Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
རབ་བྱུང་བཅུ་གཅིག་པའི་མེ་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་མེ་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་མེ་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་མེ་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ཁམས་གསུམ་འགྲོ་བའི་བླ་མ་བཙོང་ཁ་པ་ཆེན་པོ་མིའི་སྲིད་པ་འཛིན་པའི་ཚུལ་བསྟན་པའི་ས་སྐུ་འབུམ་བྱམས་པ་གླིང་གི་མཆོད་སྡོང་ལ་ཁར་ཁ་ཨེ་ར་ཏེ་(༣༢བ)


GLG019_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཧོང་ཐའི་ཇིས་དངུལ་སྲང་ཁྲི་ཕྲག་ཏུ་ཉེ་བ་ཙམ་གྱིས་སྲི་ཞུ་བྱེད་སྐབས་རྒྱུ་མཚན་འཕྲིན་ཡིག་ཏུ་བསྲིངས་པའི་ལན་བསོད་ནམས་གསེར་གྱི་འཁོན་ལོའི་གཟི་འོད། རཱ གོ ྅ར ནུ ནི རྟཱི ཏུ ཨ སཾ ཁྱ ཛཱ གི ཀེ དྷཱི གྷནྡི ཀོ ཧཱ མྲྀ དུ ནཱ། ཧཱ ཤ ཋཾ། །ཝ རྟེ རྐ རཾ ཧཱ རུ ཙི རེ ཏ བྷཱ ཝི ཀ ཤྲཱིཏྭཾ སུ ཀིི རྟཱི རྦྷ ག ས རྦྦ ཨུ ཏྟ ར། །གྲངས་(སྡེབ་སྦྱོར་དབང་པོའི་རྒྱུད།)མེད་སྐྱེ་རྒུར་རྗེས་ཆགས་གར་མཁན་མ། །འཇམ་མགོན་གཉིས་སྐྱེས་ཟོལ་ཅན་བློ་ཡི་དཔྱིད། །སྲིད་འདི་སྐལ་པ་བཟང་པོར་སྒྱུར་བྱེད་པ། །གྲགས་པའི་དཔལ་ཁྱོད་ཀུན་གྱི་བླ་ན་མཛེས། །(༣༣ན)


GLG019_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཙ ཏུ ས ན ཧི ཀོ ཥ ཤྩཱ ཤུ ར། ཏི ཤ བུ ཎྱ ཏུ། །ཛ མྦཱུ དྭཾ བ བྷཱ བི ཀ ཀྲྀ སུ ཎེ ཀ རྞ ཁ ནཱ ཡ ཙ། །ཕུལ་(སྡེབ་སྦྱོར་ཁ་སྒོ་ཕན་པ།)དུ་བྱུང་བའི་སྡེ་བཞིའི་མཛོད། །ལེགས་ལམ་དྲི་བཞོན་ཤིང་རྟ་ཡིས། །འཛམ་གླིང་ཀུན་གསལ་ལ་འདྲེན་པའི། །བྱེད་པོ་ས་སྤྱོད་རྣ་བ་གློགས། །ཀུན་གསལ་ཞགས་པས་བཅིངས་པ་སྲིད་པའི་སྣོད། །ཡིད་བཞིན་ནོར་གྱིས་ཕྱུར་བུར་གཏམས་པའི་ཟོང་། །གྲངས་མེད་ཚོགས་ཀྱིས་ཆ་ཙམ་བསྐྲུན་མིན་པའི། །མངོན་མཐོའི་རྟེན་གྱི་ཡོངས་འདུ་ས་བརྟོལ་དབང་། །གྲང་རེག་ཚུན་རོལ་ཕྲག་ལ་རིང་བརྒལ་ཞིང་། །མངའ་ཐང་འབྱོར་པའི་སྐྱེད་ཚལ་ཡངས་པ་ན། །རྒྱལ་བསྟན་གྱེན་དུ་འདེགས་པའི་མངར་བའི་དྲིས། །གང་ཚེ་ཡངས་པའི་ས་ཡང་དོག་སྙམ་བྱེད། །བརྒྱུད་པའི་ཉལ་འགྲོའི་རྒྱུན་ལས་སྒྲོལ་བྱེད་པའི། །རྗོད་ཚིག་རི་མོར་ཤར་བའི་རྟགས་གསུམ་པ། །བདོག་པའི་སྐྱེས་ཀྱི་(༣༣བ)


GLG019_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བ་དན་ཤུགས་འགྲོར་བཅས། །སྙིམ་པའི་ཡུལ་གྲུར་སོན་ཚེ་སྤྲོ་བ་འཕེལ། །རྣམ་འདྲེན་གསང་འབུམ་དམར་སེར་དྷཱི་ཡི་གཟུགས། །ཐབས་ཤེས་འོད་ཀྱི་ཤིང་རྟས་བཞུ་བའི་བཅུད། ཁ་སྦྱོར་བདུན་གྱི་གྲུབ་པའི་འཆི་མེད་ལམ། །ཀླུབས་བྱེད་རྒྱལ་བའི་ཏོག་གྱུར་བཙོང་ཁ་པ། །ནོར་འཛིན་བུ་མོ་འདོད་པའི་ལོངས་སྤྱོད་ཀྱིས། །ལྕི་བའི་ཁུར་གྱིས་དུད་པར་དམན་བློའི་ངོར། །མཛད་པའི་རྟགས་ཀྱིས་བཀྲ་བའི་མཆོད་སྡོང་ཆེ། །བླ་ལྷག་སྲི་ཞུར་བསྐྲུན་པའི་ལེགས་བྱས་ཀྱི། །ཕུང་པོ་མཁའ་ལ་འཕགས་པ་སུ་ཝརྞའི། །འཁོར་ལོ་རྣམ་པར་སྒྱུར་བའི་གཟི་འོད་ཀྱིས། །རྩོད་པའི་དུས་ཀྱི་རྒོལ་བ་ཆེར་སྐྲག་ནས། །རྫོགས་ལྡན་གསར་པའི་ཡོལ་བ་རིང་དུ་བརྐྱང་། །དེ་ཕྱིར་རྣ་བ་བརྒྱད་པའི་མགྲིན་སྔོན་ཅན། །འཁོར་བའི་དགྲ་བོ་གྲགས་པའི་མུ་ཁྱུད་རྣམས། །སྲིད་འབྱོར་ཁྱོད་ཀྱིས་རང་གི་བྱེད་སྙམ་པའི། །འཕྱང་མོའི་དྲ་བར་ཚུད་འདི་ཨེ་མ་མཚར། །ཐུགས་རྗེའི་མཐའ་བྲལ་དངོས་གྲུབ་རིན་ཅེན་གཏེར། །འབྱུང་གནས་འཇམ་དཔལ་སྙིང་པོའི་བསྟན་པའི་མཚོར། །ཐབས་མཁས་ཚུལ་གྱིས་དགེ་བའི་བཻ་ཌཱུརྱ། །ཡིད་ཀྱི་རྒྱལ་མཚན་རྩེ་མོར་རྟག་མཆོད་ཅིག །འཕྲིན་ཡིག་དར་གྱི་སྲད་བུ་ལ། །བརྒྱུས་པའི་རྟེན་གྱི་མཀྟི་ཀ །རྟགས་ཀྱི་འོད་དཀར་སྤྲོ་བཞིན་དུ། །གནོད་སྦྱིན་ཕྱོགས་གྱི་ལམ་ཡངས་པོར། །ཡལ་གའི་རི་དྭགས་མར་གད་ཀྱི། །སྟོད་གཡོགས་གྱོན་པའི་དག་བྱེད་ཟླའི། །དཀར་ཕྱོགས་རྒྱལ་བ་དང་པོ་ལ། །མཐོ་རིས་གྲོང་ཁྱེར་སྟག་རྩེར་བྲིས། །སློབ་དཔོན་སྨོན་འགྲོ་པཎ་ཆེན་འཇམ་དབྱངས་དབང་རྒྱལ་རྡོ་རྗེའི་འཕྲིན་ལས་དབྱངས་ཅན་མགྲིན་པར་ཞུགས་ལ་བསྔགས་པའི་གཏམ། (༣༤ན)


GLG019_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ ཏྟ མ སྱ མ ཏྱཱ ཀ ཥཱ ཏྶུ བྷ ཥ ཤྩ སུ ཪྻེ ཎ ཧཱ། །པ ཉྩ སྠིར པ དྨ ཤུ ཀླ པུ ཥྚོ ཤ ཏི ཤ ༔ པ ཊྭི ནྡྲ ཡ སྟ། །བློ་(ཁ་སྒོ་བཟློག་པའི་ཕན་པ།)གྲོས་ལྡན་པའི་གཟུགས་ཅན། མཆོག་གི་ཀུན་གསལ་ལས། །ལེགས་བཤད་ནམ་མཁའི་ནོར་བུ་ཡིས། །གནས་ལྔའི་པད་དཀར་རྒྱས་བྱེད་པའི། །ཕུལ་བྱུང་མཁས་དབང་གང་དེ་ཡི། །མགྲིན་མཐའ་དག་གཟུགས་ཅན། པའི་རྒྱུད་ལས་འོངས་པ་སྙན་ཚིག་གི །ཉམས་འགྱུར་སྟོང་གི་དབྱངས་ལྡན་འཕྲིན་ཡིག་མ། །སྟོན་འཁུན་དར་གྱི་གོས་རྒྱན་གཡོ་བཞིན་དུ། །སུག་པའི་ནོར་འཛིན་ངོས་སུ་ཟློས་གར་སྒྱུར། །གང་མཐུ་ཕུན་ཚོགས་ཀྱི་ཟོལ་བསྟོད། གིས་འཕགས་ཡུལ་མཁས་མང་སྐྱོངས་བྱེད་པའི། །ཕུལ་བྱུང་ཚིག་སྦྱོར་སྤེལ་ལ་མཚར་དུ་ཅི། །མི་ཟད་དབྱངས་ཅན་གང་གི་དངོས་གྲུབ་དེ། ཁྱོད་ཀྱི་མགྲིན་པའི་སྐལ་བར་ཐོབ་མིན་ནམ། །ལྕུག་ཕྲན་ཕུལ་བྱུང་། གཞོན་ནུའི་ཕོན་པོ་ལྟར་མཉེན་པ། །ལྕང་ལོའི་(༣༤བ)


GLG019_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་བ་རབ་འཛིན་གནས་ལྔའི་གཞུ། །འགུགས་བྱེད་སྔ་ན་མེད་པའི་རྣམ་དཔྱོད་འདིས། །ཆོས་རྒྱལ་དགེ་དབང་སྙེམས་པའི་ངལ་བ་བཏང་། །བླང་ཕུལ་བྱུང་དང་སྒེག་པའི་ཉམས་འདྲེས་པ། དོར་ལྟར་ལྡོངས་ངན་ལས་བྱ་གཞག་གིས། །བྲེལ་བའི་བོད་བླུན་རང་གི་ངང་ཚུལ་རྣམས། །སྟོན་ཀྱང་རྒྱ་བལ་ཡུལ་གྱི་བློ་ལྡན་ཀུན། ཁྱོད་ཀྱི་སྙན་པའི་གྲགས་པ་སྒྲོག་ལ་བྲེལ། །ལེགས་མཐའ་དག་གཟུགས་ཅན། བྱས་ཟླ་བའི་མ་མ་ལས་འོངས་པ། །རྨད་བྱུང་ཉེ་བར་ལེན་པའི་ཆུ་ཤེལ་དབང་། །ཉེར་འཚེ་ནམ་མཁའི་གླང་པོ་ལས་རྒྱལ་བའི། །གཏམ་འདི་དཔྱོད་ལྡན་ཡོངས་ཀྱི་རྣ་བར་འཇེབས། །འཆི་ཤིས་བརྗོད། བའི་དངོས་ཀུན་འཇོམས་པའི་ཡེ་ཤེས་ཀྱི། །བདུད་རྩིའི་ལང་ཚོ་རྒྱས་པའི་མགོན་པོ་ཡིས། །གངས་ཁྲོད་གནས་ལྔ་རིག་ཁྱོད་ཇི་སྲིད་བར། །འགྱུར་མེད་གཡུང་དྲུང་ལ་གནས་ཤིས་པ་སྩོལ། །སླད་ལྡན་པའི་གཟུགས་ཅན་ལ་དངོས་དཔེ་འདྲེས་པ། མར་འོས་པའི་གཏམ་གྱི་ནོར་བུའི་འཕྲེང་། །འཕྲིན་ཡིག་སྲད་བུར་བརྒྱུས་པ་སྙིམ་པ་ཡིས། །ཐོགས་ཏེ་ངལ་མེད་རྒྱུ་བའི་བྱ་མ་རྟ། །ཀུན་ཕན་བགྲོད་པའི་རྒྱུན་ལྟར་མི་བསྐྱུད་འཚལ། །ཐགས་ལྡན་པའི་གཟུགས་ཅན། ཀྱི་ལང་ཚོ་བདོ་བའི་གཞོན་ནུ་མ། །རྒྱ་ཡི་ལུས་ཕྲས་མི་ཕྱེད་དམ་འཁྱུད་དེ། །ལེགས་ལྡན་མགྲིན་སྔོན་གཙུག་ལག་དགོངས་དོན་གྱི། །དམར་ཕྱོགས་ཨེ་ཡིག་འཆར་བའི་ཚེས་ལ་བྲིས། །གོང་མ་ཏ་མིང་གི་རྒྱལ་ས་འཛིན་པའི་ཐ་མ་ཁྲུང་གྱིང་གི་རྒྱལ་ས་ལེའུ་ཙིས་ཕྲོགས་ཏེ་སྙིགས་མ་ལས་ཀྱང་ཆེས་ཆེར་སྙིགས་པའི་མུན་པའི་སྨག་རུམ་ཅུང་ཟད་བདོ་བ་ན་ཇུར་ཇིད་བོག་དོའི་སྲས་གནམ་གྱི་ལྷ་ཧོང་དི་རྒྱལ་པོའི་བསོད་ནམས་ཉི་མའི་གཞི་བྱིན་འོད་དུ་འབར་ཏེ་འཇམ་དབྱངས་གོང་མའི་ཁྲིར་ཕེབས་ནས་ལོ་བཞི་ལོན་པ་མེ་མོ་ཕག་གི་ལོ་ཁཱ་བླ་མ་སོགས་གསེར་ཡིག་པ་སྐྱ་སེར་མང་པོ་མངགས་ཏེ་དར་ཟབ་རིན་པོ་ཆེ་རྔམས་ཆེབ་དུ་མའི་(༣༥ན)


GLG019_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གནང་སྦྱིན་དང་བཅས་བཀའ་ཤོག་བྱུང་བའི་ལན་རྫོགས་ལྡན་ཐོག་མར་ངོམ་པས་རང་ཞལ། པུ ཎྱཱ སཱ ག ར མ ཧྱཱ ར ཐྱཱ དེ ནྟ ན ཡ དཱི། ཝ རྱཱ ཀཱ །བྲཱ ཧྨ ཎ བྷཽ མི ཀ མ ཉྫ མྲྀ དུ པཱུ རྦྦ ར ནྱ ཡ ཧ རྒཱུ པི། །ལེགས་(ཛྭ་ཏིའི་སྡེབ་སྦྱོར་འཕགས་མ།)བྱས་རྒྱ་མཚོའི་ཤིང་རྟ་ཆེན་པོ་ཡིས། །རྫོགས་ལྡན་ཀུན་དགའ་རིང་ནས་འདྲེན་བྱེད་པར། །ནོར་འཛིན་དབང་པོར་སྤྱོད་པའི་ཚངས་པ་ཆེ། །འཇམ་དབྱངས་གོང་མ་རྒྱལ་པོ་གང་དེའི་དྲུང་། །རྨད་བྱུང་མཛད་པ་མཆོག་གི་ཉིན་བྱེད་འོད། །སྣང་བའི་སྒོ་འཕར་བརྒྱ་ཕྲག་ཕྱེ་བའི་གཟིས། །ཡིད་ཀྱི་པད་དཀར་འདབ་སྟོང་ཆེར་བཞད་པས། །ཉམས་འགྱུར་རྐང་དྲུག་དབྱངས་ལྡན་འདི་སྐད་ལོ། །འཆི་མེད་ལྡིང་ཁང་ནོར་བུའི་ཐེམ་སྐས་ལས། །ཟུར་ཕུད་ལྔ་པ་འགྲོ་བའི་དཔུང་(༣༥བ)


GLG019_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་དུ། །བསམས་བཞིན་འཁོར་ལོས་སྒྱུར་བ་སྲིད་བཟུང་བའི། །ཕུལ་བྱུང་གཟུགས་སྐུ་མཚན་དཔེའི་འབྲས་ཀུན་སྨིན། །རྒྱུད་མང་གླུ་ལས་ལུགས་ཟུང་འབྱེད་པའི་སྒྲ །དབྱངས་བདུན་མགྲིན་པར་ཁུགས་པ་ཚངས་པའི་གསུང་། །སྐྱེ་རྒུའི་སྒྲ་འཛིན་བདེ་བར་ངལ་གསོ་བའི། །སྐལ་བཟང་འདི་ཡིས་རྩོད་དུས་ཕ་མཐར་བསྐྲད། །བརྟན་གཡོའི་ཆོས་ཀྱི་ངང་ཚུལ་ཕྲ་རབ་རྡུལ། །མཁྱེན་པས་ཅིག་ཅར་གཞལ་བའི་རྣམ་དཔྱོད་ཅན། །ཟབ་གསལ་ཆེས་བརླིང་གང་ཐུགས་ཨཱ་དརྴར། །མི་འཆར་ཤེས་བྱའི་སྣང་བརྙན་སུ་ཞིག་མཆིས། །སྙིང་རྗེ་སྨོན་ལམ་རླུང་ཤུགས་ཀྱིས་དྲངས་པའི། །རྡོ་རྗེའི་རང་བཞིན་གཟུགས་སྐུ་བསིལ་སྦྱིན་མཁན། །ཉེས་བརྒྱའི་ཆུ་འཛིན་ལས་བརྒལ་སྡེ་བཞི་ཡི། །འོད་དཀར་འགྱེད་པའི་གཏམ་གྱི་དབྱར་རྔ་དང་། །ལྷན་ཅིག་བཀའ་ཐམ་འབྲུག་སྒྲ་མངལ་འཛིན་ཅན། །མཁོ་རྒུའི་འབྱོར་པའི་སྒྲོ་གཤོག་རྣམ་བཀྲ་བ། །གསེར་ཡིག་དབྱར་གྱི་རྒྱལ་མོའི་ལག་པད་ཀྱིས། །ཐོགས་ཏེ་སུག་པར་སོན་པས་སྤྲོ་བ་འཕེལ། །ཀུན་ལ་སྨན་མཛད་ཟས་གཙང་སྲས་པོ་ཡི། །དྲི་མེད་རིང་ལུགས་འཛིན་པར་ཁས་འཆེ་བ། །སྡོམ་བརྩོན་ཀློག་པ་མཁན་ཡང་རིས་བྲལ་གྱི། །འགྲོ་ལ་ལྷག་པའི་བསམ་པ་དཀར་བར་མཆིས། །ཨེ་མ་འཛམ་གླིང་ཡངས་པའི་ཁོར་ཡུག་ནང་། །བསོད་ནམས་གསེར་གྱི་འཁོར་ལོས་དབང་སྒྱུར་བས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་མངའ་བ། །འཇིག་རྟེན་བྱེད་པོའི་འགྲན་ཟླར་ད་གདོད་ཁུམས། །མི་བསྲུན་དྲེགས་ལྡན་སྐྱེ་བོ་མདའ་ལྔ་པ། །གང་གི་དཔའ་མཛངས་མེ་ཡི་བསྲེགས་པ་ན། །ཀུན་ལས་མངོན་པར་མཐོ་བའི་མགྲིན་སྔོན་ཅན། །བྱེད་པོས་གླིང་འདིར་མི་ཡི་གཟུགས་སུ་བྱས། །བརྩེ་ལྡན་བྱམས་པ་མཆོག་གི་གན་མཛོད་ལས། །ཕན་དང་བདེ་བའི་ཡིད་བཞིན་ནོར་བུའི་(༣༦ན)


GLG019_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར། །རིས་མེད་ལུས་ཅན་ཀུན་ལ་སྩལ་བ་ཡིས། །ཕྱག་ན་པདྨའི་ངང་ཚུལ་འཛིན་ནམ་སྙམ། །བླང་དང་དོར་བྱའི་ཀ་ཤི་གསར་པའི་རས། །མཁྱེན་དཔྱོད་པིར་གྱིས་རི་མོར་བྲིས་པའི་གཟུགས། །མ་འདྲེས་རྣམ་པར་བཀྲ་བའི་ངོ་མཚར་གྱིས། །འཇམ་དཔལ་དབྱངས་དང་སོ་སོར་གང་གིས་དབྱེ། །ནག་པོར་སྤྱོད་པའི་རྩ་ལག་མུན་པའི་དཔུང་། །ཕ་མཐར་སྐྲོད་ལ་འབད་མེད་ལྷུན་གྲུབ་པ། །ཕུན་ཚོགས་ནུས་པའི་དབང་ཕྱུག་འོད་བརྒྱ་པས། །གསང་བའི་བདག་པོ་རང་གི་དཔེ་ཟླར་བྱས། །ཉེ་རིང་དང་བྲལ་མཆོག་དམན་མཐའ་དག་ལ། །སྙོམས་པར་བསྟར་བའི་བཀའ་ཁྲིམས་འཛམ་བུའི་གསེར། །གཉའ་ཤིང་འཛིན་རི་ལྟ་བུར་ཆེས་ལྕི་བས། །མང་པོས་བཀུར་བའི་རྣམ་ཐར་འཛིན་པ་བཞིན། །འཛམ་གླིང་སྐྱེ་རྒུ་བདེ་བའི་གྲིབ་བསིལ་གནས། །དཔག་བསམ་ཡོངས་འདུའི་དབང་པོ་ཁྱོད་ཉིད་དུ། །ངེས་ཕྱིར་ཆོས་སྲིད་མཛད་པ་མ་ལུས་པ། །སྔར་བཞིན་ཡར་ལྡན་འཕེལ་བར་བསྐུལ་ཕྱིར་གསོལ། །འཛམ་གླིང་བསོད་ནམས་ཟོང་གིས་ཆེར་བསྐྲུན་པའི། །དཔལ་ལྡན་མི་ཡི་དབང་པོ་ཡིད་བཞིན་ནོར། །ཕན་བདེ་ལེགས་ཚོགས་ཀུན་གྱི་འབྱུང་གནས་ཁྱོད། །བསྐལ་བརྒྱར་མི་འགྱུར་ཞབས་པད་བརྟན་གྱུར་ཅིག །གང་གི་སྤྱན་རས་བྷྲ་མ་ར། །གཟིགས་རྟེན་སྔགས་མདུད་པད་དཀར་ཚལ། །རྟེན་འདམ་ཀུན་འདུས་ཟེའུ་འབྲུ། །རྒྱལ་བའི་སྐུ་བརྙན་སྦྲང་རྩིའི་བཅུད། །སྦུར་ལེན་མེ་ཏོག་གཡུར་ཟ་བ། །སྲབ་འཇམ་ལོ་མ་ཕང་ཕུང་ཅན། །ཐུན་འཚམས་ལང་ཚོ་དར་བའི་རྟགས། །རྣམ་པར་བཀྲ་བའི་རྒྱས་བཏབ་སྟེ། །འཕགས་ཡུལ་སྐད་དུ་ཨཱ་ཛི་ཏར། །རྗོད་པ་ཐམས་ཅད་འདུལ་ཞེས་པའི། །ཀུན་ཕན་དབྱུག་པས་ཉ་བའི་ཚེ། །གྲུ་འཛིན་གཉིས་པའི་རྩེ་ནས་ཕུལ། །(༣༦བ)


GLG019_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་ཆེན་པོའི་དགུང་བློན་ཨ་མ་དབང་ལ་སྤྲིངས་པ་ལེགས་ཚོགས་འཛད་མི་ཤེས་པའི་བང་མཛོད། སྭ་སྟི་པྲ་ཛ་བྷྱ༔ སྐུ་གསུམ་འཆི་བ་མེད་པའི་ཡོངས་འདུ་ལས། །ཚེ་དང་ཡེ་ཤེས་དངོས་པོ་འདོད་རྒུའི་འཆར། །སྩོལ་མཁས་གང་དེས་ས་དབང་རྒྱལ་པོ་ཡི། །ཆོས་སྲིད་ཁ་ལོ་སྒྱུར་དེར་ཤིས་པ་སྩོལ། །ཞེས་བཀྲ་ཤིས་པའི་ཚིག་གིས་སྔུན་བསུས་ཏེ་འཇམ་དབྱངས་གོང་མ་རྒྱལ་པོའི་མདུན་ན་འདོན་གང་དེ་ལ་གདམས་པ། དེང་གི་དུས་བསོད་ནམས་ཆུ་གཏེར་ཆེན་པོ་ལས་ཉེ་བར་བསྐྲུན་པའི་ལུས་འཚོའི་བསིལ་སྦྱིན་མཁན་པོ་མངོན་པར་རྟས་ཤིང་། རྒྱལ་ཁྲིམས་གསེར་གྱི་ཤིང་རྟ་ནོར་འཛིན་ཡངས་པའི་ཁྱོན་ཀུན་ལ་མངའ་སྒྱུར་བའི་བྱེད་པོའི་མཆོག་ཏུ་གནས་པའི་ཚུལ་ཐོས་པས་སྤྲོ་བ་འཕེལ། ངོས་ཀྱང་རྒྱལ་བའི་བསྟན་པ་སྤེལ་བ་དང་། ལུས་ཅན་མཐའ་དག་ལ་ལྷག་པའི་བསམ་པ་དཀར་བ་རེ་མཆིས། སླད་མར་ཡང་གོང་མ་ཆོས་ཀྱི་རྒྱལ་པོའི་བཀའ་ཁྲིམས་གདུགས་དཀར་པོ་གཅིག་གི་གྲིབ་བསིལ་དུ་མངའ་འབངས་མཐའ་དག་ལ་ཕན་པ་དང་བདེ་བ་ཆེན་པོ་འབྱུང་བའི་ཚུལ་ཉམས་སུ་བསྟར་བས་འཕྲལ་ཡུན་ཀུན་དུ་ལེགས་ཚོགས་ཀྱི་དངོས་པོ་ཟད་མི་ཤེས་པར་འབྱུང་བ་ཡིད་ངོར་རྟག་ཏུ་འཆར་བར་འཚལ་ཞིང་། རྒྱལ་བློན་མཐའ་དག་སྐུ་ཚེ་ཆབ་སྲིད་འཕེལ་བའི་སྨོན་གནས་ཀྱང་ཡུན་དུ་བགྱིད་པ་ཡིན་ཞེས་རྟེན་སྔགས་མདུད། བྱིན་རླབས་རྟེན་གྲངས་མེད་པ་འདུས་པའི་རིལ་བུ། སྤོས་ཤེལ། སྣམ་བུ་ལེ་ཚན་དང་བཅས། ཆུ་ཤེལ་གྱི་དབང་པོ་དབྱུ་གུས་ཉ་བའི་དམར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཚེས་ལ་དཔལ་རི་བོ་གྲུ་འཛིན་གཉིས་པའི་གཞལ་ཡས་ཁང་ནས་བྲིས། (༣༧ན)


GLG019_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་སུ་སྡེ་བརྒྱད་ཀུན་གྱི་ཡབ་རྗེ་གནོད་སྦྱིན་རྩེའུ་དམར་པོའི་རྡོ་རྗེའི་གསུང་གི་ལན་སྤྱན་གཟིགས་ཀྱི་རྟ་ཕོ་དང་བཅས་མྱུར་མགྱོགས་སུ་སྐྱེལ་ཚུལ། འདོད་དོན་དུ་གསོལ་བ་མི་ཕྱེད་དམ་ཚིག་གི་མདུད་རྒྱ། གྲངས་མེད་དུས་གསུམ་རྒྱལ་བའི་འཁོར་ལོའི་གསང་བ་གསུམ་གྱི་ཆུ་གཏེར་ལས། །ཅིར་ཡང་སྤྲུལ་པའི་གར་གྱིས་རྣམ་རོལ་པདྨ་ལས་འཁྲུངས་རྟ་ལྗང་ཅན། །བསིལ་ལྡན་མཁའ་གློང་ཡངས་པའི་ཁྱོན་འདིར་ཐུགས་རྗེའི་འོད་ཟེར་རབ་འབར་བ། །མཚོ་ལས་སྐྱེས་པའི་རྡོ་རྗེ་གང་དེས་ལུས་ཅན་ཀུན་ལ་བཀའ་དྲིན་སྩོལ། །གང་དེས་མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་དུ། །ལེགས་བཅུག་གཙུག་ལག་སྐྱོང་བའི་སྲུང་མ་མཆོག །འཇིག་རྟེན་དྲེགས་པ་ཀུན་གྱི་དབང་ཕྱུག་ཆེའི། །མི་འགྱུར་རྡོ་རྗེའི་ཚིག་གི་འཕྲེང་བ་སོན། །དབུས་འགྱུར་ཉེ་འདབས་ནས་བཟུང་མི་ཕྱེད་པའི། །དམ་ཚིག་ཉེ་ལྡན་རིགས་སོན་བདག་ཅག་ལ། །བླང་དོར་གཏམ་དང་མཐུན་རྐྱེན་འཕྲིན་ལས་ཀུན། །ཐོགས་མེད་སྒྲུབ་པའི་ཚུལ་འདིར་སྤྲོ་བ་འཕེལ། །ལོག་འདྲེན་དགྲ་སྡེ་འཇོམས་ལ་ཐོགས་མེད་པའི། །སྤྱན་གཟིགས་དྲི་བཞོན་ཤུགས་ལ་འགྲན་པའི་རྟ། །སྤྲུལ་པའི་གནས་དེར་སྐྱེལ་བའི་བྱ་མ་རྟ། །འགྱངས་མེད་བརྩོན་པས་སྒྲུབ་པར་བྱེད་པ་ལགས། །ཙཱི་ཎའི་གན་མཛོད་ལས་འོངས་ཐགས་ཀྱི་དར། །ས་འཛིན་དཀར་པོ་བཞུ་འདྲར་ལེགས་སྨོན་པའི། །འདོད་དོན་བསམས་པའི་འདོད་རྒུ་ཡིད་བཞིན་ནོར། །ཡིད་ཀྱི་ཟ་མ་ཏོག་ཀུན་འགེངས་པར་མཛོད། །བསམ་ཡས་སུ་སྲོག་བདག་ཆེན་པོ་གནོད་སྦྱིན་རྩེའུ་དམར་པོ་ལ་སྤྱན་གཟིགས་དང་བཅས་འདོད་དོན་དུ་གསོལ་བ་ལས་བཞི་ལྷུན་གྲུབ། ཕུན་ཚོགས་ཡིད་བཞིན་རབ་ཏུ་འཁྱིལ་བའི་ཨཽ་ཌི་ཡ་ནའི་རྒྱ་མཚོ་ལས། །དྲི་མེད་ཆུ་སྐྱེས་འདབ་སྟོང་རྣམ་པར་བཞད་པའི་ཀེ་ས་(༣༧བ)


GLG019_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཡི་རྩེར། །རྒྱལ་བ་ཀུན་གྱི་མི་ཟད་གསང་མཛོད་གཅིག་བསྡུས་པདྨ་སཾ་བྷ་ཝས། །སྲིད་འདིར་དགེ་བའི་དངོས་པོ་བླ་ན་མེད་པ་སྩོལ་བར་མཛད་དུ་གསོལ། །གྲུབ་པའི་སློབ་དཔོན་ཆེན་པོ་མཚོ་ལས་སྐྱེས་པའི་རྡོ་རྗེས་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར། དམ་ཚིག་ཉེ་བར་བསྒྲགས། མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གིས་ཐོག་དྲངས་པའི་བོད་ཡུལ་རྟེན་གནས་ཡོངས་ཀྱི་སྲུང་མར་མངའ་གསོལ་བའི་གནོད་སྦྱིན་རྒྱལ་པོ་ཆེན་པོ་གང་གི་སྤྱན་སྔར་དགྱེས་རྒུར་སྤྱོད་པའི་སྤྱན་གཟིགས་ཀྱི་བདོག་པ་ཁྲ་གསལ་ལྟར་ཕུལ་བས་སྔོན་གྱི་དམ་ཚིག་གཉན་པོ་ཉེ་བར་དགོངས་ལ་བཅོོལ་བའི་ལས་རྣམས་སྒྲུབ་པར་མཛོད། འཇིག་རྟེན་ལྷ་སྲིན་དྲེགས་པ་ཀུན་གྱི་གཙོ། །ཞིང་བཅུའི་དགྲ་བགེགས་སྒྲོལ་བའི་མཐུ་རྩལ་ཅན། །དཔལ་ལྡན་གནོད་སྦྱིན་ཆེན་པོ་འཁོར་བཅས་ཀྱིས། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །རྒྱལ་བའི་བསྟན་སྲུངས་བོད་ཁམས་ཕན་བདེ་སྤེལ། །དེང་འདིར་ཡིད་ལ་སྨོན་པའི་འདོད་པའི་དོན། །ཞི་རྒྱས་དབང་དང་དྲག་པོའི་སྦྱོར་བ་ཀུན། །ཐོགས་པ་མེད་པར་སྒྲུབ་པའི་ལས་མཛོད་ཅིག །དངོས་དང་བརྒྱུད་པའི་སྒོ་ནས་མི་བསྲུན་པ། །བསམ་སྦྱོར་ལོག་པར་འཚེ་བའི་དགྲ་བགེགས་ཀྱི། །ནུས་པའི་མཐུ་ཆོམས་སྦྱོར་བའི་སྟོབས་ཀུན་ཤིག །ཚེ་སྲོག་སྡུས་ལ་ཤ་ཁྲག་ཞལ་དུ་གསོལ། །པདྨ་ཀ་རའི་དམ་ཚིག་གཉན་པོ་དང་། །རིགས་དང་ཚེ་རབས་དུ་མར་བསྟེན་མཆོད་པ། །ཉེ་བར་དགོངས་ལ་མཐུན་རྐྱེན་དངོས་གྲུབ་ཀུན། །འབད་རྩོལ་མེད་པར་རང་གིས་གྲུབ་པར་མཛོད། །ཆུ་ཤེལ་དབང་པོ་ཆུ་སྟོད་ཀྱི། །དགའ་མར་ཆགས་པའི་རྩེ་དགའི་དུས། །དཀར་ཕྱོགས་དཔའ་བོའི་འདུ་བའི་ཚེ། །གྲུ་འཛིན་གཞལ་མེད་ཁང་ནས་དགེ །(༣༨ན)


GLG019_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྒན་དཀའ་བཅུ་ཤེས་རབ་རྒྱ་མཚོ་འདུ་བ་འཁྲུགས་པའི་སྐབས་སྤྲིངས་པའི་འཕྲིན་ཡིག་གི་ལན་ཐེངས་གསོས་བདུད་རྩིའི་ཟ་མ་ཏོག །ཙ ནྡྲ དྲ ཀུ མཱ རེ ཎཱ རྒ ཀ ད བ རྦྦ༔ ཤྲཱི དཱ ཡུ བ ལིཾ ར ཀྵ ཏྭཾ སི ཏཏཱ རཱ། མན་(སྡེབ་སྦྱོར་དབུས་ཕྲ།)ཤེལ་རྡུལ་བརྩེགས་སྒྱུ་རྩལ་སྤྱོད། །ཆུ་ཤེལ་དབང་པོ་གཞོན་ནུ་མས། །འཁྱུད་པའི་ལང་ཚོའི་དཔལ་སྟེར་བའི། །ཡིད་བཞིན་འཁོར་ལོས་ཁྱོད་ལ་སྲུངས། །བློ་གྲོས་ཆུ་གཏེར་ཆེན་པོ་ལས། །ཚིག་རྒྱན་བྲང་འགྲོའི་ཆུན་པོ་ཅན། །འཕྲིན་ཡིག་ཕུར་སྒྲ་སྒྲོག་བཞིན་དུ། །གན་དར་ནོར་བུའི་གཙུག་ཕུད་ཀྱི། །འོད་གཟི་འབར་བའི་ཟློས་གར་དེ། །སྙིམ་པའི་བ་གམ་གཞལ་མེད་ན། །འདྲེན་བྱེད་རིན་ཅེན་ངོས་ཤར་ཚེ། །ཡིད་ཀྱི་ཧ་ནུ་(༣༨བ)


GLG019_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མནྠ་འཇམ། །ཨེ་མ་ལེགས་བྱས་བི་ཤྭ་ཀརྨྨ་ཡི། །སོར་མོའི་འཕྲུལ་ལས་ཐོན་པའི་མངོན་མཐོའི་རྟེན། །ཤེས་རབ་རྩལ་གྱིས་བི་ཛ་ར་ཡི་འཕྲ། །བྱང་གྲོལ་འགྲམ་པར་སྤུད་ལ་སྤྲོ་བ་འཕེལ། །སྲིད་འདིའི་སྐྱེ་བ་སྤེལ་བའི་ནགས་ཀླུང་དབུས། །དལ་འབྱོར་ཡལ་འདབ་གཡུར་ཟའི་ཡོངས་འདུའི་ལྗོན། །ཕན་བདེའི་དྲི་བསུང་འབུམ་དུ་འཛག་པ་ཡི། །དགེ་བའི་རླུང་ཤུགས་རིང་དུ་སྐྱོད་པ་དང་། །འདུ་བའི་འཕེལ་ཟད་འཁྲུགས་པའི་ལུས་ཀྱི་དགྲར། །བདུད་རྩིའི་ཡང་སྙིང་ཕྱུང་བའི་ཟླ་ཤེལ་ཐིགས། །དྲང་སྲོང་མཁས་དབང་རིག་བྱེད་ཟ་མ་ཏོག །གཞར་ཡང་ལྷོད་བྲལ་སྟེན་ཅིག་དཔྱོད་ལྡན་ཀྱེ། །བྱུ་རུའི་ནོར་འཛིན་ལྷོ་ཕྱོགས་རྒོད་མ་ཁས། །ལན་བརྒྱར་བཞུ་བའི་མདངས་ལ་འཁུ་བ་ཡི། །སྟོང་འཁུན་དར་གྱི་མདུད་པ་རྡོ་རྗེའི་གཟུགས། །རྟགས་ཀྱི་ལང་ཚོ་བཀྲ་བར་ལི་ཁི་ཏི། །བོད་ཡུལ་གྱི་པཎྜི་ཏ་སྨོན་འགྲོ་ནས་ཚེ་དབང་དོན་གྲུབ་གྱི་འཕྲིན་ལན་རིག་གནས་མི་མཇེད་ཞིང་གི་མཐའ་འཇལ། ས རྦྦ མྲྀ ཡཱ ཏི ཤྱཱ ད བྷྱ བ ཎྜི ཏ ཙཱ ད ཧི བ ར དེ ཝ༔ཤྲཱ ཤྲུ རྱ བཱ ཧུ ཡ ཏྟ སྨཻ ཧེ སཾ བྷི ཤྩ ཡ ཙྪཱ ཀྲྀ ཏྱ། །ཕུལ་(ཛཱ་ཏིའི་སྡེབ་སྦྱོར་འཕགས་མ།)བྱུང་ཚེ་ཡི་ཟིལ་དངར་ཀུན། །སྟེར་མཁས་ལྷག་པའི་ལྷ་མཆོག་གིས། །མང་དུ་ཐོས་པའི་དཔལ་གང་དེར། །འཆི་མེད་དངོས་གྲུབ་སྩོལ་ཅིག་ཀྱེ། །(༣༩ན)


GLG019_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཀྲ་བདུད་རྩིར་བྱེད་པའི་རི་མོ་གང་། །དབྱངས་ཀྱི་རྒྱལ་མོའི་སྙན་འགྱུར་འབུམ་འཁྱིལ་བར། །ཚིག་དོན་རྒྱུད་མང་སྟོང་གི་གླུར་འཁྲོལ་བའི། །གྲངས་མེད་རིག་པའི་ཟློས་གར་ཅི་ཡང་རྩེན། །མཁས་མང་བྱེ་བའི་ཡོན་ཏན་འབུམ་ཀྱི་ཆ། །གང་བའི་གཟུགས་ཕུང་ཉེར་འཚེའི་ཆུ་འཛིན་ལས། །རབ་རྒྱལ་ལེགས་བཤད་འོད་དཀར་འགྱེད་པ་ཡི། །སྙན་གྲགས་ཕྱོགས་བྲལ་ཀུནྡས་འཛུམ་ཞིང་གླེང་། །གནམ་ལོའི་བཞིན་རས་ངོམ་པ་ཀུན་དགའི་དཔྱིད། །བཀྲ་ཤིས་དབྱངས་སུ་འཚེར་བའི་པུ་སྟ་ཀས། །ལྕང་ལོའི་ཕྲེང་བ་འཛིན་པའི་དཔའ་བོའི་ཞབས། །མཆིས་ཞེས་ཉི་ཟླ་བལྟ་ཕྱིར་མཁའ་ལ་རྒྱུ། །སྡེ་བཞིའི་གཙུག་ལག་འབྱེད་པའི་ཞལ་གྱི་སྒོ། །འཇིག་རྟེན་མེས་པོར་ཅོ་འདྲིའི་རྣམ་དཔྱོད་ཀྱིས། །རིག་གནས་མི་མཛེས་ཞིང་གི་ཕ་མཐའ་ཡང་། །འཇལ་བའི་དཀའ་བ་མེད་འདི་སུ་ཡིས་བསྐྲུན། །ཤེས་བྱ་ཀུན་དུ་རིག་པ་ནོར་བུའི་གདུགས། །རྣམ་དཔྱོད་རིན་ཅེན་ཡུ་བས་བཏེག་པའི་དཔྱ། །སྲིད་པའི་རྩེ་མོར་འཁོར་ཚེ་ལྷུན་པོ་ཡིས། །ཉི་ཟླའི་སྒྲོན་མེ་བཏེག་ནས་ལྟ་བ་བཞིན། །ས་མོས་འཇོམས་ཤིང་པདྨའི་གཉེན་མིན་པའི། །རྨོངས་མུན་ཕ་མཐར་སྐྲོད་པ་སྣང་བའི་གཏེར། །བརྟན་གཡོའི་ཆོས་ཀྱི་རང་བཞིན་ཀུན་འཛུམ་པ། །སྔོན་མེད་རྟ་ལྗང་དབང་པོའི་བྱེད་པོ་སུ། །རིག་གནས་རྒྱ་མཚོར་འཁྱིལ་བའི་ལེགས་བཤད་ནོར། །ཚིག་དོན་ཕྲེང་བར་བརྒྱུས་ཏེ་འཛིན་པ་ལ། །དཔེ་ཟླར་དབྱངས་ཅན་ལྷ་མོ་འོས་སོ་ཞེས། །ཕྱོགས་ཀྱི་སྒེག་མོས་གླེང་བའི་མཁས་ཁྱོད་ཀྱི། །དཔྱད་གསུམ་དག་པའི་ལེགས་བཤད་ཡིད་བཞིན་ནོར། ཁོ་བོའི་རྣམ་དཔྱོད་རྒྱལ་མཚན་རྩེར་བཀོད་པའི། །ཉམས་འགྱུར་འདོད་རྒུའི་གཏེར་གྱུར་གླེགས་བམ་འདི། །འཁྲུལ་པའི་དྲི་བྲལ་འདྲེན་བྱེད་གཟིགས་མོར་དངར། །ལྷོ་ཕྱོགས་བསིར་བུས་དྲངས་པའི་དྲི་བསུང་ལྟར། །ངོམས་མེད་(༣༩བ)


GLG019_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སུ་སྤྱོད་པའི་བདེ་ཆེན་དཔལ། །འཕྲིན་ཡིག་དབྱངས་སྙན་འཁྲོལ་བའི་ལུས་དཀར་ཅན། །རིག་བྱེད་རྫིང་བུར་ངལ་མེད་རྒྱུ་བར་འཚལ། །གཙུག་ལག་བྱེ་བའི་འོད་ཟེར་སྟོང་འཕྲོ་ཞིང་། །རྒྱལ་བསྟན་ཆུ་སྐྱེས་བཞད་པའི་གཉེན་གཅིག་པུ། །གངས་ཅན་ཉིན་མོར་བྱེད་པའི་པཎ་ཆེན་ཁྱོད། །མི་འགྱུར་གཡུང་དྲུང་ལྟ་བུར་བརྟན་གྱུར་ཅིག །སྙན་འགྱུར་ལུས་ཀྱི་ལང་ཚོ་རབ་དར་བའི། །འདོག་པའི་སྒྲོ་གཤོག་རྣམ་པར་བཀྲ་བ་ཅན། །འཕྲིན་ཡིག་མདོངས་མཐའ་རིག་གནས་འབྲུག་གི་སྒྲ །སྒྲོག་པའི་དབྱར་གྱི་དགའ་སྟོན་ཆེ་དེར་འཕུར། །སྨོན་འགྲོ་པཎྜི་ཏ་འཇམ་དབྱངས་དབང་རྒྱལ་རྡོ་རྗེ་འཁོར་བ་སྤྱི་བྱེ་བྲག་གི་ངང་ཚུལ་ལ་ངེས་པར་འབྱུང་བའི་སྐྱོ་ཤས་དང་འབྲེལ་བའི་སྙན་ཚིག་གི་ལན་ཡིད་ཀྱི་ངལ་གསོ། མ ཉྫུ གྷོ ཥ ཀུ མཱ ར ཛྙཱ ཡ ཏཱི ཤྭ ར ར ཊཱ ས དྷ། །བྷ ཥ ཀྟ བ ཛྲ སི ན སྱ ཀ བ ལ ཁ ཤྩ པུ སྟ ཀ །འཇམ་(ཁ་སྒོ་ཕན་པ།)དབྱངས་གཞོན་ནུའི་མཁྱེན་པ་གང་། །དབང་ཕྱུག་རྒྱལ་པོར་གྲུབ་པ་ཡི། །སྐད་གཉིས་སྨྲ་བའི་རྡོ་རྗེའི་སྡེའི། །སྙན་ངག་འཕྲིན་ཡིག་པུ་སྟ་ཀ །(༤༠ན)


GLG019_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོར་སྤྱད་ན་མངར་བའི་བདུད་རྩི་འབུམ། །ཅི་ཡང་འཛག་པའི་རྣམ་བཀྲའི་གཤོག་རླབས་ཅན། །ཉམས་དང་འགྱུར་བའི་གཙུག་ཕུད་ལྡེམ་བཞིན་དུ། །སྙིམ་པའི་དབྱིག་འཛིན་དོ་རར་གར་གྱིས་རྩེན། །ལེགས་བྱས་འབུམ་ཕྲག་རྒྱུན་འབབ་ཆུ་གཏེར་ལས། །འོངས་པའི་ཉེ་བར་ལེན་པ་འོད་དཀར་ཅན། །ཉེས་བརྒྱའི་སྒྲ་གཅན་རྒྱུ་ལམ་རྒྱང་བསྲིངས་ཏེ། །སྡེ་བཞིའི་བསིལ་ཟེར་སྤྲོ་བ་ཐོསའཛིན་བཅུད། །རིག་གནས་རྒྱ་མཚོ་ལས་འོངས་ལེགས་བཤད་ཀྱི། །མི་འཛད་ཡིད་བཞིན་ནོར་ལ་སྤྱོད་པའི་ཚུལ། །ངོ་མཚར་གཏམ་གྱི་དབྱར་རྔ་བསྒྲགས་པ་ན། །ཡིད་ཀྱི་མདོངས་མཐའ་དགའ་བའི་གར་གྱིས་བྲེལ། །ཨེ་རཎྜར་མཚུངས་མཐའ་མེད་འཁོར་བའི་མཁར། །ལས་འབྲས་གློག་གི་བུ་མོ་གར་མཁན་མ། །བདེ་སྡུག་སྣང་དང་མུན་པར་འཆར་བའི་སྒོ །འཁྲུལ་བའི་དབྱར་གྱི་དཔལ་མོའི་རང་མཚང་ངོམ། །གྲང་རེག་བ་མོས་བཅིལ་བའི་དགུན་དུས་ཀྱི། །མི་བརྟན་རྣམ་པར་འགྱུར་བའི་སྒྱུ་མའི་དཔེར། །སོས་ཀྱི་ལང་ཚོ་ངོམ་ན་བཟང་ངན་ཀུན། །གཅིག་ཏུ་རྟག་པར་འཛིན་པ་འཁྲུལ་པའི་བློ། །མཆོག་གསུམ་ཐུགས་རྗེའི་འཕྲུལ་གྱིས་ལེགས་པའི་ལམ། །བདུད་རྩིའི་དངོས་པོ་ལྷུན་གྱིས་གྲུབ་པའི་དཔལ། །བློ་ལྡན་གསེར་མངལ་ཅན་ཁྱོད་ལུགས་ཟུང་གི །སྣང་བ་གསེར་གྱི་རྩིབས་སྟོང་འོད་དུ་འབར། །སྲི་ཞུར་བསྐྲུན་པའི་ཡུལ་མཆོག་སེམས་ཀྱི་སྣ། །བདེ་བར་འཁྲིད་ལ་བློ་ཆེན་ཚངས་པ་ལྟར། །གང་ཡང་མངོན་མི་ཡངས་པའི་དཀྱིལ་ཆེན་པོས། །འཇལ་བྱེད་ཚད་མས་ངལ་བའི་གནས་སུ་མཛོད། །རབ་ཡངས་ཤིང་གི་མ་མའི་ནོར་འཛིན་ངོས། །ཨ་འདུས་ཀ་ཕྲེང་ལྡན་པའི་ནགས་ཀླུང་ནས། །ཚིག་དོན་དྲི་བསུང་གཡོ་བའི་ཙན་དན་ལྗོན། །བསིལ་ལྡན་བདེ་བའི་རང་བཞིན་སྤེལ་བར་རིགས། །འདྲེན་བྱེད་ར་ཡིག་གཉིས་པའི་སྤྱོད་ཡུལ་ཅན། །(༤༠བ)
བདོག་པའི་པད་དཀར་གཞོན་ནུ་གཡུར་ཟ་བ། །མི་འགྱུར་རྟགས་ཀྱི་ཟེའུ་འབྲུ་ལྡེམ་པ་གང་། །དཔྱོད་ལྡན་འཆི་མེད་རྣ་བའི་རྒྱན་དུ་མཛེས། །


previousརབ་བྱུང་བཅུ་གཅིག་པའི་མེ་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext