Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ཆུ་སྦྲུལ་གྱི་ལོ་ཕོ་བྲང་ཆེན་པོ་ནས་བཏེག་སྐབས་གོང་ནས་ཁེ་ཤིང་གི་ཆིང་དབང་ཏའི་གའི་གཟིམས་ཁང་གསར་པའི་བར་སྐྱེལ་མར་བཏང་བ་ཕྱིར་ལོག་པ་དང་མཉམ་དུ་བསོད་ནམས་དབང་རྒྱལ་བཏང་བའི་ཞུ་ཡིག་མེས་པོའི་ཁེངས་པ་འགུགས་པའི་དབྱར་རྔ། པུ ཎྱཱ སུ ཝ རྞྞ ཤུ དྡྷཱ ར ས ཧ སྲ ཛྭཱ ལ སྱ ལ ཀྵྨཱི བ ལེ ནོ དཱ ར སྱ མ ཧཱ བྷཱུ ཧ འུ མཾ། །ཙ ཀྐྲེ ཎ བི ཝ རྟྟེ རྣ རཱ ཎཱཾ དེ ཝོ མ ཉྫུ གྷོ ཥོ ཏྟ མཻ རྨྨ ཧཱ རཱ ཛྙེ མཱུ ལ༔ བསོད་ནམས་གསེར་སྦྱངས་རྩིབས་སྟོང་འབར་བ་ཡི། །ཕུན་ཚོགས་སྟོབས་ཀྱིས་ཡངས་པའི་ས་ཆེན་པོར། །འཁོར་ལོས་རྣམ་པར་སྒྱུར་བའི་མི་ཡི་ལྷ། །འཇམ་དབྱངས་གོང་མ་རྒྱལ་པོ་ཆེན་པོ་དྲུང་། །(༨༠བ)


GLG019_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དེང་དུས་ལེགས་བྱས་བྱེ་བའི་ཆུ་གཏེར་ལས། །མཛེས་སྡུག་གཟུགས་སྐུའི་སྣང་བརྙན་རི་བོང་འཛིན། །མི་མཐུན་ཆུ་འཛིན་རྙོག་མས་མ་གོས་པ། །ངོ་མཚར་རྣ་བའི་དགའ་སྟོན་འགྱེད་ལས་ཅི། །ཕོ་བྲང་ཁང་བཟང་མེས་པོའི་ཞལ་གྱི་སྒོ། །གྲངས་མེད་སྡེ་བཞིའི་ནོར་བུའི་འབྱུང་གནས་ཅན། །གསེར་མངལ་ཅན་གྱིས་ཁེངས་པའི་རྒྱུད་འགུགས་པའི། །བྱེད་པོར་གནམ་ནས་འོངས་པ་ཁྱོད་མིན་སུ། །དེ་ཕྱིར་གསེར་ལྡན་དགའ་མའི་ཁོར་ཡུག་གི །ཕང་པར་གནས་པའི་མངའ་འབངས་སྐྱེ་བོ་ཀུན། །ཕན་དང་བདེ་བའི་རྫོགས་ལྡན་དགའ་སྟོན་ལ། །འགོད་པར་རིགས་སོ་ནོར་འཛིན་སྐྱོང་བའི་ལྷ། །རྒྱུ་སྐར་ས་ལ་བཀྲམ་པའི་གྲོང་ཁྱེར་དབུས། །ཕུན་ཚོགས་གསེར་གྱི་ཕོ་བྲང་ཉམས་དགའ་བར། །མི་རྗེ་ལྷ་ཡི་རྒྱལ་པོ་ཆེན་པོ་ཁྱོད། །མི་འགྱུར་རྡོ་རྗེའི་ཁྲི་ལ་བརྟན་པར་གསོལ། །རི་མོ་གནམ་སྔོན་བཞུ་འདྲའི་རྫིང་བུ་ལ། །སྤྱན་རས་ཟླ་སྣང་དབང་པོས་བཙའ་བའི་རྟེན། །རྩེ་མོ་གྲངས་དང་ལྡན་པའི་བདོག་པ་ལ། །རྟགས་ཀྱི་ལང་ཚོ་གསལ་བར་བཀོད་ནས་ཕུལ།སྤི་ལིག་ཐུ་ནང་སོ་ལ་སྤྲིངས་པ་སྒོ་ངའི་སྦུབས་ནས་འཁྲོལ་བའི་སྐད་སྙན། ཨ དྨཱ མ ཧཱ སུ ཁ ཇ མ ཀྱ ཡུ བ ཎྱ པུ ཥྚིཾ ནི རྟྱཱ ནུ བྱ ཉྫ ན ནི མི ཏྟ ཙ ཏུ ནྴ རཱི རཾ། །ཏ དྺ གྨཱུནི ནྡྲ ས དྷཱ ར མ ཀ ཤཻ ཥྱི གོ ྅ སཾ བཱཾ དཾ ཀྱ ཙེ ཏྟ མ ཤ ར ཎྱ ཙ ར ཀྵི ཏ ཏཱཾ། །(༨༡ན)


GLG019_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་(སྡེབ་སྦྱོར་དཔྱིད་ཀྱི་ཐིག་ལེ།)འཇུག་སྐུ་བཞིའི་བདག་ཉིད་བདེ་བ་ཆེ། །མཚན་དཔེ་ལང་ཚོ་རྒྱས་པའི་གར་མཁན་ཅན། །ཐུབ་དབང་དེའི་གསུང་ཆོས་དང་སློབ་མར་བཅས། །སྐྱབས་མཆོག་བསླུ་བ་མེད་པས་ཁྱོད་ལ་སྲུངས། །སྐྱེ་བར་གོམས་པའི་ལེགས་བྱས་ས་བོན་མཆོག །རབ་སྨིན་དལ་བའི་རྟེན་བཟང་ཙན་དན་ལྗོན། །བླང་དང་དོར་བྱའི་དྲི་བསུང་སྤྲོ་བཞིན་དུ། །བདེ་བའི་ལོ་འདབ་གཡུར་དུ་ཟ་ལ་ཅི། །དམ་པའི་ཆོས་ཀྱི་བློ་གྲོས་ཟླ་བའི་གཟུགས། །དྲི་མེད་རྣམ་དཔྱོད་རྫིང་བུར་ལེགས་ཤར་བས། །དལ་འབྱོར་འདབ་གཤོག་རྒྱས་པའི་ངང་པ་ཁྱོད། །དགེ་སྦྱོར་མགྲིན་པའི་རྔ་དབྱངས་སྒྲོགས་འདི་མཚར། ཁྱིམ་གཟུགས་སྒོ་ངའི་སྦུགས་རྒྱ་མ་གྲོལ་བར། །ཡང་དག་སྐད་སྙན་འབྱིན་པ་ཁྱོད་མཐོང་ཚེ། །མུ་ཅོར་སྒྲ་ཡིས་རྣ་བ་གཙེར་བྱེད་པའི། །འཚམས་སྤྲིན་གོས་ཅན་ཕལ་ཆེར་ངུར་པའི་ཁྱུ། །ཅལ་སྒྲོག་རི་དྭགས་རྗེས་སུ་མི་སྙེག་པར། །བླ་མེད་ཐེག་པ་མཆོག་ནས་འདུལ་བའི་བར། །འཁྲུལ་མེད་ཉམས་ལེན་གནད་ཀྱི་སཱི་ཏཱ་མ། །རྣམ་པར་སྐྱོངས་ཤིག་བློ་ལྡན་དགའ་བྱེད་ལྷ། །སླད་མར་མི་བསྐྱུད་འཕྲོས་འོས་གཏམ་གྱི་ཆུ། །ཆད་མེད་གངྒཱའི་རྗེས་སུ་འགྲོ་བཞིན་དུ། །རྙེད་དཀའ་བསེ་རུ་ལྟ་བུའི་དལ་བའི་རྟེན། །ཡུན་དུ་འཚོ་ཞིང་སྐྱོང་བའི་ཐབས་འབད་གཅེས། །མི་མཐུན་རྒུད་པའི་མུན་ཚོགས་འཇོམས་བྱེད་པ། །དམ་རྫས་བྱིན་རླབས་ཀུན་འདུས་རིལ་བུ་དང་། །སྲུང་བ་སྲ་མཁྲེགས་རྡོ་རྗེའི་མདུད་པ་ལ། །འཚམས་སྤྲིན་རྟགས་ཀྱི་ལང་ཚོ་འཁྱུད་ནས་སོང་། །གནས་ཆུང་ནས་ཆོས་རྒྱལ་ཆེན་པོས་རྡོ་རྗེའི་གསུང་འཕྲིན་སྔ་ཕྱིར་བྱུང་བའི་ལན་རྨ་ཆུའི་འགྲམ་ནས་དར་གན་ནང་སོ་རྫངས་དུས་ཕུལ་བ་ཡིད་བཞིན་ཆར་འབེབས། (༨༡བ)


GLG019_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་མགོན། ཁམས་གསུམ་ཟིལ་གནོན་སྲིད་གསུམ་དབང་དུ་སྡུད། །ཡིད་བཞིན་ནོར་ལྟར་གྲུབ་ཀུན་ཀུན་སྩོལ་བའི། །སངས་རྒྱས་ཀུན་དངོས་པདྨ་འབྱུང་གནས་རྒྱས། །གང་དེའི་བཀའ་སྡོད་སྡེ་བརྒྱད་དྲེགས་པའི་གཙོ། །དཔལ་ལྡན་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཡི། །རྡོ་རྗེའི་ཚིག་གི་རི་མོ་སྔ་ཕྱི་དང་། །ཉམས་མེད་སུག་པར་སོན་པའི་སྤྲོ་བ་འཕེལ། །འགྱངས་མེད་ཁ་བའི་ལྗོངས་སུ་འབྱོར་པ་སོགས། །སྔར་བཅོལ་འཕྲིན་ལས་མ་ལུས་གྲུབ་པ་ཡིས། །དམ་ཅན་བསྟེན་པའི་དགོས་པ་དོན་ལྡན་ཞེས། །ངེས་རྙེད་དགའ་བའི་གར་སྟབས་ཅི་ཡང་སྒྱུར། །སླར་ཡང་བདག་ཅག་བཤུལ་དུ་ཞུགས་པ་ཡི། །བར་ཆད་ཉེས་པའི་ཚོགས་ཀུན་སེལ་བ་དང་། །བསྟན་དང་འགྲོ་བའི་ཕན་བདེ་ལེགས་སྤེལ་ཞིང་། ཁྱབ་བདག་བླ་མ་ཟུང་འཇུག་ཞབས་བརྟན་མཛོད། །སྔགས་འཆང་བདག་གི་སྲུང་བའི་རྭ་བར་དུ། །བཅུག་རྣམས་ཉིན་མཚན་གཡེལ་མེད་སྐྱོབ་པ་དང་། །མ་རུང་བསམ་ངན་འཆང་བའི་དགྲ་བགེགས་རྣམས། །གང་དུ་འདུག་ཀྱང་སྙིང་ཁྲག་གཞལ་དུ་གསོལ། །སྤྱན་གཟིགས་སྙན་ཤལ་སྣ་ལྔ་གསེར་སྐྱེམས་དང་། །གོ་མཚོན་ཅང་ཤེས་རྟ་དང་ཕྱི་ནང་དུ། །བཅས་ཏེ་ཧོར་ཟླ་དྲུག་པའི་གྲལ་ཚེས་ལ། །ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་སྒར་ནས་དགེ །བོད་ནས་མཆོད་ཡོན་གྱི་མི་སྣར་སྒོ་མང་ཟུར་པ་སློབ་དཔོན་ངག་དབང་དཔལ་འབྱོར་དང་། དར་གན་ནང་སོ་གཉིས་ཏའི་རྒར་འབྱོར་སྐབས་ཟུར་ཆེན་མཁྱེན་བརྩེ་ནུས་པའི་དབང་ཕྱུག་ཁྱབ་བདག་བླ་མ་ཆོས་དབྱིངས་རང་གྲོལ་གྱི་སྙན་ཚིག་ལན་ཆོས་སྲིད་བདག་པོར་བཀུར་བའི་གཏམ་སྙན་གནམ་གྱི་ཤེ་མོང་། (༨༢ན)


GLG019_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཨ མྲྀ ཏྱ བི དྱཱ དྷ ར ཨཱ ཛ ཡཱ ཧོ ས དྷཱ ཏྲི གུ ཧྱ སྱ ཙ བ ཛྲ ནི རྟི། །ཏྲི མཱུ ལ པ དྨཱ ཀ ར ཨཱ ས མཱ ཛཱ རྠ ཙཱ ནི རཱ བྷོ ག ཀྲྀ སི དྡྷི ཡ ཙྪ། །རྒྱལ་(སྡེབ་སྦྱོར་ཉེ་དབང་རྡོ་རྗེ)བ་ཀུན་གྱི་གསང་གསུམ་རྡོ་རྗེ་གར། །འཆི་མེད་རིག་འཛིན་གྲུབ་པའི་ངོ་མཚར་ཅན། །རྩ་གསུམ་ཀུན་འདུས་པདྨ་འབྱུང་གནས་ཀྱིས། །དངོས་གྲུབ་སྩོལ་ལ་དོན་རྣམས་ལྷུན་གྲུབ་མཛོད། །དཀྱིལ་འཁོར་རྒྱ་མཚོའི་མགོན་དེའི་ལུགས་འཛིན་པ། །རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བའི་དཔྱིད། །ཟུར་ཆེན་ཐམས་ཅད་མཁྱེན་པའི་གདུང་གསོབ་དེའི། །རི་མོ་དབྱངས་ཅན་མགྲིན་པར་ཆགས་པའི་གླུ། །ཟབ་དོན་གཏེར་ཀྱི་སྒོ་འབྱེད་སངས་གླིང་པའི། །ཕྱག་སོར་ལས་གྲུབ་བླ་མ་ཡབ་ཡུམ་སྐུ། །ཀོང་ཆེན་འཇིགས་མེད་ནམ་མཁའི་རྣལ་འབྱོར་གྱི། །འབྲལ་སྤངས་སྲུང་བར་མཛད་པའི་རྟེན་བཅས་འབྱོར། །དེང་དུས་གསང་གསུམ་འཇིགས་མེད་རྡོ་རྗེའི་ཁམས། །ལྷུན་གྲུབ་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་ཞིང་། །ཐེག་(༨༢བ)


GLG019_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཆོས་ཀྱིས་འགྲོ་ཀུན་སྨིན་གྲོལ་ལ། །ལེགས་བཀོད་སྙན་པའི་གཏམ་འདི་རྣ་བར་འཇེབས། །འདི་ན་ཟ་ཧོར་རིགས་ཀྱི་ལྡོམ་བུ་བ། །སྒྱུ་ལུས་དུས་ཀྱི་ཞགས་པས་མ་བཅིངས་ཤིང་། །ཤར་ཕྱོགས་རྒྱལ་པོའི་ཁབ་ལས་ཕྱིར་བཏེག་ནས། །དབུས་འགྱུར་གངས་ཅན་ཕྱོགས་དེར་འོང་སྐབས་ཡིན། །གནམ་གྱིས་བསྐོས་པའི་འཇམ་དབྱངས་གོང་མ་ཞེས། །ས་ལ་མངོན་སུམ་རྒྱུ་བའི་ཚངས་པ་དེས། །དངོས་ཅག་ནུབ་ཕྱོགས་ཡངས་པའི་རྒྱལ་ཁམས་ཀྱི། །ཆོས་སྲིད་བདག་པོར་ལུང་དང་ལས་ཀས་བསྐུར། །ཚུལ་འདི་སྙིང་ནས་ཆོས་ལ་ཉེར་གཞོལ་བ། །སྔོན་བྱོན་དམ་པའི་རྣམ་ཐར་མ་ལགས་ཀྱང་། །དེང་དུས་གོ་ས་ལྷུར་ལེན་རང་གཞན་གྱི། །བླ་ཆེན་ཕལ་ཀྱི་འཐོབ་མིན་གནས་ཤིག་ཡིན། །འོན་ཀྱང་སྲིད་པའི་ཕུན་ཚོགས་གློག་གི་གར། །མཐའ་མེད་འཁོར་བའི་སྡུག་བསྔལ་བཟོད་དཀའ་ཅན། །ཐེག་མཆོག་ཆོས་ཀྱི་སྙིང་པོ་རྙེད་དཀའི་དོན། །ཤེས་རྣམས་ཚུལ་འདིར་ཨ་འཐས་དགའ་བ་ཅི། །དེ་ལྟར་སྔ་ཕྱིར་འགྱུར་བའི་རྡོ་རྗེའི་ཐེག །ཟབ་མོའི་ཆོས་ཀྱིས་རང་གཞན་དོན་སྒྲུབ་པར། །གཅིག་ཏུ་མོས་པའི་ཨཱ་ཝ་དྷཱུ་ཏཱི་པ། །འདི་སྣང་ཆོས་བརྒྱད་བྱ་བས་འཆིང་ནུས་མིན། །བགྲང་བྱའི་གླེགས་བམ་བྲག་རི་ལྟར་བརྩེགས་ཀྱང་། །ཚེ་འདིའི་བྱ་གཞག་གཞོན་ནུའི་ངང་ཚུལ་ཅན། །འཁྲུལ་པའི་འབོད་གྲོགས་རི་དྭགས་རྗེས་སྙེག་རྣམས། །མཐོང་ཚེ་ཁོ་བོ་གཏན་གྱི་སི་ཏཱ་གཉེར། །དབྱར་གྱི་སྲིན་བུའི་གྲངས་ལ་ཅོ་འདྲི་བའི། །སྐད་དང་ལུགས་སྲོལ་མི་གཅིག་སྐྱེ་རྒུ་རྣམས། །སྡིག་སྤོང་དགེ་བ་བསྒྲུབ་པ་རྫོགས་ལྡན་གྱི། །སྔོན་མེད་དགའ་སྟོན་མཆོག་ལ་ཅི་ཡང་སྦྱར། །འོན་ཀྱང་དེང་དུས་རྒྱ་ཧོར་ཡུལ་གྲུ་ཀུན། །མདའ་ལྔ་སྙིང་ལ་ཕོག་པའི་བཤེས་གཉེན་དང་། །བླུན་པོ་རྫུན་དང་ཟོག་གི་འཁྲུལ་འཁོར་ཅན། །མུ་སྟེགས་ཀླ་ཀློའི་ལུགས་སྲོལ་སོགས་(༨༣ན)


GLG019_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གང་། །དེ་ཕྱིར་དྲི་མ་མེད་པའི་ཐུབ་པའི་བསྟན། །ཚུལ་བཞིན་གནས་པ་ཁ་བའི་སྨན་ལྗོངས་ལས། །རྒྱལ་ཁམས་གཞན་དུ་མེད་པར་ངེས་རྙེད་ན། །ཕྱོགས་དེར་བགྲོད་པར་མི་རིངས་ཤེས་ལྡན་སུ། །འཁྱོག་འགྲོ་བློ་ཡི་ལྕེ་གཉིས་རྐྱོང་ནུས་པ། །རང་གཞན་ཕུང་འཚེངས་སྒྲུབ་པའི་རྣམ་ཐར་འགའི། །རྗེས་སུ་འཇུག་ན་སྲིན་བུའི་བྱིན་ཤ་གང་། །འདར་བྱེད་མཐའ་འཁོབ་ཡུལ་ལ་དགའ་སྲིད་ཀྱང་། །དངོས་ཅག་མཁན་སློབ་ཆོས་གསུམ་བཞེད་པ་ལྟར། །རུ་བཞིའི་རྒྱལ་ཁམས་བདེ་བ་སྒྲུབ་པའི་ཁུར། །འཛིན་ལ་གཞན་འཕྲུལ་དབང་པོ་འགའ་འཁུ་ཡང་། །དུས་གསུམ་རྒྱལ་བ་མ་ལུས་དགྱེས་སམ་སྙམ། །ཨུཏྤལ་ཟེའུ་འབྲུ་དགོད་པའི་ནགས་ཀླུང་ལ། །རྐང་དྲུག་བུང་བ་རིང་ནས་འདུ་བྱེད་ཀྱང་། །དུས་ཀུན་ལྷན་ཅིག་གནས་པའི་སྦལ་པ་དག །ཅི་ཡང་མི་སེམས་རང་གི་ངང་ཚུལ་ཡིན། །ལྷོ་ཕྱོགས་མ་ལ་ཡ་ཡི་དགའ་ཚལ་དུ། །སྐྱེས་པའི་རྐང་འཐུང་འཕྲེང་བ་ཆེས་ཕྲ་ཡང་། །ཚད་པའི་གདུང་བ་སེལ་བའི་དྲི་བསུང་དག །འབད་མེད་ཤུགས་ལས་འབྱུང་བ་ཆོས་ཉིད་ཡིན། །གང་གི་ལེགས་པར་བཤད་པའི་རི་མོ་ལ། །བཀྲ་ཤིས་གཡས་སུ་འཁྱིལ་བའི་མགྲིན་པ་ལས། །ཉམས་དང་འགྱུར་བའི་རོ་ལྡན་འཕྲིན་ཡིག་ཏུ། །མངོན་རྗེས་ཚད་མས་སྒྲུབ་ནུས་དོན་དེ་བཞིན། །མཐོང་ན་མི་མཐུན་མེད་པ་རྒྱལ་བའི་སྐུ། །ཇོ་ཤཱཀ་རང་བྱོན་འཇིག་རྟེན་དབང་ཕྱུག་དང་། །འཕྲུལ་སྣང་བསམ་ཡས་ལ་སོགས་སྟོད་སྨད་ཀྱི། །ཕན་བདེའི་རྩ་ལག་ཆོས་འཁོར་གཙུག་ལག་ཁང་། །ཨུ་རྒྱན་མཁའ་འགྲོའི་གླིང་གི་རྗེས་འགྲོ་བའི། །མཚོ་སྐྱེས་རྡོ་རྗེས་བྱིན་བརླབས་གསང་བའི་གནས། །ཐུབ་བསྟན་སྤྱི་དང་ཀུན་མཁྱེན་བཙོང་ཁ་པའི། །ལུགས་འཛིན་འདུས་པའི་སྡེ་ཡིས་ས་གཞི་ཁྱབ། །རིས་མེད་དམ་པའི་ཆོས་ཀྱི་བདུད་རྩི་ཡིས། །ཡིད་ལ་ཀུན་ནས་དགའ་བའི་མཆོག་སྦྱིན་མཁན། ཁྱབ་བདག་འཁོར་(༨༣བ)


GLG019_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་དབང་ཕྱུག་ཟུང་དུ་འཇུག །མཁས་གྲུབ་བསྟན་འཛིན་རྒྱུ་སྐར་ལྟ་བུར་འཁྲིགས། །ས་སྤྱོད་མཆོད་ཡོན་ཉི་ཟླ་ཟུང་གཅིག་སོགས། །བསྟན་ལ་རི་མོར་བགྱིད་པའི་སྦྱིན་པའི་བདག །ཆོས་རྒྱལ་མྱ་ངན་མེད་ཀྱི་དཔེ་ཟླ་ཡིས། །གསེར་ལྡན་མ་དེའི་ལྟོ་བ་དོག་པོར་བྱས། །དེ་ཕྱིར་ལྕག་གིས་ཡང་ཡང་ཉེར་བསྐུལ་བའི། །ཅང་ཤེས་རླུང་གི་ཤུགས་ལ་འགྲན་བཟོད་པར། །བརྟེན་ནས་དབུས་འགྱུར་ཆོས་ཀྱི་མདུན་ས་ཆེར། །མྱུར་སླེབ་བག་ཕེབས་གླེང་མོ་ཞིབ་ཏུ་བྱེད། །རབ་དཀར་ཐགས་སུ་བྱས་པའི་ངོས་ཡངས་སྟེང་། །ཕུན་ཚོགས་རིན་ཅེན་མཆོག་གི་གར་བུ་ཅན། །གསང་བ་སྔགས་ཀྱི་གྲངས་འཛིན་བརྒྱ་རྩར་བཅས། །ཆུ་སྟོད་ཟླ་བ་སྔོན་མའི་ཚེས་ལ་བྲིས། །སྒར་ཆེན་གོང་ནས་འཁོར་ཏེ་མཚོ་ཁྲི་ཤོག་རྒྱལ་མོའི་བྱང་ཕྱོགས་རང་བྱུང་ཁྲུས་ཀྱི་རྫིང་བུའི་འགྲམ་དུ་འབྱོར་ཐོག་བོད་ཀྱི་ཆེ་རྒུའི་བསུ་བ་སླེབ་པའི་སྟག་ལུང་ཞབས་དྲུང་མ་ཆེན་གྱི་ཆབ་ཤོག་ལན་སྭསྟིའི་སྒྲ་དབྱངས། ཤྲཱི ཡུ ད ཡྻ ཙཱ ནི མི ཏྟ བྷ དྲཱ ཛི ཏྲི གུ ཧྱ དྷཱ ཏུ ཙཱ ཡུ བ ཎྱ། །སཱ དྷ མཱ ལ མཱུ ལ ཙཱ མ ཧཱ ར ཐྱཱ ཙ ནི ཀ རྱ བཱ ཉྩཱ མཱ ཡཱ། །(༨༤ན)


GLG019_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་(སྡེབ་སྦྱོར་རྨ་བྱའི་འགྲོས།)ཀུན་གསང་བ་གསུམ་གྱི་དབྱིངས། །མཚན་བཟང་ལང་ཚོ་དར་བའི་དཔལ། །སྒྱུ་འཕྲུལ་དྲ་བའི་གར་མཁན་ཅན། །སྒྲུབ་རྒྱུད་ཤིང་རྟ་ཆེན་པོའི་དྲུང་། །དེང་དུས་དག་པ་དོན་དམ་མི་ཟད་པའི། །འཁོར་ལོའི་མཛོད་དུ་འབྱོར་པའི་དབང་ཕྱུག་ཀྱང་། །ཀུན་རྫོབ་སྒྱུ་མར་སྣང་བའི་གཟུགས་ཀྱི་སྐུ། །གཞོམ་མེད་རྡོ་རྗེའི་དཔལ་ལ་སྤྱོད་པའི་ངོས། །སྔ་ཕྱིར་གནང་བའི་ཆབ་ཤོག་དྲི་ཟའི་རྒྱུད། །ཉམས་ལྡན་འབུམ་ཕྲག་འཛག་པའི་གླུ་དབྱངས་ཅན། །ཕོ་ཉ་བགྲོད་པའི་བྱེད་པོས་འགོག་མེད་དུ། །སུག་པར་སོན་ཚེ་ཡིད་དང་རྣ་བའི་གསོས། །རྣམ་དཔྱོད་སྒྲོ་གཤོག་ཕྲ་ཡང་བརྩོན་འགྲུས་ཀྱི། །སྒོ་ངའི་སྦུབས་ནས་ལྔ་རིག་སྙན་འགྱུར་སྒྲ །སྒྲོག་པའི་སྡོམ་བརྩོན་གཉིས་སྐྱེས་ཀློག་པ་མཁན། །ངོམས་མེད་ཐོས་བསམ་སྒོམ་ལ་གཞོལ་བློར་མཆིས། །གངས་ཅན་ངོ་བོའི་ཆ་ཤས་ཤར་གྱི་ཕྱོགས། །ཕྱག་རྒྱའི་གྲུབ་རིགས་དུ་མའི་སྟི་གནས་ཆེ། །ཚང་ཚིང་འཕྲེང་བ་འཁྲིགས་པའི་སྨན་ལྗོངས་དེར། །འཁོར་ལོའི་བྱ་བས་མཛེས་ཞེས་གཏམ་དུ་གླེང་། །བརྣག་དཀའ་བདུད་རིགས་ཉེར་འཚེའི་ཆུ་གཏེར་ནང་། །ཐང་པའི་རིང་ལུགས་ནོར་འཛིན་བྱིང་གྱུར་ཚེ། །སྙིང་སྟོབས་རུས་སྦལ་ཁུར་གྱིས་འདེགས་ནུས་པའི། །སྔོན་མེད་ཐ་གུའི་ལྟོ་ཅན་ཁྱོད་མིན་སུ། །མཁྱེན་ཡངས་ཟུར་ཕུད་ལྔ་པའི་རྗེས་འགྲོ་ཞིང་། །བརྩེ་ཆེན་ཕྱག་ན་པདྨའི་ངང་ཚུལ་འཛིན། །མཐུ་སྟོབས་ལག་ན་རྡོ་རྗེ་རབ་འཁུ་བ། །དེང་དུས་བཤེས་གཉེན་ཚུལ་དུ་རོལ་མིན་ནམ། །རིམ་བརྒྱུད་ཆོས་ཀྱི་བགྲོད་པའི་ལྟོས་མིན་རྣམས། །གཅིག་ཤེས་ཀུན་གྲོལ་རྣམ་རྟོག་ཆོས་ཀྱི་སྐུར། །ངེས་པའི་རིང་ལུགས་མཐའ་ཀླས་འགྲོ་བ་ལ། །སྤེལ་པའི་བྱེད་པོ་དེང་དུས་ཁྱོད་མིན་སུ། །མཉམ་མེད་དྭགས་པོའི་ལུང་རྟོགས་བསྟན་པའི་མཁར། །བསྟན་འཛིན་ཉིན་མོར་བྱེད་པའི་དབང་ཕྱུག་ཁྱོད། །རྟ་ལྗང་(༨༤བ)


GLG019_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ལྔས་བཏེག་པའི་ཁྲི་སྟེང་དུ། །ནམ་ཡང་འགྱུར་བ་མེད་པར་བརྟན་པར་གསོལ། །རི་མོ་གསུམ་པའི་རྀ་ཥི་ཡི། །ངོ་མཚར་ལས་འོངས་ཕེབས་ཚོགས་ཀྱི། །ཡན་ལག་བརྒྱད་དང་ལྡན་པའི་ཀླུང་། །བདུད་རྩིའི་དཔྱིད་དུ་གྲུབ་པར་མཛོད། །རྗོད་བྱེད་མདོངས་མཐའ་ལ་བཞོན་ཀརྟི་ཀ །དོན་བཟང་སྭསྟིའི་སྒྲ་དབྱངས་སྒྲོག་པ་ཅན། །བདོག་པའི་གླེགས་བམ་སུག་པར་ཐོགས་བཞིན་དུ། །ཤར་ལྷོ་འཛིན་མའི་བཤུལ་རིང་ལམ་དུ་བསྐྱོད། །སྟག་ལུང་ཞབས་དྲུང་མ་ཆེན་གྱི་ཁམས་རི་བོ་ཆེ་ནས་སྟག་ལུང་ལོ་ཙཱ་བ་སྐར་ཆེན་བོད་དུ་འབྱོར་པའི་ལེགས་སྐྱེས་དང་བཅས་བྱུང་བའི་སྐབས་ཀྱི་ཆབ་ཤོག་གི་ལན་མྱ་ངན་མེད་པའི་སྤུན་ཟླ། ས རྦྦ ཛི ནཱ གུཧྱ ཏྲི ཙ བ སྟཱ ས ནྡྷི མུ ད དི ཏྷཱ ནཱ ཊ ཀ བཱ ཉྩ། །ནྟྭ ས ཀྲྀ པ དྨ པཱ ད མུ ཀུ ཎྱཱ གྲེ པ རི ས བྷྱཱ ཀུ ལྱ ཙ མཱུ ལ། །རྒྱལ་(སྡེབ་སྦྱོར་གསེར་ལྡན།)བ་ཀུན་གྱི་གསང་བ་གསུམ། །འཚམས་སྤྲིན་གོས་ཀྱི་ཟློས་གར་ཅན། །གྲུབ་རིགས་ཡོངས་ཀྱི་ཅོད་པན་རྩེར། །ཞབས་ཀྱི་ཆུ་སྐྱེས་འགོད་མཛད་དྲུང་། །(༨༥ན)


GLG019_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དེང་དུས་སྐྱེ་རྒུའི་བསོད་ནམས་ཆུ་གཏེར་ལས། །ལེགས་འོངས་མཚན་དཔེའི་རི་དྭགས་སྣང་བརྙན་ཅན། །རྨད་བྱུང་གཟུགས་སྐུ་ཆུ་ཤེལ་དབང་པོ་དག །རྒྱལ་བསྟན་མཁའ་ལ་འགོག་མེད་འཆར་བའི་ངོས། །བཀའ་ཐམ་ལེགས་བཤད་ག་བུར་གཟེགས་མ་འབུམ། །ཉམས་འགྱུར་ཚིགས་སུ་བཅད་པའི་འོད་ཟེར་གྱིས། །བདག་ཡིད་ཨུཏྤལ་ཁོང་ནས་འཛུམ་པ་དང་། །སྐྱེས་བཟང་སྣང་བས་ཀུན་གསལ་ལྷན་ཅིག་གྱུར། །མང་དུ་ཐོས་ཀྱང་སྒྲུབ་པའི་སྐལ་བ་དག །ཆེས་ཕྲ་ཟིན་བྲལ་རྣམ་གཡེང་གཟེབ་ཆུད་པའི། །ཀློག་པ་མཁན་ཡང་འཚོ་བ་བདེ་བའི་ངོས། །དབུས་འགྱུར་ཆོས་ཀྱི་མདུན་སར་སླེབས་སྐབས་ཡིན། །རིང་མིན་དུས་སུ་ཧོར་དང་རྒྱ་ནག་པོའི། །གྲངས་མེད་ཡུལ་གྲུའི་བཀོད་པ་དགེ་མཚན་དང་། །འཇམ་དབྱངས་གོང་མའི་གཙུག་ལག་ལུགས་བརྒྱའི་སྒོ །ལྟད་མོ་སྐབས་གསུམ་གྲོང་ལ་ཅོ་འདྲི་བྱས། །མཆོག་དམན་བར་མའི་སྐྱེ་རྒུའི་ཞིང་ས་ལ། །མངོན་པར་མཐོ་དང་ངེས་ལེགས་ས་བོན་ཚོགས། །བསྐྲུན་པས་རྣམ་སྨིན་དཀར་པོ་འཛག་པ་ཡི། །ངོ་མཚར་འབྲས་བུའི་སྙེ་མ་གཡུར་ཟ་ལྡེམ། །གང་གི་འཕྲིན་ལས་ཉི་མ་འབུམ་གྱི་གཟིས། །ཚང་ཚིང་སྟུག་པོས་བསྐོར་བའི་རི་བོའི་ངོགས། །རྨོངས་ཆེན་མུན་གསལ་སྒྲུབ་རྒྱུད་པད་དཀར་ཚལ། །རྒྱས་ཞེས་ཕྱོགས་བྲལ་སྒེག་མོ་དབྱངས་སུ་ལེན། །འདུས་སྡེའི་ཀུན་དགའ་ར་བ་དྲི་གཙང་ཁང་། །སྐུ་གསུང་ཐུགས་རྟེན་བཞེང་དང་གསོ་བ་སོགས། །བྱ་བ་ལས་ཀྱི་འཁོར་ལོས་མྱ་ངན་མེད། །སཱ་ལའི་ལྗོངས་འདིར་འོངས་ལས་གཞན་དུ་ཅི། །ཀུན་རྫོབ་སྤྲོས་པའི་ཆོས་ཀྱི་རླབས་འཕྲེང་རྣམས། །གཉུག་མ་སེམས་ཀྱི་རྒྱ་མཚོར་རོ་གཅིག་པའི། །ཕྱག་ཆེན་བསྟན་པ་སྤེལ་ལ་མི་ལ་རྗེ། །བསམས་བཞིན་ག་ཟིའི་རྒྱུད་དུ་བྱོན་པར་ངེས། །རིང་མིན་དབུས་གཙང་དག་པའི་ཞིང་(༨༥བ)
ཁམས་སུ། །ཕེབས་ཚུལ་ཏམྦུ་ར་ཡི་དབྱངས་སྙན་པོ། །རྣ་བ་བདུད་རྩིར་བྱས་དང་ལྷན་ཅིག་ཏུ། །ཡིད་ལ་ཀུན་དགའ་སྐྱེད་པའི་གསོས་སུ་འཇེབས། །པཉྩ་ལི་ཀའི་གོས་བཟང་ལྷབ་ལྷབ་ཅན། །འགྱུར་ཁུག་མགྲིན་པའི་དྲིལ་ཆུང་ལེགས་འཁྲོལ་བ། །ཨ་འདུས་ཀ་འཕྲེང་ལྡན་པའི་གར་མཁན་ཞིག །ངེས་དོན་གྲུབ་པའི་གནས་སུ་བདེ་བར་སོང་། །


previousརབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext