Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་མེ་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་མེ་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་མེ་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་མེ་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །མེ་བྱ་ཡར་འབྲོག་ལྷུན་པོ་རྫོང་ནས་ཁྲི་དཔོན་ཀུན་དགའ་ཚེ་བརྟན་རྡོ་རྗེས་དད་པའི་འབྲས་གསར་ཕུལ་བའི་འཕྲོད་ལན་ཀུན་ལས་རྣམ་པར་རྒྱལ་བའི་སྒྲ་དབྱངས། ཝཱ ནེ ཀུ ལྱ མ ཧཱ ཤི ཏེ ཤྩ ཡ དྦྷཱུ ཡཱ ལྐ བི ཙཱ ར བ ཏྲ ཙ། །ལེ ཁ ངྐུ རྱ ཀུ མཱ ར བྲྀ ཀྵ བྷཱུ བཱ ལཱ ཤོ ཀ ན པཱུ རྦྦ ཨ དྦྷུ ཏ། །ལེགས་(སྡེབ་སྦྱོར་དག་པའི་སྣང་བ།)ལྡན་དབང་པོའི་རིགས་ཀྱི་ནགས་ཀླུང་དུ། །རྣམ་དཔྱོད་འདབ་མ་ནམ་ཡང་སྙིགས་མིན་པ། །ས་སྐྱོང་སྔ་ན་མེད་པའི་ཨ་ཤྭཏྠ། །རྨད་བྱུང་ལྗོན་པའི་མྱུ་གུ་གཞོན་ནུའི་འཕྲིན། །(༡༠༡ན)


GLG019_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

རི་དྭགས་སྣང་བརྙན་ཐགས་ཀྱི་རི་མོ་རུ། །ཤར་བའི་ཟླ་བ་བཞུན་མ་ཁ་ཚར་ཅན། །དཔྱིད་ཀྱི་རྒྱལ་མོའི་མགྲིན་སྙན་འཁྲོལ་བ་ལ། །འཁོར་ལོའི་ཡན་ལག་མྱོས་པའི་འབྲས་བཅས་སོན། །མི་ཁོམ་གནས་ངན་སྨག་རུམ་མུན་པའི་ཚོགས། །འཇོམས་བྱེད་ལེགས་བྱས་བྱེ་བའི་སྐྱ་རེངས་མཐར། །དལ་འབྱོར་རྟེན་གྱི་ཉི་མ་འོད་པོ་ཆེས། །བདེ་སྐྱིད་འདབ་བརྒྱ་བཞད་པའི་གཏམ་དེ་སྙན། །འདི་སྣང་གཡེང་བའི་ཁོལ་པོར་འཛད་པ་ལ། །གཞན་ཕན་མིང་གི་སྒྲོ་བཏགས་མཁན་པོ་ཡང་། །གཙུག་ལག་རྒྱ་མཚོར་ཐོས་དང་བསམ་པ་ཡི། །ངང་ཚུལ་འདི་འདྲས་འཚོ་བ་དོན་ལྡན་སྙམ། །གཏན་དུ་བདེ་བ་ཆོས་ཀྱི་ཏོག་མཛེས་ཅན། །ཕུན་ཚོགས་འབྱོར་པའི་ཆབ་སྲིད་གདུགས་དཀར་པོའི། །ནོར་བུའི་ཡུ་བ་ཁྱོད་ལ་ཉེར་གཏད་ནས། །ཡབ་གཅིག་མཐོ་རིས་བདག་པོའི་སྐས་ལ་འཛེགས། །དེ་ཕྱིར་ལུགས་གཉིས་དཔལ་གྱི་བེའུའི་གཟུགས། །བློ་དང་བརྩོན་པར་རབ་ལྡན་སྙིང་གའི་ངོས། །འཁྱིལ་ཚེ་དཔའ་མཛངས་བརྟུལ་ཕོད་འཇུག་པ་བཅུས། །ཀུན་ལས་རྣམ་པར་རྒྱལ་བ་ཐོབ་མིན་ནམ། །བཀྲ་ཤིས་རི་མོ་གཡས་སུ་ལེགས་འཁྱིལ་བའི། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་དུང་དཀར་པོ། །རབ་སྙན་མིང་ཚིག་ཡི་གེར་འཆར་བའི་འཕྲིན། །ཛཧྣུ་ཡི་བུ་མོར་ཅོ་འདྲི་འོས། །སྒྲ་འཛིན་བ་ཀུ་ལ་ཡི་འདབ་མའི་རྒྱ། །འགྲོལ་བྱེད་སྙན་ཚིག་ལུས་ཕྲའི་འགྲམ་ཆང་གི །གཟེགས་མ་འཐོར་ཚེ་སྨྲ་པོ་ཕལ་ཆེར་གྱི། །ཚིག་སྦྱོར་ཉི་མ་བྱང་གླིང་ངོས་སུ་སོང་། །མེ་བྱ་སྨན་ལུང་བླ་མ་རྣམ་དཔྱོད་དང་ལྡན་པ་བློ་གྲོས་མཆོག་གི་རྡོ་རྗེར་སྤྲིངས་པ་ཐེག་ཀུན་རྩེ་མོར་བགྲོད་པའི་གླུ། (༡༠༡བ)


GLG019_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སཱུ ཏྲཻ སྟ ནྟོ དྒཱི ཪྞྞ ར ཛ ཐེ ད ཤུཀཱ ྉྤ དྨཱ སཱ རཱ ཛྙ ནི དྷི མ ཏྟཱ སུ ར། ཨཱ ཡཱ ནཱ གྲེ ྅ ཏེ རྒ ཏ སཱ མྀ གྱ ལཽ གོ བེ སྟ སྨི ཤྩ བྲ ཧི ཏ ཉྩཱ ར བཱཾ། །མདོ་(སྡེབ་སྦྱོར་རྨ་བྱ་མྱོས་པ།)རྒྱུད་པདྨའི་གེ་སར་སྐྱུགས་པའི་རྡུལ། །སྙིང་པོ་བཀའ་གཏེར་བཅུད་ཀྱིས་མྱོས་པ་ཡི། །ཐེག་ཀུན་རྩེ་མོར་བགྲོད་པ་ཨ་ཏི་གླུ། །ལེན་མཁས་དཔྱོད་ལྡན་བྷ་མ་ར་དེར་སྤྲིངས། །ལེགས་བྱས་ཆུ་གཏེར་བསྲུབས་འབྲས་ལུས་ཀྱི་ཟླ། །ཚད་དུ་གཞལ་དཀའ་སྲིད་པའི་ལྷ་ལམ་ངོས། །བག་ལ་ཞ་བའི་ལས་ངན་སྒྲ་གཅན་གྱིས། ཁ་བསྒྲིབས་བདེ་སྐྱིད་ཆ་ཤས་གང་གྱུར་ཏམ། །དགེ་ལྡན་ལུགས་འཛིན་གནའ་བོའི་སྐྱེས་རབས་ཁྲིར། །ཞྭ་སེར་རིན་ཅེན་ཅོད་པན་ལེགས་འཆང་ཡང་། །རྣམ་དཔྱོད་གསེར་སྦྱངས་འཁོར་ལོས་རིགས་བྲལ་གྱི། །ཐུབ་བསྟན་གླིང་བཞིར་དབང་བསྒྱུར་འདི་ན་སྣང་། །མི་དགེའི་ནད་བརྒྱ་འཇོམས་པ་སྨན་གྱི་གྲོང་། །སྤྲུལ་ཞིང་ལྟ་ན་སྡུག་པ་ཡར་ཀླུངས་ནས། །རིག་སྔགས་དྲང་སྲོང་གྲུབ་པ་ཐ་སྐར་སྐྱེ། །འཁྲུལ་(༡༠༢ན)


GLG019_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལུང་ཟིན་དམ་པའི་རྒྱུད་ལྡན་ཁྱོད། །བཅོ་བརྒྱད་རིག་པའི་གནས་ཀྱི་རྒྱུད་མང་པོ། །ཐོས་བརྩོན་སྤོབས་པའི་སོར་རྩེས་བསྐུལ་བའི་སྒྲ །དམ་པའི་ཆོས་ཀྱི་གླུ་འབབ་དབྱངས་སྙན་པོས། །མཐོ་རིས་གར་མཁན་ཁེངས་བསྐྱུང་བློ་མིག་ཡངས། །ཉེ་ཚེའི་ངེས་འབྱུང་སྦྲུལ་གྱིས་མ་འཁྲིལ་ཞིང་། །ཚུལ་ཁྲིམས་བསིལ་བའི་དྲི་ངད་ཆེར་ལྡང་བའི། །ཚངས་སྤྱོད་དཔལ་གྱི་མ་ལ་ཡར་སྐྱེས་ལྗོན། །འཁོར་བའི་ཚ་གདུང་མིང་མཐར་བྱེད་དེ་མཚར། །ཐེག་ཆེན་ཤིང་རྟ་བཅུ་པའི་རིགས་སད་ནས། །གཞན་ཕན་ལྷག་བསམ་རྒྱ་ཆེའི་རཱ་མ་ཎས། །འགྱུར་མེད་དམ་བཅའ་བཞི་ལྡན་སེམས་སྐྱེད་མདས། །བདག་འཛིན་ལང་ཀའི་མགྲིན་པ་ས་ལ་ལྷུང་། །སྣ་ཚོགས་འགྲོ་བློའི་མོས་པ་མན་ཤེལ་ཁམས། །ཀྲི་ཡོག་སྡེ་གསུམ་མཚོན་གྱིས་ཁ་བསྒྱུར་ཚེ། །རྣམ་པ་ཐམས་ཅད་མཁྱེན་པའི་ཁང་བཟང་དུ། །འཇུག་པའི་སྒོ་རྒྱན་མཛེས་བྱེད་ནོར་བུའི་འཕྲ། །བཀའ་ནས་བཀར་བརྒྱུད་མདོ་རྒྱུད་སེམས་ཕྱོགས་ཀྱི། །རྣལ་འབྱོར་མཆོག་གི་ཆོས་ཚུལ་རྒྱ་མཚོ་ཆེ། །དྲུག་པ་རྡོ་རྗེ་འཆང་གི་ཡིད་བཞིན་ནོར། །མཛད་མེད་འབྱུང་བའི་ཁུངས་འདི་རྨད་དུ་བྱུང་། །ཆོས་གཏེར་སྙིང་པོ་དབུས་གཏེར་རྩ་བ་བརྟན། །ལྷོ་གཏེར་སྡོང་བུ་ནུབ་གཏེར་ཡལ་ག་རྒྱས། །བྱང་གཏེར་མེ་ཏོག་ཤར་གཏེར་འབྲས་བུ་སྨིན། །ཟབ་གཏེར་ཨུ་རྒྱན་ཐུགས་གཏེར་དཔག་བསམ་ཤིང་། །སྔ་འགྱུར་སྟོན་གྱི་མཁའ་དབྱིངས་དངས་པའི་ངོས། །གཏེར་སྟོན་རྒྱུ་སྐར་འཕྲེང་བ་འཁྲིགས་པའི་དབུས། །ཉང་རལ་ཆོས་དབང་ཉི་ཟླ་ཟུང་འབྲེལ་གྱིས། །འཁོར་འདས་ཉམ་ངའི་མུན་པ་ཕ་མཐར་སྐྲོད། །བླ་མེད་ཡེ་ཤེས་བཙོ་སྦྱངས་སུ་ཝརྞ། །སྒྲིབ་གཉིས་དངུལ་ཆུས་གབ་པ་ཐ་མལ་མདོག །སྨིན་བྱེད་དབང་གི་མེ་ཡིས་བཅིར་(༡༠༢བ)


GLG019_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས། །རང་རིག་གདོད་མའི་འཚམས་སྤྲིན་མདངས་འོད་འཕྲོ། །ཏིང་འཛིན་རྫས་ཀྱིས་ངར་བཏགས་དམོད་པའི་མཚོན། །རྣོན་པོས་ལྕགས་སྲོག་གྲུབ་ཀྱང་གཅོད་ནུས་པའི། །དྲག་སྔགས་འབར་བའི་ཐོག་གི་མདའ་བོ་ཆེས། །འགལ་བྱེད་བྲག་རི་བསྙིལ་ལ་རིངས་ཆས་སམ། །དྲག་པོའི་ཆས་ཞུགས་དཔལ་ཆེན་སྟངས་སྟབས་ཀྱིས། །དམ་ཅན་དྲེགས་པའི་དམག་གི་སྣ་དྲངས་ཚེ། །བདུད་དཔུང་ཞིག་པའི་སྒྲ་དང་ལྷན་ཅིག་ཏུ། །སྙིང་ཡང་ཤུབས་ནས་ཐོན་ཏེ་ལྐོག་མར་བྲོས། །འགལ་རྐྱེན་ཐ་སྲེག་ཞི་བའི་གཤིན་པོའི་སར། །ཚེ་དཔལ་སྟོབས་འབྱོར་མྱུ་གུ་རབ་སྨིན་པ། །ཕུན་ཚོགས་འབྲས་བཟང་འགུགས་པའི་ལྕགས་ཀྱུ་དེ། །མ་བཏབ་པར་ཡང་ཁམས་གསུམ་དབང་དུ་བྱེད། །ཀ་ནས་དག་པའི་དབྱིངས་དེར་རྒྱལ་ཀུན་གྱི། །མཁྱེན་སྤྱན་སྟོང་གིས་གཟིགས་ཀྱང་མ་རྙེད་པར། །ལྷུན་གྲུབ་མཚན་དཔེའི་འཇའ་ཚོན་ཤར་བའི་འཕྲུལ། །བྱེད་པོ་རིག་པའི་རྩལ་གྱི་སྒྱུ་མ་མཁན། །ངོ་བོ་དམིགས་མེད་བརྗོད་བྲལ་ཡེ་ནས་སྟོང་། །རང་བཞིན་གསལ་འཚེར་ཞི་ཁྲོའི་སྤྲིན་དཀར་གཡོ། །ཀུན་ཁྱབ་ཐུགས་རྗེའི་སྤྲུལ་སྒྱུར་གྲུ་ཆར་གྱིས། །གསེར་སྦྲམ་སྒྱེད་རྡོར་འཁྲུལ་བའི་དབུལ་ཕོངས་སེལ། །སྒྲོན་མ་དྲུག་གི་ཡོན་ཏན་ཆུ་བོ་ཀུན། །སྣང་བཞིའི་རྒྱ་མཚོར་ངང་གིས་གཞོལ་བའི་མཐར། །ཆོས་ཉིད་འབབ་ཆུ་རྫོགས་པར་ཟད་གྱུར་ཀྱང་། །འོད་ལུས་ནོར་འཛིན་ལྟོ་བར་དོག་མིན་ཡངས། །འདོད་སྲེད་ཁ་ཆུས་རང་ཉིད་དམ་འཆིང་བའི། །བསམ་པའི་སྲད་བུ་ཕྲ་རགས་རྒྱུ་དང་སྤུན། །ལྔ་ལྡན་ཡེ་ཤེས་ཚོན་གྱིས་བཏགས་པའི་དར། །ཀུན་བཟང་གོས་ཀྱི་གཞའ་རིས་ཡིད་མཁར་བཀྲ །གངས་ཅན་ར་བ་དཀར་པོའི་ཁོར་ཡུག་གི ། ལྷ་གཅིག་དེ་དང་དབྱེར་མེད་ཆོས་ཀྱི་དབང་། །འཁྲུལ་མེད་ཟབ་གཏེར་བསྟན་པའི་གདུགས་དཀར་པོ། །གྱེན་དུ་འདེགས་པའི་སྙིང་སྟོབས་ཕྲག་པར་ལོང་། །ཚིག་སྦྱོར་(༡༠༣ན)


GLG019_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུའི་མཛེས་སྡུག་མངོན་གསལ་ཡང་། །ཟབ་བརླིང་དོན་གྱི་རྒན་པོའི་བློ་འཆང་བ། །ལེགས་པའི་ཆ་བསགས་བདོག་པའི་སྒྲོ་ལྡན་ལ། །ཞོན་ནས་ཁྱོད་ཀྱི་མདུན་སར་ཟློས་གར་སྒྱུར། །མེ་བྱ་སྣ་དཀར་རྩེར་ཞང་པོ་ཁྲི་དཔོན་པ་ཀུན་དགའ་དབང་ཆེན་ཕུན་ཚོགས་ལ་སྤྲིངས་པ་ལུགས་གཉིས་ལྟ་བའི་མེ་ལོང་། ས རྦྦ དཱ ཤཽ བྷ ས དྡྷ རྨྨ ཤ ངྒཱ ཀ ཤ པྡ ས ཝ ར གྲཱི ཝ ད ཀྵི ནྱ ཀུ ཎྜ ལྱ ཙ། །ངཱ ཀྲྀ ཤཽ དྷཽ ད ནཱ ཤྲེ ཡ ཡ ཙྪོ མ དྷུ རྱཱ མྲྀ ཏཱ དྡྷུ ཏྱ ཀ རྞྞ སྱ བཱ ནྟི ཀ༔ དུས་(སྡེབ་སྦྱོར་མེ་ཏོག་འཕྲེང་ཅན།)ཀུན་དགེ་བ་དམ་པའི་ཆོས་ཀྱི་དུང་། །མགྲིན་པར་གཡས་སུ་འཁྱིལ་བའི་ཚངས་དབྱངས་སྒྲ །རྨད་བྱུང་སྙན་པའི་བདུད་རྩི་རྣ་བར་དཔྱིད། །སྦྱིན་མཛད་ཟས་གཙང་སྲས་ཀྱིས་དགེ་ལེགས་སྩོལ། །གངས་ཅན་ར་བར་རྒྱལ་སྲིད་སྣ་བདུན་གཙོར། །མང་པོས་བཀུར་བ་དཔལ་ལྡན་རླངས་ཀྱི་གདུང་། །ལྷ་གཟིགས་ཕག་གྲུའི་བཀའ་དྲིན་ཉི་ཟེར་གྱིས། །ལེགས་བསྐྱངས་དགུང་བློན་བརྒྱུད་ཀྱི་པད་དཀར་དང་། །གནམ་གྱི་ཤེ་མོང་དཔུང་པས་ས་ཀུན་ལ། །མངའ་སྒྱུར་(༡༠༣བ)


GLG019_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་རྒྱལ་པོ་ཧོང་དི་ཡིས། །སྲིད་ཞིའི་གཙུག་གི་རྒྱན་དུ་དབང་བསྐུར་བ། །དེའི་ཆི་ཀྱིང་གང་མིང་དུ་འབོད་པ་དེས། །འཇམ་དབྱངས་འཁོན་གྱི་གདུང་འཛིན་ས་སྐྱ་པའི། །བསྟན་སྲུང་མགོན་པོས་སྤྲུལ་པའི་རིགས་ཀྱི་བུ། ཁྲི་སྐོར་རྟགས་མགོ་དང་བཅས་ལུང་བཟང་པོས། །ཆེན་པོའི་ལས་ཀ་འཛིན་པའི་མི་དབང་དེར། །རིག་གནས་རྒྱ་མཚོར་སྨྲ་བའི་སྤོབས་པའི་མགྲིན། །གཟེངས་སུ་མཐོ་བའི་ལང་ཚོ་དར་དྲག་པ། །འཇམ་དཔལ་རྡོ་རྗེར་འཁྲུལ་ཏེ་དབྱངས་ཅན་ལྷས། །མགུལ་པར་འཁྱུད་པའི་དྲུག་སྐྱེས་གླུ་འདི་སྤྲིངས། །བསོད་ནམས་ཕུང་པོ་གཟུགས་སུ་སྣང་བའི་ཁམས། །ཆོས་དང་སྲིད་ཀྱི་གཙུག་ལག་བྱེད་བའི་སྣོད། །དལ་འབྱོར་འཛམ་བུའི་གསེར་སྦྱངས་ཉེར་འཚེའི་ལྷད། །ཡོངས་བྲལ་སྤྲོ་བདེའི་འོད་གཟི་འབར་ལས་ཅི། །སྣ་ཚོགས་དཀར་བའི་ལས་ཀྱི་འབྲས་བཟང་དང་། །དཔའ་མཛངས་འཕྲུལ་གྱིས་རྒྱལ་ཕྲན་རྩེར་སོན་པ། །ཨང་ལེན་མེས་ཀྱི་ལེགས་ལམ་ཡངས་པའི་ཤུལ། །བཟུང་བའི་བརྟུལ་ཞུགས་གྲུབ་ལ་བདག་ཡི་རང་། །ཟ་ཧོར་གདུང་གི་ནོར་བུའི་ཡུ་བ་ཡིས། །བཏེག་པའི་གཙུག་ལག་ལུགས་བརྒྱའི་གདུགས་དཀར་པོ། །བློ་བཟང་གྲགས་སྙན་བསྟན་པའི་ཏོག་མཛེས་ཅན། །བོད་འབངས་ཕན་བདེའི་གྲིབ་བསིལ་དལ་མེད་འཁོར། །གཏན་བདེའི་སི་ཏཱའཕྲོག་པའི་ཆོམ་རྐུན་མ། །འདོད་ལ་མངོན་སྲེད་སྒྱུ་མའི་རི་དྭགས་ཀྱིས། །སྐྱེ་རྒ་ན་འཆིའི་མྱ་ངམ་ཐང་ཆེན་པོར། །འགྲོ་མང་སེམས་ཀྱི་དགའ་བྱེད་ལྷ་དེ་ངལ། རྫོང་གཞིས་གྲོང་ཁྱེར་གདེངས་ཀ་འབུམ་ཕྲག་ལས། །ཡིད་ལ་ཚེར་ལྟར་རྩུབ་རེག་དེ་སྙེད་པས། །ས་སྤྱོད་ཀླུ་དབང་འབྱོར་པའི་སྙིང་པོ་ཀུན། །ཨེ་རཎྜ་ཡི་འབྲས་བུ་སྨིན་པ་བཞིན། །མ་རིག་མུན་འཐིབས་འཁོར་བ་མཚན་མོའི་མལ། །དུག་(༡༠༤ན)


GLG019_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གཉེར་སློང་ངེས་འབྱུང་སྐྱ་རེངས་ཀྱིས། །དྲངས་པའི་རྣམ་དཀར་དགེ་བའི་ཐུན་འཚམས་མཐར། །གཏན་མདུན་ཉི་མ་འོད་པོ་ཆེ་དེ་འཆར། །གྲངས་མེད་ཆོས་ཀྱི་ཕ་མཐའི་གནས་ལུགས་ཚད། །མཁྱེན་པའི་སྲང་གིས་གཞལ་ནུས་བཙོང་ཁ་པའི། །ངོ་མཚར་གསུང་རབ་གླེགས་བམ་ཆེ་རྣམས་ལས། །ལྷག་པའི་སངས་རྒྱས་བཀའ་དེ་དམིགས་སུ་མེད། །དེ་ལྟ་ན་ཡང་རྗེས་འཇུག་ལ་ལའི་ངག །འཁྲུལ་པའི་མཆིང་བུ་དབང་བརྟུལ་དད་པའི་རྗེས། །འབྲང་འགས་སྤྱི་བོར་བཟུང་སྟེ་མཁས་གཞན་གྱི། །བསྟན་བཅོས་ཡིད་བཞིན་ནོར་ཡང་དོར་ནས་བཤུད། །ལེགས་པར་བཤད་ཚེ་གྲངས་ཅན་རིང་ལུགས་ཀྱང་། །ཐོས་དང་བསམ་པར་བྱེད་པའི་དབང་རྣོན་བདག །ཀུན་སློང་དུག་ཆུ་མྱོས་པའི་གོམ་སྟབས་ཀྱིས། །རིས་མེད་ཐུབ་བསྟན་པད་ཚལ་ག་ལ་རྫི། །ཡིག་དྲུག་བཟླས་ལུང་སྦྱོར་དངོས་རྗེས་ཚང་ཙམ། །མི་ཤེས་བླ་ཆེན་ཁྲ་ཏའི་གྲལ་རིང་དེར། །བཅུ་ཕྲག་རིག་གནས་སྐད་སྙན་འཁྲོལ་བའི་བྱ། །གཞན་གསོས་བློ་ལྡན་བདག་ཆུང་དཀར་མིན་འབྲས། །རྒྱལ་དར་དེ་སྲས་སྤྲུལ་པའི་སྐུར་འབོད་པའི། །སྒྲོ་བཏགས་སྙན་པའི་ཕུབ་མ་འགྲམ་པའི་འོག །ཐ་མལ་ངན་སྤྱོད་ཉལ་འགྲོ་འཁྱིལ་བའི་དོང་། །ཆེས་ཆེར་སྙིགས་མ་ལྔ་བདོའི་བྱེད་པོས་སྤྲུལ། །ལོངས་སྤྱོད་འཁོར་མང་ཚུལ་འཆོས་མཛེས་པའི་གར། །བསྟན་འཛིན་གཟུགས་སུ་བསྒྱུར་ནས་གཞན་སླུ་བ། །ཐག་ཁྲ་སྦྲུལ་དུ་སྣང་ལ་དངངས་པའི་གྲོགས། །རྫུན་མཚང་གཟུགས་བརྙན་འཆར་བའི་མེ་ལོང་འདྲ། །ཉོན་མོངས་ཆོས་ལྟར་སྤྱོད་པའི་དམོད་པ་ཡིས། །གཞུང་ལུགས་མང་པོར་ཐོས་པའི་མཚན་མ་སྟོང་། །གཞན་ཕན་མིག་ཏུ་(༡༠༤བ)


GLG019_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུས་ནས་མོས་ལྡན་ལྷ། །འདྲིད་པའི་ཚུལ་ལ་ཡིད་སྐྱོའི་མཆི་མ་ཀུ། །འདོད་པའི་ར་གན་ཚུལ་འཆོས་གསེར་ཆུ་ཡིས། །བཀྲུས་ཟོང་ཚོང་འདུས་འགྲིམ་པའི་སྒྱུ་མ་མཁན། །སྐད་ཅིག་ཙམ་ལ་ལོ་བརྒྱའི་སྡུག་བསྔལ་བའི། །སླུ་བྱེད་འདི་ལ་ཡིད་སྟོན་སྨྱོན་པའི་གར། །ལོག་རྟོག་ཆུ་བོར་བླུན་སྒོམ་གྲུ་ཞིག་ནས། །སེམས་ཀྱི་མགྲོན་པོར་ཐར་པའི་སྲོག་བྲལ་བའི། །ཕྱག་ཆེན་མིང་གིས་བསྙད་པའི་དྭགས་བརྒྱུད་ཕལ། །ངན་སོང་ཀློང་དུ་སྤྲོ་བས་སྦྲོན་པ་བཞིན། །དེའི་རིགས་མུ་ལྟོའི་ཆས་ཀྱི་མིའུ་ཐུང་། །སྟོབས་འབྱོར་ས་གསུམ་འདོད་ཀྱང་ཆགས་བྲལ་ཞིང་། །བྱ་བཏང་ཐ་གུའི་ལྟོ་ཅན་གྱ་གྱུའི་བློ། །གཟུགས་སུ་གྲུབ་ན་མཁའ་འདི་སྣོད་དུ་ཆུངས། །ཀྱེ་མ་དེ་ལྟའི་ངན་ཕན་སྤྱོད་ཞགས་པ་ཡིས། །རང་བཞིན་འཁོར་བའི་བཙོན་རར་བཅིངས་མཐོང་ཚེ། །འཇིག་རྟེན་ཁྱིམ་གྱི་བདག་པོ་ཡ་རབས་རྣམས། །གྲགས་ཆེན་སངས་རྒྱས་དེ་ལ་མི་རིང་ཉེ། །བཀའ་བཙན་རྒྱལ་ཁྲིམས་གསེར་གྱི་གདང་བུ་རྣམས། །འཇམ་གཉེན་ཆོས་ཁྲིམས་དར་གྱིས་ལེགས་སྦྲེལ་ནས། །སྐུ་གསུམ་ཁང་པར་བགྲོད་ལ་ཚེགས་ཆུང་བ། །མི་དབང་ཁྱོད་ཀྱིས་འདི་ཕྱིའི་དོན་གཉིས་འགྲུབ། །ཨེ་མ་ཆེན་པོའི་ཁུངས་ལྡན་རིགས་ཀྱིས་བཙུན། །ལྷ་མིའི་ཆོས་རྣམས་སྒྲུབ་ལ་དཔྱོད་བཟོད་མཁས། །ཡ་རབས་ཆས་ཀྱི་མཛེས་ཤིང་སྒྲིགས་ཀྱིས་བཟང་། །སྙན་འགྱུར་ཚིག་གིས་བསྔགས་འོས་ལྷ་སྲས་ཁྱོད། །ལེགས་བྱས་སྣ་ཞགས་རིང་བརྐྱང་མྱོས་བུམ་གྱིས། །རང་རིགས་མེས་པོའི་ཁྲི་ལ་དབང་བསྐུར་བས། །ཆོས་སྲིད་བླ་ནས་བླར་འདེགས་བཙན་པོའི་ལས། །ཤུགས་ཀྱིས་གསེར་ལྡན་མ་ཡང་རྗེས་སུ་འབྲང་། །རྣམ་ཐོས་བུ་ཡི་ཁེངས་འཕྲོག་མཚན་བཟང་སྐུ། །རྗེན་པར་ལྟ་(༡༠༥ན)


GLG019_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་བཟོད་བྱེད་པོ་ཡིས། །རིན་ཅེན་གའུ་རྣ་རྒྱན་དཀར་དམར་ཤལ། །རྩི་བེར་སྣལ་གོས་འཇའ་རིས་ཟོལ་གྱིས་བསྒྲིབས། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་འདབ་བརྒྱ་ནས། །གསུང་གསང་འཇེབས་པའི་གེ་སར་སྐྱུགས་པའི་རྡུལ། །བཏུངས་པའི་རོས་མྱོས་ཆབ་འབངས་བུད་པའི་ཁྱུ། །དགའ་བའི་གླུ་ལེན་སྐྱིད་པའི་གར་གྱིས་བྲེལ། །ཤེས་བྱར་སྣང་ན་འབྱམས་སུ་ཀླས་པའི་བློའི། །ཉིན་བྱེད་འབུམ་ཕྲག་འཆར་བའི་ཐུགས་ཀྱི་མཁའ། །ཟབ་ཅིང་བརླིང་པའི་ཕ་མཐའ་གཟིགས་པ་ལ། །ཀུན་མཁྱེན་ཚད་མའི་སྤྱན་གྱིས་དཀྱུས་དེ་ཐུང་། །འཁོར་དང་མྱང་འདས་ཀུན་སྐྱེད་མཛའ་ན་མོའི། །བཞིན་རས་བཀྲུ་བའི་ལྔ་རིག་གངྒཱའི་ཆུ། །བློ་གྲོས་རྣ་བར་འཛིན་ལ་ངལ་མེད་པའི། །དྲང་སྲོང་ཆུ་ལྷའི་བུ་དེ་ཁྱོད་མིན་སུ། །སྒྱུ་རྩལ་དྲུག་ཅུའི་ཤལ་ལ་ཀི་ཡི་ཐགས། །ཟ་བྱེད་སྔ་ན་མེད་པའི་གླང་པོ་འདིས། །བརྒྱ་བྱིན་རང་གི་བཞོན་པའི་སྙེམས་བཏང་ནས། །བལྟ་ཕྱིར་མིག་སྟོང་སྤྲུལ་ཏེ་མཁའ་ལ་འོངས། །མཁྱེན་དཔྱོད་ས་སྲུང་སྣས་བུས་ཆབ་ཀྱི་རླངས། །ཤེས་བྱ་ནམ་མཁའི་ཕ་མཐའ་འཇལ་བ་ན། །ཐམས་ཅད་གཟིགས་པའི་གྲགས་པ་དོན་ལྡན་པ། །ཉི་མའི་གཉེན་གྱི་དཔེ་ཟླར་དེང་འདིར་གྲུབ། །པདྨའི་སྐུད་པ་ལྟར་ཕྲ་རིག་པའི་རྩལ། །བློ་གྲོས་སྟོན་གྱི་ལྷ་ལམ་དངས་པའི་ངོས། །མཐའ་ཡས་སྲིད་པའི་གནས་ལུགས་རྒྱུ་སྐར་ཚོགས། །ཅིག་ཅར་ཤར་ཡང་དོག་པ་མེད་དེ་མཚར། །དཔའ་བརྟུལ་ཡན་ལག་སྟོང་གི་སྒྱུར་ཐབས་ཀྱིས། །གཞན་སྡེ་ཐལ་མར་འབིགས་ནུས་ཉག་ཕྲན་ཆར། །འབེབས་པའི་སྲིད་སྒྲུབ་མདུན་སར་དུས་མཐའི་རླུང་། །འཚུབ་འདྲའི་བདུད་ཀྱི་དམག་དཔུང་ཆས་ཀྱང་འཇིག །ཕལ་སྤྱོད་སྐད་ངན་བརྒྱལ་ཡང་རི་དྭགས་གཙོར། །སྟོབས་འབྱོར་རམས་ཀྱི་མདངས་(༡༠༥བ)


GLG019_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྒྱུར་མིན་པའི། །གོང་མའི་ལུང་ལས་ཆོ་རིགས་རྩལ་གསུམ་ཀུན། །རྫོགས་པའི་གདོང་ལྔ་པ་དེ་ཁྱོད་དུ་ཁུམས། །ལོ་འབྲས་སྡོང་བུ་མཚུངས་པ་ལྗོན་པའི་ཤིང་། །སྐྱེད་ཚལ་ར་བར་བགྲང་ཡས་འཕྲེང་བཀོད་ཀྱང་། །བྱང་ཆུབ་ཤིང་གི་སྙིང་པོ་ཨ་ཤྭཏྠ། །གྲིབ་མ་གཉིས་པའི་གྲོགས་ལས་གཞན་ན་མེད། །དེ་ཕྱིར་ཆོས་ནོར་འདོད་དང་ཐར་པ་ཡི། །གསེར་སྒོང་རང་བློའི་དྲོད་ཀྱིས་ཡོངས་སྨིན་པའི། །འཇིག་རྟེན་བྱེད་པོར་གྲུབ་ཟིན་ཁྱོད་སྙན་དུ། །བཞེད་སྐུལ་པི་ཝང་རྡུང་བ་ངལ་བའི་རྒྱུ། །འོན་ཏེ་ཆོ་འབྲང་དཔལ་གྱི་བེའུའི་གཟུགས། །སྙིང་གར་ལེགས་འཁྱིལ་ཞང་པོར་མཛའ་བའི་ཚིག །གཙུག་ལག་སྨིག་མའི་ཚལ་རྒྱུ་གནག་གི་ཚས། །གྲོས་སུ་གླེང་བར་འོས་ཕྱིར་ཚུལ་འདི་གསོན། །དགྲ་སྡེ་རྣམ་པར་གནོན་ལ་དཔའ་བའི་རྩལ། །ཕྱག་ན་འཁོར་ལོ་ཁྲོས་པའི་དྲག་ཤུལ་དང་། །རང་སྲིད་རྫོགས་ལྡན་དུས་བཞིན་སྐྱོང་བ་ལ། །ང་ལས་ནུ་ཡི་ཁེངས་པ་ཐུང་ངུར་མཛོད། །མ་འདྲེས་འབྲས་འབྱིན་བདུད་རྩི་དུག་བུམ་ཟུང་། །མི་མངོན་ཐུགས་ཀྱི་ཆུ་གཏེར་ཀློང་སིམ་ནས། །གསུང་འཇམ་འཛུམ་པའི་རླབས་ཀྱིས་གཞན་སེམས་སྣ། ཁྲིད་ཚེ་འཇུག་པ་བཅུ་པའི་སྤུན་ཟླར་གྱུར། །ཐབས་ཀྱིས་མཚང་འདྲུ་སྙན་པར་སྨྲས་བ་ཡིས། །མི་བསྲུན་དགྲ་སྡེའི་སེང་གེའི་བློ་བྲིད་ནས། །བརྩོན་ར་ཁྲོན་པར་བཅུག་སྟེ་སྲོག་འཕྲོག་པའི། །བརྣག་པ་ཡིད་ལ་འཆང་བ་དགྲ་ཐབས་མཁས། །རྒུད་ཚེ་སྒྱིད་པའི་ཙན་དན་སྡོང་བུར་འཁྲིལ། །འབྱོར་ན་གཉའ་བའི་ཡལ་འདབ་རྩེར་ཞོན་པའི། །གུས་ཞེན་ཁ་གཅིག་ནས་རྐྱོང་ལྕེ་གཉིས་པ། །ཐབས་མཁས་རི་དྭགས་ལྟེ་བའི་དྲི་ཡིས་གདུལ། །དཀར་ནག་ལས་ཀྱིས་མཐོ་དམའ་བར་པ་རུ། །བགྲོད་པའི་བཤུལ་རྗེས་འབྲང་བ་གྲིབ་མའི་འབངས། །གཉིས་མིན་གཅིག་ཏུ་སྒྲིལ་བའི་བློ་རྩེ་ཅན། །སྙིང་གི་ཐིག་ལེར་སྐྱོང་འོས་སེམས་ཀྱི་བུ། །རིགས་བཟང་བཀྲ་ཤིས་གསེར་མིག་འཁྱིལ་བའི་ཉ། །མི་འབྲལ་མགོན་སྐྱབས་སྲུང་མའི་ཆུ་བོའི་ཀླུང་། །གསོལ་མཆོད་བསྟེན་པའི་ནོར་བུ་ཀེ་ཏ་ཀས། །(༡༠༦ན)


GLG019_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་ཞལ་མཐོན་པོར་དྲུངས་པའི་ལྷ་ངོ་བསྟོད། །མཛོད་སྤུའི་ཟེར་གྱི་ཆས་ཀྱང་འཆི་བའི་མུན། །མཐར་བྱེད་ཚེ་དཔག་མེད་དང་རྣམ་པར་རྒྱལ། །ཡིད་བཞིན་འཁོར་ལོའི་ཏིང་འཛིན་བཟླས་རྗོད་ཀྱིས། །ལས་ཀྱི་མེ་ལོང་རི་མོར་མར་མེར་བྱེད། །བག་ཡོད་ཞིང་པའི་ལུས་ཕྲ་མའི་མངལ་ནང་། །དུས་ཁྲིམས་ས་བོན་ཀུནྡ་ལེགས་སྨིན་པའི། །མཐོ་རིས་མྱུ་གུའི་ཁྱེའུ་བསྐྲུན་པ་ལས། །ཐར་པའི་འབྲས་བཟང་ན་ཚོད་དར་དེར་གཟིགས། །ཉམ་ངའི་འབྱུང་པོ་ལེགས་པར་མངོན་ཕྱོགས་བམ། །བརྩོན་པས་འགྲུབ་ཚེ་འབྱུང་བའི་ལྕེ་བཅད་ནས། །སྦྱིན་སོགས་རྒྱལ་སྲས་སྤྱོད་པར་གྱུར་པའི་གསེར། །བྱང་ཆུབ་སྙིང་པོའི་བར་དུ་མཛད་མེད་འཕེལ། །རིམ་གཉིས་ལྟེ་བ་འཕྲིན་ལས་རྩིབས་སྟོང་གིས། །བདུད་བཞིའི་དགྲ་ཚོགས་ལས་རྒྱལ་རྔ་བོ་ཆེ། །རྡུང་དང་ལྷན་ཅིག་ཟུང་འཇུག་ཐོབ་པའི་དར། །རིགས་ཀུན་བདག་པོའི་ཁང་བཟང་རྩེ་མོར་ཕྱོར། །དེ་ཕྱིར་འཚོ་བ་དོན་ལྡན་བྱེད་པའི་ཐབས། །མཁའ་འགྲོའི་ཁ་རླངས་འཐུལ་བ་ངེས་གསང་ཆོས། །ཚད་མ་བཞི་ལྡན་བསྟན་དང་སྟོན་པ་མཆོག །མཇལ་ཞིང་ཐོས་བསམ་བྱར་ཡོད་སྐལ་བ་ཆེ། །དགག་སྒྲུབ་རྣམ་པར་རྟོག་པའི་དབང་པོའི་གཞུ། །མ་དག་སེམས་ཀྱི་འཆར་སྒོར་སྣང་བའི་འཕྲུལ། །བཟོ་མེད་རིག་རྩལ་དབྱིངས་ཀྱི་དག་པའི་མཁར། །ཀུན་རྫོབ་ཆོས་ཀྱི་གཟུགས་བརྙན་གར་མ་མཐོང་། །ཨ་ཤད་དྲོད་ཀྱིས་ཧམ་ཡིག་ཞུ་དེའི་རྒྱུན། །སྟོང་དང་དབྱེར་མེད་ཟུང་དུ་འཇུག་པའི་ཁམས། །འཇའ་ལུས་རྡོ་རྗེའི་སྐུར་སྨིན་དག་ཞིང་བཅས། །སྐལ་བཟང་ཁྱོད་ཀྱི་བསྒྲུབ་བྱ་ཡིན་ནམ་སེམས། །སྭསྟི་ཀ་ཡི་སྒྲར་དྲངས་ཤིས་རྗོད་ཀྱིས། །ལྷ་གཅིག་རིན་ཅེན་མྱུ་གུ་བཀྲམ་པའི་ཁྲིར། །འབངས་རྣམས་བྱམས་པས་བདེ་བར་སྐྱོང་བའི་ཆེད། །ཡུན་དུ་གཡོ་མེད་འཚོ་ཞིང་གཞེས་ཤིག་གུ །མཉེས་གཤིན་བརྩེ་བའི་མ་ལ་ཡ་ཡི་རླུང་། །འགྲོ་འོང་ཆད་པ་མེད་པས་ཁྱེར་བའི་དྲིས། །མངོན་སུམ་མཐོང་ལ་ས་ཡིས་རིང་བསྐལ་བ། །(༡༠༦བ)


GLG019_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བརྣག་དཀའི་ཚ་གདུང་མིང་གི་ལྷག་མར་བྱེད། །རབ་དཀར་ལྷག་བསམ་ཆུ་བོ་བྱེ་བའི་རྒྱུན། །འབབ་པའི་ཡིད་ཀྱི་རྒྱ་མཚོ་འཕེལ་བའི་འཕྲིན། །བརླང་ཚིག་དྲི་བྲལ་ཟླ་ཤེལ་བགྲོད་པའི་འགྲོས། །རང་གི་ངང་ཚུལ་མི་གཡེལ་གཡར་དམ་གཅེས། །ཐགས་བཟང་དཱུ་ཀཱུ་ལ་ཡི་གོས་གྱོན་པའི། །ཚིག་དོན་ལྟ་ན་སྡུག་པའི་གར་མཁན་ཞིག །ཕྱོགས་ལས་རྣམ་པར་རྒྱལ་བའི་ཁང་བཟང་རྩེ། །མི་རྗེ་འཆི་མེད་བདག་པོའི་མདུན་སར་སོང་། །མེ་སྤྲེ་ལོ་གོང་གི་གསེར་ཡིག་པར་བྱམས་གླིང་སྨན་པ་སངས་རྒྱས་རྒྱལ་མཚན་དང་མཁར་སྔོན་པོའི་དེམ་ཅི་དར་གན་ཆོས་རྗེ་བྱུང་བ་ཕྱིར་ལྡོག་པ་དང་ལྷན་ཅིག་པར་ཇོ་རིག་ཐུ་དབོན་པོ་ངག་དབང་བློ་གྲོས་མི་སྣར་བཏང་བའི་དུས་ཀྱི་ཞུ་ཡིག་རྫོགས་ལྡན་པད་དཀར་བཞད་པའི་འཛུམ་མདངས། ཁ ས རྦྦ གཽ རྨ ཎྜ ལ བྲྀ ཤྱ ཙ ཀྲི ཙཱ རཱ ས ཧ སྲཱ ཨ བྷི ལ ཤྱ ཝ རྟི། མ ཉྫོ སྶ རོ ཏྟ རྱ མ ཧཱ ཙ པཱ དཱ ཀྲྀ ལོ ཀ ཤ ཉྫོ ན ར རཱུ བ མཱུ ལ། །(༡༠༧ན)


GLG019_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་(སྡེབ་སྦྱོར་ཉེར་སྤྱོད།)སའི་དཀྱིལ་འཁོར་ཀུན་ལ་བསོད་ནམས་ཀྱི། །རྩིབས་སྟོང་འཁོར་ལོས་མངོན་པར་དབང་སྐུར་བའི། །འཇིག་རྟེན་བྱེད་པོ་ཚངས་དབང་མིའི་གཟུགས་ཅན། །འཇམ་དབྱངས་གོང་མ་ཆེན་པོའི་ཞབས་དྲུང་དུ། །རྩོད་དུས་སྙིགས་མས་སྦགས་པའི་འདམ་རྫབ་ནང་། །རྫོགས་ལྡན་པད་དཀར་འདབ་བརྒྱད་རབ་བཞད་པས། །ཕན་བདེའི་སྦྲང་རྩི་སྟེར་བའི་གྲགས་སྙན་སྒྲ། །རྣ་བའི་བཅུད་ལེན་གྱུར་པས་མཆིད་འདི་ཞུ། །འཇམ་དཔལ་རྡོ་རྗེ་རྣོན་པོའི་སྒྱུ་མའི་འཕྲུལ། །ས་སྐྱོང་རྒྱལ་པོའི་རྣམ་པར་ཤར་བའི་གར། །མཐོང་བས་དོན་དང་ལྡན་པ་རྡོ་རྗེའི་སྐུ། །གཡོ་བ་མེད་དེ་འགྲོ་འདིའི་བསོད་ནམས་དཔལ། །སྲིད་ཞིའི་གཙུག་ཏོར་རྩེ་ན་རབ་བཀྲ་བའི། །བཀའ་ཐམ་ཚེ་རིང་གནམ་གྱི་ཤེ་མོང་ཅན། །ཕྱི་ནང་གོས་དང་སྣ་ཚོགས་རིན་པོ་ཆེའི། །རྨད་བྱུང་བདོག་པའི་སྐྱེས་དང་བཅས་པ་ཕེབས། །ཆོས་སྲིད་གཉིས་ལྡན་གངས་ཅན་དབུས་འགྱུར་འདིར། །བདེ་བར་འཚོ་བའི་སྡོམ་བརྩོན་ཀུ་སཱ་ལི། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི། །བསྟན་པ་ཕྱོགས་བརྒྱར་སྤེལ་བའི་འདུན་པར་གནས། ཁམས་གསུམ་ཀུན་ལས་རྣམ་པར་རྒྱལ་བ་ཡི། །རིགས་ལྡན་རིགས་ཀྱི་དབང་ཕྱུག་དམ་པ་ཁྱོད། །ལྷ་བཅས་སྐྱེ་རྒུའི་གཙུག་ན་མངོན་འཕགས་པའི། །གཏམ་འདི་དྲི་ཟའི་ཕང་འགྲོའི་སྒྲ་ལས་སྙན། །གང་ཕྱིར་རྒྱལ་དང་རྒྱལ་སྲས་སྙིང་སྟོབས་ཅན། །བསམ་བཞིན་འཁོར་ལོས་སྒྱུར་བའི་སྲིད་འཛིན་པར། །ཚད་ལྡན་གསུང་རབ་དུ་མར་ལེགས་གསུངས་པའི། །ཚུལ་འདིར་ཐེ་ཚོམ་ཁྱོགས་ལ་སུ་ཞིག་འཕྱང་། །ནོར་འཛིན་མ་འདིས་བཏེག་པའི་ཁོར་ཡུག་སྟེང་། །གནས་པའི་སྐྱེ་རྒུའི་རེ་བ་སྐོང་བ་ལ། །ལྷ་ཁྱོད་དཔག་བསམ་ཡོངས་འདུའི་ལྗོན་པའམ། །ཡིད་བཞིན་དབང་གི་རྒྱལ་པོ་གཅེས་པར་ངེས། །འཁོར་ལོས་སྒྱུར་རྒྱལ་རྫོགས་ལྡན་དུས་(༡༠༧བ)


GLG019_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནར། །འབྱུང་ཞེས་ཆོས་མངོན་གཞུང་དུ་བཤད་པ་རྫུན། །བདེན་ན་རྩོད་པའི་དུས་འདིར་གནམ་དང་ས། །ཀུན་གྱི་དབང་ཕྱུག་ཁྱོད་ཉིད་སུ་ཡིས་བསྐྲུན། །བདེ་སྐྱིད་སྣང་བ་སྟེར་ལ་ཉིན་མོར་བྱེད། །ཕྱོགས་ལས་རྣམ་པར་རྒྱལ་ལ་ལྷ་མིན་བཟང་། །གཙུག་ལག་ལུགས་བརྒྱ་སྨྲ་ལ་འཇམ་པའི་དབྱངས། །སྲིད་ཞིའི་བྱེད་པོར་གོང་མ་ཧོང་དེའི་མཚན། །ཞབས་པད་གསེར་འབྲུག་གིས་བཏེག་ཁྲི་ཆེན་པོར། །བསྐལ་བརྒྱའི་བར་དུ་ནམ་ཡང་གཡོ་མེད་ཅིང་། ཁྲིམས་གཉིས་གདུགས་དཀར་ནོར་བུའི་ཡུ་བ་ཅན། །སྲིད་པའི་རྩེ་མོའི་བར་དུ་འཁོར་གྱུར་ཅིག །ཟབ་ཅིང་དཀྱིལ་ཆེ་གངས་ཐུགས་བྱམས་བརྩེའི་མདངས། །དགྱེས་འཛུམ་ཞལ་གྱི་གངས་རི་ལས་འོངས་པའི། །ཕེབས་ཚོགས་གང་གཱའི་རྒྱུན་ལ་འགྲན་པ་དག །ཉི་ཟླའི་འགྲོས་ལྟར་ཆད་པ་མེད་པ་ཞུ། །ལྷ་མིག་རྣམ་པར་དག་པའི་སྤྱན་རས་ཀྱི། །གཟིགས་པ་འབབ་རྟེན་རིན་ཅེན་འཕྲེང་བ་གསུམ། །གཞོན་པ་མཆོག་དང་འཇམ་ཕྲུག་ཁྲེས་རྣམས་ལ། །རྟགས་ཀྱི་རེ་ཁའི་ལང་ཚོས་རྣམ་སྤྲས་ཏེ། །ཀུན་ཕན་མགོ་ཡིས་ཉ་བ་གཞུ་ཡི་ཁྱིམ། །དཀར་པོའི་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ། །སྡེ་བཞིའི་དཔལ་མངའ་དགའ་ལྡན་ཕོ་བྲང་ཞེས། །གྲུ་འཛིན་རི་བོའི་ཁང་བཟང་རྩེ་ནས་ཕུལ། །མངའ་རིས་རུ་ཐོག་དབང་པོ་མང་ཐོས་ཡོན་ཏན་གྱི་ཁུར་ལྡན་དེ་མི་བསྲུན་གཞན་རྐྱེན་གྱིས་དབུས་གཙང་ཕྱོགས་སུ་གཞི་བབ་ནས་ཡུན་རིང་སོང་མཐར་སྙན་ཚིག་བྱུང་བའི་མཕྲིན་ལན་གདུང་སེལ་སྣང་བའི་མཆོད་སྦྱིན། (༡༠༨ན)


GLG019_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པྲོ བཱ དྷྱཱ ཡ ཙ ད ཏྟ གཱ མ ཤཽ བྷི ཀྱཱ ཙི ནྟ མ ཎེཿ སུ ཁཻ རྷི ཏ། སཾ བུ དྡྷ སྱ མ དྷུ རྱ ནཱ མ མེ ར ཀྵཿ ཀཱི རྟི ཙ ཏ རྦྷ ཝཱ གྲ ཙ། །དགེ་(སྡེབ་སྦྱོར་དག་པའི་སྣང་བ།)བའི་ཡིད་བཞིན་ནོར་བུ་ལས། །ཕན་བདེའི་འདོད་རྒུ་རབ་སྦྱིན་མཁན། །རྫོགས་སངས་རྒྱས་ཀྱི་མཚན་སྙན་པོ། །སྲིད་རྩེར་གྲགས་ངེས་ཁྱོད་ལ་སྲུངས། །བགྲང་བྱའི་ཁུར་གྱིས་ཡལ་ག་འཁྱོགས་ན་ཡང་། །རྣམ་དཔྱོད་བླང་དོར་འབྲས་བཟང་ཡོངས་དུད་པ། །དཔག་བསམ་ལྗོན་པའི་སྤུན་ཟླ་གཉིས་པ་དེའི། །འཕྲིན་ཡིག་སྙན་ཚིག་འཕྲེང་བ་སུག་པར་སོན། །གནམ་བསྐོས་ཤར་ཕྱོགས་གོང་མའི་ལུང་ལས་ཀྱིས། །སྲིད་ཞིའི་གཙུག་ཏོར་རྩེ་མོར་ལེགས་བཅིངས་ཤིང་། །གཙུག་ལག་རྒྱ་མཚོར་འཇུག་པའི་སྤོབས་པའི་མགྲིན། །གཟེངས་སུ་མཐོ་བའི་གཏམ་འདིར་རྣ་བ་བློགས། །ལས་ཉོན་སྲད་བུ་ཐགས་སུ་ཉེར་བཏགས་པ། །སྟོབས་འབྱོར་འོད་བཀྲག་འཚེར་བའི་ཟ་འོག་གོས། །བདེ་སྡུག་རི་(༡༠༨བ)


GLG019_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་སྣང་བརྙན་མཐའ་ཀླས་པ། །བྱེད་པོ་དཀར་ནག་སྒྱུ་མའི་སྤྲུལ་སྒྱུར་མཁན། །སྐོར་གསུམ་ཡུལ་གྱི་ལོག་སྤྱོད་རི་དྭགས་སྲོག །འཕྲོག་འདོད་རཱ་མ་ཎ་ཡི་སྒྱུ་ཐབས་དེས། །ངལ་མཐར་སྐྱེ་རྒུའི་བདེ་བ་སི་ཏ་མོ། །མི་བསྲུན་འབོད་གྲོགས་སྤྲུལ་པས་ཁྱེར་གྱི་དོགས། །ལྷ་གཅིག་ཞང་དབོན་སྲིད་ཀྱི་ལྗོན་ཤིང་ལ། །དམན་འབངས་ལྟོས་འགྲོའི་ལུས་ཀྱིས་ཉེར་འཁྱུད་པའི། །ཚུལ་འདི་དུས་ཀྱི་དབང་གིས་སྐལ་ངན་པར། །བྱེད་པོ་གསེར་མངལ་ཅན་དེར་འགྲོ་རྣམས་བཤུད། །དེ་ལྟའི་སྐྱེ་རྒུའི་ངང་ཚུལ་ཆུ་ཤེལ་དབང་། །སྲིད་པའི་ལྷ་ལམ་ངོས་སུ་འཕེལ་འགྲིབ་ཅན། །སྙིང་མེད་ཨེ་རཎྜ་ཡི་འབྲས་བུ་ལ། །མཁས་ཁྱོད་རྨི་ལམ་རྩེད་འཇོར་ཅིས་མི་རྟོག །མི་བཟད་འདུ་བ་འཁྲུགས་པའི་རླབས་འཕྲེང་གཡོ། །ཟུག་རྔུའི་ཆུ་སྲིན་ཆེ་བ་རབ་གཙིགས་ཀྱང་། །ལེགས་བྱས་མཐུན་པའི་རླུང་གི་ཤུགས་དྲག་པས། །དལ་འབྱོར་གྲུ་གཟིངས་བདེ་བའི་གླིང་བགྲོད་སྙམ། །འཁོར་མུན་མིག་སྨན་ལྟར་གནག་མཚན་མོའི་མཐར། །ལེགས་བྱས་སྐྱ་རེངས་དང་པོར་ཤར་བ་ལས། །ཐར་པའི་སྣང་བ་འབུམ་སྡེའི་མཆོད་སྦྱིན་མཁན། །དགེ་ཚོགས་ཉིན་མོར་བྱེད་པ་རྟག་བསྟེན་རིགས། །མཆེད་ཟླ་གཉིས་མེད་བླ་མེད་བདུད་རྩིའི་བཅུད། །དུག་གསུམ་ནད་བརྒྱ་འཇོམས་པའི་ཐངས་གསོས་སྨན། །སྟེར་བའི་སྔོན་མེད་འཚོ་བྱེད་ཟས་གཙང་སྲས། །འདི་ཀོ་གྲགས་པ་དོན་ལྡན་ཐམས་ཅད་མཁྱེན། །དེའི་གསུང་དྲི་མེད་གནམ་སྔོན་བཞུན་མའི་མཚོ། །ཕྱག་ཆེན་རྒན་པོའི་རྙོག་མས་སྦགས་པ་ཀུན། །འཁོན་རིགས་འཇམ་མགོན་ནོར་བུ་ཀེ་ཏ་ཀས། །ལེགས་དྲུངས་དཔྱོད་ལྡན་དགའ་བ་བསྐྱེད་བྱའི་ཡུལ། །རང་རིགས་རྒན་པོའི་རི་བོང་ཅལ་རྗེས་སུ། །རྒྱུག་མིན་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཁྱོད། །གྲགས་སྐམ་མཆིང་བུའི་དོ་ཤལ་མི་འཆོལ་བར། །ལེགས་བཤད་ནོར་བུ་གཙུག་ཏུ་བསྟེན་དེ་མཚར། །འདི་ན་འཇམ་མགོན་མི་(༡༠༩ན)
ཡི་སྲིད་པའི་གར། །ལེགས་སྒྱུར་ཤེས་བྱ་ཀུན་གཟིགས་བཙོང་ཁ་པའི། །རིང་ལུགས་འཆད་རྩོད་རྩོམ་པས་འཛིན་རློམ་གྱི། །ཚུལ་འདིས་དལ་འབྱོར་འཚོ་བ་དོན་ལྡན་ཙམ། །སྨན་ལྗོངས་ལྟ་ན་སྡུག་པའི་གྲོང་ཁྱེར་ནས། །སྨན་གྱི་བླ་མ་བཻ་ཌཱུར་འོད་པོ་ཆེའི། །སྨན་རྒྱལ་གསེར་མདོག་ལས་འོངས་ཟིལ་དངར་གྱི། །སྨན་ཡོན་དེས་ཀྱང་ཁྱོད་གདུང་སེལ་གྱུར་ཅིག །རབ་སྙན་རྒྱུད་མང་རྗེས་སུ་སྙེག་བྱེད་པའི། །རིན་ཅེན་སིལ་སྒྲ་འཁྲོལ་བའི་གདུ་བུ་འདི། །བློ་གྲོས་འདབ་གཤོག་རབ་རྒྱས་ལུས་དཀར་བའི། །འཁོར་ལོའི་ཡན་ལག་ཅན་དེའི་རྒྱན་དུ་འོས། །


previousརབ་བྱུང་བཅུ་གཅིག་པའི་མེ་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext