྲིར། །སྙན་རྒྱུད་ཡིད་བཞིན་ནོར་བུས་ས་སྐྱ་པའི། །རིང་ལུགས་རྣམ་པར་རྒྱས་པའི་མཛད་བཟང་ངོས། །མངོན་པར་ཡངས་པའི་མཁྱེན་པ་མེས་པོའི་ཐོད། །དྲི་མ་མེད་པའི་བཀའ་མཆིད་གངྒཱའི་རྒྱུན། །སྐལ་ལྡན་ཤིང་རྟར་འགྲན་པའི་བྱ་མ་རྟས། །སུག་པར་ཐོགས་ཏེ་དགའ་བའི་གར་ཡང་བྱོས། །རི་མོ་རབ་དཀར་པདྨའི་ཚལ། །རྟེན་གྱི་འདབ་རྒྱ་གཡོ་བ་ལ། །རྟགས་ཀྱི་ཟེའུ་འབྲུ་གཡུར་ཟ་བ། །གྲུ་འཛིན་གཉིས་པའི་རྩེ་ནས་ཕུལ། །ཕོ་བྲང་ཆེན་པོ་སྣེའུ་བདོང་རྩེ་ནས་ཞབས་ཟུང་རིན་པོ་ཆེ་གོང་མ་དཔལ་ལྡན་ལྷ་གཟིགས་མི་ཕམ་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་པོས་ཤིང་བྱ་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་དང་བཅས་པའི་ཆབ་ཤོག་གི་ཕེབས་ལན་དགེ་མཚན་རྒྱ་མཚོའི་བདུད་རྩི། (༣ན)


GLG019_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ད ཤ བ ལ ཤཱི ཁཱ ཏྤ རྱ ནྟ སི དྷེ ༔ ཀུ ལ ར སྨི ས ཧ སྲ ཛཱ ལ ཧཱ། ཤཽ བྷི ཀ ཀ ར ཧཱ བ ཛྲ པུ དྡྷ བྷུ པཱ ལ ཡ ས རྦ དཱ། །སྟོབས་(ཛཱ་ཏིའི་སྡེབ་སྦྱོར་འཕགས་མ།)བཅུའི་དཔལ་གྱི་མི་ཞལ་ལམ་ཡངས་ལས། །མཐའ་ཀླས་གྲུབ་རིགས་འོད་ཟེར་སྟོང་འབར་བ། །མི་འཇིགས་བཞི་ལྡན་རྡོ་རྗེ་རྒྱལ་པོ་ཡིས། །ནོར་འཛིན་སྐྱོང་གང་དུས་ཀུན་དག་པར་མཛོད། །བྱང་ཕྱོགས་ར་བ་དཀར་པོའི་ཁོར་ཡུག་འདིར། །ཆོས་དང་སྲིད་ཀྱི་གཙུག་ཏོར་མཐོན་པོའི་རྩེར། །མང་པོས་བཀུར་བ་ལྷ་བཅས་སྐྱེ་རྒུའི་མགོན། །དཔལ་ལྡན་ལྷ་གཟིགས་མི་དབང་དམ་པའི་དྲུང་། །བརྒྱ་ཕྲག་ལེགས་པའི་ལམ་གྱི་སྐྱེད་ཚལ་དུ། །ཕུལ་བྱུང་ཉེ་བར་ལེན་པའི་ཡོངས་འདུའི་ལྗོན། །ལུགས་ཟུང་ལོ་འདབ་འབྲས་བུ་གཡུར་ཟ་བའི། །ངོ་མཚར་གཏམ་གྱིས་ཐོས་འཛིན་སྐྱེས་སུ་བྱས། །དགེ་མཚན་རྒྱ་མཚོའི་མངར་བའི་བདུད་རྩིའི་བཅུད། །གསར་ཚེས་གནམ་ལོའི་ཡོལ་གོར་རྟག་འཁྱིལ་བའི། །བགྲང་བྱའི་(༣བ)


GLG019_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མོ་བཞད་པའི་སྙན་ཚིག་འཕྲེང་། །བདོག་པ་ཕྱག་རྒྱའི་ལང་ཚོར་སྤྲས་པ་སོན། །འཇམ་དཔལ་སྙིང་པོའི་རིང་ལུགས་འཛིན་རློམ་ཡང་། །ཉེར་འཚེའི་ཤུགས་དྲག་དྲི་བཞོན་གྱིས་དབེན་ངོས། །ཐོས་བསམ་སྒོམ་པའི་གྲུ་གཟིངས་ཐབས་ཚུལ་གྱིས། །གཙུག་ལག་ནོར་བུའི་དཔྱ་ལ་སྤྱོད་སྙམ་གྲང་། །མི་དམན་དགེ་བཅུའི་ཆ་ཤས་ཀུན་རྫོགས་ཤིང་། །བདེ་ལེགས་ག་བུར་ཐིགས་པ་འབུམ་འཛག་པ། །ཟླ་འཕྲེང་ལང་ཚོའི་བཞིན་རས་ངོམ་པའི་དུས། །ས་སྤྱོད་དམ་པའི་སྡེ་བཞི་རྒྱས་གྱུར་ཅིག །ཡུན་དུ་སྙན་པའི་དབྱར་སྐྱེས་སྒྲ། །སྒྲོག་པའི་ཆར་ལྡན་དུས་ཀྱི་མགྲོན། །འབོད་མཁས་གསུང་བྲིས་ལེགས་ལྡན་དཔྱིད། །རྒྱུ་བའི་ཚུལ་འདིར་མི་བསྐྱུད་འཚལ། །རབ་དཀར་བཀྲ་ཤིས་ཐགས་ཀྱི་དར། །འཚམས་སྤྲིན་རྒྱ་ཡིས་འཁྱུད་བཞིན་དུ། །ཟླ་སྣང་རྟ་ཆེན་གྱིས་ཉ་བའི། །ཨཱི་ཡིག་འཆར་བའི་ཚེས་ལ་ཕུལ། །འཇམ་མགོན་བླ་མའི་གདན་ས་ཆེན་པོ་རི་བོ་དགའ་ལྡན་དང་གངས་རིའི་ཁྲོད་ཀྱི་རིགས་པ་སྨྲ་བ་ཀུན་གྱི་འབྱུང་གནས་གསང་ནེའུ་ཐོག་གི་རྔོག་ལོ་ཙཱ་བ་གཉིས་ཀྱི་ཆོས་ཀྱི་ཁྲི་ལ་མངོན་པར་འཛེགས་པ་ཡོངས་འཛིན་བླ་མ་དམ་པ་འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་ལ་བརྟན་བཞུགས་དང་བཅས་ཏེ་ཞུ་འཕྲིན་དུ་གསོལ་བ་མི་འགྱུར་རྡོ་རྗེའི་སྙིང་པོ། (༤ན)


GLG019_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བི པ རྻཱ ད ནྱེ ཀ ཛྙོ ན པ ར མ ཙཱ ད རྴ བི མ ལཾ། །བི ཛྲྀ མྦྷཱ དྷ རྨ ཤྩ པྲ ཏི མ མ མ ནཱ ཊ ཀྱ བུ དྷ ཙ། །མྲྀ དུ ཤྲཱི དྷྲྀ གྨཱུ ལེ ན ར བྷ བ ས དྷཱ སཾ ག པ ཊུ ཡོ། །ཏྟ རཱ ཙ ཏྲོ ཝ རྟི ལྦི ལི ཏ ལ ཛ ཏ ཉྩ ཀྲ ཧི མ བཱཾ། །བླ་(སྡེབ་སྦྱོར་གཙུག་ཕུད་ཅན།)ན་མེད་པའི་ཡེ་ཤེས་མེ་ལོང་རྙོག་པའི་དྲི་མ་དང་བྲལ་ངོས། །ཆོས་ཀུན་མ་ལུས་ཅིག་ཅར་མཁྱེན་པའི་རང་གཟུགས་ཟློས་གར་རྣམ་འགྱིང་ཡང་། །ཟུར་ཕུད་ལྔ་པ་མི་ཡི་སྲིད་བཟུང་ཐུན་འཚམས་བླ་གོས་རབ་བཀྲ་བ། །གངས་ཅན་མཁས་གྲུབ་གསེར་གྱི་འཁོར་ལོར་ཐོགས་མེད་མངའ་སྒྱུར་གང་གི་དྲུང་། །དྲི་བྲལ་ཀུན་གསལ་འབྲས་ལྡན་དུས་ཀྱི་མཁར། །གསང་གསུམ་མཛད་པའི་ཉིན་བྱེད་འོད་རྣོན་ལས། །དད་པའི་པདྨ་དགོད་པའི་ཟེའུ་འབྲུའི་དབྱངས། །ཉམས་འགྱུར་སྟོང་གི་བཅུད་ལེན་འདི་ལྟར་གསོལ། །དེང་དུས་མི་ཟད་མཚན་བཟང་འཁོར་ལོའི་རྒྱན། །ཕུལ་བྱུང་གཟུགས་སྐུར་སྡུད་པའི་ཟླ་བྲལ་ཀྱིས། །ཞབས་སེན་མཐོན་ཀའི་འོད་སྟོང་ལྷར་བཅས་འགྲོའི། །ཟུར་ཕུད་བླ་ན་མཛེས་འདི་ཆོས་ཉིད་ལགས། །སྙན་འགྱུར་གར་དུ་རྩེ་བ་དྲི་ཟའི་རྒྱུད། །ཟག་མེད་སྐད་ཀྱི་ང་རོ་ནཱ་དེའི་སྒྲ། །ཟབ་རྒྱས་ཆོས་ཀྱི་འཇིགས་མེད་གླུར་སྒྲོག་པ། །སྲིད་འདིའི་མཁས་རློམ་རི་དྭགས་དབུས་(༤བ)


GLG019_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ན་བརྗིད། །མི་འགྱུར་སྟོང་གཟུགས་མཁའ་ལ་བདེ་བའི་མདངས། །གཉིས་མེད་ཐབས་ཤེས་ཟུང་དུ་འཇུག་པའི་མཐའ། །རྣམ་འདྲེན་མཁྱེན་པའི་སྲང་ལ་གཞལ་དཀའ་ན། །ཚད་དུ་རྗོད་པ་རང་ཉམས་བྱིས་པའི་བློ། །གྲུབ་མཐའ་རྣམ་བཞིའི་བཞེད་གཞུང་ཚང་ཚིང་ཁྲོད། །བློ་བཟང་རྒྱལ་བའི་དགོངས་དོན་ཨཱ་ཤཱ་དཱ། །ལེགས་བཤད་འབྲས་བུའི་གཡུར་ཟ་ལྡེམ་མཁས་པ། །གངས་ཁྲོད་ཐུབ་བསྟན་ཡོངས་ཀྱི་ཤིང་རྟ་ཆེ། །ཤིན་ཏུ་སྲ་བ་རྟོག་གེའི་ཚིག་དོན་གཞུ། །ཡང་དག་རིགས་པའི་རྒྱུད་ཀྱིས་ཉེར་བཀུག་པའི། །དགག་སྒྲུབ་ཉག་ཕྲན་རྣོན་པོས་ལོག་སྨྲའི་སྙིང་། །འབིགས་འདིས་ཆོས་ཀྱི་གྲགས་པའི་སྙེམས་པ་ཕྲོགས། །འཕགས་ཡུལ་མཁས་མང་གཙུག་རྒྱན་པཎྜི་ཏ། །མཚོ་བྱུང་སྙིང་གར་རོལ་བའི་དཔའ་བོའི་ཞབས། །རྩོམ་ཚེ་གང་གི་རྣལ་འབྱོར་ཤེས་རབ་ཀྱིས། །ཡུན་དུ་དཔྱད་ཀྱང་དབྱེ་བའི་གོ་སྐབས་བྲལ། །འཇམ་དཔལ་སྙིང་པོའི་རིང་ལུགས་དྲི་མ་མེད། །གྱེན་དུ་འདེགས་པར་ཤིན་ཏུ་ལྕི་བའི་ཁུར། །མངོན་པར་འབྱེད་ལ་བཟོད་ལྡན་དཔག་དཀའི་ཐུགས། །ཡངས་པའི་ས་འདིར་ཤོང་བ་ཨེ་མ་མཚར། །འདི་ན་ཐོས་པའི་གྲུ་གཟིངས་ལ་ཞུགས་ནས། །ལེགས་བཤད་ནོར་བུ་འཚོལ་འདོད་སྙོམ་ལས་པ། །རྣམ་གཡེང་ཆུ་ཡི་འཁྲི་ཤིང་འཁྲུག་གྱུར་ཀྱང་། །མཐུན་བྱེད་བརྩོན་པའི་དྲི་བཞོན་མེད་དམན་ཙམ། །སླད་མར་བསྟན་འགྲོའི་དཔལ་དུ་འཚོ་གཞེས་སྐུ། །མི་འགྱུར་རྡོ་རྗེའི་གཞི་ལ་རྟག་འཆེལ་ཡང་། །གཞན་ངོར་གཞོམ་པ་མེད་པའི་ཐབས་ཚུལ་གྱིས། །གྲངས་མེད་བསྐལ་པར་ཆོས་འཁོར་སྐོར་དུ་གསོལ། །བརྣག་ནས་ལས་འདས་མི་བསྲུན་ཚེར་མའི་དོང་། །མ་དག་ཉེས་བརྒྱའི་དྲི་མས་སྦགས་དུས་འདིར། །གཞན་དོན་སྙིང་སྟོབས་ལྷག་པར་མི་སྐྱེད་ན། །རྒྱལ་སྲས་ཆེན་པོའི་མཚན་གྱིས་དགོས་པ་ཅི། །ལུགས་ཟུང་(༥ན)


GLG019_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་ལག་འགྲོའི་སྙིང་པོ་ལས། །བླང་དོར་འབྱེད་པའི་བསླབ་བྱ་དྲི་བསུང་ཅན། །འཕྲིན་ཡིག་མ་ལ་ཡ་ཀླུང་དང་འགྲོགས་ཏེ། །མོང་རྟུལ་ཚ་གདུང་སེལ་བའི་བཀའ་དྲིན་ཞུ། །སྙན་ཚིག་རྒྱུད་དུ་ཆགས་པའི་རི་བོང་ཅན། །རྙོག་བྲལ་ཐུགས་མཚོར་འཆར་བའི་ཞུ་མཆིད་གཟུགས། །བདག་གཉེན་གཞུ་ཁྱིམ་སྤྱོད་པ་མགོ་ཟླ་བའི། །དམར་ཕྱོགས་དགའ་བ་གསུམ་པའི་ཚེས་ལ་ཕུལ། །གཙང་སྟོད་བཀྲ་ཤིས་ལྷུན་པོའི་པཎ་ཆེན་བཅོ་ལྔ་པ་ཡོངས་རྫོགས་བསྟན་པའི་མངའ་བདག་མཁན་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ལ་གང་གི་གསང་བའི་རྣམ་ཐར་གྱི་ས་བོན་དགོས་ཚུལ་གྱི་ཞུ་འཕྲིནདུ་གསོལ་བ་གསང་མཛོད་ཕྱག་རྒྱ་འགྲོལ་བའི་ལྡེ་མིག །རུ བཻ རྐཱ ཡཱ ནཱ ནྡྭི བྷ ར ཙ མེ སཧ སཱ རི ས རྦྦ ཁེ། །ཛི བ རཱ བྲྀ ཥོ ད ཡཱ ཡ སྟ སྨཻ ཥ ཡུ བ ནྱ ཀྲྀ །ཚོགས་(ཁ་སྒོ་ཕན་པའི་སྡེབ་སྦྱོར།)གཉིས་ཆུ་འཛིན་རི་མོ་ཀུན། །གཟུགས་སྐུའི་ལྷ་ཡི་ལམ་ཡངས་པར། །ཤར་བས་དབྱར་སྐྱེས་ལང་ཚོ་རྣམས། །འཕེལ་མཛད་རྒྱལ་བ་མཆོག་གང་དེར། །(༥བ)


GLG019_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱའི་རང་བཞིན་ཀུན་གསལ་སྨིན་ལེགས་མར། །མཁྱེན་དཔྱོད་ལང་ཚོས་འཁྱུད་པའི་སྟོབས་བཅུའི་རྩལ། །ལྷུན་གྲུབ་འགྲོ་ལ་མཚན་དཔེའི་གར་མཁན་མ། །སྐལ་བཟང་སྣང་བའི་དཔྱིད་དུ་གསལ་བའི་གཏམ། །རབ་སྙན་ལྷོ་ཕྱོགས་བསེར་བུས་བསྐུལ་བའི་དྲི། །ཕན་བདེའི་ཆོ་ག་བསྟར་པའི་དགའ་སྟོན་ཅན། །སྔོན་མེད་རྣ་བའི་གསོས་ཀྱི་བདུད་རྩི་འདིས། །འཆི་མེད་བཏུང་བའི་ཁེངས་པ་ཕྲོགས་ཀྱི་དོགས། །མི་འགྱུར་བདེ་ཆེན་བཅུད་ཀྱིས་མྱོས་པའི་གདངས། །སྒྲིབ་ཕྱིར་ཐ་མལ་ཟུག་རྔུའི་ཚུལ་བསྟན་ཀྱང་། །བདུད་བཞིའི་མེས་པོའི་འཁོར་ལོས་གཞོམ་མིན་པ། །མགྲིན་པའི་སྟོང་གཟུགས་རི་མོ་བཀྲ་འདི་ཅི། །བརྗོད་བྲལ་མཛད་པ་མཆོག་གི་ཡིད་བཞིན་ནོར། །གསང་བའི་མཛོད་དུ་རྒྱ་ཡིས་ཉེར་འཆིང་ན། །ཉི་མའི་གཉེན་དེས་དཔག་དཀའི་རྫུ་འཕྲུལ་འགའ། །ཐུན་མོང་གདུལ་བྱར་བསྟན་དེ་ནོངས་མིན་ནམ། །ངན་རྟོག་ཁུང་བུར་ལོག་སྨྲའི་ཕུད་སྒྲོག་འགར། །རྟོགས་བརྗོད་དྲི་ཡིས་གདུང་སྐྱེད་ལ་དགོངས་ནས། །རྨད་བྱུང་དམ་པའི་ཆོས་ཀྱི་བདུད་རྩི་གང་། །མེ་ཏོག་མདའ་ཅན་སྙིང་ལ་མཚོན་ཆ་བཞིན། །བརྩེ་ཆེན་སྤྱན་དཀྱུས་སྙིགས་མའི་ལང་ཚོ་ལ། །རྗེས་ཆགས་རིང་པོར་རྐྱོང་ན་རྣམ་འདྲེན་གྱི། །མཛད་པའི་མཛེས་སྡུག་སྒམ་པའི་ར་རིའི་དྲིས། །གབ་པས་རྨོངས་པའི་སྲིད་ལྡན་རེ་སྐོང་ངམ། །རྩེ་བརྒྱའི་ལག་ཉལ་འདྲེན་བྱེད་སྟོང་ཕྲག་གིས། ཁྱད་འཕགས་གྲུབ་པའི་ངོ་མཚར་མི་གསལ་ན། །གྲགས་པའི་མུ་ཁྱུད་ཆོས་བཟང་མདུན་ས་ཡི། །ལེགས་བྲིས་ཚོགས་ལས་ལྷག་པའི་མཚན་ཉིད་ཅི། །སྲིད་པའི་མཚོ་འདིར་དམན་ཆ་བླངས་པའི་གཟིངས། །ནན་ཏུར་དྲི་ཟའི་རྒྱུད་ཀྱི་དང་པོ་དེ། །བརྡུངས་པས་ཞིག་ཚེ་གསང་སྤྱོད་གདེངས་ཅན་གྲོང་། །རང་ཤུགས་འཇིག་པས་ངོ་མཚར་ནོར་བུ་རྙེད། །ཆོས་དབྱིངས་དཔྱིད་ཀྱི་ལུས་ཕྲའི་ཕང་པ་ལས། །མཚན་བཟང་དར་བབ་མ་ལ་ཡར་སྐྱེས་ལྗོན། །(༦ན)


GLG019_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་བཙུན་བཟང་པོའི་དྲི་བསུང་སྤྲོ་བ་ཁྱོད། །ཐུབ་བསྟན་རྐང་འཐུང་དཔལ་དུ་བརྟན་གྱུར་ཅིག །རི་མོ་གཉིས་སྐྱེས་གཙུག་ཕུད་ཅན། །རྟེན་གྱི་སྒྲོ་མདོངས་རབ་བཀྲ་བ། །ཆུ་ལྷའི་ཕྱོགས་ཀྱི་བཤུལ་ལམ་དུ། །གཤོག་རླབས་བསྐྱོད་དེ་བདེ་བར་འཕུར། །སྟག་ལུང་ནས་ཞབས་དྲུང་མ་ཆེན་ངག་དབང་བཀྲ་ཤིས་དཔལ་གྲུབ་ངེས་དོན་ཆོས་ཀྱི་ཉི་མ་རྣམ་གྲོལ་མཆོག་གི་སྡེའི་ཆབ་ཤོག་ལན་གྲུབ་རིགས་རྒྱ་མཚོའི་ཤིང་རྟ། བི ཛྙཱ སཱ ག རྱཱ ཛ ཏ ད ཤ བ ལཱ མྲྀ ཏྱ ནི དྷྱཱ ཀྵ རེ ཥཾ། །བྷ ཝྱཱ བྷཱི ཏ ཥྩ ཛྭ ར བྷ ར ར སཱ ནུ ཏྟ རཽ ཥ དྷྱ ཤཱ ནྟ། །ཡེ་ཤེས་མཆོག་གི་ཆུ་གཏེར་ལས་འཁྲུངས་སྟོབས་བཅུའི་བདུད་རྩི་མི་ཟད་གཏེར། །སྲིད་འདི་ཉམ་ངའི་ནད་ཚོགས་ཞི་བ་བླ་ན་མེད་པའི་སྨན་གྱི་རོ། །(༦བ)


GLG019_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཀ རྱ ཀོ ག ཙྪཱ མ ཎི བ རི ས དྷཾ མ ཧྱ ར ཐྱཱ སུ ཁཱི ཡཱ། །ཡ སྟ དྨཱུ ལོ རཱ ཤི ར མུ ཀུ ཊ ཙ ནྱཱ ས པ ཎྚི ཧྱ ཧི མྱ། །ཅི་ཡང་སྩོལ་མཛད་ཕན་བདེའི་ནོར་བུ་སྐྱེ་རྒུའི་གཙུག་གི་ཅོད་པན་དུ། །འགོད་མཁས་གངས་ཅན་གྲུབ་རྒྱུད་ཡོངས་ཀྱི་ཤིང་རྟ་ཆེན་པོ་གང་དེའི་དྲུང་། །ཆར་དུས་མཁའ་གླང་གློག་འོད་འཐུལ་བའི་ལྕེ། །རྣམ་བཀྲ་རི་མོར་རྫོགས་ཚེ་དབྱར་རྔ་བཞིན། །ཐོས་འཛིན་སྔོན་མེད་བྲོ་བའི་བསིལ་ཟེར་གྱིས། །མགྲིན་པའི་ཀུནྡ་དགོད་པའི་འཛུམ་གྱིས་གསོལ། །དེང་དུས་དྲི་བྲལ་སྐུ་ཡི་བཅུ་དྲུག་ཆ། །ཕུལ་བྱུང་མཚན་དཔེའི་རི་དྭགས་སྣང་བརྙན་གྱིས། །མངོན་པར་སྦུད་འདིས་ཐུབ་བསྟན་འཆི་མེད་ལམ། །མཛེས་བྱེད་རྒྱན་དུ་བྱེད་པོས་བགོད་པར་ངེས། །འཇིགས་མེད་ནཱ་དའི་ང་རོ་ཚངས་པའི་དབྱངས། །སྙན་འགྱུར་ཡན་ལག་དྲུག་ཅུའི་གསུང་གི་སྒྲས། ཁེངས་ལྡན་གནྡྷར་བ་ཡི་རྒྱུད་(༧ན)


GLG019_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མང་གླུ། །སྤོབས་པའི་མཐུ་བྲལ་རྒྱ་མཚོའི་འགྲམ་དུ་བྲོས། །གཉིས་མེད་ཟུང་དུ་འཇུག་པའི་ཨཱ་དརྴར། །ཆོས་ཀུན་མ་བསྒྲིབས་འཆར་བའི་ཐུགས་ཀྱི་གཏིང་། །ཟབ་མོར་དཔྱོད་པས་རིན་ཅེན་འབྱུང་བའི་གནས། །ཚད་དུ་འཇལ་ལ་ངལ་བའི་གོ་སྐབས་བྲལ། །མེས་པོས་སྤྲུལ་པའི་སྣོད་ཀྱི་མི་མཇེད་ཁམས། །རྒྱུ་མཚན་འཕྱང་མོར་བྱེད་ལ་ངལ་བ་སུ། །གང་གི་རླབས་ཆེན་མཛད་པའི་ཕུང་པོའི་གཟུགས། །ཡོལ་སྒོ་སྒྲུབ་ལ་དཔྱོད་ལྡན་གོར་མ་ཆག །འབུམ་ཕྲག་ཟླ་སྣང་ཕྱུགས་འདྲའི་འཕྲིན་ལས་ཀྱི། །གཅིག་ཏུ་དཀར་བའི་འོད་ཀྱིས་དབྱིག་འཛིན་ཁྱོན། ཁྱབ་ཚེ་འཕགས་ཡུལ་མཁས་པའི་བྲམ་ཟེ་རྣམས། །ལག་པད་ཟུམ་ཞེས་སྐད་གཉིས་སྨྲ་རྣམས་གླང་། །ཆོས་སྲིད་འཁོར་ལོས་སྒྱུར་བའི་འོད་སྟོང་གིས། །བསིལ་ལྡན་སྡེ་བཞིའི་འདབ་སྟོང་རྒྱས་བྱེད་པའི། །དཔལ་ལྡན་ཕག་མོ་གྲུ་པའི་ལུགས་བཟང་མཆོག །འཛིན་ལ་ལྗོངས་འདིར་ཁྱོད་ལ་དོ་ཟླ་ཅི། །བློ་ལྡན་ཕུར་བུའི་ཁེངས་པ་ས་འཛིན་རྐང་། །འཇོམས་བྱེད་སྙན་ཚིག་བཀའ་ཐམ་རྩེ་བརྒྱ་པ། །གན་དར་རྐང་འཐུང་ཕུར་མའི་ས་སྲུང་བཅས། །འགོག་མེད་སུག་པར་སོན་པས་སྤྲོ་བ་འཕེལ། །བློ་གྲོས་ཀུན་གསལ་མཛེས་མའི་འགྲམ་པ་ལ། །མཛད་བཟང་ནོར་བུའི་རྣ་རྒྱན་གྲགས་པའི་འོད། །གཟི་འབར་ཟུར་ཕུད་ལྔ་པ་ཐུན་འཚམས་གོས། །རབ་ཀླུབས་བསྟན་ལ་རྗེས་ཞུགས་ཞི་འཚོའི་དབོན། །གྱི་ནར་སྤྱོད་པ་སེམས་ཀྱི་སྒྱུ་རྩལ་སྤྱོད། །ངེས་འབྱུང་མཛའ་མོའི་ལྕགས་ཀྱུས་དམ་ཟིན་ཀྱང་། །བག་མེད་གཡེང་ལ་འཕྱན་འདིར་བསྟི་བ་ཡིས། །ཐེག་མཆོག་རྒྱ་མཚོར་འཇུག་ལ་མོས་བློ་ཙམ། །རིང་མོ་ཉིད་ནས་སྙིང་སྟོབས་གོ་གྱོན་པའི། །(༧བ)


GLG019_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཁྱོད་བརྣག་ནུས་བསྒྲུབ་པར་དཀའ་བའི་དུས། །གྲངས་མེད་འགྲོ་དབུགས་མི་དབྱུང་ཞི་བདེའི་ཆེད། །དབེན་པར་བཞུགས་པ་སེམས་དཔའི་མཛད་པ་མིན། །སློབ་ལམ་གནས་སྐབས་རྣམ་འདྲེན་ཉི་མའི་གཉེན། །ལུས་སྲོག་ལོངས་སྤྱོད་ལྷ་ལམ་མཐའ་ཀླས་པའི། །ལུས་ཅན་དོན་དུ་གཏོང་བའི་མཛད་པའི་དཔེར། ཁྱོད་ལས་གཞན་དུ་ཀུན་མཁྱེན་གཟིགས་པས་དབེན། །མཐའ་མེད་སྐྱེ་རྒུའི་མི་དམན་དཀྱུས་རིང་སྤྱན། །མ་འདྲིས་ཀུན་ལ་བརྩེ་བའི་རྒྱལ་རྣམས་ཀྱིས། །སྲིད་པའི་དུག་གསུམ་ཚ་བཅིལ་ག་བུར་ཐིགས། །བྲན་པའི་བྱེད་པོར་འོས་སོ་གཞན་དུ་མིན། །མཛའ་གཅུགས་ཀྱིས་བཅིངས་མཁྱེན་པའི་གསེར་མངལ་ཅན། །མགོ་སྐྱེས་ལས་འོངས་བཀའ་མཆིད་གངྒཱའི་རྒྱུན། །དྲང་སྲོང་ཛ་ཧུར་ཅོ་འདྲིའི་བྱ་མ་རྟ། །ནམ་ཡང་ཆད་པ་མེད་པའི་བཀའ་དྲིན་སྩོལ། །དྲི་མེད་སྣང་བྱེད་འཁོར་ལོའི་ཡན་ལག་ཅན། །ཚིག་འཕྲེང་འཛིན་མར་རྒྱུ་བའི་འབབ་སྟེགས་མཆོག །སྟོན་འཁུན་སྒེག་མོས་ཐགས་སུ་གྲུབ་པའི་དར། །སྤྲིན་ལམ་ཞུ་འདྲའི་རྫིང་བུར་རྒྱས་བཏབ་སྟེ། །བདུད་སྡེའི་བྲག་རི་དཔལ་སྟུག་སྤྲིན་ཟེར་གྱིས། །ཕྱེ་མདའ་བཏགས་པ་རྟ་ཆེན་ལུས་ཕྲ་མས། །བསིལ་སྦྱིན་མཁན་དང་རྩེ་དགར་འགྲོགས་པའི་ཟླར། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ནས་ཕུལ། །ཟུར་ཕུག་བྱ་ལུང་པའི་གདུང་ལས་རིག་སྔགས་འཆང་བའི་རྡོ་རྗེའི་སློབ་དཔོན་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཆོས་དབྱིངས་རང་གྲོལ་ལ་སྙན་ཚིག་གི་ལམ་ནས་གསོལ་བ་བཅུ་ཕྲག་རིག་པའི་གནས་ཀྱི་དོ་ཤལ། (༨ན)


GLG019_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཀ ཡཱ ཤྲཱི མཱ ནྡ ནྡཱ པྲ སི ཏ ཀ ཡ ལོ ཀེ ཤྭ ར མ ཧཱ ས མུ དྲ ཤྲཱི ཙ ནྡྲི རུ ཙི ར ཡུ ཝ ན ཤྩ ཀྲ ཙ ཝ རཱ། །བི ཙཱ རཾ དེ ཝོ ཏྤ ལྱ ཧ ས ཀ ར མཽ ཁྃ བི ཛི མ ཏི པྲ ཡ ཙྪཱ བྷོ བ ཛྲ སྭ ར ཙ ཝ ར སི དྡྷཱི ཤ ཙ ཙ ཝཱ ཀྲེ ། དཔལ་(མཉམ་པའི་པྲྀཏྟ་གཙུག་ཕུད་ཅན་གྱི་སྡེབ་སྦྱོར།)ལྡན་འཇིག་རྟེན་དབང་ཕྱུག་རབ་དཀར་ཚེམས་ཀྱི་ཆུ་གཏེར་ཆེན་པོ་ལས། །མཛེས་སྡུག་ལང་ཚོའི་དཔལ་གྱི་གཟུགས་སྐུ་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་མཆོག །རྣམ་དཔྱོད་བློ་གྲོས་ཨུཏྤལ་བཞད་བྱེད་རྨོངས་པའི་ཚོགས་ལས་རྣམ་རྒྱལ་ལྷ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཀྱེ་ངག་གི་དངོས་གྲུབ་སྩལ་དུ་གསོལ། །ཕུལ་བྱུང་ལེགས་པར་སྤྱོད་པའི་སྒྱུ་རྩལ་སྤྱོད། །རྣམ་དཀར་འཚམས་སྦྱོར་རི་དྭགས་མིག་ཅན་དང་། །དགའ་བདེར་གནས་ལས་རྟེན་བཟང་གཞོན་ནུ་ཅན། །མི་མཐུན་ཉེར་འཚེའི་ཚོགས་རྣམས་རིང་སྤངས་ངོས། །རིག་གནས་གཙུག་ལག་སྐྱེད་ཚལ་དོ་ར་རུ། །དཎྜཱིའི་ཚིག་རྒྱན་དཔག་བསམ་ལྗོན་ཤིང་གི །ཕྲ་རགས་རྒྱན་མེད་རྣམ་འགྱུར་དྲི་བསུང་ལ། །མངོན་པར་སྤྱོད་པའི་ཚུལ་ལས་གཞན་དུ་ཅི། །འདིར་ཡང་ཟིན་བྲལ་གཡེང་བའི་དྲི་བཞོན་རྟས། །སྣ་ཚོགས་ལས་ཀྱི་མེ་ཞལ་ལམ་ཡངས་པར། །འགོག་མེད་རྒྱུ་ཡང་ཤེས་བྱའི་པད་དཀར་ཚལ། །རྣམ་པར་བཞད་པའི་ཚུལ་འདི་མི་དམན་ཙམ། །ཟླ་ཤེལ་(༨བ)


GLG019_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གསར་པའི་ག་བུར་ཐིགས་པ་ཡིས། །ཚ་གདུང་ནད་ཀུན་ཅིག་ཅར་འཇོམས་པ་ལྟར། །རྒོལ་ངན་རི་དྭགས་ཚར་གཅོད་སྒྲ་ཚད་ཀྱི། །གདོང་ལྔ་པ་འདི་རིག་གནས་ཀུན་གྱི་ཕུལ། །སྒེག་མོའི་ལུས་ཀྱི་སྒྱུ་རྩལ་དྲུག་ཅུ་དང་། །འདྲེན་བྱེད་ཡོན་པོར་ལྟ་བའི་མཛེས་སྡུག་ལྟར། །ཤེས་བྱའི་གཟུགས་ཀུན་གསལ་བྱེད་ཚིག་གི་རྒྱན། །དཎྜཱིའི་གཞུང་འདི་གཙུག་ལག་ཀུན་གྱི་མིག །བི་ཤྭའི་སོར་རྩེས་སྣ་ཚོགས་དངོས་པོ་རྣམས། །རབ་མཉམ་གཅིག་ཏུ་སྟོན་ལྟར་ལེགས་སྦྱར་སྐད། །ལྕི་ཡང་ཡི་གེའི་འཕྲེང་བར་སྤེལ་བ་ཡི། །སྡེབ་སྦྱོར་གཞུང་འདི་གཙུག་ལག་ཀུན་གྱི་རྒྱུད། །ཀ་ཤི་མཛེས་དགའི་ལུས་ལ་རིན་ཅེན་རྒྱན། །འབྲས་ལྡན་དུས་ཀྱི་མཁའ་ལ་དབང་གཞུ་ལྟར། །མིང་ཚིག་མ་ལུས་མཛེས་བྱེད་མངོན་རྗོད་གཞུང་། །མཁས་དབང་ན་ཆུང་ཀུན་གྱི་མགུལ་པའི་རྒྱན། །མགྲིན་པའི་ཡིད་བཞིན་མཚོ་ཡིས་ལན་བརྒྱའི་བར། །བོས་ཉམས་སྟོན་པའི་དབྱངས་བདུན་ངང་མོ་དཀར། །སྣ་ཚོགས་སྒྲ་ཡི་བྱེ་བྲག་ཟློས་གར་ཡང་། །བློ་ལྡན་འཆི་མེད་ཐོས་འཛིན་དགའ་སྐྱེད་དབྱངས། །ངེས་གསང་སྒོ་གླེགས་ཕྱི་ནང་གཞན་གསུམ་རྣམས། །ཐབས་མཁས་འཕྲུལ་གྱིས་དབྱེ་ཐབས་སྐར་རྩིས་གཞུང་། །མགྲིན་སྔོན་གསང་ཚེག་སྲང་གསུམ་རྣམ་རྒྱལ་མཆོག །དབྱངས་འཆར་གཞུང་འདི་གནམ་ལྕགས་རྡོ་རྗེའི་ཐོག །ཕུལ་བྱུང་ཚེ་ཡི་རིག་བྱེད་ཆུ་སྐྱེས་མངལ། །གང་གིས་མངོན་པར་དྲན་པའི་ཡང་སྙིང་ལས། །ཡོན་ཏན་མགོན་པོའི་རིང་ལུགས་བདུད་རྩིའི་བཅུད། །གཞན་ཕན་དགོས་འདོད་རབ་སྩོལ་དབང་གི་རྒྱལ། །སྣ་ཚོགས་ཡུལ་གྱི་ཨཱ་ད་ར་ཡི་ངོས། །གར་དགུའི་ཉམས་ཀྱི་འགྱིང་བག་སྐེད་མེད་བཞིན། །འགོག་མེད་འཆར་བའི་གཞན་ཕན་བཟོ་རིག་རྣམས། །འདྲེན་བྱེད་ཡུལ་གྱི་ཟིལ་དངར་བླ་ན་མེད། །མདོག་ལྔའི་བཞོན་པས་དྲངས་ཏེ་པདྨོའི་གཉེན། །ཕྱོགས་བྲལ་ལྷ་ལམ་མྱུལ་ཡང་གང་གི་ཚད། །རྟོགས་མིན་སྒྱིད་སྐྱུར་(༩ན)


GLG019_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྟེར་བྱེད་ནང་རིག་པའི། །ནོར་མཆོག་སྐལ་བཟང་ཀླུ་དབང་གཙུག་གི་རྒྱན། །དེ་ལྟའི་ཕྱོགས་ཀྱི་རིག་གནས་ཡིད་བཞིན་ནོར། །དྲི་མེད་ཚིག་གི་སྲད་བུར་བརྒྱུས་པའི་འཕྲེང་། །རིག་བྱེད་འཛིན་ཁྱོད་མགྲིན་པའི་མཛེས་རྒྱན་དུ། །ལེགས་པར་སྤུད་ཀྱང་ངོམས་པ་མེད་པའི་ས། །སླད་མར་དཔྱད་གསུམ་དག་པའི་ལམ་ཡངས་པར། །མི་དམན་བཟང་པོའི་བློ་གྲོས་ཤིང་རྟ་ཆེ། །ཐོགས་མེད་བགྲོད་འདི་དཀར་ཕྱོགས་བསིལ་ཟེར་ལྟར། །ཡར་ལྡན་འགྱུར་བའི་ཡུར་ཆེན་རྟག་ཏུ་སྟེན། །འཕྲིན་ཡིག་འབྲུག་སྒྲ་མངལ་འཛིན་འཇོ་སྒེག་ཅན། །སྙན་ཚིག་རྣམ་བཀྲ་འདབ་གཤོག་ལེགས་བསྐྱོད་དེ། །དབང་ཕྱོགས་དར་གྱི་གཙུག་ཕུད་ངོམ་བཞིན་དུ། །དགའ་བ་གཉིས་པའི་འཆི་མེད་ལམ་ལ་འཕུར། །འཕྱོང་རྒྱས་ཞང་མཁར་བ་རིག་བྱེད་སྨྲ་བ་འཇམ་དཔལ་རྡོ་རྗེ་ཚང་པའི་ནད་ཀྱིས་འདུ་བ་ཅུང་ཟད་འཁྲུགས་པའི་སྐབས་སྤྲིངས་པའི་ཡིད་གསོས་ག་བུར་ཐིགས་པ། སྡེབས་སྦྱོར་རྒྱུན་ཆགས་ཀྱི་ནང་ཚན་རྒྱ་མཚོ་ཞེས་པ། རུ ཙ ར ཙ ཀ ཡ རཱ པ པཾ ཌཱུ ཪྻ ར ཏྣེ ནྡྲ དྷ ནྦྷཱ ཡ བཱ ལི དྷ མཱ ནེ ལྷ ལ མ ཀྵྨི མ ཎཱི བཱ ཙ མེ རུ སྭ རི། །པྲ ས མུ ད ར ས བི ངྐི ཀ རྞྞ རྠ ཨཱ དེ ཤ ནཻ རྟ ཧྱ ཧཱ བ ངྒ ཙཱ བྷཱ ག མཱ ཏྲཱ ཙ བཱ གཱ རུ ཏི ཥ ཥྛ ཙཱ། །རིན་ཅེན་བཻཌཱུར་ལྷུན་པོ་དབང་གཞུས་འབྱུང་བ་ཇི་བཞིན་མཛེས་པའི་ཕུན་ཚོགས་གཟུགས་སྐུ་ཡིད་བཞིན་ནོར་ལྟར་དོན་ཀུན་རབ་ཏུ་བསྒྲུབས། །ཕུལ་བྱུང་ཡན་ལག་དྲུག་ཅུའི་སྒྲ་དབྱངས་རིག་བྱེད་འཛིན་པ་ཀུན་གྱི་རྣ་བའི་བཅུད་དུ་སྟོན་ཚེ་གསུང་ལ་ཆ་ཙམ་འགྲན་པའི་དཔེ། (༩བ)


GLG019_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རུ ཙི ར ག ག ཆ ཀཱ ནྟ ཙཱ ནེ ཏྲེ ཝཱཾ ག ཝི ཀཱ མེ ཡ ཨཱ ལཱ ས ཙི ཏྟཱ ཛྙ ཏ ཤྩཱ ནཾ ནོཾ ཏྱ བུ དྷཾ ཏྲི དྷྭཾ ཀ །ཛ ཡ ཙ ཝ ར ས གཱ ར ལཽ ཀེ ཤྭ རཾ ཙི དྷ མ དྷྱཱ ནྟ པ དྨཱ སི ནཾ ཝཱ ཀ སི དྡྷི པྲ ཡ ཙྪ ཙ མཱ ཏྲཱ ཙ ས༔། །མཛེས་སྡུག་གཞལ་དཀའི་ཕ་མཐར་སྙེམས་ལྡན་ཀུན་གསལ་ཟུར་མིག་ཅན་ལ་སྒྱིད་སྒྱུར་སྟེར་བྱེད་ཐུགས་ནི་ཀུན་མཁྱེན་དེས་ཀྱང་རྟོགས་མིན་པའི། །དུས་གསུམ་རྒྱལ་བ་རྣམས་ཀྱི་ཡུམ་མཆོག་འཇིག་རྟེན་དབང་ཕྱུག་སྲས་དེ་སྙིང་དབུས་པད་མཚོར་བཞུགས་ལ་ངག་གི་དངོས་གྲུབ་སྩལ་དུ་གསོལ། །བསོད་ནམས་མཆོག་གི་དབྱིག་འཛིན་བུ་མོའི་ལྟོར། །ལེགས་སྤྱོད་རྒྱུ་ཚོགས་ཀུནྡའི་བྱེད་པོ་ཡིས། །དལ་བའི་རྟེན་བཟང་ཡོངས་འདུའི་ལང་ཚོ་ཅན། །ཚད་ནད་གྲང་རེག་མ་ལས་རྣམ་རྒྱལ་ངོས། །སྔོན་དུས་རབ་བརྟེན་མཆོད་ཅིང་བསྟོད་པའི་འབྲས། །དབྱངས་ཅན་མ་དང་མ་གཉིས་ཡུལ་འཁོར་བསྲུང་། །གང་གི་རི་མོ་གསུམ་པའི་ཡིད་བཞིན་མཚོར། །གཙུག་ལག་ཚིག་སྒྲོག་རྣམ་དཔྱོད་གར་སྒྱུར་འདི། །བཟང་པོའི་གྲོགས་ལྟར་ཡིད་ཀྱི་ཞགས་པ་ཡིས། །བློ་གྲོས་དཔལ་དང་གཅིག་ཏུ་བསྡོམས་འདྲའི་ཚུལ། །ཟུར་མིག་མ་དང་བགྲང་བྱ་སྟོང་གི་བར། །ལྷན་ཅིག་གནས་པའི་བདེ་ལས་ལྷག་གམ་(༡༠ན)


GLG019_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ། །རབ་དཀར་ལས་ཀྱི་ཆོ་རུས་ལེགས་བྲིས་དབུས། །མཁན་ཆེན་ལྷ་དབང་དཔོན་རིགས་རྒྱལ་བྱེད་དུ། །གྱུར་ཀྱང་རབ་རྨོངས་སྦྱིན་སྐྱེས་གཞོམ་པའི་སླད། །གཙུག་ལག་དཔུང་གི་ངལ་བ་རྟེན་སྐབས་ཀྱང་། །ཀླུ་གཟུགས་གྲངས་ལྡན་ཟག་ཕུང་པདྨ་དཀར། །མི་མཐུན་ཉེར་འཚེའི་སྔོ་བསངས་ལས་རྒྱལ་ཕྱིར། །བགྲང་ཡས་རིག་བྱེད་ནོར་འཛིན་རབ་ཡངས་པར། །སྣ་ཚོགས་བྱེད་པོའི་གསང་ཚིག་ཆུ་གཏེར་ཆེར། །རྗེ་བཙུན་གཡུ་ཐོག་སྟོབས་ལྡན་འཆི་མེད་གཙོས། །བློ་གྲོས་རི་དབང་ཐབས་ཀྱིས་བསྲུབས་པ་ལས། །ཡང་སྙིང་ཡན་ལག་བརྒྱད་པའི་རྟ་ལྗང་དབང་། །མ་ནོར་བརྟག་ཐབས་བསིར་བུས་ལེགས་དྲངས་ཏེ། །འཆུགས་མེད་རོ་ནུས་བསྡེབས་པའི་འོད་རྣོན་གྱིས། །ལང་ཚོའི་འདབ་སྟོང་རྣམ་པར་བཞད་པ་ཡི། །མཐའ་ཡས་མཁས་པའི་ཐབས་འཕྲུལ་སྟོན་པ་ལ། །གཞར་ཡང་འགོག་མེད་བརྩོན་པ་ལྷུར་ལེན་ངོས། །སྣ་ཚོགས་ལུགས་ཟུང་ཚིག་གི་མཻ་ན་ཀ །སྐྱེས་ཐོབ་རིག་པའི་འོད་ཀྱིས་ལེགས་བཞུ་བའི། །བགྱིང་འོས་གཏམ་གྱི་འཇུག་པ་གང་གཱའི་རྒྱུན། །འཕྲིན་ཡིག་ལམ་གསུམ་དག་ཏུ་འབབ་ཀྱང་འཚལ། །དེ་སྐད་རི་མོའི་དགའ་ཚལ་རབས་ཡངས་པར། །འདྲེན་བྱེད་ར་ཡིག་གཉིས་པ་འཕུར་ལྡིང་སླད། །དབང་ཕྱོགས་དར་གྱི་སྦྲང་རྩིའི་རྒྱལ་མཚན་ལ། །མ་ཉམས་རྟགས་ཀྱི་ཟེའུ་འབྲུས་ལེགས་སྦྱར་ནས། །ཉི་གཞོན་འཁྲིག་ཁྱིམ་ལ་གནས་མཆུ་ཟླ་ཡི། །སྔ་མའི་ཕྱོགས་ཀྱི་དགའ་བ་གཉིས་པ་ལ། །བཅུ་ཕྲག་རིགས་ནས་བརྩེགས་པའི་བ་གམ་གྱི། །རིའུ་མིག་ཀུན་ཏུ་བཟང་པོའི་འཁོར་ལོར་བྲིས། །ཟུར་རྡོ་རྗེ་འཛིན་པ་དཔལ་ལྡན་བླ་མ་ཆོས་དབྱིངས་རང་གྲོལ་གྱི་སྙན་ཚིག་བྱུང་བའི་ལན་འདྲེན་བྱེད་བདུད་རྩི། སྣ་ཚོགས་བྱེད་པོའི་གཏམ་གྱི་འབྱུང་གནས་ལས། །འདྲེན་(༡༠བ)


GLG019_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཟིལ་དངར་རི་དྭགས་མིག་ཅན་གཟུགས། །བློ་གཏེར་ངག་དབང་ལྷ་མོ་བསིལ་ཟེར་ཅན། །མགོ་བསྟེན་ཀུན་གསལ་ལས་འོངས་འདི་སྐད་ལོ། །མཆོག་ཏུ་རྣམ་དཀར་ལེགས་སྦྱར་དཔྱིད་ཀྱི་མས། །རབ་བསྐུལ་སྨོན་ལམ་ཆུ་འཛིན་མྱུ་གུའི་འབྲས། །ཟག་ཕུང་ས་མོས་ཉི་བུའི་བསིལ་ལྡན་མ། །ཀུན་མཁྱེན་གཟིགས་པའི་ལམ་ལས་གསལ་བའི་ངོས། །བརྡ་སྤྲོད་དབང་པོ་རྡོ་རྗེ་སྡེབ་སྦྱོར་གྱིས། །ལེགས་བརྒྱན་དཎྜཱིའི་ཁེངས་པ་འཕྲོག་བྱེད་པའི། །ལྷོ་ཕྱོགས་གཙུག་ལག་ལས་འོངས་སྙན་ཚིག་ཕྲེང་། །རྐང་འཐུང་ག་བུར་བཅས་པ་སུག་པར་སོན། །གཏན་དུ་བདེ་བའི་མ་ལ་ཡར་སྐྱེས་དྲི། །འདི་སྣང་གཡེང་བའི་རྡུལ་གྱི་རྒྱལ་མཚན་མཐུས། །ཚད་གདུངས་ལག་ལྡན་འགྲོ་ལ་ཕན་སེམས་པའི། །གྱི་ན་བ་ཡང་གཙུག་ལག་འཛིན་ཚུལ་ཙམ། །མིག་གིས་བསྒྱུར་བ་མདའ་ཡི་གྲངས་ལྡན་པའི། །རིག་གནས་ཁུང་བུར་བློ་གྲོས་དྲི་བཞོན་ཅན། །དཔྱད་གསུམ་དག་པས་འཇུག་པ་མི་དམན་ངོས། །དོན་མཐུན་གཏམ་གྱི་གཞོལ་འགྲོ་རྒྱས་ཀྱང་འཚལ། །ཚིག་གི་དབྱིབས་ལེགས་སྒེག་མོའི་མངོན་རྗོད་ཀྱི། །སྣ་ཚོགས་རིན་ཅེན་བྱང་ཕྲུལ་ལགས་སྦུད་ཅིང་། །དབང་ཕྱོགས་ལས་འོངས་ལྷབ་ལྷུབ་གན་དར་བཅས། །ཐུན་འཚམས་མདངས་ཀྱི་རྒྱ་དང་ལྷན་ཅིག་པར། །བཅུ་གཉིས་བདག་པོར་སྲང་གི་བ་གམ་དུ། །དགའ་བདེར་སྤྱོད་པའི་ལྟད་མོའི་ཟླ་བ་ཡི། །དཀར་པོའི་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ། །མེ་ཏོག་མངོན་འགྲའི་ལྡིང་ཁང་གནས་ནས་བྲིས། (༡༡ན)


GLG019_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གངས་རིའི་ལྗོངས་འདིར་གནས་ལྔ་རིག་པ་སྨྲ་བ་ལ་ཟླ་མེད་པའི་མ་ཧཱ་པཎྜི་ཏ་སྨོན་འགྲོ་ལོ་ཙཱ་བ་རིག་གནས་རྒྱ་མཚོའི་འཕྲེང་བ་འཛིན་པ་ཚེ་དབང་དོན་གྲུབ་ལ་བསྲིངས་པའི་འཕྲིན་ཡིག་ཆོས་ཀུན་གཟིགས་པའི་མེ་ཡོད། སྡེབ་སྦྱོར་མ་མོའི་དབྱངས། ནཱ ཊ ཀ ཏུ པྲ པུ ཥྚ ཡུ བ ནཾ གྲྀ ཧཻ ནྡྲ ཡུ དྷི ཀ ཤྩ ཀཱ ནྟ རུ ཙི ར སྶཱ རྦྦ ལི ནཱི པྲ ག རྦྦ ཧ ར ཙཱ ནུ ར ཀྟི ཀ ཛ གེ ཥུ ཤུ ཀླ མྲྀ དུ ཧཱ ཙི ཏྟ ག ར ཎྜ པཽ རི ཀ ཙ ཧེ ཝ གཱི ཤྭ ར ཙ ཏུ རྨུ ཁ སྱ ཧུ ཧཾ ཏཱ། །དཀར་(སྡེབ་སྦྱོར་ཟབ་མོའི་དབྱངས།)འཇམ་གཟུགས་ཅན་གྱི་ཤིས་བརྗོད། མཛེས་སྡུག་ལང་ཚོར་རབ་རྒྱས་དབང་པོའི་གཞུ་ཡི་ལྡིང་ཁང་ན། །མཐོ་རིས་སྒེག་མོའི་སྙིམས་པ་རབ་འཕྲོག་འགྲོ་ལ་རྗེས་ཆགས་ཟློས་གར་ཅན། །དབྱངས་ཀྱི་རྒྱལ་མོའི་ཟིལ་དངར་བླ་མེད་ཡིད་ཀྱི་ཟ་མ་ཏོག་འགེངས་པའི། །(༡༡བ)


GLG019_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཙ སྭ ར རཱ ཛ ནཱི ཏུ ཨ མྲྀ ཏོ ཧི ཨུ ཏྟ ར ཤུ བྷྲེ ཀྲྀ ས རྦྦ ཛ ཧ ཀ༔ ལ ཀྵྨཱི མ ཏི བ རྦྦེ ནྡཱ གྲེ། སཾ སྤྲྀ ཏ མེ གྷ ག ཛོ བ རི ཛྲྀ མྦྷ ༔ བི དྱཱ སྠཱ ནཱི དྲྀ ཥྚེ ནྡྲ ྉྤ ཊུ ཀི རྡྱ རྠ ཐ ཀཱ རྞྞི ཀ ཡ༔། །ངག་(ཛཱ་ཏིའི་སྡེབ་སྦྱོར་འཕགས་མ།)གི་དབང་ཕྱུག་ཚངས་སྲས་མ་ཀྱེ་དུས་རྣམས་ཀུན་དུ་དགེ་བར་མཛོད། །ཕུན་མཐའ་དག་གཟུགས་ཅན། ཚོགས་བློ་གྲོས་ས་འཛིན་དབང་པོའི་རྩེར། །ལེགས་སྦྱར་སྤྲིན་གྱི་གླང་པོའི་སྟེང་འགྱིང་བ། །རིག་པའི་གནས་རྣམས་གཟིགས་པ་མིག་སྟོང་ཅན། །གྲགས་པ་དོན་ལྡན་མཁས་གང་རྣ་རྒྱན་དུ། །མ་ཆ་ཤས་གཟུགས་ཅན། བསད་སྙན་ཚིག་མངལ་གྱིས་ལྕི་བའི་ཁུར། །ཡོངས་སུ་འཛིན་པའི་འཕྲིན་ཡིག་ལུས་ཕྲ་མ། །ཉམས་འགྱུར་སྔ་ན་མེད་པའི་རྒྱུད་མང་གླུ། །འོས་ཕྱིར་གནས་ལྔ་རིག་ཁྱོད་ཚུལ་འདི་གསོན། །ལན་ལྡན་པའི་གཟུགས་ཅན། གཅིག་མིན་པར་ལེགས་བྱས་མདོག་ལྔ་པ། །སྲིད་འདིའི་ལྷ་ལམ་ངོས་སུ་རྒྱུ་བ་ལས། །མངོན་པར་མཐོ་བའི་ཉེར་ལེན་བཅུ་གཉིས་བདག །བདེ་བར་སྤྱོད་པའི་འོད་རྣོན་སྤོར་མཆིས་སམ། །རིགས་གོཌ་མ་ལགྲགས་པའི་དོན་གསལ་གྱི་རྒྱན། སྟོབས་ནོར་གྱི་འོད་རྒྱས་ཕྱེད་མིན་པའི། །ལེགས་བཤད་ཆུ་སྐྱེས་འདབ་མ་འཛུམ་མི་འཛུམ། །གང་གི་རྣམ་དཔྱོད་མཛེས་མའི་(༡༢ན)


GLG019_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་ཆང་རླན། །འཕོས་ཚེ་བ་ཀུ་ལ་དེར་རང་དབང་ཅི། །དམན་གཟུགས་ཅན་གྱི་འགོག་པ། བློའི་ཁམས་ཀྱི་ས་བོན་ལས་གྲུབ་པའི། །ཕྲ་མོའི་ཡོན་ཏན་ལྕུག་ཕྲན་ཕོན་པོ་འགའ། །གྲགས་སྐམ་བསིར་བུས་བསྐྱོད་པའི་སྟོང་པའི་སྒྲར། །སྙེམས་པའི་ལྡེམ་ལྡེམ་གཡོ་ལ་སུ་ཞིག་མཚར། །ཕུལ་མཐའ་དག་གཟུགས་ཅན། བྱུང་སྦྱངས་པའི་དབྱིག་འཛིན་ལྟོ་བ་རུ། །སྐྱེས་ཐོབ་ཤེས་རབ་ལྗོན་པ་གཡུར་ཟ་བ། །ཚར་གཅོད་རྗེས་འཛིན་ནད་རིག་དྲི་བསུང་ཅན། །སྤྲོ་བའི་དཔག་བསམ་ཡོངས་འདུ་ཁྱོད་དུ་ཁུམས། །སྐྱེ་ལེའུ་དང་པོ་ནས་བསྟན་པའི་ལྷོ་ཕྱོགས་པ་ལ་གྲགས་པའི་མཛེས་པའི་ཡོན་ཏན་གཏམ་དང་སྦྱར་བ། རྒུའི་མེ་ཏོག་མཁས་པའི་ངང་ཚུལ་གྱིས། ཁྲིམས་ལྡན་ལུས་ཕྲར་འདུད་ལ་ཕྱིར་གཡེལ་བ། །གངས་ཅན་སྲིད་སྒྲུབ་བརྩོན་གྱིས་བླང་དོར་མཐུ། །ཕྲ་བའི་ཡིད་ཀྱི་ཤིང་རྟར་སུས་མ་རིག །བླུན་སེམས་ལྡན་རབ་རྟོག །སྒོམ་རྒན་པོའི་ཚུལ་བྲལ་ཤེས་བྱ་ཀུན། །ཞིབ་མོར་དཔྱོད་པའི་བརྡ་སྤྲོད་རིག་པའི་གཞུ། །ཤེས་རབ་རྒྱུད་ཀྱིས་བཀུག་ཚེ་ཀརྟི་ཀ །སྐྱེངས་ཏེ་འཆི་མེད་གནས་སུ་ཡིབ་བམ་སྙམ། །དངོས་གཟུགས་ཅན་དང་རྒྱུ་རྒྱན་དམ་པའི་ཉམས་དང་རབ་རྟོག་རྣམས་འདྲེས་པའི་རབ་སྤེལ་གྱི་རྒྱན། སྟོབས་རིགས་པའི་ངར་ལྡན་འཁོར་ལོ་ཡིས། །རྒོལ་ངན་སྲིད་སྒྲུབ་མགོ་བོ་བྲེགས་པའི་དྲི། །སྲིད་རྩེའི་བར་དུ་འཐུལ་བས་པད་དཀར་མིག །སེམས་ཀྱི་རི་དྭགས་གྱ་གྱུའི་དྲ་བར་ཚུད། །ལུས་མ་བསྡུས་པའི་གཟུགས་ཅན། ངག་ཡིད་ཀྱི་སྒྱུ་རྩལ་ཆུ་གཏེར་ཆེ། །ནམ་ཡང་ཟད་མི་ཤེས་པའི་ཕ་མཐའི་ཚད། །འཇལ་བྱེད་སྦྱངས་པའི་རྟགས་གསུམ་གྱིས་ཐོབ་པ། །བཟོ་རིག་ནོར་བུའི་དཔྱད་དེ་མཆོག་ཏུ་གཤིན། །ཚར་སེམས་ལྡན་རབ་རྟོག །དུ་དངར་བའི་འཆི་མེད་བདུད་རྩིའི་བཅུད། །ཀུན་ལ་སྟེར་བ་ཚེ་ཡི་རིག་བྱེད་སྒོ །བརྒྱ་ཕྲག་མངོན་ཕྱིར་ཡངས་པའི་སྤྱོད་ཡུལ་འདིས། །ཡོན་ཏན་མགོན་པོའི་ཚུལ་ལ་འགྲན་པ་(༡༢བ)


GLG019_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །མཆོག་ལེའུ་དང་པོ་ནས་བསྟན་པའི་རྒྱ་ཆེ་བའི་ཡོན་ཏན་ལྷོ་ཕྱོགས་པ་ལ་གྲགས་པ། དམན་ཤེལ་གྱི་རྩིག་པ་དངས་པའི་ངོས། །གྲངས་མེད་གཟུགས་ཀྱི་སྒྱུ་འཕྲུལ་དྲ་བའི་གར། །མ་འདྲེས་སོ་སོར་འབྱེད་པའི་ཤིང་རྟ་ཆེ། །ཧ་ནུ་མནྠ་གཉིས་པ་གཞན་ཡོད་མིན། །རྒྱལ་གཟུགས་ཅན་ཕུལ་བྱུང་། གསུང་ཡན་ལག་བཅུ་གཉིས་ཏམྦུ་རའི། །རྒྱུད་དུ་ཉེར་ཁུགས་དབྱངས་ཀྱི་དཀྱིལ་འཁོར་ཀུན། །ཡོངས་སུ་རྫོགས་པར་སྤྱོད་པ་དནྜཱིའི་གླུ། །ལེན་མཁས་གངས་ཅན་འདི་ན་ཁྱོད་མིན་སུ། །ལེགས་ཐེ་ཚོམ་ཕུལ་བྱུང་། སྦྱར་ལྷ་ཡི་སྐད་ཀྱི་མུཀྟི་ཀ །ཙྪནྡའི་སྲད་བུར་བརྒྱུས་པའི་རྩེ་ཕྲན་འདི། །ཤེས་ལྡན་སྒེག་མོའི་རྒྱན་དུ་བྱེད་པ་པོར། ཁྱོད་དང་ཚངས་པ་གང་ཡིན་ཕྱང་མོ་ཉུག །ལེགས་རབ་དྭངས་གྱི་གཟུགས་ཅན། བཤད་དཔྱིད་ཀྱི་དཔལ་མོས་ཡོངས་བསུས་པའི། །མངོན་རྗོད་དབྱར་གྱི་མརྒད་ཞུན་མའི་གོས། །དོན་བཟང་འཛིན་མར་ཀླུབས་པའི་གཟིགས་མོ་ལ། །སྤྱོད་པའི་མིག་ལྡོག་བོད་བླུན་ཡུལ་འདིར་དཀོན། །སྐད་རྨད་བྱུང་གི་གཟུགས་ཅན། གྱི་རང་བཞིན་བརྡ་ཡི་ཚོན་རིས་ཀྱིས། །མ་འདྲེས་ལུས་འདེགས་བཀྲ་བའི་ཟློས་གར་ཅན། །བློ་ལྡན་རྩེད་འཇོའི་རྣམ་ཐར་མངལ་འཛིན་པའི། །དབྱར་སྐྱེས་སྒྲ་འདི་སྔོན་མེད་ངོ་མཚར་དཔལ། །ལྐོག་གཟུགས་ཅན་རབ་རྟོག །གྱུར་ཤེས་བྱའི་རི་མོའི་སྣང་བརྙན་ཀུན། །རིག་པའི་མེ་ལོང་ངོས་སུ་འཆར་བྱེད་པ། །གཙུག་ལག་རྩིས་ཀྱི་ཡང་སྙིང་དབྱངས་འཆར་གྱིས། །ཀུན་མཁྱེན་ཡེ་ཤེས་ཟླ་རུ་བཅས་མིན་ནམ། །ཨེ་སེམས་ལྡན་རབ་རྟོག །མ་ཆོས་ཀྱི་རང་བཞིན་མཐའ་ཀླས་མདུད། །ཅིག་ཅར་འགྲོལ་བའི་རིག་བྱེད་རྒྱ་མཚོའི་གཞུང་། །སཱ་ལའི་ལྗོངས་འདིའི་འགྲོན་དུ་འབོད་མཁས་པའི། །བྱེད་པོར་ལྷ་ཡི་བླ་མ་འོངས་པ་འདྲ། །དབྱངས་མཐའ་དག་གཟུགས་ཅན། ཅན་ཚེ་རིང་གནམ་གྱི་ཤེ་མོང་ལས། །ཤེས་བྱའི་ས་ལ་སྤྱོད་པའི་དཔུང་པ་སྐྱེས། །འཆད་རྩོད་རྩོམ་(༡༣ན)


GLG019_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁོར་ལོ་སྒྱུར་བ་ཡི། །སྙན་གྲགས་གདུགས་དཀར་སྲིད་རྩེའི་བར་དུ་འཕྱུར། །རུ་འགལ་བའི་གཟུགས་ཅན། བཞིའི་གསེར་ལྡན་ཞགས་པའི་ཁོར་ཡུག་གིས། །རིང་དུ་བཅད་ཀྱང་ཚར་དུ་དངར་བའི་དྲི། །ཡིད་ཀྱི་ཡོལ་གོར་སྐྱུག་ལ་ཉེར་གནས་པ། །དེ་འདྲ་སྔོན་མེད་མ་ལ་ཡར་སྐྱེས་མཆོག །དཔྱད་མི་ལྡན་པའི་གཟུགས་ཅན། གསུམ་གཏམ་གྱི་སྒྲ་ཀུན་དབྱངས་བདུན་གྱི། །རོལ་མོར་འཁྲོལ་བའི་འཕྲིན་ཡིག་ཁུར་འཁྱེར་བ། །སེང་གེ་རྐང་པ་བརྒྱད་པའི་བྱ་མ་རྟ། །རྩལ་གསུམ་རྫོགས་པར་རྒྱུ་དེ་མི་བསྐྱུད་གཅེས། །འབུམ་གཟུགས་ཅན་གྱི་རྒྱན་ལ་ལེའུ་དང་པོའི་རབ་དངས་འདྲེས་པ། ཕྲག་ཟླ་བ་ཀུན་ནས་འཁྱིལ་བའི་ཁམས། །ཐགས་ཀྱི་བཅུ་དྲུག་ཆ་ཤས་ཡོངས་གང་བའི། །ངོ་མཚར་རི་མོའི་འོད་ཀྱི་མཛེས་སྡུག་ལ། །པད་རག་གཞོན་ནུའི་རྒྱ་ཡིས་དམ་དུ་འཁྱུད། །དབུས་བྱ་བའི་རང་བཞིན་རྗོད་པ། འགྱུར་སྐད་ལས་ཕྱོགས་འདི་ན། །བསྒྱུར་བ་ཉི་སྒྲོལ་བྱེད་ཀྱི་ལོ། །ཙཱི་ཎའི་རྒྱལ་ཁང་གྱ་ཤིན་གྱི། །འོད་རྣོན་འཕྲོག་བྱེད་ཁྱིམ་ཞུགས་ཚེ། །མཐོ་ཏིང་ངེ་འཛིན་དང་བདེས་པའི་འབྱོར་པ་རྒྱ་ཆེ་བའི་རྒྱན། རིས་བདུན་གྱི་ཡོན་ཏན་ཀུན། །ནོར་ལྡན་ཁུར་དུ་རབ་ལྕི་བའི། །སྡེ་བཞིའི་སྒོ་འཕར་ལེགས་ཕྱེ་བ། །དགའ་ལྡན་ཕོ་བྲང་ནས་བྲིས་དགེ ། འཕྱོང་རྒྱས་རི་བོ་བདེ་ཆེན་གྱི་བླ་མ་བློ་བཟང་བསྟན་འཕེལ་གྱི་ཚིགས་བཅད་ཀྱི་ཡི་གེ་དང་བཅས་རྣམ་སྦྱར་རམ་དེའི་རྒྱུད་བྱིན་གྱིས་བརླབ་ཏུ་རུང་བ་ཞིག་དགོས་ཚུལ་བྱུང་བའི་ལན་འདོད་པའི་རེ་སྐོང་། (༡༣བ)


GLG019_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཨ དྦྷུ ཏྱཱ ཙཱ སུ ཀྲྀ ཏ ཝ ར ཨཱ ཛྙ ན སི ནྡྷཱུ པ ཏི༔ ཏྭཾ། །ཙཱ ནུ བྱ ཉྫཱ མ དྷུ སུ ཧི ཏ ཙཱ པཱུ རྦ ཨཱ ཙ ཀྲ ཙ ནྡྲ། །པྲ ཤྲ བྱཱ ཨཱ སུ བྷ ག སིཏ ཀཱ ཨུ ཏྟ རེ ཙི ཏྟ ན ནྡཱ། །ཨུ ཏྤཱ དཾ སྤྲྀ ཊ ཀྲ མྲྀ ཏ བི པུ ཥཾ བ ནྡྷུ ཅོ ཏྤ ལྗ ཡནྟུ། །རྨད་(སྡེབ་སྦྱོར་དལ་གྱིས་གནོན།)བྱུང་ལེགས་བྱས་ཡེ་ཤེས་མཆོག་གི་སྔོན་མེད་སིནྡྷའི་བདག་པོ་ལས། །བླ་ན་དངར་བའི་མཚན་དཔེའི་འཁོར་ལོ་རྣམ་པར་རྒྱས་པའི་བསིལ་སྦྱིན་མཁན། །ཕན་བདེའི་བདུད་རྩིའི་ཟེགས་མ་རབ་འཛག་སྐལ་བཟང་ཨུཏྤལ་དཀར་པོའི་སྙིང་། །ཅི་ཡང་རེག་པསདགའ་བ་སྐྱེད་མཛད་ཉི་མའི་གཉེན་ཁྱོད་རྒྱལ་གྱུར་ཅིག །རིང་མིན་སོར་མོའི་གར་མཁན་གཞོན་ནུ་མའི། །སྒྱུ་རྩལ་ཡི་གེའི་གཟུགས་སུ་ཤར་བ་དང་། །སྙན་ཚིག་རྒྱུད་མང་སྐྱེངས་བྱེད་འདིར་སོན་པས། །འདྲེན་བྱེད་ཐོས་འཛིན་ལམ་ཀུན་དོག་པོར་བགྱིས། །ཚིག་དོན་རྣམ་བཀྲ་ཕུལ་བྱུང་རྗོད་པའི་དཔྱིད། །གང་གི་མགྲིན་པར་འོངས་པས་དབང་པོའི་གཞུ། །འཆི་མེད་གྲོང་དུ་བྲོས་ཚེ་མེ་བཞི་སྐྱེས། །ས་འཛིན་ལྷུན་པོར་སྐོར་བའི་ཟོལ་གྱིས་སོང་། །མངོན་མཐོའི་རྟེན་ལྡན་ནགས་ཀླུང་སྟུག་པོའི་ཁྲོད། །ཐོས་བསམ་སྒོམ་པའི་འབྲས་བུ་གཡུར་ཟ་ཞིང་། །དྲི་བྲལ་ཚངས་སྤྱོད་ཡལ་འདབ་ལྡེམ་མཁས་པ། །ཤེས་ལྡན་ཨུ་དུམ་ཝཱ་ར་ཁྱོད་ལས་(༡༤ན)


GLG019_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །ཀུན་གསལ་ཞགས་པས་ཚད་དུ་འཆིང་བའི་སྟོབས། །ཕྲ་བའི་བླ་མེད་ཡེ་ཤེས་བདུད་རྩིའི་རོ། །མི་དམན་མྱང་བའི་ལྔ་རིག་བཅུད་ཀྱི་མ། །གཞར་ཡང་གཡེལ་མེད་བསྟེན་ལ་བརྩོན་པར་རིག །ཚིག་དོན་ལོག་སྨྲ་སྤོབས་པའི་གཞུ་ལས་སྐྱེས། །རྣམ་པར་ཞུམ་པའི་དབྱིག་འཛིན་འོག་བཅིངས་ཚེ། །ཉེ་དབང་རང་ཉིད་ཟླ་བྲལ་མིན་སྙམ་པའི། །ཕྱང་མོར་བྱེད་པ་སྒྲ་ཚད་རྗོད་པའི་གཙོ། །གསེར་མངལ་གསོ་རིག་གཙུག་ལག་འཆི་བ་མེད། །བཅུད་དུ་ལེན་པ་ཡོན་ཏན་མགོན་པོའི་གཞུང་། །སྣང་བྱེད་ངོ་མཚར་སྐྱེད་པའི་སྒྱུ་མ་མཁན། །སྤྲུལ་སྒྱུར་རིག་པའི་བཟོ་འདི་གཞན་ཕན་མཆོག །ཤར་ལྷོའི་ལམ་བཟང་ཉིང་ཁུའི་དནྜཱིའི་གཞུང་། །ཉམས་འགྱུར་སྟོང་གིས་ཆོས་ཀུན་འཛུམ་གྱིས་བསུ། །རྒྱ་ཆེན་དོན་གྱི་ལང་ཚོ་རྒྱས་པའི་ལུས། །རིན་ཅེན་རྒྱན་གྱིས་སྤུད་པའི་འཆི་མེད་མཛོད། །ལེགས་སྦྱར་རྒྱུད་དུ་སྤེལ་བའི་སྡེབ་སྦྱོར་འཕྲེང་། །གྲངས་མེད་སྐད་ཀྱི་ཟློས་གར་རྣ་བའི་བཅུད། །མ་འོངས་མངོན་སུམ་སྟོན་པ་གསང་བའི་ཚིག །དབྱངས་འཆར་རྩིས་ཀྱི་གཙུག་ལག་རིག་པའི་འཕྲུལ། །རྣམ་པར་ཡངས་པ་སྙིང་རྗེའི་འདབ་སྟོང་ཚལ། །འཁོར་དང་མྱང་འདས་རྒྱར་འདེབས་སྟོང་པའི་འོད། །འབྲལ་མེད་ཟུང་འཇུག་ལམ་མཆོག་ཟེའུ་འབྲུའི་བཅུད། །སྟོབས་བཅུའི་རྩལ་འདི་ཟད་མི་ཤེས་པའི་མཛོད། །མཐོ་རིས་བདུན་གྱི་ཡོན་ཏན་ནོར་འཛིན་འདིར། །འཕོས་འདྲ་རིག་ཅན་བློན་པོ་འབྱུང་བའི་བརྒྱུད། །ཕུན་ཚོགས་ས་དཔྱད་བཀྲ་བའི་རི་ངོས་དེར། །བཅུ་ཕྲག་རིག་གནས་སྦྱོང་བའི་གནས་སུ་ཤིས། །སླད་མར་ཡང་དག་གཏམ་གྱི་ཡ་མུ་ནཱ། །སྤེལ་ལེགས་ཚིག་ཏུ་སྤུད་པའི་བྱ་མ་རྟ། །ས་འཛིན་ཀ་ལིནྡ་ཡི་ལམ་ཡངས་པོར། །འགོག་མེད་བདེ་བར་འབབ་པའི་ཐབས་སུ་ཆེ། །དཔལ་སྟུག་གསུང་གི་བཅུད་ཕྱུང་སྡེ་བཞིའི་ལུང་། །ཚུལ་བཞིན་(༡༤བ)


GLG019_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རྣམ་བཞིའི་འཁོར་གྱི་ཏོག །དགེ་སྦྱོང་དཔལ་གྱི་ཐུན་མོང་མིན་པའི་གོས། །འགྲུབ་བྱེད་དབང་ཕྱོགས་དར་ལ་རྒྱས་བཏབ་སྟེ། །སྤྲིན་བཅུད་ཁམས་འཛིན་རླུང་གི་ཤིང་རྟ་མ། །གནམ་ལོར་ཤར་བ་ཉིན་བྱེད་ཆུ་སྲིན་ཁྱིམ། །དགའ་བདེར་སྤྱོད་པ་རྒྱལ་གྱི་ཟླ་བ་ཡི། །དཀར་ཕྱོགས་རྒྱལ་བ་གཉིས་པའི་ཚེས་ལ་བྲིས། །ཟུར་ཆེན་རྡོ་རྗེ་འཛིན་པ་ཆེན་པོ་རྗེ་བླ་མ་ཆོས་དབྱིངས་རང་གྲོལ་གྱིས་སྙན་ཚིག་ཕྲེང་བར་སྤེལ་བའི་ལན་ཐེག་མཆོག་གངྒཱའི་ཆུ་རྒྱུན། དྷཱ ཏཽ ནཱ ནྟ ཨ སཾ ཁྱ ཨཱུ མི ཛ ག དྷཱི པ རྴེ ཥུ ཉཱ བཻ ཤྭི ཀཾ ནི རྨྨཱ ནཱ མ ཙ ལཱ ཙྩ ནཱ ནྡི ནི ཀ ཙོ ཌཱུ ཡ ཤྩ པཱ རཱ ཀྵ རཾ། །བཛྲཱ བྫཻ ཎ སི སཱ ཛི ནོ ཏྟ ར ཀ ལ ཏྲྱ ནྣཱ བྷི ཧཱ ཤྲཱ བི ཀོ ལ ཀྵེ ཙཱ མྲྀ ཏ ཀཱ རུ ཎོ ཧི ཏ སུ ཁཾ ཀི ཉྩ སྶི ཏ ༔ ཀཻ ར བཾ། །མི་(སྡེབ་སྦྱོར་སྟག་རྣམ་རྩེན།)འགྱུར་མཆོག་ལ་དགྱེས་རྒུར་སྤྱོད་པའི་མཐའ་བྲལ་དབྱིངས་སུ་གཡོ་མེད་ལས། །གྲངས་མེད་འགྲོ་བློའི་རླབས་ཕྲེང་ཅན་ངོས་སྣ་ཚོགས་སྤྲུལ་པའི་སྣང་བའི་བདག །ཐུགས་རྗེའི་ཟིལ་དངར་འབུམ་དུ་འཛག་པས་ཕན་བདེའི་ས་མོས་ཅི་ཡང་འཛུམ། །དུས་གསུམ་རྒྱལ་བའི་བླ་ན་མངོན་མཐོ་མཚོ་སྐྱེས་རྡོ་རྗེ་འོད་དཀར་ཅན། །(༡༥ན)


GLG019_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ ཧྱ བ ར ཡ ན ག ནྡྷི ནྱུ ད རེ མ ཏི དྷ ར ཡ རྀ ཥི ནཱ ཧཱ། །ཝ རྞྞ ལེ ཁ མུ དྲཱ རྠ། སུ ནི རྟྲུ གྲཱ ཝ རྟི པཱ ཎེ ཀྵི ཏི། །གང་(ཛ་ཏིའི་སྡེབ་སྦྱོར་ཉེ་བའི་དབྱངས།)གི་ཐེག་མཆོག་གསང་བའི་རྒྱུན་གསུམ་པ། །བློ་གྲོས་ལྟོ་བར་འཛིན་པའི་དྲང་སྲོང་གིས། །དོན་བཟང་ཕྲིན་ཡིག་ཕྱག་རྒྱའི་གཡོན་མིག་གར། །སྙིམ་པའི་རྒྱ་མཚོའི་གོས་ཅན་སྟེང་ན་སྒྱུར། །ལེགས་བྱས་འཆི་བ་མེད་པའི་དགའ་ཚལ་དུ། །རྨད་བྱུང་ཉེ་བར་ལེན་པའི་ཡོངས་འདུའི་ལྗོན། །ལང་ཚོའི་ཡལ་འདབ་རབ་རྒྱས་རྣམ་དཀར་གྱིས། །གང་བུའི་ཁུར་དུ་ལྕི་ལ་སྤྲོ་དགའ་རྟས། །ཆ་ཤས་ཡོངས་རྫོགས་ནམ་མཁའི་བསིལ་སྦྱིན་མཁན། །ཕུལ་བྱུང་ལྷག་བསམ་འོད་དཀར་མ་བཟོད་པར། །ཏིི་མིའི་གྲོང་མཐར་བྲིས་ལ་གཉིས་སྐྱེས་ཚོགས། །རྒྱ་མཚོའི་ཟླ་བར་འབོད་པའི་རྫུ་ལ་བརྟེན། །རྨོངས་པའི་ཚང་ཚིང་སྟུག་པོར་བོད་བླུན་རྣམས། །འགོག་པའི་གཉིད་ལ་ཡུར་བྱེད་གནས་ལྔའི་ཁུར། །རྣམ་དཔྱོད་ཁྱོགས་ལ་བླངས་(༡༥བ)


GLG019_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སཱ་ལའི་ལྗོངས། །བློ་ལྡན་ཕུར་བུ་གཉིས་པ་ཁྱོད་མིན་སུ། །གདོད་གནས་མི་འགྱུར་རྟག་བརྟན་ཀུན་དུ་བཟང་། །སྒྲིབ་བྱེད་སྟོབས་ལྡན་འཁུལ་བའི་མཆོད་སྦྱིན་མཁན། །འོད་གསལ་ཟླ་སྙེད་བགྲོད་པས་བཅོམ་པ་ཡིས། །རྣམ་པར་རྒྱལ་བའི་ཡེ་ཤེས་མཆོག་འདི་མཚར། །འདི་ན་ཟ་ཧོར་གདུང་འཛིན་རིག་བྱེད་པ། །ལངྒའི་གྲོང་ཁྱེར་ས་ལ་འཕོས་འདྲའི་རྫོང་། །རབ་མཐོའི་བ་གམ་གནས་སུ་ཉེར་སོན་ནས། །ཐོས་བསམ་སྒྲུབ་པའི་འདུན་པ་མི་དམན་ཙམ། །གཡུང་དྲུང་འགྱུར་བ་མེད་པའི་རྡོ་རྗེའི་ངོས། །འཆི་བའི་དངོས་པོ་འཇོམས་པའི་བདུད་རྩིའི་བཅུད། །ཤ་མཆོག་དྲི་ཞིམ་ལུས་ཕྲར་མྱོང་བའི་རོ། །བྲོ་བྱེད་ལྷ་མཆོག་བསྟེན་ལ་མི་བསྒྱུར་ངོས། །སྙན་ཚིག་རྣམ་པར་བཀྲ་བའི་ལུས་འོད་གསལ། །དོན་བཟང་འཇོ་སྒེག་གཟིགས་མོར་མཚར་བའི་དཔྱིད། །འཕྲིན་ཡིག་འབྲུག་སྒྲ་མངལ་འཛིན་ལེགས་བྲིས་ཀྱི། །བཤུལ་དུ་འགག་པ་མེད་པར་རྒྱུ་ཡང་འཆལ། །རྩ་གསུམ་ཚིག་གི་བདེན་སྲའི་རྩི་བརྒྱ་བས། །མཐར་བྱེད་འཛིན་མ་བཅོམ་པའི་གཏན་བདེའི་ལུས། །མཚུན་ལྷའི་མེ་ལོང་དལ་སྟེར་རྟག་པའི་གཞིར། །རིག་པའི་དཔའ་བོ་ཁྱོད་ཉིད་འགྲུབ་གྱུར་ཅིག །འཛམ་བུའི་ཆུ་བོ་དར་བབས་གངྒཱ་སྐྱེས། །ཟླ་འཕེལ་འོག་པག་འཁྲོལ་བའི་གར་མཁན་མ། །གན་དར་ལན་བུ་གཡོ་བའི་རྣམ་འགྱུར་ཅན། །རྟགས་ཀྱི་འདོད་པའི་མྱོས་བུམ་གྱིས་སྤྲས་ཏེ། །པཱ་ལཱ་ཤ་མདོག་མདངས་འཛིན་ནགས་ཀྱི་བདག །གོས་སུ་ཀླུབས་པའི་ཡལ་གའི་རི་དྭགས་ཀྱི། །བགྲང་བྱའི་མཛེས་སྡུག་བཞིན་རས་ངོམ་པའི་རྣར། །བཞི་ལྡན་འབྱུང་བའི་རྒྱན་གྱིས་སྤུད་ཚེ་བྲིས། །སྨོན་གྲོ་པཎྜི་ཏ་ཚེ་དབང་དོན་གྲུབ་གྱིས་ཉམས་གྱུར་སྟོང་གི་རྒྱུད་མང་འཕྲོལ་བའི་ལན་རྨོངས་པའི་ཚ་གདུང་འཇོམས་པའི་ཙནྡན་ངོས་འཛིན། (༡༦ན)


GLG019_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ གུ ཎྱ ད ཏྟ ཀ རྱ ཤྩ ལ ཀྵྨཱི ཤ ནྟ སྱ བྷ ཝྱ ཙ། །ཛི ནེ ནྡྲཱཔ ར མི དྱ ཡ སྟྲ བ ཎྜི ཏ གྲྀ པཱ ལ ཅ། །ཕུན་(ཁ་སྒོ་ཕན་པའི་སྡེབ་སྦྱོར།)ཚོགས་སྲིད་དང་ཞི་བ་ཡི། །ཡོན་ཏན་ཐམས་ཅད་སྟེར་བྱེད་པའི། །རྒྱལ་བའི་དབང་པོ་ཚེ་དཔག་མེད། །གང་གིས་མཁས་ཁྱོད་སྐྱོང་བར་མཛོད། །ལེགས་བྱས་དཔྱིད་ཀྱི་བུ་མོའི་མངལ་ཁུར་ལས། །མངོན་མཐོའི་རྟེན་གྱི་དབྱར་སྐྱེས་གསར་པའི་མགྲོན། །མང་ཐོས་ཡོངས་འདུའི་འཁྲི་ཤིང་གཡུར་ཟ་བ། །གྲང་རེག་ཉེས་བརྒྱའི་དགྲ་ལས་རྣམ་རྒྱལ་ངོས། །ངོ་མཚར་ལེགས་བཤད་ཉམས་འགྱུར་སྟོང་གི་དབྱངས། །སྙན་ཚིག་དྲི་ཟའི་རྒྱུད་དུ་ཁུགས་པའི་གླུ། །འཕྲིན་ཡིག་ལུས་ཕྲའི་མགྲིན་ལས་རབ་ལེན་ཅིང་། །སྙིམ་པའི་ནོར་འཛིན་ངོས་སུ་ཟློས་གར་སྒྱུར། །ཕྲ་ཞིབ་དཀའ་གནད་གཙུག་ལག་མདུད་པའི་རྒྱ། །ཅིག་ཅར་དགྲོལ་བའི་དྲི་ལན་སོར་མོའི་འཕྲུལ། །རྣམ་པར་དཔྱོད་ལ་བློ་ལྡན་ཕུར་བུ་(༡༦བ)


GLG019_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ལྟ་བའི་ཟོལ་གྱིས་མཁའ་ལ་རྒྱུའམ་སྙམ། །ཕ་མཐའ་རྟོགས་དཀའ་ཤེས་བྱའི་གསེར་ལྡན་མ། །བློ་གྲོས་གོམ་པ་གཅིག་གིས་གཞལ་བའི་ཚེ། །པད་དཀར་མིག་དེ་རང་མིན་གཉིས་པ་ཞིག །ཡོད་སྙམ་གྱ་གྱུའི་དྲ་བར་ཚུད་ཀྱི་དོགས། །མཛེས་སོ་སྟོབས་བཅུའི་དབུས་ན་ཉི་མའི་གཉེན། །ཀུན་གསལ་འགྲམ་པར་ཆུ་ཤེལ་དབང་པོ་སྟེ། །དབང་ཕྱུག་མགྲིན་པར་ཨིནྡྲ་ནི་ལའི་མདངས། །དཔྱོད་ལྡན་ཁྲོད་ན་བོད་ཡུལ་པཎ་ཆེན་ཁྱོད། །ཚ་བའི་གདུང་བ་མཐའ་དག་རིང་འཕྲོག་ཅིང་། །ཡིད་ལ་ཀུན་དགའ་སྐྱེད་པའི་བདེ་བ་སྟེར། །རྐང་འཐུང་གཞན་གྱིས་འགྲན་པའི་ཟླ་བྲལ་བ། །ནགས་ཀླུང་འཐུག་ཀྱང་ཙན་དན་ལྗོན་པ་དཀོན། །ཨེ་མ་མདོ་རྒྱུད་འཇིགས་མེད་སྙིང་སྟོབས་ཅན། །ཐ་སྙད་རིག་པའི་ང་རོ་ཆེར་སྒྲོག་པའི། །ཤེས་བྱ་ཀུན་གྱི་རྩལ་གསུམ་རྫོགས་པ་ལ། །བསམས་ཀྱིན་གནས་ལྔ་རིག་པར་ངེས་པ་རྙེད། །སྔོན་བྱོན་མཁས་མང་མཛད་པའི་འོད་ཟེར་གྱིས། །ཡིད་ཀྱི་སྤྲོ་དགའི་པདྨ་རབ་བཞད་པའི། །ངོས་ཀྱང་ལེགས་བཤད་སྦྲང་རྩི་གཏོང་ལེན་ལ། །ངལ་མེད་ལྡེམ་ལྡེམ་སྒྱུར་བའི་གར་གྱིས་བྲེལ། །རིས་བྲལ་བརྟན་གཡོའི་ཆོས་ཀྱི་གནས་ལུགས་གཟུགས། །གང་གི་རྣམ་དཔྱོད་མེ་ལོང་ངོས་ཤར་བའི། །སྣ་ཚོགས་གཟིགས་མོར་མཚར་བའི་ངང་ཚུལ་ལ། །ཆུ་སྐྱེས་ཚོགས་ཀྱང་དགའ་བས་འཛུམ་པ་འདྲ། །རྣམ་གསུམ་མཁས་པའི་མཛད་བཟང་འོད་དཀར་གྱིས། །ཐུབ་བསྟན་ཀུནྡ་བཞད་ཚེ་རི་བོང་ཅན། །ཆུ་གཏེར་ཆེན་པོའི་ཀློང་དུ་བྲོས་པ་ལ། །རིག་བྱེད་སྨྲ་རྣམས་ཟླ་བའི་མ་མར་འབོད། །སྨྲ་མཁས་ངག་གི་འདོད་འཇོ་དབང་གི་རྒྱལ། །ལེགས་བཤད་འདོད་རྒུ་འབད་མེད་སྩོལ་བའི་དཔྱིད། །མཁྱེན་དཔྱོད་བདེ་ལེགས་ཀུན་གྱི་ཟ་མ་ཏོག །མི་འགྱུར་རྡོ་རྗེའི་སྤོ་ལ་འཆེས་གྱུར་ཅིག །ལྷོ་ཕྱོགས་མ་ལ་ཡ་ལས་མངར་བའི་དྲི། །(༡༧ན)


GLG019_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བསིར་བུས་ཕྱོགས་རྣམས་འགེངས་པའི་དགའ་སྟོན་ལྟར། །ཐོས་འཛིན་བདུད་རྩིར་སྤྱོད་པའི་འཕྲིན་ཡིག་རྒྱུན། །ཛཧྣུ་ཡི་བུ་མོའི་འགྲོས་ལྟར་འཚལ། །ཚེ་དཔག་འདོད་རྒུ་ངེས་ལེགས་གྲུ་ཆར་གྱིས། །དངོས་གྲུབ་དབྱར་སྐྱེས་དགའ་སྟོན་སྤེལ་བའི་དཔྱིད། །མཐོང་ཐོས་དྲན་རེག་དོན་ལྡན་ཡིད་བཞིན་ནོར། །ཟས་གཙང་སྲས་ཀྱི་འཕེལ་གདུང་ཆུ་འཛིན་དང་། །དབང་ཕྱོགས་ཀ་ཤི་མཛེས་དགའི་སོར་མོ་ཡིས། །ལན་བརྒྱར་བསྐྲུན་པའི་ཐགས་ཀྱི་ལང་ཚོ་ཅན། །ཐུན་འཚམས་ཕྱག་རྒྱའི་མཛེས་མས་དམ་འཁྱུད་དེ། །བཟང་པོའི་ཚེས་ལ་གྲུ་འཛིན་རྩེ་ནས་བྲིས། །ཡོངས་འཛིན་དམ་པ་སྨྲ་བའི་དབང་ཕྱུག་དཀོན་མཆོག་ཆོས་འཕེལ་གྱི་བཀའ་གནང་ཐོད་དུ་བཅིངས་ཏེ་སློབ་དཔོན་མཁས་པ་ཆེན་པོ་སྨོན་འགྲོ་པཎ་ཆེན་འཇམ་དབྱངས་དབང་རྒྱལ་རྡོ་རྗེས་ཁོ་བོའི་རྟོགས་བརྗོད་ཀྱི་གླེགས་བམ་གསར་བསྐྲུན་དང་བཅས་སྙན་ངག་ངོ་མཚར་བའི་འཕྲིན་ཡིག་སྤེལ་བའི་ལན་མྱ་ངན་མེད་པའི་ལྗོན་ཤིང་། ས རྦྦ ཛི ནྱ ཛྙཱ རཱུ པ ཤྩོ ཏྟ མྱཱ བཱ དྷཱུ ནཱཊ ཀྱ ཤྩ། །བ ཎྜི ཏྱཱ ཝ རྟི རྦྲཱ ཧྨ ཎྱཱ ཙ ཤྲཱི ཡ སྟ སྨི ན གོ ཡ ཙྪ། །རྒྱལ་བ་ཀུན་གྱི་མཁྱེན་པའི་གཟུགས། །ལུས་ཕྲ་མཆོག་གི་ཟློས་གར་ཅན། །སྒྱུར་མཁས་ཚངས་པའི་བུ་མོ་ཡིས། །གང་དེར་ངག་གི་དཔལ་སྩོལ་ཅིག །(༡༧བ)


GLG019_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་དཔུང་གི་མཁར་ལྡིིང་རྒྱལ་མཚན་ཅན། །སྨོན་ལམ་ཐབས་མཁས་འཕྲུལ་གྱིས་ལེགས་ཐོབ་པའི། །རྟེན་བཟང་ནོར་བུ་ས་མནྟ་ཀ་མཆོག །འདི་ཕྱིར་ཕན་བདེའི་རེ་འདོད་འཇོ་བ་ལ། །ཚངས་པའི་བུ་མོའི་མགྲིན་ལས་མ་འོངས་ཤིང་། །དབྱངས་བདུན་རྒྱུད་དུ་ཁུགས་པའི་སྒྲ་མིན་པར། །ཉམས་དང་འགྱུར་བ་སྟོང་གི་སྙན་འགྱུར་འཕྲིན། །འདི་འདྲ་སྔོན་མེད་རྣ་བའི་བདུད་རྩིར་ངེས། །སྙིགས་དུས་སྲིད་པའི་ཚང་ཚིང་སྟུག་པོའི་ཁྲོད། །སྟོབས་ལྡན་རྨོངས་པའི་ཚེར་ཅན་ཆེས་མང་ཡང་། །ལེགས་བཤད་ལོ་འབྲས་གཡུར་དུ་རབ་ཟ་བའི། །མང་ཐོས་ཨ་ཤྭདྠ་དེ་ཁྱོད་དུ་ངེས། །འཁྲུལ་བའི་རང་མཚང་འདི་སྣང་བྱ་བའི་མཁར། །གཞན་དབང་རླུང་གིས་རྒྱུ་བའི་སྙོམ་ལས་པ། །འཆད་རྩོད་རྩོམ་པའི་འོད་སྟོང་དགའ་སྟོན་ལ། །མངོན་པར་སྤྱོད་པའི་ཚུལ་ལ་ལྷོད་མིན་ཙམ། །ཆེས་ཕྲ་པདྨའི་སྐུད་པས་ལྷུན་པོ་ཡང་། །བཅིངས་ཞེས་འུད་ཀྱི་ཕུལ་བྱུང་གཏམ་གྱི་ཕྲེང་། །རྟོགས་བརྗོད་དབྱངས་སུ་འཆར་བའི་རྩ་ཀོ་ར། །མཁའ་ལྡིང་དབང་པོའི་བཤུལ་རྗེས་སྙེགས་ཀྱི་དོགས། །བདག་འདྲར་རབ་བཏགས་བསྔགས་པའི་ཟོལ་སྦྱོར་གྱིས། །བསྟན་བཅོས་བྱེད་པོར་སྡེ་སྣོད་གསར་རྙིང་སྔགས། །སྒྲ་ཚད་བཟོ་གསོ་ཐ་སྙད་རིག་གནས་ལྔ། །ཡོད་ཅེས་བསིལ་ལྡན་ལྗོངས་སུ་ངོམ་པ་བཞིན། །རིས་མེད་ཆོས་ཀྱི་ཕྲ་ཞིབ་དབང་པོའི་གཞུ། །འཁྲུལ་བྲལ་སྟོན་ལ་མཛད་པ་མེད་པ་ཡི། །དབང་ཕྱུག་ཡོན་ཏན་གྲུབ་པའི་གྲགས་སྙན་གྱིས། །འཕགས་ཡུལ་མཁས་རྣམས་ཁེངས་པ་བཏང་གི་དོགས། །ལོག་པར་རྟོག་པའི་ཤ་བ་རི་ཡི་རྒྱ། །བློ་གྲོས་མཚོན་གྱིས་བཅད་ཚེ་དེང་དུས་ཀྱི། །རྟོག་གེ་ཙམ་གྱིས་དྲེགས་པའི་བཤེས་གཉེན་ཀུན། །ང་རྒྱལ་བྲག་རྩེར་བྲོས་ནས་མུ་ཅོར་སྒྲོག།ཐེག་ཆེན་གཏམ་གྱི་འདྲེན་བྱེད་དམར་ཟླུམ་ལས། །ཟབ་རྒྱས་ལམ་གྱི་རྣམ་བཞག་མེ་(༡༨ན)


GLG019_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སྦར་ཚེ། །ཡིད་ཀྱི་མདའ་ལྔ་འདོད་པའི་གྲོང་མྱུལ་བའི། །སྒོམ་ཆེན་འདོད་ལྷའི་ཚུལ་འཆོས་གཟུགས་བརྙན་ཞིག །སྲིད་པའི་ཁོངས་ལས་བརྒལ་བའི་ཡོན་ཏན་ཚོགས། །བློ་གྲོས་གསེར་མངལ་མ་འདིའི་ལྟོར་སྦྲུམ་ཚེ། །བརྟན་གཡོའི་ལྕིད་ཀྱིས་རྒྱ་མཚོར་བྱིང་དོགས་ནས། ཁྱབ་འཇུག་རུས་སྦལ་ཟོལ་གྱིས་བཏེག་པ་འདྲ། །རྒྱ་ཆེན་གསུང་རབ་འཆད་ཚེ་དབྱིག་གི་གཉེན། །རྩོད་ཚེ་ཆོས་གྲགས་རྣ་བའི་དོ་ཤལ་བཟུང་། །རྩོམ་ལ་དཔའ་བོ་ལྕང་ལོའི་ཕྲེང་འཛིན་པའི། །དོ་ཟླར་འོས་པ་ཤེས་ལྡན་ཁྱེད་དུ་ཁུམས། །མཁྱེན་ཡངས་ལང་ཚོ་དར་བའི་ཐིགས་ཀྱི་གོས། །གཙུག་ལག་གུར་ཀུམ་གྱིས་བཙོས་གྲངས་མེད་དུ། །ཇི་ཙམ་སྤྱད་པས་མི་འཛད་ལེགས་བཤད་གཏེར། །བྱེད་པོས་གང་གི་བགོ་སྐལ་ཉིད་དུ་བསྐྲུན། །ཨེ་མ་མཐོང་ན་མི་མཐུན་པའི། །དྲི་མ་དང་བྲལ་རྒྱལ་བའི་སྐུ། །དོན་གཉིས་སྩོལ་བའི་རིས་བྲལ་གཉེན། །བསྟེན་པ་དོན་ཆེ་རྙེད་དཀའ་ལྟར། །གངས་ཁྲོད་བཟའ་ཤིང་ར་བ་ན། །ཡོན་ཏན་ཀུན་རྫོགས་དཔག་བསམ་ལྗོན། །བོད་ཡུལ་པཎ་ཆེན་སྨོན་འགྲོ་བ། །ཚེ་དབང་དོན་ཀུན་གྲུབ་པ་དེར། །མཁས་རློམ་ཀུན་ལ་གྲགས་དཀའ་བའི། །སྔོན་མེད་ལྟ་བུའི་ལེགས་བཤད་ལ། །ངོམས་པ་མེད་པའི་ཐོས་པ་དག །འབད་པ་ཆེན་པོས་གྲུབ་པར་མཛོད། །དོན་བཟང་ནོར་བུའི་ཕྲ་ཚོམ་ཅན། །ཚིག་གིས་སོར་མོས་ལེགས་བསྐྲུན་པའི། །རྣ་བའི་རྒྱན་ལྡན་བྱ་མ་རྟ། །བསྐྱུད་པ་མེད་པར་གཉེན་གཤིན་འཚལ། །འཕྲིན་ཡིག་གཉིས་སྐྱེས་གཙུག་ཕུད་ཅན། །ཟ་འོག་གོས་ཀྱི་སྤུ་སྡུག་བཀྲ། །སྙན་པའི་ཟློས་གར་སྒྱུ་བ་དེ། །མཁས་མཆོག་སོར་མོའི་རྩེར་དེར་འཕུར།། །། (༡༨བ)


GLG019_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲེ་ལོ་ངོས་ཤར་ཕྱོགས་འོལ་ཁ་སྟག་རྩེར་ཡོད་སྐབས་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་ལྷ་ལྡན་དུ་མཉན་ཡོད་མགོན་དུ་ཕེབས་པར་ཕུལ་བའི་ཞུ་འཕྲིན་ཐར་པའི་སྒོ་བརྒྱ་འབྱེད་པའི་སྐལ་བཟང་། བྷ ཝ ཤ ནྟ དྷ ཏེ ཏ རྦྦེ ཥུ། །པ ཅུ ༔ ས དྷ བ ལཱ ཧ ག༔ །ཀི རྟེ རྞེ། སཱ རཱ བཱ ཀྩ། །མ ཉྫུ ཤྲཱི མཱུ ལ ས ངྐུ རུ༔། །སྲིད་(སྡེབ་སྦྱོར་ཁ་སྒོ་ཕན་པ།)ཞིའི་ཆ་ཤས་གཟུགས་ཅན། ཁམས་ཀྱི་ལྷ་ལམ་དུ། །མཁས་དང་གྲུབ་པའི་ཆུ་འཛིན་ཕྲེང་། །གྲགས་པའི་དབྱར་གྱི་རྔ་བསང་ཅན། །འཇམ་དཔལ་བླ་མ་དམ་པའི་དྲུང་། །བརྟན་དོག་པ་ཕུལ་བྱུང་། གཡོའི་ཆོས་གྱི་གཟུགས་བརྙན་འགོག་མེད་བློར། །ཤར་བའི་ཟུར་ཕུད་ལྔ་པ་འཕྲེང་བ་འདིར། །ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་དུ། །ངེས་པས་དད་པའི་ཡིད་ཀྱིས་མཆིད་འདི་ཞུ། །ངོ་སྔོན་མེད་གཟུགས་ཅན། མཚར་རྒྱ་མཚོའི་མཚན་དཔེའི་ཆུ་ཤེལ་(༡༩ན)


GLG019_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། །མ་རིག་ཕྱོགས་ཀྱི་འཁྲུལ་བློར་འཕེལ་འགྲིབ་ཅན། །འགྱུར་མེད་རྟག་པའི་ངོ་བོ་སྟོན་པ་འདི། །བསིལ་ལྡན་སྐྱེ་རྒུའི་བསོད་ནམས་ཟོང་གིས་བསྒྲུབས། །གྲངས་ད་ལྟར་བ་འགོག་པ། མེད་བློ་གསལ་འདུ་བའི་བཟང་པོའི་ལས། །གྲགས་སྙན་ཕྱོགས་བྲལ་རྣར་འགོད་མཛད་པའི་དཔྱིད། །རྣམ་འདྲེན་བདུད་དཔུང་གཞོམ་པའི་དགེ་བའི་དུས། །གང་གིས་ཐར་པར་མ་དྲངས་སེམས་ལྡན་སུ། །རབ་ལྡན་པའི་གཟུགས་ཅན། དམར་མཆུ་ཡི་འདབ་བརྒྱ་འཛུམ་པ་ལ། །ཤེས་བྱའི་རང་བཞིན་ཡངས་པའི་སྦྲང་རྩིའི་བཅུད། །སྐལ་བཟང་ར་ཡིག་གཉིས་པའི་སྒྲ་འཛིན་སྣོད། །ནམ་ཡང་ཟད་མི་ཤེས་པར་འབབ་འདི་མཚར། །ཆོས་ལེའུ་དང་པོའི་རབ་དངས་ཀྱི་རྒྱན། ཀུན་སྟོང་པའི་རི་མོ་གསར་པ་ལ། །བདེ་ཆེན་ཚོན་གྱི་མདངས་གསལ་རྣམ་བཀྲ་བའི། །གཉིས་མེད་ཉམས་འགྱུར་འཇོ་སྒེག་ཟློས་གར་འདི། །དུས་གསུམ་རྒྱལ་བའི་སྤྱན་གྱི་གཟིགས་མོར་འབབ། །བཅུ་གཟུགས་ཅན་གྱི་འབྱུང་འགྱུར་འགོག་པ། གསུམ་རྡོ་རྗེའི་ས་གཞི་ཉམས་དགའ་བར། །ཐབས་མཁས་མཛད་པའི་ཤིང་རྟས་རིས་བྲལ་གྱི། །འགྲོ་རྣམས་དྲངས་ཚེ་བསྐལ་པ་བཟང་པོ་འདིའི། །འབྱུང་འགྱུར་སངས་རྒྱས་གདུལ་བྱ་མཆིས་སམ་ཅི། །མཐོ་རབ་བཏགས་གཟུགས་ཅན། རིས་ཡོན་ཏན་དུད་པའི་འཕྲུལ་སྣང་དུ། །རྣམ་སྨིན་དཀར་པོར་འཛག་པའི་དགེ་བའི་རྔ། །བརྡུངས་པས་རྩོད་པའི་དུས་ཀྱི་ལུས་ཕྲ་མ། །སྐྲག་སྟེ་རྫོགས་ལྡན་གོས་ཀྱི་རྫུ་ལ་བརྟེན། །ཕུལ་གཟུགས་ཅན་ཤིས་བརྗོད། བྱུང་མངར་བའི་བདེ་ལེགས་སྟེང་གི་རོ། །དཔྱོད་ལྡན་སྐབས་གསུམ་རི་དྭགས་མིག་ཅན་ལྕེས། །མྱོང་བའི་མ་མ་རྗེ་བཙུན་ཡོངས་འདུའི་ལྗོན། །ཐུབ་བསྟན་མཐོ་རིས་དཔལ་དུ་དར་གྱུར་ཅིག །སྙན་ལྡན་པའི་གཟུགས་ཅན། ཚིག་དབྱངས་ཀྱི་ང་རོའི་རྒྱུད་མང་པོ། །སྙིམ་པར་ཐོགས་པའི་ཞུ་མཆིད་(༡༩བ)


GLG019_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གནྡྷརྦྷ། །སྟོང་འཁུན་མཛངས་མའི་སོར་རྩེ་ལས་བསྐྲུན་པའི། །བཀྲ་ཤིས་དར་གྱི་པཙྩ་ལི་ཀ་ཅན། །འཆི་ཤིས་བརྗོད་ཀྱི་རྒྱན། བ་མེད་པའི་ཚེ་ཡི་རེག་བྱེད་ཀྱི། །ངོ་མཚར་གཙུག་ལག་གཞུང་གི་དགོངས་པ་དང་། །དབང་ཕྱོགས་གོང་མའི་གནམ་ལོ་གསར་ཚེས་ཀྱི། །དགའ་སྟོན་དུས་སུ་ཤྲཱི་ཛ་ཡནྟུ། །ཤིང་ཕོ་སྤྲེའུའི་ལོ་ཇུར་ཇིར་བོག་ཏོ་རྒྱལ་པོས་སེ་ཆེན་ཆོས་རྗེ་སོགས་གསེར་ཡིག་པ་སྐྱ་སེར་ཚན་ཆེར་བསྔགས་ནས་རྒྱ་ནག་པོའི་ཁྱད་ནོར་མང་པོའི་སྐྱེས་དང་བཅས་ཏེ་བསྐུར་བའི་ཡིག་ལན་ལེགས་ལམ་ནོར་བུའི་འཕྲེང་བ། སྭ ར མ ཧ ཀི རྟི ཀཱ རྞི ཀ བ རེ ཥ ཊ བྷི ཛྙ མུ ནི ཛྭ ལ བི ས ཧ སྲ བྷཱ ད ཤ བ ལཾ བྷ ཝ དྷྭཏུ ཤ མཱ། །སྭ ར མྲྀ དུ ཧཱ ར མཱ ཡ ན ར ཨི ནྡ ཝ ཡ ཙྪ ཧི ནི རྟི སུ གཏ གརྟི དྷཱི སུ ཨ ག ཤ དྱ ཙ ས རྒཱ ཏུ དཱ། །སྲིད་(སྡེབ་སྦྱོར་བུམ་པ་ཅན།)དང་ཞི་བའི་ཁམས་ན་སྟོབས་བཅུའི་འོད་ཟེར་སྟོང་ཕྲག་རབ་འབར་བའི། །གྲགས་ཆེན་དབྱངས་ཀྱི་རྣ་བའི་རྒྱན་མཆོག་མངོན་ཤེས་དྲུག་ལྡན་ཟས་གཙང་སྲས། །འཇམ་དབྱངས་སྒྱུ་འཕྲུལ་དྲ་བའི་གར་མཁན་ཀུན་མཁྱེན་བློ་བཟང་གྲགས་པ་ཡིས། །(༢༠ན)


GLG019_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བྲ ཧྶ ཎ བི ཥྵཱ བྲི ཧ ཏ མྤ ཧི ཤ ར ཛ རྨྨ མ ཀ ར ཀ ར དྷྭ ཛ། །ལོ ཀེ ཏ སྱ བྷ རོ བ ལ བཱཾ བྷཱ ཝི ཀ ས ཏྒྲྀ པ ལཱ། ཧཱ། །གནམ་བསྐོས་མི་ཡི་དབང་པོ་ཁྱོད་ལ་དུས་རྣམས་ཀུན་དུ་དགེ་ལེགས་སྩོལ། །གསེར་(ཛ་ཏིའི་སྡེབ་སྦྱོརའཕགས་མ།)མངལ་དཔལ་གྱི་མགྲིན་དང་འཁོར་ལོའི་ལག །བློ་ལྡན་མེ་སྐྱེས་ཆུ་སྲིན་རྒྱལ་མཚན་ཅན། །འཇིག་རྟེན་འདི་ན་སྟོབས་ལྡན་ཚོགས་རྣམས་ཀྱིས། །ས་སྤྱོད་དམ་པར་ཤིས་པ་སྐྱོང་པར་མཛོད། (༢༠བ)


GLG019_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ ཤྩ རྱ ཀོ ཥ སྦ ར གཱི ཏི བཻ ཌུ རློ ཤུ ཀླ ལེ ཁེ སྱ བ རཱ། མཱ ལཾ། བེ དྷཱ ན རཱཾ ག སྟུ ཡ ཙ ཀྲ ཝ རྟི ནྱཱ སཾ ཀ ལིཾ ཨེ ཥ ཨ ལ ངྐ རོ ཧཱ། །ངོ་(སྡེབ་སྦྱོར་དབང་པོ་རྡོ་རྗེ།)མཚར་བཀྲ་ཤིས་གན་མཛོད་དབྱངས་ཀྱི་གླུ །འཕྲིན་ཡིག་བཻ་ཌཱུར་དཀར་པོའི་འཕྲེང་བ་མཆོག །ཚངས་པ་མི་ཡི་ལུས་ཅན་རྩོད་དུས་འདིར། །འཁོར་ལོས་སྒྱུར་བ་གང་གི་རྒྱན་དུ་འགོད། །ཅེས་དབྱངས་བདུན་རྒྱུད་ལས་ཉེ་བར་དྲངས་པའི་ཤིས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ། མཆོག་ཏུ་བདེ་ལེགས་རྒྱ་མཚོའི་སྣང་བ་གསར་དུ་སྟོན་པའི་དུས་ཀྱི་ཆར། བྱང་ཕྱོགས་ནོར་འཛིན་གྱི་ཁྱོན་ལ་མངའ་སྒྱུར་བའི་རྗེ་བོར་འཇིག་རྟེན་ཐམས་ཅད་ཀྱི་བྱེད་པོ་ཚངས་པས་གནམ་གྱི་མཐོངས་ནས་རིན་པོ་ཆེའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བ། རྩོད་ལྡན་གྱི་དུས་གྱི་སྟོབས་གྱི་འཁོར་ལོས་སྒྱུར་བ་ཆེན་པོ་གང་གིས་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་རུ་མཚོན་སྲིད་རྩེའི་བར་དུ་སྒྲེང་བའི་ཁྲིམས་ཀྱི་གདུགས་དཀར་པོ་གཅིག་གི་གྲིབ་བསིལ་ལ་སྐྱེ་རྒུ་(༢༡ན)


GLG019_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བདེ་བར་འཚོ་ཞིང་། མཆོག་གསུམ་དམ་པར་སླུ་བ་མེད་པའི་གཏན་གྱི་སྐྱབས་སུ་ངེས་པ་ཆེས་ཆེར་རྙེད་པས་བཟང་པོའི་བསྐལ་པ་འདིའི་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་སྟོང་གི་དབུས་ན་མངོན་པར་འཕགས་པ་རྒྱལ་བ་བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེ་ལ་སྲི་ཞུ་བླ་ལྷག་ཏུ་ཉམས་སུ་བསྟར་བའི་ངོ་མཚར་བའི་གཏམ་དང་ལྷན་ཅིག་པར་ཡི་གེ་རྟེན་དེར་གསལ་གྱི་བདོག་པའི་སྐྱེས་དང་བཅས་སུག་པར་སོན་པས་ཡིད་ཀྱི་སྨན་ཡོན་དུ་འབྲོངས། འདི་ནའང་ལུས་ཅན་ཀུན་གྱི་ཕན་པའི་རྩ་ལག་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་སྤེལ་བར་འདུན་པའི་ལྷག་བསམ་ཡར་ལྡན་དུ་མཆིས། ཉེ་ཆར། བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཅན་དག་བསམ་བཞིན་སྟོབས་ལྡན་རྒྱལ་པོར་སྲིད་འཛིན་པ་རྣམས་འཕྲལ་དང་ཡུན་གྱི་ལེགས་བྱས་རྒྱ་མཚོའི་འབྱུང་གནས་དགེ་བ་བཅུའི་རྒྱལ་ཁྲིམས་ཀྱིས་མངའ་འབངས་ཀུན་ཡང་དག་པའི་ལམ་ལ་འགོད་པའི་རྨད་དུ་བྱུང་བའི་མཛད་པ་ལ་དགོངས་ནས། གནམ་བསྐོས་ཀྱི་རྗེ་བོ་ཉིད་སླད་མར་ཡང་རྒྱལ་བའི་བཀའ་སྡེ་སྣོད་རིན་པོ་ཆེ་གསུམ་ལ་དབང་པོར་བགྱིས་ཏེ་ཚོགས་གཉིས་ཀྱི་སྒོ་འཕར་མཐའ་ཀླས་པ་འབྱེད་པའི་རྫོགས་ལྡན་གསར་པའི་དགའ་སྟོན་ལ་ཡུན་དུ་སྤྱོད་པའི་དཔུང་ཕྲག་པར་འཛིན་པ་དང་། །ཆོས་རྗེ་ཡཱ་ནཱ་ཀརྨ་ཞེས་རྒྱལ་བའི་འཕྲིན་ལས་པར་འབོད་པའི་འདི་ཉིད་སྔ་སོར་དེ་ཕྱོགས་སུ་ཐུབ་བསྟན་ལང་ཚོའི་རང་ཞལ་ཐོག་མར་ངོམ་པའི་བྱེད་པོར་ལེགས་ཚོགས་སུ་གྱུར་པ་ལྟར། ཉེ་ལམ་ཡང་རྒྱལ་བློན་ཀུན་ལ་མངོན་མཐོ་ངེས་ལེགས་ཀྱི་ལམ་བཅད་སྟོན་ཕྱིར་རྒྱལ་ཁབ་ཆེན་པོར་རྫོང་སྟ་བགྱིས་ཡོད་པ་ཡིད་ངོར་རྟག་ཏུ་འཆར་པར་འཚལ། ཞེས་རྟེན་རྒྱལ་བ་ཉི་མའི་གཉེན་གྱི་འཕེལ་གདུང་། འཕགས་ཡུལ་གྱི་བཟོ་བོས་བསྐྲུན་པའི་སྟོན་པའི་སྐུ་ལི་མ། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་དོན་སྙིང་པོར་བསྒྲིལ་བ། ཆོས་ཀྱི་རྒྱལ་པོ་རྒྱལ་བ་(༢༡བ)


GLG019_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བཙོང་ཁ་པས་ལེགས་པར་གསུངས་པའི་བྱང་ཆུབ་ལམ་གྱི་རིམ་པའི་གླེགས་བམ། མཆོད་སྡོང་པད་སྤུངས་ལྕགས་ལྟེ་ཅན་ཇོ་བོ་ཆེན་པོ་ཨ་ཏི་ཤའི་ཕྱག་ནས་མ། སྲུང་བ་རྡོ་རྗེའི་མདུད་པ། བྱུ་རུའི་བརྒྱ་འཕྲེང་། སྤོས་ཤེལ་དང་བཅས་པས་རྟགས་ཀྱི་ལང་ཚོ་བཀྲ་བར་རྒྱ་གར་བ་བྷྲུ་པཱ་ལར་འབོད་པ་བོད་ཀྱི་ཡུལ་དུ་ས་སྐྱོང་ཞེས་གྲགས་ལ། རྒྱ་ནག་པོའི་རྒྱལ་ཁམས་སུ་མི་ཡི་འུར་རྗོད་པ། ཕྱོགས་འདིར་དབང་ཐང་དང་བསྟུན་པ་ཤིང་མོ་བྱའི་ལོ། འགྲོ་བའི་བླ་མ་ཤཱཀྱ་སེང་གེས་ཆོས་རྒྱལ་ཟླ་བཟང་ལ་དཔལ་དུས་ཀྱི་འཁོར་ལོ་གསུངས་པའི་ཟླ་བ་ཉིན་མོར་བྱེད་པ་ལུག་ཁྱིམ་དུ་སྤྱོད་པའི་ཕྱོགས་སྔ་མའི་རྒྱལ་བ་དང་པོའི་ཚེས་ལ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ནས་བྲིས་པ་ཛཱ་ཡནྟུ། ཤིང་བྱ་སློབ་དཔོན་སྨོན་འགྲོ་པཎ་ཆེན་འཇམ་དབྱངས་དབང་རྒྱལ་རྡོ་རྗེ་ཁོ་བོས་སྙན་ངག་མེ་ལོང་སྡེབ་སྦྱོར་རིན་ཅེན་འབྱུང་གནས་དབྱངས་འཆར་སོགས་ལེགས་བཤད་མང་པོ་གསར་དུ་སློབ་པར་སྔོན་སྦྱངས་ཟིན་པ་རྣམས་ལའང་སྐྱོན་ནན་ཏན་བྱེད་པའི་སློབ་དཔོན་དུ་འདེགས་པའི་བཤུལ་གྱི་མཐུན་རྐྱེེན་སོགས་སྟ་གོན་གྱི་འཕྲིན་ལན་སྤྲོ་དགའ་སྐྱེད་པའི་གཏམ། གཽ ཨི ནྡྲ བྲཱ ཧྨ ཡ ཎ ཧི དྷྱཱ མ ཎི ཀ ར ཎ འ ཙ ཛྷ ར གྲི བཿ ཤྲཱི ཏ ར པཱ ཊཱོ རྦྦ ཉ ཙ ཤྩཱ ར པྲཱ ལྒུ ལྒུ ནཱི བ ཉ ཐི གསྱ ཧ། །ངག་(སྡེབ་སྦྱོར་མཆོད་དབྱངས།)དབང་གཟུགས་ཅན་ཕུལ་བྱུང་། ཚངས་སྲས་བློ་ཡི་ནོར། །མགྲིན་པའི་ཟ་མ་ཏོག་འཆང་བའི། །དཔྱོད་ལྡན་ཕུར་བུའི་དཔལ་འཕྲོག་པ། །བསིལ་ལྡན་ལྗོངས་ཀྱི་ལྔ་རིག་པ། །(༢༢ན)


GLG019_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་སྐྱེས་ཐོབ་བློ་གྲོས་ཟླ་གཞོན་ལས། །སྙན་གཟུགས་ཅན་དང་ཉམས་ལྡན་རབ་རྟོག་གསུམ་འདྲེས་པའི་རབ་སྤེལ་གྱི་རྒྱན། ཚིག་བསིལ་ཟེར་འབུམ་ཕྲག་འཛག་པ་ཅན། །ཉམས་འགྱུར་རི་དྭགས་གཟུགས་ཀྱི་འཇོ་སྒེག་ལ། །བལྟ་ཕྱིར་ལྷ་དབང་མིག་སྟོང་སྤྲུལ་ལམ་སྙམ། །བརྡ་གཟུགས་ཅན་གྱི་རབ་རྟོག །སྤྲོད་འཛམ་བུའི་གསེར་གྱི་རྣ་རྒྱན་ལ། །སྡེབ་སྦྱོར་བླ་ཚོགས་རིན་ཅེན་འཕྲས་མཛེས་པ། །དབྱངས་ཅན་འཕང་འགྲོའི་རྒྱུད་ལས་དྲངས་པ་འདིས། །མཁས་དབང་དཔའ་བོའི་སྙེམས་པ་ཕྲོགས་ཀྱི་དོགས། །ཐུན་གྲངས་ཀྱི་ཁ་ཚིག་དང་བཅས་པའི་ངེས་པ་ཕུལ་བྱུང་།འཚམས་ལུས་ཕྲར་ཆགས་པའི་ཕང་བ་ན། །དུས་གཟུགས་བགྲང་བྱས་ལྕི་བའི་ཟུར་ཕུད་ཅན། །མི་ཟད་ངག་གི་འདོད་པ་འཇོ་བ་ལ། །དམར་སེར་མདངས་ཀྱིས་ཁྱོད་ལ་ཁྱད་པར་ཕྱེ། །ཤེས་བྱའི་གནད་དོན་འབྱེད་པའི་མིག་གི་དཀྱུས། །མ་འདྲེས་ཟུར་གྱིས་ལྟ་བའི་སིར་བུ་ཡིས། །གཙུག་ལག་དྲི་བསུང་ཚར་དུ་དངར་མི་དངར། །ཡོངས་འདུ་ཉིད་ལ་རང་དབང་ཇི་ལྟར་མཆིས། །རིང་སྔོན་མེད་གཟུགས་ཅན། པོའི་ཡུལ་གྱིས་བསྐལ་ཡང་སྙན་པའི་རྔ། །ཕྱོགས་བྲལ་གཏམ་གྱི་དབྱུ་གུས་བསྐུལ་བའི་སྒྲ། །ཐོས་འཛིན་ཡུལ་དུ་འཇེབས་ལ་ཆེས་ཉེ་བ། །འདི་འདྲ་སྔ་ན་མེད་པའི་ངོ་མཚར་གནས། །ལེགས་སླུ་བྱེད་ཀྱི་གབ་ཚིག །བཤད་དགའ་སྟོན་སྤྱོད་ཕྱིར་བཤུལ་གྱི་གྲོགས། །མཐུན་རྐྱེན་མིག་སྨན་ལ་འཁུའི་མདངས་ཀྱི་རྒྱ། །འཇིགས་བྲལ་རྟགས་ཀྱི་རི་མོ་བཀྲ་བ་དེ། །རབ་དཀར་ཤིང་གི་མ་མར་གསལ་བར་ཤར། །འཕྲིན་ལྡན་པའི་གཟུགས་ཅན། ཡིག་རྫ་རྔ་རྡུང་བའི་ངང་མོ་དཀར། །བཀྲ་ཤིས་དར་གྱི་འདབ་གཤོག་ལེགས་བསྐྱོད་ནས། །ཀུན་ཕན་ས་གས་ཉ་བ་ཕྱི་མ་ཡིས། །དཀར་ཕྱོགས་ཨི་ཡིག་འཆར་བའི་ཚེས་ལ་བྲིས། །(༢༢བ)


GLG019_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འཇང་ས་ཐམ་རྒྱལ་པོའི་འཕྲིན་ལན་ནོར་བུའི་རྣ་ཆ། ལ ཀྵཱ བི སྟེ ཛཻ རྡ མྱཱ ནྟ བྷ མ རྑ ཁ བུ དྡྷ ཤྩ ཏྲི གུ ཧྱཿ །ཡ ཛྙཱ ག རུ ཎཱ བྷཽ མི ཀ ཙ ལྱཱ། ཡ ཙྪ སུ བྷ ཝ པཱ ལཿ གསང་(ཛཱ་ཏིའི་སྡེབ་སྦྱོར་འཕགས་མ།)གསུམ་ཉི་མ་འབུམ་གྱི་གཟི་བརྗིད་ཀྱིས། །རྨོངས་པའི་མུན་ཚོགས་འདུལ་བའི་ཟས་གཙང་སྲས། །གང་གི་མཁྱེན་བརྩེས་ནོར་འཛིན་སྐྱོང་ཁྱོད་ལ། །ལེགས་པའི་དངོས་པོ་སྩོལ་བའི་ཤིས་པ་སྐྱོངས། །དབྱིག་འཛིན་ལུས་ཕྲའི་མངལ་དུ་ལྕི་བའི་ཁུར། །སྟེར་བྱེད་ལེགས་བྱས་རྒྱ་མཚོའི་དཔུང་པ་ཅན། །ཀུན་མཁྱེན་ཤཱཀྱའི་བསྟན་ལ་ཉེར་གུས་པའི། །བློ་ཅན་མི་བདག་རྣ་བའི་ཀུནྡ་དེར། །སྙན་ཚིག་བསིལ་ཟེར་འབུམ་འཛག་ཉམས་འགྱུར་གྱི། །ཆ་ཤས་ཡོངས་གང་སྔོན་མེད་རི་བོང་ཅན། །མགྲིན་པའི་འཆི་མེད་ལམ་ལས་ཤར་བ་ན། །སྒྲ་འཛིན་ས་མོས་དགའ་སྟོན་ངང་གི་འཕེལ། །ཤིས་པ་བརྗོད་པས་མདུན་བསུས་ཏེ། དེང་ཡང་མཆོག་ཏུ་དགེ་བའི་དུས་ཀྱི་ཆར། ལེགས་བྱས་ན་ཀྲའི་གྲོང་ཁྱེར་ལས་འོངས་པའི་ཉེར་ལེན་གྱི་བསིལ་སྦྱིན་མཁན་(༢༣ན)
པོ་ལྔ་པའི་ཆུ་འཛིན་གྱི་འཚེ་བ་ལས་རིང་དུ་གྱུར་ཅིང་། མངའ་འབངས་དགའ་སྟོན་གྱི་འོད་བརྒྱ་ཕྱོགས་བཅུར་འགྱེད་པ་ནས། རི་མོ་ལེགས་སྐྱེས་ཀྱི་རྟེན། འདུས་པའི་ཚོགས་ལ་ཟང་ཟིང་གི་སྲི་ཞུ་ཕུ་དུད་དུ་འབྱོར་པས་ཡིད་ཀྱི་སྨན་ཡོན་དུ་འབྲོངས། ཤཱཀྱའི་རིང་ལུགས་པའང་འཚོ་བ་རྟས་ཤིང་། རིས་བྲལ་གྱི་འགྲོ་ལ་ལྷག་པའི་བསམ་པ་དཀར་བར་གནས། ཉེ་ཆར་སྔོན་གྱི་རྒྱ་ཧོར་བོད་ཀྱི་ཆོས་རྒྱལ་རྣམས་ཀྱང་འགྲོ་བ་མཐའ་དག་གི་བསོད་ནམས་ཀྱི་ཞིང་མ་དམད་པ། མཉམ་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེར་གུས་འདུད་ལྷུར་ལེན་པའི་རྗེས་སུ་ཞུགས་ཏེ། འཇང་ས་ཐམ་གྱི་རྒྱལ་ཁམས་ཀུན་ལེགས་བྱས་ཀྱི་སྒོ་འཕར་མ་སྨད་པར་སྐྱོང་བའི་གཏམ་ཐོས་པས་ཡིད་ཀྱི་སྤྲོ་བ་འཕེལ་ཞིང་། སླད་ནས་ཀྱང་སྔ་མཁོ་ལྟར་གྱི་སྲོལ་བཟང་པོ་སྤེལ་བ་དང་། ཁྱད་པར་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་བསྟན་པ་དེ་ཕྱོགས་སུ་ཡོད་པ་རྣམས་འཕེལ་རྒྱས་ཀྱི་བཀོད་འདོམས་མི་དམན་པ་དང་། འཕྲོས་ཚོགས་ཀྱང་རིམ་པར་འཚལ་ཞིང་། གནས་སྐབས་མཐར་ཐུག་གི་བཞེད་དོན་འགྲུབ་པའི་ཏིང་ངེ་འཛིན་གྱི་འཇུག་པ་ཡང་བགྱིས་ཡོད། ཅེས་རྟེན་བཀྲས་བཏགས་ཀྱི་མདུད་པ། སྣམ་ཕྲུག་ལྔ་དང་བཅས་དུས་འཁོར་གྱི་ལོ་མགོ་ནག་ཟླའི་དབྱངས་འཆར་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པ་ལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་ཕོ་བྲང་གྲུ་འཛིན་ཁང་བརྩེགས་ནས་བྲིས། །


previousརབ་བྱུང་བཅུ་གཅིག་པའི་ཤིང་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext