Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
རབ་བྱུང་བཅུ་གཅིག་པའི་ས་བྱི་སོགས་ལ་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ས་བྱི་སོགས་ལ་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ས་བྱི་སོགས་ལ་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ས་བྱི་སོགས་ལ་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ས་བྱི་གནམ་ལོ་གསར་ཚེས་ཀྱི་དུས་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེ་ནས་ཞབས་དྲུང་རིན་པོ་ཆེ་ལྷ་གཟིགས་མི་ཕམ་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་པོས་ལེགས་སྐྱེས་དང་བཅས་པའི་ཆབ་ཤོག་གི་ལན་དབྱངས་ཀྱི་རྒྱལ་མོའི་པི་ཝང་། སྲིད་ཞིའི་འཁོར་ལོའི་རི་མོ་བཀྲ་བའི་ཞབས། །གྲངས་མེད་འཇིག་རྟེན་གསུམ་གྱི་རལ་པའི་རྩེར། །འགོད་མཛད་དཔལ་ལྡན་ཕག་མོ་གྲུ་པ་ཞེས། །ནོར་འཛིན་ཁྱོན་ཀུན་རྣམ་པར་སྐྱོང་དེའི་དྲུང་། །འཇིགས་མེད་གསང་བ་གསུམ་གྱི་ཆ་ཤས་ཀུན། །ཡོངས་སུ་གང་བའི་མཚན་དཔེའི་འོད་དཀར་འབུམ། །ཆོས་སྲིད་ཀུནྡ་ཁོང་ནས་བཞད་པའི་གཉེན། །ངོ་མཚར་བྱེ་བའི་འཛུམ་རླབས་གཡོ་བ་ནས། །ལེགས་བྱས་རྫོགས་ལྡན་རང་ཞལ་ཆེར་ངོམ་པའི། །ཀུན་འཛིན་གནམ་ལོར་གྲུབ་པའི་རིན་ཅེན་སྣོད། །ཕན་དང་བདེ་བའི་བདུད་རྩི་རབ་འཁྱིལ་བ། །ཕུན་ཚོགས་ཐོག་མར་དགེ་བའི་རྟེན་འབྱུང་དུ། །བཀའ་ཐམ་ལང་ཚོ་དར་བའི་སྨིན་ལེགས་མ། །སྙན་འགྱུར་འབུམ་གྱི་གདུབ་བསིལ་འཁྲོལ་བ་ཅན། །བདོག་པའི་སྐྱེས་ཀྱི་གོས་བཟང་གཡོ་བཞིན་དུ། །སྙིམ་པའི་དོ་ར་དགའ་བའི་གར་གྱིས་རྩེན། །འདི་ན་གསུང་རབ་མང་པོར་བརྒལ་བརྟག་ཀྱི། །རིགས་པས་དཔྱད་བཟོད་སྡོམ་རྩོན་ཀློག་པ་མཁན། །རྣམ་གཡེང་རླུང་གི་ཤིང་རྟས་མཁར་དྲངས་ཀྱང་། །ཐོས་བསམ་སྒོམ་པའི་པད་དཀར་བཞད་འདུན་ཙམ། །བྱང་ཆུབ་མཆོག་བརྙེས་དཔལ་ལྡན་གསང་བའི་བདག །མི་ཡི་སྲིད་པའི་གར་གྱིས་རྣམ་རོལ་བའི། །སྡེ་བཞིའི་རྒྱལ་མཚན་མཐོན་པོར་སྒྲེང་བའི་ཏོག །འོད་སྟོང་སུམ་རྩེན་གནས་ལས་བརྒལ་ཏེ་འབར། །ནོར་འཛིན་བུ་མོ་འདོད་འཇོའི་མངལ་ཁུར་གྱིས། །(༤༡ན)


GLG019_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་དུད་པའི་ས་སྐྱོང་ཐམས་ཅད་མཁྱེན། །གསེར་པ་ལོ་ཙཱར་གྲགས་པའི་ལུགས་ཟུང་གི །རྣམ་དཔྱོད་འདི་ཀོས་ཕུར་བུའི་བརྟན་པ་ཕྲོགས། །སྒྲུབ་བརྒྱུད་འཆི་བ་མེད་པའི་ལམ་ཡངས་པོར། །བཤད་པའི་ཆུ་འཛིན་ལང་ལོང་གཡོ་བའི་དབུས། །གསང་ཆེན་ཐེག་མཆོག་དབྱར་རྔ་དགོད་པ་ཡི། །དབྱངས་ཀྱི་རྒྱལ་མོའི་པི་ཝང་གཅིག་ཏུ་སྙན། །ཨེ་མ་རྨད་བྱུང་ནོར་བུའི་ཡུ་བ་ཡིས། །ཉེ་བར་བཏེག་པའི་ཆོས་ནོར་འདོད་པའི་གདུགས། །སྲིད་པའི་རྩེ་མོར་འཁོར་བའི་བྱེད་པོ་རུ། །ལྷ་ཁྱོད་འཇིག་རྟེན་མེས་པོས་བསྐོས་པར་ངེས། །སྦོམ་ཞིང་ཆེས་རིང་ཚེར་ཅན་རྐང་འཐུང་འཕྲེང་། །ནགས་ཀླུང་འཛིན་མའི་ཁྱོད་ཀུན་ཁེངས་ན་ཡང་། །མ་སྨད་མངར་བའི་དྲི་བསུང་འཐུལ་བ་དེ། །ཙན་དན་ལྗོན་པ་མིན་པ་གཞན་གྱིས་ཅི། །མཚུངས་པ་མེད་པ་མཁྱེན་བརྩེའི་འོད་སྟོང་གིས། །སྐྱེ་རྒུ་ཀུན་ལ་དགའ་བདེའི་སྣང་བའི་གཏེར། །མཆོད་སྦྱིན་སྒོ་བརྒྱ་འབྱེད་པའི་ས་དབང་ཁྱོད། །འགྱུར་མེད་སེང་གེའི་ཁྲི་ལ་བརྟན་གྱུར་ཅིག །བརྗོད་དོན་མནྡྷ་ར་ཡི་འཕྲེང་བ་མཆོག །སྤེལ་ལེགས་ཆབ་ཤོག་སྲད་བུར་ལེགས་བརྒྱུས་ཏེ། །དྲང་སྲོང་ཛ་ཧྣུའི་བུ་མོར་འཁུ་བཞིན་དུ། །ནམ་ཡང་བསྒྱུར་བ་མེད་པར་མཉེས་གཤིན་ཞུ། །སྤྱན་རས་འཁོར་ལོའི་ཡན་ལག་རྒྱུ་བའི་རྟེན། །འོ་མཚོ་ཐགས་སུ་འཁྱིལ་བའི་རྫིང་བུ་ལ། །ཨུཏྤལ་དམར་པོའི་རྒྱ་ཡིས་ལེགས་སྤྲས་ཏེ། །དམར་ཕྱོགས་དགའ་བ་གཉིས་པའི་ཚེས་ལ་ཕུལ། །དགའ་ལྡན་ཁྲི་རིན་པོ་ཆེ་ཆོས་རྗེ་བྱམས་པ་རྒྱ་མཚོའི་སྤྲུལ་པའི་སྐུའི་ཡང་སྤྲུལ་ཁར་ཁ་ཏའི་ཆིང་ཀ་ཐན་བཱ་དུར་གྱི་རིགས་སུ་བྱུང་བའི་འཕྲིན་ལན་དམར་ཆའི་སྔོ་བསངས་དྲང་ཐིག །(༤༡བ)


GLG019_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མ ཉྫུ ནཱ། མ ཡ ཡཱ ནི རྟི པྲ ཛཱ རྠཱ ཡ ཙ ཀི ལ ཤ །སུ དྷཱི ཀཱི རྟི ཝ སྟི ཀ ར ས ཪྻ སྟ ཏྵུ བྷ ཀ རྱ ཙ། །འཇམ་(ཁ་སྒོ་ཕན་པའི་སྡེབ་སྦྱོར།)མགོན་སྒྱུ་འཕྲུལ་དྲ་བའི་གར། །བསིལ་ལྡན་སྐྱེ་རྒུའི་དོན་གྱི་ཆེད། །སྒྱུར་མཛད་བློ་བཟང་གྲགས་པ་ཡིས། །དམ་པ་གང་དེར་དགེ་བར་མཛོད། །ལེགས་བྱས་བྱ་བའི་ཆུ་གཏེར་ལས་འོངས་པའི། །གསང་གསུམ་སྣང་བའི་དཔལ་སྟེར་ཆུ་ཤེལ་དབང་། །རྣམ་དཀར་འཕྲིན་ལས་ཡངས་པའི་འོད་དཀར་གྱིས། །ཕན་བདེའི་ཀུནྡ་ཆེས་ཆེར་བཞད་པའི་གཏམ། །འཕྲིན་ཡིག་རྟེན་གྱི་འཁོར་ལོའི་ཡན་ལག་ཅན། །སྙིམ་པའི་རབ་དཀར་འོ་མཚོའི་རྫིང་བུ་ན། །ཟློས་གར་སྒྱུར་བའི་བརྗོད་དོན་སྙན་པའི་གླུས། །རྒྱུད་མང་སྟོང་གི་སྒྲ་དེ་ངལ་བར་བྱས། །རྒྱལ་ཀུན་རང་བཞིན་གཅིག་ཏུ་གྲུབ་པའི་ཁམས། །ཐུན་འཚམས་ལང་ཚོ་ལྷན་ཅིག་འདྲེས་པའི་གཟུགས། །བཤེས་གཉེན་དམ་པར་སྣང་བར་བཙོང་(༤༢ན)


GLG019_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་པའི། །དྲི་མེད་རིང་ལུགས་ནོར་བུར་སྤུངས་པའི་དཔྱ། །རྣམ་དཀར་འཕྲིན་ལས་མཆོག་གི་ཤིང་རྟ་ཡིས། །གནམ་བསྐོས་ཧོར་གྱི་ནོར་འཛིན་ཡངས་པའི་སར། །འདྲེན་མཁས་འཇིག་རྟེན་དབང་ཕྱུག་བསོད་ནམས་ཀྱི། །ཞིང་མཆོག་རྒྱ་མཚོའི་གོས་ཅན་ཀུན་ཁྱབ་པའི། །རྣམ་པར་སྤྲུལ་པས་སྡེ་བཞིའི་ཡོན་ཏན་ཀུན། །ཕུང་པོ་རྒྱ་མཚོའི་ཚད་ཀྱིས་གཞལ་དཀའ་བས། །གངས་ཅན་ཕན་བདེའི་མགྲོན་ཀུན་འགུགས་བྱེད་པའི། །ངོ་མཚར་འཕྲིན་ལས་ཐོག་མའི་སྒོ་འཕར་དུ། །ཆུ་ལྷའི་བུ་མོས་བཏེག་པའི་ཕང་བ་ན། །མཆོག་དམན་བར་པའི་གདུལ་བྱ་གྲངས་མེད་ཀྱི། །འདྲེན་པར་དབང་བསྐུར་མི་ཕམ་མགོན་གཉིས་པའི། །སྣང་བ་དམ་པའི་ངོ་མཚར་ལྷུན་གྲུབ་དཔལ། །ལུང་རྟོགས་ཡོན་ཏན་འོད་དཀར་ཉེར་རྒྱས་ཀྱང་། །ན་ཚོད་ཟླ་བ་ཚེས་པ་སྤྲུལ་པའི་གར། །རྒྱ་ཧོར་བསྟན་འགྲོའི་ཀུན་གསལ་འགྲམ་པ་ལ། །རླབས་ཆེན་སྨོན་ལམ་ཤིང་རྟས་དྲངས་པར་ངེས། །བློ་བཟང་གྲགས་སྙན་འབར་བའི་རིང་ལུགས་མཆོག །མཁྱེན་བརྩེ་བྱམས་པའི་སྙིང་སྟོབས་ཀྱིས་འདེགས་པ། །དབང་ཕྱུག་བརྒྱད་མངའ་ཕྱག་ན་པདྨ་ཡི། །འཕྲིན་ལས་རྒྱ་མཚོའི་ཕ་མཐར་སྤེལ་བའི་སྡེ། །གྲངས་མེད་ལུང་རྟོགས་རྣམ་བཀྲའི་རི་མོ་གང་། །མངལ་གྱི་ར་རི་ཅུང་ཟད་གྲགས་པ་དག །ཐོས་བསམ་བྱི་དོར་ཚུལ་གྱིས་ལེགས་ཟུངས་པས། །སྐལ་བཟང་གདུལ་བྱའི་འདྲེན་བྱེད་དགའ་སྟོན་རིགས། །མང་ཐོས་མཁས་པའི་གྲུ་གཟིངས་ལ་བརྟེན་ནས། །རྒྱལ་སྲས་སྤྱོད་པའི་ཆུ་གཏེར་རབ་བརྒལ་ཏེ། །དོན་གཉིས་ཡིད་བཞིན་དབང་གི་རྒྱལ་པོ་ཆེ། །དམ་པའི་ཅོད་པན་རྒྱན་དུ་འཆིང་བར་མཛོད། །མཐོ་བཙུན་འཆི་མེད་དགའ་ཚལ་ལས་འོངས་ཤིང་། །རྗེ་བཙུན་ཡོངས་འདུའི་འཁྲི་ཤིང་གཡུར་ཟ་བ། །རྣམ་(༤༢བ)


GLG019_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སྤྱོད་ཡུལ་དྲི་བསུང་སྤྲོ་བ་ཁྱོད། །འཇིགས་མེད་རྡོ་རྗེའི་སྤོ་ལ་བརྟན་གྱུར་ཅིག །ཀུན་དགའི་རང་བཞིན་འཛུམ་པའི་མཆུ་སྒྲོས་ལས། །སྙན་གྱུར་གླེང་བར་འོས་པའི་གཏམ་གྱི་ཕྲེང་། །སྐལ་ལྡན་ཤིང་རྟའི་རྒྱུན་ལ་འགྲན་བཟོད་པ། །རྟ་ལྗང་བགྲོད་པའི་རྗེས་སུ་འཇུག་པར་འཚལ། །རི་མོ་པད་དཀར་ཆུན་པོ་རྒྱས་པའི་རྩེར། །རྟེན་གྱི་ཟེའུ་འབྲུ་རི་དྭགས་མིག་ཅན་ལ། །ཐུན་འཚམས་རྒྱ་ཡི་ལང་ཚོའི་སྟོད་གཡོགས་ཀྱི། །ལྷབ་ལྷུབ་རྣམ་པར་མཛེས་པས་རབ་སྤྲས་ཏེ། །རྒྱལ་བའི་བཀོད་པ་རྒྱ་མཚོའི་ངོ་མཚར་གྱི། །རྟ་ཆེན་ཟླ་བར་གྲགས་པའི་ཕྱོགས་སྔ་མའི། །དགའ་བའི་ཚེས་ལ་བོད་ཡུལ་རྡོ་རྗེ་གདན། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ནས་བྲིས། །ཕུག་པ་དཔལ་སེང་བའི་སྐྱེ་བ་བཟང་ཡུལ་གྲོང་གསར་དུ་བྱུང་བ་ངག་དབང་སྙན་གྲགས་བཟང་པོས་གྲྭ་སྡིངས་པོ་ཆེ་ནས་སྙན་ངག་གི་འཕྲིན་ཡིག་ཕུལ་ལུགས་རིའུ་མིག་རྒྱ་མཚོའི་གླེགས་བམ་གྱི་ལེ་ཚན་འགའ་ཞིག་དང་བཅས་བསྲིངས་པའི་ལན་སྐྱོན་ཡོན་མ་འདྲེས་འཆར་བའི་མེ་ལོང་། དཱི བྷ རཱ ཏི ཤྱཱ ན ནྟྲོ བྷཱ ཝ ཤྩ ཤ ནྟ ཙ ཀྲ བྲ ས མ བྷ ས རྦྦ ཛི ནུ བ ཏྭ ནཱ ར བ སཱ ཝ ཤྲཱི མཱ ངྐི རི ནཽ ཤུ བྷ ཀྲྀ། །(༤༣ན)


GLG019_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་(ཛ་ཏིའི་སྡེབ་སྦྱོར་འཕགས་མ།)དང་གཟུགས་ཅན་ཤིས་བརྗོད། ཞི་བའི་འཆི་མེད་ལམ་ཡངས་པར། །ཕུལ་བྱུང་ཚོགས་གཉིས་འཁོར་ལོ་རབ་རྫོགས་པ། །རྒྱལ་ཀུན་རང་གཟུགས་མི་ཡི་སྲིད་པ་ཅན། །དཔལ་ལྡན་ཕག་མོ་གྲུ་པས་དགེ་བ་མཛོད། །མཐའ་མཐའ་དག་གཟུགས་ཅན། ཀླས་ལེགས་བྱས་ཟླ་བའི་མ་མ་ལས། །ཉེ་བར་ལེན་པའི་ཆུ་ཤེལ་དབང་པོའི་གཟུགས། །ཐོས་བསམ་སྒོམ་པའི་འོད་དཀར་ལེགས་སྤྲོ་བཞིན། །གྲུབ་རིགས་ལྷ་ལམ་ངོས་སུ་རྒྱུ་བ་ནས། །འཕྲིན་ལྡན་པའི་གཟུགས་ཅན་ལ་ཏིང་ངེ་འཛིན་གྱིས་བརྒྱན་པ། ཡིག་ཨུཏྤལ་དཀར་པོའི་འདབ་མ་སྟོང་། །སྙན་ཚིག་ཉམས་དང་འགྱུར་བའི་འཛུམ་ཕྲེང་དབུས། །རྩིས་རིས་གླེགས་བུའི་ཟེའུ་འབྲུ་གཞོན་ནུ་ལ། །རྟགས་ཀྱི་བུང་བས་འཁྱུད་པ་སུག་པར་སོན། །སྒྲུབ་གཟུགས་ཅན་དང་ཏིང་ངེ་འཛིན་ཆོས་ཅན་འགོག་པ་གསུམ་འདྲེས་པའི་རབ་སྤེལ། བརྒྱུད་ནོར་འཛིན་བུ་མོའི་མངལ་ཁུར་ལས། །གྲངས་མེད་རྒྱལ་བའི་འཁྲི་ཤིང་གཡུར་ཟ་ན། །ཀུན་མཁྱེན་ཡེ་ཤེས་འཐོབ་གནས་འོག་མིན་ཞེས། །གཞུང་ལུགས་མང་པོར་གྲགས་པ་གཏམ་དུ་ཟད། །ཐོས་ལྷོ་ཕྱོགས་བཻ་དརྦྷ་ལུགས་ཀྱི་རབ་དངས་ཀྱི་རྒྱན། ཉུང་སྒོམ་པར་ཁས་འཆེ་རྒན་པོའི་ཚུལ། །རིང་སྤངས་ངག་གི་དབང་པོ་ཉེར་གྲུབ་པ། །མང་ཐོས་ནོར་བུའི་ཅོན་པན་འཆང་བ་དེའི། །རིང་ལུགས་འཛིན་པའི་གྲགས་སྙན་རྣ་བར་འཇེབས། །རྒྱུད་མཐའ་དག་གཟུགས་ཅན། དོན་མ་ལ་ཡར་སྐྱེས་ལྗོན་པ་ལས། །འཁྲུལ་མེད་ཕྲ་ཞིབ་རིགས་པ་མངར་བའི་དྲི། །ལེགས་བཤད་བསིལ་བུར་རིང་ནས་འགུགས་བྱེད་པའི། །ལྷུན་གྲུབ་རྒྱ་མཚོའི་ལུགས་འཛིན་འདི་རྨད་བྱུང་། །ངེས་རབ་རྟོག་གི་གབ་ཚིག །པར་ལེགས་པའི་མིག་མི་འཛུམ་པའི་སྙིང་། །ཚུལ་ཆོས་མཆུ་ཡིས་ཐལ་མར་འབིགས་བྱེད་པ། །ཆུ་སྐྱར་རྒན་པོའི་ཏིང་འཛིན་གཡོ་མེད་ཅན། །དཔྱོད་(༤༣བ)


GLG019_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཁྱོད་ཀྱི་འདྲེན་བྱེད་ཀྱིས་མཐོང་ངམ། །བརྒལ་མ་བསྡུས་པའི་གཟུགས་ཅན། བརྟག་དཔྱད་ཀྱིས་ཉེས་བརྒྱའི་ཚད་ནད་ཀུན། །ཞི་བྱེད་ལུང་དང་རིགས་པའི་ག་བུར་ཐིགས། །ཕྱོགས་དེར་སྔོན་མེད་ལེན་པའི་ཤིང་རྟ་བ། །མཁས་ཀུན་མཁྱེན་ངག་དབང་ནོར་བུ། དབང་གང་དེའི་ལུགས་འཛིན་ཁྱོད་དུ་ངེས། །ལེགས་གཟུགས་ཅན་ཕུང་བྱུང་། སྦྱར་ཛམྦུའི་གསེར་སྦྱངས་ཀཱརྞྞི་ཀར། །ཕྱི་ནང་རིག་གནས་རིན་ཅེན་ཕྲ་ཚོམ་ཅན། །གང་གི་རྣ་བར་སྤུད་ཚེ་ལྷའི་བླ་མ། །སྐབས་གསུམ་སློབ་དཔོན་ཟོལ་གྱིས་མཁའ་ལ་བྲོས། །ལྐོག་ཕུལ་བྱུང་རབ་རྟོག །གྱུར་གཟུགས་ཀུན་གཙུག་ལག་མེ་ལོང་དུ། །རྗེན་པར་འཆར་བྱེད་གསང་ཚིག་ཁྱོད་ཀྱིས་བློས། །རང་གིར་བྱས་ཚིག་གཙུག་ན་ཟླ་བ་ཡང་། །ཏིང་འཛིན་ཟོལ་གྱིས་གངས་རིའི་ཕག་ཏུ་ཡིབ། །གང་མཛེས་པའི་རྒྱན་ཤར་ཕྱོགས་གཽ་ཌ་པ་ལ་གྲགས་པ། གི་ཐོས་བསམ་སྒོམ་པའི་གྲགས་སྙན་ནོར། །འཕྱུར་བུ་སྤུངས་པ་མ་ལུས་ཤོང་བའི་སྣོད། །བསིལ་ལྡན་ཁ་བའི་ལྗོངས་འདི་ཆེས་ཡངས་པར། །བྱེད་པོ་ཚངས་པ་ཡིན་པར་ད་གདོད་ཁུམས། །འདི་ཆ་ཤས་གཟུགས་ཅན། ན་ཟ་ཧོར་གདུང་འཛིན་རིག་བྱེད་པ། །ཆོས་སྲིད་རིན་ཅེན་བརྩེགས་པའི་བ་གམ་དབུས། །བློ་གྲོས་རྒྱུད་ཀྱིས་གནས་ལྔ་རིག་པའི་གཞུ། །འགུགས་པར་བརྩོན་པའི་བསམ་པ་མི་དམན་ཙམ། །རིགས་མཐུན་སྤྲིན་གཟུགས་ཅན་གྱི་དོན་གཞན་བཀོད་པ། ལ་རྨོངས་པའི་གདོངས་མཐའ་ཅན། །དགའ་ཡང་ཐུབ་བསྟན་ཉི་འོད་མི་གསལ་བས། །ངག་དབང་ནོར་བུའི་རྣམ་ཐར་འདབ་བརྒྱའི་ཁ། །ཟུམ་པ་སླར་ཡང་ཁྱོད་ཀྱིས་འབྱེད་པར་རིགས། །དབང་ཕྱོགས་སྨིན་ལྡན་པའི་གཟུགས་ཅན། ལེགས་སོར་རྩེའི་ཀུན་གསལ་ངོས། །ཐགས་ཀྱི་དྲ་བར་གྲུབ་པའི་དབང་པོའི་གཞུ། །སྔོན་མེད་རི་མོ་བཀྲ་བའི་ཆུ་འཛིན་བཅས། །ཐུན་འཚམས་རྒྱ་ཡི་ལུས་ཕྲས་དམ་དུ་འཁྱུད། །མགྲིན་རང་བཞིན་བརྗོད་པ། སྔོན་གཙུག་ལག་དམར་ཕྱོགས་ཀྱི། །དབྱངས་ཀྱི་རྒྱལ་མོ་ཨི་འཆར་ཚེ། གཙུག་ལག་སྒོ་འཕར་ལེགས་ཕྱེ་བ། །(༤༤ན)


GLG019_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་ཕོ་བྲང་རྩེ་ནས་བྲིས། །འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པའི་སྐྱེ་བར་གྲགས་པ་ཇོ་ནང་སྤྲུལ་སྐུ་ཀུན་དགའ་སྙིང་པོའི་ཡང་སྲིད་ཁར་ཁ་ཐུ་ཤེ་ཡེ་ཐུ་རྒྱལ་པོའི་བུར་བྱུང་བ་ལ་སྤྲིངས་པ་རྡོ་རྗེ་རྣ་བར་འཐུལ་བའི་མ་ལ་ཡའི་དྲི། བུ དྡྷ སྱ སུ དྷཱི ཤྲཱི ཏུ སཱ གརི ཀཱ ཙྩེ ནྡྲ སུ ཪྻཏི། །ཀཱ དྷ ར སྨི ཙ དྷྱཱ བ དྨ བུ ཥྚེ ལ ཀྵ ཀྲྀ། །སྟོབས་(སྡེབ་སྦྱོར་ཁ་སྒོ་ཕན་པ།)བཅུ་མངའ་བའི་ཆུ་གཏེར་ལས། །བློ་བཟང་བཅུ་གཉིས་བདག་པོའི་དཔལ། །གྲགས་པའི་འོད་ཟེར་འབུམ་ཕྲག་གིས། ཁྱོད་བློའི་པདྨ་རྒྱས་པར་མཛོད། །རྒྱལ་ཀུན་མཁྱེན་པའི་ལང་ཚོ་དར་བའི་དཔྱིད། །ཟུར་ཕུད་ལྔ་པ་མི་ཡི་སྲིད་པ་ཙམ། །སྙིགས་དུས་འགྲོ་བའི་མགོན་དུ་གཉིས་སྐྱེས་ཀྱི། །སྒྱུ་འཕྲུལ་དྲ་བའི་རོལ་གར་བཙོང་ཁ་པའི། །རིང་ལུགས་འདེགས་པའི་ཁུར་ལྡན་ཤེས་རབ་ཀྱིས། །འཇམ་དབྱངས་གཞོན་ནུས་འགྲན་བཟོད་ཆོས་(༤༤བ)


GLG019_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི། །རྗེ་བོའི་ཐེམ་སྐས་འཛེག་པའི་ཐོས་བསམ་སྒོམ། །བཀྲ་ཤིས་དཔལ་གྱི་གཡུང་དྲུང་རྒྱན་ལྡན་འཁྱིལ། །ད་ལྟའི་ངང་ཚུལ་ཕྲ་མོའི་ན་ཚོད་ཀྱི། །སྐྱེ་བོའི་ཟློས་གར་གསར་པའི་ཆུ་ཤེལ་དབང་། །ཚེ་རིང་གནམ་བསྐོས་རིགས་ཀྱི་ལྷ་ལམ་ངོས། །ཤར་བའི་ངང་ཚུལ་འདི་ལས་གཞན་དུ་ཅི། །རབ་འབྱམས་ཆོས་ཀྱི་གནས་ལུགས་མཐའ་ཡས་མདུད། །ཅིག་ཅར་འགྲོལ་བར་རྒྱལ་བའི་གསུང་རབ་མཆོག །འཇུག་པའི་རིམ་པ་ཇི་བཞིན་འཁྲུལ་བྲལ་གྱི། །ཚུལ་འདིར་རིང་དུ་ངལ་བའི་ཁུར་སྟེན་གཅེས། །རིང་ནས་སྦྱངས་པའི་ཐོས་པའི་ལྕགས་ཀྱོ་ཡིས། །མདོ་རྒྱུད་རི་དྭགས་མིག་ཅན་རབ་འགུགས་པའི། །སློབ་བུ་ཡོངས་སུ་འཛིན་མཁས་བསོད་ནམས་ཀྱི། །གྲགས་པའི་དཔལ་འབར་དེ་ཡང་རིང་དུ་སྟེན། །སླར་ཡང་གཏམ་གྱི་མེས་པོའི་ཐོད་ཡངས་ལས། །བརྗོད་པར་འོས་པ་ཛ་ཧུའི་བུ་མོའི་རྒྱུན། །བྱེད་པོ་སྐལ་ལྡན་ཤིང་རྟའི་བྱ་མ་རྟ། །བཤུལ་དུ་འདོད་ལ་བསྐྱུད་པ་མེད་པར་གྱིས། །དེ་སྐད་འཕྲིན་ཡིག་གནྡྷར་བྷ། །སྙན་ཚིག་རྒྱུད་མང་སྙིམ་པ་ཡིས། །ཐོགས་ཏེ་མི་ཕྱེད་རྡོ་རྗེའི་རྒྱན། །རྣམ་བཀྲའི་རྒྱ་ཡིས་མཛེས་བཞིན་དུ། །རིན་ཅེན་མར་གད་ལས་བསྐྲུན་པའི། །ཡལ་གའི་རི་དྭགས་དབང་སྒྱུར་ཚེ། །གྲུ་འཛིན་གཉིས་པའི་གཞལ་མེད་ཆེ། །དགའ་ལྡན་ཕོ་བྲང་ནས་བྲིས་དགེ །བླ་མ་ལྷ་རྩེ་བ་ངག་དབང་བཟང་པོ་སྐྱེ་བ་གྲོང་མོ་ཆེ་བའི་བུར་བྱུང་བ་ངག་དབང་ཀུན་དགའ་ལྷུན་གྲུབ་ཀྱི་བ་སོའི་ཁ་ཊྭཾ་ག་ཆུང་ངུའི་རྟེན་དང་མཅས་པའི་འཕྲིན་ལས་འཆི་མེད་དབང་པོར་ཅོ་དྲི། (༤༥ན)


GLG019_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི མཱ ནྶ དྷ མཱ ལ བྷྲཱཾ ཤཱ ཀྱ སྱ ཤཱ ས ཡ ར ཐོ མ ཧཱ། ས རྦྷ ཛི ཡ ཛ ལཾ རྣི རྟི སྟི ཋི ན ཡ ཀྲྀ ར ཛ བ ཛྲ ཤུ བྷ ཀྲྀ །དཔལ་(ཛ་ཏིའི་སྡེབ་སྦྱོར་འཕགས་མ།)ལྡན་སྒྲུབ་རྒྱུད་ཤིང་རྟ་ཆེན་པོ་གང་། །ཟས་གཙང་སྲས་པོའི་བསྟན་པའི་ནོར་འཛིན་ལ། །འདྲེན་མཛད་རྒྱལ་ཀུན་སྒྱུ་འཕྲུལ་དྲ་བའི་གར། །རྡོ་རྗེ་རྒྱལ་པོས་དུས་རྣམས་དགེ་བར་མཛོད། །མཐའ་བྲལ་ལེགས་བྱས་ཟླ་བའི་མ་མ་ལས། །རབ་ཐོན་ཉེ་བར་ལེན་པའི་ཆུ་ཤེལ་དབང་། །ཉེས་བརྒྱ་ནམ་མཁའི་གླང་པོ་ལས་བརྒལ་ཏེ། །ངེས་དོན་ཀུནྡ་བཞད་ལ་འགོག་མེད་ནས། །དཀར་འཇམ་ལྗོན་ཤིང་མ་མའི་གསེར་ལྡན་ལྟོར། །སོར་མོའི་ཟློས་གར་སྒྱུར་བའི་སྙན་ཚིག་གླུ། །དབྱངས་ཅན་འཕང་འགྲོའི་རྒྱུད་ལས་དྲངས་མིན་ན། །སྔོན་ཆད་དཔྱོད་ལྡན་རྣ་བར་འཇེབས་ལ་མཚར། །འཆི་མེད་བཟོ་བོའི་འཕྲུལ་གྱིས་མ་བསྒྲུབས་ཤིང་། །འདྲེན་བྱེད་སྒྱུ་མའི་རྩལ་གྱིས་བསླད་མིན་པའི། །ངོ་མཚར་སྣང་བརྙན་ལང་ཚོ་དར་བབ་པ། །སྟོང་འཁུན་དར་བཅས་རྒྱ་ཡིས་(༤༥བ)


GLG019_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས་པ་འབྱོར། །རྒན་པོའི་བློ་འཆང་གཞོན་ནུའི་བྱེད་པོ་ཡིས། །རྨོངས་ཆེན་ཚོགས་བདག་མཆེ་བ་ཕྱུང་བའི་ཚེ། །གཞུང་བརྒྱའི་ཚིག་དོན་བཀྲ་བའི་མདོངས་མཐའ་ལ། །བརྟེན་ནས་མཁས་མང་ལེགས་བྲིས་གྲལ་ན་མཛེས། །ཐོས་དོན་ཞིབ་མོར་དཔྱོད་ལ་ལྟ་བའི་མིག །མཁའ་སྟོང་ཕྱོགས་ལྡན་བསམ་པའི་ས་སྲུང་སྟེ། །རྣམ་པར་འགྱིང་ཁྱོད་གྲགས་པའི་མུ་ཁྱུད་པ། །འགྲན་ཆེད་ཅོ་འདྲིར་བགྱིད་སྙམ་འཕྱང་མོ་ཉུག །རྟག་ཆད་ཁུང་བུར་འཁྲུལ་སྒོམ་འཁྱིལ་བའི་ཉམས། །བདེ་བར་རློམ་པའི་ལོག་པའི་འབྲས་བུ་ལྕི། རྐྱོང་མིན་ཕག་གྲུའི་དགོངས་དོན་ལྟ་བའི་གཟུགས། །ཡིད་ཀྱི་བཞིན་སྣོད་འཆར་འདི་རྨད་དུ་བྱུང་། །མུ་མཐའ་ཡོངས་བྲལ་བགྱིད་པོས་གཏམ་གྱི་རྒྱུན། །དཔྱད་གསུམ་རྣམ་པར་དག་པའི་རྙོག་བྲལ་ཀླུང་། །འཕྲིན་ཡིག་ཡངས་པའི་ལམ་དུ་འགོག་མེད་པར། །རྒྱུ་བའི་ཚུལ་ལ་བསྐྱུད་པ་མེད་པར་འཚལ། །དབང་ཕྱོགས་ཡུལ་གྲུའི་ལུས་ཕྲའི་སྙིམ་པ་ཡིས། །ཐགས་ཀྱི་དྲ་བར་བསྐྲུན་པའི་འོད་དཀར་ཅན། །རི་མོའི་སྣང་བརྙན་མཛེས་པའི་སྒྱུ་རྩལ་སྤྱོད། །ཐུན་འཚམས་བརྒྱ་ཡི་སྒེག་མོས་ལེགས་འཁྱུད་དེ། །ཡལ་གའི་རི་དྭགས་མར་གད་གསར་པའི་གོས། །རབ་ཀླུབས་ཉིན་བྱེད་སྡིག་པའི་ཁྱིམ་སྤྱོད་པའི། །དཀར་པོའི་ཕྱོགས་ཀྱི་ཨི་ཡིག་འཆར་བའི་ཚེས། །གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ནས་བྲིས། །ཕོ་བྲང་གོང་རི་དཀར་པོ་ནས་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་ཤིང་བྱ་ལོ་གསར་ཕུལ་བའི་ལན་སྲིད་ཞིའི་ཕུན་ཚོགས་ཆར་འབེབ་པ། མཆོག་ཏུ་དགེ་བའི་དུས་(༤༦ན)


GLG019_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆར་ཡང་བཞི་ལྡན་འབྱུང་བའི་གནམ་ལོ་གསར་པའི་དགའ་སྟོན་གྱི་དཔལ་མོ་རྣམ་པར་བཞད་པའི་གུས་སྟོན་གྱི་རྩེ་དགའ་ཁོང་ནས་དགོད་པའི་སྐབས་འདིར། ས་ཆེན་པོ་ལ་མངའ་བསྒྱུར་བའི་བཀའ་ཁྲིམས་ཀྱི་དབུ་རྨོག་བཙན་པོ་འཇིགས་པ་མེད་པའི་འོད་ཀྱིས་ཕྱོགས་ཀྱི་སྣང་བ་ཆེས་ཆེར་རྒྱས་ཤིང་ལེགས་བྱས་རྒྱ་མཚོའི་མ་མ་ལས་འོངས་པའི་ཉེ་བར་ལེན་པ་རབ་ཏུ་བརྟན་ཅིང་། འཕྲོག་བྱེད་ཀྱི་ཁྲིར་འགྱུར་མེད་གཡུང་དྲུང་གི་རང་བཞིན་དུ་གཡོ་བ་མེད་པའི་གཏམ་རྣ་བར་སོན་པས། ཛཡནྟུ་ཞེས་ཤིས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ། སྒྲིབ་གཉིས་མུན་པའི་དགྲ་ལས་རྣམ་རྒྱལ་ཞིང་། །ཡེ་ཤེས་མཆོག་གི་འོད་རྣོན་འབར་བ་ཅན། །སྟོབས་བཅུའི་རྩལ་ལྡན་ཡོངས་ཀྱིས་གསེར་ལྡན་མ། །སྐྱོང་ཁྱོད་རྟག་ཏུ་དགེ་བའི་དངོས་པོ་སྩོལ། །གསེར་མངལ་ཅན་དང་མགྲིན་སྔོན་པད་དཀར་མིག །མིག་སྟོང་ཅན་སོགས་ཀུན་གྱིས་ཁྱོད་ཉིད་ལ། །ཕུན་ཚོགས་སྡེ་བཞིའི་མ་སྨད་འབྱོར་བའི་དཔྱིད། །འདོད་རྒུའི་ཆར་དུ་བསྙིལ་བའི་དཔལ་གྱུར་ཅིག །གང་གི་བསོད་ནམས་ལས་གྲུབ་སུ་ཝརྞའི། །ཡོལ་གོར་ཕྱུར་བུར་སྤུངས་པའི་ཆོས་སྲིད་ནོར། །སྐྱེ་རྒུའི་རེ་བ་སྐོང་བའི་དབང་གི་རྒྱལ། །ཕན་བདེའི་སྨན་ཡོན་ཆེད་དུ་འབར་གྱུར་ཅིག །བསམ་བློ་རབ་འབྱམས་པ་ཤེས་རབ་ཉི་མའི་འཕྲིན་ལན་མུན་པའི་མདའ་འཕེན།(༤༦བ)


GLG019_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ས རྦྦ ཛ ཡྻ ཛྙཱ རཱུ པཱ ནི རྟི༔ སུ མ ཏི ཤྩཱ ད རྴཱ ཙ། །བྷ ཝྱེ ཏཱ ཀཱི རྟི ཪྺ རྟེ རྐྐ རྞྞ རུ དྱ ས ར ཀྵ ཏྭཾ། རྒྱལ་(ཛ་ཏིའི་སྡེབ་སྦྱོར་འཕགས་མ།)ཀུན་མཁྱེན་པའི་གཟུགས་བརྙན་གར། །བློ་གྲོས་བཟང་པོའི་ཨཱ་དརྴར། །སྒྱུར་བའི་གྲགས་པ་སྲིད་འདིའི་རྣར། །མཛེས་པར་བྱེད་དེས་ཁྱོད་ལ་སྲུངས། །ལེགས་བྱས་ས་བོན་གླིང་ནས་སྨིན་པའི་འབྲས། །མངོན་མཐོའི་རྟེན་གྱི་མ་ལ་ཡར་སྐྱེས་ཤིང་། །ཚུལ་ཁྲིམས་དྲི་བསུང་སྤྲོ་བའི་གཉིས་སྐྱེས་ཀྱི། །འཕྲིན་ཡིག་རྟེན་གྱི་བདོག་པ་བསུག་པར་སན། །ཟླ་གཞོན་ཀུནྡ་སྨིན་ལེགས་བཞིན་མདངས་ཀྱིས། །ཆ་ཙམ་འགྲན་པའི་མཐུ་བྲལ་ལྷག་པའི་སེམས། །རིས་བྲལ་འགྲོ་ལ་དཀར་བའི་བསིལ་ཟེར་གྱིས། །ཡིད་སྲུབས་མུན་པའི་སྡེ་དཔུང་ཅིས་མི་འཇོམས། །ངེས་འབྱུང་ཁྲིམས་ཀྱི་བནྡྷུ་ཛི་ཝ་ཀ །ཅོད་པན་རྒྱན་གྱུར་རྣམ་འདྲེན་འཆི་མེད་གཙོའི། །རྗེས་ཞུགས་བློ་ལྡན་ཉེ་དབང་བསྟན་པ་གང་། །བཟུང་ཚེ་(༤༧ན)


GLG019_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བྱས་དགའ་སྟོན་ཚོགས་རྣམས་འཕེལ། །དུང་དུང་འགྲོ་ལ་བརྩེ་བའི་སྙིང་རྗེ་དང་། །ལྕི་ལྕི་གཞན་ཕན་ཁུར་འཁྱེར་བྱང་ཆུབ་སེམས། །དཀའ་དཀའི་སྟོབས་བཅུའི་གོ་འཕང་འཐོབ་པའི་ཆེད། །ཡང་ཡང་བསྟེན་པ་འདི་ཕྱིའི་དོན་གྱི་དཔྱིད། །འདྲེན་པ་མཆོག་གྱུར་མཆོག་དམན་ཀུན་གྱི་ལྷ། །ལྷ་མིའི་གཙུག་ན་གཙུག་གི་རྒྱན་ལྟར་མཛེས། །མཛེས་བརྗིད་རྒྱལ་སྲས་རྒྱལ་བ་རྣམས་ཀྱི་དཔལ། །དཔལ་ལྡན་འཇམ་དབྱངས་འཇམ་ཞིང་དུལ་བའི་གཟུགས། །མ་འདྲིས་འགྲོ་བའི་ཡིད་ཀྱི་ལྷ་ལམ་དུ། །རླུང་གི་རྒྱན་མཚན་ལྟ་བུར་སྟོན་མཁས་པ། །ཀུན་མཁྱེན་བཙོང་ཁ་པ་ཡི་རིང་ལུགས་མཆོག །འཆད་རྩོད་རྩོམ་པའི་ཚུལ་གྱིས་རྒྱས་པར་གྱིས། །དུ་བའི་ཏོག་གི་ལྷབ་ལྷུབ་གོས། །གྱོན་པའི་ཟད་པ་མེད་པ་ཡི། །གསར་ཚེས་བགྲང་བྱའི་རྟ་ཟླ་བའི། །ཨི་ཡིག་འཆར་བའི་ཚེས་ལ་བྲིས། །ཕོ་བྲང་སྣེའུ་གདོང་རྩེ་ནས་དཔལ་ལྡན་ལྷ་གཟིགས་མི་ཕམ་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་པོའི་ཆབ་ཤོག་གི་ལན་སྐལ་བཟང་ཟློས་གར་རྗོད་པའི་དབྱངས། རབ་འབྱམས་རྒྱལ་ཀུན་མཁྱེན་བརྩེའི་དགའ་ཚལ་ལས། །ལྷ་རིགས་རླངས་ཀྱི་ཡོངས་འདུ་གསར་པ་ཅན། །ལེགས་བྱས་རོ་བརྒྱའི་དཔལ་ཀུན་འཛིན་མཁས་པ། །ཆོས་སྲིད་རྒྱ་མཚོའི་དབང་ཕྱུག་རིན་པོ་ཆེར། །སྙན་འཇེབས་བཀའ་ཐམ་རི་དྭགས་མིག་ཅན་གཟུགས། །དོན་བཟང་དྲུག་སྐྱེས་གླུ་དབྱངས་ཆེར་འཁྲོལ་ཞིང་། །བདོག་པའི་སྐྱེས་ཀྱི་རྣ་རྒྱན་འོད་གཟིར་བཅས། །སུག་པའི་ནོར་འཛིན་ངོས་སུ་ཟློས་གར་སྒྱུར། །གངས་ཅན་སྐྱེ་རྒུའི་བསོད་ནམས་ཤིང་རྟ་ཡིས། །ཉེར་དྲངས་རླངས་ཀྱི་ཡིད་བཞིན་དབང་གི་རྒྱལ། །བྱང་ཆུབ་རྒྱལ་མཚན་ཞེས་གྲགས་ཕན་བདེའི་དཔྱིད། །རིགས་ཆོས་སྲིད་ཀྱི་མ་སྨད་བརྒྱུད་པ་ཀུན། །(༤༧བ)


GLG019_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་ལྡན་མི་ཕམ་བསོད་ནམས་ཕུང་པོ་ལས། །དབང་ཕྱུག་ཡོན་ཏན་བརྒྱད་ཀྱིས་ཉེར་མཛེས་པའི། །རབ་སྙན་གྲགས་པ་རྣམ་པར་རྒྱལ་བའི་རྔས། །དཔལ་ལྡན་ཕག་གྲུའི་ལུགས་སྲོལ་བཟང་པོར་བྱས། །ས་ཆེན་བྱམས་པས་ཉེར་སྐྱོང་གྲགས་པ་ཀུན། །འབྱུང་གནས་ཕྱག་བཞེས་ངེས་གསང་ཐེག་པའི་སྲོལ། །གར་ཐིག་དབྱངས་སོགས་བསྙེན་ཅིང་སྒྲུབ་པའི་ཚུལ། །རིག་འཛིན་རྒྱ་མཚོའི་ངོ་མཚར་དེ་རྨད་བྱུང་། །འཕྲིན་ལས་ལྷ་ཚོགས་དཀྱིལ་འཁོར་རབ་བཀྲ་བ། །འདྲེན་བྱེད་དགའ་བདེར་སྤྱོད་པའི་ལང་ཚོའི་མཆོག །འཇིགས་རུང་ཁྲོ་བོའི་གར་གྱི་བདུད་སྡེའི་དཔུང་། །བཅོས་པས་པད་དཀར་མིག་ཀྱང་འདར་སྙམ་བྱེད། །ཆོས་སྲུང་རྒྱ་མཚོ་འབོད་པའི་ང་རོའི་དབྱངས། །དབྱར་སྐྱེས་སྒྲ་ཡི་ཁེངས་པ་ཆེས་ཆེར་འཕྲོག །སྣ་ཚོགས་རོལ་མོའི་སྐད་ཀྱིས་ཏམྦུ་རའི། །རྒྱུད་མང་སྟོང་གི་ཆ་ཀུན་གཅིག་ཏུ་བསྡུས། །ཨེ་མ་སྡེ་བཞི་མ་ལུས་སྤུངས་པ་ཡི། །དཔལ་ལྡན་མི་དབང་མཆོག་གི་རྒྱལ་ཁབ་ཆེར། །ནོར་ལྡན་སྐྱོང་བའི་རླངས་སྟོན་མི་ཡི་རྗེའི། །མཛད་བཟང་གཏམ་གྱིས་ཐོས་འཛིན་དགའ་སྟོན་བྱས། །ཟ་ཧོར་རིགས་ལས་ཀུན་མཁྱེན་བཙོང་ཁ་པའི། །རིང་ལུགས་འཛིན་རློམ་སྡོམ་བརྩོན་ཀློག་པ་མཁན། །ཐོས་བསམ་སྒོམ་པར་ཅུང་ཟད་གཞོལ་བ་དང་། །མི་དམན་ལྷག་པའི་བསམ་པ་དཀར་བར་གནས། །མཐོ་བཙུན་གདུང་དང་དམ་པའི་ངང་ཚུལ་ཀུན། །མཛད་བཟང་སྔར་ལྟར་ཉམས་པ་མེད་པ་ནས། །ཕེབས་ཚོགས་སྐྱེས་ཀྱི་ཡན་ལག་བརྒྱད་ལྡན་ཆབ། །བཀའ་ཐམ་ལམ་གསུམ་ངོས་སུ་ཆད་མེད་འཚལ། །རབ་དཀར་ཐགས་ཀྱི་ཟླ་གཞོན་ཅན། །རི་དྭགས་རྒྱ་ཡིས་མཛེས་བཞིན་དུ། །དམར་ཕྱོགས་དགའ་བ་དང་པོ་ལ། །གྲུ་འཛིན་གཉིས་པའི་རྩེ་ནས་ཕུལ། གཞུང་ལུགས་མང་པོར་ཐོས་པའི་དཔྱོད་ལྡན་སྐུ་འབུམ་ཆོས་རྗེ་དོན་གྲུབ་རྒྱ་མཚོའི་འཕྲིན་ལན་བློ་གསལ་དབྱར་རྔ། (༤༨ན)


GLG019_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མ དྱ ཀྵ ཡ ཤྩ མེ གྷ༔ སུ བྷ གཀ རྞེ མ དྷུ རྱ སུ། །ཨཱ ཛྙཱ ཀཱི རྟི ཛི ཤཱ སཱ། རྦྷ ཏ ཛྱཱ བ ར ཤུ བྷྱ ཀྲྀ། །བློ་(སྡེབ་སྦྱོར་ཁ་སྒོ་ཕན་པ།)གྲོས་མི་ཟད་དབྱར་ཀྱི་རྔ། །སྐལ་བཟང་རྣ་བར་ལེགས་སྙན་པ། །གྲགས་པ་ཀུན་མཁྱེན་ཐུབ་བསྟན་དཔྱིད། །རྒྱལ་མཆོག་དེ་ཡིས་དགེ་བར་མཛོད། །དོན་གཉིས་ཡིད་བཞིན་རིན་ཅེན་དབང་གི་རྒྱལ། །བློ་གྲོས་གཟིངས་ལས་གྲུབ་པའི་རྣམ་དཔྱོད་ཀྱིས། །གསུང་རབ་རྒྱ་མཚོར་བགྲོད་པའི་བློ་ལྡན་དེའི། །འཕྲིན་ཡིག་རྟེན་གྱི་བདོག་པ་སྙིམ་པར་སོན། །ལེགས་བྱས་ཆར་གྱིས་རིང་ནས་བསྐྲུན་པ་ཡི། །ཟག་ཕུང་ལང་ཚོ་རྒྱས་པའི་པདྨ་དཀར། །ལེགས་བཤད་སྦྲང་རྩི་གཡོ་བའི་དགའ་སྟོན་ལ། །བློ་གསལ་བུང་བ་ལང་ལོང་གཡོ་བའི་གཏམ། །ཐོས་འཛིན་རྒྱན་གྱི་འཕྲེང་བར་དངར་བའི་ཚེ། །ཨེ་མ་རྒྱལ་བའི་ཏོག་གྱུར་བཙོང་ཁ་པའི། །རིང་ལུགས་ཕྱོགས་དེར་གསལ་ཕྱིར་མཁས་རྣམས་ཀྱི། །རྣམ་གསུམ་བྱ་བའི་ཚུལ་དུ་ད་གདོད་(༤༨བ)


GLG019_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཁུམས། །ཀྱེ་མ་དེང་དུས་རབ་སྨིན་འབྲས་བུའི་ཁུར། །མི་ལྡན་ལོ་འདབ་ཕང་ཕུང་ཙམ་གཡོ་བར། །དཔག་བསམ་ལྗོན་པའི་ཤིང་དང་ཆབས་གཅིག་ཏུ། །བསྒྲིགས་པའི་ཚེར་མ་ཅན་གྱི་རྐང་འཐུང་མང་། །དཀའ་གནད་རྒྱལ་བའི་གསུང་རབ་མདུད་པ་ཀུན། །ཇི་བཞིན་འགྲོལ་བར་ནུས་པའི་བློ་གྲོས་ཀྱིས། །འཆད་རྩོད་རྩོམ་པས་བློ་བཟང་རྒྱལ་བསྟན་ལ། །བྱ་བ་བྱས་པར་དངོས་ཅག་ལྷག་པར་རངས། །འཇམ་དཔལ་སྙིང་པོའི་རིང་ལུགས་ཤིང་རྟ་ཆེ། །མང་དུ་ཐོས་པས་འདྲེན་པའི་སྤོབས་པ་ཅན། །སྡོམ་བརྩོན་ཀློག་པ་མཁན་ཡང་གཞུང་ལུགས་རྣམས། །བརྒལ་བརྟག་རིགས་པའི་དཔྱད་བཟོད་སྐབས་ན་མཆིས། །རྒྱལ་པོའི་ཆོས་ཚུལ་མཐའ་ཀླས་ནམ་མཁའི་ཁྱོན། །མཁྱེན་པའི་ཚད་ཀྱིས་འཇལ་ལ་ཟླ་བྲལ་བའི། །ཀུན་མཁྱེན་བཙོང་ཁ་པ་དེའི་རིང་ལུགས་ལ། །སྔར་བཞིན་མཁས་པའི་བྱ་བ་བྱེད་པར་རིགས། །སྙན་ཚིག་ཡི་གེར་གྲུབ་པའི་ཆུ་ཤེལ་དབང་། །བརྗོད་དོན་རི་དྭགས་མཚན་མ་རབ་བཀྲ་བ། །རྟེན་གྱི་ཆ་ཤས་རྫོགས་པའི་མཛེས་སྡུག་ལ། །ཐུན་འཚམས་རྒྱ་ཡིས་མི་ཕྱེད་དམ་དུ་འཁྱུད། །ལེགས་སྦྱར་སྐད་དུ་ཨཀྵ་ཡར། །འབོད་པ་ཕྱོགས་འདིར་མི་ཟད་པའི། །གྲོ་ཞུན་ཟླ་བའི་དམར་ཕྱོགས་ཀྱི། །རྒྱལ་བ་གསུམ་པའི་ཚེས་ལ་བྲིས། །ཟུང་ཆུ་རོང་ཚང་འདུལ་བ་སློབ་དཔོན་པ་གོང་དུ་འགྲོ་བའི་ཚེ་ཕུལ་བའི་ཞུ་ཡིག་ཕྱོགས་ལས་རྣམ་པར་རྒྱལ་པའི་གཏམ། རྨད་བྱུང་བསོད་ནམས་ཆུ་གཏེར་ཆེན་པོ་ལས། །ཕན་དང་བདེ་བའི་འོད་ཟེར་སྟོང་ལྡན་པ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་ཉིན་བྱེད་དབང་། །ཚངས་པ་མི་ཡི་གཟུགས་ཅན་མཆོག་གི་དྲུང་། །ཆོས་སྲིད་མཛད་པའི་ཟླ་གཞོན་གསར་པ་ཡིས། །རྫོགས་ལྡན་ཀུནྡ་རབ་བཞད་སྙན་པའི་རྔ། །ཡང་ཡང་ཐོས་འཛིན་ལམ་དུ་སོན་པ་ཡིས། །མི་ཕྱེད་དང་བའི་ཡིད་ཀྱིས་མཆིད་(༤༩ན)


GLG019_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཞུ། །དེང་དུས་བསོད་ནམས་རིན་ཅེན་བྱེ་བ་ཡིས། །ཕུང་པོར་སྤུངས་པའི་ཟོང་གིས་ཆེར་བསྒྲུབས་པས། །འཆི་མེད་བདག་པོའི་ལང་ཚོ་རྒྱས་པའི་དཔྱིད། །འདྲེན་བྱེད་བདུད་རྩིའི་དཔལ་གྱི་མཛེས་བརྗིད་སྐུ། །མཐོང་ན་མི་མཐུན་མེད་པའི་ངོ་མཚར་གྱིས། །མངའ་འབངས་སྐྱེ་བོའི་དགའ་བ་སྐྱེད་པ་དང་། །ཉི་འོག་རྒྱལ་ཕྲན་གྲངས་མེད་ཁེངས་པ་ཀུན། །ཅིག་ཅར་འཕྲོག་པའི་སྐལ་བཟང་འདི་རྨད་བྱུང་། །ཚངས་དབྱངས་མགྲིན་པར་ལེན་པའི་གསུང་གི་གདངས། །རྣ་བའི་ཡོལ་གོར་ཟའཇོ་བའི་བདུད་རྩིའི་དཔྱིད། །ཡིད་ཀྱི་ཀུན་དགའ་གསར་དུ་སྐྱེད་པ་འདིས། །མཐའ་ཀླས་ལུས་ཅན་ཚོགས་ཀྱི་དབུགས་ཕྱུང་སྙམ། །བསྟན་འགྲོ་དགེ་ལེགས་གསེར་ལྡན་དགའ་མའི་ལྕིད། །གྱེན་དུ་འདེགས་པའི་སྙིང་སྟོབས་རུས་སྦལ་ཁུར། །མཐའ་བྲལ་ཟབ་ཅིང་རྟོགས་དཀའ་མཁྱེན་པའི་ཐུགས། །ཚངས་པའི་བློ་ཡི་དཔེ་ཟླར་བྱས་པ་བཞིན། །འགྲོ་ལ་རྗེས་ཆགས་འཕགས་ཆེན་དམ་པ་རྣམས། །ཆོས་ལྡན་རྒྱལ་པོར་བསམས་བཞིན་སྲིད་བཟུང་བའི། །གསང་གསུམ་རྡོ་རྗེའི་རང་བཞིན་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་འདིས་ཡིད་ཀྱི་སྤྲོ་དགའ་འཕེལ། །རྒྱལ་བའི་རིང་ལུགས་ཤིང་རྟ་རྩོད་དུས་ཀྱི། །འདམ་ལས་འདྲེན་འདོད་ལྷག་པའི་བསམ་པ་ཅན། །དངོས་ཅག་གང་གི་བཀའ་ཁྲིམས་གདུགས་དཀར་གྱི། །གྲིབ་བསིལ་དག་ལ་བདེ་བར་འཚོ་ཞིང་མཆིས། །ཨེ་མ་ཀུན་ལ་བརྩེ་ལྡན་བྱམས་པ་ཡིས། །འཛམ་གླིང་རྣམས་ལ་བདེ་བའི་ངལ་གསོའི་ནོར། །འདོད་རྒུའི་ཆར་དུ་བསྙིལ་བའི་དགའ་སྟོན་ལ། །མེ་ཏོག་ཕལ་ཆེར་འཛུམ་ཞིང་དགོད་པ་འདྲ། །མི་བསྲུན་སྐྱེ་བོ་འདུལ་ལ་རྡོ་རྗེའི་ཐོག །འགྲོ་བའི་རེ་འདོད་སྐོང་ལ་དཔག་བསམ་ལྗོན། །ལེགས་ཉེས་རྣམ་པར་དཔྱོད་ལ་འཇམ་དཔལ་དབྱངས། །འཛམ་གླིང་སྐྱེ་བོའི་གཉེན་དུ་(༤༩བ)


GLG019_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འདིར་གྲུབ། །ལྷ་གཅིག་གང་གི་སྡེ་བཞིའི་ཡོན་ཏན་ཀུན། །འཕྱུར་བུར་སྤུངས་པ་ཤོང་བའི་ཡོལ་གོ་རུ། །འཇིག་རྟེན་བྱེད་པོས་བརྒྱ་ཕྲག་ཐབས་མཁས་ཀྱིས། །ཡངས་པའི་སྣོད་ཀྱི་ཁམས་འདི་བསྐྲུན་པར་ངེས། །འཇམ་མགོན་ས་སྤྱོད་སྒྱུ་འཕྲུལ་དྲ་བའི་གར། །མངོན་པར་སྒྱུར་བ་མཁྱེན་བརྩེ་ནུས་པའི་བདག །བླང་དོར་མ་འདྲེས་འབྱེད་པའི་སྙན་དབང་དུ། །གཏམ་གྱི་ཕྲེང་བའི་དཀའ་ཐུབ་ངལ་བའི་རྒྱུ། །འོན་ཀྱང་དབྱར་དུས་སྤྲིན་དཀར་ལང་ལོང་དབུས། །འབྲུག་སྒྲ་དལ་གྱིས་སྒྲོག་པའི་སྒྲ་དབྱངས་ལ། །རྨ་བྱ་དགའ་བའི་རྩེད་འཇོར་རོལ་བའི་གར། །ལན་བརྒྱར་སྒྱུར་ལ་སུ་ཞིག་ཀླན་ཀ་འཇུག །ལྕགས་ཁམས་རྩེ་ཡི་འཛམ་བུའི་གསེར་སྦྱངས་སུ། །བསྒྱུར་ཏེ་མི་ཟད་ལོངས་སྤྱོད་སྤེལ་བ་ལྟར། །རྒྱལ་ཁྲིམས་དགེ་བཅུར་སྒྱུར་བའི་བཀའ་སྲོལ་གྱིས། །རང་གཞན་ཕན་བདེའི་རྩ་བ་བླ་ན་མེད། །གྲངས་མེད་སེམས་ཅན་ལེགས་པའི་ལམ་དག་ལ། །སྦྱོར་ཕྱིར་མཐའ་ཡས་རྒྱལ་དང་རྒྱལ་བའི་སྲས། །སྟོབས་ལྡན་རྒྱལ་པོར་སྐྱེ་བའི་སྲིད་འཛིན་པའི། །ཚུལ་འདི་ཐུགས་ཀྱི་མཛོད་དུ་གཏམས་པར་རིགས། །བདེ་ལེགས་འབུམ་ཕྲག་བསིལ་ཟེར་འབྱུང་བའི་མཛོད། །ཆོས་སྲིད་ཆ་ཤས་ཡོངས་སུ་གང་བའི་དཔལ། །འགྲོ་བའི་གཉེན་གཅིག་ས་དབང་འོད་དཀར་ཅན། །བསྐལ་བརྒྱར་མི་འགྱུར་ཞབས་པད་བརྟན་གྱུར་ཅིག །བསམ་ཡས་གནོད་སྦྱིན་ཆེན་པོའི་རྡོ་རྗེའི་གསུང་གི་ལན་སྦུབ་ཆོལ་ཆེ་ལེགས་སོགས་སྤྱན་གཟིགས་དང་བཅས་གསོལ་བ་སྒྲ་འཛིན་དགྱེས་རྒུར་སྐྱོད་པའི་སྐལ་བསང་། མི་འགྱུར་བདེ་ཆེན་ལྷ་ལམ་ཡངས་པ་ལས། །མཁྱེན་བརྩེ་ནུས་པའི་ཆུ་འཛིན་ཟློས་གར་ཅན། །ཕན་དང་བདེ་བའི་གྲུ་ཆར་འགྲོ་ཀུན་ལ། །སྩོལ་མཛད་པདྨ་ཀ་རས་དངོས་གྲུབ་སྩོལ། །གང་དེས་ཁྲག་འཐུང་པདྨ་དབང་(༥༠ན)


GLG019_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དང་། །འཇིག་རྟེན་དྲེགས་པའི་དཀྱིལ་འཁོར་དུ་བཅུག་ནས། །གངས་ཅན་རྒྱལ་བསྟན་ཡོངས་ཀྱི་སྲུང་མ་རུ། །ལེགས་བསྒོས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཡི། །དཔལ་གྱི་རི་མོ་གསུམ་པ་ལས་འོངས་པའི། །རྡོ་རྗེའི་ཚིག་གི་སྒྱུ་འཕྲུལ་དྲ་བའི་གར། །སྣ་ཚོགས་རི་མོའི་འཕྲེང་བར་ཡོངས་འཆར་བའི། །བཀའ་རྟགས་ལང་ཚོའི་ཕྱག་རྒྱ་མ་ཉམས་འབྱོར། །ཙཱི་ཎའི་ཡུལ་གྲུ་ལས་འོངས་བརྗིད་པའི་སྒྲ །མི་ཟད་འདོད་འཇོ་ཐོས་འཛིན་དགྱེས་སྐྱེད་དང་། །རོ་བརྒྱའི་དཔལ་ལྡན་རྐང་འཐུང་ཕུད་མ་གང་། །སྟོང་འཁུན་ཡུལ་གྱི་བཟོ་དབྱིབས་ཉམས་པ་མེད། །རབ་དཀར་ཆུ་ཤེལ་དབང་པོ་ཞུན་མ་དག །ཐགས་སུ་གྲུབ་ལྟའི་གན་དར་སྙན་ཤལ་ལ། །ཐུན་འཚམས་རྣམ་པར་བདོ་བའི་གཞོན་ནུ་མས། །མི་ཕྱེད་རྒྱ་ཡིས་དམ་དུ་ལེགས་བཅིངས་ནས། །བསིལ་སྦྱིན་མཁན་པོ་དབྱུག་པའི་དགའ་མ་དང་། །རྩེ་དགར་སྤྱོད་པའི་དཔའ་བོའི་དགའ་སྟོན་ཆེ། །དཔལ་ལྡན་གནོད་སྦྱིན་སྤྱན་སྔར་འབུལ་བགྱིད་ན། །འཕྲིན་ལས་རྣམ་བཞིའི་དོན་ཀུན་འགྲུབ་པར་མཛོད། །ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེ་ནས་ཞབས་དྲུང་རིན་པོ་ཆེ་ལྷ་གཟིགས་བློ་བཟང་མཁྱེན་བརྩེའི་དབང་ཕྱུག་ནོར་འཛིན་ཆོས་ཀྱི་རྒྱལ་པོ་ངག་གི་ལྷའི་བཀའ་ཐམ་ལན་མང་ཐོས་བཟུང་བའི་ཅོད་པན། བློ་གྲོས་བཟང་པོའི་ཆུ་གཏེར་ལས་འོངས་པའི། །མཁྱེན་བརྩེའི་ཉིན་བྱེད་དབང་ཕྱུག་ཡོན་ཏན་འོད། །ནོར་འཛིན་ཀུན་ལ་འགྱེད་པའི་ཆོས་ཀྱི་རྒྱལ། །ངག་གི་དཔལ་གྱུར་ལྷ་རིགས་དམ་པའི་དྲུང་། །རིང་མིན་མཆོག་ཏུ་དགེ་བའི་དུས་ཀྱི་ཆར། །ལེགས་བྱས་ལང་ཚོ་དར་བའི་ཡོངས་འདུའི་སྐུ། །ཕུལ་བྱུང་རྣམ་དཔྱོད་ཡལ་འདབ་གཡུར་ཟའི་རྩེར། །ངོ་མཚར་མཛད་པའི་འབྲས་བུ་རྒྱས་པ་ནས། །བཀའ་ཐམ་ཆུ་འཛིན་གསར་པའི་(༥༠བ)


GLG019_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

མངལ་ཁུར་ལས། །སྙན་ཚིག་རི་མོར་འཕོས་པའི་དབྱར་སྐྱེས་རྔ། །བདོག་པའི་སྐྱེས་ཀྱི་གྲུ་ཆར་གཡོ་བཞིན་དུ། །ཐུན་མཚམས་ཕྱག་རྒྱའི་མདངས་དང་ལྷན་ཅིག་སོན། །སྔོན་རབས་མཛད་པའི་རྣམ་ཐར་དཀར་པོའི་གདུགས། །ཕུལ་བྱུང་སྡེ་བཞིའི་ནོར་བུའི་ཡུ་བ་ཅན། །ཀུན་ལ་ཕན་བདེའི་གྲིབ་བསིལ་སྟེར་བྱེད་དེ། །འཛིན་མཁས་ལྷ་རིགས་རླངས་སྟོན་ཁྱོད་དུ་ངེས། །གསང་བདག་མི་ཡི་སྲིད་བཟུང་བྱང་རྒྱལ་དང་། །ས་སྐྱོང་ཐམས་ཅད་མཁྱེན་པ་གྲགས་འབྱུང་གི །ལུགས་ཟུང་མཛད་པའི་རིན་ཅེན་མུ་ཀུ་ཊ། །ལྷ་གཅིག་ཅོད་པན་རྒྱན་དུ་འཆིང་བར་མཛོད། །དམ་པའི་ཡོན་ཏན་ཆ་ཤས་ཡོངས་གང་ཞིང་། །ལེགས་བྱས་འོད་དཀར་གྲངས་མེད་སྤྲོ་མཁས་པ། །འཆི་མེད་རིགས་ཀྱི་ཆུ་ཤེལ་དབང་པོ་གང་། །རིན་ཅེན་བརྩེགས་པའི་ཁྲི་ལ་བརྟན་གྱུར་ཅིག །ངག་དབང་ལྷ་མོའི་མགྲིན་པ་ལས་འོངས་པའི། །ཉམས་དང་འགྱུར་བ་སྟོང་གི་སྙན་ཚིག་ལྟར། །ཕེབས་ཚོགས་གཏམ་གྱི་སྦྱོར་བ་ཇི་སྙེད་པ། །ཛཧྣུ་ཡི་བུ་མོར་ཅོ་འདྲིར་ཞུ། །བསིལ་སྦྱིན་མཁན་པོ་ཐགས་སུ་གྲུབ་པ་ལ། །འཚམས་སྤྲིན་རྟགས་ཀྱིས་ཉེ་བར་འཁྱུད་བཞིན་དུ། །སྨིན་དྲུག་ཅན་གྱི་དམར་ཕྱོགས་གང་བ་ལ། །གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ནས་ཕུལ། །བཙུན་མོ་ཚལ་དུ་ཚངས་པ་དུང་གི་ཐོར་ཚུགས་ཅན་སྤྱན་གཟིགས་ཚོགས་འཁོར་དང་བཅས་ཏེ་འཕྲིན་དུ་གསོལ་བ་ལྐོག་གྱུར་རྙོག་མ་དྲུངས་བྱེད་ནོར་བུ། ཉི་གཞོན་དང་འདྲེས་ཤེལ་དཀར་ལྕུག་ཕྲན་ཅན། །སྔོན་མེད་མཚན་དཔེས་འཁྱུད་པའི་རི་དྭགས་མིག །འཇམ་དབྱངས་དགྱེས་རྒུར་སྤྱོད་ལ་སྒེག་མོའི་གཟུགས། །གསེར་མངལ་སྲས་ཀྱི་དུས་ཀུན་ཤིས་པར་མཛོད། །ཕུལ་བྱུང་པདྨའི་རིགས་ཀྱི་མཁའ་དབྱིངས་ལས། །གྲངས་མེད་སྤྲུལ་སྐུའི་རྣམ་རོལ་(༥༡ན)


GLG019_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ལྗང་ཅན། །དབྱིག་འཛིན་བསིལ་རིས་བསྐོར་བའི་དགའ་ཚལ་འདིར། །ཐེག་མཆོག་ངེས་གསང་པད་དཀར་མངོན་རྒྱས་ཚེ། །མཐུ་ལྡན་སྟོབས་ཀྱིས་དབང་སྒྱུར་དགེ་བསྙེན་ཆེ། །མཆོད་བསྟོད་འཇིག་རྟེན་དྲེགས་པའི་དཀྱིལ་འཁོར་དུ། །ལེགས་བཅུག་ཕན་བདེའི་རྩ་ལག་རྒྱལ་བའི་བསྟན། །སྲུང་ཞིང་སྐྱོང་བར་གཉེར་གཏད་རྣམ་བཞིའི་ལས། །བསིལ་སྦྱིན་མཁན་པོ་མཁའ་ལ་རྟག་རྒྱུ་ཞིང་། །ཀུནྡ་བཞད་ལ་འགོག་པ་མེད་པ་ལྟར། །མི་འདའ་རྡོ་རྗེའི་དམ་ཚིག་གཉེན་པོ་ཡིས། །དུས་ཀུན་གཡེལ་མེད་སྒྲུབ་ལས་གཞན་དུ་ཅི། །གང་གིས་འབྱུང་འགྱུར་མཐའ་དག་རྗེན་པ་རུ། །སྟོན་པའི་ཚུལ་འདིར་ངེས་པའི་དད་པ་ཡིན། །ཅུང་ཟད་ཕོ་ཉའི་ངག་ནས་གསོལ་བ་ལ། །འགྱུར་མེད་རྡོ་རྗེའི་གསང་ཚིག་ལྷུག་པར་སྩོལ། །སྣ་ཚོགས་ཕྱི་ཡི་མཆོད་པ་མཚོན་པའི་སླད། །དབང་ཕྱོགས་ཁབ་ལས་ལེགས་འོངས་རབ་དཀར་དར། །ལྗོན་པའི་ཤིང་གི་ལོ་མའི་ཕུར་མ་དང་། །སྲ་ཞིང་བརྟན་པའི་གོ་ཆ་དང་བཅས་ཏེ། །ཉིན་མོར་བྱེད་པའི་དབང་པོ་སྨིན་ལེགས་མའི། ཁྱིམ་དུ་ལེགས་སྤྱོད་ཁྲུམས་ཀྱིས་ཉ་བའི་ཟླར། །འཕྲུལ་སྣང་གཙུག་ལག་ཁང་བཟང་འོད་ཟེར་གྱིས། །ལེགས་བསྐྱངས་དགའ་ལྡན་ཁང་གསར་ནས་བྲིས་དགེ །མདོ་སྔགས་ཀྱི་གཞུང་ལུགས་ལ་བློ་གྲོས་དང་བརྩོན་འགྲུས་གཉིས་ལྡན་གི་སྒོ་ནས་འཆད་རྩོད་མཁས་པའི་བྱ་བར་རྣམ་དཔྱོད་ཡངས་པའི་བཤེས་གཉེན་འོད་ཁ་བསམ་གླིང་སློབ་དཔོན་བསྟན་པ་རྒྱ་མཚོ་ལ་སྤྲིངས་པ་མཁས་རྣམས་སྤྲོ་བ་སྐྱེད་བྱེད་སྙིང་གི་གདུང་སེལ། (༥༡བ)


GLG019_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སུ ཧྱ ཏྲི ཛི ས རྦོ མ ཎྜ ལ ཙ ནྡྲ སུ བྷཱི ཀཱི རྟི པྲ ས མ བྷ༔ ཀྲ ཏྶ རྦ ཛྙཱ མྲ ཏ སུ ར ཙ ཏྭ དྷྱཱ༔ ཀ ར ཎྜ བུ ཥ ཀྲྀ །རྒྱལ་(ཛ་ཏིའི་སྡེབ་སྦྱོར་འཕགས་མ།)བ་རྣམས་ཀྱི་གསང་གསུམ་དཀྱིལ་འཁོར་ཀུན། །རབ་རྫོགས་བློ་བཟང་གྲགས་པ་འོད་དཀར་ཅན། །ཤེས་བྱ་ཐམས་ཅད་མཁྱེན་པའི་བདུད་རྩིའི་བཅུད། ཁྱོད་བློའི་ཟ་མ་ཏོག་དུ་རྒྱས་པར་མཛོད། །རྣམ་འདྲེན་བླ་ན་མེད་པའི་བསྟན་པ་ཡི། །གསུང་རབ་རྒྱ་མཚོར་བགྲོད་པར་རྣམ་དཔྱོད་གྲུ། །སྐྱེས་ཐོབ་ཤེས་རབ་ལྗོན་པ་ལས་གྲུབ་པ། །བརྒལ་བརྟག་རྫས་ལྡན་མང་ཐོས་སྒྲ་འཛིན་དེར། །འཇིགས་མེད་སྲ་བའི་རྡོ་རྗེའི་རྗེས་འགྲོ་བའི། །ལེགས་བྱས་དཔྱིད་ཀྱིས་བསྐྱངས་པའི་ལག་ལེན་གྱི། །འཁྲི་ཤིང་མྱུ་གུ་ལང་ཚོ་དར་བའི་རྩེར། །ཐོས་བསམ་སྒོམ་པའི་འབྲས་བུས་དུད་ལས་ཅི། །རིང་ནས་ས་བོན་ཉལ་འགྲོ་ཕན་པའི་གྲོགས། །དུ་མས་ཡུན་དུ་བསྲིངས་ལས་ཡལ་འདབ་དང་། །དྲི་བསུང་མངར་བའི་ལག་འགྲོའི་སྙིང་པོ་རྣམས། །ཚེར་མའི་ཤིང་དང་ལྷན་ཅིག་བསྒྲིགས་པས་ནོངས། །(༥༢ན)


GLG019_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཔྱོད་པདྨའི་སྐུད་པ་ལྟར་ཕྲ་ཞིང་། །རྒྱལ་གསུང་ལོག་པར་སྨྲ་བའི་ལྟོ་འགྲོའི་ལྕེ། །རབ་རྐྱོང་རྨོངས་ཚིག་ཕུད་སྒྲ་ཆེར་སྒྲོག་པས། །བསིལ་ལྡན་གང་བའི་འདྲེན་བྱེད་ཀྱིས་མཐོང་ངམ། །སྤྲིན་བྲལ་ཀུན་གསལ་ངོས་སུ་སྐར་ཕྲན་གཟུགས། །ཕྲ་མོའི་འོད་སྣང་མཆིས་ལ་ས་མོས་དག །འདབ་བརྒྱ་མངོན་པར་རྒྱས་པའི་ཕང་ཕུང་གིས། །རེ་བ་སྐོང་འདོད་མིག་ཡུལ་གྱུར་ཏམ་ཅི། །སྦོམ་ཞིང་རིང་སོགས་ལྗོན་ཤིང་སྡོང་པོའི་རྩལ། །མངོན་པར་རྫོགས་པའི་རྐང་འཐུང་འཕྲེང་བ་རྣམས། །བོར་ཏེ་ཚེར་མ་ཅན་གྱི་ལྕུག་ཕྲན་དག །ཁང་བཟང་གདུང་འདེགས་བྱེད་ཅེས་སྨྲ་ཐོས་སམ། །ན་ཚོད་གསར་པའི་དབྱར་སྐྱེས་གཞོན་ནུའི་འབྲས། །རླན་གཤེར་ཐོས་པའི་དཀའ་སྤྱད་ཀྱིས་སྨིན་པའི། །མཁས་མང་མགོ་སྐྱེས་འདབ་མ་སེར་པོ་རྣམས། །ཟང་ཟིང་མེད་ཅེས་བླུན་པོས་རྩ་ལྟར་འདོར། །ཚེ་རབས་སྔ་ཕྱི་མེད་པའི་འགྲོ་བ་དག །མེད་ཕྱིར་སྐྱེ་བ་ཙམ་ལ་སུ་ཞིག་མཚར། །མོང་རྟུལ་རིགས་མཐུན་དབུས་ན་ཆེན་པོའི་གར། །འགྱིང་བ་ཡིས་ཀྱང་ཐུབ་བསྟན་ཆེས་ཆེར་ཉམས། ཁྱོད་ཀྱི་མང་ཐོས་ཡོན་ཏན་ནོར་བུའི་དཔྱ། །གཟིགས་མོར་མཚར་ཞེས་སྐར་ཚོགས་མཁའ་ལ་རྒྱུ། །རྣམ་དཔྱོད་འོད་མདངས་མ་བཟོད་ཉིན་བྱེད་དབང་། །རིངས་པར་ཆུ་ལྷའི་ཕྱོགས་སུ་བྲོས་སམ་སྙམ། །ན་ཚོད་ཡོལ་ཀྱང་ཐོས་བསམ་ལ་བརྩོན་པས། །དཔྱོད་ལྡན་མཁས་རྣམས་རྗེས་སུ་ཡི་རང་དང་། བླུན་པོ་ཚུལ་འཆོས་ཡིད་ཀྱི་ཨཱ་དརྴར། །མི་སྡུག་གར་དེ་སྒྱུར་ལ་བྲེལ་གྱི་དོགས། །བུ་རམ་ཤིང་པའི་རིང་ལུགས་དྲི་མེད་ཀྱི། །བླ་ན་མངོན་པར་མཐོ་བའི་བཙོང་ཁ་པ། །དམ་པ་གང་དེའི་ལེགས་བཤད་བདུད་རྩིའི་རྒྱུན། །སྙིང་གི་ཡོལ་གོར་སྤུངས་ཤིག་བློ་ལྡན་ཀྱེ། །དབང་ཕྱོགས་གནམ་བསྐོས་རྒྱལ་པོའི་གན་མཛོད་ལས། །འོངས་པའི་རྐང་འཐུང་ཕུར་མའི་འདབ་མ་དག །བློ་ལྡན་སྐྱེམས་སུ་འོས་ཕྱིར་རྟགས་ཀྱི་རྒྱ། །འཚམས་སྤྲིན་གསར་པའི་ལང་ཚོ་རྣམ་པར་འཕྲོས། །དུས་འཁོར་བའི་དཀར་(༥༢བ)


GLG019_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་རྒྱལ་བ་གསུམ་པ། མུན་པའི་མུན་པ་གསལ་བ་ཆེན་པོའི་ལང་ཚོ། ཡོན་ཏན་གྱི་ཡི་གེ་ཨར་རྣམས་འཆར་ཞིང་། དབྱངས་འཆར་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ། དབྱངས་ཨུ། གསལ་བྱེད་ཛྷ། འདོད་ཡོན་དྲི་འཆར་བའི་ཚེ་དགའ་ལྡན་ཕོ་བྲང་ནས་བྲིས། །གོང་མ་རྒྱལ་པོ་ཧོང་དེའི་དྲུང་དུ་ཨོ་བ་ཤི་པཱ་ཐའི་ཇི་བཏང་བའི་དུས་ཕུལ་བའི་ཞུ་ཡིག་འཁོར་ལོས་སྦྱར་བའི་གཏམ་སྙན། ཎི རཱ བྷོ གཱ ཏི ཤྱ གུ ཎཱ ནཱ ས མུ དྲཱ ཛི བ ཏྲི ཀ༔ ཨཱཛྙཱ ཤཱ ཀྱེ ཤྭ རེ ཎ ཤྲེ ཡ ལ ཙྪ བྷཱུ མི པཱ ལ ཧ། །ཕུལ་(སྡེབ་སྦྱོར་ཁ་སྒོ་ཕན་པ།)བྱུང་ཡོན་ཏན་ཆུ་གཏེར་ལས། །དོན་ཀུན་ལྷུན་གྲུབ་བསིལ་སྦྱིན་མཁན། །ཀུན་མཁྱེན་ཤཱཀྱའི་དབང་ཕྱུག་གིས། །ནོར་འཛིན་སྐྱོང་དེར་དགེ་ལེགས་སྩོལ། །(༥༣ན)


GLG019_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་གདུགས་དཀར་གསར་པའི་གྲིབ་བསིལ་ལ། །བཟང་པོའི་ལེགས་བྱས་ངལ་གསོར་བགྱིད་པའི་གནས། །གྲགས་སྙན་ཕྱོགས་བྲལ་ཁྱབ་པའི་རིགས་ཀྱི་བདག །རྣམ་འདྲེན་བཙོང་ཁ་པ་ཡི་རིང་ལུགས་ལ། །རྣམ་དཔྱོད་གསར་པས་ཡོངས་བསྐྲུན་དད་པའི་དཔྱིད། །བསོད་ནམས་དབྱར་གྱི་དཔལ་མོ་བཞད་པའི་མགྲོན། །འགུགས་མཁས་རྩོད་པའི་དུས་ཀྱི་འཁོར་ལོས་སྒྱུར། །མི་རྗེ་ལྷ་ཡི་རྒྱལ་པོ་དམ་པའི་དྲུང་། །སྟོབས་བཅུའི་རྩལ་ལྡན་ཤཱཀྱའི་རིང་ལུགས་པ། །འགྲོ་ལ་མི་དམན་ལྷག་བསམ་ཆེས་དཀར་བས། །བགྱིད་འོས་གཏམ་གྱི་དྲི་ཟའི་པི་ཝང་རྒྱུད། །ཅུང་ཟད་སྒྲ་འཛིན་དབང་པོའི་རྒྱན་དུ་ཞུ། །འཛམ་གླིང་ལུས་ཕྲའི་ཕང་བར་བཀའ་ཁྲིམས་ཀྱི། །འཇིགས་མེད་གསེར་འཁོར་འཕགས་དང་ཆབས་གཅིག་པར། །བསྟན་འགྲོའི་ཕན་བདེའི་འདོད་རྒུ་ཆར་བསྙིལ་ཞེས། །ཐོས་པས་དང་བའི་ཡིད་ཀྱི་མངོན་པར་གསོས། །ཞེས་བཀྲ་ཤིས་པའི་ཚིག་གིས་སྔུན་བསུས་ཏེ། ཀུན་ནས་དགེ་བའི་དུས་ཀྱི་ཚེ་བསོད་ནམས་འབུམ་ཕྲག་རྣམ་པར་འཁྱིལ་བའི་འོ་མཚོ་ལས་རྩོད་པའི་དུས་སུ་རྫོགས་ལྡན་གྱི་དགའ་སྟོན་རིང་ནས་འགུགས་པའི་བྱེད་པོར་གནམ་གྱི་མཐོངས་ནས་དབང་བསྐུར་བའི་ཆོས་ལྡན་གྱི་རྒྱལ་པོ་ཆེན་པོ་ཉིད་སྐུ་གསུང་ཐུགས་ཀྱི་ཉིན་མོར་བྱེད་པ་ལ་ཉེས་ཚོགས་ནམ་མཁའི་གླང་པོའི་དྲིས་ཆ་ཙམ་དུ་ཡང་མ་གོས་ཤིང་། དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ་པའི་ངོས། གནམ་བསྐོས་ཀྱི་རྒྱལ་པོ་འཇམ་དབྱངས་གོང་མའི་ཁྲིར་འཇིགས་བྲལ་རྡོ་རྗེའི་བགྲོད་བྱེད་ཟུང་སྐྱིལ་མོ་ཀྲུང་བཅས་ཏེ་ཡངས་པའི་ནོར་འཛིན་གྱི་ཁྱོན་ཐམས་ཅད་བདེ་བ་ནས་བདེ་བར་སྐྱོང་ངོ་ཞེས་པའི་གཏམ་རིམ་པར་སོན་པ་རྣ་བའི་བཅུད་ལེན་དུ་གྱུར། ཀུན་མཁྱེན་ཟས་གཙང་གི་སྲས་(༥༣བ)


GLG019_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྗེས་སུ་ཞུགས་ཤིང་། གཞུང་ལུགས་ཐོས་བསམ་གྱི་གྲྭར་གནས་པའི་ཤཱཀྱའི་བཙུན་པ་ཡང་འདུ་བ་སྙོམས་ཤིང་། རིས་མེད་པའི་ལུས་ཅན་ལ་ལྷག་པའི་བསམ་པ་དཀར་བར་གནས། འཚམས་ཞུས། བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་དུ་རྗེས་ཆགས་ཀྱི་སྙིང་སྟོབས་ཅན་རྣམས་ས་ཆེན་པོ་ལ་དབང་སྒྱུར་བའི་རྒྱལ་པོའི་སྲིད་པ་བཟུང་སྟེ། གྲངས་མེད་པའི་མངའ་འབངས་དང་བཅས་པ་ལ་དགེ་བ་བཅུའི་ཁྲིམས་བཅས་ཏེ་མངོན་མཐོ་ངེས་ལེགས་སུ་འགོད་པར་མཛད་པས་རྒྱལ་པོ་ཆེན་པོ་ཡང་དེ་དང་ངང་ཚུལ་མཐུན་པའི་འཕགས་ཆེན་དམ་པའི་དབང་ཕྱུག་ཏུ་གོར་མ་ཆག་པས། སླུ་བ་མེད་པའི་མཆོག་གསུམ་དམ་པ་ལ་བླ་མར་འཛིན་ཅིང་། འདྲེན་མཆོག་ཉི་མའི་གཉེན་གྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེར་སྲི་ཞུ། མངའ་འབངས་ཐམས་ཅད་ཆོས་ཁྲིམས་དར་གྱི་མདུད་པ་དང་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཟུང་འབྲེལ་དུ་ལྕི་བའི་མཛད་པ་བཟང་པོ་ལ་ཐུགས་ཀྱི་འདུན་པ་སྔར་ལྟར་གཏོད་པ་དང་། ཉེ་ཆར་ཨོ་པ་ཤི་པཱ་ཐའི་ཇི་འདི་པ་དྲུང་དུ་རྫོང་སྟ་བགྱིས་ཡོད་པས་བདེ་ལེགས་ཀྱི་དངོས་པོ་རྣམ་པར་སྤེལ་བའི་ཕེབས་ཚོགས་ཀྱང་ཆུ་ཀླུང་སྐལ་ལྡན་ཤིང་རྟའི་རྒྱུན་ལྟར་ཞུ། ཞེས་རྟེན་ལེ་ཚན་དང་བཅས། རྒྱ་ནག་པའི་དབྱར་ཆུ་ཤེལ་གྱི་དབང་པོ་དབོས་ཉ་བའི་མགྲིན་སྔོན་ཅན་གྱི་གཙུག་ལག་གི་དཀར་ཕྱོགས། དཔལ་དུས་ཀྱི་འཁོར་ལོ་བའི་དམར་ཕྱོགས་ཀྱི་གང་བ་དང་པོ་དྲང་སྲོང་ཟླ་སྐྱེས་ལྷ་མཚམས་སྨིན་ལེགས་མ་དང་དགྱེས་རྒུར་སྤྱོད་པའི་ཚེ། ལེགས་བྱས་ཀྱི་སྒོ་འཕར་མངོན་པར་ཕྱེ་བ་བོད་ཡུལ་དབུས་ཀྱི་རྡོ་རྗེ་གདན་སྤྲུལ་པའི་གཙུག་ལག་ཁང་ནས་ཕུལ་བ་དགེ །(༥༤ན)


GLG019_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་ཤེས་རབ་བླ་མ་འགྲོ་སྐབས་ཕུལ་བའི་ཞུ་ཡིག་མནྡྷ་རའི་འཕྲེང་བ། མ ཉྫོ རྒྷོ ཥྱཱ ནུ ཏྟ རཻ ར ཛཱ ས རྦྦ སྨི མྦྷཱུ མི བྷི༔ སུ ཀ ར མུ ཝ རྞྞ སྱ ཙ ཀྲི ཎ ཝ ཤཻ རྦ རྟི ཤྩི ཎྱ མ ཎི རྫ གེ ཥུ སུ ཁཱི ཡཱ༔ པྲ ཡ ཙྪ མཱུ ལེ། །ལེགས་བྱས་གསེར་གྱི་འཁོར་ལོས་ནོར་འཛིན་ཀུན་ལ་དབང་སྒྱུར་བ་འགྲོ་བ་རྣམས་ལ་ཕན་བདེ་སྩོལ་བའི་ཡིད་བཞིན་གྱི་ནོར་བུ་འཇམ་པའི་དབྱངས་གོང་མ་རྒྱལ་པོའི་དྲུང་དུ། རྣམ་པར་དཀར་བའི་དང་བའི་ཡིད་ཀྱིས་ཞུ་བ། མཆོག་ཏུ་གྱུར་པའི་དུས་ཉིད་ནའང་བསྐལ་པ་རྒྱ་མཚོར་ལན་གཅིག་མ་ཡིན་པར་གོམས་པའི་དགེ་ལེགས་ཀྱི་བསམ་འཕེལ་དབང་གི་རྒྱལ་པོ་ཅོད་པན་དུ་བཅིང་པ་ལས་འདོད་པའི་རེ་བ་མཐའ་དག་ཆར་དུ་བསྙིལ་བའི་དབང་ཕྱུག་ཡོན་ཏན་བརྒྱད་ཀྱི་ཆ་ཤས་ཡོངས་སུ་གང་བའི་ཚངས་པ་མིའི་གཟུགས་ཅན་གང་གི་སྐུ་གསུང་ཐུགས་ཆུ་ཤེལ་གྱི་དབང་པོའི་དཀྱིལ་འཁོར་ཉེ་བར་འཚེ་བའི་ར་རའི་དྲི་མ་ཕྲ་མོ་ཙམ་གྱིས་ཀྱང་གོས་པ་མི་མངའ་ཞིང་། འཛམ་གླིང་ཡངས་པའི་རྒྱལ་ཁམས་ཀུ་མུ་དའི་ཚལ་ཆེན་པོར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཛད་བཟང་རྫོགས་ལྡན་གསར་པའི་བསིལ་ཟེར་གྱི་དགའ་སྟོན་ཅི་ཡང་དགོད་པའི་སྙན་པར་གྲགས་པའི་རྫ་རྔ་ཆེན་པོ་སྲིད་རྩེའི་བར་དུ་བརྡུངས་པས་ལྷ་དང་བདེན་ཚིག་གྲུབ་པའི་དྲང་སྲོང་རྣམས་ཀྱིས། རྩོད་པའི་དུས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་(༥༤བ)


GLG019_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འབྱུང་བ་ནི་ངོ་མཚར་ཏོ་ཞེས་བཀྲ་ཤིས་པའི་ཚིགས་སུ་བཅད་པས་མེ་ཏོག་མནྡྷ་རའི་འཕྲེང་བ་ཕྱོགས་ཀུན་དུ་ཁྱབ་པར་བྱེད་པར་གོར་མ་ཆག་ཅིང་། དངོས་ཅག་ཀྱང་ཡིད་ཀྱི་འོ་མཚོར་རྗེས་སུ་ཡི་རང་བའི་འདབ་ཆགས་ལུས་དཀར་དབང་པོ་འཕུར་ལྡིང་གཡོ་བར་མཆིས། ཆེད་དུ་ཞུ་མཆིད་འབུལ་བའི་སྙིང་པོ། ཐོག་མར་ངེས་ཤེས་སྐྱེས་ན་ཡང་། །ཕྱི་ནས་ཡང་དང་ཡང་དུ་སོམས། །ཞེས་སྔོན་གྱི་མཁས་གྲུབ་རྣམས་ཀྱི་གསུང་ལས་བྱུང་བ་ལྟར་གོང་མ་ཆེན་པོ་ཉིད་ཀྱི་སྙན་དབང་བཻ་ཌཱུཪྻ་དཀར་པོའི་སྣོད་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕན་བདེ་མཐའ་དག་གི་འབྱུང་གནས་སུ་གྱུར་པའི་བདུད་རྩིས་ཡོངས་སུ་གང་ནའང་། ཡང་སྐྱོར་གྱི་ཚུལ་དུ་གསོལ་བ་དོན་དང་ལྡན་པའི་ཕྱིར་ན་འཛམ་བུ་གླིང་པ་རྣམས་ཚེ་ལོ་བརྒྱད་ཁྲི་པའི་དུས་སུ་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་བ་མཐའ་དག་རྒྱལ་དང་རྒྱལ་བའི་སྲས་བསམས་བཞིན་དུ་སྲིད་པ་བཟུང་བར་གསུང་རབ་རྣམས་ལས་བཤད་ཅིང་། བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་ཡང་འཕགས་པ་རིགས་གསུམ་གྱི་མགོན་པོ་བསམས་བཞིན་དུ་ཆོས་རྒྱལ་མེས་དབོན་གྱི་རྣམ་པར་བསྟན་ནས་འགྲོ་བ་རྣམས་དགེ་བཅུའི་ལམ་ལ་བཀྲི་བར་མཛད། རྒྱ་ནག་གོང་མའི་ཁྲི་ལ་མངོན་པར་མཐོ་བ་མཐའ་དག་འཕགས་པ་འཇམ་དཔལ་གྱིས་བྱིན་གྱིས་བརླབས་པ་ཉག་གཅིག་ཏུ་གྲགས་པ་དོན་དང་ལྡན་པའི་ཕྱིར་ན་གོང་མ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཉིད་ཀྱིས་ཀྱང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་པའི་སྒོ་ནས་མངའ་འབངས་མཐའ་དག་དགེ་བ་ལ་འགོད་པ་དང་། སླུ་བ་མེད་པའི་གཏན་གྱི་སྐྱབས་གནས་མཆོག་གསུམ་དམ་པ་དབུའི་ཅོད་པན་དུ་བཅིངས་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་འགྱུར་བའི་མཛད་པ་བཟང་པོ་གཙོ་བོར་གྱུར་པ་འཕྲལ་ཡུན་ཀུན་གྱི་ལེགས་ཚོགས་ཀྱི་གཞི་ཡིན་ཞིང་། རྒྱལ་བའི་བསྟན་པ་དེ་ཡང་། (༥༥ན)


GLG019_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་དོན་ངེས་དོན་ཐེག་པ་ཆེ་ཆུང་སོགས་གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་གྱི་དབང་གིས་ཇི་སྙེད་ཅིག་མཆིས་ནའང་། གཙོ་བོར་གྱུར་པ་ནི་ཐེག་པ་ཆེན་པོའི་སྡེ་སྣོད་ཅེས་རྒྱ་བོད་ཀུན་དུ་ཡོངས་སུ་གྲགས་པའི་ཚུལ་དེ་ཉིད་གོ་རིམ་མ་འཁྲུལ་བར་སྟོན་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཞེས་མདོ་སྔགས་གཉིས་ཀའི་ལམ་གྱི་སྲོག་ཏུ་གྱུར་པ། ཤིང་རྟ་ཆེན་པོ་དཔལ་མར་མེ་མཛད་ཀྱི་ལམ་སྲོལ་དྲི་མ་མེད་པ་དེ་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་མིའི་སྲིད་པའི་གར་མཁན་མཉམ་མེད་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོས་ལེགས་པར་རྒྱས་པར་མཛད་པས་བསྟན་པའི་སྙིང་པོ་འདི་ཉིད་ཇི་ལྟར་ཉི་མའི་འོད་ཀྱིས་འགྲོ་བའི་སྣང་བ་སྟེར་པ་དེ་སྲིད་དུ་སྤེལ་བའི་ཐབས་ཚུལ་ཉམས་པ་མེད་པ་ཞུ་ཞིང་། གོང་མ་ཆེན་པོ་ཉིད་ཀྱི་སྐུ་ཚེ་ཆབ་སྲིད་མངའ་ཐང་བཞེད་དོན་མཐའ་དག་འབད་མེད་དུ་འགྲུབ་པའི་བདེན་པའི་ཚིག་གིས་ཤིས་པ་བརྗོད་པ་དགོངས་པ་རིན་པོ་ཆེར་བཞུགས་པའི་ཕེབས་ཚོགས་ཀྱང་ཆུ་ཀླུང་སྐལ་ལྡན་ཤིང་རྟའི་རྒྱུན་ལྟར་ཞུ། ཞེས་གཟིགས་བརྟེན་སྟོབས་བཅུ་མངའ་བའི་འཕེལ་གདུང་། སྐུ་སྲུང་རྡོ་རྗེའི་མདུད་པ། རྒྱལ་བའི་སྐུ་བརྙན་འཕགས་ཡུལ་གྱི་ལི་མ་དང་བཅས་མེ་ཁྱི་སྨིན་དྲུག་ཅན་གྱི་ཡར་ཚེས་ལ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་དགའ་ལྡན་ཕོ་བྲང་ནས་ཕུལ། སྟག་ལུང་ཞབས་དྲུང་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱི་ཆབ་ཤོག་ལན་མཐོང་བས་འཛུམ་ཤོར། གྲུབ་པའི་གཙུག་གི་རྒྱན་དམ་པ་རིན་པོ་ཆེར། བཀའ་ཐམ་རྟེན་ལྡན་ཕེབས། དེང་ཕུན་སུམ་ཚོགས་པའི་ལེགས་བྱས་ཆུ་གཏེར་ཆེན་པོའི་འཇིང་ན་རྨད་བྱུང་མཁྱེན་བརྩེའི་འདབ་ལྡན་གྱིས་ལུས་ཅན་མིག་མི་འཛུམ་པ་མཐའ་དག་སིམ་པའི་དབང་པོ་ལས་ཉེ་བར་དྲངས་ཏེ་ཐར་པ་མཆོག་གི་བ་གམ་ཕྱག་(༥༥བ)


GLG019_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སྦལ་བྱུང་བའི་ལམ་དུ་བཅུག་པའི་འཕྲིན་ལས་ཀྱི་དབྱར་རྔས་དབང་པོའི་འདབ་ལྡན་རྨ་བྱ་མཐའ་དག་ཟློས་གར་སྒྱུར་བའི་གཏམ་གྱིས་འདིར་ཡང་རྣ་བའི་གསོས་སུ་གྱུར། ཤཱཀྱའི་རྗེས་སུ་ཞུགས་པའི་སྡོམ་བརྩོན་ཀློག་པ་མཁན་ཡང་བཀའ་སྡེ་སྣོད་གསུམ་ལ་དབང་པོར་བྱེད་པའི་ལུགས་སུ་ཡིན། སླད་ནས་བཀའ་གནང་ཕེབས་ཚོགས་ཀྱང་ཆུ་ཤེལ་ཀྱི་དབང་པོའི་བགྲོད་པའི་ཚུལ་ལ་དཔེ་ཟླར་འོས་པའི་རྒྱུན་བཟང་པོ་སྔར་ལྟར་ཞུ། རྟེན་བཀྲས་བཏགས་དང་བཅས་དབྱངས་ཨོ་འཆར་བའི་ཚེས་ལ་ཕུལ། དོན་བཟང་དམ་པ་གུ་ཤྲིའི་ལན་རྒྱུ་འབྲས་སླུ་བ་མེད་པའི་གཏན་ཚིགས། ལེགས་བྱས་མེས་པོའི་རལ་པ་སྟུག་པོ་ལས། །དལ་འབྱོར་ཛཧྣུ་ཡི་བུ་མོའི་རྒྱུན། །རྣམ་དཀར་ཁྱབ་འཇུག་བགྲོད་བྱེད་ཞབས་བསིལ་ཅན། །དོན་ཀུན་བཟང་པོར་གྲུབ་པ་དེར་སྤྲིངས་པ། །ཤིང་གི་མ་མའི་ངོས་སུ་སུག་པའི་གར། །རབ་བསྒྱུར་མགྲིན་པར་བཅིངས་པའི་ཐུན་མཚམས་ཀྱི། །ཞབས་འོད་རིང་པོར་བརྐྱང་པའི་དབང་གཞུའི་དར། །གསེར་ཡིག་སྙིམ་པར་ལྷ་ལམ་ངོས་ནས་འབྱོར། །ཕུན་ཚོགས་ཟོང་གི་འོད་བརྒྱས་ཕྱེ་མིན་ཞིང་། །དགེ་བཅུའི་སྨིན་ལེགས་འགྲམ་ཆང་གིས་འབྱེད་པའི། །མངོན་མཐོའི་རྟེན་གྱི་མེ་ཏོག་བ་ཀུ་ལ། །ཉེར་འཚེའི་བ་མོས་བསྐྱོད་པ་མེད་དེ་ཤིས། །འདི་སྣང་བདེ་བའི་ཟག་བཅས་གཉིད་ཀྱི་རོ། །ལོངས་སུ་སྤྱོད་པའི་ཆུ་བོའི་ལྕེ་ལྡན་པ། །གཞན་ཕན་བདེ་ལ་རྗེས་སུ་ཆགས་པའི་ཉམས། །ལྷག་བསམ་ཕྱོགས་ཀྱི་འདྲེན་བྱེད་ལེགས་པའི་ལམ། །ཚེ་འདིའི་སྐབས་གསུམ་དབང་པོའི་སྐྱེད་ཚལ་དུ། །དགེ་བའི་ས་བོན་བཏབ་པའི་ཨ་མྲའི་འབྲས། །སྐྱེ་བ་དུ་མའི་སྦྱིན་སྐྱེས་གྲོང་ཁྱེར་དུ། །ལྷུང་དེ་ཟ་བའི་རོ་འཛིན་ཅེས་མི་བདེ། །འཕྲིན་ཡིག་ས་སྲུང་དབང་པོ་གང་། །རྟེན་གྱི་གསེར་སྦྱངས་རྒྱན་སྤྲས་པ། །བཤུལ་རིང་དལ་བུའི་གོམ་(༥༦ན)


GLG019_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་ཀྱིས། །ཤར་ཕྱོགས་དབང་པོའི་གྲོང་དེར་སོང་། །ཁར་ཁ་ཨེར་ཏི་ན་ཧོང་ཐའི་ཇིའི་འཕྲིན་ལན་རིགས་ཀྱིས་མངོན་པར་མཐོ་བའི་དབྱངས། ད ཤ ཝ ལྱ གུ ཎྱ ཙ ནྡྲ ཤྲྀ ཥ སཾ བྷ ར རཱུ པ བཱཾ། །སུ དྷཱི ཀཱི རྟེ ཏྭ ར ཀྵ ཧ ས ཀྲྀ ཀུ ནྡ༔ སུ ཁཱི ཡ ཙ། །སྟོབས་(སྡེབ་སྦྱོར་ཁ་སྒོ་ཕན་པ།)བཅུའི་ཡོན་ཏན་ཆུ་ཤེལ་དབང་། །ཚོགས་གཉིས་རི་དྭགས་གཟུགས་བརྙན་ཅན། །ཕན་བདེའི་ཀུནྡ་བཞད་བྱེད་པའི། །བློ་བཟང་གྲགས་པས་ཁྱོད་ལ་སྲུངས། །དགེ་ལེགས་ངོ་མཚར་སྣང་བ་བྱེད་པའི་གཏེར། །གནམ་བསྐོས་ས་ལ་སྤྱོད་པའི་ཚངས་པ་ཆེའི། །སྙན་འགྱུར་དྲུག་སྐྱེས་གྲུ་ཡི་ཁེངས་འཕྲོག་པའི། །རི་མོ་རྟེན་གྱི་བདོག་པ་སུག་པར་སོན། །རིང་མིན་རྣམ་པར་དགེ་བའི་དུས་ཀྱི་ཆར། །ཉེར་ལེན་ཨུཏྤལ་སྡོང་པོ་གཡུར་ཟ་བར། །མི་མཐུན་དགུན་གྱི་རེག་པས་མི་བརྫི་བའི། །ངོ་མཚར་རྐང་དྲུག་གླུ་དབྱངས་སྒྲོག་པ་སྤྲོ། །ཤེས་བྱའི་རྒྱུད་ལས་འཕོས་པའི་བརྒལ་བརྟག་གི །ཉག་ཕྲན་རྣོན་པོས་ལོག་སྨྲ་འཇོམས་བྱེད་པའི། །འཆད་རྩོད་རྩོམ་པས་བློ་བཟང་རྒྱལ་བའི་བསྟན། །འཛིན་ལ་དངོས་ཅག་(༥༦བ)


GLG019_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་པ་མི་དམན་ཙམ། །འཇམ་མགོན་ཆུ་འཛིན་ལུས་ཕྲའི་ཕང་བ་ནས། །ལེགས་བཤད་ཟད་མི་ཤེས་པའི་ཆར་གྱི་རྒྱུན། །སྐལ་བཟང་མྱུ་གུ་རྒྱས་པའི་ཛ་ན་མོ། །བློ་བཟང་གྲགས་སྙན་འབར་པའི་ལུགས་སུ་ཁུམས། །ངེས་འབྱུང་གློག་གི་དོ་ར་ཡངས་པ་ན། །ཚུལ་འཆོས་སྐད་ཅིག་འོད་ཀྱི་རྩ་དགའ་ཅན། །འཇིག་རྟེན་བྱ་བའི་མུན་པར་མལ་འཆའ་བ། །དྭགས་བརྒྱུད་རྒན་པོའི་ངང་ཚུལ་རྨོངས་པའི་ལུགས། །ཚུལ་ཁྲིམས་དྲི་ལྡན་སྙིང་རྗེའི་གྲིབ་བསིལ་ཅན། །གསང་སྔགས་འབྲས་སྨིན་ལུང་རྟོགས་དཔག་བསམ་ལྗོན། །དགེ་ལྡན་བསྟན་པའི་འཆི་མེད་སྐྱེད་ཚལ་དུ། །འབྱུང་གི་གཞན་ལུགས་གཅོང་རོང་ཁྲོད་དུ་མན། །ཕན་བདེའི་པད་དཀར་བཞད་བྱེད་རྒྱལ་བསྟན་གྱི། །ཉིན་བྱེད་ཆུ་ལྷའི་མཁའ་ལ་གསལ་མི་གསལ། །དུས་འཁྲུགས་སྤྲིན་གྱི་ལང་ལོང་མཐར་སྐྲོད་པའི། །མཉེས་གཤིན་བྱམས་པའི་སེར་བུ་ལྡང་ལ་རག །མ་ཕྱིས་དྲི་མ་མེད་པའི་གང་གི་བློར། །མ་བྲིས་ཡོན་ཏན་ཚོགས་ཀྱིས་རྣམ་བཀྲ་བ། །དལ་བརྒྱད་དཀའ་ཐུབ་བསྟན་པ་མ་ཡིན་པའི། །བློ་ལྡན་ཕུར་བུ་གྲུབ་ཁྱོད་གང་ལས་འོངས། །ཨུཏྤལ་དཀར་པོའི་ཚལ་ལ་ཕྲག་དོག་ཅིང་། །གཉིས་འཐུང་ཚ་བས་རྡུང་བྱེད་རྟ་ལྗང་ཅན། །ཉེར་གནས་ཚིགས་པའི་ཆོ་ག་བསྟར་བ་ཡང་། །རིང་པོའི་མཁའ་ནས་སྣང་བའི་དགའ་སྟོན་སྟེར། །རིགས་ཀྱིས་མངོན་མཐོ་ཡ་རབས་སྤྱོད་པས་མཛེས། །དཔའ་མཛངས་བརྟུལ་ཕོད་ཇིང་གིར་གན་གྱི་བརྒྱུད། །བསྟན་ལ་ཉེར་གུས་གཟུགས་ཅན་སྙིང་པོའི་གྲོགས། །ནོར་འཛིན་སྐྱོང་ཁྱོད་རྟག་ཏུ་བརྟན་གྱུར་ཅིག །བཤུལ་རིང་ལམ་གསུམ་ལས་འོངས་པའི། །འཕྲིན་ཡིག་དྲི་བྲལ་གང་གའི་རྒྱུན། །ཕོ་ཉ་སྐལ་ལྡན་ཤིང་རྟ་ཡིས། །ཆད་མེད་འབབ་པའི་སྦྱོར་བ་འཚལ། །རྗེ་འབངས་མ་ལུས་མི་མཐུན་པའི། །མུན་སྟུག་སེལ་བའི་སྲུང་འཁོར་གྱི། །འོད་ཀྱིས་ཕན་བདེའི་སྣང་བ་དག །འཕྲལ་དང་ཡུན་དུ་སྩོལ་བ་ཡིན། །ཡི་གེ་གཉིས་སྐྱེས་འཁོར་ལོའི་ལག །རྟེན་གྱི་རྐང་གདུབ་བསིལ་(༥༧ན)


GLG019_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སིལ་སྒྲ །སྒྲོག་བཞིན་མིར་གན་དུ་བོན་ཆས། །བདག་གིར་བཟུང་བའི་ཡུལ་དེར་འཕུར། །གོང་ར་ལོ་ཙཱ་བ་གཞན་ཕན་རྡོ་རྗེའི་འཕྲིན་ལན་རི་ཐང་མཚམས་ཀྱི་ནད་སེལ་སྨན་དཀར་ཆིག་ཐུབ། ས ངྒྀ ཏ ཁ པ རི མ རུ དྡྷཱ ཛ ཧ ནྐུ ད ཡ བི ཙཱ ར སཱ རི སུ ཙིཏྲ ཙ། །ཛྙཱ བཱཾ དེ ཤཱ ཀྵ བྷ ཥ དྭི ཡ ཤོ ལེ ཁོ ཀྟ སུ ར ཏ སྨི ནྲ། །རྣམ་(ཛྭཏིའི་སྡེབ་སྦྱོར་འཕགས་མ།)དཔྱོད་རི་མོ་ཡོངས་སུ་དར་བའི་འཇའ། །བརྡ་སྤྲོད་ཀུན་གསལ་འགྲམ་པར་ལེགས་བཀྲ་བའི། །ཤེས་ལྡན་འདྲེན་བྱེད་ཡུལ་གྱི་ཟིལ་དངར་ཅན། །སྐད་གཉིས་སྨྲ་བར་གྲགས་པ་དེ་ལ་སྤྲིངས། །དགེ་བའི་ས་བོན་དར་བབ་ལང་ཚོའི་དཔྱིད། །མངོན་མཐོའི་ཨ་མྲའི་འཁྲི་ཤིང་སྡོང་བུ་ལས། །ཐོས་བསམ་སྒོམ་པའི་ཡལ་འདབ་གཡུར་ཟ་བ། །ཕན་བདེའི་གྲིབ་བསིལ་སྟེར་བའི་ཆོ་ག་མཁན། །དཎྜཱིའི་བཞེད་དོན་ཉམས་འགྱུར་གླུར་བླངས་པའི། །འཕྲིན་ཡིག་དབྱངས་ཀྱི་རྒྱལ་མོའི་པི་ཝང་ཅན། །མེ་ཏོག་ཕྲེང་བའི་སྡེབ་སྦྱོར་སྟོང་གི་རྒྱུད། །རབ་སྒྲོག་སྙིམ་པའི་དོ་རར་གར་ཀྱིས་འགྱིང་། །རྣམ་པར་སྲ་བ་གཞུང་ལུགས་བྱེ་བའི་རྒྱུད། །བརྒལ་བརྟག་རིགས་པའི་ཉག་ཕྲན་གྱིས་འགུགས་པར། །མངོན་པར་རློམ་པའི་(༥༧བ)


GLG019_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་བརྩོན་ཀློག་པ་མཁན། །གཙུག་ལག་བྱེ་བའི་ལྟད་མོར་གཡེང་སྐབས་གྲང་། །སྙིང་མེད་འཁོར་བའི་བདེ་བ་ཆུ་ཤིང་འབྲས། །འབྱུང་འཇིག་ཅིག་ཅར་གྲུབ་པའི་ངན་པའི་མཚང་། །སྟོན་ཕྱིར་བཞིན་རས་སྡོང་བུ་སྡུག་བསྔལ་མདོག །ནག་པོར་བརྣགས་པའི་འགྲོ་འདི་ཡ་མ་བརླ། །ཚུལ་དེས་ངེས་པར་འབྱུང་བའི་སྐྱ་རེངས་ཀྱིས། །སྲིད་པ་མུན་པའི་སྨག་རུམ་དྲུངས་ཕྱུང་ནས། །བསླབ་གསུམ་སྣང་བས་གཏན་བདེའི་འདབ་བརྒྱ་པ། །མངོན་པར་འཛུམ་དེ་ཁྱོད་ཀྱི་རྣ་བའི་བརྒྱན། །ལེགས་སྦྱར་དྲི་ཟའི་རྒྱུད་མང་བརྡུངས་པའི་སྒྲ། །དང་པོས་བོང་རྒན་ངག་སྒྲོས་གླེགས་བམ་གཟིངས། །མུ་ཅོར་གཏམ་གྱི་རྒྱ་མཚོར་ཉེར་ཞིག་པའི། །རྫུན་མཚང་རླབས་ཕྲེང་འཁྲུག་པ་འགའ་མཐོང་ངམ། །ཉམས་དང་འགྱུར་བའི་འོད་དཀར་ལྷབ་ལྷུབ་ཅན། །སྙན་ངག་ཆུ་ཤེལ་དབང་པོ་ཤར་བའི་ཚེ། །གྲོང་ཚིག་གཅེར་བུའི་ཀུན་གསལ་ལུས་ཕྲ་མ། །སྐྱེངས་པས་སྟོང་པའི་དབྱིངས་སུ་བྲོས་པ་བཞིན། །ཨ་འདུས་ཀ་འཕྲེང་སྐད་ཀྱི་གདངས་སྙན་པོར། །ཤར་བ་ལྕི་དང་ཡང་བར་སྤེལ་བའི་གཟུགས། །བྲྀཏྟ་ཛཱ་ཏིའི་སྡེབ་སྦྱོར་ཕྲེང་བ་ཡིས། །རིན་ཅེན་འབྱུང་གནས་སྤུན་ཟླར་བྱས་ཀྱི་དོགས། །རྟོག་པའི་བྱེད་པོས་བརྡ་ཡི་ཆེན་པོར་གྱིས། །ཡིད་ཀྱི་ཀ་ཤི་གསར་པའི་ངོས་ཡངས་པོར། །སྣ་ཚོགས་མིང་གི་རི་མོ་རབ་བཀྲ་བ། །མངོན་བརྗོད་གཟིགས་མོར་བྱེད་ལ་ཚར་དུ་དངར། །ཐ་སྙད་རིག་པའི་སིནྡྷུ་ཝ་རའི་ཚལ། །བཅད་ལྷུག་སྤེལ་བའི་ལུས་ཕྲའི་ཁ་ཆང་གི །འཛུམ་གྱིས་ལེགས་བཤད་མགྲོན་ཀུན་བསུ་མཁས་པའི། །ཟློས་གར་ཀེ་ས་ར་ཡི་མགོ་ལྕོགས་ལྡེམ། །ཕྲ་ཞིབ་རྟོགས་དཀའ་ཤེས་བྱའི་སྣང་བརྙན་ཀུན། །མངོན་སུམ་འཆར་བྱེད་གཡུལ་ལས་རྣམ་རྒྱལ་བའི། །དཀར་ནག་རྩིས་ཀྱི་སྔོན་མེད་མེ་ལོང་གིས། །ཀུན་མཁྱེན་ཡེ་ཤེས་ཁེངས་པ་ཕྲོགས་ཀྱི་དོགས། །རྟོག་(༥༨ན)


GLG019_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་ཚིག་དོན་བརྒྱད་ཀྱི་རིགས་པའི་མདས། །ཕས་རྒོལ་དམ་བཅའི་ལངྐའི་བདག་པོ་དག །སྨྲ་བཅད་ཚུན་རོལ་གྲོང་དུ་ཉེར་བཏང་ཚེ། །སྔོན་མེད་རཱ་མ་ན་ཞེས་ལྷ་རྣམས་གླེང་། །མི་ཤིས་མཚན་མོ་མུན་པའི་ཁང་པ་ན། །ངོ་མཚར་རི་མོ་གློག་གི་གར་མཁན་མ། །བསོད་ནམས་གཟུགས་ཅན་བཞིན་དུ་སྣང་བའི་དཔལ། །བྱེད་པོ་བཟོ་ཡི་རིག་བྱེད་ཕ་མཐའ་ཡས། །སྦྱོར་སྡེའི་འཁོར་ལོ་ཚ་བསིལ་སྙོམས་པའི་རྩིབས། །སྟོང་ཕྲག་རིག་པའི་འཕྲུལ་གྱི་རྣོ་བའི་དབལ། །ནད་ཀྱི་དྲ་བ་གཅོད་པའི་གསོ་རིག་གཞུང་། །ལུས་ཅན་ཀུན་གྱི་ཉེར་འཚོ་འདི་རྨད་བྱུང་། །རྣམ་པར་སྲ་བ་སྒྲིབ་གཉིས་སྲིད་སྒྲུབ་མགོ །ཐེག་ཆེན་མཚོན་གྱིས་བཅད་པའི་ཡེ་ཤེས་དྲི། །ཉམ་ངའི་འདོད་ཆགས་བཟང་པོའི་ལམ་སྒྱུར་བའི། །གསང་ཆེན་ཆོས་འདི་གསར་འགྱུར་རྩི་ཡི་གྲོགས། །རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་གར། །མཚོ་སྐྱེས་རིང་ལུགས་རླུང་ཐུབ་གསེར་ལྡན་གཟུགས། །རྣམ་དཔྱོད་ལྟོ་བར་ཞུ་བས་གྲངས་མེད་པའི། །གཙུག་ལག་གངྒཱ་འཐུང་བར་མཁས་སོ་ལོ། །དེ་ཕྱིར་མགྲིན་པའི་འཁོར་ལོ་རྣམ་གྲོལ་བའི། །དབྱངས་ཀྱི་དཀྱིལ་འཁོར་རྫོགས་པའི་ལེགས་བཤད་གླུ། །སྐལ་བཟང་སྐྱེ་བོའི་རྣ་བར་འཇེབས་སོ་ཞེས། །ཕྱོགས་ཀྱི་སྒེག་མོས་གླེང་མོད་དེ་ལྟ་ནའང་། །ཤེས་རབ་གྲུ་གཟིངས་བློ་གྲོས་ངན་པའི་མཚོར། །རབ་ཞིག་ཆུ་སྲིན་རྒྱལ་མཚན་གྲོགས་པོ་དག །ཉེས་བཤད་རླབས་ཀྱི་དུག་སྦྲུལ་གླིང་ཕྲན་དུ། །མི་དགེའི་འཇིགས་པས་མངོན་པར་གཙེས་མིན་པའི། །རྒྱལ་བསྟན་འཁྲུལ་མེད་ཡོངས་འདུའི་རིགས་ལས་འོངས། །དཔྱད་གསུམ་དག་པའི་དྲི་བསུང་ཆེས་ཆེར་མངར། །ཟུང་འཇུག་འབྲས་བུ་སྨིན་པའི་དྲི་མེད་ཀྱི། །བསྟན་པར་ངེས་ཆེ་ཤེས་ལྡན་སུ་མི་རང་། །ལྔ་བརྒྱའི་དུས་འདིར་ཤེས་བྱ་ཀུན་མཁྱེན་པའི། །གྲགས་པ་དོན་ལྡན་བོད་ཡུལ་པཎྜི་ཏ། །ཆོས་སྐྱོང་བཟང་པོའི་ལེགས་བཤད་(༥༨བ)


GLG019_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་མེད་དུ། །འཛིན་པར་ངེས་ན་བསྟན་ལ་བྱ་བ་བྱས། །ཕྱིས་མིན་རྣམ་པར་དངས་པ་ཁྱོད་ཀྱི་བློར། །བྲིས་མིན་ཡོན་ཏན་རི་མོ་རྣམ་མཛེས་པ། །མཐོང་མིན་གཟིགས་མོར་ཆེད་དུ་ཡ་མཚན་པ། །བྱས་མིན་འབད་མེད་ལྷུན་གྱིས་རྣམ་པར་གྲུབ། །ངན་སྐྱུགས་ཕུང་པོས་ཉེ་བར་གང་བ་ཡི། །འཛམ་བུའི་གསེར་སྦྱངས་ལས་གྲུབ་ཟ་མ་ཏོག །སྣ་ཚོགས་རིན་ཅེན་འཕྲ་ཡིས་ཉེར་བཀོད་པ། །སཱ་ལའི་ལྗོངས་འདི་གང་བ་བཞིན་དུ་བྱེད། །ཐུབ་པའི་གསུང་རབ་རབ་ཏུ་འབྱམས་ཀླས་པ། །ཇི་བཞིན་རྗོད་མཁས་མཁས་པའི་གྲགས་པ་ལྡན། །ལེགས་སྦྱར་སྐད་སྨྲ་སྨྲ་བའི་འཇིག་རྟེན་མིག །རྗེས་འཇུག་ལོ་ཆེན་ཆེན་པོའི་མིང་འཛིན་གང་། །གང་ཞིག་རྙེད་དཀའ་དལ་བའི་རྟེན་བཟང་ལུས། །ལུས་མེད་ཐུལ་གྱི་གསུང་རབ་ཇི་བཞིན་དུ། །དུ་མར་དཔྱད་དང་བསྒོམས་པའི་སྙིང་པོའི་ཚོགས། །ཚོགས་གཉིས་བསགས་ཏེ་དོན་ལྡན་བྱ་བར་རིགས། །འཕྲིན་ཡིག་འབྲུག་སྒྲ་མངལ་འཛིན་ཅན། །སྙན་འགྱུར་སྒྲོ་གཤོག་རབ་བརྐྱངས་ཏེ། །རྟེན་གྱི་གཙུག་ཕུད་ལྡེམ་བཞིན་དུ། །ཆུ་ལྷའི་ཕྱོགས་སུ་ཉེ་བར་སོང་། །འཕགས་ཡུལ་བ་ཨཱ་དྷ་རར་འབོད་པ་ཕྱོགས་འདིར་ཀུན་འཛིན་དུ་གྲགས་ཤིང་རྒྱ་ནག་པ་ཝུན་ཙཱིར་རྗོད་པ། ལྗོངས་འདིར་ས་ཕོ་བྱི་བའི་ལོ། ཧོར་གྱི་ཟླ་བ་བདུན་པ། དུས་འཁོར་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པ། ཡ་ཎའི་དབྱངས་ཧ་དང་གསལ་བྱེད་དྷ་འཆར་ཞིང་། མུན་པའི་མུན་པ་གསལ་བ་ཆེན་པོའི་བུ་མོ། དབྱངས་འཆར་བའི་དམར་ཕྱོགས་ཀྱི་དགའ་བ་གསུམ་པ། དབྱངས་ཨ་གསལ་བྱེད་ཝ། ཁམས་ས། འདོད་ཡོན་དྲི། ཏཏྐལ་གཞུའི་དུས་སྤྱོད་ལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ནས་བྲིས་ཐོ། །སྟག་ལུང་མ་ཐང་རི་བོ་ཆེ་བེ་རི་སྨད་པས་བཅོམ་སྟེ་(༥༩ན)


GLG019_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བོན་པོས་བདག་གིར་བཟུང་བ་དགེ་སོག་མཆོད་ཡོན་གྱི་དྲིན་ལས་སྟག་ལུང་པ་རང་གི་ཕྱག་ཏུ་འགྱུར་སྐབས་ཉམས་གསོས་སུ་ཞབས་དྲུང་ཁྲི་ཐོག་པ་ཕེབས་པར་ཕྱི་ནང་གསང་བའི་བགེགས་རིགས་ལ་བརྟེན་སྟག་ལུང་བཙུན་པོས་འཛིན་པའི་སྙེམས་པ་གཏོང་བར་མངོན་དུ་ཕྱོགས་ཚེ་ཞབས་དྲུང་མ་ཆེན་ངག་དབང་བཀྲ་ཤིས་དཔལ་གྲུབ་ངེས་དོན་ཆོས་ཀྱི་ཉི་མ་རྣམ་གྲོལ་མཆོག་གི་སྡེ་ཀུན་སྤངས་ཉན་རང་གི་ཞི་བདེར་གཞོལ་བ་ལས་བཞེངས་ཏེ་བྱང་སེམས་སྙིང་སྟོབས་ཅན་གྱི་རྣམ་པར་ཐར་བས་ཁམས་ཕྱོགས་སུ་ཆིབས་ཁ་སྐྱོད་པའི་སྟ་གོན་གྱི་སྐབས་ཆབ་ཤོག་ལན་དུ་སངས་རྒྱས་ཡར་བྱོན་གྱི་ཚེམས་སོགས་སྐྱེས་དང་བཅས་གསོལ་བ་ལུགས་གཉིས་དབྱངས་སུ་འཚེར་བའི་པི་ཝང་། མ ངྒ ལྱཱ སཱ རི ཤྩི ཏྲ ཙ ཀྲ ཤྩ བྷ ཝྱཱ ཤཱ ནྟ སྱ ཤྲེ ཡོ ཥྞཱི ཥ བཱ ད ཉྩ ཀོ ཊི། ནྱཱ ས ཤྴཽ བྷ ཤྩ དྡྷཱུ ཏྱ མ ཧྱཱ ཀ རུ ཎྱཱ ཙི ཏྟཱ བ ལྱ ཀྲཱི ཤྭ རྱ མུ ནྱ པྲ ཡ ཙྪ། །སྲིད་(སྡེབ་སྦྱོར་སྣ་ཚོགས་ལྷ་མོ།)ཞིའི་དགེ་ལེགས་བྱེ་བའི་གཙུག་ཏོར་ལ། །བཀྲ་ཤིས་འཁོར་ལོའི་རི་མོ་བཀྲ་བའི་ཞབས། །འགོད་མཛད་སྙིང་སྟོབས་དབང་ཕྱུག་ཟས་གཙང་སྲས། །རྨད་བྱུང་ཐུགས་རྗེ་ཆེན་པོས་དགེ་ཚོགས་སྩོལ། །(༥༩ན)


GLG019_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མ ཎྜ ལ མུ ད དྷེ རྦྲ ས མ བྷཱ ན ནྟ ཀཱ ཪྻ ཅ མཱ ལ ས དྷ༔ དྷ རྨྨོ བྷ བ ཀུ མ ད ཏ སོ ཡ ཏྟ རྨཱུ ལཱ ཏི ཤ ཀུ ལ ཧི མ ལ ཀྵཱ། །མཐའ་(ཛཱ་ཏིའི་སྡེབ་སྦྱོར་མཆོག་དབྱངས།)བྲལ་གྲུབ་རྒྱུད་ཟླ་བའི་མ་མ་ལས། །འཕྲིན་ལས་དཀྱིལ་འཁོར་རབ་ཏུ་རྫོགས་པ་ཡི། །ཕུལ་བྱུང་རིགས་ཀྱི་བསིལ་ཟེར་འབུམ་ཕྲག་གིས། །ཆོས་སྲིད་ཀུནྡ་བཞད་པ་གང་དེའི་དྲུང་། །(༦༠ན)


GLG019_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཡ ཀྵྨཱཻ ཏྲི མེ། ཤ བྷོ ཀྵ ཡ ཝ རྵ རྟི གཱི རྟི གུ ཧྱ གྲྀ། ཤི ཁྲཱི ཧྲི དྨཱ ཡཱ ས པྲྀ ཙྪ སཱ མཱ ཝ རྞྞ མ དྷཱུ རྱ ཙ། །མི་(སྡེབ་སྦྱོར་ཁ་སྒོ་ཕན་པ།)ཟད་གསང་གསུམ་དབྱར་གྱི་དཔལ་མོ་གླུ། །ཕུན་ཚོགས་མཛད་པའི་འབྲུག་གི་སྒྲ་དབྱངས་ཀྱིས། །ཡིད་ཀྱི་མདོངས་མཐའ་སྒྱུ་འཕྲུལ་དྲ་བའི་གར། །བཅས་ཏེ་སྙན་འགྱུར་ཚིག་གིས་མཆིད་འདི་གསོལ། །བཀའ་ཐམ་དྲི་བྲལ་འཁོར་ལོའི་ཡན་ལག་ཅན། །ཚིག་དོན་བཟང་པོའི་རྐང་གདུབ་སིལ་སྒྲ་དང་། །བདོག་པའི་སྐྱེས་ཀྱི་འཕུར་ལྡིང་གཡོ་བཞིན་དུ། །སྙིམ་པའི་རྫིང་བུར་བབས་པས་སྤྲོ་དགའ་རྟས། །རིང་མིན་ངོ་མཚར་རྒྱ་མཚོའི་དུས་ཀྱི་ཆར། །ཀུན་དགའི་མཛའ་བ་སྟེར་བའི་འཛུམ་ཞལ་ཅན། །གསར་ཚེས་གནམ་ལོའི་རི་དྭགས་མིག་ཅན་མའི། །ཟླ་བའི་ནོར་འཛིན་གོས་ཀྱི་དོ་ར་དུ། །ཚོགས་གཉིས་ལང་ཚོ་དར་ལ་བབས་པའི་འབྲས། །མཚན་དཔེའི་རང་བཞིན་རྒྱས་པའི་གཟུགས་ཀྱི་སྐུ། །འཕྲིན་ལས་སྒྱུ་འཕྲུལ་བྱེ་བའི་རྣམ་རོལ་གྱིས། །མངོན་པར་སྒྱུར་(༦༠བ)


GLG019_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐལ་བཟང་འགྲོ་བའི་གཉེན། །ཀུན་ཡིད་དགའ་བདེར་མྱོང་བྱེད་དྲུག་སྐྱེས་གླུ། །རང་རང་སྤྱོད་ཚུལ་རྗེས་སུ་འཇུག་པའི་རྫས། །འཛུམ་ཞལ་ལས་འོངས་གཟུང་གིས་རྒྱལ་བ་ཡི། །ཚངས་དབྱངས་དེ་ལ་མོས་པ་ལྷོད་པོར་བྱེད་། །ལྔ་བརྒྱའི་ངང་ཚུལ་སྣ་ཚོགས་བཀྲ་བའི་ཚོན། །ཕྲ་ཞིབ་པིར་ཀྱིས་རི་མོར་བྲིས་པ་ཡིས། །སྲིད་ཞིའི་ཆོས་ཀུན་མཁྱེན་པའི་ཐུགས་ཀྱི་མཁའ། །ཕ་མཐའ་འཇིག་རྟེན་མེས་པོས་རྟོགས་ནུས་མིན། །འཁྲུལ་བའི་དྲི་བྲལ་འཇམ་མགོན་བཙོང་ཁ་པའི། །རིང་ལུགས་དཔག་བསམ་ལྗོན་པའི་གྲིབ་བསིལ་ལ། །ངལ་གསོར་བསྟི་བའི་སྙོམ་ལས་ཀློག་པ་མཁན། །གནས་ལྔའི་ལྟད་མོར་དགའ་བའི་རིང་པོའི་བློ། །སྲིད་པའི་ཕུན་ཚོགས་སྒྱུ་མའི་ཟློས་གར་མཁན། །འཁོར་བ་ཉེས་བརྒྱའི་འབྱུང་གནས་དུག་སྦྲུལ་ཚང་། །དལ་འབྱོར་རྙེད་དཀའ་འཇིག་སླས་ངེས་བྱུང་ཡང་། །ད་དུང་དངོས་ཅག་ཟིན་མེད་བྱ་བས་བྲེལ། །འོན་ཀྱང་བསླབ་ལས་མི་གཡེལ་འགྲོ་ལ་བརྩེ། །སེམས་ཀྱི་རྡོ་རྗེའི་རྣལ་འབྱོར་ལ་གཞོལ་བ། །ཐུབ་བསྟན་སྙིང་པོར་རིག་པའི་གོ་ཡུལ་ཙམ། །ཆགས་འདི་འཇམ་དཔལ་སྙིང་པོའི་རྗེས་ཞུགས་དྲིན། །ཀུན་ལ་བྱམས་བརྩེའི་ཕྱག་གི་ཉེར་བཟུང་བའི། །ངེས་དོན་པད་དཀར་སྲད་བུའི་མི་ཕྱེད་རྒྱས། །དྭགས་བརྒྱུད་སྐལ་བཟང་ལག་ལྡན་བགྲོད་བྱེད་ཟུང་། །འཆིང་བའི་སྒྱུ་ཐབས་ཆེན་པོ་འདི་རྨད་བྱུང་། །བཀའ་བརྒྱུད་གདན་ཁྲིའི་ཀཻ་ལ་ཤ་ཡི་རྩེར། །ཆོས་ནོར་གདོད་པའི་རྩལ་གསུམ་རབ་རྫོགས་པའི། །རྗེ་བཙུན་གྲུབ་མཆོག་གདོང་ལྔའི་དབང་པོ་ཡིས། །གཅིག་ཤེས་ཀུན་གྲོལ་འཇིགས་མེད་སྒྲ་བསྒྲགས་ཚེ། །མངོན་རྗེས་ཚད་མ་བརྒལ་ཅིང་ཉེར་བརྟགས་པས། །ཀུན་ཤེས་གཅིག་ཏུ་འབྱམས་ཀླས་ས་ཆེན་པོར། །དགེ་བའི་རྩྭ་ཆུས་འཚོ་བའི་རི་དྭགས་རྣམས། །སྐྲག་སྟེ་སྲིད་པའི་སྣང་བ་འགགས་པ་བཞིན། །མི་བསྲུན་ཚེར་དོང་འཇམ་གཉེན་འདབ་(༦༡ན)


GLG019_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་པའི། །སྐྱེད་ཚལ་ལྟར་གཟིགས་གདུལ་དཀའི་ལུས་ཅན་ཚོགས། །འདྲེན་ལ་ངལ་མེད་སྙིང་སྟོབས་གོ་ཆ་ཡིས། །སེམས་དཔའ་གཞན་རྣམས་ཞི་བདེར་མནལ་གྱི་དོགས། །གངས་ཅན་རི་བོས་བྲེས་པའི་དབང་ཕྱོགས་ཀྱི། །རྒྱ་ཆེན་སྐྱེ་རྒུའི་འདུ་སར་མཛད་བཟང་གི །ནོར་བུའི་ཡུ་བས་བཏེག་པའི་ལུགས་ཟུང་གདུགས། །སྲིད་པའི་རྩེ་མོའི་ཕ་མཐར་འཁོར་སྙམ་བྱེད། །མ་རིག་འཁོར་ལོས་ཐར་པའི་མགྲིན་ཆད་པའི། །ལུས་ཅན་ལྷ་མིན་དབང་པོ་འཚོ་བའི་སྲོག །སྟེར་བའི་བྱེད་པོ་སྔོན་ཆད་གངས་ཅན་འདིར། །མཆིས་མིན་བདུད་རྩིའི་དཔལ་འདི་སུ་ཡིས་བསྐྲུན། །འཛད་པ་མེད་པ་དམ་པའི་ཆོས་ཀྱི་དུང་། །དཔྱད་གསུམ་དག་པའི་གཡས་སུ་འཁྱིལ་བའི་གླུ། །གྲུབ་རིགས་བསྟན་པ་བསུ་ཕྱིར་ལེན་པ་ལ། །པད་དཀར་གཞོན་ནུ་ཁོང་ནས་འཛུམ་པ་འདྲ། །མཛེས་སྡུག་རྣམ་པར་བཀྲ་བའི་སྒྲོ་གཤོག་ཚོགས། །བཀོད་ལེགས་གདུགས་ལྟར་ཕུབ་པའི་འགྱིང་བག་གིས། །ཡངས་པའི་ནོར་འཛིན་དབུས་སུ་གར་སྒྱུར་བར། །མངོན་ཕྱོགས་རྨ་བྱ་གཞོན་ནུ་ཅི་ཡང་བྲེལ། །མཁའ་ལྡིང་དབང་པོའི་གཞོན་པ་མ་མཆིས་ཤིང་། །འཁོར་ལོའི་རི་མོས་ལག་པས་མཚན་མིན་ལ། །འགྲོ་སྐྱབས་གསེར་ཅན་སྲོག་དང་མ་བྲལ་བའི། །སྣ་ཚོགས་གཟུགས་ཅན་ཁྱོད་ནི་སུ་ཡིས་བསྐྲུན། །ཆུ་ཤེལ་དབང་པོས་རབ་དཀར་སྣང་བའི་དཔལ། །ལྷོ་ཕྱོགས་དྲི་ཡིས་བསིལ་བའི་རེག་བྱ་མཆོག །ཀ་ཤི་མཛེས་དགའི་བཞིན་གྱིས་འདོད་པའི་བདེ། ཁྱོད་ཀྱིས་འགྲོ་ཀུན་བྱང་ཆུབ་མཆོག་ལ་སྦྱོར། །ཆེས་སྲ་རྣམ་དཀར་རྒྱུད་ལས་ཉེར་འཕོས་པའི། །དགེ་ལེགས་མདའ་ཡིས་ཡིད་སྲུབས་སྙིང་བསྣུན་ཁྲག །མཆུ་སྒྲོས་ལན་བརྒྱར་བསྒོས་པའི་འཛུམ་རླབས་ཀྱིས། །མཚོ་སྐྱེས་འདབ་ལྡན་མགྲོན་ཀུན་(༦༡བ)


GLG019_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས་པ་བཞིན། །ཡང་དག་འབྲས་དོར་སྡུག་བསྔལ་སྲ་མཁྲེགས་ཅན། །འཁོར་བ་ཨེ་རཎྜ་ཡི་ལྗོན་པ་ལ། །བདེ་བའི་སྙིང་པོར་རེ་བའི་འཁྲུལ་བའི་འགྲོ ། འདྲེན་པ་ཁྱོད་ཉིད་གསེར་མངལ་ཅན་གྱིས་བསྐོས། །རྒྱུ་རྐྱེན་གློག་གིས་བདེ་གཟུགས་གཟིགས་མོའི་དཔྱིད། །ཅུང་ཟད་གྲུབ་པའི་ཕ་མཐའ་དུ༔ཁའི་མུན། །གློང་དུ་འཕྱན་རྣམས་འཁྲིད་པའི་ས་མཁན་ལ། །ཉི་མའི་གཉེན་དང་ཁྱོད་གཉིས་ཐ་མི་དད། །བཟོད་དཀའ་སྲིད་པའི་རང་བཞིན་ཡ་མ་བརླ། །གཏན་བདེར་བསྐྲུན་ཚེ་དཀར་ནག་ལས་འབྲས་རོ། །གཅིག་ཏུ་གྲུབ་པས་དགེ་སྡིག་ཤན་འབྱེད་པའི། །གསལ་བྱེད་མེ་ལོང་དེ་ལ་ཅོ་འདྲི་སྙམ། །དེ་ཕྱིར་གདུལ་བའི་ཞིང་ཁམས་གྲངས་མེད་རྡུལ། ཁམས་དང་དབང་པོར་འཚམ་པའི་མཛད་པ་ཡིས། །ཐར་པའི་བཀའ་རྒྱུད་ཤིང་རྟ་ཚུལ་དེ་ལ། །མོས་ལྡན་རྣམས་ཀྱི་བློ་ཡི་རྭ་བར་དྲོངས། །འཕྲིན་ལས་ཡོལ་བ་མེད་ལ་རྒྱ་མཚོའི་རླབས། །འགྲོ་བའི་རེ་འདོད་སྐོང་ལ་དཔག་བསམ་དབང་། །གདུང་སེལ་བདུད་རྩི་སྟེར་ལ་ཟླ་གཞོན་དང་། །མཚུངས་ཁྱོད་བསྐལ་བརྒྱར་ཞབས་པད་བརྟན་གྱུར་ཅིག །མགྲིན་པའི་འཁོར་ལོ་རྣམ་པར་གྲོལ་བ་ཡིས། །ནམ་ཡང་ཟད་པ་མེད་པའི་བཀའ་མཆིད་རྒྱུན། །དྲང་སྲོང་ཛ་ཧུའི་བུ་མོའི་སྤུན་ཟླ་གང་། །བསྒྱུར་མིན་འདྲེན་བྱེད་ཡུལ་དུ་རྒྱུ་བར་གསོལ། །ཞུ་མཆིད་ཀུནྡ་སྤྱན་ཟུང་བྷྲ་མ་ར། །འཇུག་སླད་སངས་རྒྱས་ཡར་ངོའི་ཟླ་སྣང་ཚེམས། །ལྷ་རྫས་དབང་ཕྱོགས་ས་འཛིན་རྩེར་བྱོན་པར། །རྟེན་འབྱུང་ཐུན་འཚམས་རྒྱ་ཡིས་ཉེར་སྤྲས་ཏེ། །ཀུན་ཚིག་ལང་ཚོ་རྒྱས་པའི་གནྡྷ་རྦྷ། །ཉམས་འགྱུར་སྟོང་གི་རྒྱུད་མང་འཁྲོལ་བཞིན་དུ། །ལྕི་ཡང་ཕྲེང་བར་སྤེལ་བའི་གར་སྟབས་ཀྱིས། །གནོད་སྦྱིན་ཕྱོགས་ཀྱི་ས་འཛིན་ངོས་དེར་སོང་། །འཕགས་ཡུལ་བ་ཨཱ་དྷ་ར་ཞེས་འབོད་པ་ཕྱོགས་འདིར་ཀུན་འཛིན་དུ་གྲགས་ཤིང་། (༦༢ན)


GLG019_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཙཱི་ནའི་ཡུལ་གྲུར་ཝུན་ཙཱི་ཞེས་པ་ཁ་བའི་ཡུལ་འདིར་ས་ཕོ་བྱི་བའི་ལོ། ཧོར་གྱི་ཟླ་བ་བདུན་པ། དམར་ཕྱོགས་ཀྱི་དགའ་བ་དང་པོ། དུས་འཁོར་བའི་ཡ་ཎའི་དབྱངས་ལཱྀ། གསལ་བྱེད་དཱྀ་འཆར་ཞིང་། ཁམས་ནམ་མཁའ། སྙིང་སྟོབས་ཀྱི་མུན་པ་འཇུག་པ་ཆུང་ངུའི་བུ་མོ་དང་། །དབྱངས་འཆར་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ། དབྱངས་ཨཱ། གསལ་བྱེད་ཙ། ཁམས་ས། འདོད་ཡོན་དྲི། ཏཏྐཱལ་བུ་མོའི་དུས་སྦྱོར་ལ་མཁས་མང་རྒྱ་མཚོའི་བསྟི་གནས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ནས་ཕུལ། བསམ་ཡས་ནས་གནོད་སྦྱིན་ཆེན་པོའི་རྡོ་རྗེའི་གསུང་ལན་འཕྲིན་ལས་དཔག་བསམ་སྙེ་མ། དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །སྤྲུལ་སྐུའི་གཟུགས་སུ་ཤར་བ་མཚོ་སྐྱེས་རྗེའི། །བཀའ་སྲུང་སྲོག་གི་བཤན་པ་ཆེན་པོ་ཡི། །འཕྲིན་ཡིག་རྟགས་ཀྱི་མཚན་མར་བཅས་པ་འབྱོར། །བསིལ་ལྡན་ཕན་བདེའི་རྩ་ལག་སྤེལ་བ་ལ། །ལྷག་པའི་བསམ་པ་ཟླ་གཞོན་ལྟ་བུར་དཀར། །དགེ་ཚོགས་སྒྲུབ་ལ་མཐུན་རྐྱེན་མ་ལུས་པ། །གཡེལ་མེད་སྩོལ་བའི་ནུས་པའི་མཐུ་དཔུང་སྐྱེད། །སྙན་ཤལ་གསེར་སྐྱེམས་གོས་བཟང་རོལ་མོ་དང་། །རྐང་འཐུང་འབྲས་བུར་བཅས་པས་ཉེར་མཚོན་པའི། །ཕྱི་ནང་གསང་མཆོད་དངོས་བཤམས་ཡིད་སྤྲུལ་པ། །རབ་བཞེས་བཅོལ་པའི་འཕྲིན་ལས་མ་ལུས་སྒྲུབ། །སྔོན་གྱི་དམ་ཚིག་གཉན་པོ་ཉེར་དགོངས་ལ། །བདག་ལ་གནོད་པའི་དགྲ་བགེགས་མ་ལུས་པ། །སྟེང་འོག་ཕྱོགས་མཚམས་གང་དུ་གནས་ཀྱང་རུང་། །སྙིང་ཁྲག་འཐུང་ལ་མྱུར་དུ་ཚར་ཆོད་ཅིང་། །ཚེ་དང་བསོད་ནམས་དཔལ་འབྱོར་དབང་ཐང་དང་། །དམ་ཆོས་སྒྲུབ་པའི་མཐུན་རྐྱེན་ལེགས་ཚོགས་ཀུན། །བསམས་པ་ཙམ་གྱིས་རེ་བ་ཀུན་སྐོང་བའི། །ཡིད་བཞིན་(༦༢བ)


GLG019_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་རྒྱལ་པོ་ལྟ་བུར་མཛོད། །ཀུན་འཛིན་བགྲང་བྱའི་ཁྲུམས་ཟླ་ཡི། །དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེ། །གསང་ཆེན་ཆོས་ཀྱི་ཕོ་བྲང་ཆེ། །གྲུ་འཛིན་གཉིས་པའི་རྩེ་ནས་བྲིས། །འབྲི་གུང་ཞབས་དྲུང་ཁྲི་ཐོག་རིག་འཛིན་ཆེན་པོ་དཀོན་ཆོག་ཕུན་ཚོགས་ཆོས་ཀྱི་གྲགས་པ་དཔལ་བཟང་པོས་འདུལ་བའི་རྒྱ་ཆེར་འགྲེལ་གཡར་པོ་དགོས་ཚུལ་བྱུང་བ་འབུལ་བ་དང་གྲུབ་ཆེན་ཛ་བེར་གྱི་རླུང་ཁྲིད་སྐོར་གཡར་པོ་དགོས་ཚུལ་འཕྲིན་དུ་གསོལ་བ་པད་འབྱུང་གཉིས་པར་སྒྲོག་པའི་གླུ་དབྱངས། ས རྦྦཱ ཇོ ནྱཱ པ ཎྜི ཏ སི དྡྷི ཏྲི གུ ཧྱ ནཱ ཊ ཀྵཱ བཱཾ ཙ། པྲ བྷུ མ ཎྜ ལ ཙ ཀྲཱ ནཱ ཐོ དྷྲྀ གྨ ནྟྲེ ནྡྲ ཨཱ མཱུ ལེ། རྒྱལ་(ཛ་ཏིའི་སྡེབ་སྦྱོར་འཕགས་མ།)བ་ཀུན་གྱི་གསང་བ་གསུམ། །མཁས་དང་གྲུབ་པའི་ཟློས་གར་ཅན། ཁྱབ་བདག་དཀྱིལ་འཁོར་འཁོར་ལོའི་མགོན། །གསང་སྔགས་འཆང་བའི་དབང་པོའི་དྲུང་། །(༦༣ན)


GLG019_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བྲལ་ཡིད་ཀྱི་ཀུན་གསལ་ངོས་ཡངས་པོར། །རྣམ་དཀར་མཛད་པའི་དབང་པོའི་གཞུ་རིས་ཅན། །ངོ་མཚར་བཀོད་པ་རྒྱ་མཚོས་རབ་བསྐུལ་ནས། །མགྲིན་པའི་འཁོར་ལོ་རྣམ་པར་གྲོལ་ཏེ་གསོལ། །མཐའ་བྲལ་བསོད་ནམས་བྱེ་བའི་ཆུ་གཏེར་ལས། །མཚན་དཔེའི་ཆ་ཤས་ཡོངས་སུ་ཉེར་གང་བ། །རྨད་བྱུང་གཟུགས་སྐུར་གྲུབ་པའི་ཟླ་སྣང་གིས། །ལུས་ཅན་ཕན་བདེའི་ཀུནྡ་དར་བའི་དཔྱིད། །འཛད་མི་ཤེས་པ་དམ་པའི་ཆོས་ཀྱི་དུང་། །ལོངས་སྤྱོད་འཁོར་ལོ་གཡས་སུ་འཁྱིལ་བའི་སྒྲ ། འགག་མེད་ཚངས་པའི་དབྱངས་སུ་ཉེར་བླངས་པས། །མེས་པོས་རྒྱལ་གསུང་དཔེ་ཟླར་སྤྲུལ་ལམ་སྙམ། །ཤེས་བྱའི་རང་བཞིན་དཔག་བསམ་ལྗོན་པའི་འབྲས། །མངོན་སུམ་རོ་བརྒྱའི་དཔལ་དུ་སྨིན་པའི་བཅུད། །མཁྱེན་པའི་སྐབས་གསུམ་དབང་པོས་ལོངས་སྤྱད་ཚེ། །སྲིད་ཞིའི་ཆོས་ཀུན་ཁྱོད་ཐུགས་ཀློང་དུ་མནལ། །ཕུལ་བྱུང་འཕྲིན་ལས་ཡན་ལག་བརྒྱད་ལྡན་རྒྱུན། །ལྔ་བརྒྱའི་ཉེས་ཚོགས་འཁྱུད་པའི་ཆོ་ག་མཁན། །བྱང་གྲོལ་བསིལ་བའི་རེག་བྱ་ལྷར་བཅས་འགྲོའི། །གཏན་བདེའི་དཔྱིད་དུ་སྤུན་ལས་གཞན་དུ་ཅི། །འདི་ན་འཇམ་མགོན་ཀུན་མཁྱེན་བཙོང་ཁ་པའི། །རིང་ལུགས་འཛིན་རློམ་སྡོམ་བརྩོན་ཀློག་པ་མཁན། །ཟ་ཧོར་རིགས་ཀྱི་ཨཱ་ཝ་དྷཱུ་ཏཱི་པ། །ཐོས་བསམ་སྒོམ་པའི་ཚུལ་ལ་མོས་བློར་མཆིས། །ཨེ་མ་རྨད་བྱུང་མཛད་བཟང་མཆོག་གི་དྲི། །གྲགས་སྙན་ལྷོ་ཕྱོགས་བསིར་བུས་རབ་བསྐྱོད་པ། །སྐྱེ་རྒུའི་ཡིད་ཀྱི་ཚ་གདུང་འཕྲོག་བྱེད་པའི། །སྔོན་མེད་མ་ལ་ཡ་ཡི་སྤུན་ཟླར་བྱས། །ཆོས་སྐུར་ངོ་སྤྲོད་དྲི་ཟའི་པི་ཝང་རྒྱུད། །དང་པོར་བརྡུངས་ཚེ་འཁྲུལ་པའི་རྒྱ་མཚོ་ཆེར། །རྣམ་རྟོག་གྲུ་གཟིངས་བཤིག་ཚེ་ས་ར་ཧ། །སྐྱེངས་པས་མཁའ་སྤྱོད་གནས་སུ་(༦༣བ)


GLG019_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བྲོས་ཀྱི་དོགས། །སྒྲིབ་གཉིས་མུན་པ་ཀུན་འཇོམས་སྣང་བཞིའི་ལམ། །ཚེ་གཅིག་ཀུན་བཟང་སར་འགོད་རྫོགས་པ་ཆེ། །སྔ་འགྱུར་ཆོས་ཀྱི་སྒོ་འཕར་བརྒྱ་ཕྱེ་བས། །མངལ་སྐྱེས་པདྨ་འབྱུང་ཞེས་ལྷ་རྣམས་གླེང་། །དབུགས་བྲལ་བམ་ཆེན་སྟེང་དུ་གར་རྩེ་བའི། །དོན་སྙིང་ཁྲག་གིས་མྱོས་པའི་དམ་ཅན་ཚོགས། །བྲན་ལྟར་སྐུལ་བའི་རིག་སྔགས་མཐུ་གྲུབ་པས། །གནུབས་སྟོན་རྒྱ་ཞང་ཁེངས་པ་ཕྲོགས་པ་བཞིན། །བླུན་སྒོམ་རྒན་པོའི་རང་བཞིན་ཡ་མ་བརླ། །རིང་པོར་དོར་བའི་མང་ཐོས་རྣམ་དཔྱོད་ཀྱིས། །གནས་ལྔའི་བསྟན་པ་སྤེལ་བའི་ཤོང་དཔང་དང་། །ཆོས་སྐྱོང་བཟང་པོའི་རྣམ་པར་ཐར་འདི་གསོན། །བློ་གྲོས་ཀ་ཤི་མཛེས་དགའི་འདྲེན་བྱེད་དེར། །བྱིངས་དང་རྣམ་འགྱུར་རྐྱེན་གྱི་ཁ་དོག་ཚོན། །རྣམ་བཀྲ་བརྡ་སྤྲོད་འཁྱོག་པོར་ལྟ་བའི་དཀྱུས། །བསྟན་ཚེ་ལྷ་ཡི་བླ་མའི་ཁེངས་པ་ཕྲོགས། །ཉམས་དང་འགྱུར་བའི་རྐང་གདུབ་སྒྲ་འཁྲོལ་ཞིང་། །ཤར་ལྷོའི་ལམ་བཟང་འདབ་གཤོག་རབ་སྐྱོད་པའི། །སྙན་ངག་གཉིས་སྐྱེས་ལུས་དཀར་དབང་པོ་དེ། །སྔོན་བྱོན་མཁས་རྣམས་མགྲིན་པའི་པད་མཚོར་རོལ། །བྲྀཏྟ་ཛཱ་ཏིའི་རྣམ་བཀྲ་ཟ་འོག་ཐགས། །ལྕི་དང་མང་བའི་སྣ་ཚོགས་རི་མོ་ཅན། །ལེགས་སྦྱར་སྐད་ཀྱི་བོས་སུ་ལེགས་གྲུབ་པ། །གྱོན་མཁས་གངས་རིའི་ལྗོངས་སུ་མང་ཞིག་རྒྱུ། །གྲོང་ཆོག་ན་ཀྲའི་ཚོགས་ཀྱིས་མ་གཙེས་ཤིང་། །སྙན་ཚིག་དུས་ལས་ཡོལ་བ་མེད་པའི་བརླབས། །སྔ་ན་མཆིས་མིན་མངོན་རྗོད་རྒྱ་མཚོའི་མཐར། །བགྲོད་བྱེད་ཤེས་ལྡན་རྣམས་ཀྱི་གྲུ་གཟིངས་ཆེ། །གྲངས་མེད་སྐད་རིགས་བཻ་ཌཱུར་འཁྱིལ་བའི་ཁམས། །བཅད་ལྷུག་སྤེལ་མའི་རི་མོའི་སྣང་བརྙན་ཅན། །ཀུན་གྱི་གཟིགས་མོར་མཚར་བའི་ཟློས་གར་གྱི། །ནོར་བུའི་རྣ་རྒྱན་མཁས་(༦༤ན)


GLG019_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འགྲམ་པར་སྤ། །ལྐོག་གྱུར་ཤེས་བྱའི་རི་དྭགས་མིག་ཅན་བཞིན། །དཀར་ནག་རྩིས་ཀྱི་མེ་ལོང་ངོས་ཤར་བའི། །རྣམ་དཔྱོད་ཚོགས་ཀྱིས་དཔལ་སྟུག་མཁྱེན་པ་ལ། །མོས་པའི་བློ་དང་ལྷོད་པོར་གྱུར་མིན་ནམ། །ནད་མུན་ཐུན་གསུམ་སྨག་རུམ་སྟུག་པོའི་མཐའ། །བདེ་བའི་སྐྱ་རེངས་དང་པོར་འཆར་བྱེད་སྨན། །གསོ་རིག་གཙུག་ལག་ཉིན་བྱེད་དབང་པོ་དེ། །གཡུ་ཐོག་རིང་ལུགས་རྟ་ལྗང་བདུན་གྱིས་དྲངས། །སྙིང་མེད་འཁོར་བའི་དངོས་ཀུན་གཏན་བདེའི་རྒྱུར། །སྒྲུབ་བྱེད་བསོད་ནམས་ཞིང་གི་དཔལ་གྱུར་པ། །འཕགས་ཆེན་དམ་པའི་སྣང་བརྙན་གྲངས་མེད་དང་། །སྐྲུན་བྱེད་གསོ་རིག་ཤེས་ལྡན་གཟིགས་མོར་མཚར། །ལོག་པར་སྨྲ་བའི་དམ་བཅའི་རི་དྭགས་སྙིང་། །ཕྲ་ཞིབ་རིགས་པའི་གདོང་ལྔའི་སྒྲ་དབྱངས་ཀྱིས། །ཅིག་ཅར་འགས་བྱེད་རྟོག་གེའི་ཚིག་དོན་བརྒྱད། །སྨྲ་མཁས་ཆོས་ཀྱི་གྲགས་པ་གཉིས་པ་མང་། །རྣམ་གསུམ་སྡེ་སྣོད་སྙོམས་འཇུག་ལ་གནས་ཤིང་། །གསང་ཆེན་ཐེག་པའི་སྣང་བྱེད་མེ་དཔུང་གིས། །སྒྲིབ་གཉིས་སྔོན་གྱི་ལྷ་རྣམས་སྲེག་བྱེད་པའི། །རྒྱ་བོད་མཁས་གྲུབ་དཔལ་མགྲིན་ཅན་དེ་མཚར། །འགྲོ་འདྲེན་སྙིང་སྟོབས་གོ་གྱོན་བྱང་སེམས་རྣམས། །མཐའ་ཀླས་ཤེས་བྱའི་ཚུལ་ལ་ལེགས་སློབ་ཕྱིར། །ཕྱག་རྫོགས་གྲུབ་རིགས་བསྟན་འཛིན་དབང་པོ་ཁྱོད། །བཅུ་ཕྲག་རིག་གནས་ཚད་མས་གཞལ་ལམ་ཅི། །སོས་དུས་རབ་དཀར་ཆུ་འཛིན་ལང་ལོང་དབུས། །དབྱར་རྔ་དལ་གྱིས་སྙན་པོར་སྒྲོག་པའི་སྐད། །རིང་པོའི་མཐའ་ནས་བསྒྲགས་ཚེ་གཙུག་ཕུད་ཅན། །དགའ་བའི་གར་སྟབས་སྒྱུར་ལ་ཅི་ཡང་བྲེལ། །ཡིད་འོངས་ཨེ་རཎྜ་ཡི་ལྗོན་པ་ལས། །འབྲས་བུ་ཁུར་དུ་དུད་པའི་(༦༤བ)


GLG019_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཀྱི་རོ། །མངར་པོར་ཡོངས་སུ་སྤྱོད་འདོད་སྐྱེ་བོ་འགའ། །བདེ་བའི་སེམས་ཀྱིས་ངལ་ཏེ་གཉིད་ལ་ཡུར། །ལྷ་ལམ་ངོས་སུ་རླུང་གི་རྒྱལ་མཚན་ཅན། ཁྱབ་འཇུག་ལག་པར་འཁོར་ལོའི་རི་མོ་མཛེས། །བགྲང་ཡས་འགྲོ་བའི་ཉེར་འཚོར་ཉི་མའི་གཉེན། །སྔ་འགྱུར་བསྟན་པའི་དབུས་ན་རིག་འཛིན་ཁྱོད། །སྙིགས་དུས་ཚེར་རྣོན་འཁྱོག་པོའི་ནགས་ཀླུང་ཁྲོད། །སྐྱེ་སྤྲུལ་ཙན་དན་ལྗོན་པ་དར་བབ་གང་། །ཤར་ཕྱོགས་དབང་པོའི་ཕང་པར་ཁྱོད་ཉིད་ལ། །རེ་བའི་གདུལ་བྱར་ཕན་བདེའི་དྲི་བསུང་སྩོལ། །སྙན་འགྱུར་མགྲིན་པའི་དྲིལ་ཆུང་སིལ་ཁྲོལ་ཅན། །དོན་བཟང་འཇམ་གཉེན་སྒྲོ་གཤོག་ཆེར་ངོམ་པའི། །དཀར་མཆིད་གཞན་སོས་དཔྱིད་ཀྱི་ཕོ་ཉ་དག །དབྱར་གྱི་དགའ་སྟོན་ཆད་དུ་ཆད་མེད་ཞུ། །ཉམས་འགྱུར་སྟོང་གི་ལང་ཚོ་ཆེར་རྒྱས་པའི། །རི་མོ་སྒྱུ་རྩལ་སྤྱོད་ཀྱི་གར་མཁན་མ། །ཟླ་ཤེལ་ཐགས་སུ་གྲུབ་པའི་གོས་གྱོན་ཏེ། །འཚམས་སྤྲིན་རྒྱ་ཡི་དོ་རར་གར་གྱིས་རོལ། །དབང་ཕྱོགས་འཇམ་དབྱངས་གོང་མའི་རྒྱལ་ཁབ་ན། །ལོ་འགོ་བཅུ་གཉིས་བདག་པོ་གཞུ་ཁྱིམ་དུ། །ཉེར་སྤྱོད་དཀར་ཕྱོགས་རྒྱལ་བ་གསུམ་པ་ཡི། །དབྱངས་ཀྱི་རྒྱལ་མོ་ཨུ་ཡིག་ཆར་ཚེ་ཕུལ། །གོང་ནས་ངོས་ཕོ་བྲང་དུ་འབྱོར་དགོས་ཚུལ་གྱི་བཀའ་ཤོག་གནང་སྦྱིན་བཟང་པོ་དང་བཅས་གསེར་ཡིག་པར། ཤེས་རབ་བླ་མ། གཙང་པ་བཀའ་བཅུ། ད་ལས་ཆོས་རྗེ། མི་རྒན་པོའོ། ཚུལ་ཁྲིམས་ལ་སོགས་ས་ཁྱིའི་འཇུག་འབྱོར་བའི་དུས་མི་སྣ་རྣམས་དང་མཉམ་དུ་དཀའ་བཅུ་ཤེས་རབ་རྫོང་སྟ་བྱས་སྐབས་ཕུལ་བའི་ཞུ་ཡིག་འཇམ་དབྱངས་སྙན་གྱི་མཛེས་རྒྱན་ཨུཏྤལ་འཛུམ་ཕྲེང་། (༦༥ན)


GLG019_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ ཛྙཱ མ ཉྫུ ནཱ ཐ ནི དྷི དྭི པ ཛ མྦཱི ཥ ཛ ཡྻ ཙ། བུ ཎྱཱ སི ཁྱ ཙ ཀྲ པྲ ཧྨ མཱུ ལེ ྅ དྷི ཝ རྟཾ བྷཽ མི ཀ །སྟོབས་(ཁ་སྒོ་ཕན་པའི་སྡེབ་སྦྱོར།)བཅུ་མངའ་བ་ཀུན་གྱི་མཁྱེན་པའི་གཏེར། །འཇམ་མགོན་ཟུར་ཕུད་ལྔ་པ་འཛམ་གླིང་འདིར། །གྲངས་མེད་ལེགས་པར་བྱས་པས་འཁོར་ལོ་ཡིས། །མངའ་སྒྱུར་ས་ལ་སྤྱོད་པའི་ཚངས་པའི་དྲུང་། །རྫོགས་ལྡན་དགའ་སྟོན་བཅུ་དྲུག་ཆ་ཤས་ཀུན། །ཡོངས་སུ་གང་བའི་རིང་མིན་དུས་ཀྱི་ཆར། །རབ་དཀར་དང་བའི་ཡིད་གྱི་ཀུ་མུ་ད། །རྩེ་དགའ་ཁོང་ནས་དགོད་པས་མཆིད་འདི་ཞུ། །ཚོགས་གཉིས་རིན་ཅེན་འབྱུང་གནས་ལས་འོངས་པའི། །རྨད་བྱུང་བདུད་རྩིར་འཁྱིལ་བའི་གཟུགས་ཀྱི་སྐུ། །(༦༥བ)


GLG019_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་མཆི་མེད་དཔལ་སྟེར་གྲགས་སྙན་སྒྲ། །ཐོས་འཛིན་གསོས་སུ་ཚངས་དབྱངས་དཔེ་ཟླར་བྱས། །མངོན་པར་རབ་གསལ་མཁྱེན་ཡངས་རྣམ་དཔྱོད་སྤྱན། །གཙུག་ལག་བྱེ་བའི་རྫས་སུ་ཉེར་འཇུག་པ། །སྲིད་ཞིའི་ཆོས་ཀུན་ལྟ་བའི་བློ་གྲོས་ཀྱིས། །འཇིག་རྟེན་མེས་པོའི་ཚུལ་ལ་ཅོ་འདྲི་སྙམ། །ལེགས་བྱས་གསེར་སྦྱངས་རྩིབས་སྟོང་འཁོར་ལོའི་རྩལ། །གསེར་ལྡན་ལྟོ་བར་ཐོགས་མེད་སྒྱུར་བའི་ཤུགས། །མཆོད་སྦྱིན་བརྒྱ་པའི་གནས་སུ་འགྲོ་བཟོད་པས། །སྐབས་གསུམ་པ་རྣམས་ཕྱོགས་དེར་འདུད་པ་བཞིན། །དྲང་པོར་འདེབས་པའི་ཁྲིམས་གཉིས་བསེར་བུ་ཡིས། །བདེ་སྐྱིད་མ་ལ་ཡར་སྐྱེས་དྲི་བསུང་ཚོགས། །འབད་མེད་འདྲེན་པའི་ཆོ་ག་རབ་བསྟར་བས། །འཕགས་ཆེན་དམ་པའི་སྤྱོད་པ་ད་གདོད་ཁུམས། །ཤཱཀྱའི་རིང་ལུགས་ཆུ་ཤེལ་དབང་པོ་ལ། །དད་པའི་སོར་མོའི་འདབ་མ་རབ་ཟུམ་པའི། །སྡོམ་བརྩོན་གཉིས་སྐྱེས་ཀློག་པ་མཁན་པོ་ཡང་། །ཐོས་བསམ་སྒོམ་པའི་ཚུལ་ལ་མོས་བློར་མཆིས། །བདེ་ལེགས་རབ་དཀར་འབུམ་དུ་འཛག་པའི་རྔ། །ཕུན་ཚོགས་མཛད་བཟང་དབྱུ་གུས་ཉེར་བསྐུལ་བས། །དགེ་བཅུ་རྫོགས་པར་སྤྱོད་ལྡན་སྙན་པའི་སྒྲ། །ཕྱོགས་བྲལ་རྣ་བའི་རྒྱན་དུ་དངར་བ་དང་། །འདོད་པའི་རེ་སྐོང་སྔོན་མེད་ཡིད་བཞིན་ནོར། །འཛམ་གླིང་འགྲོ་བའི་ཉེར་འཚེ་དཔག་བསམ་ལྗོན། །གནམ་བསྐོས་ནོར་འཛིན་སྐྱོང་བའི་ལྷ་ཡི་ལྷ། །མི་འགྱུར་རྡོ་རྗེའི་ཁྲི་ལ་ཞབས་བརྟན་གསོལ། །འཆི་མེད་སྒྲ་འཛིན་བཻ་ཌཱུར་ཡོལ་གོའི་ནང་། །འཁྱིལ་པོས་གཏམ་གྱི་བདུད་རྩི་ཕོ་ཉ་ཡི། །ངག་གི་སྙིམ་པས་བཏེག་ནས་ལྷ་ཁྱོད་ཀྱི། །འདུན་སར་སོང་ལ་སྤྱན་རས་ཀྱིས་བཅའ་ཞིང་། །ཚངས་དབྱངས་དྲུག་ཅུའི་རང་བཞིན་གསུང་གི་དཔྱིད། །ཀུན་དགའི་འཛའ་བ་སྟེར་བའི་འཛུམ་ཞལ་ལས། །ཉེར་འོངས་ཕེབས་ཚོགས་གངྒཱའི་ཆུ་ཀླུང་ཆེ། །ནམ་ཡང་ཆད་པ་མེད་པར་རྒྱུ་བར་ཞུ། །འདྲེན་བྱེད་ངང་མོ་རོལ་བརྟེན་རྡོ་རྗེའི་མདུད། །ལྷ་རྫས་ཤལ་དཀར་ནམ་མཁའ་དུས་ཀྱི་གྲངས། ཁ་དོག་ལྔ་ལྡན་(༦༦ན)


GLG019_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པོ་བརྒྱ་ཕྲག་གི །ཡིད་འོང་པད་དཀར་སྡིང་པོར་རྒྱས་བཏབ་སྟེ། །གསེར་སྦྱངས་བཙོ་མའི་གོས་གྱོན་གླང་གི་ལོའི། །ཀུན་ཕན་དབོ་ཡིས་ཉ་བའི་དཀར་ཕྱོགས་ཀྱི། །ཉི་མ་མེ་བཞི་དང་འགྲོགས་འགྲུབ་སྦྱོར་དུས། །གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ནས་ཕུལ། །སླར་ཡང་གོང་ནས་ངོས་ཕོ་བྲང་དུ་འབྱོར་དགོས་ཚུལ་ཡང་སྐྱོར་གྱི་བཀའ་གཤོག་གནང་སྦྱིན་དང་བཅས་དཀའ་བཅུ་ཤེས་རབ་པ་དང་མཉམ་དུ་གསེར་ཡིག་པར་ནོམ་ཕྱི་བླ་མ་ནོར་བུ་དཔོན་གོ་ཐོ་ནོས་ཁཱ་རྣམས་ལྕགས་སྟག་ལོ་འགོར་འབྱོར་པ་རྣམས་དང་ཆབས་གཅིག་པར་ཆེ་ཆེན་དཔོན་པོ་བློ་བཟང་ཆོས་འཕེལ་རྫོང་སྟ་བྱས་སྐབས་ཕུལ་བའི་ཞུ་ཡིག་སྡེ་བཞིའི་སྒོ་འཕར་འབྱེད་པའི་ལྡེ་མིག །རཱུ པ ཨཱ དྨ སྱ དེ ཝཱ མྲྀ ཏཱ ཏི ཤྱ ཙཱ ཀྵ ཪྻ བ ཛྲཱ ཡུ དྷཱ ཏུ སྭ བྷ ཝྱ ས དྷ། ས རྦྦ ཀཱ ལེ མ ཧཱ རཱ ཛ མ ངྒ ལྱ ལ ཀྵྨཱི པྲ ཡ ཙྪཱ གག ནྱ ཉྩ བྷཱུ མཱི ཤྭ ར། །འགྱུར་(སྡེབ་སྦྱོར་མེ་ཏོག་ཕྲེང་བ་ཅན།)མེད་རྡོ་རྗེའི་རང་བཞིན་ཚེ་ཡི་ཁམས། །གྲུབ་པའི་རང་གཟུགས་ཕུལ་བྱུང་འཆི་མེད་ལྟར། །གནམ་སའི་དབང་ཕྱུག་ནོར་འཛིན་སྐྱོང་བ་ལ། །དུས་རྣམས་ཀུན་དུ་ཤིས་པའི་དཔལ་སྩོལ་ཅིག །(༦༦བ)


GLG019_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དང་ཞི་བའི་ཡོན་ཏན་སྙིང་པོའི་གཏེར། །གསེར་ལྡན་དགའ་མའི་མངལ་དུ་དར་བའི་དཔྱིད། །ཕྱོགས་ལས་རྣམ་པར་རྒྱལ་བའི་མི་ཡི་རྗེ། །འཇམ་དབྱངས་གོང་མ་རྒྱལ་པོ་ཆེན་པོའི་དྲུང་། །གཙུག་ལག་བྱེ་བའི་དཔལ་ལ་མངའ་འབྱོར་བའི། །རབ་སྙན་གཏམ་གྱི་ལུས་ཕྲའི་འགྲམ་ཆང་གིས། །རྣམ་པར་ཕྱེ་བས་ཡིད་ཀྱི་བ་ཀུ་ལ། །རབ་དགའི་འདབ་ཕྲེང་བཞད་པས་མཆིད་འདི་ཞུ། །མཐའ་ཀླས་བསོད་ནམས་ཆར་གྱི་ལེགས་བསྐྱངས་པའི། །གསང་གསུམ་དཔག་བསམ་ཡོངས་འདུ་གསར་པའི་འབྲས། །འདོད་པའི་རེ་བ་སྐོང་བའི་དབང་གི་རྒྱལ། །འདི་ཀོ་སྐྱེ་རྒུའི་བསོད་ནམས་ཟོང་གིས་བསྒྲུབས། །མཐོང་ན་མི་མཐུན་མེད་པའི་ངོ་མཚར་གྱི། །མཚན་བཟང་བསིལ་ཟེར་བྱེ་བ་བརྒྱ་ཕྲག་གིས། །ཀུན་ཡིད་ཨུཏྤལ་ཁོང་ནས་ལེགས་འཛུམ་པས། །རྫོགས་ལྡན་གསར་པའི་མགྲོན་དེ་འགུགས་པ་བཞིན། །ཆ་ཤས་ཟེགས་མ་རེས་ཀྱང་རྣ་བ་དང་། །ཡིད་ལ་ཀུན་དགའི་དགའ་སྟོན་སྟེར་བྱེད་པ། །སྙན་འགྱུར་གསུང་གི་སྔོན་མེད་ཟིལ་མངར་གྱིས། །འཇིག་རྟེན་མེས་པོས་ཁེངས་པར་འགྲན་གྱིས་དོགས། །ཟབ་གསལ་ཐུགས་ཀྱི་ཆུ་གཏེར་ཆེན་པོའི་ཀླུང་། །སྲིད་འདིའི་བདེ་ལེགས་སྤེལ་ལ་ཡོལ་མེད་རླབས། །ཕུན་ཚོགས་སྡེ་བཞིའི་ནོར་བུའི་འབྱུང་གནས་ཀྱི། །སྣོད་དུ་མེས་པོས་ཡངས་པའི་ས་འདི་སྤྲུལ། །རྨད་བྱུང་མཛད་པའི་ཉིན་མོའི་སྣང་བ་ཡིས། །བསྟན་འགྲོའི་ཕན་བདེའི་འདབ་སྟོང་བཞད་པ་དང་། །རྒུད་པའི་ཕུན་ཚོགས་འཇོམས་པའི་བྱེད་པོ་རུ། །གནམ་གྱི་མཐོངས་ནས་འོངས་པ་ཁྱོད་མིན་སུ། །དེ་ཕྱིར་དད་སྟོབས་ནོར་བུའི་ཡུ་བ་ཡིས། །ལེགས་པར་བཏེག་པའི་ལུགས་ཟུང་ཁྲིམས་ཀྱི་གདུགས། །རྣམ་སྨིན་དཀར་པོར་གཡོ་བའི་ཤམ་བུ་ཅན། །སྲིད་པའི་རྩེ་མོར་བརྒལ་ཏེ་འཁོར་བར་རིགས། །འཛམ་གླིང་སྐྱེ་རྒུའི་བདེ་བའི་ངལ་གསོའི་སྟེགས། །མ་སྨད་ནོར་བུའི་བཻ་ཌཱུར་ལེགས་འཁྱིལ་བའི། །རྩོད་པའི་དུས་ཀྱི་འཁོར་ལོས་སྒྱུར་བ་ཁྱོད། །(༦༧ན)


GLG019_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་རྡོ་རྗེའི་བསྟན་ལ་བརྟན་གྱུར་ཅིག །དྲི་མེད་འདྲེན་བྱེད་གཉིས་སྐྱེས་ལུས་དཀར་ཅན། །ཞུ་མཆིད་དགའ་བའི་ཚལ་དུ་འབབ་པའི་རྟེན། །ཚན་གྲངས་གནམ་སྔོན་ཞུན་མའི་རྫིང་བུ་ལ། །རྟགས་ཀྱི་ཨུཏྤལ་དམར་པོས་རྒྱས་བཏབ་སྟེ། །ལྕགས་ཀྱི་དབང་ཐང་ངོམ་པ་བྱ་གྷྲའི་ལོའི། །ཀུན་ཕན་ཆུ་སྟོད་དང་འགྲོགས་བྲལ་ཚེས་ལ། །གངས་ཅན་འཛིན་མའི་ལྟེ་བའི་དབུས་འགྱུར་འཆང་། །དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ནས་ཕུལ། །འབྲི་གུང་ཞབས་དྲུང་ཁྲི་ཐོག་པ་ཆོས་ཀྱི་གྲགས་པ་སྔགས་འཆང་གོས་དཀར་ལྕང་ལོའི་འཕྲེང་བ་འཛིན་པ་ངུར་སྨྲིག་གི་ཆས་སུ་བསྒྱུར་ཏེ་དགེ་སློང་རྡོ་རྗེ་འཛིན་པའི་སྐབས་འདུལ་བའི་རྣམ་བཤད་གཅིག་ཐུགས་རྩོམ་མཛད་པའི་ཚེ་མདོ་རྩའི་དཔེ་དག་པ་ཞིག་དགོས་ཚུལ་གྱི་ཆབ་ཤོག་ལན་སྐུ་གསུམ་རིམ་གྱིས་སྒྱུར་བའི་གར་མཁན། གུ ཧྱཱ ཛ ཡ ནྲྀ ཏྱ ཝ རྱ ཡ ནྱཱ དྷ རྱཱ ལ ཡ ཡཱ སུ ཝ རྟི ཏཾ། །བ དྱཱ མ ནྟྲ དྷ རཱ བ ས ནྟུ བྷུ ཏྱཱ བྷ ཊྚ ར ཀ ཝ རྱ མཱུ ལ ཡཱ། །རྒྱལ་(སྡེབ་སྦྱོར་དག་པའི་སྣང་བ།)ཀུན་གསང་བ་གསུམ་གྱི་གར། །ཐེག་པ་མཆོག་གི་འཛིན་མའི་གཞིར། །ལེགས་སྒྱུར་རིག་སྔགས་འཆང་ཀུན་གྱི། །དཔྱིད་གྱུར་རྗེ་བཙུན་མཆོག་གི་རླུང་། །(༦༧བ)


GLG019_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དེང་དུས་མཚན་དཔེའི་ལང་ཚོ་དར་བབ་པའི། །བཀོད་པ་རྒྱ་མཚོའི་གཟུགས་སྐུའི་ཆུ་ཤེལ་དབང་། །ཕུལ་བྱུང་འཕྲིན་ལས་བསིལ་བའི་ཟེགས་མ་རེས། །བསྟན་འགྲོའི་ཀུནྡ་ཁོང་ནས་འཛུམ་པ་བཞིན། །མི་འགྱུར་བདེ་ཆེན་ཡེ་ཤེས་དབང་གི་རྒྱལ། །ཅོད་པན་ལ་འཆང་མཁས་གྲུབ་ཀླུ་དབང་ཁྱོད། །ཐུན་མོང་ཐེག་པའི་རྩོལ་བར་ལྟོས་མིན་པའི། །དགེ་ཚོགས་འདོད་རྒུ་འབྱུང་བ་འབད་མེད་གཤིས། །འོན་ཀྱང་སྒྱུ་འཕྲུལ་སྲས་དེས་འོག་མིན་ནས། །སྤངས་དང་རྟོགས་པའི་ཡོན་ཏན་རབ་རྫོགས་པ། །ཐུན་མོང་གདུལ་བྱའི་ཆེད་དུ་ངུར་སྨྲིག་གོས། །འཛིན་དེའི་རྗེས་སུ་འཇུག་པ་འདི་རྨད་བྱུང་། །གཏིང་མཐའ་ཡོངས་བྲལ་ཉོན་མོངས་རྒྱ་མཚོ་ལས། །བྲལ་ནས་མྱང་འདས་རིན་ཅེན་གླིང་མཆོག་ཏུ། །སྒྲོལ་བྱེད་ཚུལ་ཁྲིམས་བསླབ་པའི་གྲུ་གཟིངས་མཆོག །ཉི་མའི་གཉེན་གྱི་གསུང་རབ་ཀུན་གྱི་བཅུད། །ཕང་ཕུང་ཚིག་གི་ལོ་མས་མ་གཙེས་ཤིང་། །གཞུང་དོན་འབྲས་བུ་སྨིན་ལ་ཡོལ་མིན་པའི། །མདོ་རྩའི་གླེགས་བམ་ཡོངས་འདུའི་ལྗོན་པ་འདི། །མཁས་གྲུབ་ལེགས་བྲིས་གང་དེའི་དགའ་སྟོན་གནས། །བཅུ་དྲུག་ཆ་ཤས་མི་ལྡན་སྔོན་མེད་ཀྱི། །ཟླ་བ་ཐགས་ཀྱི་རི་མོས་རྣམ་བཀྲ་བ། །ཐུན་འཚམས་རྒྱ་ཡི་རི་དྭགས་གཟུགས་བརྙན་དང་། །འགྲོགས་ཏེ་ཨེ་ཡིག་འཆར་བའི་ཚེས་ལ་ཕུལ། །དཔལ་ས་སྐྱའི་ཁྲི་ཐོག་པ་ཞབས་དྲུང་ངག་དབང་ཀུན་དགར་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རང་གི་རིགས་ཀྱི་སྲས་གདན་ས་ཆེན་པོའི་ཁྲི་ཐོག་ཏུ་འདོན་པར་བཞེད་ནས་སྔར་སྲོལ་བཞིན་འབྲེལ་ཅན་གྲྭ་རིགས་སྦྱིན་བདག་ཀུན་ལ་རྟེན་འབྱུང་ལེགས་སྐྱེས་ཀྱི་རིམ་པ་དགོས་ཚུལ་སྐུལ་སྲོལ་ཡོད་འདུག་པ་ལྟར་འདིར་ཡང་འབྲེལ་ཆགས་ཀྱི་དབང་དུ་བཏང་བའི་ཆབ་ཤོག་གི་ལན་དྲང་ཐིག་ནམ་མཁའི་སྐ་རགས། སྲིད་དང་ཞི་བའི་གཙུག་ཏོར་འཐོན་པའི་རྩེར། །བཀྲ་ཤིས་འཁོར་ལོས་མཚན་(༦༨ན)


GLG019_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞབས་སེན་གྱི། །ངོ་མཚར་ཅོད་པན་འགོད་པའི་འཁོར་ལོའི་བདག །བརྩེ་ཆེན་སྙིང་པོའི་ཞབས་དེས་རིང་ནས་སྐྱོངས། །གང་དེའི་རིགས་ཆོས་པདྨ་དཀར་པོའི་ཚལ། །མ་སྨད་མཁྱེན་བརྩེའི་འོད་ཀྱིས་རྒྱས་མཛད་པའི། །མཁས་གྲུབ་ཉིན་མོར་བྱེད་པའི་དབང་ཕྱུག་ཆེ། །བསྟན་འགྲོའི་དཔལ་མགོན་དམ་པ་གང་དེའི་དྲུང་། །དེང་དུས་གསང་གསུམ་རྡོ་རྗེའི་རང་བཞིན་མཆོག །ཕུལ་བྱུང་མཚན་དཔེའི་གཟི་བྱིན་མངོན་འབར་བས། །བསྟན་འགྲོའི་སྣང་བ་སྐྱེད་པའི་ཆོ་ག་ཀུན། །གྲུབ་པའི་ངོ་མཚར་སྒོ་འཕར་འབྱེད་པའི་ངོས། །ཆབ་ཤོག་ལྷོ་ཡི་ཕྱོགས་ནས་འོངས་པའི་རླུང་། །ཚིག་དོན་འཇེབས་པའི་མ་ལ་ཡ་ཡི་དྲི། །ཚན་གྲངས་བསིལ་བའི་རེག་བྱ་དང་བཅས་ཏེ། །དབུས་འགྱུར་ཆོས་ཀྱི་མདུན་སར་འགོག་མེད་ཕེབས། །མཐའ་ཀླས་རིགས་པས་གྲངས་མེད་གསུང་རབ་ལ། །བརྒལ་བརྟག་དཔྱོད་བཟོད་སྡོམ་བརྩོན་ཀློག་པ་མཁན། །འཆད་རྩོད་རྩོམ་པའི་བྱ་བར་རབ་གཞོལ་ཡང་། །སེམས་ཀྱི་རྡོ་རྗེའི་རྣལ་འབྱོར་མི་དམན་ཙམ། །ཐོས་དང་བསམ་པའི་ཡོངས་འདུའི་ལྗོན་པ་ལས། །ཚུལ་བཞིན་སྒོམ་པའི་འབྲས་བུ་གཡུར་ཟ་བ། །སྐུ་བཞི་མངར་བའི་རོ་ལ་ལོངས་སྤྱོད་པ། །རྒྱ་བོད་མཁས་གྲུབ་ཀུན་གྱི་རྣམ་པར་ཐར། ཁྱད་པར་རིགས་གསུམ་མགོན་པོའི་སྒྱུ་དྲའི་གར། །སྙིང་པོའི་ཞབས་ནས་བློ་གྲོས་རྒྱལ་མཚན་བར། །རིམ་བྱོན་འཇིགས་མེད་སེང་གེའི་ཁྲིར་འཁོད་པའི། །བཤད་དང་སྒྲུབ་པའི་བསྟན་པ་གསལ་མཛད་རིགས། །འཕགས་ཡུལ་རྣལ་འབྱོར་དབང་ཕྱུག་ཆོས་སྐྱོང་ཞབས། །ཐུན་འཚམས་བླ་གོས་གསར་པས་རབ་མཛེས་པ། །བློ་གྲོས་མཆོག་ལ་འོས་པའི་གསང་ཆེན་གྱི། །ཟབ་དོན་ཆོས་ཀྱི་རྒྱལ་མཚན་རྣམ་པར་སྒྲེངས། །སྟོབས་འབྱོར་ཅིག་ཤོས་སྒོ་ངའི་སྦུབས་ནང་ནས། །སྙན་འགྱུར་སློབ་བཤད་ཀ་ལ་པིང་ཀའི་སྒྲ། །སྒྲོག་ཚེ་(༦༨བ)


GLG019_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པར་བཤད་པའི་ངུར་པའི་ཁྱུ། །རོ་བྲལ་ཅ་ཅོའི་སྒྲ་ཡིས་ངལ་མིན་ནམ། །ཉེ་ལམ་དྲི་མེད་གདུང་གི་ནམ་མཁའི་ངོས། །རྨད་བྱུང་རིགས་ཀྱི་ཐིག་ལེ་ཟླ་ཚེས་ཅན། །ལུགས་ཟུང་ཆ་ཤས་གང་བའི་བཞེད་པའི་དོན། །ཕན་གྲགས་ཡར་ངོའི་ཞག་གི་བགྲོད་པ་རྩོམ། །སླད་མར་བསྒྱུར་བ་མེད་པའི་ཕེབས་ཚོགས་ཀུན། །སྙན་འགྱུར་ཚིག་གི་མཐའ་མེད་ཆུ་གཏེར་ཆེ། །ཤིང་གི་མ་མའི་གསེར་ལྡན་ལྟོ་བ་རུ། །གསུང་ཤོག་རླབས་ཕྲེང་ཡོལ་བ་མེད་པ་ཞུ། །ར་མོ་ཨནྡ་རྙིལ་འདྲའི་རྫིང་བུ་ལ། །སྤྱན་རས་ལུས་དཀར་དབང་པོ་གཡོ་བའི་རྟེན། །རྟགས་ཀྱི་ཨུཏྤལ་དམར་པོའི་འཛུམ་བཞིན་དུ། །ཀུན་ཕན་དབྱུག་པས་ཉ་བའི་ཟླ་བར་ཕུལ། །སློབ་དཔོན་སྨོན་འགྲོ་པཎ་ཆེན་འཇམ་དབྱངས་དབང་རྒྱལ་རྡོ་རྗེ་འཁོར་བ་ལས་ངེས་པར་འབྱུང་སྟེ་རབ་ཏུ་བྱུང་བར་འདོད་པའི་རྒྱུ་མཚན་གྱི་འཕྲིན་ལན་པད་དཀར་ཀུནྡར་དྲི་བའི་ཉི་ཟླའི་འདམ་ཁ། སྐུ་གསུམ་དག་པ་རབ་འབྱམས་འཁོར་ལོའི་མཛོད། །མཚན་དཔེའི་ངོ་མཚར་རྒྱ་མཚོའི་སྒྱུ་དྲའི་གར། །སྐལ་བཟང་ཡིད་ངོར་འཆར་པའི་ངག་གི་ལྷ། །འཇམ་དཔལ་རྡོ་རྗེས་རྟག་ཏུ་དགེ་ལེགས་སྩོལ། །སྟོབས་འབྱོར་ཡལ་འདབ་གཡོ་ཙམ་ལྷུར་ལེན་པ། །དམན་རིགས་ལྗོན་ཤིང་ཕལ་གྱིས་འགྲན་མིན་པའི། །མ་སྨད་ཡོན་ཏན་འདོད་རྒུའི་དཔལ་སྟེར་དཔྱིད། །ཡོངས་འདུའི་རིགས་ལྡན་མཁས་དབང་གང་དེ་ཡིས། །དབྱངས་ཅན་འཕང་འགྲོའི་རྒྱུད་ལས་ཉེར་དྲངས་པའི། །སྙན་འགྱུར་འབུམ་དུ་འཛག་པ་རྣ་བའི་བཅུད། །འདྲེན་བྱེད་དགའ་སྟོན་སྤེལ་བའི་འཕྲིན་ཡིག་ཏུ། །བཀོད་ཚེ་འཇིག་རྟེན་མེས་པོའི་འོད་ཟླར་བྱས། །ལེགས་བྱས་བྱེ་བའི་རྡུལ་མང་རབ་བརྩེགས་པའི། །ཕུན་ཚོགས་དལ་འབྱོར་རྟེན་གྱི་ས་འཛིན་དབང་། །མི་མཐུན་རྒུད་པའི་རྡུལ་གྱི་རྒྱལ་མཚན་གྱིས། །ནམ་ཡང་བརྫི་བར་མི་ནུས་རང་གི་གཤིས། །གངས་ཀྱི་ར་བས་ཡོངས་(༦༩ན)


GLG019_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་སྨན་ལྗོངས་འདིར། །ཕྱོགས་རེའི་ཡོན་ཏན་འོད་སྤྲོའི་རྒྱུ་སྐར་འཕྲེང་། །མང་ཡང་གནས་ལྔ་རིག་པའི་ཆ་ཤས་ཀུན། །རྫོགས་པའི་ཟླ་བ་གསར་པ་ཁྱོད་མིན་སུ། །མང་ཐོས་འོད་ཟེར་འབུམ་ཕྲག་དུས་གཅིག་ཏུ། །སྤྲོ་མཁས་ཉིན་བྱེད་རིག་གནས་རྒྱ་མཚོའི་ཕྲེང་། །ཆུ་ལྷའི་ལྟོ་བར་མནལ་ཡང་ཤོང་དཔང་གི །བསྟན་འཛིན་ཟླ་ཁྱོད་ཤར་ཞེས་མཁས་རྣམས་གླེང་། །འདི་ན་གནས་ལྔ་རིག་པའི་བདུད་རྩི་ལ། །གཅིག་པུར་ལོངས་སུ་སྤྱོད་པའི་དྲང་སྲོང་ཞིག །རྡོ་རྗེའི་སྣ་ལྡན་ལང་ལོང་གཡོ་བའི་དབུས། །གནས་པའི་སྔོན་མེད་བློ་ལྡན་ཕུར་བུ་བཞིན། །ཚེ་འདིའི་སྲིད་འབྱོར་ཆུ་ཤིང་སྔོན་པོའི་འབྲས། །འབྱུང་འཇིག་ཅིག་ཅར་སྟོན་པ་ཡ་མ་བརླའི། །ཚུལ་འདིས་སྔོན་གྱི་བློ་ལྡན་ཕལ་ཆེར་རྣམས། །ཞི་བདེའི་ནགས་སུ་གཏན་གྱི་སྙིང་པོ་ལེན། །དོན་གཉིས་གྲུབ་པའི་ཟས་གཙང་སྲས་པོ་དེས། །རྩོད་དུས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་། །གདུག་པའི་སྦྲུལ་གྱི་ཚང་ལྟར་རིང་སྤངས་ཏེ། །ཡེ་ཤེས་མཆོག་གི་བདུད་རྩིར་གཞོལ་ཚུལ་བསྟན། །དེ་ཕྱིར་དམ་པ་གོང་མའི་རྣམ་ཐར་གྱི། །སྣ་ཚོགས་རིན་ཅེན་དུ་མའི་ཐེམ་སྐས་ངོས། །འཛེག་པའི་སྙིང་སྟོབས་ལྡན་པ་ཁྱོད་ཉིད་ལ། །ཐམས་ཅད་སྒྲོལ་དང་མཚུངས་སྙམ་ལྷག་པར་རངས། །འོན་ཀྱང་ནོར་འཛིན་སྐྱོང་བའི་དབང་པོ་དང་། །གང་གི་གཉེན་དང་ལྟོས་པའི་འབངས་རྣམས་ཀྱིས། །ཚེ་དབང་དོན་ཀུན་གྲུབ་པའི་རིགས་ཆོས་ཀྱི། །བརྒྱུད་པ་འཛིན་པར་འོས་ཞེས་དར་དེར་གླེང་། །རང་དོན་དབེན་པའི་ནགས་སུ་གནས་པ་དང་། །བྱང་སེམས་གྲངས་མེད་འགྲོ་བའི་དོན་གྱི་ཕྱིར། །འཁོར་ལོས་སྒྱུར་བའི་རྒྱལ་པོར་སྲིད་འཛིན་པར། །རྒྱལ་བའི་གསུང་རབ་དུ་མར་བཤད་མིན་ནམ། ཁྱད་པར་ཁ་གཅིག་ཕྱི་རུ་པཎྜི་ཏ། །ནང་དུ་རྡོ་རྗེའི་རྣལ་འབྱོར་ལ་གཞོལ་བས། །འཕགས་པའི་ཡུལ་གྱི་ཨིནྡྲ་བྷཱུ་ཏི་དང་། །བོད་ཡུལ་མར་པ་ལོ་ཙཱའི་དཔེ་(༦༩བ)


GLG019_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཟླར་འོས། །དེ་ལྟ་ན་ཡང་རྒྱུ་མཚན་རྣམ་གཉིས་པོར། །ཡང་དག་དོན་ལྡན་དགོས་པ་མཐོང་བའི་ཕྱིར། །གཅིག་ཏུ་འདམ་པར་མ་ནུས་ཁོ་བོའི་སེམས། །ཐེ་ཚོམ་འཁར་བའི་ཁྱོགས་ལ་བརྟེན་ནས་ལུས། །དབུས་གཙང་གསེར་ལྡན་དགའ་མའི་ལྟོར། །འཆད་མེད་རྒྱུ་བའི་བྱ་མ་རྟ། །ཡི་གེའི་ཕྲེང་བ་ཐེགས་བཞིན་དུ། །མཁས་དབང་གམ་དུ་ཡང་ཡང་བསྲིངས། ཁྱད་པར་གནམ་ལོ་གསར་ཚེས་ཀྱི། །སྐབས་སྦྱར་དུས་འཁོར་ཙནྡྲ་པའི། །ལེགས་བཤད་དགའ་སྟོན་སྤྱོད་པའི་ཆེད། །འཕྲོས་འོས་གཏམ་ཡང་བསྐྱུད་པ་མེད། །སྙན་འགྱུར་ཚིག་གི་རྨ་བྱ་ཞིག །རྟེན་གྱི་མདོངས་མཐའ་ངོམ་བཞིན་དུ། །གཡས་རུ་གཙང་གི་ཡུལ་ལྗོངས་དེར། །འདབ་གཤོག་སྒྲོ་ཐུལ་སྐྱོད་དེ་སོང་། །ཁར་ཁ་གཡས་རུའི་སྟོང་སྐོར་སྤྲུལ་སྐུའི་འཕྲིན་ལན་ལྷུན་པོ་ཕྱོགས་ལ་འདེགས་པའི་རྔ་སྒྲ། ཨཱ བྷཱ ཝཱ ཤ ནྟོ བྷ ཝྱ ཤྲཱི བྲ དྭྱཱ བྷ རྱཱ སཽ དྷོ ཏི ཀྱ། །ཤུ དྡྷཱ གུ ཎྱཱ ཀོ ཥཱ སི དྡྷཱ རྠཻ སྟ སྨི ནླ ཀྵྨཱི ཙཱ ཡ ཙྪ། །སྲིད་(སྡེབ་སྦྱོར་གློག་འཕྲིན།)དང་ཞི་བའི་དངོས་པོ་ཀུན། །ཚོགས་གཉིས་དཔལ་གྱིས་རབ་སྦྱངས་པ། །དག་པའི་ཡོན་ཏན་རྣམས་ཀྱི་མཛོད། །ཟས་གཙང་སྲས་དེས་དགེ་ལེགས་སྩོལ། །(༧༠ན)


GLG019_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དེང་དུས་ལེགས་བྱས་དཔྱིད་ཀྱི་མངལ་ཡངས་ལས། །རབ་བསྐྲུན་ཉེ་བར་ལེན་པའི་ཡོངས་འདུའི་ལྗོན། །མི་མཐུན་དགུན་གྱི་རེག་པ་རྒྱང་བསྲིངས་པའི། །རྣམ་དཀར་འཕྲིན་ལས་ལོ་འདབ་ཕང་ཕུང་ཅན། །སྙན་འགྱུར་གཏམ་གྱི་མགྲིན་རྔ་ཆེར་སྒྲོག་པ། །ངོ་མཚར་འཕྲིན་ཡིག་འཁོར་ལོའི་ཡན་ལག་ཅན། །རྟེན་གྱི་རྐང་གདུབ་སིལ་སྒྲ་ཁྲོལ་བཞིན་དུ། །དབུས་འགྱུར་སྨན་ལྗོངས་རྫིང་བུར་དལ་གྱིས་སོན། །འདི་ན་སྡོམ་བརྩོན་མང་ཐོས་ཀློག་པ་མཁན། །ཟིན་མེད་གཡེང་བའི་སྒྲོག་ཏུ་ཉེར་ཆུད་ཀྱང་། །ཐོས་བསམ་བསྒོམ་པའི་ཚུལ་ལ་མོས་བློ་དང་། །འགྲོ་ལ་དཀར་བའི་ལྷག་བསམ་འགྲན་པ་བཞིན། །ཨེ་ཝཾ་ཟུང་འཇུག་ཁྱབ་བདག་སྐུ་བཞིའི་དངོས། །གཅིག་ལས་དུ་མར་སྤྲུལ་པ་ཆུ་ཟླའི་གར། །སྐལ་བཟང་འགྲོ་བའི་ཡིད་ངོར་རབ་འཆར་བ། །མཐའ་ཀླས་རྒྱལ་བ་ཀུན་ཀྱི་ཆོས་ཉིད་གཤིས། །མི་བཟད་སྙིགས་མས་ཆེས་ཆེར་སྦགས་པ་ཡིས། །བརྣག་པར་ནུས་དཀའ་ལྔ་བརྒྱའི་འགྲོ་བ་ལ། །ཕུལ་བྱུང་སྙིང་རྗེས་མཛའ་བས་དམ་འཁྱུད་པ། །དཔལ་ལྡན་ཤཱཀྱའི་གཙོ་ལས་གཞན་ན་སུ། །གང་དེས་གྲངས་མེད་གདུལ་བྱའི་དབང་པོ་དང་། །འཚམ་པར་བསྟན་པའི་མཆོག་དམན་ཐེག་པའི་ཆོས། །མ་འདྲེས་རྒྱལ་བའི་བཞེད་གཞུང་འཁྲུལ་མེད་དུ། །སྟོན་མཛད་འཇམ་མགོན་བླ་མ་བཙོང་ཁ་པ། །མ་དག་ར་རིའི་སྣང་བརྙན་མི་ལྡན་ཞིང་། །ཕྱོགས་རེར་ཞེན་པའི་འཕེལ་འགྲིབ་བགྲོད་པ་དག །མི་སྟོན་སྔོན་མེད་ཟླ་བ་གསར་པ་གང་། །འཇམ་དབྱངས་བླ་མའི་རིང་ལུགས་ལས་གཞན་ཅི། །དེ་ཕྱིར་གནོད་སྦྱིན་ཕྱོགས་ཀྱི་གསེར་ལྡན་མའི། །ཕང་པར་བདེ་བའི་ངལ་གསོའི་སྟེགས་འཆའ་བའི། །འགྲོ་རྣམས་འཁྲུལ་མེད་གྲུབ་པའི་མཐའ་འདི་ལ། །བརྟེན་ནས་ཐར་པའི་གླིང་དེར་ཁྱོད་ཀྱིས་དྲོངས། །སླད་མར་གཏམ་གྱི་ཛཧྣུའི་བུ་མོ། །ཕོ་ཉ་སྐལ་ལྡན་ཤིང་རྟའི་བྱེད་པོ་ཡིས། །འཕྲིན་ཡིག་ལམ་གསུམ་དག་ལས་ཉེར་བབས་ཏེ། །(༧༠བ)


GLG019_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེད་ངས་དྲི་མ་འཁྲུད་པའི་ཆོ་གར་མཛོད། །རི་མོ་པད་དཀར་ཆུན་པོ་དག །ཚན་གྲངས་རྟེན་གྱི་ཟེའུ་འབྲུ་ཅན། །འཆི་མེད་དབང་པོ་ཁྱོད་ཉིད་ཀྱི། །རྣ་བར་མཛེས་པའི་རྒྱན་དུ་སྤུད། །གོས་དཀར་གཡོ་བ་བྱ་སྤྲེལ་ལོའི། །ཐ་སྐར་ཟླ་བ་སྔོན་མ་ཡི། །གཉིས་པའི་ཕྱོགས་ཀྱི་གང་བ་ལ། །གྲུ་འཛིན་རི་བོའི་རྩེ་ནས་བྲིས། །ལྕགས་སྟག་གི་ལོ་དཔལ་ས་སྐྱ་བ་ཞབས་དྲུང་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རིགས་ཀྱི་སྲས་གདན་ས་ཆེན་པོའི་ཁྲི་ཐོག་ཏུ་མངའ་གསོལ་བའི་ཚེ་ལེགས་སྐྱེས་ཀྱི་རྟེན་འབྱུང་སྒྲིག་པར་འོལ་ཁ་འབྲི་ལུང་པ་རྫོང་སྟ་བྱས་སྐབསཞུ་འཕྲིན་དུ་གསོལ་བ་དྲང་གཏམ་ག་བུར་རྒྱལ་པོའི་སྦྱོར་བ། ཨཱ ཛྱ ཏི ཤཱ ར ཐྱཱ མ ཧྱཱ བ ལ ཙི ཏྟ ཏྲི གུ ཧྱ མ ཎ ཡཱ༔ ཙཱ། །རཾ སུ ཁཱི ཡཱ ནཱ ཡ པ ཊོ རྦྷཱུ ཤཱ ཀ ཡེ ནྡྲཱ། ས རྦྦཱ༔ ཀུ རུ། །རྒྱལ་(ཛ་ཏིའི་སྡེབ་སྦྱོར་འཕགས་མ།)ཀུན་གསང་བ་གསུམ་གྱི་ནོར་བུ་རྣམས། །ཕུལ་བྱུང་སྙིང་སྟོབས་ཤིང་རྟ་ཆེན་པོ་ཡིས། །ལུས་ཅན་ཕན་བདེའི་འཛིན་མར་འདྲེན་མཁས་པ། །ཤཱཀྱའི་དབང་པོས་དུས་ཀུན་ཤིས་པར་མཛོད། །(༧༡ན)


GLG019_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་མགོན་ཐུགས་རྗེའི་ཆབ་ཀྱིས་ཉེར་བྲན་པའི། །ལྷ་རེགས་འཁོན་གྱི་ལྗོན་ཤིང་སྐྱེད་ཚལ་ནས། །རྒྱལ་སྲས་གཞོན་ནུའི་ཁྲི་ཤིང་གཡུར་ཟ་བ། །མཚུངས་མེད་བདག་ཆེན་ཆོས་རྗེ་རིན་པོ་ཆེ། །དེང་དུས་ཐུབ་བསྟན་རིན་ཅེན་ཞལ་བའི་ངོས། །ཚོགས་གཉིས་པིར་གྱིས་བྲིས་པའི་མཚན་བཟང་སྐུ། །ངོ་མཚར་རི་མོ་བཀྲ་བའི་ཆོ་ག་ཡིས། །སྐལ་བཟང་གདུལ་བྱའི་མིག་གི་དགའ་སྟོན་བསྒྲུབས། །རི་མོ་གསུམ་པའི་ལམ་ནས་དབྱངས་བདུན་གྱི། །སྙན་འགྱུར་རྫོགས་པར་བླངས་པའི་དམ་པའི་ཆོས། །བདེ་བར་གཤེགས་པའི་ལམ་བཟང་སྟོན་པའི་གླུས། །མཆོག་དམན་སྐྱེ་རྒུའི་སྒྲ་འཛིན་ཟིལ་དངར་བྱས། །ཟབ་གསལ་ཐུགས་ཀྱི་ཟླ་བའི་མ་མའི་ལྟོར། །འཁོར་དང་མྱ་ངན་འདས་པའི་ཀླུང་ཆེན་ཀུན། །དབྱེར་མེད་ཟུང་དུ་འཇུག་པའི་གསལ་སྟོང་གི །རླབས་ཕྲེང་དུས་ལས་ཡོལ་བ་མེད་ལགས་གྲང་། །ཟད་མི་ཤེས་པའི་འཇམ་དབྱངས་མཁྱེན་པའི་མཛོད། །སྣང་བ་འབུམ་དུ་འབར་བའི་འོད་ཟེར་གྱིས། །ཐུབ་བསྟན་པད་དཀར་ཁོང་ནས་འཛུམ་བྱེད་པ། །བློ་བཟང་གྲགས་སྙན་འབར་བའི་ཉིན་མོར་བྱས། །དྲི་མེད་ཚུལ་ཁྲིམས་མན་ཤེལ་ཁམས་ལས་གྲུབ། །རབ་དཀར་ལྷག་བསམ་རྟ་བདུན་ཤིང་རྟས་དྲངས། །མདོ་རྒྱུད་བཅུ་གཉིས་ཆ་ཤས་ཡོངས་གང་བ། །ཟས་གཙང་སྲས་ཀྱི་བསྟན་པའི་ཡང་སྙིང་འདིའི། །རྗེས་ཞུགས་དྲིན་ལས་བླང་དང་དོར་བྱའི་གནས། །འཁྲུལ་མེད་ཉམས་སུ་བསྟར་པར་མངོན་རློམ་པའི། །ཟ་ཧོར་རིགས་ཀྱི་ཨ་ཝ་དྷཱ་ཏཱི་པ། །འཆད་རྩོད་རྩོམ་པའི་ཚུལ་ལ་གཤོལ་བར་མཆིས། །སྐུ་བཞིའི་དབང་ཕྱུག་རྩེ་ཆེན་བསམས་བཞིན་དུ། །ངུར་སྨྲིག་རྣམ་རོལ་བློ་གྲོས་རྒྱལ་མཚན་ཡན། །བསྟན་པའི་འཁོར་ལོ་མི་ཡི་ཤ་ཚུགས་སུ། །ཕྱོགས་བྲལ་གཟུར་གནས་ཀུན་གྱི་ཅིས་མི་ཤེས། །ཟབ་དོན་དཀའ་ཐུབ་ཞིག་ཀྱང་མཐའ་ཀླས་པའི། །གནས་(༧༡བ)


GLG019_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་རིག་པའི་མིག་མེད་མོང་རྟུལ་ལྷའི། །ལུས་སྲེག་རྣམ་དཔྱོད་མཐུ་གྲུབ་གྲགས་སྙན་ཅན། །ས་སྐྱ་ལོ་ཙཱ་སྔོན་མེད་དཔལ་གྱི་མགྲིན། །ཆོས་ཀྱི་སྙིང་པོ་རྒྱལ་པོའི་སྲིད་བོར་ཏེ། །བློས་བྱས་བློན་པོའི་ཁྱིམ་དུ་བག་ཕེབ་ནས། །གང་ཤར་སྤྱོད་པའི་བཞི་མདོར་རྒྱུ་བའི་ཟོང་། །དུས་འགར་འཇིག་རྟེན་རྒན་པོས་སྤྱད་བྱའི་ཡུལ། །མངར་བའི་དྲི་བསུང་གཏམ་གྱིས་ཡིད་དྲངས་པའི། །མཆོག་དམན་སྐྱེ་བོ་མང་ཞིག་མ་ལ་ཡའི། །རྐང་འཐུང་རྩེར་འཛེག་ཆོ་ག་ལ་གཞོལ་ཡང་། །རྩ་བར་གདུག་པའི་བྲང་འགྲོས་དམ་དུ་འཁྱུད། །བདུད་རྩིས་ཉེར་གང་བརྒྱ་ཕྲག་ཀེ་ལ་ཤ །འཕྲེང་བར་བསྒྲིགས་དང་ལྷན་ཅིག་བ་ཚྭའི་ཆུས། །གང་བའི་བུམ་པ་འགའ་ཞིག་རྨ་བྱའི་མདོངས། །མཛེས་སྡུག་སྒྲོ་ཡིས་ཁ་རྒྱན་བྱས་མིན་ནམ། །འོད་གསལ་ལྷ་རིགས་གདུང་གི་སུ་ཝརྞ། །འཇམ་དབྱངས་མཁྱེན་པས་ལེགས་དྲུངས་དག་པའི་ཁམས། །རྣམ་པར་འཁྱིལ་བའི་བཻ་ཌཱུར་ཞུན་མ་གང་། །བསྟན་འགྲོའི་ཉེ་འཚོར་གྲུབ་ལས་གཞན་དུ་ཅི། །འཚམས་སྤྲིན་གོས་དར་ལྕང་ལོའི་འཕྲེང་འཛིན་འགའ། །རྣམ་ཀུན་མཆོག་ལྡན་རྡོ་རྗེའི་སྐུ་འགྲུབ་པའི། །འཇིགས་མེད་སེང་ཁྲིར་འཁོད་པའི་དགའ་སྟོན་གྱིས། །ཕྱོགས་དེའི་འགྲོ་རྣམས་སྐལ་པ་བཟང་པོར་བྱས། །སྔོན་བྱོན་འཁོན་རིགས་རྗེ་བཙུན་གོང་མ་རྣམས། །ལ་ལར་མཁས་དང་འགའ་ཞིག་གྲུབ་པའི་ཚུལ། །བསྟན་ནས་ལུགས་དེར་མོས་ལྡན་གདུལ་བྱའི་ཚོགས། །སྣ་ཚོགས་ཐབས་ཀྱིས་ཕན་དང་བདེ་ལ་བཀོད། །གོང་མའི་མཛད་བཟང་ནོར་བུའི་ཡུ་བ་ཅན། །ཕྲག་པར་ཕྱོགས་ལ་བླངས་ཏེ་ས་སྐྱ་པའི། །རིང་ལུགས་གདུགས་དཀར་འདེགས་པའི་བྱེད་པོ་རུ། །རིགས་དང་སློབ་ཚོགས་མགྲིན་(༧༢ན)


GLG019_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གླེང་བས་ན། །རྣམ་པར་འབྱེད་པའི་ཤེས་རབ་གྲུ་གཟིངས་མཆོག །རྨད་བྱུང་བརྩོན་པའི་རླུང་གིས་ཉེར་བསྐུལ་ཏེ། །ཐོས་བསམ་སྒོམ་པའི་ཆུ་གཏེར་ལས་བརྒལ་ནས། །མཁས་གྲུབ་རིན་ཅེན་གླིང་དུ་བགྲོད་པར་རིགས། །ངོ་མཚར་བཀོད་པ་རྒྱ་མཚོའི་དགེ་མཚན་གྱི། །དུས་སྟོན་གསར་པའི་ལེགས་ཚོགས་སྤེལ་བའི་ཆེད། །ཚན་གྲངས་བདོག་པའི་ལུས་དཀར་དབང་པོ་ཞིག །སྙན་འགྱུར་རྟགས་ཀྱི་སྐད་གསང་སྒྲོག་བཞིན་སོང་། །སླད་མ་ཉམས་འགྱུར་ཤེལ་གྱི་རྩིག་ངོས་ལ། །དོན་བཟང་མགྲིན་བཅུའི་གཟུགས་བརྙན་སྟོང་འཆར་བ། །བྱེད་ནུས་འཕྲིན་ཡིག་ཧ་ནུ་མནྠ་ཡི། །ཟློས་གར་ཆད་པ་མེད་པར་སྒྱུར་བར་ཞུ། །རི་མོ་གསེར་ལྡན་དགའ་མའི་ལྟོ་བ་རུ། །སྤྱན་རས་མདོངས་མཐའ་དགའ་བའི་གར་སྒྱུར་རྟེན། །དབང་ཕྱོགས་དར་དཀར་དབྱར་གྱི་རྔ་གསང་སྒྲ། །ཕྱག་རྒྱའི་ཆུ་འཛིན་དམར་པོའི་དབུས་ན་ལྡིར། །རྒྱ་ནག་གཙུག་ལག་གནམ་ལོ་གསར་ཚེས་པ། །རྟ་བདུན་གཞུ་ཁྱིམ་སྤྱོད་པ་མགོ་ཟླ་བའི། །སྔ་མའི་ཕྱོགས་ཀྱི་རྒྱལ་བ་གཉིས་པ་ལ། །ལུགས་ཟུང་མདུན་ས་ཆེན་པོའི་སྡེ་ནས་ཕུལ། །ས་སྐྱ་དཔོན་རིན་པོ་ཆེ་ཁྲི་འདྲོན་གྱི་ཚེ་ཡབ་དཔལ་ས་སྐྱ་ཞབས་དྲུང་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ལ་ཞུ་འཕྲིན་དུ་གསོལ་བ་ཉེ་ལམ་ཟུང་འཇུག་གྲུབ་པའི་ཤིང་རྟ། (༧༢བ)


GLG019_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དྷ རྨྨ བྷ ཝྱཱ བཻ ཙུ ལ ཏི ཀི རྟྟ ནྱ ཛྙཱ མ ཡ པྲ བྷ༔ ཤཱི ནཱ། ས དྲ ཏ སྨི བུ ད ཀོ ད ཡྻཧི སུ ཁྱ ཅ། །ཆོས་སྲིད་པི་ཙུ་ལ་ཏའི་ནོར། །མཁྱེན་པའི་འོད་ཟེར་སྒྱུ་འཕྲུལ་གྱིས། །ཕན་བདེའི་ཉལ་འགྲོ་དར་མཛད་པ། །འགྲོ་བའི་དཔལ་མགོན་དམ་པ་དེར། །མ་དག་འཁོར་བའི་སྐྱེ་སྲིད་འབིགས་བྱེད་རི། །ཚོགས་གཉིས་མེ་ཞལ་མཚོན་ཆས་ལེགས་བརྡར་བས། །མཚན་བཟང་ཉི་མ་འཁོན་རིགས་མཁར་ཤར་བ། །འོད་སྟོང་སྒྲིབ་མེད་གསལ་བྱས་སྐྱེ་རྒུའི་གཉེན། །གསུང་ངག་དཔལ་གྱི་བེའུ་སྙིང་ཁ་ན། །ལེགས་འཁྱིལ་མྱུར་ལམ་གྱ་གྱུའི་གོམ་གསུམ་གྱིས། །གྲངས་རིང་རྒྱལ་སྲས་སྤྱོད་པའི་ས་ཆེན་པོ། །དུས་གཅིག་བཅད་པའི་ངང་ཚུལ་མངོན་གྱུར་ཏམ། །གང་གི་བློ་གྲོས་འཇམ་མགོན་མཁྱེན་པ་དང་། །ལྕི་ཡང་སྲང་ལ་བཏེག་ཀྱང་མ་རྟོགས་པར། །གཉིས་སྐྱེས་འགའ་ཞིག་ཟླ་གཞོན་ལ་འདྲི་(༧༣ན)


GLG019_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས། །དབང་ཕྱོགས་རི་རྩེར་ལྟ་བའི་ངལ་བ་བསྟེན། །འཇམ་དཔལ་རྡོ་རྗེས་རྗེས་བཟུང་འཁོན་རིགས་ཞེས། །སྙན་གྲགས་ཙན་དན་རྐང་འཐུང་དྲི་བསུང་ཚོགས། །ཕྱོགས་ཀྱི་རླུང་བཞོན་གྱིས་དྲངས་གངས་ཅན་འདིར། ཁྱབ་ཕྱིར་བློ་དང་ལྡན་ཁྱོད་ཚུལ་འདི་གསོན། །སྒྲ་དང་ཚད་མའི་རྣོ་ངར་སྡེར་མོ་ཡིས། །སྒོམ་ཆེན་རྒན་པོའི་འགྲོ་སྐྱབས་གསེར་ཅན་ལྟོ། །ཕྲལ་བས་ཉི་ཚེའི་དངོས་གྲུབ་གཏན་འདུན་དུ། །རློམ་པའི་བློ་དེ་ཆུ་ཤིང་སྙིང་པོ་བཞིན། །བཟོ་གསོ་ལ་སོགས་ཐབས་ཀྱིས་གདུལ་བྱའི་ཁམས། །ཇི་བཞིན་རྗེས་འཛིན་པདྨོའི་གཉེན་ཤར་ཚེ། །སེམས་གནས་ཙམ་ལ་རེ་འཆའི་འབྱུང་པོའི་བྱ། །བླང་དོར་ལྟ་བའི་འདྲེན་བྱེད་རྣམ་པར་ཟུམ། །སྙན་དངགས་མངོན་རྗོད་སྡེབ་སྦྱོར་ཟློས་གར་དང་། །སྐར་རྩིས་ཐ་སྙད་ལྔ་རིག་གཙུག་ལག་གིས། །མཐོ་རིས་སརྦྦ་ཛྙཱ་ཡི་རྒྱུད་འཛིན་པའི། །དྲང་སྲོང་ཕུར་བུའི་ཚུལ་ལ་ཅོ་འདྲིར་འོས། །གྲངས་མེད་ཉོན་མོངས་གཉེན་པོར་གསུངས་པའི་ཆོས། །ཀུན་གྱི་རྩེར་སོན་གསང་ཆེན་ཐེག་པ་མཆོག །ཚེ་གཅིག་ཁ་སྦྱོར་བདུན་ལྡན་འགྲུབ་པའི་ཐབས། །བཟང་པོའི་སྐལ་བ་ཅན་རྣམས་འཇུག་པའི་སྒོ །ས་ཆེན་རྣམ་པར་དགེ་བའི་རིང་ལུགས་ཀྱི། །གངྒཱས་ཐུབ་བསྟན་ཁྱབ་འཇུག་རྐང་པའི་དྲི། །འཁྲུད་ཀྱང་ལུང་རིགས་རྙོག་མའི་རྫིང་བུ་རྣམས། །བརྒལ་བརྟག་ལེགས་པར་བཤད་པའི་སྐལ་བ་ཕྲ། །དེ་ཕྱིར་གོང་མའི་བཤད་སྒྲུབ་པད་དཀར་འཕྲེང་། །སློབ་བཤད་ཟེའུ་འབྲུ་གཡུར་དུ་ཟ་བ་ཅན། །འཆད་མེད་རྣ་གོང་སྦུད་པའི་འདབ་མའི་འཛུམ། །ཟུང་འཇུག་མགྲོན་དུ་བསུ་ལས་གཡོ་མེད་དམ། །བློ་ཆེན་འཇམ་མགོན་ཚངས་པའི་ལུང་ལས་ཀྱིས། །སྐལ་བཟང་འདྲེན་པ་བཞི་པའི་རྒྱལ་སྲིད་དུ། །དབང་སྒྱུར་རིགས་ཀྱི་ཐིག་ལེའི་གྲགས་པའི་སྒྲ །འཁོར་ལོས་སྒྱུར་རྒྱལ་ཇི་བཞིན་ལྷུན་གྱིས་གྲུབ། །དྲི་མེད་རྣམ་པར་དྭངས་པའི་ཀུན་གསལ་ངོས། །ཟླ་ཉིའི་སྣང་བ་འབུམ་སྡེའི་གཟི་བྱིན་གྱིས། །སྨག་རུམ་མུན་པའི་ཚོགས་རྣམས་(༧༣བ)


GLG019_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བ་ལས། །ཕྲ་མོའི་རྒྱུ་སྐར་ལ་རེ་འཁྲུལ་བའི་བློ། །བརྗེད་ངས་གླང་པོའི་གདོང་གི་མཆེ་བ་དག །རྣམ་པར་ཕྱུང་བའི་འཕྲིན་ཡིག་ཀརྟི་ཀ །ཕོ་ཉ་འབྲུག་སྒྲ་མངལ་འཛིན་ལ་གཞོན་ནས། །སུམ་རྩེན་དབུས་འགྱུར་མདུན་སར་ཆད་མེད་ཞུ། །ཆུ་ཤེལ་དབང་པོ་ཞུན་མར་འཁྱིལ་བའི་ངོས། །སྙན་འགྱུར་རི་དྭགས་གཟུགས་ཀྱི་འཇོ་སྒེག་ཅན། །ཆུ་ལྷའི་ཕང་བའི་སྟེགས་ནས་ཉེར་འཕགས་ཏེ། །ངེས་གསང་ཆོས་ཀྱི་མདུན་ས་ཆེན་པོར་སོང་། །གོང་མས་ངོས་བསུ་བར་ཆ་དཀར་བླ་མ། ཤེས་རབ་བླ་མ། དཀའ་བཅུ་བླ་མ། དོན་བསང་གུ་ཤི་རྡོ་རྗེ་དར་ཁན་ནོ་ཡོན་སོགས་མྱུར་དུ་མངགས་རྒྱུ་ཡིན་པས་དེ་ཐོག་ཏུ་འགྱུར་བ་མེད་པ་དགོས་ཚུལ་གྱི་སྔོན་འགྲོར་ཆེ་ཆེན་དཔོན་པོ་དང་མཉམ་དུ་བོ་རོ་ཚེ་རིང་གསེར་ཡིག་ཏུ་འབྱོར་པ་ཕྱིར་ལྡོག་པ་དང་མཉམ་དུ་ཆེ་ཆེན་དར་རྒྱས་བཏང་དུས་ཕུལ་བ་བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་དཀར། བུ ཎྛ སུ ཝ ཪྞ ཙ ཀྲ བ སུ དྷྲྀ བཱ ཝ ཤ ཝ རྟི ཙ། །བྲ མཾ ནྱ ནྲྀ རཱུ བ དྷྲྀ གྨཱུ ལེ མ ཧཱ རཱ ཛ པཱུ རྦ ཙ། །ལེགས་(ཁ་སྒོ་ཕན་པའི་སྡེབ་སྦྱོར།)བྱས་གསེར་གྱི་འཁོར་ལོ་ཡིས། །ནོར་འཛིན་ཀུན་ལ་དབང་སྒྱུར་བ། །ཚངས་པ་མི་ཡི་གཟུགས་འཛིན་པ། །དབང་ཕྱོགས་རྒྱལ་པོ་ཆེན་པོའི་དྲུང་། །(༧༤ན)


GLG019_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བྱུང་མཁྱེན་དཔྱོད་རབ་ཡངས་བསིལ་ཟེར་གྱིས། །མངོན་པར་ཕྱེ་བར་ཡིད་ཀྱི་ཀུ་མུད་ད། །དད་པའི་འདབ་མ་རྣམ་པར་འཛུམ་བཞིན་དུ། །སྙན་འགྱུར་ཚིག་གི་ཟེའུ་འབྲུ་དགོད་པས་ཞུ། །དབང་ཕྱུག་དམ་པའི་རི་མོ་གསུམ་པ་ལས། །བཀའ་ཤོག་བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་། །བདོག་པའི་རྟེན་གྱི་ལྷ་རྫས་དར་དཔྱངས་ཅན། །འདྲེན་བྱེད་སྒྲ་འཛིན་བདུད་རྩིའི་དཔྱིད་དུ་ཕེབས། །དེང་དུས་འཛམ་གླིང་སྐྱེ་རྒུའི་བསོད་ནམས་ཀྱིས། །རིང་ནས་བསྐྲུན་པའི་གསང་གསུམ་དབང་གི་ནོར། །རྒྱལ་ཕྲན་བྱེ་བའི་ཅོད་པན་རྩེར་བཀོད་པའི། །སྙན་གྲགས་སྲིད་རྩེར་སྒྲེང་ལས་གཞན་དུ་ཅི། །འདི་ན་ཟས་གཙང་སྲས་ཀྱི་རྗེས་བཞུགས་པའི། །གནས་ལྔར་མོས་བློ་འཛིན་པའི་སྙོམ་ལས་པ། །སྡོམ་བརྩོན་ཀློག་པ་མཁན་ཡང་རྒྱལ་བའི་བསྟན། །ཐོས་བསམ་སྒོམ་པས་འཛིན་པའི་འདུན་པར་མཆིས། །གང་གི་བསོད་ནམས་ཕུང་པོ་འབར་བའི་གཟི། །རྟ་ལྗང་ཅན་གྱིས་བཟོད་པར་མ་ནུས་ནས། །བཅུ་གཉིས་ཁྱིམ་གྱི་བགྲོད་པ་འགོག་མིན་ཞེས། །འཆི་མེད་ལམ་དུ་དལ་མེད་རྒྱུ་བ་བཞིན། །ནོར་འཛིན་སྐྱོང་བ་ཁྱོད་དང་ཡོངས་འདུའི་ལྗོན། །འདོད་པའི་རེ་བ་སྐོང་ལ་མཚུངས་གྱུར་ཀྱང་། ཁྱོད་ནི་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །དཔག་བསམ་ཤིང་དེ་སེམས་མེད་བེམ་པོར་ངེས། །རྨད་བྱུང་མཛད་བཟང་གིས་བསྐྲུན་ཕན་བདེའི་ནོར། །གསེར་ལྡན་ལྟོ་བ་འདི་ན་ཤོང་མིན་ཞེས། །སྔོན་མེད་ནོར་འཛིན་སྤྲུལ་པའི་ཆོ་ག་ལ། །འཇིག་རྟེན་ས་བོན་མངལ་བའི་ཁུར་གྱིལ་མནར། །རྩོད་དུས་འཁོར་ལོས་སྒྱུར་རྒྱལ་མི་འབྱུང་ཞེས་། །གསུང་རབ་མང་པོར་བཤད་པ་ངེས་པར་རྫུན། །བདེན་ན་ལེགས་བྱས་རྩིབས་སྟོང་(༧༤བ)


GLG019_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་རྩོལ་ན། །འཁོར་འདི་ཀུན་གྱིས་མངོན་སུམ་མཐོང་མིན་ནམ། །ཕན་དང་བདེ་བའི་མཆོད་སྦྱིན་བརྒྱ་པའི་ནོར། །རྣམ་པར་འབྱེད་མཁས་ནོར་འཛིན་སྐྱོང་བའི་ལྷ། །འཇིགས་མེད་གདོང་ལྔས་བཏེག་པའི་ཁྲི་སྟེང་དུ། །འགྱུར་མེད་རྡོ་རྗེ་ལྟ་བུར་བརྟན་པར་གསོལ། །སྙན་དབང་རིན་ཅེན་ཡོལ་གོར་ཅི་བརྟོལ་གྱི། །ཚིག་གི་ཡུལ་ལས་འགོངས་ཀྱང་དངོས་ཅག་རྣམས། །འདེགས་པའི་ཡུལ་དུས་ཕོ་ཉའི་ངག་ལམ་ནས། །འབུལ་བ་ཐུགས་ཀྱི་དཔལ་བེར་གཅགས་པ་དང་། །ཤིན་ཏུ་སྙན་ཞིང་རྣ་བར་འཇེབས་པ་ཡི། །ཕེབས་ཚོགས་ཀ་ལ་པིང་ཀའི་གྲེ་འགྱུར་གླུ། །ཆུ་ཀླུང་སྐལ་ལྡན་ཤིང་རྟའི་བགྲོད་པ་བཞིན། །འཕྲིན་ཡིག་ལས་གསུམ་དག་ཏུ་འབབ་པ་ཞུ། །སྤྱན་རས་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་དག །འཆར་བྱེད་རྟེན་གྱི་གནམ་སྔོན་ཞུ་འདྲའི་རྫིང་། །རྒྱ་ཡི་ཨུཏྤལ་དམར་པོས་ལེགས་སྤྲས་ཏེ། ཁྲུམས་སྟོད་ཟླ་བའི་ཡར་ཚེས་བཟང་པོར་ཕུལ། །ས་གླང་ཕོ་བྲང་ཆེན་པོ་པོ་ཏ་ལར་དོན་གཉེར་ཅན་མང་པོ་ལ་འདོད་ཆོས་བགྱིད་སྐབས་ཉང་སྟོད་གནས་རྙིང་ཞབས་དྲུང་ཁྲི་པ་བློ་བཟང་ཀུན་དགའ་བདེ་ལེགས་རིན་ཅེན་རྒྱལ་མཚན་དཔལ་བཟང་པོ་དང་། བར་ཁམས་ནས་བ་སོ་སྤྲུལ་པའི་སྐུ་གཉིས་ཀྱིས་ངེད་རང་གི་རྣམ་ཐར་ཞིག་རྩོམ་དགོས་ཚུལ་ནན་ཆས་པས་ངོ་མ་བཟློག་པར་ཁས་ལན་ཙམ་བྱས་པ། སླར་ལྕགས་ཡོས་ནང་དུ་བ་སོ་སྤྲུལ་སྐུ་ངག་དབང་ཆོས་ཀྱི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ཚིགས་སུ་བཅད་པའི་འཕྲིན་ཡིག་རྟོགས་རྗོད་ཡང་སྐྱོར་དུ་བསྐུལ་བ་དང་། དབང་ཕྱོགས་གོང་མའི་རྒྱལ་ཁབ་ནས་མྱུར་དུ་ལྡོག་དགོས་པའི་ལན་སྐལ་བཟང་ཐོག་མར་འཆར་བའི་སྐྱ་རེངས། (༧༥ན)


GLG019_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མ ཉྫུ སྭ ར ཛྙོ ཀྵི ཏ ཀུ ངྒུ མཱ ལ ཀྵྱཱི པི རྩ ལཻ ཁི ཏྱ བེ ཙཱ ར ཀ རྟཱ། །ཛྱཱ བྷ ཝྱ སཱ མུ དྲ ཙ སཱུ ད ཡཱ དྷ རྨ སྐ ནྡྷ ཙཱ སཱ རི པ ལ ཎྜུ མཽ ཁྱཾ། འཇམ་(སྡེབ་སྦྱོར་དབང་པོ་རྡོ་རྗེ།)དབྱངས་མཁྱེན་པའི་གུར་ཀུམ་གྱིས་བྲན་པ། །ཕུན་ཚོགས་རྣམ་དཔྱོད་པིར་གྱིས་བྲིས་པ་ལས། །ཆོས་ཕུང་རྒྱ་མཚོའི་རི་མོ་ལེགས་འཆར་བའི། །བྱེད་པོ་རྒྱལ་བ་ཀུན་དངོས་བཙོང་ཁ་པ། །གང་གི་ལུགས་བཟང་མནྡྷ་ར་ཡི་འཕྲེང་། །ཐོས་བསམ་སྒོམ་པའི་ཅོད་པན་ལ་འཕྱང་བ། །བཤེས་གཉེན་འཚེ་བ་མེད་པའི་མེ་ན་ཀས། །འཕྲིན་ཡིག་སྙན་པའི་གླུ་དབྱངས་རྣ་བར་འཇེབས། །དེང་དུས་ཉེར་ལེན་ཙན་དན་ནགས་ཀྱི་རླུང་། །ལང་ཚོའི་ཡལ་འདབ་ཚར་དུ་ཆེས་དངར་ཞིང་། །མཁས་བཙུན་བཟང་པོར་གྲུབ་པའི་དྲི་བསུང་ཚོགས། །སྙན་གྲགས་མ་ལ་ཡ་མྱུར་དག་གིས་དྲངས། །བོད་ཆེན་མདོ་སྟོད་ཡངས་པའི་ནོར་འཛིན་དེར། །གཞན་ཕན་འདྲེན་པར་རློམས་པ་མང་ན་ཡང་། །འཆད་རྩོད་རྩོམ་པས་ཐུབ་པའི་བསྟན་པ་མཆོག །འཛིན་མཁས་ཤེས་ལྡན་ཁྱོད་དུ་ད་གདོད་ཁུམས། །(༧༥བ)


GLG019_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ཨེ་རཎྜ་ཡི་གྲིབ་བསིལ་ལ། །གནས་ཀྱང་འགྲོ་ལ་ཕན་བློ་མ་སྙོམས་པ། །རྒྱ་ཆེན་གནས་ལྔ་རིག་པའི་ཀུན་གསལ་མཐའ། །བློ་གྲོས་ཚད་ཀྱིས་འཇལ་བའི་འདུན་པར་མཆིས། །གངས་ཅན་དབུས་འགྱུར་ལྟེ་བ་པོ་ཏ་ལར། །བློ་གསལ་རྒྱུ་སྐར་ཕྲེང་བ་འཁྲིགས་པའི་དབུས། །བསྟན་འཛིན་ཉིན་བྱེད་ཁྱོད་གསུང་འོད་རྣོན་གྱིས། །སྒྲ་འཛིན་པད་དཀར་ཚལ་དེ་ཅི་ཡང་འཛུམ། །རྒྱལ་ཀུན་གསང་བ་རབ་འབྱམས་འཁོར་ལོའི་མཛོད། །གྲངས་མེད་འགྲོ་བའི་སྣང་ངོར་ཡོངས་འཛིན་གཟུགས། །སྟོན་མཛད་སྔོན་བྱོན་དམ་པའི་ཚོགས་རྣམས་ཀྱི། །རྣམ་ཐར་རྗོད་པ་ཡང་དག་དོན་དང་ལྡན། །བདག་འདྲའི་སྙིགས་དུས་བཤེས་གཉེན་ཤ་ཚུགས་ཅན། །དུག་གསུམ་བྱ་བའི་ངན་སྐྱུགས་ཕུང་པོ་ལ། །རོ་བརྒྱའི་ལྷ་ཡི་ཟས་ལྟར་སྒྲོ་བཏགས་པས། །རྫུན་གྱི་གླེགས་བམ་སྐྲུན་པ་ངལ་བའི་གནས། །འོན་ཀྱང་དེང་དུས་ཧ་ལའི་ཟ་མ་ཏོག །འཆི་མེད་བདུད་རྩིའི་ཟོལ་གྱིས་སཱ་ལ་པའི། །ཕན་བདེའི་སྲོག་ལ་རྒོལ་བའི་ཆོ་ག་དག །རྫོགས་ཀྱང་ལེགས་པའི་ལམ་དུ་ཉེར་སྒྲོགས་ན། །དལ་འབྱོར་རྟེན་བཟང་ཞིང་ས་གཤིན་པོ་ལ། །ཐོས་བསམ་སྒོམ་པའི་མྱུ་གུ་རབ་འཕེལ་བའི། །བསྙོན་མེད་སྤྱོད་ཚུལ་དབྱར་སྐྱེས་གཞོན་ནུ་ཡིས། །ཤེས་ལྡན་ཞིང་པའི་གསོས་སུ་ཅིས་མི་འཇེབས། །དེ་ཕྱིར་སྙན་འགྱུར་ཤེལ་གྱི་རྩིག་པ་ལ། །རྟོགས་བརྗོད་གཟུགས་བརྙན་འབུམ་ཕྲག་རབ་འཆར་བའི། །སྔོན་མེད་གླེགས་བམ་མགྲིན་བཅུའི་ཕོ་བྲང་ཞིག །མྱུར་དུ་སྐྲུན་པའི་འདུན་པ་མི་དམན་ཡང་། །དོན་མེད་གཡེང་བས་བསྐྱོད་པའི་སྟོང་འུར་ལ། །རྣམ་དཀར་ལས་སུ་སྒྲོག་པ་བླ་ཆེན་སྤྱིའི། །ལུགས་སྲོལ་གཡེང་བའི་ཁོལ་པོར་བདག་ཆུད་པས། །སྔོན་ཆད་འདྲི་བའི་གོ་སྐབས་རྙེད་མ་གྱུར། །སྲིད་འདིར་དཀར་ནག་ལས་ཀྱིས་འཕངས་པའི་རྟེན། །ཐོབ་པའི་སྣང་ཚུལ་བརྗོད་ན་ཧ་ཅང་མངས། །འདི་སྣང་དགེ་དང་མི་དགེ་བར་མའི་ཚུལ། །ཀུན་རྟོག་རི་མོར་བྲིས་ཀྱང་ཕ་མཐས་དབེན། །དྲང་པོའི་གླང་ཆེན་བཏང་ན་ཚུལ་འཆོས་ཀྱི། །(༧༦ན)


GLG019_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་བྱེད་གཏམ་གྱིས་ཆུ་སྐྱེས་འདམ་ལྟར་བརྫི། །འཁྱོག་པོར་བརྗོད་ཚེ་གཡོ་སྒྱུའི་ཞགས་པ་ཡིས། །བཟང་པོའི་རང་བཞིན་རི་དྭགས་བཅིངས་ཀྱི་དོགས། །ཤེས་ལྡན་པད་ཚལ་རྣམ་པར་བཞད་དཀའ་ཡང་། ཁྲེལ་བའི་ཀུནྡ་ཁོང་ནས་མི་འཛུམ་པའི། །རྟོགས་བརྗོད་སྒེག་མོའི་འགྲམ་པའི་ཆར་ཟིལ་གྱིས། །གླེགས་བམ་བ་ཀུ་ལ་ཞིག་མྱུར་དུ་འབྱེད། །འཁོན་རིགས་འཇམ་དཔལ་དཔའ་བོ་འཕགས་པ་དང་། །པད་དཀར་འཛིན་དངོས་བསོད་ནམས་རྒྱ་མཚོ་སོགས། །སྙིང་སྟོབས་མཆོག་གིས་འགྲོ་བ་འདྲེན་པ་དག །རྒྱལ་དང་དེ་སྲས་རྣམས་ཀྱི་རྣམ་པར་ཐར། །དེ་ལྟ་ན་ཡང་རྙེད་བཀུར་གྲགས་འདོད་ཕྱིར། །སྟོད་སྨད་རྒྱལ་ཁམས་མྱུལ་ནས་གཞན་དོན་ཞེས། །བརྗོད་ཚེ་དངོས་ཀྱང་ཙཱི་ཎར་བགྲོད་པ་སོགས། །སྣང་ཚུལ་འདི་དང་མཐུན་སྙམ་རྣམ་པར་ནོངས། །ཅིའི་ཕྱིར་ངན་སོང་སྡུག་བསྔལ་མེ་འོབས་དོང་། །སྲིད་པའི་ཕུན་ཚོགས་གློག་གི་སྒྱུ་དྲའི་གར། །མདོ་མེད་དུས་ཀྱི་ཕོ་ཉ་འཇིགས་བཞིན་དུ། །བློ་དམན་བདག་འདྲ་ཚེ་འདིའི་འདུན་མ་སྒྲུབ། །རང་ཉིད་ཞི་བདེ་ཙམ་གྱི་གདེངས་མེད་པར། །འགྲོ་རྣམས་མངོན་མཐོ་ངེས་ལེགས་ལ་སྦྱར་ཞེས། །དོན་མེད་མཁའ་ལ་བྲིས་པའི་རི་མོ་ཡིས། །རང་གཞན་གཉིས་ཀ་སླུ་བའི་བྱེད་པོར་དོགས། །འོན་ཀྱང་རྒྱལ་བའི་བསྟན་དང་འགྲོ་བ་ལ། །རབ་དཀར་ལྷག་བསམ་ཟླ་བ་གསར་པ་དག །ཤར་ཚེ་རྒུད་པའི་ཕུན་ཚོགས་སེལ་བ་དང་། །ཕན་བདེའི་སྣང་བ་རྒྱས་པ་ཆོས་ཉིད་ཡིན། །ལས་རླུང་ཤིང་རྟ་བདུན་པས་ཉེར་དྲངས་ཏེ། །མཐའ་འཁོབ་ཐུན་འཚམས་སྟེགས་ལ་འཕགས་ན་ཡང་། །རིང་མིན་གངས་ཅན་ས་འདིར་ཉེར་སྤྱོད་པའི། །སྐལ་བ་བཟང་པོའི་སྐྱ་རེངས་ཅིས་མི་འཆར། །གླེང་འོས་ལེགས་བཤད་གཏམ་གྱི་གངྒཱའི་རྒྱུན། །འཕྲིན་ཡིག་ལམ་གསུམ་དག་ལས་ཉེར་དྲངས་པས། །བརྗེས་ངས་དྲི་མའི་ཚོགས་ཀུན་རབ་བཀྲུས་ཏེ། །དགེ་ལེགས་ཁྱབ་འཇུག་ཞབས་བསིལ་སྒྲེང་བར་མཛོད། །(༧༦བ)


GLG019_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་རྙོག་བྲལ་རྫིང་བུར་འཆར་པ་ལ། །རུང་མཐུན་རྟེན་གྱི་གཉིས་སྐྱེས་ལུས་དཀར་ཅན། །རྟགས་ཀྱི་རྐང་གདུབ་སིལ་སྒྲ་འཁྲོལ་བཞིན་དུ། །བཤུལ་རིང་ལམ་དུ་བདེ་བར་དལ་ཀྱིས་འཕུར། །གོང་དུ་འདེགས་པའི་བཤུལ་དུ་ཞུགས་ཏེ་སྟོད་ལུང་ཕུའི་ན་དཀར་མ་ཞེས་པར་སླེབ་ཐོག་སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པའི་ནང་ཚན་ཟུར་འུག་བྱ་ལུང་པས། པོ་བྲང་ཆེན་པོ་ནས་མྱུར་དུ་ལྡོག་དགོས་པའི་ཚིགས་བཅད་ཀྱི་འཕྲིན་ལན་སཱ་ལའི་པད་ཚལ་མྱུར་བཞད་ཀྱི་བདེན་གཏམ། ལ ཀྵྨཱུ ཥྞཱཾ ཥཱ ཤཱ ནྟ བྷ བོ ནྣཱ གྲ ཙ སཱུ རྻཱ ལ ཀྵྱཱ ཨོ ཛཱ ནཱ ཁ ཙ བཱ ད སྱ སྱུ ཤུ བྷཱ། །པྲ ཛྲཱ ལཱ ཏྲཾ ལོ ཀ ཙ ར སྨྱཱ བ བྷ ས སྱ པ དྨཱ ཀ རྱཱ བུ དྡྷ ཙ ས རྦ པྲ དྷ ནཱ ཙཱ། །ཕུན་(སྡེབ་སྦྱོར་རྨ་བྱ་མྱོས་པ།)ཚོགས་སྲིད་བཞིའི་གཙུག་ཏོར་མཐོན་པོའི་རྩེར། །དགེ་ལེགས་ཞབས་སེན་ཉི་མ་འབུམ་གྱི་གཟི། །རབ་འབར་འཇིག་རྟེན་གསུམ་གྱི་སྣང་བའི་འོད། །པདྨ་འབྱུང་གནས་སངས་རྒྱས་ཀུན་གྱི་གཙོ། །(༧༧ན)


GLG019_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གང་དེའི་ལུགས་འཛིན་རིག་སྔགས་འཆང་བའི་ཁྲོད། །བཀའ་གཏེར་བཤད་སྒྲུབ་རབ་སྙན་ཚངས་པའི་གླུ། །མགྲིན་པར་དབྱངས་སུ་འཕྲོལ་བའི་བྱེད་པ་པོའི། །འཕྲིན་ཡིག་རྟེན་གྱི་བདོག་པ་སུག་པར་སོན། །དེང་དུས་ཉེར་ལེན་ཙན་དན་ནགས་ཀྱི་ཀླུང་། །རྒུད་པའི་གྲང་རེག་དགྲ་ལས་རྣམ་རྒྱལ་ཞིང་། །སྔ་འགྱུར་བསྟན་པའི་དྲི་བསུང་རབ་སྤྲོས་པའི། །སྙན་གྲགས་མ་ལ་ཡ་ཡི་རླུང་གིས་དྲངས། །ཐོས་བསམ་སྒོམ་ལ་གཞོལ་བློའི་ཉིན་བྱེད་བདག །ས་དབང་ཚངས་པའི་ལུང་གི་ཤིང་རྟ་ཡིས། །དྲངས་ཀྱང་སཱ་ལའི་ལྗོངས་ཀྱི་པདྨའི་ཚལ། །མྱུར་དུ་ཕན་བདེའི་འཛུམ་གྱིས་བསུ་བར་བྱེད། །འགྲོ་བའི་དབང་པོར་འཚམ་པའི་ཐེག་པའི་ཆོས། །གྲངས་མེད་རྫིང་བུ་ཟླ་བའི་གཟུགས་བརྙན་བཞིན། །འཆར་ཡང་སྙིང་པོའི་ལམ་མཆོག་ངེས་གསང་གི །རྡོ་རྗེའི་ཐེག་པར་གྲགས་ལས་གཞན་དུ་ཅི། །གསང་ཆེན་ཆོས་ཀྱི་བཟའ་ཤིང་ར་བ་ན། །ལྷུན་གྲུབ་སྣང་བཞིའི་ལམ་གྱི་འབྲས་བུའི་བཅུད། །རབ་སྨིན་རྫོགས་པ་ཆེ་ཞེས་དཔག་བསམ་གྱི། །ཡོངས་འདུའི་ལྗོན་པ་འདི་ཀོ་བླ་ན་མེད། །དེ་ཕྱིར་ཀ་དག་རིག་པའི་མཁའ་དབྱིངས་སུ། །ལྷུན་གྲུབ་ཞི་ཁྲོ་རབ་འབྱམས་འོད་ལྔའི་ཀློང་། །རྣམ་བཞིའི་འཕྲིན་ལས་འཇའ་ཚོན་རབ་འཁྱུག་པ། །གང་ཤར་རིག་པའི་རྩལ་དུ་རྫོགས་འདི་མཚར། །ལམ་བཟང་འདི་ལ་བརྟེན་ནས་གྲུབ་བརྙེས་ཁྱོད། །སྔ་འགྱུར་རྫིངས་ཀྱིས་གྲངས་མེད་ལུས་ཅན་ཀུན། །འཁོར་བའི་རྒྱ་མཚོ་ཆེ་ལས་རབ་བསྒྲལ་ཏེ། །ཀུན་བཟང་རིན་ཅེན་གླིང་དུ་འཁྲིད་པར་རིགས། །འཕྲོས་འོས་གཏམ་གྱི་དབྱངས་ཅན་འཕང་འགྲོའི་སྒྲ། །དམ་པའི་ཆོས་དང་འབྲེལ་བའི་རྒྱུད་མང་པོར། །ཉེ་བར་དྲངས་པའི་ཆད་མེད་བྱ་མ་རྟ། །ཡན་ལག་བརྒྱད་ལྡན་རྒྱུན་ལ་འགྲན་པར་འཚལ། །རི་མོ་དལ་གྱིས་རྒྱུ་བའི་གཉིས་འཐུང་དབང་། །རྟེན་གྱི་རིན་(༧༧བ)


GLG019_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཅེན་དྲ་བའི་གདོང་གཡོགས་ཅན། །སྙན་འགྱུར་ཚིག་གི་སྤུ་སྡུག་བཀྲ་བཞིན་དུ། །ནུབ་ཕྱོགས་ཆུ་ལྷའི་ངོས་ཀྱང་ཕང་བར་སོང་། །སྒར་ཆེན་བྱང་ཕྱོགས་འབྲི་ཆུའི་འགྲམ་དུ་འབྱོར་ཐོག་མདོ་སྟོད་ཀྱི་བླ་དཔོན་སོགས་མཆོག་དམན་མང་པོ་དང་ལྷན་ཅིག་བར་ཁམས་རི་བོ་ཆེ་ནས་སྟག་ལུང་ཞབས་དྲུང་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱི་ཕྱག་མཛོད་པ་ངག་དབང་བཟང་སྦྱིན་བྱུང་སྐབས་བོད་ཡུལ་གྱི་རྡོ་རྗེ་གདན་དུ་མྱུར་བར་ལྡོག་དགོས་ཚུལ་གྱི་ཆབ་ཤོག་ཚིགས་བཅད་ཀྱི་འཕྲེང་བར་སྤེལ་བའི་ལན་བརྟན་བདེའི་འོད་སྣང་གསལ་བའི་ཐུན་འཚམས། ཨཱ ཤྩ རྻཱ ཙཱ ལི ངྒ ནུ པོ ཡྻ ཡུ བ ནྱཱ ཀཱ ཡཱ བྷ ངྒྷཱ ནཱ ད ཙ གྷོ ཥཱ རུ ཏ ཙཱ ཝཱ ཀ །པཻ ས རྦཱ ཛྙཱ བ རྱ ཙ ཙི ཏྟཱ ཙ བྷུ ཏཱ ཙཱ སྱཱ མཱུ ལེ སི དྡྷ ཙ ཀ ལྐ ཡ བྡྷ བ ས ནྟེ། །ངོ་(སྡེབ་སྦྱོར་རྨ་བྱ་མྱོས་པ།)མཚར་མཚན་དཔེའི་ལང་ཚོ་དར་བའི་སྐུ། །གཞོམ་དུ་མེད་པ་ན་དའི་སྒྲ་དབྱངས་གསུང་། །རྣམ་པ་ཐམས་ཅད་མཁྱེན་པ་མཆོག་གི་ཐུགས། །གྲུབ་རིགས་རྒྱ་མཚོའི་དཔྱིད་དུ་གྱུར་དེའི་དྲུང་། །(༧༨ན)


GLG019_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་ཟད་མི་ཤེས་པའི་འཕྲིན་ལས་གཟུགས། །གང་གི་རྨད་བྱུང་མཛད་པའི་ཨཱ་དརྴར། །འགོག་མེད་ཤར་བའི་སྙན་འགྱུར་དབྱངས་ཀྱི་སྒྲ །རྣ་བའི་བཅུད་ལེན་གྱུར་ནས་མཆིད་འདི་གསོལ། །རིང་མིན་རྣམ་པར་དགེ་བའི་དུས་ཀྱི་ཆར། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་གར། །གྲངས་མེད་གདུལ་བྱའི་ཁམས་དང་བསམ་པའི་ངོར། །འཚོ་ཞིང་གཞེས་པའི་སྐལ་བཟང་དེ་རྨད་བྱུང་། །ཕུན་ཚོགས་བཀྲ་ཤིས་རི་མོ་གཡས་འཁྱིལ་བའི། །མ་སྨད་དམ་པའི་མགྲིན་པ་གཟེངས་མཐོན་པོའི། །ཟབ་རྒྱས་ལེགས་པར་བཤད་པ་བཀའ་མཆིད་གཏམ། །བདོག་པའི་སྐྱེས་དང་ལྷན་ཅིག་སུག་པར་སྨིན། །ཐོས་བསམ་བསྒོམ་ལ་མོས་པའི་བློར་ལྡན་ཡང་། །དོན་མེད་རྣམ་གཡེང་གཟེབ་ཏུ་ཉེར་ཆུད་པའི། །ཟ་ཧོར་རིགས་ཀྱི་སྡོམ་བརྩོན་ཀློག་པ་མཁན། ཁམས་གཟུགས་ཚོགས་པ་མ་གྱེས་ཙམ་དུ་མཆིས། །རབ་འབྱམས་ཆོས་ཀུན་འཇལ་བའི་མཁྱེན་དཔྱོད་ཅན། །མ་འདྲིས་འགྲོ་ལ་བརྩེ་བའི་བྱམས་པའི་དཔུང་། །ནག་ཕྱོགས་ཕྱེ་མར་འཐག་པའི་མཐུ་སྟོབས་ཅན། །རིགས་གསུམ་མགོན་ཡང་ཁྱོད་ཀྱི་མཛད་པར་རྫོགས། །དཔལ་ལྡན་ཐང་པའི་སྒྲུབ་རྒྱུད་ཤིང་རྟ་ཆེ། །ཕྱོགས་དེར་དུས་ཀྱིས་བསྐལ་པའི་འདམ་རྫབ་ལས། །འདྲེན་པའི་བྱེད་པོར་དུས་གསུམ་རྒྱལ་བ་རྣམས། །ངུར་སྨྲིག་གར་གྱིས་རོལ་ལས་གཞན་དུ་ཅི། །མདོ་སྨད་བསྟན་པའི་ནགས་ཀླུང་སྟུག་པོའི་དབུས། །ཚུལ་འཆོས་འཁྱོག་པོའི་ཚེར་རྣོན་ཆེས་མང་ཡང་། །ཕན་བདེའི་དྲི་བསུང་སྤྲོ་བའི་ཙན་དན་ལྗོན། །མཁས་དབང་ཁྱོད་དུ་ངེས་ཞེས་ལྷ་རྣམས་གླེང་། །སྔོན་བྱོན་འགྲོ་བའི་མགོན་པོ་འཕགས་པ་སོགས། །ཞབས་སེན་མ་ཡི་ཚངས་པའི་ཅོད་པན་དུ། །འགོད་དེ་ཉི་མའི་གཉེན་གྱིས་འཆི་མེད་གཙོའི། །གཙུག་གི་རྒྱན་དུ་གཤེགས་དེའི་དཔེ་ཟླར་འོས། །དེ་ལྟ་ན་ཡང་མང་དུ་མ་ཐོས་ཤིང་། །དེ་དོན་བསམ་དང་(༧༨བ)


GLG019_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ལམ་ཡོལ་བ་ཡི། །བདག་འདྲས་ཡར་ལྟའི་ཚུལ་དུ་མིག་ལྟ་བ། །ཕ་བང་མཁའ་ལྡིང་དབང་པོར་འགྲན་པར་བཞིན། །ཞི་བདེར་གནས་པའི་གདེང་ཙམ་མི་ལྡན་པར། །རྒྱ་ཆེན་གཞན་ཕན་བསྒྲུབ་ཅེས་སྟོང་འུར་གྱིས། །རང་གཞན་གཉིས་ཀ་སླུ་བའི་ཆུ་དོང་ལ། །སྙན་གྲགས་ཕུབ་མས་གཡོགས་འདི་སྐལ་བ་ཕྲ། །བཟོད་དཀའ་ངན་སོང་སྡུག་བསྔལ་མེ་འོབས་དོང་། །སྲིད་འབྱོར་གློག་གི་བུ་མོའི་གར་མཁན་མ། །ལོངས་མེད་ཚེ་འདི་ཆུ་བུར་ལྟར་མཐོང་ཡང་། །སྐལ་དམན་བདག་འདྲ་དོན་མེད་བྱ་བས་གཡེངས། །ལྟར་སྣང་གཞན་ཕན་སྨིག་རྒྱུས་རི་དྭགས་ཀྱི། །གཏན་བདེའི་སཱི་ཏཱ་འཕྲོག་པའི་བྱེད་པོ་ལ། །ཆེན་པོའི་རྣམ་པར་ཐར་ཞེས་རློམ་པ་འདི། །དལ་འབྱོར་སྟོང་པར་ཡོལ་བའི་བློ་བྲིད་མཁན། །འོན་ཀྱང་ཆབ་ཤོག་པད་དཀར་དགའ་ཚལ་དུ། །འཕྲལ་ཡུན་དགེ་བར་འགྱུར་བའི་གཏམ་སྙན་པོའི། །ཟེའུ་འབྲུ་དགོད་འདི་གཞན་གྱི་དབུགས་དབྱུང་བའི། །བདེན་པ་རྣམས་ཀྱི་ཐབས་མཁས་གསུང་དུ་ངེས། །དེ་ལྟ་ན་ཡང་ལྷག་བསམ་འོད་དཀར་གྱིས། །དབང་ཕྱོགས་ཚངས་པའི་མདུན་སའི་མུན་བསལ་ནས། །རྨད་བྱུང་ཁ་བའི་ལྗོངས་ཀྱི་ལྷ་ལམ་ངོས། །གཏན་བདེའི་སྣང་བ་འགྱེད་ལ་རིངས་པར་མཆིས། །སླད་མར་བཀའ་མཆིད་མེ་ཏོག་མནྡྷ་ར། །སྙིམ་པའི་ཐོད་དུ་བཅིངས་པའི་བྱ་མ་རྟ། །མདོ་སྟོད་ནོར་འཛིན་ས་ཡི་བཤུལ་ལམ་ནས། །ནམ་ཡང་ཆད་པ་མེད་པར་རྒྱུ་བར་ཞུ། །སྙན་ཚིག་དཔྱིད་ཀྱི་ཕོ་ཉས་ལེགས་བོས་པའི། །འཕྲིན་ཡིག་ལྗོན་ཤིང་ལང་ཚོ་རྒྱས་པ་ལ། །རྟེན་གྱི་ལོ་འདབ་ཕང་ཕུང་གཡོ་བཞིན་དུ། །བྱང་ཕྱོགས་ལོ་ཧི་རྟ་ཡི་འགྲམ་ནས་ཕུལ། །བོད་ཡུལ་གྱི་པཎྜི་ཏ་སྨོན་འགྲོ་ལོ་ཙཱ་བ་རིག་གནས་རྒྱ་མཚོའི་འཕྲེང་བ་འཛིན་པ་གང་རྒྱ་གར་གྱི་པཎ་ཆེན་པ་ལ་བྷ་དྲ་སོགས་ལ་བརྟེན་ནས་བརྡ་སྤྲོད་ཀྱི་གཞུང་ལུགས་ལ་བློ་གྲོས་མཆོག་ཏུ་ཡངས་པ་སྟག་ལུང་ལོ་ཙཱ་བ་དབུ་མ་ཆོས་མཛད་ཀྱི་འཕྲིན་ལན་དོན་གྱི་བློ་ལྡན་ཕུར་བུ། (༧༩ན)


GLG019_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཨཽ ད ཡྻ སུ ཤུ བྷ ཙ ཤཱ ནྟ བྷཱ བ དྷ ཏོ ས རྦེ བྷི བྷོ ཝ བ རི ན མྱ ཙ སྠ ཙཱ ཨཱ མཱ རཱ ད ཛི དཱ ཤ བ ལ ཙཱ བ རཱ ཀྲ མཱ ཙཱ བྲཱ ཛི སུཾ ཤུ བྷ ཙ ཙཱ རྐ བ ནྡྷུ ཡཙྪ། སྲིད་(སྡེབ་སྦྱོར་རབ་དགའ་ཅན།)ཞིའི་ཁམས་ན་དར་བའི་དགེ་ལེགས་ཀྱི། །དངོས་པོ་ཀུན་གྱིས་ཡོངས་སུ་བཏུང་བྱའི་གནས། །སྟོབས་བཅུའི་རྩལ་གྱིས་བདུད་ལས་རྒྱལ་བའི་མགོན། །རྒྱལ་བ་ཉི་མའི་གཉེན་གྱིས་དགེ་ལེགས་སྩོལ། །དེང་དུས་རྣམ་སྨིན་དཀར་པོར་འཁྱིལ་བ་ཡིས། །ཉེར་ལེན་འོ་མཚོར་རྙོག་མའི་དྲི་བྲལ་ཞིང་། །ཐོས་བསམ་སྒོམ་པའི་གཉེན་སྐྱེས་འཁོར་ལོའི་ལག །ལེགས་བཤད་རྐང་གདུབ་སིལ་སྒྲ་འཁྲོལ་བའི་ངོས། །བློ་གྲོས་མགྲིན་པའི་པི་ཝང་བརྡུངས་པ་ལས། །འཕྲིན་ཡིག་དབྱངས་ཀྱི་རྒྱལ་མོ་སྙན་པའི་ཚིག །ཉམས་དང་འགྱུར་བ་སྟོང་གི་རོ་མངར་བ། །འདི་ན་ཐོས་འཛིན་དགའ་བའི་གསོས་སུ་འཇེབས། །ཟིན་མེད་གཡེང་བའི་ཤིང་རྟས་ཉེར་དྲངས་ཀྱང་། །ཐོས་བསམ་སྒོམ་པའི་འདབ་བརྒྱ་བཞད་པ་ལ། །མི་དམན་སྔོན་མེད་ཉིན་མོར་བྱེད་པ་བདག །རྒུད་པའི་ཆུ་འཛིན་ལས་རྒྱལ་བདེ་བར་(༧༩བ)


GLG019_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས། །ངེས་དོན་གྲུབ་པའི་སྟི་གནས་སྨན་ལྗོངས་དེར། །ལེགས་སྦྱར་སྐད་ཀྱི་འགྱུར་ཁུགས་སྙན་སྒྲོག་པ། །སྒྲ་སྒྱུར་འཇིག་རྟེན་མིག་གཅིག་ཀོ་ཀི་ལ། ཁྱོད་མིན་གཉིས་པ་གཞན་ཞིག་གང་དུ་མཆིས། །རྒྱ་ཆེན་གསུང་རབ་ཀུན་གྱི་ཞུས་ཆེན་ལ། །ཟླ་མེད་ཆོས་སྐྱོང་བཟང་པོར་གྲགས་དེ་རྫུན། །བདེན་ན་བརྡ་སྤྲོད་གཙུག་ལག་མཐའ་ཀླས་པར། །སྨྲ་བའི་དཔྱོད་ལྡན་ཁྱོད་ཉིད་སུ་ཡིས་བསྐྲུན། །རིག་གནས་རྒྱ་མཚོའི་རིན་ཅེན་འཕྲེང་བ་ཡིས། །ལེགས་སྤུད་དོན་གྱི་པཎ་ཆེན་སྨོན་འགྲོ་བ། །ཚེ་དབང་དོན་ཀུན་གྲུབ་པའི་ལེགས་བཤད་རྒྱུན། །འཛིན་པའི་བྱེད་པོར་ཚངས་པས་ཁྱོད་ཉིད་བསྐོས། །དོན་གྱི་གནད་ལ་མ་རྨོངས་སྒྲ་རིག་པའི། །ཆོས་ཀུན་འཁྲུལ་མེད་སྒྲོ་འདོགས་ལེགས་བཅད་ནས། །གཉུག་མ་ལ་གཞོལ་སེམས་ཀྱི་གངྒཱའི་རྒྱུན། །ངེས་དོན་རྒྱ་མཚོར་འབབ་པ་ཟློག་ནུས་སུ། །དེང་དུས་ཐོས་བསམ་དྲི་བསུང་མི་ལྡན་ཡང་། །སྒོམ་ཆེན་རྒན་པོའི་རྫུ་བའི་འཛིན་སྟངས་ཀྱི། །ལྕེ་གཉིས་བྲང་འགྲོས་འཁྱུད་པའི་ཚེར་མའི་ཤིང་། །ཚད་ལྡན་ཙན་དན་གྲལ་དུ་བསྒྲིག་པ་མང་། །སྡོམ་བརྩོན་ཐོས་པའི་དཀའ་ཐུབ་ཉེར་ཞིག་ཀྱང་། །སྟོབས་འབྱོར་གྱ་གྱུའི་འདྲེན་བྱེད་ལེགས་སྦར་མེས། །གཞན་སྡེའི་འདོད་ལྷ་སྲེག་པའི་ཆོ་ག་དག །རྫོགས་པའི་གཙུག་ན་ཟླ་བ་ཅི་ཡང་སྣང་། །འོན་ཀྱང་ཐོས་པའི་ཆ་ཤས་ཀུན་གང་ཞིང་། །བསམ་པའི་རི་དྭགས་མཚན་མས་རབ་མཛེས་པ། །སྒོམ་པའི་འོད་དཀར་སྤྲོ་བའི་ཟླ་བ་ཁྱོད། །མཐོང་ཚེ་སྙིང་གི་མུན་པ་ཅིས་མི་སེལ། །མི་བསྲུན་ཚངས་པའི་འཁོར་ལོ་བཞི་ལྡན་གྱིས། །ཐང་པའི་བཀའ་རྒྱུད་ཁྱབ་འཇུག་མགྲིན་བཅད་ཚེ། །འཆི་གསོས་བདུད་རྩི་སྟེར་བའི་བྱེད་པོ་ཡི། །བཀའ་བཞིན་སྒྲུབ་པ་ཡང་དག་དོན་གྱི་མཆོག །ཡི་གེ་གསེར་གྱི་གདུ་བུ་ཅན། །སྙན་འགྱུར་པད་ཀོར་རབ་མཛེས་པ། །དོན་བཟང་མཛེས་སྡུག་འཆི་མེད་ཀྱི། །ལུས་(༨༠ན)
ཕྲའི་གར་གྱིས་ཕྱོགས་ཀུན་རོལ། །སང་རག་ཐགས་སུ་བཏགས་པ་ཡིས། །པཉྩ་ལི་ཀའི་སྟོད་གཡོགས་ཅན། །དོན་གྱི་བློ་ལྡན་ཕུར་བུ་དེ། །སྙན་ཚིག་མདོངས་མཐའ་ཞོན་ནས་སོང་། །


previousརབ་བྱུང་བཅུ་གཅིག་པའི་ས་བྱི་སོགས་ལ་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext