Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ཤིང་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ཤིང་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ཤིང་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ཤིང་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ཤིང་རྟ་བཙུན་མོ་ཚལ་ནས་ཚངས་པ་དུང་ཐོད་ཅན་གྱིས་སྐུ་རིམ་བསྐུལ་བའི་ལན་བྱིན་ཟ་ཉལ་འགྲོར་སྒྱུར་བའི་འཁྲུལ་འཁོར། སྲིད་དང་ཞི་བའི་དགེ་ལེགས་ཀུན་གྱི་གཏེར། །རིག་འཛིན་པདྨའི་བཀའ་སྲུང་དུང་ཐོད་ཅན། །གང་གི་རྡོ་རྗེའི་གསང་བའི་གསུང་གི་ཚིག །ལྷ་དང་རྟེན་དང་བཅས་པ་ཉམས་མེད་འབྱོར། །བསྟན་དང་དེ་འཛིན་མཆོད་ཡོན་མཐའ་དག་གི །མི་མཐུན་གཡུལ་ལས་རྒྱལ་བའི་རིམ་གྲོའི་ཚོགས། །ཇི་བཞིན་ཚད་མེད་སྙན་ཅིང་འཇེབས་པའི་གླུ། །དངོས་ཀྱི་ངག་ནས་ནན་ཏན་སྐུལ་མ་བྱེད། །སླད་ནས་སྔོན་གྱི་དམ་ཚིག་མ་གཡེལ་བར། །ཞི་རྒྱས་དབང་དྲག་ལས་ཀུན་སྒྲུབ་པའི་རྟེན། །རབ་དཀར་བཀྲ་ཤིས་དར་གྱི་སྙན་ཤལ་བཅས། །དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ནས་དགེ །གོང་དུ་འགྲོ་སྐབས་བསམ་ཡས་གནོད་སྦྱིན་ཆེན་པོར་འཕྲིན་ལས་བཅོལ་པ་རྣམས་ལྷུན་གྱིས་གྲུབ་པའི་གཏང་རག་ཕུལ་བའི་འཕྲིན་དུ་གསོལ་བ་བསམས་པ་ཡིད་བཞིན་གྲུབ་པའི་གད་བརྒྱངས། ཨེ་མ་ངོ་མཚར་ཕུལ་བྱུང་རྒྱལ་བའི་བསྟན། །བསྲུང་བར་ཞལ་བཞེས་རྡོ་རྗེ་དམ་ཚིག་ཅན། །བསྟན་བསྲུང་སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་མཆོག །དཔལ་ལྡན་གནོད་སྦྱིན་ཆེན་པོ་དེང་འདིར་དགོངས། །སྔར་བཅོལ་དོན་ཀུན་ཐོགས་མེད་གྲུབ་པ་དང་། །ད་འཆོལ་འཕྲིན་ལས་གཉེར་དུ་གཏད་པའི་ཕྱིར། །ལྷ་རྫས་གོས་བཟང་གོ་མཚོན་གསེར་སྐྱེམས་སོགས། །(༨༦ན)


GLG019_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་མཆོད་པའི་སྤྲིན་གྱིས་དགྱེས་པར་མཛོད། །འཆི་མེད་རོ་བརྒྱའི་བཅུད་ལྡན་བཏུང་བའི་མཆོག །ཚེ་རིང་དོན་དང་ལྡན་པ་རྒྱ་ཇའི་བཅུད། །སྣང་སྲིད་དྲེགས་པའི་གཙོ་བོར་ལེགས་འབུལ་ན། །འདོད་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །བསྟན་དང་བསྟན་འཛིན་འགྲོ་བའི་བདེ་སྐྱིད་སྤེལ། །མ་རུང་བསམ་སྦྱོར་འཆང་བའི་དགྲ་དཔུང་ཆོམས། །ནག་པོ་བདུད་ཀྱི་རུ་མཚོན་ས་ལ་སྙོལ། །དཀར་ཕྱོགས་རྒྱལ་བའི་རྫ་རྔ་ཆེར་སྒྲོགས་ཤིག །ཁྱད་པར་བོད་འབངས་ཕན་བདེའི་འོད་གསལ་བར། །གནོད་བྱེད་གཞན་འཕྲུལ་དབང་པོའི་མུན་པ་ཀུན། །དྲེགས་པའི་དེད་དཔོན་ཉི་མ་འབུམ་གྱི་གཟི། །རབ་ཏུ་འབར་བའི་མཐུ་ཡིས་ཕ་མཐར་སྤྲོད། །རྒྱལ་དབང་པདྨས་དམ་བསྒྲགས་ཉེར་དགོངས་ལ། །རིགས་དང་རྒྱུད་ནས་མཆོད་པའི་ལྷ་ཁྱོད་ཀྱིས། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་པ། །ལྷུན་གྲུབ་ཡིད་བཞིན་ནོར་བུ་ལྟ་བུར་མཛོད། །བཀྲ་ཤིས་འབྱུང་བ་གསུམ་དང་ལྡན་པ་ཡི། །ལྗོན་ཤིང་འདབ་མའི་གོས་གྱོན་རྒྱལ་བའི་ལོ། །ཉིན་བྱེད་བུམ་པར་སྤྱོད་པའི་ཟླ་བ་ལ། །དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ནས་དགེ །སྒར་ཆེན་གོང་དུ་འདེགས་སྐབས་ཐང་པོ་ཆེར་རིགས་ཀྱི་སྲུང་མ་བཤན་པ་ལག་དམར་ལ་འཕྲིན་ལས་བཅོལ་བ་རྣམས་གྲུབ་པའི་གཏང་རག་འཕྲིན་དུ་གསོལ་བ་མཐུ་སྟོབས་འཕྲུལ་གྱི་རེ་སྐོང་། མཐུ་སྟོབས་འཕྲུལ་གྱིས་གཞན་སྡེ་དཔའ་བཀོང་པར། །དབང་ཕྱུག་ལྟ་བུར་ཕྱོགས་ལས་རྣམ་རྒྱལ་བ། །ཕ་མེས་བརྒྱུད་པའི་སྲུང་མ་མཐུ་རྩལ་ཅན། །བསྟན་སྲུང་བཤན་པ་ལག་དམར་དེང་འདིར་དགོངས། །སྔོན་ནས་གཉེར་དུ་གཏད་པའི་ལས་སྒྲུབ་ཅིང་། །སླར་ཡང་འཕྲིན་ལས་འཆོལ་བར་བྱེད་པའི་རྟེན། །གསེར་སྐྱེམས་ལྷ་རྫས་གོ་མཚོན་རྒྱ་ཇ་སོགས། །རྨད་བྱུང་མཆོད་པའི་ཚོགས་རྣམས་དགྱེས་པར་བཞེས། །ཡིད་འོང་རབ་དཀར་སྣོད་དུ་ལེགས་གཏམས་པའི། །(༨༦བ)


GLG019_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་རོ་བརྒྱའི་དཔལ་ཀུན་འཛིན་པའི་ཇ། །འཆི་མེད་བདུད་རྩིའི་རྒྱ་མཚོར་རབ་འཁྱིལ་བ། །བསྟན་སྲུང་དབང་པོ་འཁོར་དང་བཅས་ལ་འབུལ། །ཕན་བདེའི་འབྱུང་གནས་སངས་རྒྱས་བསྟན་པ་རྒྱས། །འགྲོ་བ་རྣམས་ཀྱང་དགའ་སྐྱིད་ལོངས་སུ་སྤྱོད། །རིག་འཛིན་བདག་གིས་བཅོལ་བའི་འཕྲིན་ལས་ཀུན། །བསམ་པ་ཇི་བཞིན་ལྷུན་གྱིས་གྲུབ་པར་མཛོད། །ངོ་མཚར་ཀུན་ནས་དགའ་བའི་ཞལ་གྱི་ཁྱིམ། །ངོམ་པའི་འབྱུང་བ་གསུམ་ལྡན་ཤིང་རྟ་ཡི། །རྟ་ཆེན་ཟླ་བའི་གྲལ་ཚེས་དུས་དགེ་བར། །དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ནས་དགེ །གོང་ནས་སྒར་ཆེན་བོད་དུ་སྐྱེལ་བ་དང་། བསྟན་འཛིན་ཆོས་ཀྱི་རྒྱལ་པོར་ལུང་ལ་གནང་བར། ཁཱ་བླ་མ། དར་གན་ཆོས་རྗེ། གཙང་པ་དཀའ་བཅུ། ནར་ནུ་དོར་གི་ཨཾ་བྷ། ཤུ་བྱི་ཐར་དོར་གི་ཨཾ་བྷ། མང་ཁས་རྫར་གོ་ཆི། ནོར་རས་རྫར་གོ་ཆི། རྦི་ཆི་མཱ་ཆེ། རྗེ་རེད་སོགས་ཕྱིར་འདེགས་སྐབས། རྟ་འབུལ་ནང་སོ་དང་། ལྕང་ལོ་ཅན་དཀའ་བཅུ་ངག་དབང་ནོར་བཟང་གཉིས་བཏང་བའི་ཞུ་ཡིག་འཁོར་ལོས་སྒྱུར་བའི་རང་གཟུགས། ལ ཀྵྨཱི བི ཛ པྱ སྱ མ ཏཱ ས ན ༔ བུ ཎྱཱ པ དྨ ཤུ ཀླཱ ཀ ར ག རྦྷ དེ ཝ ༔ བྲ ཧྨ ཎྱ ལོ ཀཱ ཀྲྀ མྲྀ དུ སཱ རོ ཏྟ མྱཱ པཱ ད མུ ལེ ན ར རཱུ པ རཱ ཛྙོ། །(༨༧ན)


GLG019_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་(སྡེབ་སྦྱོར་དབང་པོ་རྡོ་རྗེ།)ཚོགས་རྣམ་པར་རྒྱལ་བའི་ཁྲི་ཆེན་པོར། །ལེགས་བྱས་པད་དཀར་མངལ་ལས་མཐོན་པའི་ལྷ། །འཇིག་རྟེན་བྱེད་པོ་ཚངས་པ་མི་གཟུགས་ཅན། །འཇམ་དབྱངས་གོང་མ་རྒྱལ་པོའི་ཞབས་དྲུང་དུ། །གངས་ཅན་ནོར་འཛིན་དཔལ་མོའི་ལྟོ་བ་ན། །ཀུན་མཁྱེན་རྒྱལ་བའི་དྲི་མེད་བསྟན་པ་ལ། །ཐོས་བསམ་སྒོམ་པར་མོས་བློའི་སྡོམ་བུ་པ། །སྡོམ་བརྩོན་ཀློག་པ་མཁན་དེས་མཆིད་འདི་ཞུ། །དུས་ཀྱི་བདག་པོར་གནམ་གྱི་ཤེ་མོང་གིས། །མངོན་པར་དབང་བསྐུར་ཕྱོགས་ལས་རྣམ་རྒྱལ་བ། །འཇིགས་མེད་རྡོ་རྗེའི་རིགས་ལྡན་འཁོར་ལོའི་དཔུང་། །དབང་ཕྱུག་ཡོན་ཏན་གྲུབ་པའི་ལྷ་ཁྱོད་གསོན། །དེང་དུས་སྐུ་གསུང་ཐུགས་གྱི་འོད་དཀར་ཅན། །ཉེར་འཚེ་ནམ་མཁའི་གླང་པོ་རྒྱང་བསྲིང་ཤིང་། །འཛམ་གླིང་སྐྱེ་རྒུར་སྡེ་བཞིའི་མཆོག་སྩོལ་བའི། །འབུམ་ཕྲག་ག་བུར་ཟེགས་མ་སྤྲོ་ལས་ཅི། །ཡབ་མེས་ཐའི་སུན་རིམ་བྱོན་ཉི་འོག་གི །སྟོབས་ཀྱི་རྒྱལ་པོར་རྩོད་པ་མེད་པའི་ལྷ། །འཆི་མེད་དབང་པོའི་བཤུལ་དུ་གཤེགས་པའི་ཚེ། །ཕུན་ཚོགས་སྲིད་ཞིའི་གདུགས་དཀར་ཁྱོད་ལ་གཏད། །ལྷག་པར་ཚངས་དང་ཁྱབ་འཇུག་གཙུག་ན་ཟླ། །རྣམ་གསུམ་གཅིག་ཏུ་བགྲོས་ནས་རྩོད་དུས་ཀྱི། །འཁོར་ལོས་སྒྱུར་པའི་རྒྱལ་པོར་མངའ་གསོལ་བས། །སེམས་མེད་ནོར་འཛིན་མ་ཡང་རྗེས་སུ་འབྲེང་། །གང་གི་གཟི་བརྗིད་འབར་བའི་མཁའ་ལྡིང་གིས། །གྲགས་པའི་མུ་ཁྱུད་མགྲིན་སྔོན་རྒྱན་གྱི་སྤྲུལ། །འཇིགས་ཏེ་བཤོལ་མེད་ཚོགས་བདག་གསང་བའི་རྣར། །ཞུགས་ཚེ་ལྷ་རྣམས་བཞད་གད་ཅིས་མི་སྒྲོག །ཀ་བ་མེད་པའི་གནམ་གྱི་སྒོ་ཕྱེ་ནས། །སྲབ་མེད་སེང་གེ་འཕྱོ་བའི་བརྟུལ་ཞུགས་ཅན། །དབང་ཕྱུག་འཁོར་ལོས་སྒྱུར་རྒྱལ་ཞབས་ཀྱི་རྡུལ། །སྤྱི་བོར་མི་འཛིན་སྲིད་གསུམ་འདི་ན་སུ། །འཇིག་རྟེན་འཇིག་པ་ཙམ་གྱི་དྲག་ཤུལ་དཔུང་། །ཡན་ལག་བཞི་ལྡན་མཚོན་ཆའི་(༨༧བ)


GLG019_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་ཐབས་ཀྱི། །ཕྱེ་མར་བཏག་སྙམ་མཐོ་རིས་ཐེམ་སྐས་ལ། །འཛེགས་ཞེས་རིག་བྱེད་སྨྲ་འགའ་དར་དིར་གླེང་། །ཅུང་ཟད་བསྟེན་ཀྱང་འདོད་པའི་རེ་བ་ཀུན། །འབད་མེད་སྩོལ་ལ་གནས་པའི་དབང་ཕྱུག་དང་། །ཡོངས་འདུའི་ལྗོན་གཉིས་སོ་སོར་དབྱེ་བའི་སྒོ །བློ་ལྡན་ཕུར་བུས་དཔྱད་ཀྱང་རྟོགས་ནུས་མིན། །མི་བསྲུན་དགྲ་དཔུང་འདུལ་ལ་རྡོ་རྗེ་ཐོག །མངའ་འབངས་བྱམས་པས་སྐྱོང་ལ་འཇིག་རྟེན་དབང་། །སྲིད་ཞིའི་གཙུག་ལག་མཁྱེན་ལ་འཇམ་པའི་དབྱངས། །སྐྱེ་རྒུའི་བསོད་ནམས་དཔལ་དུ་དེང་འདིར་གྲུབ། །ལྷ་གཅིག་ལུང་གི་མཐུན་རྐྱེན་ཤིང་རྟ་ཡིས། །ཤར་ནུས་བཤུལ་རིང་ཀུན་གསལ་འགྲམ་པ་ལ། །ངོས་རྣམས་བདེ་བར་འགྲོད་ནས་དབུས་འགྱུར་འཆང་། །གྲུ་འཛིན་གཉིས་པའི་སྤོ་ལ་སླེབས་སྐབས་ཡིན། །གཏན་བདེའི་དོན་བཟང་སྒྲུབ་པ་དམ་པའི་ཆོས། །འདི་སྣང་ཕུན་ཚོགས་སྤེལ་བ་རྒྱལ་པོའི་ཁྲིམས། །ཟུང་འབྲེལ་མཛད་པ་རྒྱ་མཚོས་མཐའ་ཀླས་པའི། །འགྲོ་རྣམས་ཕན་བདེར་སྦྱོར་བའི་ཁུར་ཆེན་མཛོད། །སླར་ཡང་གསེར་ཞལ་ཛ་ཧུས་ལེགས་སྐྱུགས་པའི། །བཀའ་གནང་ཡན་ལག་བརྒྱད་ལྡན་དལ་འགྲོའི་ཀླུང་། །ཤར་ཕྱོགས་རྒྱ་མཚོའི་རྒྱལ་ཁབ་ཆེན་པོ་ནས། །སྨན་ལྗོངས་དག་པའི་ཞིང་དུ་ཚད་མེད་ཞུ། །རྟེན་འབྲེལ་སྐྱེས་སུ་འོས་པའི་མཎྡྷར། །རྣ་གོང་ཕོན་པོར་རྒྱན་དུ་དངར་བ་ཡི། །ལེགས་བྲིས་ལང་ཚོ་ལྡན་པའི་བྱ་མ་རྟ། །ཟུང་ལྡན་ཆུ་གཏེར་ཆེན་པོའི་ངོགས་སུ་སོང་། །གར་དབང་པད་རག་མདངས་འཛིན་འཆི་མེད་ལྷ། །རྨད་བྱུང་མཁྱེན་བརྩེ་ནུས་པའི་མཐུ་དཔུང་གིས། །དཔལ་ལྡན་ནོར་འཛིན་སྐྱོང་བའི་དབང་པོ་ཁྱོད། །སྐུ་ཚེ་མངའ་ཐང་ཆབ་སྲིད་རྒྱས་པར་སྨོན། མདོ་སྨད་ནས་སྐུ་འབུམ་ཆོས་རྗེ་དཔལ་ལྡན་རྒྱ་མཚོས། དྲི་བ་ལྷག་བསམ་རབ་དཀར་གྱི་དྲི་ལན་གསར་རྩོམ་དགོས་ཚུལ་གྱི་ལན་རི་བྱི་རྣ་རྒྱན།(༨༨ན)


GLG019_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ ཥྞི ཥྱ ཤ ནྡ ཙ བྷ ཝ སྱ བི ཙི ཏྲ ལ ཀྵྜཱི བཱ ཉྩ ཀྲ སྱ ཨ ནུ ར ཛྱ ཙ སཱ རིཾ བཱ། ནྱཱ སཱ ཀ རཱ མུ ཁ པ ལ ཎྜུ ཛི ན ཀྱ ས རྦཱ མཱུ ལ ཤྩ མེ སུ ཤུ བྷ ཡ ཙྪ ཙ མ ཉྫུ གྷོ ཥ། །དཔལ་(སྡེབ་སྦྱོར་དཔྱིད་ཀྱི་ཐིག་ལེ།)ལྡན་སྲིད་དང་ཞི་བའི་གཙུག་ཏོར་རྩེར། །འཁོར་ལོའི་རི་མོ་རྣམ་བཀྲའི་ཞབས་ཀྱི་རྡུལ། །འགོད་མཛད་རྒྱལ་བ་ཀུན་དངོས་བཙོང་ཁ་པ། །འཇམ་དབྱངས་བླ་མས་ཁྱོད་ལ་དགེ་ལེགས་སྩོལ། །ཚོགས་གཉིས་ཟླ་བའི་མ་མ་ལས་འཐོན་པ། །མཚན་དཔེའི་གཟུགས་སྐུའི་རྟ་བདུན་དབང་པོ་ཅན། །ངོ་མཚར་འགོད་པའི་འོད་ཟེར་འབུམ་འཕྲོ་བ། །གནས་དེ་ས་ལ་བརྟེན་པའི་འོག་མིན་ཞིང་། །གང་དེར་རྣམ་གསུམ་འཁོར་ལོའི་ཤིང་རྟ་ཆེ། །སྙིང་སྟོབས་གྱད་ཀྱིས་འདྲེན་པའི་བྱེད་པོ་ཡི། །འཕྲིན་ཡིག་སྙན་པའི་ཚིག་ལྡན་དུནྡུ་བྷི། །རིན་ཅེན་དོ་ཤལ་དབྱུ་གུས་བསྣུན་ཅིང་སོན། །མང་ཐོས་ས་བོན་ཡོངས་སུ་ལེགས་བཏབ་པ། །འཁྲུལ་མེད་བསམ་པའི་ཉལ་འགྲོས་བརླན་པ་ལས། །ཚུལ་བཞིན་སྒོམ་པའི་ལས་བཟང་གཡུར་ཟ་བའི། །གཏན་(༨༨བ)


GLG019_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་རོ་བརྒྱའི་དཔལ་ལ་སྤྱོད་པ་མཚར། །འདི་ན་ཀུན་མཁྱེན་བློ་བཟང་གྲགས་པའི་བསྟན། །འཆད་རྩོད་རྩོམ་པས་འཛིན་རློམ་ཀློག་པ་མཁན། །ཟ་ཧོར་རིགས་ཀྱི་སྡོམ་བརྩོན་སྙོམ་ལས་པ། །འགྲོ་ལ་མི་དམན་ལྷག་བསམ་ལྡན་པར་མཆིས། །ཨེ་མ་ཐུབ་བསྟན་མ་ལ་ཡ་ཡི་ཚལ། །འཇམ་དཔལ་སྙིང་པོའི་རིང་ལུགས་ཙན་དན་ལྗོན། །དཔྱད་གསུམ་དག་པའི་དྲི་བསུང་རབ་སྤྲོས་པས། །མི་ཤེས་ཚ་གདུང་སེལ་བའི་བྱེད་པོ་མཚར། །ཀུན་གསལ་ཀ་ཤི་མཛེས་དགའི་བཞིན་རས་ལ། །རྒྱུ་སྐར་འཕྲེང་བའི་འདྲེན་བྱེད་རྣམ་བཀྲ་ཡང་། །ཉིན་དང་མཚན་མོར་མ་འདྲེས་འབྱེད་པ་ལ། །བཅུ་གཉིས་བདག་པོའི་དཀྱིལ་འཁོར་ལས་གཞན་སུ། །རང་གཞན་མཁས་གྲུབ་གྲུབ་མཐའི་ཞལ་གྱི་རྒྱུན། །དྲི་དང་བརྒལ་བརྟག་འབྲལ་བའི་གངྒཱའི་ཆབ། །མ་དག་རྙོག་མས་སྦགས་མིན་དྭངས་པའི་ཀླུང་། །འདི་གོ་སྐལ་བཟང་བཏུང་བའི་དཔྱིད་དུ་ངེས། །འཇམ་མགོན་བླ་མའི་གསུང་རབ་རྒྱ་མཚོ་ལྟར། །ཆེས་ཟབ་བདག་འདྲས་དཔོག་པར་ག་ལ་ནུས། །འོན་ཀྱང་རང་བློས་ཇི་ཙམ་གཞལ་ནུས་པ། །རིམ་གྱིས་བསྲིང་པའི་འདུན་པ་ཡིད་ལ་འགྲོགས། །དེ་སྐད་སྙན་ཚིག་མགྲིན་པར་ལེགས་སྒྱུར་བའི། །རྟེན་གྱི་རྒྱུད་མང་ཐོགས་པའི་བྱ་མ་རྟ། །མརྒད་ལྭ་བའི་གོས་ཅན་རྒྱལ་བའི་ལོའི། །དབྱངས་ཀྱི་རྒྱལ་མོ་ཨེ་ཡིག་ཤར་ཚེ་བྲིས། །དྭགས་པོ་ལྕང་ར་བ་མགོན་པོ་ཚེ་བརྟན་གྱི་འཕྲིན་ལན་འཇིགས་པ་མེད་པའི་དབྱངས།(༨༩ན)


GLG019_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བ རྱ སྱཱ མྲྀ ཏ ཙ ར སེ ཎཱ ཤྩ རྻཱ མ རྱ ཤྲཱི ད ཏྷཱ ཀཱ །མཱ ཏྲྀ ཛིཾ ཨཱ ཙི ནྟཱ ཙ ཀྲཱ ནུ ཏྟ ར སི དྡྷི ཡ ཙྪཱ ཙ། །རྨད་(ཛ་ཏིའི་སྡེབ་སྦྱོར་འཕགས་མ།)དུ་བྱུང་བའི་མཆོག་གི་བདུད་རྩིའི་རོས། །ངོ་མཚར་འཆི་བ་མེད་པའི་དཔལ་སྟེར་བ། །རྒྱལ་བ་ཀུན་དངོས་ཡིད་བཞིན་འཁོར་ལོ་ཡིས། །བླ་ན་མེད་པའི་དངོས་གྲུབ་སྩོལ་བར་མཛོད། །རྣམ་དཔྱོད་དར་བབ་མགྲིན་པའི་རྫིང་བུ་ནས། །ཉམས་འགྱུར་སྐད་སྙན་འཕྲིན་ཡིག་ངང་མོ་དཀར། །རྟེན་གྱི་གཤོག་རླབས་སྐྱོད་བཞིན་གཡས་རུའི་ལྗོངས། །བསམས་དོན་ལྷུན་གྱིས་གྲུབ་པའི་རྩེ་མོར་སོན། །དེང་དུས་བསོད་ནམས་ཉི་འོད་ཀྱིས་སྨིན་པའི། །ཕུན་ཚོགས་ཉེར་ལེན་པདྨ་དཀར་པོའི་ཚལ། །ལུགས་ཟུང་ཟེའུ་འབྲུ་གཡུར་དུ་ཟ་བ་ནས། །ཕན་བདེའི་འདབ་སྟོང་འཛུམ་པ་སྤྲོ་བ་འཕེལ། །འདི་ན་ཟ་ཧོར་རིགས་ཀྱི་སྐད་གཉིས་པ། །མི་བཟད་དུས་ཀྱི་ཞགས་པས་མ་བཅིངས་ཤིང་། །མཁན་ཆེན་དམ་པའི་སྤྱན་སྔར་ཉེར་ལྷགས་ཏེ། །ཉང་(༨༩བ)


GLG019_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ས་ཡི་མདུད་དུ་སླེབ་སྐབས་ཡིན། །དབུས་འགྱུར་སྨན་ལྗོངས་ས་ཡི་ཐིག་ལེ་རུ། །མྱུར་དུ་འོང་བའི་མདུན་པ་མི་དམན་ཡང་། །མཁས་གྲུབ་དམ་པའི་བསྟི་གནས་མང་པོ་ཞིག །མིག་གི་བདུད་རྩིར་སྤྱོད་འདོད་བྱེད་པོས་འགྱངས། །འཇམ་མགོན་ཐུགས་རྗེ་ཆེན་པོ་སྒྱུ་འཕྲུལ་གར། །བློ་བཟང་གྲགས་སྙན་འབར་བའི་བསྟན་པ་ལ། །མི་ཕྱེད་དད་པར་ལྡན་པའི་མི་ཡི་བདག །ཚེ་དབང་རབ་ཏུ་བརྟན་པའི་རྣམ་དཔྱོད་ཅན། །སྲིད་དང་ཞི་བའི་མེ་ལོང་དྭངས་པའི་ངོས། །བླང་དོར་གཟུགས་བརྙན་འབུམ་ཕྲག་ཤར་བ་རྣམས། །མ་འདྲེས་སོ་སོར་ལྟ་བའི་མིག་གི་དཀྱུས། །རིང་པོའི་ཕ་མཐའ་ཚངས་པས་གཞལ་ནུས་མིན། །ཨེ་རཎྜ་ལྟར་འཁོར་བའི་ཕུན་ཚོགས་ལ། །ཇི་ཙམ་ལོངས་སུ་སྤྱད་པའི་སྙིང་པོའི་འབྲས། །རྒྱལ་ཀུན་མཁྱེན་པའི་སྲང་ལ་མ་བཅལ་ཀྱང་། །འཁྲུལ་བའི་འགྲོ་རྣམས་རེ་བ་ཡ་མ་བརླ། །འཁོར་བ་ཉེས་བརྒྱའི་ཞགས་པ་གཅོད་པའི་མཚོན། །སྣ་ཚོགས་ཐེག་པའི་འཇུག་སྒོ་མང་བའི་ཕྱིར། །འདོད་ཡོན་ལམ་དུ་བྱེད་པ་ངེས་གསང་ཆོས། །ལྟས་ངན་གཡང་དུ་ལེན་དེ་ངོ་མཚར་རྨད། །སྲིད་ལས་ངེས་པར་འབྱུང་བ་གཙང་མའི་ཁྲིམས། །བདག་གཞན་བརྗེ་ནུས་རྒྱལ་སྲས་རླབས་ཆེན་སྤྱོད། །ཚེ་འདིར་གྲོལ་ལམ་ཐེག་པའི་སྙིང་པོ་མཆོག །ཆུང་འབྲིང་ཆེན་པོས་ཉེ་བར་སྤྱོད་པའི་ཡུལ། །ཆུ་འཛིན་ལང་ལོང་གཡོ་བའི་ཕང་པ་ནས། །དབྱར་རྔ་དལ་གྱིས་སྒྲོག་པའི་སྒྲ་སྙན་པོས། །རྨ་བྱའི་སྒྲོ་གཤོག་ཟླུམ་པོར་སྒྱུར་བྱེད་ཀྱང་། །འདབ་ཆགས་ཀུན་གྱི་དགའ་སྟོན་སྤེལ་ནུས་མིན། །ཕ་མེས་རྒྱུད་ཀྱིས་ཉེར་བཟུང་ཆོས་སྲིད་ཀྱི། །མ་ཉམས་ཆོ་ག་བསྟར་བས་དུས་ཀུན་དུ། །དགེ་བའི་འབྲས་བུ་ཐོབ་པས་སྔོན་རབས་ཀྱི། །དེབ་ཐེར་ཆོས་འབྱུང་རྣམས་ལ་ངེས་རྙེད་མཛོད། །སྙན་ཚིག་གཡས་འཁྱིལ་འཕྲིན་ཡིག་རབ་དཀར་དུང་། །བདོག་པའི་རྟེན་གྱི་དར་དཔྱངས་(༩༠ན)


GLG019_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ་ཅན། །ནམ་ཡང་འཇིག་པ་མེད་པའི་དབྱངས་ཀྱི་སྒྲ །གང་གི་རྣ་བའི་བཅུད་ཀྱི་དཔལ་དུ་བསྒྲགས། །མདོ་སྨད་ནས་རྒྱ་ཡགས་འགའ་ཞིང་རབ་འབྱམས་པ་གྲགས་པ་རྒྱལ་མཚན་གྱི་འཕྲིན་ལན་ཞི་བདེའི་གཉིད་ལས་སློང་པའི་རྔ་ཆེན། སྡེབ་སྦྱོར་དཔྱིད་ཀྱི་ཐིག་ལེ། ཛཱ སྱཱ ས ཧ སྲ ཧ ར ད ཤྩ སུ ཀྲྀ ཏྱ ནཱ བྷེ ཝ དྨཱ ཤྭ ཀེ ས ར ཧ སི ཏྱ ཙ ཏུ རྨུ ཁྱ ཤྩ། །རྒྷཱཡཏཱ ངྒི ཏ ན ཡ ནྱ ཤ རཱི ཙ བཱི ཎཱ ནཱཾ ཤ པྡ དྷ རྨྨ ས ར གཱི ཏི ཙ མ ནྱ ཧ རྱ། །བསོད་(སྡེབ་སྦྱོར་དཔྱིད་ཀྱི་ཐིག་ལེ།)ནམས་ཉི་མ་སྟོང་འབར་སྐྱེ་རྒུའི་བདག །ལྟེ་བའི་འདབ་སྟོང་བཞད་པའི་གེ་སར་རྩེར། །ཡིད་འཕྲོག་དཀྱུས་རིང་མིག་གི་ཟུར་མདའ་ཅན། །རྒྱུད་མང་སྒྲ་ལས་ཆོས་ཀྱི་གླུ་དབྱངས་མ། །ཨེ་མ་དཔལ་གྱི་རི་མོ་གསུམ་པའི་ལམ། །ཉམས་འགྱུར་སྟོང་གི་སྙན་ཚིག་གཡས་འཁྱིལ་བས། །མི་ཟད་སྨྲ་བའི་བང་མཛོད་རྗེས་འགྲོ་མཁན། །འཕྲིན་ཡིག་རྟེན་གྱི་བདོག་པ་སུག་པར་སྨིན། །དཀར་མིན་ལས་རྣམས་བདར་བའི་བཅུ་གཉིས་ཆར། །ལེགས་བྱས་དཀྱིལ་འཁོར་(༩༠བ)


GLG019_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་ཚ་ཟེར་ཅན། །མི་རྟག་སྒྱུ་མའི་ཆུ་འཛིན་རྒྱང་བསྲིངས་ཏེ། །བདེ་སྐྱིད་པད་དཀར་འཛུམ་པའི་གཏམ་དེ་སྙན། །འདི་ན་སྡོམ་བརྩོན་གནས་ལྔར་མོས་བློ་ཅན། །གཙུག་ལག་རྒྱ་མཚོར་དཔྱོད་བཟོད་ཀློག་པ་མཁན། །དགེ་བཅུའི་ཡོན་ཏན་ཀུན་ཚང་སྨན་གྱི་ལྗོངས། །གངས་ཅན་ས་ཡི་ཐིག་ལེར་བདེ་བར་སླེབ། །གཞན་ཕན་མིང་གི་ཆུས་བཀྲུས་བཞིན་རས་ཅན། །ཚུལ་འཆོས་མིག་ཟུར་གཡོ་བའི་བློ་བྲིད་མ། །འདྲེན་པར་རློམ་པ་ཀུན་གྱི་ལུགས་སྲོལ་འདིས། །དལ་བའི་རྟེན་བཟང་གཡེང་བའི་ཁོལ་པོར་མཛད། །རབ་ཡངས་རྣམ་དཔྱོད་ཤེས་བྱ་འབྱམས་ཀླས་པའི། །དོན་ལྡན་སྙན་གྲགས་མགྲིན་པའི་རྟ་ལྗང་ཅན། །ལེགས་བཤད་འོ་མཚོར་འཇུག་པའི་ངང་མོ་དཀར། །རྒྱལ་གསུང་ཐོས་བསམ་རྐང་གདུབ་མཚོན་གྱིས་སྤུད། །སྙིང་མེད་འཁོར་བའི་ངང་ཚུལ་ཨེ་རཎྜ། །ཕུན་ཚོགས་དཔལ་གྱི་བདག་པོ་ཡ་མ་བརླར། །མཐོང་སྟེ་དབེན་གནས་ལོ་མའི་སྤྱིལ་བུ་རུ། །དྲང་སྲོང་བསམ་གཏན་པ་ཡི་ཚུལ་དེ་མཚར། །རིང་གོམས་དུག་གསུམ་དར་བ་ཚ་བའི་ནད། །ཏིང་འཛིན་ཀསྤུ་ར་ཡིས་དྲུངས་ཕྱུང་ཚེ། །བས་མཐར་ཆུ་ཀླུང་བུ་མོ་ངོ་མཚར་ནས། །ལྷུང་ལྷུང་སྙན་པའི་གླུ་དབྱངས་སྒྱུར་ལ་བྲེལ། །ཤར་རིའི་རྩེ་ནས་ཉི་མ་འབུམ་ཤར་ཡང་། །མུན་སེལ་སྣང་བའི་ཆོ་ག་སྒྲུབ་མཚུངས་ལྟར། །གྲངས་མེད་ཐེག་པའི་འཇུག་སྒོ་མཐའ་ཀླས་པ། །ཀུན་མཁྱེན་ཡེ་ཤེས་འཐོབ་པའི་ཐབས་སུ་ངེས། །དེ་ཕྱིར་གྲངས་རིང་གིས་བསྐལ་སངས་རྒྱས་ལམ། །ངེས་གསང་གོམ་པ་གཅིག་གིས་བགྲོད་ནུས་པ། །བླ་མེད་ཐེག་མཆོག་ཡོངས་འདུ་ས་བརྟོལ་དེས། །གཏན་བདེའི་འབྲས་བཟང་གཡུར་དུ་ཟ་བར་ངེས། །སོས་ཀྱི་ཆུ་འཛིན་ལང་ལོང་གཡོ་བའི་དབུས། །དབྱར་རྔ་དལ་གྱིས་དགོད་པའི་སྒྲ་སྙན་པོས། །རྨ་བྱ་སྒྲོ་གཤོག་ཟླུམ་པོར་གར་བྱེད་ཀྱང་། །རྡོ་རྗེའི་སྣ་ལྡན་ཡིད་ལ་དགའ་བ་ཅི། །སྙན་ཚིག་རྒྱན་གྱིས་སྤུད་པའི་མེ་ན་ཀ ། རྟེན་གྱི་རྒྱུད་མང་སྙེམ་པར་ཐོགས་(༩༡ན)


GLG019_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། །ཤིང་གི་མ་མའི་དོ་རར་གར་སྒྱུར་པའི། །འདྲེན་བྱེད་གཟིགས་མོར་འདི་ན་ཚར་དུ་དངར། །གསུམ་ལྡན་འབྱུང་བའི་ཅང་ཤེས་མརྒད་ཀྱི། །མདངས་འཛིན་གོས་ཀྱིས་ཀླུབས་པའི་བགྲང་བྱ་ཞེས། །ཀུན་དགའ་འཛུམ་ཞལ་ངོམ་པ་རྒྱལ་བ་ཡི། །རྟ་ལྗང་ལུས་ཕྲའི་ཁྱིམ་དུ་སྤྱོད་ཚེ་བྲིས། །དྭགས་ལ་སྒམ་པོའི་སྤྲུལ་པའི་སྐུ་བློ་བཟང་འཕྲིན་ལས་རྣམ་རྒྱལ་ངེས་དོན་གྲུབ་པའི་ཤིང་རྟ་མཆོག་གི་སྡེ་བརྟན་བཞུགས་ཀྱི་ཚིགས་བཅད་རྟེན་འབྱུང་དང་བཅས་པའི་ཆབ་ཤོག་ལན་མཆོག་སྤྲུལ་ཟླ་སྣང་གསལ་བའི་རྫིང་བུ། ཛྙཱ ནཱ མ ཧཱ སུ ཁ ཙ ནི རྟི བི མ ལྱ ཙ ནྡྲ རཱུ བཻ རྒ མཱ ར བ ར ནི རྨྨ ཨ ཝཱ ཏ ར དྱཱ། མཱལེཪྶདྷོདཡསམུ དྲ ཙ ཤཱ ས ན སྱཱ སཾ ཁྱ ཛ ག སྱ ཨུ བ ཛཱི ཝ ཀ ས ཙྩ ཏ སྨི ན། །ཟུང་(སྡེབ་སྦྱོར་དཔྱིད་ཀྱི་ཐིག་ལེ།)འཇུག་བདེ་བ་ཆེན་པོའི་ཡེ་ཤེས་གར། །མཆོག་སྤྲུལ་དྲི་མེད་ཟླ་སྣང་གཞོན་ནུའི་གཟུགས། །སྒྲུབ་རྒྱུད་བསྟན་པའི་རྒྱ་མཚོར་ལེགས་ཤར་བ། །གྲངས་མེད་འགྲོ་བའི་ཉེར་འཚོ་དམ་པ་དེར། །(༩༡བ)


GLG019_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་ཤོག་བཻ་ཌཱུར་ཞུན་མའི་ཟ་མ་ཏོག །བདེན་པའི་ཚིག་གི་བདུད་རྩི་རབ་འཁྱིལ་བ། །ཚན་གྲངས་འགྱུར་བ་མེད་པའི་རྡོ་རྗེའི་སྟེགས། །ཉམས་མེད་སུག་པར་སྨིན་པས་མཆོག་ཏུ་དག །སྐུ་གསུམ་མི་ཟད་འཁོར་ལོའི་བང་མཛོད་ནས། །མཚན་བཟང་ལང་ཚོ་དར་བའི་ཡིད་བཞིན་ནོར། །རྙོག་བྲལ་ཆོས་ཀྱི་འདོད་རྒུའི་ཆར་ཆེན་པོས། །སྲིད་ཞིའི་དབུལ་བ་སེལ་བའི་གཏམ་འདི་སྙན། །བློ་ཆེན་ཚངས་སོགས་ཀུན་གྱི་གཙུག་གི་རྒྱན། །སྐལ་བཟང་འདྲེན་པ་བཞི་པའི་འཕྲིན་ལས་པར། །ལུང་བསྟན་ཟིལ་དངར་འཐུལ་བའི་སྒམ་པོ་པ། །ཟླ་འོད་གཞོན་ནུའི་གྲགས་པ་རྣ་བའི་རྒྱན། །རྣམ་པར་རྒྱལ་བའི་འཆི་མེད་ཁང་བཟང་དུ། །གནས་ལུགས་ངེས་པའི་དོན་གྱི་མིག་སྟོང་ཅན། །ཆོས་ཀུན་ཕྱག་རྒྱ་གཅིག་ཏུ་ཡོངས་གྲུབ་པའི། །ལག་ཉལ་བདག་འཛིན་བགྲོད་པའི་གཉེན་པོར་གདེངས། །རྒྱ་ཆེན་ཤེས་བྱར་འབྱམས་སུ་ཀླས་པ་ཀུན། །གཅིག་ཏུ་གྲོལ་བའི་རིན་ཅེན་ཕུང་པོ་ཡི། ཁུར་ལྡན་ཤིང་རྟ་འདྲེན་པའི་མཆོག་གི་སྡེ། །རྒྱལ་ཀུན་ཐུགས་རྗེའི་སྒྱུ་དྲར་ངེས་མིན་ནམ། །བཀའ་གདམས་རིང་ལུགས་ཉལ་འགྲོ་འཁྱིལ་བའི་མཚོར། །དྭགས་རྒྱུད་པད་དཀར་ཟེའུ་འབྲུས་ཉེར་སྤུད་པ། །སྔ་འགྱུར་རྫོགས་ཆེན་ཆོས་ཀྱི་ཉི་འོད་ཀྱིས། །སྨིན་པས་སྐལ་བཟང་བུང་བའི་མགྲིན་དབྱངས་སྙན། །འདི་ན་ཟ་ཧོར་རིགས་ཀྱི་ལྡོམ་བུ་པ། །གནས་ལྔ་རིག་པའི་ཀུན་གསལ་འཇལ་བྱེད་པའི། །བློ་གྲོས་རྟ་བདུན་དཀྱིལ་འཁོར་རབ་གསལ་ཡང་། །རྣམ་གཡེང་རླུང་གིས་བསྐྱོད་པས་དལ་མེད་བྲེལ། །ལས་ཉོན་ཐགས་སུ་བཏགས་པའི་ཟ་འོག་གོས། །བདེ་སྡུག་ཁ་དོག་རི་མོ་རྣམ་བཀྲ་ཡང་། །གང་གིས་བདེན་ཚིག་མཛད་པའི་བརྗོད་དོན་ལྟར། །བསྐལ་བརྒྱར་གཡོ་མེད་འདུན་པའི་རྟེན་འབྲེལ་བསྒྲིག །རྨད་བྱུང་ལེགས་པར་བཤད་པའི་གསུང་མཆིད་རྒྱུན། །རྣམ་དཔྱོད་སྐལ་ལྡན་ཤིང་རྟས་ཉེར་དྲངས་པ། །མཉེས་གཤིན་བསྐྱུད་པས་(༩༢ན)


GLG019_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་པད་དཀར་མིག །དགའ་སྟོན་ཞབས་བསིལ་ཚད་མེད་སྒྲེང་བ་དང་། །གཟུགས་སྐུའི་སྣང་བ་རབ་གསལ་ཆུ་ཤེལ་དབང་། །མ་དག་ལྔ་བརྒྱའི་ཉེས་མུན་འཇོམས་པ་དང་། །ཐུབ་བསྟན་ས་མོས་བཞད་པའི་གཉེན་གཅིག་པུར། །རྡོ་རྗེའི་ཁྲི་ལ་འགྱུར་མེད་རྟག་བཞུགས་གསོལ། །འཇམ་གཉེན་པཉྫ་ལི་ཀའི་སྟོད་གཡོགས་ཅན། །ཉམས་འགྱུར་གླུ་དབྱངས་ལེན་པའི་ལུས་ཕྲ་མ། །སྨན་ལྗོངས་གསེར་ལྡན་སྟེགས་ལས་རབ་འཕགས་ཏེ། །དབང་ཕྱོགས་འཛིན་མའི་ཚལ་དེར་ཟློས་གར་སྒྱུར། །རབ་འབྱམས་སྨྲ་བ་དོན་ཡོད་རྒྱལ་མཚན་མདོ་སྨད་བྱ་ཁྱུང་བྲག་གི་གདན་སར་འབྱོར་པའི་རྒྱུ་མཚན་དང་བཅས་པའི་འཕྲིན་ལན་ང་ལས་ནུའི་ཟློས་གར། ཨ ཥྭ ཊ ཤྲི བཱ སཱ གར ཛཱ ཏ ས རྦྦེ ཥཱཾ ལོ ཀ དྷཱ ཏཱ ད ཤ ནཻ སྶི ཏཱ ཙ། །ཥ ཌྜཱ ཏ གཱི ཏྱཱ ཥ ཤྲྀ ཎུ པྲི ཡོ ྅ པཱུ རྦྦཱ ལི ངྒ ཀ ཎྛེ ཙ མ ཧཱ བི ཥ ཏྱ། །(༩༢བ)


GLG019_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་(སྡེབ་སྦྱོར་དབང་པོ་རྡོ་རྗེ།)རྟེན་བྱེད་པོ་རྣ་བ་བརྒྱད་པ་ཡི། །ཚེམས་དཀར་ཟླ་བའི་མ་མ་ལས་འཁྲུངས་པ། །སྔོན་མེད་བསིལ་སྦྱིན་མཁན་པོ་དབྱངས་ཅན་མ། །མགྲིན་པར་འཁྱུད་པའི་དྲུག་སྐྱེས་གླུ་འདི་ཉོན། །གཞུང་ལུགས་མང་པོ་རབ་ཏུ་འབྱམས་ཀླས་པའི། །གྲགས་སྙན་མལླི་ཀ་ཡི་ཐོད་བཅིངས་ཅན། །ཐོས་བསམ་རི་སྲས་ལྷ་མོས་གཏན་འདུན་གྱི། ཁྱུ་མཆོག་རྒྱལ་མཚན་འགུགས་མཁས་དེ་ལ་སྤྲིངས། །ཐུབ་དབང་ཆོས་ཀྱི་རྒྱལ་སྲིད་ཡངས་པའི་ཁྲིར། །རྣམ་འདྲེན་མ་ལུས་མགྲིན་གཅིག་བླངས་པའི་དབྱངས། །ཕུན་ཚོགས་ཤིས་པའི་ཚིག་གིས་མངའ་གསོལ་བ། །ཚད་མའི་སྟོན་པ་ཀུན་མཁྱེན་བཙོང་ཁ་པ། །མགོན་དེ་ཚུར་མཐོང་བྱིས་བློའི་སྣང་བའི་ངོར། །ཡོངས་སུ་འཛིན་པའི་ནོར་བུའི་ཅོད་པན་མཆོག །དོན་ཀུན་གྲུབ་པའི་རིན་ཅེན་ཁྲིར་འཁོད་ནས། །མགྲིན་པའི་རྒྱུད་མང་འཁྲོལ་བ་རྣ་བར་སོན། །ཚོགས་དྲུག་དབུ་བའི་རིན་ཅེན་དོ་ཤལ་ཅན། །དར་བབ་ལང་ཚོའི་ཆུ་ཀླུང་སྨིན་ལེགས་མ། །དུས་ཀྱི་རྒྱ་མཚོའི་ཀློང་དུ་མ་སླེབ་ཅིང་། །དགེ་བའི་ལྷུང་ལྷུང་སྒྲོག་པའི་གླུ་དེ་སྙན། །བག་མེད་སྟེའུ་ལག་ཏུ་ཐོགས་པའི་སྲོག །གཅོད་བྱེད་གཉེན་པོའི་དུག་སྦྲུལ་གྱིས་འཁྲིལ་བར། །མངར་བའི་དྲི་བསུང་ལྡན་པའི་སོ་སོ་ཐར། །མ་ལ་ཡ་ཡི་ཚལ་དུ་བདེར་གནས་སམ། །མི་བསྲུན་དགྲར་ཡང་མཉེས་གཤིན་བུར་ལྟ་བའི། །བསྙན་སྲིང་མི་མངའ་ཀུན་ལ་རང་གི་བདེ། །གཏོང་བའི་སྙིང་སྟོབས་ཆ་ཤས་ཡོངས་རྫོགས་པ། །སྨོན་འཇུག་སེམས་ཀྱི་ཟླ་བ་ཤར་རམ་ཅི། །ཉོན་མོངས་དུག་ལྔའི་སྲིན་བུའི་ཁ་ཆུ་ཡི། །བདེ་ཆེན་སྲད་བུ་ཐགས་སུ་བཏགས་པའི་གོས། །སྟོང་ཉིད་ཚོན་(༩༣ན)
གྱིས་བསྒྱུར་བའི་ཟ་འོག་ཅན། །ལྔ་ལྡན་ཡེ་ཤེས་ཁ་དོག་བཀྲར་མཐོང་ངམ། །རྣམ་འདྲེན་ཚངས་གསུང་པི་ཝང་གཅིག་གི་སྒྲར། ཁམས་དང་དབང་པོར་འཚམ་པའི་ཕྲ་སྦོམ་གདངས། །སོ་སོར་སྣང་ཡང་སངས་རྒྱས་འཐོབ་པ་ཡི། །ཐབས་ཀྱི་ཉམས་དང་འགྱུར་བར་གོའམ་ཅི། །འདི་སྣང་ཨེ་རཎྜ་ཡི་འབྲས་སྨིན་པས། །གཏན་བདེའི་ལྗོན་ཤིང་ཉམས་པའི་ཁྱོག་སྐམ་ཅན། །ཉོན་མོངས་བྱིན་ཟའི་ཕུང་པོ་འབར་བའི་འོད། །གནས་ངན་གྲོང་ཁྱེར་སྟོན་པའི་གསལ་མེ་བཞིན། །སྲིད་འབྱོར་ལ་ཞེན་དུག་གིས་ཉེར་སྦགས་པའི། །རྣམ་དཀར་དགེ་ཚོགས་རོ་བརྒྱ་ལྡན་པའི་བཅུད། །ཐར་སྲོག་ལ་གཅེས་དཔྱོད་ལྡན་གྱིས་ཟ་བའི། །གོ་སྐབས་ཀུན་མཁྱེན་ཚད་མས་གཞལ་ནུས་སུ། །དེ་ཕྱིར་བསྐལ་པ་སྟོང་དུ་རྙེད་དཀའ་བ། །འཇམ་མགོན་བློ་བཟང་གྲགས་པའི་བསྟན་པ་ལ། །ལེགས་ཞུགས་ཐོས་བསམ་སྒོམ་པའི་སྐལ་བཟང་ཁྱོད། །མ་ནོར་སྙིང་པོའི་ཉམས་ལེན་གནད་དུ་གཅེས། །འཚམས་སྤྲིན་རྒྱ་ལས་གྲོལ་མིན་བླང་དོར་གྱི། །གཟུགས་བརྙན་གསལ་བར་སྟོན་པའི་ཉིན་མོར་བྱེད། །བདོག་པའི་འོད་ཟེར་འཕྲོ་བ་པཎྜེ་པའི། །སྙིམ་པའི་ལྷ་ཡི་ལམ་དུ་ཡུད་ཀྱིས་སོང་། །


previousརབ་བྱུང་བཅུ་གཅིག་པའི་ཤིང་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext