Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ཤིང་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ཤིང་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ཤིང་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ཤིང་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ཤིང་ལུག་ལོར་གོང་མས་གསེར་ཡིག་པ་ཏཱ་དབེན་མཉྫུ་ཤྲཱི། ཏཱ་དབེན་ནོར་བུ་རྒྱ་མཚོ། ཚུལ་ཁྲིམས་ཁཱ་རྣམས་གནང་སྦྱིན་བཀའ་ཤོག་སྐྱེལ་བར་འོང་བ་ལོག་པ་དང་ལྷན་ཅིག་པར་ཟུང་ཇུ་རབ་འབྱམས་པ་དངོས་གྲུབ་ཡོན་ཏན་དང་འཕྱོང་རྒྱས་ལྐོག་གྲོང་པ་མི་སྣར་བཏང་བའི་དུས་ཕུལ་བའི་ཞུ་ཡིག་བསོད་ནམས་ཉི་མ་སྟོང་འབར། (༩༣བ)


GLG019_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པ ཏྱ ཡུ གྱཱཾ ཤུ བྷོ ཛ ནྱ ན ནྡཽ ད ཡ རྱ པུ ཎྱཱ ས ཧ ཛཱ ལཱ ཧོ ར བི། །བཱ ད མཱུ ལེ མྲྀ དོ རྒྷོ ཥ ར ཛྱོ ད ཡཱ ཙ ཀྲ བ རྟེ༔ སུ རཱ དེ བ ཀ རྨྨཻ ཪྻུ ག །ཨེ་(མེ་ཏོག་འཕྲེང་འཛིན་གྱི་སྡེབ་སྦྱོར།)མ་བསོད་ནམས་ཉི་མ་སྟོང་འབར་བས། །རྫོགས་ལྡན་སྣང་བའི་དགའ་སྟོན་དར་མཛད་པ། །རྩོད་དུས་འཁོར་ལོས་སྒྱུར་བའི་ལྷ་ཡི་ལྷ། །འཇམ་དབྱངས་གོང་མ་རྒྱལ་པོའི་ཞབས་དྲུང་དུ། །ས་དབང་ལུང་གིས་ནུབ་ཕྱོགས་གནམ་འོག་གི །འགྲོ་ཀུན་ལུགས་གཉིས་བསྟན་པ་གཅིག་གྱུར་པའི། །བདག་པོར་དབང་བསྐུར་དེའི་ཆི་ཀྱིང་གང་གིས། །འཇིགས་མེད་གདོང་ལྔའི་རྒྱུད་ཀྱི་ང་རོས་ཞུ། །གསེར་ཞལ་བདུད་རྩིའི་ཐིགས་པའི་གཟེགས་མ་ཅན། །ཐུན་འཚམས་ཕྱག་རྒྱའི་སྟེགས་ལས་མངོན་འཕགས་པའི། །བཀའ་ཤོག་དར་བའི་རིན་ཅེན་སྐྱེས་བཟང་བཅས། །ཉམས་མེད་སོན་པའི་སྨན་ཡོན་ཡིད་ལ་འབྲོངས། །དེང་དུས་གསང་གསུམ་རྡོ་རྗེའི་རང་བཞིན་ལྟར། །གཡོ་མེད་ཉེས་པའི་དྲི་མ་རྒྱང་བསྲིངས་ཏེ། །ལྷར་བཅས་(༩༤ན)


GLG019_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་རྒུའི་གཙུག་ན་མཐོ་བའི་ཁྲིར། །ཞབས་རྡུལ་བཀོད་པའི་གཏམ་དེ་རྣ་བར་འཇེབས། །འདི་ན་ཆོས་ནོར་འདོད་པ་ཐར་པའི་སྡེའི། །གཙུག་ལག་ལུགས་བརྒྱའི་སྒོ་འཕར་རབ་ཕྱེ་ནས། །རྒྱ་ཆེན་ཕུན་ཚོགས་དཔལ་འབྱོར་མཐའ་ཀླས་པར། །སྤྱོད་པའི་སྐལ་བ་བཟང་པོར་གྱུར་སྐབས་ལགས། །བགྲང་ཡས་དཔག་ཚད་ཀྱིས་ཆོད་བསིལ་ཟེར་གྱིས། །སྐད་ཅིག་ཀུཎྡའི་འདབ་མ་བཞད་པ་ལྟར། །རྒྱ་བོད་ས་ཡིས་རིང་དུ་བསྐལ་གྱུར་ཀྱང་། ཁྱོད་ཀྱི་སྙན་གྲགས་དྲུང་ནས་འཁོར་བཞིན་ཐོས། །ལྟ་བར་མི་བཟོད་གཟི་བརྗིད་རྟ་ལྗང་ཅན། །མཛེས་ཤིང་ལྷུན་ཆགས་ལྷ་དབང་བརྒྱ་བྱིན་དཔལ། །སྲིད་ཞིའི་བྱེད་པོར་ཚངས་པའི་སྒྱུ་འཕྲུལ་གར། །དེང་དུས་འཇམ་དབྱངས་གོང་མའི་མཚན་གྱི་སྙན། །དབྱིག་འཛིན་མངལ་དུ་སྟོབས་འབྱོར་ཕུན་ཚོགས་པའི། །ཉི་འོག་རྒྱལ་པོའི་སྙེམས་ལྡན་ཆེས་མང་ཡང་། །གནམ་གྱི་མཐོངས་ནས་འཇིག་རྟེན་མེས་པོ་ཡིས། །འཛམ་གླིང་བདག་པོར་བསྐོས་པ་ཁྱོད་ཉིད་ཙམ། །མི་བསྲུན་དུག་གི་དད་ལྡན་ལྕེ་གཉིས་འཕྲུལ། །རྦ་རླབས་ནམ་མཁར་འཕྱོ་རྣམས་བཀའ་ཁྲིམས་ཀྱིས། །ནད་སེལ་སྨན་གྱི་ཆུ་བོར་སྒྱུར་བྱེད་ན། །དྲང་སྲོང་ཨ་གསྟ་ལ་ངོ་མཚར་ཅི། །ལུས་ཅན་ཡོངས་ཀྱི་བདེ་སྡུག་བར་མའི་གྲུ། །བྱིང་འདེགས་ལས་ཀྱི་དལ་འགྲོའི་ཀླུང་ཆེན་ནང་། །དགའ་སྐྱོའི་ཆུ་གཉེར་ཤུགས་རིང་སྙན་པའི་གླུས། །བསྐལ་པར་བགྲངས་ཀྱང་འཛད་པའི་ཕ་མཐའ་མེད། །ཉི་མའི་འོད་ཀྱིས་སྣང་མུན་འབྱེད་པ་བཞིན། །སྐྱེ་རྒུའི་བདེ་སྐྱིད་ཁྱོད་ལ་རག་ལས་ཕྱིར། །བྱམས་ལྡན་སྤྱན་གྱིས་འཇིག་རྟེན་ཀུན་བརྩེ་ཞིང་། །མཁྱེན་དཔྱོད་མཛད་པའི་ཕྱག་གིས་དབུགས་དབྱུང་གསོལ། །སྣ་ཚོགས་གྲུབ་མཐའི་ལྟ་བར་མཐའ་ཀླས་ཀྱང་། །གཏན་བདེའི་ཡིད་བཞིན་ནོར་བུའི་འབྱུང་(༩༤བ)


GLG019_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་ཅན། །ཐུབ་པའི་རིང་ལུགས་ཟླ་བའི་མ་མ་ལ། །སྲིད་ཞུ་གཟུགས་ཅན་སྙིང་པོའི་སྤུན་ཟླ་མཛོད། །སྣ་མང་ཐེག་པའི་རིན་ཅེན་ཐེམ་སྐས་ལས། །འགྲོ་རྣམས་སྐུ་གསུམ་ཁང་པར་འཁྲིད་བྱེད་པ། །རྒྱལ་ཀུན་ངོ་བོ་རྗེ་བཙུན་བཙོང་ཁ་པའི། །བསྟན་ལ་སྔོན་བཞིན་དད་དང་རི་མོར་མཛོད། །ཀུན་ལ་སྙོམས་པའི་བཀའ་ཁྲིམས་དཔལ་བེའུ། །སྙིང་གར་རི་མོའི་སྣང་བརྙན་ལེགས་བཀྲ་ཡང་། །ལོག་སྤྱོད་གསེར་ཅན་གསོད་ལ་དཔའ་བ་ཡི། །འཕྲོག་བྱེད་སྡེར་མོའི་རྣོ་ངར་ལྡན་པར་མཛོད། །གཅམ་བུས་ཁ་དོག་བསྒྱུར་བའི་ཆུ་གཙང་དང་། །སྙིང་ནས་གུས་པའི་རབ་དཀར་འོ་མའི་བཅུད། །མ་འདྲེས་འབྱེད་པའི་མཁྱེན་ཡངས་ངང་པའི་མཆུས། །ས་བོན་སོ་སོར་བཏབ་པའི་འབྲས་སྨིན་མཛོད། །སྙན་ཚིག་རིན་ཅེན་ཕྲ་ཚོམ་གདུ་བུ་ཅན། །ལུགས་ཟུང་དོན་ལྡན་མཉེན་ལྕུག་སོར་མོ་ཡིས། །ལྷ་གཅིག་ཐུགས་ཀྱི་རྒྱུད་མང་བསྣུན་བྱེད་ན། །བླང་དོར་སྒྱུ་དྲའི་ཟློས་གར་ཅིས་མ་སྟོན། །མཆོག་དམན་འདྲེན་བྱེད་ཡུལ་དུ་མི་བདག་གི །གཟུགས་སུ་ཤར་བའི་སྒྲ་འཛིན་དུ་ཀཱུ་ལ། །མ་དག་དྲི་མའི་ཚོགས་རྣམས་འཁྲུད་བྱེད་པའི། །ལེགས་བཤད་ཆུ་རྒྱུན་སྦྲེང་བའི་ཟོལ་གྱིས་རྫུ། །མི་ལས་ཉེར་འདས་འོད་གསལ་ལྷ་ཡི་བུ། །དུས་ཀྱི་བདག་པོར་གནམ་གྱི་ཤེ་མོང་ཅན། །དབང་ཕྱུག་ཡོན་ཏན་བརྒྱད་མངའ་གང་གི་ཐུགས། །མེས་པོ་ཚངས་པ་མིན་པ་གཞལ་ནུས་སུ། །ལེགས་པའི་རྩིབས་སྟོང་འབར་བའི་འཁོར་ལོ་ཡིས། །གླིང་བཞིར་དབང་སྒྱུར་མི་རྗེ་ལྷ་ཡི་རྒྱལ། །དཔལ་ལྡན་ས་གཞིའི་དབང་ཕྱུག་གོང་མ་ཆེ། །བསྐལ་བརྒྱར་སེང་གེའི་ཁྲི་ལ་ཞབས་བརྟན་གསོལ། །བརྗེད་ངས་གླང་གདོང་མཆེ་བ་དྲུངས་འབྱིན་པའི། །ཕེབས་ཚོགས་རྒྱུན་ཆད་མེད་པའི་ཀརྟི་ཀ །གསེར་ཡིག་རྨ་བྱའི་བཞོན་པ་ལ་བརྟེན་ནས། །ལྗོངས་འདིར་དགའ་བའི་སྒྲོ་གཤོག་ཟླུམ་པོར་སྒྱུར། །སྤྱན་དཀྱུས་རིང་པོར་རྐྱོང་བའི་ཉི་ཟེར་གྱི། །འབབ་སྟེགས་བདོག་པའི་སྐྱེས་ཀྱི་(༩༥ན)


GLG019_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤ་ལ། །ཐུན་འཚམས་རྟགས་ཀྱི་འདབ་མ་གཡོ་བཞིན་དུ། །ཤིང་ལུག་གྲོ་ཞུན་ཟླ་བའི་ཡར་ཚེས་ཕུལ། །བྱ་ཁྱུང་ཆོས་རྗེ་རབ་འབྱམས་སྨྲ་བ་དོན་ཡོད་རྒྱལ་མཚན་གྱི་འཕྲིན་ལན་ལྔ་བརྒྱའི་རང་གཟུགས་སྟོན་པའི་མེ་ལོང་། པྲ ཀྒ ལྒུ ནཱི བྷ བ ཙ ལོ ཀ ཨ མྲྀ ཏྱ ས རྦྦ ཛྙཱ ཡཱ ན པཱུ རྦྦ ཙ པ རཾ པ ར དྷྲྀ གྡཱི དྷཱི མཱཾ། ཏ སྨི ཤྲུ ཏེ ཡ མ དྷུ རཱ ཀྵ ཡ གཱི ཏི ད ཀྵི ཎྱ གྲཱིི བ ཀུ ཎྜ ལི ཙ དྷ རྨྨ ཛ ལཱ ཀ རཾ ཀ །མཐོ་(སྡེབ་སྦྱོར་དཔྱིད་ཀྱི་ཐིག་ལེ།)རིས་སརྦྦ་ཛྙཱ་ཡི་རྒྱུད་འཛིན་པའི། །སྔོན་མེད་བློ་ལྡན་ཕུར་བུ་གཉིས་པ་ཡི། །མགྲིན་པར་གཡས་སུ་འཁྱིལ་བའི་ཆོས་ཀྱི་དུང་། །འཛད་མེད་སྙན་པའི་གླུ་དེར་རྣ་བ་བློགས། །སྲིད་པའི་ནགས་ཀླུང་སྟུག་པོ་གཅོད་པའི་མཚོན། །དམ་པའི་ཆོས་ཀྱི་རལ་གྲི་རྣོན་པོ་ཡིས། །བཅད་པས་ངེས་ལེགས་སྤང་ལྗོངས་ཡངས་པའི་ངོགས། །གཏན་བདེའི་ཆུ་སྐྱེས་བཞད་འདུན་ཅན་དེར་སྤྲིངས། །ཚིག་སྦྱོར་དུ་ཀཱུ་ལ་ཡི་གོས་གྱོན་པའི། །འཕྲིན་ཡིག་གཉིས་སྐྱེས་ན་ཚོད་གཞོན་ནུ་(༩༥བ)


GLG019_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །དག་བྱེད་སྔོ་ལྗང་རྩྭ་ཡི་ཆུན་པོའི་རྟེན། །སྭསྟིའི་སྒྲ་དབྱངས་འཁྲོལ་ཞིང་འདི་ན་སོན། །རྒྱལ་བསྟན་དབྱར་སྐྱེས་མགྲོན་དུ་བསུ་མཁས་པ། །འཇམ་མགོན་མཁྱེན་དཔྱོད་གཞན་གསོས་སྐད་སྙན་ཅན། །གཉིས་སྐྱེས་ཀུན་གྱི་རྒྱལ་པོ་བཙོང་ཁ་པའི། །རིང་ལུགས་འདི་ཀོ་སྔོན་མེད་ལེགས་པའི་ལམ། །ཚུལ་དེར་ཐོས་པའི་ས་བོན་ལེགས་བཏབ་པ། །ཡང་དག་བསམ་པའི་རླན་གཤེར་གྱིས་སྨིན་པས། །སྒོམ་པའི་འཇམ་མཉེན་འདབ་སྟོང་འཛུམ་པ་ཡིས། །བླ་མེད་སྐུ་གསུམ་གོ་འཕང་གཡུར་དུ་ཟ། །འཚམས་སྤྲིན་ཅོད་པན་འཛིན་པའི་རིགས་ཀྱིས་མཐོ། །གཞུང་ལུགས་མང་པོར་དཔྱོད་བཟོད་ཚངས་པའི་བུ། །མདོ་སྔགས་ལམ་གྱི་རིམ་པའི་བྷྲྀངྒ་རའི། །དབང་བསྐུར་སྔོན་བྱོན་མཁས་མང་སྐར་ཚོགས་བཞིན། །ངན་སོང་མངོན་མཐོ་ཞི་བདེ་སྒྲུབ་པའི་ལྕགས། །ཐབས་མཁས་རྩི་ཡིས་སྐུ་གསུམ་གསེར་སྦྱངས་སུ། །སྒྱུར་ནུས་སྐྱེས་བུ་གསུམ་གྱི་གདམས་པའི་མཛོད། །སྲིད་ཞིའི་དབུལ་བ་འཕྲོག་པའི་དབང་གི་རྒྱལ། །བསྐལ་མང་ཚེས་ཀྱི་བགྲོད་པའི་བྱ་རོག་འགྲོས། །འདོད་ཡོན་ལམ་དུ་ལེན་པ་ཐེག་པའི་རྩེ། །འདབ་བཟང་དབང་པོས་སྐད་ཅིག་གཞལ་ནུས་པ། །གསང་ཆེན་ཆོས་ཀྱི་ཉིང་ཁུ་འདུས་པའི་ལམ། །དེང་དུས་གྲངས་ཀྱི་ལྔ་བརྒྱའི་མཐའ་མིན་ཡང་། །མཁས་བཙུན་རྟགས་ཙམ་འཛིན་པའི་མིག་འཁྲུལ་ལ། །སྒྱུ་མའི་རྟ་བཞིན་རྨོངས་པའི་སྐྱེ་བོ་རྣམས། །བདེན་འཛིན་འཁྲུལ་པའི་མགོ་བོ་ཅི་ཡང་འཁོར། །བྲན་ནོར་འདུ་འཛིས་བཏེག་པའི་མཐོན་པོའི་ཁྲིར། །གདུང་རྒྱུད་སྤྲུལ་པའི་སྐུ་དང་གྲུབ་ཐོབ་ཅེས། །དར་ཟབ་གོས་ཀྱི་ཀླུབས་པ་ལྷ་ཡི་གསོབ། །དོན་མེད་འཇའ་འདྲས་ནོར་འཛིན་ལྟོ་བ་གང་། །ཀྱེ་མ་ཀུན་མཁྱེན་ཤཱཀྱའི་རིང་ལུགས་དེ། །ཐོས་བསམ་བསྒོམ་པས་སྤེལ་ལ་དམན་ནོ་ཞེས། །འཕྱོན་མའི་ཟློས་གར་སྒྱུར་ལ་བསྟན་འཛིན་སྐད། །སྨྲ་བའི་(༩༦ན)


GLG019_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལ་ཡིད་སྐྱོའི་མཆི་མ་ཀུ། །ཚུལ་བསྟན་གཏམ་གྱི་གུར་གུམ་ཆུས་བྱུགས་པའི། །རྨོངས་པའི་ར་གན་ཀུན་ལ་ངོམ་པ་ཡི། །གཏམ་ངན་ངོ་སོར་བྱེད་པ་ཀན་ཙི་ཀའི། །རྒྱལ་ཕྲན་མང་ཞིག་དེང་དུས་འགྲོ་བའི་སྐྱབས། །ལ་ལ་རང་རིགས་རྒན་པོའི་ངག་ཙམ་དང་། །མ་མཐུན་རྟགས་སུ་བཀོད་ནས་རྒྱལ་བའི་བསྟན། །ཚད་ལྡན་གཞན་ལ་སྨོད་པའི་ཆོས་སྤོང་གི །འདམ་བྱིང་གླང་པོ་ཐར་པའི་སྲོག་འབྲལ་སྙམ། །ལུང་དོན་རིགས་པས་གཞལ་ནུས་ལེགས་བཤད་ཚིག །འདུག་ན་མུ་སྟེགས་གྲུབ་པའི་མཐའ་ལས་ཀྱང་། །ལེན་པའི་དབང་རྣོན་ཆོས་ཀྱི་རྗེས་འབྲང་བདག །དཔྱད་བཟོད་གྲུབ་མཐར་ཕྱོགས་རིས་ག་ལ་བྱེད། །འོན་ཀྱང་ཐོག་མཐའ་བར་དུ་འཁྲུལ་བའི་རྒྱ། །འཇམ་དཔལ་རྡོ་རྗེ་རྣོན་པོས་ཡོངས་བཅད་པའི། །རྒྱལ་ཀུན་ངོ་བོ་བློ་བཟང་གྲགས་པ་ཡི། །གསུང་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ། །འགའ་ཞིག་ཟབ་ཅིང་དོན་བཟང་མ་རྟོགས་པར། །ཚེ་འདིའི་འབྱེད་ཐབས་ཙམ་གྱི་མེ་ལོང་དུ། །ལྟོ་གོས་འབྱོར་པའི་གཟུགས་བརྙན་ཤར་རོ་ཞེས། །མོས་རྣམས་དབང་རྟུལ་དད་པའི་རྗེས་འབྲང་ཡིན། །ཞི་ལྷག་ཟུང་དུ་འབྲེལ་བའི་གྲུ་གཟིངས་ལ། །བརྟེན་ནས་འཁོར་བའི་ཆུ་གཏེར་ལས་བརྒལ་ཏེ། །ངེས་ལེགས་རིན་ཅེན་གླིང་དུ་བགྲོད་འདོད་ཁྱོད། །སྔོན་བཞིན་དམ་བཅའི་བསམ་པ་བརྟན་པོ་ཟུང་། །སུམ་རྩེན་ཡུལ་གྲུའི་དགའ་ཚལ་གསར་པ་ན། །འདྲེན་བྱེད་གཟིགས་མོར་མཚར་བའི་ཨུཏྤལ་རྩེར། །སྦྲང་རྩིའི་བཅུད་བཟང་དམར་སེར་ཟེའུ་འབྲུའི་རྒྱ། །འགྲོལ་བྱེད་གླུ་དབྱངས་སྒྲོག་པའི་བུང་བ་འཁོར། །བདུད་རྩིས་མྱོས་པའི་འཇམ་ལྡན་སྤུ་གོས་ཅན། །ཟབ་ལྗང་བེར་གྱི་སྟེང་གོས་ཀླུབས་པ་ཡི། །གདོང་ལྔའི་དབང་པོ་འདོད་པས་ཚིམ་པའི་ཚེ། །ཡི་གེའི་མ་ན་ཀ་དེ་ཟློས་གར་སྒྱུར། །ཤངས་བཀྲ་ཤིས་རྩེ་པ་བློ་བཟང་དབང་རྒྱལ་གྱི་འཕྲིན་ལན་ངེས་འབྱུང་གློག་འོད་གསལ་བའི་སྒྱུ་མའི་ལྟད་མོ། (༩༦བ)


GLG019_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བྷ དྲཱ བྟ གཱ ཙ ད ཤ པཱ ར མི ཏཱེ དྷ རཱ ཙཱ ཏུ རྞྞཱ ཉྩ ཨཱ ས ན མྲྀ གེ ནྡྲ མ ཏེ༔ ཀྲྀ ཨཱ ཛྙཱ། །སུ བླཱུ ཧ ར ཀྵ མ དྷུ ར ཛྭ ལ ཀཱི རྟི ཤཱ ས ཏཱཾ དྭི པྱ ཇ མུ ཙ པ ལ ཎྜུ མུ ཁ པ ཏྱཱ། །ཐམས་(སྡེབ་སྦྱོར་དཔྱིད་ཀྱི་ཐེག་ལེ།)ཅད་མཁྱེན་པར་བྱེད་པའི་བློ་གྲོས་ཀྱིས། །སྐལ་བཟང་སངས་རྒྱས་བཞི་པའི་སེང་གེའི་ཁྲིར། །ལེགས་བཀོད་སྙན་པའི་གྲགས་འབར་བཙོང་ཁ་པ། །འཛམ་གླིང་བསྟན་པའི་བདག་པོས་ཁྱོད་ལ་སྲུངས། །ཚེ་རིང་གནམ་གྱི་ཤེ་མོང་ལུང་ལས་ཀྱིས། །སྲིད་པའི་གཙུག་ཏོར་རྩ་ན་ངལ་གསོ་ཞིང་། །གནས་ལྔ་རིག་པའི་འདྲེན་བྱེད་སྟོང་ལྡན་པའི། །མང་ཐོས་འཆི་མེད་དབང་པོའི་གཏམ་འདི་ཉོན། །གཡས་རུ་བཀྲ་ཤིས་འཛིན་མའི་ཐིག་ལེའི་རྩེར། །བློ་གསལ་བཟང་པོའི་ལས་ལྡན་དལ་འབྱོར་རྟེན། །དབང་གི་རྒྱལ་པོ་ལྟ་བུ་རྙེད་དཀའ་བ། །ཐོབ་དེའི་འཕྲིན་ཡིག་ཚིགས་སུ་བཅད་པ་སོན། །སྲིད་པའི་རང་བཞིན་ཐུན་གསུམ་ཀུན་གསལ་ངོས། །སྡུག་བསྔལ་མུན་པའི་རུམ་དུ་མལ་འཆའ་བ། །ཟག་བཅས་བདེ་བར་རློམ་པའི་གློག་འོད་ལ། །གཏན་མདུན་སྙིང་པོར་རེ་རྣམས་(༩༧ན)


GLG019_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མ་བརླ། །བཅོས་མིན་ངེས་པར་འབྱུང་བའི་ཀ་པུ་རས། །མི་བཟད་ལས་ཉོན་ཚ་གདུང་དྲག་པོའི་རིམས། །ཞི་བྱེད་ཆོ་ག་འགྲུབ་པའི་དང་པོ་རུ། །མྱང་འདས་འདུ་བ་སྙོམས་པའི་དགའ་སྟོན་ཅན། །དྲང་སྲོང་དམོད་པས་བསྒྲུབས་པའི་མངལ་རྫོགས་མཐར། །གཉིས་མེད་ལྕགས་ཀྱི་ཏིམ་བུ་སྐྱེས་མིན་པའི། །ཚངས་སྤྱོད་དཔལ་གྱི་བེའུ་སྙིང་ག་ན། །ཤར་བའི་རི་མོ་སྨིན་ཚེ་ཕན་བདེའི་དཔྱིད། །ཡིད་སྲུབས་སྒྱུ་འཕྲུལ་དྲ་བའི་འཚམས་སྤྲིན་སྟེང་། །ཐོས་བསམ་འཕེལ་འགྲིབ་འཁྱོག་པོའི་ཆ་ཤས་ཅན། །བསྟན་འཛིན་ཟླ་བའི་འོད་གཟི་མཐར་བྱེད་པའི། །སྔོན་མེད་ཉིན་བྱེད་འཇམ་དཔལ་སྙིང་པོའི་ཞབས། །རྒྱལ་ཀུན་ཡབ་ཏུ་བསྔགས་པའི་སྙན་པོའི་མཚན། །མི་ཤེས་མུན་པ་གཅོད་པའི་རལ་གྲི་ཅན། །འཇམ་དབྱངས་རྡོ་རྗེ་རྣོན་པོའི་སྒྱུ་དྲའི་གར། །ངུར་སྨྲིག་འཛིན་ལ་རྒོལ་བའི་ཀླན་ཀ་སུ། །ཚུལ་དེ་བློ་ཆེན་ཚངས་པའི་གདོང་པ་བཞི། །བཟང་པོ་མཛད་པར་ལྷ་ལ་ཡིད་དྲངས་པས། །རིག་བྱེད་སྨྲ་བའི་ཞལ་སྒོར་སྤྲུལ་པའི་གཏམ། །གྲགས་པའི་འཆི་མེད་དབང་པོའི་མདུན་སར་གླེང་། །མདོ་སྔགས་གཙུག་ལག་ཆོས་ཀུན་འཁྲུལ་མེད་དུ། །སྨྲ་བའི་སྤོབས་པ་ཡེ་ཤེས་ཀྱིས་ཐོབ་པ། །ཚད་མའི་མགོན་པོ་བློ་བཟང་གྲགས་པ་ཡི། །གཞུང་ལུགས་རོ་བརྒྱར་སྤྱོད་འདོད་རྣ་བར་སྙན། །བློ་གསལ་འགྲོ་ལ་དོན་བཟང་ཆོས་ཀྱི་བཅུད། །བུང་བ་སྦྲང་རྩིའི་རྒྱལ་མཚན་ཟེའུ་འབྲུ་ལྟར། །བླ་མེད་ཟིལ་དངར་བཏུང་པའི་འབྱུང་གནས་ཅན། །འདྲེན་མཆོག་དམ་པའི་ཞམ་རིང་གནས་པ་སྤྲོ། །མ་རིག་ཆུ་འཛིན་སྟུག་པོ་སྔོན་ཆགས་པ། །འཇིག་རྟེན་འཁྲུལ་པའི་གྲོང་ཁྱེར་སྔོ་བསངས་མར། །རྨད་བྱུང་ཐུགས་རྗེའི་འཐོར་རླུང་དྲག་པོའི་མཐུས། །ཕན་བདེའི་སྣང་གཏེར་རྒྱལ་ཀུན་ཕ་མཐའ་ཡས། །མཁའ་(༩༧བ)


GLG019_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དངོས་པོ་ཀུན་གྱི་མཚན་མ་ཡི། །དམིགས་སུ་མེད་པའི་སྟོང་ཆེན་ཆོས་དབྱིངས་དང་། །སྣ་ཚོགས་གཟུགས་སྐུ་དབང་པོའི་གཞུ་རིས་ཅན། །རྣམ་རྟོག་པིར་གྱིས་བྲིས་པས་མཐའ་རྫོགས་མིན། །མི་བསྲུན་ཁ་རླངས་འཐུལ་བའི་གདེང་ཀའི་གཙུག །ལེགས་བྱས་ནོར་བུའི་འོད་སྟོང་འབར་བ་ཅན། །རྒྱ་ཧོར་ཆེ་རྒུའི་སྟོན་པ་གྲངས་མེད་པར། །སྨོད་ཚིག་སེར་བས་ངེས་ལེགས་ལོ་ཏོག་གཅོད། །མ་འདྲིས་གཉེན་གཅིག་ཟས་གཙང་སྲས་ཀྱི་གསུང་། ཁམས་དང་དབང་པོར་འཚམ་པའི་ཆོས་ཀྱི་སྒོ །ཚུར་མཐོང་བྱིས་བློས་གཞལ་ནུས་སྐལ་པ་དག །ཕྲ་ཕྱིར་སྒྲིབ་པའི་གཉིད་ལ་ཡུར་གྱི་དོགས། །ཕ་མེས་རིགས་ཀྱི་འབྱོར་པའི་ཐིག་ལེའི་ཟླ། །རིང་སྤངས་དམར་སེར་གོས་ཀྱི་འདབ་ལྡན་པའི། །བློ་གསལ་ལང་ཚོ་དར་བབ་ཨུཏྤལ་ཁྱོད། །དམ་ཆོས་ཉིན་མོའི་སྣང་བ་རྟག་སྟེན་རིག །འདི་སྣང་རྣ་གོང་པདྨའི་ཕན་པོ་དག །ཀུན་རྟོག་རབ་བཀྲའི་བ་མོས་བསྙིགས་བྱས་ཤིང་། །ཕྱི་མའི་དོན་གྲུབ་ཆོས་ཀྱི་ནོར་བུའི་རྒྱན། །མ་རྙེད་དམན་པའི་ཚོགས་ཀྱང་འཕྱ་བའི་གནས། །རྣམ་དག་ཚུལ་ཁྲིམས་རྩ་བ་རབ་ཏུ་བརྟན། །མང་དུ་ཐོས་པའི་ལོ་འདབ་ཕང་ཕུང་གཡོ། །བསམ་པའི་མེ་ཏོག་བཞད་རྩེར་སྒོམ་པའི་འབྲས། །སྨིན་ན་གཏན་བདེའི་དཔག་བསམ་ལྗོན་པར་ངེས། །སྐྱེས་བུ་གསུམ་གྱི་ཐེམ་སྐས་ལ་འཛེགས་ནས། །འཁྲིད་ཆེན་བརྒྱད་སོགས་ཉེ་ལམ་སྒོ་འཕར་བརྒྱ། །ལེགས་ཕྱེ་ཟུང་འཇུག་འོག་མིན་ཁང་བཟང་དུ། །བགྲོད་ན་དལ་བའི་རྟེན་མཆོག་དོན་ཡོད་བྱས། །དེ་སྐད་དོན་ལྡན་ནོར་བུ་བཻ་ཌཱུརྱ། །སྙན་འགྱུར་ཚིག་གི་སྲད་བུ་ལ་བརྒྱུས་པའི། །ལེགས་བཤད་རིན་ཆེན་སྤེལ་ལེགས་དོ་ཤལ་གང་། །རྣམ་དཔྱོད་བི་ཤྭ་ཀརྨའི་སོར་རྩེས་བསྐྲུན། །རྒྱ་གར་པཎ་ཆེན་མེས་པོའི་ཐོད་ལས་བབས། །ཤོང་དཔང་སྐལ་ལྡན་ཤིང་(༩༨ན)
རྟས་ལེགས་པར་དྲངས། །ཆོས་སྐྱོང་བཟང་པོ་ར་ཧུའི་ཞལ་སྒོ་ལས། །འོངས་པས་གྲོང་ཚིག་རྙོག་མའི་དྲི་མ་བྲལ། །ཤེས་བྱར་སྲིད་ཀུན་ལུང་དང་རིགས་ལམ་དུ། །བློ་གྲོས་ཤིང་རྟས་འདྲེན་ནུས་སྨོན་འགྲོ་བ། །དབྱངས་ཅན་མགྲིན་པར་བཞད་པའི་སྐལ་བཟང་གླུ། །ཐོས་པས་དཎྜཱིའི་དགོངས་དོན་ཅུང་ཟད་རིག །དེ་ཕྱིར་གཟུ་ལུམས་ཚིགས་བཅད་དུ་ཀཱུ་ལ། །གདོལ་གཏམ་ཕུང་པོ་རྗེན་པར་སྟོན་པའི་ངག །སྙན་ཚིག་ཟ་འོག་གོས་སུ་རློམ་པའི་འཇའ། །གནད་འགག་གཟུང་དུ་མེད་ལ་རེ་བ་བསྐྱུངས། །འགྲོ་ཕན་མིང་དུ་བསྙད་པའི་རྣམ་གཡེང་རླུང་། །མདོག་ལྔའི་ཤུགས་ཀྱིས་དལ་མེད་བསྐྱོད་བྱས་ཀྱང་། །ཚིགས་སྦྱོར་འདབ་བརྒྱ་བཞད་ལ་ཐོགས་མེད་པའི། །སྐད་གཉིས་སྨྲ་བའི་ཉི་འོད་ཅུང་ཟད་སྤྲོས། །འཕྲིན་ཡིག་ལང་ཚོ་དར་བའི་སྨིན་ལེགས་མ། །འཚམས་སྤྲིན་རྒྱ་ཡི་མཆུ་སྒྲོས་འཛུམ་པའི་ནང་། །རབ་དཀར་ཐགས་བཟང་ཚེམས་ཕྲེང་ངོམ་བཞིན་དུ། །ཉམས་འགྱུར་སྟོང་གི་གླུ་དབྱངས་མགྲིན་པར་ལེན། །བཅུ་གཉིས་བགྲང་བྱར་གངྒཱ་སྒྲ་འཛིན་ཁུར། །བསྟེན་པའི་དཀའ་ཐུབ་རྫོགས་པ་ཨ་ག་སྟས། །ཉལ་འགྲོའི་ཚོགས་རྣམས་བདུད་རྩིར་སྒྱུར་བའི་ཚེ། ཁྱོད་ཀྱི་རྣ་བ་མཛེས་པའི་རྒྱན་འདི་སྤུད།


previousརབ་བྱུང་བཅུ་གཅིག་པའི་ཤིང་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext