Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ས་ཁྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ས་ཁྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ས་ཁྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ས་ཁྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ས་ཕོ་ཁྱི་ལོ་གོང་ནས་ཤེས་རབ་བླ་མ། བསམ་གཏན་དགེ་སློང་སོགས་བཀའ་ཤོག་གནང་སྦྱིན་བཟང་པོ་སྐྱེལ་བར་བྱུང་བའི་ལན་སེ་ར་རབ་འབྱམས་པ་འཇམ་དབྱངས་གྲགས་པ་དང་ཆུས་བསྐོར་སྨད་པ་ནོར་བུ་གཉིས་འབུལ་བར་བཏང་པའི་དུས་ཀྱི་ཞུ་ཡིག་གནམ་བསྐོས་རིན་ཆེན་ཅོད་པན། ཏྲཻ བྷ ཝཱ ཙཽ ཏྟ རི ཀྱ པྲ ཨུ ནྣ སྱ རཱ ཛྙོ ཙ ལོ ཀེ ཤྭ རེ ཎཱ བྷི ཥི ཉྩ སྱ ཙ། །མཽ ཀུ ཊཱ ར ཏྣ ཙཱ སྨཱ ངྐ མཽ ལཽ བི ཤེ ཥ ཙྪ བེ རྦྷཱུ ཏ མཱུ ལ ཤྩ བྲྀ ནྡཱ ར ཀ །སྲིད་(སྡེབ་སྦྱོར་མེ་ཏོག་འཕྲེང་ཅན།)པ་གསུམ་གྱི་བླ་ན་རབ་མཐོ་བའི། །རྒྱལ་པོར་ཚངས་པས་མངོན་པར་དབང་བསྐུར་བ། །རང་རྟགས་རིན་ཅེན་ཅོད་པན་དབུ་རྒྱན་དུ། །མཛེས་པའི་ཁྱད་པར་ཅན་གྱུར་ལྷའི་ཞབས་དྲུང་། །(༡༠༩བ)


GLG019_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་ལྗོན་ཤིང་དམན་པ་ལས་གཞན་པར། །ལྷག་པའི་ཐར་ལམ་མ་ལ་ཡར་སྐྱེས་ཀྱི། །བསླབ་གསུམ་མངར་བའི་དྲིར་སྤྱོད་དགེ་སྦྱོང་གིས། །རབ་དཀར་ཡིད་ཀྱི་ཀུནྡ་བཞད་དེ་ཞུ། །ཚེ་རིང་གནམ་གྱི་ཤེ་མོང་ཕྱག་རྒྱ་ཅན། །ཕུན་ཚོགས་རིན་ཅེན་ཟ་འོག་སྐྱེས་དང་བཅས། །གསེར་ཡིག་ཕོ་ཉའི་ལག་སོར་གྱིས་ཐོགས་ཏེ། །ནུབ་ཕྱོགས་ཆོས་ཀྱི་མདུན་སར་འགོག་མེད་ཕེབས། །བསོད་ནམས་བྱེ་བ་ཕྲག་བརྒྱའི་ས་བོན་འབྲས། །རབ་སྨིན་དར་བབ་སྐུ་གསུང་ཐུགས་ཀྱི་མཁར། །ཆོས་སྲིད་ཉི་ཟླའི་སྣང་བ་ཟུང་འབྲེལ་བའི། །འོད་ཀྱིས་ཁམས་གསུམ་ཁྱོན་ཀུན་ཅིག་ཅར་བཀང་། །དེ་ཚེ་རྩོད་པར་རློམ་པའི་སྡིག་ཏོའི་དཔུང་། །མ་རུང་མིག་སྨན་ལྟར་གནག་མུན་པ་ཀུན། །མིང་གི་ལྷག་མར་བཏང་བས་རྒྱ་ཧོར་སོགས། །ཉི་འོག་ཁམས་ན་ཕན་བདེའི་འོད་ཀྱིས་དཀར། །རིས་མེད་སྐྱེ་རྒུར་སྐྱེད་པའི་ངལ་སྟེགས་འདི། །ལྷ་གཅིག་བཀའ་དྲིན་ཁོ་ནར་ཤེས་གྱུར་ན། །འགྲོ་རྣམས་བསྐལ་པར་བསགས་པའི་བདོག་པ་ཀུན། །གཅིག་ཏུ་སྤུངས་ཀྱང་འཇལ་ནུས་ཕ་མཐའ་ཕྲ། ཁྱོད་སྙན་གྲགས་པ་དབྱར་རྔ་ལྟར་གྱུར་པས། །ཡོན་ཏན་རྒྱ་མཚོའི་འཇིང་ལྟར་ཟབ་བརླིང་བ། །མཐའ་དག་བརྗོད་ན་གསེར་མངལ་ཅན་གྱི་བློ། །རྣམ་དཔྱོད་དྲོད་ཀྱིས་སྨིན་ཡང་ཅུང་ཞིག་ངལ། །འདི་ན་ཆེན་པོའི་ལུང་འཛིན་ཀློག་པ་མཁན། །འགྲོ་ལ་རྗེས་བརྩེའི་རབ་དཀར་ལྷག་བསམ་དང་། །ཆོས་ཀུན་དབུ་མར་རྟོགས་པ་ཟུང་འཇུག་པའི། །སྣང་ཚུལ་འདིས་འཚོ་དལ་བ་དོན་ལྡན་ཙམ། །འཛམ་གླིང་ཡོངས་ཀྱི་ཕན་བདེའི་སྲོག་གཅིག་པུ། །གནམ་སའི་དབང་ཕྱུག་ནོར་འཛིན་སྐྱོང་བའི་རྗེ། །དཔལ་ལྡན་གོང་མ་རྒྱལ་པོ་ཆེན་པོའི་ཞབས། །གསེར་འབྲུག་གིས་བཏེག་ཁྲི་ལ་བརྟན་གྱུར་ཅིག །ཆད་པ་མེད་པ་གངྒཱའི་ཆུ་བོའི་རྒྱུན། །ལམ་གསུམ་དག་ལས་རྟག་ཏུ་འབབ་པ་ལྟར། །གང་གི་བཀའ་ཐམ་གསེར་གྱི་ཟམ་པོ་ཆེ། །(༡༡༠ན)


GLG019_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བོད་ཡུལ་དུ་ཆད་མེད་འཛུགས་པར་གསོལ། །ལྷ་མིག་རྣམ་པར་དག་པའི་སྤྱན་རས་ཀྱི། །ཡུལ་དུ་འགྱུར་བྱེད་རིན་ཅེན་འཕྲེང་བ་དང་། །སྣ་ཚོགས་འཇམ་པོ་ཕྲུག་གི་གྲངས་བཅས་པའི། །ཉུང་ངུའི་བདོག་པའི་སྐྱེས་ལ་རྒྱས་སྤྲས་ཏེ། །རྣམ་འཕྱང་ཞེས་པ་ས་ཕོ་ཁྱི་ཡི་ལོ། །ཧོར་གྱི་ཟླ་བ་གསུམ་པར་ཡོངས་གྲགས་པའི། །གྲལ་ཚེས་དགེ་བར་ཆོས་ཀྱི་སྡེ་ཆེན་པོ། །དཔལ་ལྡན་འབྲས་སྤུངས་གྲུ་འཛིན་རྩེ་ནས་ཕུལ། །བླ་མ་ལྷ་རྩེ་བའི་སྤྲུལ་སྐུ་ངག་དབང་ཀུན་དགའ་ལྷུན་གྲུབ་ལུང་ལས་ཀྱིས་འདོད་པའི་རེ་བ་ཡོངས་སུ་བཀང་བའི་ཚེ་ཐམ་ཕུད་ཀྱི་ཚུལ་དུ་སྙན་ངག་གི་མཕྲིན་ཡིག་བྱུང་བའི་ལན་མངོན་འདོད་རྩེ་དགའ་གསར་བའི་གླུ། ན ཀྵེ བ ཛ ནྨཻ རྦྷ བ ཛ ནྻཱུ ཡུ རྦཱ སྨིཾ རཱ གི ཀཱ ནཱུ བ གྲྀ ཧཱི ཏ དཱི རྒྷ། །ཨ ངྒུ རྱ ས དྡི ཥྚ ཙ བྷ བྱ བ ཡི ལཱ ཏ ལླེ ཁ ད ཏྟེ ཀྲྀ ན ཀུ ལྱ ཛཱི བཾ། །ལུས་(སྡེབ་སྦྱོར་དབང་པོ་རྡོ་རྗེ།)ཅན་ཀུན་ལ་རྗེས་སུ་ཉེར་ཆགས་པའི། །མ་སྨད་སྐྱེ་བའི་སྲིད་པ་རིང་བཟུང་བ། །དམ་པའི་མྱུ་གུའི་དུས་ཀྱང་དགེ་བའི་འབྲས། །རིགས་མེད་འགྲོ་ལ་སྟེར་བར་བྱེད་དེའི་འཕྲིན། །(༡༡༠བ)


GLG019_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་འགྱུར་རྒྱུད་དུ་དྲངས་པའི་ཏམྦུ་ར། །ལྕི་ཡང་སྡེབ་སྦྱོར་གླུ་རུ་ཉེར་ཁུགས་པ། །སྒྲ་འཛིན་ཡུལ་དུ་སྙད་བྱེད་སའི་ཟླ་བ། །ཐགས་ཀྱི་རི་མོ་རྣམ་བཀྲར་བཅས་པ་འབྱོར། །གཅིག་ཤེས་ཀུན་ཏུ་གྲོལ་བའི་སྒྲོན་མེ་ཡིས། །རྨོངས་མུན་རུམ་དུ་བག་ལ་ཞ་བའི་ཆོས། །དྲང་ངེས་དབྱིབས་ཚུལ་ཁ་དོག་རབ་གསལ་བའི། །སྔོན་མེད་སྒྱུ་མའི་ལྟད་མོར་འབྱམས་ཀླས་གྲང་། །འོན་ཏེ་གྲངས་མེད་ལས་ཉོན་ཆེས་ཕྲ་བའི། །སྲད་བུ་ཐགས་སུ་བྱས་ལས་བདེ་སྡུག་གི །རི་མོའི་བཀོད་པ་སྣ་ཚོགས་འཆར་བ་འདིས། །ཀུན་རྫོབ་ཆོས་ཀུན་ངེས་པར་བདེན་མིན་ནམ། །བདུད་བཞིའི་གཡུལ་ངོ་འཇིག་ལ་ཉེར་དཔའ་བའི། །སངས་རྒྱས་ཞེས་བྱའི་མཚན་གྱི་སྒྲ་བོ་ཆེ། །འཐོབ་བྱེད་གསུང་རབ་ཡན་ལག་བཅུ་གཉིས་ཀྱི། །བརྗོད་དོན་རྟོགས་པའི་ཆོས་ཕུང་མཁའ་ལྟར་ཡངས། །འགྲོ་བློའི་ལྷ་ལམ་ཟད་མིན་དམ་ཆོས་ཀྱི། །དགུ་ཚིགས་སྐེ་རགས་མེད་པ་སྲིད་མིན་ཡང་། །འཆར་དང་ནུབ་པ་སྤངས་པའི་དམ་བཅའ་ཅན། །ཕྱག་ཆེན་སྔོན་མེད་ཉི་མའི་འོད་འདི་གསལ། །ཕལ་པའི་རླུང་ལས་ཁྱད་པར་ལྟེ་སྔོན་ཅན། །རྟོགས་པ་དོན་བརྒྱུད་ཤུགས་ཀྱིས་ཐུབ་པའི་བསྟན། །ཀུན་གསལ་འགྲམ་པར་རྒྱུ་བའི་ཕག་མོ་གྲུ། །སངས་རྒྱས་གཉིས་པའི་གྲགས་པ་ཕྱོགས་ཀུན་སྙན། །གང་གི་ཡེ་ཤེས་མེ་ཡིས་གཉིས་འཛིན་ལུས། །བསྲེགས་འབྲས་སྟོང་གཟུགས་གྲུབ་ལྡན་གྲངས་མེད་པ། །སྤེལ་ཚེ་གཙུག་ན་ཟླ་བ་ཁེངས་པའི་གཞུ། །ཉེར་གུག་གངས་རིའི་ཕག་ཏུ་དཀའ་ཐུབ་བསྟེན། །ཉམས་རྟོགས་རྒྱ་མཚོར་རོ་གཅིག་གླིང་རས་ཀྱི། །སྙིང་པོའི་ཟིལ་དངར་ལོངས་སུ་སྤྱོད་མཁས་པ། །འཆི་མེད་རིགས་ཀྱི་ཟླ་བ་གསར་པ་ཁྱོད། །གྲུབ་རིགས་ཀུནྡའི་ཚལ་དེ་བཞད་ལ་དཔའ། །འོན་ཀྱང་ཐ་སྙད་རིག་པའི་དཔལ་བེའུ། །སྙིང་གའི་ངོས་སུ་མཛེས་དང་ལྷན་ཅིག་པར། །ལུང་ལས་གོམ་པ་གཅིག་གིས་ཆེན་པོའི་སར། །བགྲོད་ཚེ་ཐ་གུའི་ལྟོ་ཅན་ངལ་བར་བཀོད། །སྙིང་པོ་བདེ་བར་གཤེགས་པའི་ཁང་བཟང་དུ། །འགྲོ་ཀུན་འདྲེན་པའི་ཆོ་ག་(༡༡༡ན)


GLG019_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་ཆེད། །ཐོས་བསམ་སྒོམ་པའི་རིན་ཅེན་ཐེམ་སྐས་ལ། །འཛེག་པའི་ཁུར་ཆེན་ཡུན་དུ་བསྟེན་པ་གཅེས། །དོན་བཟང་སེམས་ཀྱི་དེ་ཉིད་ནར་སོན་ཅིང་། །ཚིག་སྦྱོར་སྒྲོ་གཤོག་རྩལ་ཀུན་ཡོངས་རྫོགས་པའི། །མི་བསྐྱུད་འཕྲིན་གྱི་གཞན་གསོས་སྐད་སྙན་ཅན། །དཔྱིད་ཀྱི་ཕོ་ཉར་ཡང་དག་རྒྱུ་ཞིག་གུ །ཉམས་དང་འགྱུར་བའི་རོ་བརྒྱའི་དཔལ་ལྡན་པ། །ཟས་སུ་བགྱིས་སྣོད་ཟླ་བ་བཞུན་མ་ལི། །མཐའ་ཀླས་གཟུགས་བརྙན་བཀྲ་བའི་ཟ་མ་ཏོག །འཚམས་སྤྲིན་གཞོན་ནུའི་མདངས་ཀྱིས་འཁྱུད་དེ་སོང་། །སྟག་རྩེ་སྤྲུལ་སྐུ་ངག་དབང་ཀུན་དགའ་ལྷུན་གྲུབ་ཀྱི་སྙན་ཚིག་གི་འཕྲིན་ལན་དམ་པའི་ཁྱད་པར་རབ་གསལ། ཨཱ ལྱ ཎྜོ ཥྚ ཤྲུ ཏ སཾ ག ལྤ མེ དྷོ ད རྱཱ གམྱཱ ཨ བ བོ དྷཱཿ སུ བ ཙྱ། །སཱ དྷཱ ཀུ ལྱཱ ཀ ར སཽ ར པྲ ཥི ཏྱཾ དཱ སྨི ནྨི ཏྲཱ ཀ མ ལཱ ས ནྱ བྷཻ ཡ། །ཐོས་(སྡེབ་སྦྱོར་ཆུ་རླབས་འཕྲེང་བ།)བསམ་དྲོད་ཀྱི་བློ་གྲོས་ལྟོ་བ་རུ། །ལུང་རྟོགས་གསེར་གྱི་སྒོ་ང་ལེགས་སྨིན་པའི། །གྲུབ་རིགས་ཁར་ཉལ་ཚོགས་ཀྱི་བྱེད་པ་པོ། །བཤེས་གཉེན་ཚངས་པའི་སྤུན་ཟླ་གཉིས་པར་སྤྲིངས། །(༡༡༡བ)


GLG019_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བྱས་རི་དབང་འཕྲུལ་གྱིས་མངོན་འཐོན་པ། །ཉེར་ལེན་ཟླ་བའི་མཆེད་ཟླ་ཡོངས་འདུའི་ཤིང་། །ཚང་ཚིང་དམན་ལས་ཁྱད་པར་འཕགས་པའི་ཆོས། །ལྷག་བསམ་རོ་བརྒྱའི་འབྲས་བུས་དུད་ལས་ཅི། །གངས་ཅན་ར་བར་མང་པོས་བཀུར་བ་ཡི། །ལྷ་གཟིགས་རིགས་ཀྱི་འཁྲི་ཤིང་མྱུ་གུའི་རྩེར། །གནས་ལུགས་དོན་གྱི་སྐད་སྙན་གཞན་གསོས་གང་། །ཉེར་བསྟེན་དབྱར་གྱི་དགའ་སྟོན་རྣ་བར་འཇེབས། །མ་རིག་རྒྱར་ཆུད་འཁྲུལ་པའི་རི་དྭགས་འགྲོ། །ཐར་པའི་སྲོག་འཕྲོག་དྲ་བ་གཅོད་པའི་མཚོན། །གཉུག་མ་སེམས་ཀྱི་རལ་གྲི་རྣོན་པོ་དེ། །རྣམ་དཔྱོད་ཕྲག་པའི་ཁྱོགས་ལ་བླངས་སམ་ཅི། །ལོག་ཤེས་སྣང་ངོར་སྒྱུ་མའི་རྟ་གླང་ཚོགས། །གསོ་དང་གསོད་པའི་ཚུལ་བཞིན་ཐ་སྙད་དུ། །ཕན་གནོད་འཕྲིན་ལས་རྟེན་འབྲེལ་སྣང་བའི་ཆ། །རྒྱུ་དང་འབྲས་བུར་ངེས་པ་རྙེད་དེ་མཚར། །བག་ཡོད་ཚུལ་བཞིན་འཆོས་པའི་དུ་ཀཱུ་ལས། །སྒྲིབ་མིན་ངན་གཡོའི་སྨྱོས་བུམ་ཆེས་དཀར་བར། །སྲིད་ལས་རྩོད་པའི་མཚན་མ་སྟེང་གསལ་བ། །རྣམ་བཀྲའི་འདྲེན་བྱེད་ཚུལ་གྱིས་བག་ལ་ཞ། །སྲིད་པའི་བདེ་ལ་ཆགས་བྲལ་དཀའ་ཐུབ་ཀྱིས། །གྲངས་མེད་སྐྱེ་རྒུའི་ལྷ་རྣམས་བློ་འབྲིད་ཀྱང་། །ཕྱོགས་ཞེན་མདའ་ལྔའི་ཤུགས་ཀྱིས་དབང་མེད་དུ། །ཚུལ་མིན་ཨུ་མར་བརྩེ་བས་ས་འདི་གང་། །ཕྱག་ན་འཇམ་མཉེན་ཆུ་སྐྱེས་འདབ་བརྒྱའི་མཚན། །སྙན་པའི་དབྱར་རྔ་ཅན་དེའི་རིང་ལུགས་ཀློག །གཡོ་མེད་འགོག་པའི་ཆུ་འཛིན་ཕག་ཞ་ན། །གྲུབ་རིགས་ཐུན་གསུམ་མུན་པར་ཉལ་ལམ་ཅི། །རོ་འཛིན་ཤར་རིའི་སྟེགས་ལས་ཉེར་འཕགས་པའི། །ལེགས་བཤད་ཉི་མའི་འོད་བརྒྱ་སྤྲོས་པའི་ཚེ། །གཏམ་མེད་པདྨ་འཛུམ་པའི་ཆུ་སྒྲོས་ནས། །ཟེའུ་འབྲུའི་ཚེམས་དཀར་སྟོན་པ་མཚར་ཆེའི་གནས། །ཕྱག་རྒྱ་གཅིག་གི་གནས་ལུགས་དེ། །ཤེས་པས་ཆོས་ཀུན་(༡༡༢ན)


GLG019_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ལོ་ཞེས། །སྒྲོག་པའི་སྐད་གསང་མཐོན་པོ་བཞིན། །རེ་བ་དོན་དང་ལྡན་ལས་ཅི། །དེའི་ཕྱིར་ལུགས་འདིའི་གདུགས་དཀར་པོ། །འཛིན་ཁྱོད་སྙིམ་པའི་ཟ་མ་ཏོག །མན་ཤེལ་ཞུན་མ་འཁྱིལ་བའི་ངོས། །སྣ་ཚོགས་རི་མོ་ཅི་ཡང་གསལ། །འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པས་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ཀྱི་རྣམ་ཐར་དང་གཤིན་རྗེ་ཁྱབ་འཇུག་སོགས་ཀྱི་པུསྟ་ཀ་དང་བཅས་ཆབ་ཤོག་གནང་བའི་ལན་གསང་གསུམ་རྒྱན་གྱི་འཁོར་ལོ། ཛྙཱ ནཾ རྦྦཱ རཱ ཎཱཾ མ ཧ ཏཿ ས མུ དྲཱ ཧོ ནི རྨྨ ཆཱ ཡཱ མྲྀ ག དྷ རྱ ནི རྟི། །ཏྲཻ གུ ཧྱ བི བྱཱ ཀྵ ཡ ར ཏྣ ཙཱུ ཌཱ ལཾ ཀ རྱ པཱུ རྞྞཻ རྦྲྀ ཥ ཙ ཀྲ ལེ ཤཱཿ ཡེ་(སྡེབ་སྦྱོར་དབང་པོ་རྡོ་རྗེ།)ཤེས་མཆོག་གི་ཆུ་གཏེར་ཆེན་པོ་ལས། །ངོ་མཚར་སྤྲུལ་པའི་བསིལ་སྦྱིན་མཁན་པོའི་གར། །གསང་གསུམ་མི་ཟད་འཁོར་ལོའི་ཆ་ཤས་ཀུན། །ལེགས་གང་རིག་འཛིན་གཙུག་རྒྱན་རིན་པོ་ཆེར། །(༡༡༢བ)


GLG019_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་དག་པའི་རང་བཞིན་འབྱམ་ཀླས་པ། །དཀྱིལ་འཁོར་རྒྱ་མཚོའི་བྱེད་པོར་ཡོངས་ཤར་བའི། །དགེ་སློང་རྡོ་རྗེ་འཛིན་པའི་སྣང་བརྙན་ལ། །གཞན་ངོར་ཉེར་འཚེས་གོས་མིན་ཕན་བདེའི་དཔྱིད། །སྣ་ཚོགས་ཐེག་པའི་ཆོས་ཀྱིས་གདུལ་བྱ་ཡི། །རང་རང་མོས་ངོར་འཇུག་པའི་གསུང་གི་གདངས། །འགྲོ་རྣམས་ཐེག་པ་མཆོག་ཏུ་བཀྲི་བའི་གླུར། །ལེན་འདིའི་དཔེ་ཟླར་དུས་གསུམ་རྒྱལ་རྣམས་བྲེལ། །སྒྲིབ་གཉིས་རྙོག་བྲལ་དྭངས་པའི་ཐུགས་ཀྱི་མཚོར། །ཤེས་བྱའི་གཟུགས་བརྙན་མ་ལུས་ཡོངས་ཤར་བས། །སངས་རྒྱས་རྣམས་ཀྱི་འབྱུང་གནས་འོག་མིན་ཞེས། །ལོགས་སུ་འཚོལ་བ་བྱིས་པའི་བློ་གྲོས་བཞིན། །འདི་ན་སྲིད་ལས་ངེས་འབྱུང་སི་ཏཱ་མ། །དོར་ནས་གཞན་ཕན་སྨིག་རྒྱུའི་རི་དྭགས་ལ། །སྙེག་འདོད་འཁྲུལ་བའི་བློ་ཡི་རཱ་མ་ཎ། །འཁོར་བའི་ཐང་ལ་ངལ་བ་ལྷུར་ལེན་ཙམ། །འོད་སྟོང་ཕ་མཐའ་ཡས་པའི་ཐུགས་རྗེའི་ཟེར། །སིནྡྷུའི་རྒྱ་མཚོར་འཕྲོས་པའི་ཡིད་བཞིན་ནོར། །འཛམ་བུའི་གླིང་ན་ཆེ་བའི་རིགས་སྔགས་འཆང་། །པདྨ་འབྱུང་གནས་གདུང་སོབ་ཁྱོད་མིན་སུ། །རྒྱལ་ཀུན་མཁྱེན་པའི་རང་བཞིན་འཇམ་པའི་དཔལ། །དུས་དགྲར་འཁོར་འདས་ཕྱག་རྒྱ་ཟིལ་གནོན་པ། །གྲུབ་པས་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་བའི། །མཐུ་སྟོབས་གྲགས་སྙན་ཕྱོགས་ཀྱི་མགྲིན་པར་འཛེར། །མཇིང་ཡོན་ལྷ་སྲས་དག་པའི་སྨོན་ལམ་གྱིས། །ཡང་སྲིད་སྐྱུར་རའི་རིགས་སུ་ཉེར་བལྟམས་པའི། །སྣ་ཚོགས་རང་གྲོལ་ཉིན་བྱེད་ཆུ་ལྷའི་ཕྱོགས། །གཞོལ་ཡང་སྤྲུལ་པའི་ཟླ་ཁྱོད་འོད་ཀྱིས་གསལ། །སྟོང་ཆེན་ཕྱག་རྒྱའི་དགུ་ཚིགས་སྐ་རགས་ཀྱིས། །ཤེས་བྱ་ནམ་མཁར་ཕ་མཐའ་འཆིང་ནུས་པ། །གཉུག་མ་ཆོས་སྐུའི་རང་ཞལ་སྟོན་པ་ལ། །འགྲོ་མགོན་ཕག་མོ་གྲུ་པའི་ཚུལ་ལ་འཁུ། །སྣང་བཞིའི་འབབ་ཆུ་ཟད་མིན་དེ་སྲིད་དུ། །འཇའ་ལུས་གསེར་ལྡན་ལྟོ་བར་ཡོངས་འབབ་པའི། །ལྷུན་གྲུབ་ཆོས་ཀྱིས་གདུལ་(༡༡༣ན)


GLG019_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྨིན་མཛད་པས། །བཻ་རོ་ཙ་ན་གཟུགས་གཞན་གཉིས་པ་བཟུང་། །ཕྱག་རྫོགས་ཟུང་འཇུག་གསེར་གྱི་མྱུ་གུ་དག །ལེགས་བཀྲམ་ཆོས་སྲིད་གཉིས་ལྡན་ཁྲི་ཆེན་པོར། །རིག་འཛིན་བྱེ་བའི་ཤིང་རྟ་ཆེན་པོ་བ། །བཤད་སྒྲུབ་བསྟན་པའི་བཅས་སུ་རྟག་བརྟན་གསོ། །བཅུ་གཉིས་ཁྱིམ་གྱི་བགྲོད་པའི་ལམ་ཡངས་པོར། །རྒྱུ་སྐར་འཕྲེང་བ་འཆད་པ་མེད་པ་བཞིན། །ལེགས་པར་བཤད་པའི་བཀའ་མཆེད་གཏམ་གྱི་འཕྲེང་། །ཛཧྣུ་ཡི་བུ་མོའི་སྤུན་ཟླར་ཞུ། །དྲི་མ་མེད་པའི་སྤྱན་རས་བྷྲ་མ་ར་། །ཉམས་དང་འགྱུར་བའི་ཚལ་དུ་འཇུག་པའི་རྟེན། །ལྷ་རྫས་རིན་ཅེན་གཉིས་པའི་པདྨ་དཀར། །རྒྱ་ཡི་ལང་ཚོས་འཁྱུད་དེ་ཕུལ་པ་དགེ །རྒྱ་གར་གྱི་རྒྱལ་པོ་ཤཱཀྱ་རཱ་ཛའི་སྲས་འབྲིང་པོ་ཤར་ཕྱོགས་བྷཾ་ག་ལའི་གྲོང་ཁྱེར་ལ་དབང་སྒྱུར་བ་རྒྱལ་པོ་ཤ་ཧ་སུ་ཛས་མ་ཧཱ་མ་ད་ཤ་བཱི་གསེར་ཡིག་སུ་མངགས་ཏེ་འཕགས་ཡུལ་གྱི་བདོག་པའི་སྐྱེས་བཟང་པོ་བྱུང་བའི་དུས་བསྲིངས་པའི་འཕྲིན་ཡིག་རིགས་སྟོབས་དཔལ་གྱི་མངོན་མཐོ། ས ཏཱ གུ ཎ སཾ བ རྞ ས ན ཏ ན སྱ མ ཧཱ ས མུ དྲ མ། ནཱ ཏ། བུ དྡྷི ས ཏཱ སྱཱ མཱུ ལ པྲ སྠིི རཾ ཥ ཌཱ རི མི ཏ བྷོ ག སྐ ནྡྷ མཱ ན། བྲ ཀྲྀ ཏི ཤུ དྡྷ ཤཱ ཁཱ པ ཏྲ བི སྟཱ ར ཏྲི ཀཱ ཡ ཕ ལ བ ཧུ ཤཿ དམ་པའི་ཡོན་ཏན་བསྔགས་པར་འོས་པའི་རྒྱ་མཚོ་ཆེན་པོ་བསྲུབས་པ་ལས། །བྱང་ཆུབ་སེམས་ཀྱི་རྩ་བ་རབ་བརྟན་ཕྱིན་དྲུག་སྤྱོད་པའི་ཡལ་ག་ཅན། །རང་བཞིན་དག་པའི་ལོ་འདབ་རབ་རྒྱས་སྐུ་གསུམ་འབྲས་བུ་གཡུར་ཟ་བའི། (༡༡༣བ)


GLG019_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བི ནཱ ཡ ཀ ཀ ལྤ དྲུ མ དྷ རྨྨ ཤྩ ས སཾ གྷེ ན ཏྭཱཾཾ ཤུ བྷ མ སྟུ། ཙ ཏུ རྨུ ཁ ནི ལ ཀ ཎ། མ ཧཱ བི ཥྞུཿ དེ ཝེ ནྡྲ གཎ པ ཏི ཤི ཤུ ཀཱ རྟི ཀཿ བྷཱ སྐ ར ཤཱི ཏ ར སྨྱ དི ལོ ཀ ཀ རྟྲཱ། སུ ལེ ཥྱ ཉྩ པྲ དྷཱ ནཻ ཪྻུ ཥྨཱཾ ར ཀྵ ནྟུ། ཡ ཇ ན བ ཧུ ལཾ ཀྲྀ ཏ སྱ པུ ཎྱེ ན། བི བུ ལ བྷཱུ མཱ ཡི ཤྭ ཪྻ བ རྟཱི རཱ ཛྙཱ ལ ཀྵཱི ཀུ ལཾ ཙ བ ལ སྱ ཤཱུ དྷ ར སྱ། མ ནུ བྱ སྱ པ ཏི ཏྭ མ ཡི ཛ ཡ ནྟུ། རྣམ་འདྲེན་དཔག་བསམ་ལྗོན་པ་ཆོས་དང་དགེ་འདུན་བཅས་པས་ཁྱོད་ལ་དག་གྱུར་ཅིང་། །གདོང་བཞི་པ་དང་མགྲིན་སྔོན་ཁྱབ་འཇུག་ཆེ། །ལྷ་དབང་ཚོགས་བདག་གཞོན་ནུ་ཀཱརྟི་ཀ །ཉི་ཟླ་ལ་སོགས་འཇིག་རྟེན་བྱེད་པོ་ཡི། །ལེགས་བྲིས་གཙོ་བོ་རྣམས་ཀྱིས་ཁྱོད་ལ་སྲུངས། །མཆོད་སྦྱིན་མང་པོར་སྤེལ་བའི་བསོད་ནམས་ཀྱིས། །ཡངས་པའི་ས་ལ་དབང་སྒྱུར་རྒྱལ་པོ་ཡི། །ཕུན་ཚོགས་རིགས་དང་སྟོབས་ཀྱི་དཔལ་འཛིན་པའི། །མི་ཡི་བདག་པོ་ཁྱོད་ཉིད་རྒྱལ་གྱུར་ཅིག །(༡༡༤ན)


GLG019_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ ཏྲཱ ཤཱི རྦཱ ད ཤཱཾ ཀ པུ རྦོ ཀྟཾ། མ དྷྱ དེ ཤ སྱ མ ཧཱ རཱ ཛཱ སཱ ལུ དྲྀ ཀྵ བ ཏཱ ཀུ ལཱ ནྣ ར ང ཏི ཤ ཧ སུ ཛཱ། སུ ཀ ལྤ ཙ ཏུ རྠ བུ དྡྷ ཤཱ ཀྱ མུ ནཱི ཏི རཱ ཛ ཤཽ དྡྷཽ ང ནི ས རྦྦཱ རྠ སི དྡྷ ཀ ཡ ཏྟ། སྱཱ ནུ སཱ ར ཏོ བ ཧུ པྲ པ ཙ ནཾ བཱ ཥ ཀ ཤྩ། དྷྱ ནེ བྷོ གསྱོ ཏྟ ར དི གྡ ཤ དྷ ཝ ལ གི རེ ཛ ན བ དེ སྠ ན སྱ ཤྲ མ ཎ ཝཱ གི ནྡྲ སུ དྷཱི སཱ གརཱ བྷ ཡ ཀ ཝ ཙ མུ ནི ཤཱ ས ན སྶ ན སྱཱ ཧ། ཅེས་ཤེས་པ་བརྗོད་པའི་ཚིགས་སུ་བཅད་པ་སྔོན་དུ་བཏང་ནས། རྒྱ་གར་གྱི་རྒྱལ་པོ་ཆེན་པོ་ཤིང་སཱ་ལ་པ་ལྟ་བུའི་རིགས་ལས་མིའི་བདག་པོ་ཤ་ཧ་སུ་ཛཱ་ལ། སྐལ་བཟང་གི་སངས་རྒྱས་བཞི་པ་ཤཱཀྱ་ཐུབ་པ་ཞེས་རྒྱལ་པོ་ཟས་གཙང་གི་སྲས་དོན་ཐམས་ཅད་གྲུབ་པ་གང་དེའི་རྗེས་སུ་ཞུགས་ཏེ་གསུང་རབ་མང་པོ་ལ་ཀློག་པ་ཁ་ཏོན་དང་། སྤོང་བ་བསམ་གཏན་དུ་སྤྱོད་པའི་ཡུལ་བྱང་ཕྱོགས་གངས་རིའི་ལྗོངས་སུ་གནས་པའི་དགེ་སྦྱོང་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་གསོལ་པ། མིའི་བདག་(༡༡༤བ)


GLG019_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ན ར པ ཏི ཏ ཝ ཀཱ ཡ སུ པ རྞ ཤ ར ད ཀཱ ལ སྲ པཱུ ཎ ཙ ནྡྲ པ དྭི སྟ རཾ། བི རྱཱ སྠཱ ན ཤྩ ཀ ལཱ ཡཱ ཤི ལེ བི བོ དྷི ར ཥི བྲྀ ཧ སཱ ཏཾ ཤྩཱ རྫུ ན ས ཧྲཱ ཏྲྀ མཱ ན། དཱ ས སྱ པྲ ཇཱ ས མ སྟ སུ པཱ ལ སྱ བི མོ ཀྵ སྱ མ དྷུ ར ཡ ཤ ཀ རྞེ ན ཤྲུ ཏ མུ ཏྶཱ ཧ ཤྩཱ ནུ མོ དི ཏོ བྷ ཝ ཏི། ས རྦྦ ཛྙོ ནཱ མ དྷ རཱ རྠེ བ ཧུ ན ཤྲུ ཏ སྱ ཛ ཌོ ྅ ཧ མ བི། ཏྲི བྷུ ཝ ན སྱ ས རྦ ས ཏྭ ཕི ཏཱ མ ཏཱ ཛྙཱ ཏྭ བྷ ཝ བྷཱ མ སྱ དུཿ ཁ མ པ ཡི བ ཏྭ མ ཧཱ ཀཱ རུ ཎི ཀི །པོ་ཁྱོད་ཀྱི་སྐུ་ཟོ་མདོག་བདེ་བ་སྟོན་མཚན་ཀྱི་ཟླ་བ་ཉ་གང་བ་ལྟར་རྒྱས་ཤིང་། རིག་པའི་གནས་དང་སྒྱུ་རྩལ་གྱི་ངང་ཚུལ་ལ་རྣམ་པར་བྱང་བ་དྲང་སྲོང་ཕུར་བུ་དང་སྲིད་སྒྲུབ་ཀྱི་མཆེད་ཟླ་ཅན། མངའ་འབངས་ཀྱི་སྐྱེ་རྒུ་མཐའ་དག་བདེ་བར་སྐྱོང་བའི་རྣམ་པར་ཐར་པའི་སྙན་གྲགས་རྣ་བའི་སྒོར་སོན་པས་སྤྲོ་བ་དང་རྗེས་སུ་ཡི་རང་བར་གྱུར། སརྦྦ་ཛྙཱའི་མིང་འཛིན་པ་དོན་དུ་མང་པོར་མ་ཐོས་པའི་བླུན་པོ་སྤྱི་རྟོལ་ཅན་བདག་ཀྱང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཕ་མར་ཤེས་ནས་སྲིད་པ་འཁོར་བའི་སྡུག་བསྔལ་ལ་དམིགས་ནས་སྙིང་རྗེ་ཆེན་པོས་ཡིད་དྲངས་ཏེ། (༡༡༥ན)


GLG019_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མ ནོ ནཱི ཏྭཱ པི ཅི ཏྟ མཱ ནྟཾ སྠཾ། གམ ན སྱ སུ ཁ ཤ མྨ རཱ ཛྙཱ མྦྷོ གཡ སྟི ས རྦྦཾ ས ནྟོ ཥ སུ ཀ རྨ པ རཱ ཀྲ མེ ཎ དཱ སཱ ལྤཱ ལཿ །ཤྲ མ ཎ བྲཱ ཧྨ ཎ རྀ ཥི བེ ད དྷ རཱཿ ས ཀ ལ ནཱ མཱ ད རཾ ཀ རྟ བྱཾ། བ ཏྲ ས ཧི ཏཾ། ལྷག་པའི་བསམ་པ་དང་ལྡན་པར་གནས། འགྲོ་བའི་བདེ་སྐྱིད་རྒྱལ་པོ་རྣམས་ཀྱི་སྤྱོད་ཚུལ་ལ་རག་ལུས་པ་ཀུན་ལ་མཉེན་གཤིན་པའི་མཛད་པ་བཟང་པོ་བརྟུལ་ཕོད་པས་མངའ་འབངས་རྣམས་སྐྱོང་ཞིང་། དགེ་སྦྱོང་བྲམ་ཟེ་དྲང་སྲོང་རིག་བྱེད་འཛིན་པ་མཐའ་དག་བླ་ནས་བླར་འདེགས་པའི་རྩ་ལག་དམ་པ་མཛད་འཚལ། ཤྭེ ཏ པཱ ཊཾ བ ར། ཤུ དྡྷ སྤ ཊི ཀ སྱ ལ། པ ཏྲཾ རི ཀ སྦི ས ཧི ཏི ཙི ཏྲ མཱ ན། ཤུ དྡྷ སྨ ཊི ཀ སྱ ཀ ལ ཤཱ ཀྵ ད ན ས ཧི ཏཾ། བ ཧ ཡ པ ཊ བ སྟྲ མཱ ཙི ཏྲཾ། ཨ བྷྱ ནྟ ར ཙི ཏྲ པ ཊ དཱི རྒྷ ཤྩ ས ཧི ཏཾ། ཞེས་རྟེན་ཁ་བཏགས། གཡང་ཏྲིའུའི་ཕུད་ཕོར་ཕུད་སྡེར་དང་བཅས་པ་བརྐོས་མ། གཡང་ཏྲེའུའི་བུམ་པ་ཁེབས་བཅས། ཕྱི་གོས་ཁྲའོ། །ནང་དར་སྨན་རྩེ་ཡུག་དང་བཅས། (༡༡༥བ)


GLG019_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པ ལ ཝ གསཾ བྦྷ ཏྶ ར ཤ ར ད མ དྷྱ མ མཱ ས ཤུ ཀླ པ ཀྵ སྱ དཱི ཏཱི ཡ བྷ དྲ བཱ ར བུ དྷ ཤྩ། ར ཀྵ ཏྲཱ ནུ རཱ དྷཱ མི ཤྲི ཏ སྱ སུ ཀཱ ལཾ། ཤྲཱི མ ཏྟ ཎྜཱུ ལ གཉྫ དྷ རྨྨ སྱ མ ཧཱ སེ ན ཏྭཾ ཤུ བྷཾ། རྣམ་འཕྱང་གི་ལོ་སྟོན་ཟླ་འབྲིང་པོའི་དཀར་ཕྱོགས་ཀྱི་བཟང་པོ་གཉིས་པ་རེས་གཟའ་ལྷག་པ་དང་། ཟླ་སྐར་ལྷ་མཚམས་འཛོམ་པའི་དུས་དགེ་བར། དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོ་ནས་དགེ ། ས་ཕོ་ཁྱི་ལོ་ཧོར་ཟླ་དགུ་པའི་ཚེས་གསུམ་གྱི་ཉིན། ཟབ་ཡངས་མི་འགྱུར་ལྷུན་གྱིས་གྲུབ་པའི་སྲུང་མ་དྲེགས་པ་སྡེ་དཔོན་ཆེན་པོ་ཙི་དམར་བས་རིམ་གྲོའི་བླང་དོར་དང་། རྒྱན་དགོས་ཆེན་སྣ་ལྔའི་སྤྱན་གཟིགས་དགོས་ཚུལ་གྱི་རྡོ་རྗེ་འཕྲིན་ལན་རྣམ་པར་རྒྱལ་བའི་དབྱངས་སྙན། རྒྱལ་བར་གྱུར་ཅིག་ངོ་མཚར་དབྱངས་ཀྱི་སྒྲ། །རྡོ་རྗེའི་གསུང་གི་གསང་བ་དབྱར་གྱི་རྔ། །སྒྲ་འཛིན་ཡུལ་དུ་ཐོས་ཚེ་གཙུག་ཕུད་ཅན། །དགའ་བའི་ཟློས་གར་བཞིན་དུ་སྒྱུར་ལ་བྲེལ། །གཏུམ་ཆེན་དྲེགས་པ་བྲོས་པ་གདོང་ལྔའི་སྐད། །འཇིགས་རུང་ང་རོས་དགྲ་སྡེ་གླང་ཆེན་གྱི། །ཀླད་པ་འགེམ་ཡང་དམ་ལྡན་རིག་འཛིན་ལ། །བླང་དོར་སྟོན་པའི་སྙན་འགྱུར་འདི་ན་འཇེབས། །རྒྱལ་གསུང་འགྲེལ་པར་བྱས་པའི་གླེགས་བམ་ཀུན། །ཀློག་ཅིང་ཁྲིམས་ལྡན་འདུས་པའི་སྡེ་ཆེན་པོ། །བཀྲ་ཤིས་གྲངས་ལ་སྲིད་ཞུར་བྱ་བ་ཀུན། །མྱུར་དུ་བསྐྱུད་མེད་སྒྲུབ་པའི་འདུན་པར་མཆིས། །དབང་(༡༡༦ན)


GLG019_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཞུའི་དཔེ་ཟླར་འོས་པའི་གོས་ཟུང་ལྔ། །རོ་མཆོག་བཏུང་བའི་དཔལ་ལྡན་ཉམས་མེད་ཀྱིས། །ཉེར་མཚོན་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ནོར་འཛིན་ལྟོ་བ་བཀང་སྟེ་འབུལ་གྱི་བཞེས། །བཤད་སྒྲུབ་བསྟན་པ་འགྲོ་བའི་བདེ་སྐྱིད་དང་། ཁྱད་པར་གངས་ཅན་ར་བ་དཀར་པོ་ཡིས། ཁོར་ཡུག་གཅིག་ཏུ་གྱུར་འདི་ལེགས་སྲུང་བར། །རྒྱལ་དབང་པདྨའི་བཀའ་བཞིན་གཡེལ་མེད་མཛོད། །མི་མཐུན་མུན་ཚོགས་སེལ་ལ་འོད་དཀར་ཅན། །བསོད་ནམས་འོད་སྟོང་འབར་བར་ཉིན་མོར་བྱེད། ཁམས་གསུམ་དབང་དུ་སྡུད་ལ་ཡིད་བཞིན་ནོར། །འཇམ་པོའི་ལས་རྣམས་བཅོས་ཀུན་མྱུར་དུ་སྒྲུབས། །དུག་མཚོན་གཡུལ་གཤོམ་ངན་སེམས་འཆང་བའི་དགྲ །དངོས་དང་བག་ལ་ཞ་བའི་མདའ་ལྔ་པ། །ལྷ་ཆེན་དྲག་པོར་ཁྲོས་པའི་མིག་གི་མེས། །རབ་སྲེགས་རྗེས་མེད་ཐལ་བ་རླུང་ལ་སྐུར། །དཔག་བསམ་ཡོངས་འདུའི་ཤིང་དང་འདོད་འཇོའི་བ། །བུམ་པ་བཟང་པོ་ཇི་བཞིན་བསམས་པའི་དོན། །རེ་བ་སྐོང་མཛད་ཆོས་སྐྱོང་ཆེན་པོ་ཡིས། །ཕུན་ཚོགས་དཀར་པོའི་བ་དན་དབྱིངས་སུ་ཕྱོར། །སྙན་ཤལ་ཟུང་དུ་འབྲེལ་བའི་ལྷ་རྫས་དང་། །གསེར་སྐྱེམས་ས་ཡི་ཟླ་བ་ཞོ་གསུམ་ལ། །ཐུན་འཚམས་གསར་པའི་ལང་ཚོས་རྒྱས་བཏབ་སྟེ། །དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ནས་ཕུལ། །འཁྲུལ་མེད་ཀྱི་གླིང་པ་བཅུ་གཅིག་གི་ནང་ཚན་གཏེར་སྟོན་སངས་རྒྱས་གླིང་པའི་ཆོས་རྒྱུད་འཛིན་པ་གནམ་གོང་བླ་མ་པདྨ་ལས་གྲུབ་ཀྱིས་ཀོང་ཡུལ་གྱི་སྔ་འགྱུར་བསྟན་པ་དར་རྒུད་བྱུང་བ་ལ་ཡིད་འབྱུང་བས་ཉམས་གསོས་ཀྱི་སྐུལ་མ་དང་བཅས་པའི་ཚིགས་བཅད་ཀྱི་འཕྲིན་ལན་བསམས་པ་ལྷུན་གྱིས་གྲུབ་པའི་བདེན་གཏམ། །(༡༡༦བ)


GLG019_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ནིརྨྨནྱ ནི རྟི བྷ ཝ བྷཱ ནཱ བྷི བྷཱུ ཡ ཙཱ ནཻ མི ཏྟ པྲ བྷ ཛྭ ལ ས ཧ སྲ ཙ ཏི ཛ སི ཀྱ། ཀཱ ཤཱ མ ལོ ད ཡ ས རཱ ཨ ནུ བྷཱ ཝ ཛ ནྡྭ བྱཱ མ ཧཱ པྲ རཱ ཀྲ མ ཙ ར ཀྵི ཏ མ དྡྷྲྀ བི རྱཱ། །འོད་(སྡེབ་སྦྱོར་དཔྱིད་ཐིག)མཚན་སྟོང་དུ་འབར་བའི་གཟི་བྱིན་གྱིས། །སྣང་སྲིད་ཟིལ་གྱིས་གནོན་པའི་སྤྲུལ་པའི་གར། །དྲི་མེད་གསལ་མཚོར་ཤར་བའི་ནུས་མཐུའི་རྩལ། །འཛམ་གླིང་ཆེ་བའི་རིག་སྔགས་འཆང་གིས་སྲུངས། །དམན་པའི་ཁྱད་པར་ལས་གཞན་ཐེག་མཆོག་གི །རིགས་ཀྱི་བག་ཆགས་སད་པ་མངར་བའི་དྲི། །ན་ཚོད་ལྕུག་ཕྲན་དུས་ཀྱང་ཡོངས་འཐུལ་བའི། །རིག་འཛིན་ཙན་དན་ལྗོན་པའི་འཕྲིན་སྐྱེས་འབྱོར། །བསོད་ནམས་དཀར་བའི་ཆ་ཤས་རབ་འཕེལ་བ། །ཕུན་ཚོགས་མངོན་མཐོའི་རྟེན་བཟང་བསིལ་སྦྱིན་མཁན། །ཉེར་འཚེ་སྒྲ་གཅན་མུན་གོས་རྒྱང་བསྲིངས་ཏེ། །བདེ་སྐྱིད་ཀུནྡའི་འདབ་སྟོང་བཞད་དེ་སྤྲོ། །རྣལ་འབྱོར་གསུམ་གྱི་དགོངས་པའི་ཆུ་བོ་ཀུན། །པདྨ་བཛྲ་འཁོར་ལོའི་སྨིན་གྲོལ་ལམ། །འཕྲིན་ལས་རྒྱ་མཚོར་འདུས་པའི་མཆོད་སྦྱིན་གྱི། །བྱེད་པོར་རྒྱལ་དབང་(༡༡༧ན)


GLG019_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པདྨས་ཁྱོད་བསྔགས་སྙམ། །ལྷ་སྲས་སྨོན་ལམ་ཡོངས་འདུའི་མྱུ་གུ་གང་། །རབ་སྨིན་སངས་རྒྱས་རྡོ་རྗེའི་འབྲས་བུའི་ཁུར། །མངོན་པར་ལྕི་བའི་ཟབ་གཏེར་རོ་བརྒྱའི་བཅུད། །མྱོང་ཁྱོད་ས་འདིར་འཕོས་པའི་ལེགས་བྲིས་བཞིན། །ཚུལ་མིན་ཞིང་བཅུའི་མེ་ཏོག་མདའ་ཅན་སྡེ། །མངོན་སྤྱོད་དྲག་སྦྱོར་ལྷ་ཆེན་མིག་གི་མེས། །མི་རྟག་ལམ་དུ་འགོད་ནུས་སྔ་འགྱུར་གྱི། །བསྟན་ལ་གངྒཱའི་རྡུལ་གྲངས་བག་ལ་ཞ །ཀུན་རྫོབ་སྒྱུ་མའི་སྤྲིན་ཕུང་ཆེར་འཁྲིགས་པར། །ལས་བཞིའི་འཕྲིན་ལས་ཆར་འབབ་གློག་འཁྱུག་ཀྱང་། །ཀ་དག་རང་གསལ་རིག་པའི་མཁའ་དབྱིངས་སུ། །ཀུན་རྫོབ་ཆོས་ཀྱི་སྣང་བ་དམིགས་སུ་མེད། ཁོར་ཡུག་ར་བ་གཅིག་གིས་དཀར་བའི་འགྲོར། །བསམ་པ་ལྷུན་གྱིས་གྲུབ་པར་ཨོ་རྒྱན་རྗེའི། །ཞལ་འཆེས་རྡོ་རྗེའི་གསུང་གིས་མི་སླུ་ན། །ཀོང་ཡུལ་གསང་རྙིང་རིང་ལུགས་ཅེས་མི་འཕེལ། །གསལ་སྟོང་དག་པའི་རང་རིག་སྟོང་པའི་དབྱིངས། །ལྷུན་གྲུབ་སྣང་བའི་འཆར་སྒོ་འཇའ་ཚོན་ལྟར། །འགག་མེད་ཤར་ཚེ་ཀུན་ཏུ་བཟང་པོ་ཞེས། །གྲགས་ཅན་སངས་རྒྱས་ལམ་དེ་མི་རིང་ཉེ། །འདི་ན་ཞྭ་སེར་ཅོད་པན་འཆང་བ་ཡི། །རིང་ལུགས་འཛིན་པའི་རིས་སུ་ཉེར་སོན་ཀྱང་། །ཤཱཀྱའི་རྗེས་ཞུགས་རིས་མེད་གྲུབ་མཐའི་ཆོས། །སྦྱངས་པས་དང་བའི་དད་པ་གཅིག་ཏུ་དཀར། ཁྱད་པར་འཇམ་མགོན་མི་ཡི་སྲིད་པའི་གར། ཁྲི་སྲོང་བོད་འབངས་འགྲོ་ལ་དགོངས་པའི་དོན། །ཕན་བདེའི་རྩ་བར་ངེས་ནས་ཟབ་མོའི་གཏེར། །དར་བའི་ལྷག་བསམ་དབྱར་གྱི་མཚོ་ལ་འགྲན། །དཔྱིད་ཀྱི་དཔལ་ལ་ཆགས་པའི་མགྲིན་པ་ནས། །ཚིག་དོན་སྙན་སྒྲོག་ཁུ་བྱུག་གཞོན་ནུ་ཡི། །གཤོག་རླབས་ཤིང་གི་མ་མའི་མཁའ་ཡངས་པོར། །རྒྱུ་བའི་འཕུར་ལྡིང་རྩེད་འཇོར་རྟག་ཏུ་རོལ། །ཉམས་འགྱུར་གླུར་ལེན་ཆུ་ཤིང་བརླ་ཅན་(༡༡༧བ)


GLG019_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

མ། །ཐགས་བཟང་དུ་ཀཱུ་ལ་ཡི་གོས་གྱོན་ནས། །ཀོང་ཡུལ་ནགས་ཀླུང་འཁྲིགས་པའི་ཡུལ་ལྗོངས་སུ། །རིག་སྔགས་འཆང་ཁྱོད་མིག་གི་བདུད་རྩིར་སོང་། །ཝ་ཞའི་རིགས་ལས་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་གནས་གསར་ཆོས་རྗེ་མགོན་པོ་བསོད་ནམས་མཆོག་ལྡན་ལ་འཕྲིན་དུ་གསོལ་པ་སྨིན་གྲོལ་མཐོ་རིས་ཆུ་བོ། ཨ དྦྷུ ཏྱ པཱ ཎཱ མྲྀ ཏ ཤཱ ཤྭ པྲ ཎཱ བ ཛྲ པྲ ཆ ཏྟཱ ན པ ཧི ཏྱ ཀ ལྤ ཙ། ཛཱི ཝ ནྱ བྷཱ ཝཱ ཪྠཱ བ ཏོ མ ར ཎྱ ར སྨཱི ཎཱཾ ནི མེ ཏྟ ཛཱ ལ ཡ ཙྪ མཾ གལ །རྨད་(སྡེབ་སྦྱོར་དབང་པོའི་རྒྱུད།)བྱུང་བདུད་རྩིའི་བཏུང་བས་རབ་མྱོས་པས། །བསྐལ་བར་མི་ཤིགས་གཡུང་དྲུང་རྡོ་རྗེའི་སྲོག །འཚོ་བའི་དངོས་པོ་དོན་དང་ལྡན་པ་ཡི། །འཆི་མེད་འོད་མཚན་འབར་བས་ཤིས་པ་སྩོལ། །ཡེ་ཤེས་སྣ་ལྔའི་འོད་མདངས་འཇའ་རིས་ཅན། །གདན་གསུམ་ཚངས་པའི་རིགས་ཀུན་བདག་པོའི་དཔྱིད། །འཚམས་སྤྲིན་གོས་ཀྱི་ཟློས་གར་སྒྱུར་བའི་གཟུགས། །ལྟར་སྣང་ཉེས་དྲིས་གོས་མིན་སྤྲོ་དགའ་བརྟས། །མ་དག་ཀུན་འཁྲུད་སྨིན་བྱེད་གངྒཱའི་ཆབ། །ཚད་མ་བཞི་ལྡན་(༡༡༨ན)


GLG019_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་རལ་ཀླུང་ནས། །ཚད་མེད་འབེབས་འདིས་སྐལ་ལྡན་ཤིང་རྟ་དེ། །རྡོ་རྗེའི་སློབ་དཔོན་ཟོལ་གྱིས་རྒྱུ་བ་བཞིན། །སྣོད་བཅུད་དག་པའི་སྣང་བ་རྟེན་བརྟེན་པའི། །འཁོར་ལོ་རབ་བཀྲའི་ངོ་མཚར་བཀོད་པ་ཡིས། །ཐ་མལ་ཞེན་པ་བཟློག་ཚེ་འཁོར་བའི་གནས། །འོག་མིན་ཞིང་གི་ངོ་བོར་འབྱམས་སུ་ཀླས། །ལྗོན་ཤིང་ཕལ་པའི་མངལ་གྱིས་བསྐྲུན་མིན་པ། །ཨ་ཤཱད་བྲང་སྟེང་བསྲུབས་ལས་སྐྱེས་པའི་དྲོད། །མི་བཟད་གཏུམ་མོ་འབར་བའི་རྒོད་མ་ཁས། །ལཱ་བའི་གོས་ཀྱི་ཞེན་པ་ཐུང་ངུར་བྱས། །ཨ་ཧཾ་འབར་འཇག་དགའ་བཞི་བདེ་བའི་ཉམས། །འཁོར་འདས་དབྱེར་མེད་སྟོང་པའི་ངོ་བོ་རུ། །བརྗོད་བྲལ་རོ་གཅིག་གྱུར་པས་ཟུང་འཇུག་སྐུ། །བཅུ་གསུམ་རྡོ་རྗེའི་ས་ལ་གོམ་པ་འགོད། །དེའི་ཚུལ་རྣལ་འབྱོར་དབང་ཕྱུག་བཞེད་སྲོལ་གྱི། །ལམ་དང་འབྲས་བུར་བཅས་པའི་གསང་ཆེན་ཆོས། །སྣོད་ལྡན་སློབ་མར་བཤད་བྱ་བདུད་རྩིའི་བཅུད། །ཐོབ་པའི་འཆི་མེད་བདག་པོ་ཁྱོད་མིན་སུ། །ཐུབ་བསྟན་ཡོངས་འདུ་རྫོགས་པའི་དམ་ཆོས་ཀྱི། །གོམ་པ་གཅིག་གིས་རྫོགས་སངས་རྒྱས་ཀྱི་ས། །བགྲོད་ན་མཁས་རློམ་སྟོབས་ལྡན་གཞུ་ལས་སྐྱེས། །ཕྱོགས་རེའི་ཡོན་ཏན་ཀུན་བཟང་འོག་ཏུ་སོང་། །འཇམ་དཔལ་རྡོ་རྗེའི་ཞལ་ལུང་རྣོན་པོ་ཡི། །མཚོན་ཆས་རྨོངས་ཆེན་འཁོར་བའི་དྲ་བ་ཀུན། །བཅད་ཚེ་དཀར་ནག་བལྟ་བའི་མེ་ལོང་གི །ཁུར་འཛིན་གཤིན་རྗེའི་ཕོ་ཉས་ངལ་བ་བཏང་། །ཚོགས་བཤད་གསེར་ཆུས་བྱུགས་པའི་ར་གན་ཟོང་། །ཅལ་སྒྲོག་རྨོངས་པའི་བཞི་མདོར་ཆེས་བྲིན་ཀྱང་། །བློ་ཆེན་ཁྱིམ་བདག་རྒན་པོས་ས་ལེ་སྦྲམ། །དངོས་རྫུའི་ཁྱད་པར་འབྱེད་ལ་སུ་ཞིག་གཤུད། །འདི་ན་འཕགས་ཡུལ་ཤིང་རྟ་ཆེ་གཉིས་ཀྱི། །ལེགས་བཤད་ནོར་མཆོག་སྐྱེས་བུ་གསུམ་གྱི་གཞུང་། །འཆད་རྩོད་རྩོམ་པའི་འདོད་རྒུ་ཆར་སྙིལ་(༡༡༨བ)


GLG019_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བས། །འཇམ་དཔལ་སྙིང་པོའི་བསྟན་ལ་བྱི་དོར་བྱས། །ལུགས་སྲོལ་དེ་དང་ཟུང་འབྲེལ་ཟབ་མོའི་ཆོས། །ངེས་གསང་ཐེག་པའི་ཡང་རྩེ་འདུས་པའི་ལམ། །དབེན་གསུམ་སྒྱུ་ལུས་འོད་གསལ་ཟུང་འཇུག་པར། །མོས་བློའི་བག་ཆགས་ཀྱིས་འཚོ་དོན་ལྡན་ཙམ། །དམ་པའི་ངང་ཚུལ་ལྡན་པ་ཙནྡན་ཤིང་། གདུལ་བྱའི་རླུང་གིས་ཇི་ཙམ་བསྐུལ་བ་ཡིས། །རྣམ་དཀར་དགེ་བའི་དྲི་བཟང་ཆེར་ལྡང་བ། །ཀུན་ཁྱབ་ཁྱོད་ཀྱི་ཡོན་ཏན་དེ་རྨད་བྱུང་། །འབྲས་ལྡན་དུས་སུ་དྲང་སྲོང་ཨ་གསྟྱས། །འོད་ཀྱིས་ཇི་ཙམ་སྣང་བྱས་ཉལ་འགྲོའི་ཚོགས། །དུག་བྲལ་བདུད་རྩིར་གྱུར་པ་ཆོས་ཉིད་དེ། །རྒྱུ་སྐར་གཞན་ལ་སྟེས་དབང་གིས་འབྱུང་མིན། །མ་རིག་ལས་འཁོན་འཇམ་དཔལ་རྡོ་རྗེ་དངོས། །ཡང་དག་དོན་གྱི་དཔལ་ལྡན་ས་སྐྱ་པ། །ཚར་ཆེན་ཡབ་སྲས་བརྒྱུད་པར་བཅས་པ་ཡི། །རིང་ལུགས་བ་དན་སྲིད་རྩེའི་བར་དུ་ཁྱོད། །དྲི་བཞོན་ལྟ་ལྗང་བདུན་གྱིས་ཉིན་མོར་བྱེད། །བསིལ་རིའི་སྦུབས་ནས་གྲངས་མེད་འདྲེན་པ་བཞིན། །མ་སྨད་ལེགས་པར་བཤད་པའི་མཆིད་འཕྲེང་ཚོགས། །ཚད་མེད་སྒྲ་འཛིན་བཅུད་དུ་སྩོལ་ཅིག་གུ །འཇིགས་པ་མེད་པའི་ཟབ་དང་རྒྱ་ཆེ་བ། །དམ་པའི་ཆོས་ཀྱི་ང་རོའི་དབྱངས་སྙན་ཅན། །གདོང་ལྔའི་དབང་པོས་བཏེག་པའི་རྡོ་རྗེའི་བཞིར། །བསྐལ་པ་རྒྱ་མཚོར་མི་གཡོ་རྟག་བརྟན་གསོལ། །བཀྲ་ཤིས་དགེ་མཚན་འཁྱིལ་བའི་གསར་ཚེས་ཀྱི། །རྩེ་དགའ་ཁོང་ནས་རྒོད་པའི་གནམ་ལོའི་བཞིན། །དགའ་བའི་འཛུམ་གྱིས་བསུ་ལ་མངོན་ཕྱོགས་ཚེ། །རབ་དཀར་བསོད་ནམས་དར་དང་བཅས་ཏེ་དགེ །རིག་པའི་གནས་ལ་མོས་པའི་བློ་ཅན་དྭགས་པོ་ལྕང་ར་བ་མགོན་པོ་ཚེ་དབང་རབ་བརྟན་སྒྲ་རིག་པ་སློབ་པར་ངམ་རིང་མཁན་པོ་མང་ཡུལ་ལོ་ཆེན་གྱི་གམ་དུ་འདེགས་པར་ཕྱོགས་པའི་ཚེ་རྣལ་འབྱོར་གྱི་ཡི་གེ་དགོས་ཚུལ་བྱུང་བ་ལྟར་བསྲིངས་པ་མཐོ་རིས་སརྦྦ་ཛྙཱ། (༡༡༩ན)


GLG019_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ས རྦྦེ ཥཱཾ ག ག ན ཙ བྷཱུ ཏ བུ ནྱ ཧ སྟ རྣཱ སེ ནོ ཉྩ ལ ན བ ཏེ ཤྴི རེ ཥུ ཀུ མྦྷཾ། །དི ཀྤཱུ རྦྦ ཏྟ མ ས བྷི ཥི ཉྩ ཨཱ གམེ བྷཾ ྈྐ རྨྨཱ བྷཱ ཏྐ། མ ཧ ཏོ བི ཤེ ཥ བ ཙྪ། གནམ་(སྡེབ་སྦྱོར་རབ་དཀར་ཅན།)ས་ཀུན་གྱི་བདག་པོར་སྤྱི་བོ་རུ། །ལེགས་བྱས་གླང་པོའི་སྣས་བཏེག་བུམ་པ་ཡིས། །དབང་བསྐུར་ཤར་ཕྱོགས་གོང་མའི་ལུང་ལས་ཀྱིས། །ཆེན་པོའི་ཁྱད་པར་ཅན་དུ་གྱུར་པའི་གཏམ། །གཞུང་ལུགས་ཉི་མའི་དངོས་པོ་བྱེ་བའི་གཟུགས། །རང་བཞིན་རྐྱེན་དང་རྣམ་འགྱུར་ཆོ་ག་ཡིས། །བརྡར་བས་དག་དང་མ་དག་བཅུ་གཉིས་ཆར། །འབྱེད་པའི་འཇིག་རྟེན་མི་གཅིག་དེར་སྤྲིངས་པ། །སྲིད་པའི་ནགས་ཀླུང་སྟུག་པོར་དགེ་ཚོགས་ཀྱི། །ས་བོན་སྨིན་འབྲས་ཟག་ཕུང་ཙནྡན་ལྗོན། །ཉེས་བརྒྱའི་ལྟོ་འགྲོས་འཁྲིལ་མིན་ཚུལ་ཁྲིམས་དྲིས། །ཤཱཀྱའི་རིང་ལུགས་པ་ལ་ཡར་མཛེས་སམ། །འདི་ན་ཉི་ཟླའི་འོད་ལ་ལྟོས་མིན་པའི། །དབྱངས་ཅན་མགྲིན་ཆགས་ལུས་ཕྲའི་འགྲམ་ཆང་གིས། །གཙུག་ལག་རྒྱ་མཚོའི་མེ་ཏོག་བ་ཀུ་ལ། །ཕྱེ་བས་ཐུབ་བསྟན་རྣ་(༡༡༩བ)


GLG019_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གོང་རྒྱན་དུ་མཛེས། །ཚེ་རབས་དོན་ལྡན་སྒྲུབ་ལ་སྙིང་སྟོབས་ཀྱིས། །གཡོ་མེད་དམ་བཅའ་བརྟན་པོའི་རྒྱལ་མཚན་རྩེར། །ཐོས་དང་བསམ་པའི་ཡིད་བཞིན་ནོར་བཀོད་པས། །དཔྱོད་ལྡན་གྲགས་སྙན་འདོད་རྒུ་ཕྱོགས་བརྒྱད་འབེབས། །ཚུལ་དེས་གངས་ཅན་ར་བར་མཁས་བྱེད་ཀྱི། །དོ་ཟླར་མིག་རྒྱང་རིང་པོས་ཉེར་བཙལ་ཀྱང་། །མ་རྙེད་གྲིབ་མ་ཙམ་ལས་ཆེད་པོ་རུ། །འཛིན་པའི་ཟླ་མེད་ནམ་མཁའི་ཟླ་བ་བཞིན། །མཐོ་རིས་བརྡ་སྤྲོད་ཆུ་བོ་གངྒཱའི་རྒྱུན། །ཅིག་ཅར་བཏུངས་པའི་དྲང་སྲོང་ཆེ་ཁྱོད་དང་། །སྔོན་གྱི་སློབ་དཔོན་ཆེན་པོ་སརྦྦ་ཛྙཱའི། །ཁྱད་པར་གནས་ཀྱི་དབྱེ་བས་བྱས་པ་ཙམ། །མཁས་རློམ་སྲེག་ཟས་བཟོད་མིན་མདོ་རྒྱུད་ཀྱི། །ས་བོན་བློ་གྲོས་གངྒཱའི་མངལ་སྦྲུམ་ཚེ། །ལེགས་བཤད་གཞོན་ནུ་རྣམ་དཔྱོད་གར་མཁན་ལ། །ཞོན་ནས་ལོག་རྟོག་གླང་པོའི་མཆེ་བ་ཕྱུང་། །དྷཱི་ཡིག་ཞུན་མ་མི་ཡི་གཟུགས་ཅན་དུ། །ཐུབ་བསྟན་ཟ་མ་ཏོག་འཁྱིལ་བཙོང་ཁ་པའི། །རིང་ལུགས་ནོར་འཛིན་འདོད་པའི་འདམ་བྱིང་པ། །འདེགས་པའི་ཁྱབ་འཇུག་ཁྱོད་ལས་དམིགས་སུ་མེད། །བྱང་ཕྱོགས་ཙྭ་མིའི་ཆོས་རྒྱལ་རིགས་ལྡན་ལྷའི། །གནའ་བོའི་མཛད་བཟང་ཉི་མ་ཐུན་འཚམས་ལས། །འགོངས་ཚ་ལུགས་གཉིས་ལོག་སྤྱོད་མེ་ཁྱེར་འོད། །ཆོས་སྲིད་སྣང་བའི་བྱེད་པོར་ཁེངས་རྣམས་མཚར། ཁྱིམ་གཟུགས་སྒོ་ངའི་སྦུབས་ནས་ལྔ་རིག་པའི། །སྐད་སྙན་འབྱིན་པ་སྔོན་ཚེ་མང་བྱུང་ན། །དེང་དུས་བསྟན་འཛིན་ཁུར་ལྡན་ངུར་པའི་ཁྱུ། །འདོད་སྲེད་ངག་བཀྱལ་སྒྲ་ཡིས་སྣ་བ་གཙེར། །ཤེས་བྱར་སྲིད་པའི་གཙུག་ལག་ཆུ་བོ་ཀུན། །བློ་གྲོས་ཟླ་བའི་མ་མར་ཡོངས་ཞུགས་ཀྱང་། །རྣམ་དཔྱོད་རྒྱ་མཚོའི་འཇིང་ལ་འཕེལ་ནུབ་དག །སྤངས་པའི་སྨོན་གྲོ་པཎ་ཆེན་ཆུ་གཏེར་བཞིན། །བཅུ་ཕྲག་རིག་གནས་མིག་སྟོང་ལྡན་པའི་ལྷ། །(༡༢༠ན)


GLG019_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་གཡེང་བའི་ས་སྲུང་སྟེང་འགྱིང་ཚེ། །ལེགས་སྦྱར་འཆད་པོར་བསྒོས་པའི་སྒྲ་རིག་མཁན། །དེ་འདྲ་ལྷ་ཡི་ཕུར་བུ་མ་ཡིན་དྲང་། །རྣམ་དཔྱོད་ཡངས་པའི་གོམ་སྟབས་མི་ལྡན་ཡང་། །ཞེ་སྡང་ཟུག་རྔུའི་ཤུགས་ཀྱིས་ལོག་པའི་ཁུང་། །ཐོགས་མེད་བགྲོད་པའི་རྩལ་ལྡན་ལྕེ་གཉིས་པ། །མི་དགེའི་ར་བར་གར་སྒྱུར་ཆོས་ཉིད་ཡིན། །དེང་དུས་དབྱར་དགུན་འདུས་པའི་ཆོས་ཀྱི་གྲྭ །བསོད་ནམས་མྱུ་གུ་བསྐྲུན་པའི་ཞིང་ས་ཆེ། ཁྲིམས་ལྡན་ངུར་སྨྲིག་གོས་འཛིན་ཁོ་ན་ལས། །ཆུ་སྲིན་རྒྱལ་མཚན་གྱིས་བརླམས་ག་ལ་སྲིད། །འོན་ཏེ་ཨ་མྲའི་ཚལ་དུ་ཨེ་རཎྜ། །ཕང་ཕུང་ལོ་འདབ་མཛེས་པར་ཉེར་འཁྲུལ་ནས། །འབྲས་བཟང་རོ་ལ་སྤྱོད་འདོད་ཡུན་རིང་པོར། །བསྒུགས་པས་བསྐལ་པའི་མཐའ་ཡང་ཐུང་ངུར་བྱེད། །ཕྲ་མོའི་ཁྱིམ་གྱི་བུག་པ་ལས་འཐོན་ནས། །འདོད་ཡོན་མཇུག་མ་ཉེར་ཐོགས་རྨི་ལམ་ལྟས། །བདེན་གཏམ་རླུང་ལ་མི་བསྐུར་རབ་བྱུང་ཕལ། །ལེགས་བཤད་སྒྲ་ལ་མཛུབ་མོས་རྣ་བ་འགེབས། །ཐོས་བསམ་སྟོབས་འབྱོར་མེ་ཆུའི་མན་ཤེལ་ཁམས། །ཆོས་སྲིད་ཉི་ཟླའི་རེག་བྱའི་ཚ་གྲང་གི །ཁྱད་པར་གོ་ས་འཕོ་བའི་སྒམ་བུ་ཕྱཱ། །འདི་འདྲ་ལྔ་བརྒྱའི་རང་མཚང་ཉིད་དུ་ཟད། །དེ་ཕྱིར་ཤར་ཕྱོགས་དྭགས་ཡུལ་ནགས་ལྗོངས་ནས། །གཙུག་ལག་དོན་གཉེར་ལྕང་ར་ཟླ་ཚེས་ཅན། ཁྱོད་སྙན་རླུང་གིས་དྲངས་ཏེ་བརྡ་སྤྲོད་ཀྱི། །ཡོན་ཏན་ཆ་ཤེས་གང་བའི་ཆེད་དུ་སོང་། །རིགས་མཐོ་ཆས་མཛེས་སྒྲིགས་ཀྱིས་རབ་སྤ་ཞིང་། །ལེགས་བཤད་འཚོལ་བ་གསེར་ལྟར་དཀོན་དུས་འདིར། །ལོ་ཆེན་ཆོས་སྐྱོང་བཟང་པོའི་ལུགས་སྲོལ་ལ། །ཉེར་བསམ་མཁས་པའི་གསུང་རྒྱུན་སྩོལ་ཅིག་གུ། །དེང་དུས་ཕྱོགས་རེར་སྦྱངས་ལ་ཀུན་མཁྱེན་ཞེས། །སྙན་གྲགས་རྫ་རྔ་ལྡིར་བ་མང་ན་ཡང་། །འཁོར་ལོ་མ་ཚང་ཤིང་རྟས་དངོས་པོ་གཞན། །འདྲེན་པའི་དོན་བྱེད་ནུས་པ་ག་ལ་སྲིད། །ཚད་(༡༢༠བ)
འཇོམས་ག་བུར་དྲི་ཡིས་རླུང་སྐྱེད་པས། །སྐྱེས་ཚད་སྨན་དུ་སྒྱུར་བའི་རོ་ནུས་ཀྱིས། །གདུང་བའི་ནད་བརྒྱ་འཇོམས་པའི་སྒྱུ་ཐབས་མཁན། །སྔོན་གྱི་དྲང་སྲོང་ཆེ་དེ་ཐམས་ཅད་མཁྱེན། །བླ་ཆེན་གྲགས་སྐམ་མུན་པའི་ཁུང་བུ་ལ། །སྐྱབས་སུ་སོང་མིན་རིས་མེད་མཁས་བསྟེན་པས། །ཤོང་དཔང་བསྟན་པའི་ཉི་མ་འོད་པོ་ཆེ། །རྒྱལ་བསྟན་གླིང་བཞིའི་སྣང་བྱེད་འདི་ན་འཆར། །མགྲིན་པའི་འཁོར་ལོ་གྲོལ་བའི་བང་མཛོད་ནས། །སྙན་ཚིག་དངོས་པོ་ཟད་པའི་ཕ་མཐའ་ཅི། །འདི་ཙམ་ཉམས་དང་འགྱུར་བའི་བདོག་པའི་སྐྱེས། །དེ་ལས་མངས་ན་ཡི་གེའི་ལས་སུ་ཆ། །ཚིག་དོན་ནོར་ལྡན་བྱ་མ་རྟ། །བགྲངས་པས་ཀུན་བཟོད་ངལ་བའི་རྡུལ། །འཕྲེང་བ་མུ་ཏིག་དཀར་པོ་ཡི། །ནམ་མཁའ་མཛེས་པའི་རྐེད་པར་འཆིང་། །སྭ་སྟིའི་སྒྲ་ལས་བདེ་ལེགས་ཀྱི། །ཤིས་པ་བརྗོད་པའི་གཉིས་སྐྱེས་དབང་། །དཀར་འཇམ་མཛེས་པའི་གོས་གྱོན་ནས། །གཡས་རུ་བྱང་གི་ཕྱོགས་དེར་སོང་། །


previousརབ་བྱུང་བཅུ་གཅིག་པའི་ས་ཁྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext