Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ས་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ས་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ས་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ས་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །རྒྱལ་དབང་པདྨའི་དགེ་བསྙེན་ཚངས་པ་དུང་ཐོད་ཅན་གྱིས་ས་ཕག་ལོ་གསར་གྱི་ལྷ་ཚེས་ཐོག་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་འོང་ཚུལ་བྱུང་བ་ལྟར་སྤྱན་གཟིགས་ཚོགས་ཀྱི་འཁོར་ལོ་དང་བཅས་འཕྲིན་དུ་གསོལ་པ་ལྷ་རྒྱལ་སྙན་པའི་གད་རྒྱངས། རྒྱལ་བར་གྱུར་ཅིག་སྭ་སྟིའི་དབྱངས་ཀྱི་སྤྲས། །བདེ་ལེགས་ཕུན་སུམ་ཚོགས་པའི་དར་དཀར་པོ། །སྲིད་པའི་རྩེ་མོར་འཕྱར་བའི་ཚངས་པ་ཆེ། །ལྷ་ཆེན་སྒྲ་འཛིན་བུ་གར་གསོལ་བའི་དོན། །ལྐོག་གྱུར་ཆོས་ཀྱི་སྣང་ཚུལ་མ་ལུས་པ། །མ་འདྲེས་མངོན་སུམ་གསལ་པའི་སྤྱན་གྱི་དཀྱུས། །རིང་པོར་གཟིགས་ལ་བླང་དང་དོར་བྱའི་གནས། །སྟོན་པའི་རྡོ་རྗེའི་གསུང་སྙན་གླུ་རུ་ལོང་། །སྣང་སྲིད་དྲེགས་པ་ཡོངས་ཀྱི་སྤྱི་བོ་རུ། །བཀའ་རྟགས་ཕྱག་རྒྱ་གཉན་པོས་ཟིིལ་གནོན་པའི། །སངས་རྒྱས་ཀུན་དངོས་པདྨ་ཐོད་འཕྲེང་གི །སྤྱན་སྔར་གཡར་ངམ་ཁས་བླངས་མ་གཡེལ་བར། །བསྟན་དང་འགྲོ་ལ་འཚེ་བ་ནག་པོའི་དཔུང་། །(༡༢༡ན)


GLG019_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་མདའ་ཅན་སྡེ་ཡིས་ཉེར་བརླམས་པ། །གཟུགས་ཅན་གཟུགས་མེད་རིགས་གྱུར་གར་གནས་ཀྱང་། །མངོན་སྤྱོད་དྲག་པོའི་ལས་ཀྱིས་ཚར་ཆོད་མཛོད། །བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་དཀར་གྱི། །ཅོད་པན་ཐོད་དུ་བཅིངས་པའི་དགེ་བསྙེན་ཆེ། །དཔག་བསམ་ཡོངས་འདུའི་དབང་པོའི་མཆེད་ཟླ་ཡིས། །གངས་ཅན་ལྗོངས་འདིར་བདེ་སྐྱིད་ཆར་དུ་ཕོབ། །ཀུན་ལ་བརྩེ་བའི་རབ་དཀར་ལྷག་པའི་སེམས། །བྱེད་པོས་ཐགས་སུ་བྱས་འདྲའི་སྙན་ཤལ་དང་། །མི་ཟད་འདོད་པ་འཇོ་བའི་མཆོད་པའི་སྤྲིན། །འཆི་མེད་ལམ་ཀུན་ཁྱབ་པར་རབ་བཀང་སྟེ། །ལྔ་ལྡན་འབྱུང་བའི་ཁམས་ལས་ལེགས་གྲུབ་པ། །བགྲང་བྱའི་དཔྱིད་ཀྱི་དཔལ་མོའི་ཞལ་གྱི་སྒོ། །དང་པོར་འཛུམ་པས་རྫོགས་ལྡན་གསར་པའི་མགྲོན། །བསུ་བའི་དགའ་སྟོན་དུས་སུ་ཛ་ཡནྟུ། །སྒྱུར་བྱེད་ཀྱི་ལོ་དབྱར་གྱི་དུས་སྟོན་ལ་བབ་པའི་ཚེ་གྲྭ་ཚོང་འདུས་ནས་བཤན་པ་ཆེན་པོ་བྱ་ཁྲི་མིག་གཅིག་པས་རྒྱལ་ཁམས་འདེ་ཐབས་སྒྲུབ་པའི་སྐུལ་མ་དང་། བ་དན་རོལ་མོ་སོགས་དགོས་ཚུལ་གྲྭ་ཕྱི་གཞིས་གཉེར་སྨོན་སྐྱིད་པར་བསྐུར་བྱུང་བའི་འཕྲིན་ལན་ས་ལ་རྣམ་པར་རྒྱལ་བའི་སྒྲ་དབྱངས། ས་ལ་རྣམ་པར་རྒྱལ་བའི་རྔ་བོ་ཆེའི། །སྒྲ་དབྱངས་སྲིད་པའི་རྩེ་མོར་རབ་བསྒྲགས་པ། །དྲེགས་པའི་དབང་ཕྱུག་བྱ་ཁྲི་མིག་གཅིག་པ། །དཔའ་བོའི་གད་བརྒྱངས་སྒྲོག་པའི་འཕྲིན་ཡིག་སོན། །ཞེ་སྡང་དམོད་པའི་འབྲས་བུ་ཁམས་གསུམ་གྱི། །སྐྱེ་རྒུའི་བླ་ཚེ་སྲོག་ལ་དབང་སྒྱུར་པའི། །ཤར་ཕྱོགས་སྐུ་ཡི་རྒྱལ་པོའི་བློན་པོ་ཆེ། །མི་བཟད་གཏུམ་ཆེན་ཁྲོ་བོའི་རྣ་བ་གློགས། །འཛམ་གླིང་ཆེ་བའི་བརྟུལ་ཞུགས་གྲུབ་པའི་དབང་། །སྣང་སྲིད་ཟིལ་གྱིས་གནོན་པ་པདྨ་འབྱུང་། །ཨོ་རྒྱན་སངས་རྒྱས་གཉིས་པའི་(༡༢༡བ)


GLG019_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྟགས་ཀྱི། །རྡོ་རྗེའི་རི་མོ་སྤྱི་བོར་མཛེས་ཁྱོད་ཀྱིས། །གངས་རིའི་རྭ་བས་བསྐོར་བའི་བོད་ཡུལ་འདིར། །ཕན་བདེའི་འབྱུང་གནས་བསྟན་པ་རྒྱས་པ་དང་། །ནད་འཁྲུག་མུ་གེས་འགྲོ་ལ་མི་འཚེ་བར། །ལེགས་བྱས་ལང་ཚོ་དར་བའི་འབྲས་སྨིན་མཛོད། །བདེ་ལེགས་སི་ཏཱ་འཕྲོག་པའི་ཆོམ་རྐུན་མ། །མི་བསྲུན་བསམ་སྦྱོར་ངན་པའི་སྒྱུ་ཐབས་མཁན། །དགྲ་དཔུང་འབོད་གྲོགས་མགྲིན་པ་མཐུ་སྟོབས་མདས། །གཅོད་པའི་ར་གྷུའི་བུ་ཡི་བརྟུལ་ཞུགས་ཟུངས། །འོད་འབངས་བདེ་བྱེད་བདུད་རྩིའི་ཟ་མ་ཏོག །རྐུ་བའི་མ་རུང་ལྷ་མའི་ཁྱབ་འཇུག་ལ། །དྲག་རྩལ་འཁོར་ལོ་འབར་བས་རབ་བསྣུན་པའི། །ལྷ་ཆེན་ཚངས་པའི་དཔེ་ཟླ་ཁྱོད་ཀྱིས་སྒྲུབས། ཁྱད་པར་ཟ་ཧོར་རིག་སྔགས་འཆང་བ་ཡི། །ཆོས་སྲིད་སྒྲུབ་ལ་འཁུ་བའི་ནག་པོའི་སྡེ། །ཕྱི་ནང་སྟེང་འོག་ཕྱོགས་མཚམས་གར་འདུག་ཀྱང་། །དམར་ཆེན་སྙིང་གི་ཁྲག་དྲོན་ཞལ་དུ་དྲོངས། །རྒྱལ་ཁམས་སྤྱི་དང་སྒོས་ཀྱི་བླང་དོར་གཟུགས། །འཆར་བྱེད་ཐུགས་ཀྱི་མ་ཡོང་རྙོག་མེད་ལས། །ཇི་བཞིན་རི་མོའི་སྣང་བརྙན་མ་འདྲེས་པ། །ལྐོག་གྱུར་མངོན་སུམ་རྗེན་པར་བསྟན་དུ་གསོལ། །གངས་ཅན་ལྷ་གཅིག་ལག་ན་པདྨའི་གསུང་། །འབྲུ་དྲུག་གཡས་སུ་འཁྱིལ་བའི་དུང་དཀར་སྒྲ། །སྒྲོག་པར་བསྐུལ་བ་ཇི་བཞིན་དོན་ལྡན་དུ། །བསྒྲུབ་པའི་དམ་བཅའ་སྙིང་གི་དཔལ་བེར་འཁྱིལ། །བདུད་སྡེ་ལས་རྒྱལ་བ་དན་དམར་པོ་ཟུང་། །ལྷ་སྙན་དགྱེས་རྒུར་སྤྱོད་པའི་རོལ་མོ་དང་། །གང་བསམས་ཐོགས་མེད་བགྲོད་པ་ཅང་ཤེས་རྟ། །གསེར་སྐྱེམས་ཐགས་ཀྱི་ཟླ་བའི་ལྷ་རྫས་བཅས། པཀྵཱུའི་ཀླུང་ཆེན་དལ་གྱིས་འབབ་པའི་ལྷོ། །དགེ་བཅུའི་ཡོན་ཏན་ཀུན་ཚང་གཡོན་རུའི་ཆ། །དྲེགས་པའི་དམག་ཚོགས་འདུ་བའི་ཕོ་བྲང་དུ། །རིགས་སྔགས་གྲུབ་པའི་འཕྲིན་ཡིག་ཟློས་གར་སྒྱུར། །(༡༢༢ན)


GLG019_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཕག་ཧོར་ཟླ་བརྒྱད་པའི་ནང་དུ་ཚངས་པ་ཆེན་པོ་དུང་གི་ཐོར་ཚུགས་ཅན་གྱིས་སྤྱི་སྒོས་ཀྱི་རིམ་གྲོའི་བླང་དོར་སོགས་ཀྱི་སྐུལ་མར་ཚེར་གསེབ་བླ་མ་བློ་བཟང་འཇམ་དབྱངས་རྒྱ་མཚོ་རྫོང་སྟ་མཛད་པའི་གསུང་འཕྲིན་ལན་ལྷ་གོས་གསེར་འབྲུག་གི་རི་མོ་གཡས་འཁྱིལ་དང་བཅས་ཏེ་འཕྲིན་དུ་གསོལ་བ་མེ་ལོང་དངས་པའི་སྣང་བརྙན། སྣང་སྲིད་ཟིལ་གནོན་མཚོ་སྐྱེས་རྡོ་རྗེ་ཞེས། །དུས་གསུམ་སངས་རྒྱས་པདྨ་འབྱུང་གནས་ཀྱི། །ཕོ་ཉ་ལྷ་ཡི་ཚངས་པ་དགེ་བསྙེན་ཆེའི། །བླང་དོར་སྟོན་པའི་འཕྲིན་རྟེན་སུག་པར་སོན། །བསྟན་འགྲོའི་ཕན་བདེའི་ལོ་ཏོག་འཇོམས་བྱེད་པ། །ནག་པོ་བདུད་ཀྱི་སྐྱིན་ཐང་དྲག་པོའི་མདའ། །ཟློག་བྱེད་དགེ་བའི་རིག་སྔགས་ནུས་མཐུའི་རྩལ། །མེ་ལོང་ནང་གི་བཞིན་ལྟར་སྟོན་འདི་སྤྲོ། །བཀའ་སྒྲོག་ཐུགས་རྟེན་གསོ་དང་གསོལ་མཆོད་སོགས། །བགྱིད་འོས་རིམ་གྲོའི་བླང་བྱ་དེར་གསལ་རྣམས། །ལེ་ལོའི་ཆུ་བོ་ཆེ་ལས་སྒྲོལ་བྱེད་པ། །བསྐྱུད་པ་མེད་པའི་བརྩོན་འགྲུས་ཟམ་པ་འཛུགས། །ལྷ་དབང་ཁྱོད་ཀྱི་མཐུ་སྟོབས་རྡོ་རྗེ་ཡིས། །ནག་པོ་བགེགས་ཀྱི་ལྷ་མིན་མོ་ཡི་མངལ། །ལྷུང་དང་ལྷན་ཅིག་རྣམ་པར་རྒྱལ་བ་ཡི། །སྙན་པའི་རྫ་རྔ་སྲིད་རྩེའི་བར་དུ་སྒྲོགས། །གངས་ཅན་ལྷ་གཅིག་སྲོང་བཙན་སྐྱེས་ལྷ་ཆོས། །བྱང་ཕྱོགས་སཱ་ལའི་ལྗོངས་འདིའི་རྒྱལ་བློན་འབངས། །བདེ་ཞིང་སྐྱིད་པའི་གདུགས་དཀར་གྲིབ་བསིལ་ལ། །རྟག་ཏུ་ངལ་གསོར་བྱེད་པའི་འཕྲིན་ལས་མཛོད། །བོད་ཁམས་ཕུང་བའི་མུ་གེ་ནད་རིམས་དང་། །བསམ་ངན་འཆང་བའི་མཐའ་དམག་གཡུལ་གཤོམ་སོགས། །བཟློག་བསད་སྤ་བཀོང་ཚར་གཅོད་ལས་སྒྲུབ་པ། །ཨོ་རྒྱན་སངས་རྒྱས་གཉིས་པའི་ལུང་བཞིན་མཛོད། །གསེར་གྱི་སྙེ་མ་གཡུར་དུ་ཟ་བ་ཡི། །ཕུན་ཚོགས་འཛམ་བུའི་འབྲས་བུ་རོ་བརྒྱ་པ། །ཇི་བཞིན་འདོད་པའི་རེ་སྐོང་བསམ་འཕེལ་(༡༢༢བ)


GLG019_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། །མཛོད་ཅིག་ཚངས་པ་དུང་གི་ཐོར་ཚུགས་ཅན། །སྙན་པའི་དབྱངས་སྒྲོག་གསེར་འབྲུག་གཡས་འཁྱིལ་བའི། །རབ་དཀར་གོས་དར་སྙན་ཤལ་གསེར་སྐྱེམས་བཅས། །ཧོར་གྱི་ཟླ་བ་བརྒྱད་པའི་ཡར་ཚེས་ཀྱི། །དགའ་བ་དང་པོར་གྲུ་འཛིན་རྩེ་ནས་བྲིས། །ས་ཕག་ཧོར་ཟླ་བརྒྱད་པའི་ནང་དུ་དངོས་ཉམས་སུ་ཐུགས་དམ་སྐོང་དགོས་པའི་མཚན་མ་གསལ་བར་བྱུང་བར་བརྟེན། མཆོད་དཔོན་བློ་བཟང་མཐུ་སྟོབས་འོལ་ཁར་ཆུ་ཚན་ལ་འགྲོ་སྐབས་བསམ་ཡས་སུ་གནོད་སྦྱིན་ཆེན་པོར་འཕྲིན་དུ་གསོལ་བ་བསམ་འཕེལ་དབང་གི་རྒྱལ་པོ། ཞི་རྒྱས་དབང་གི་དངོས་གྲུབ་ཀུན། །སྩོལ་བའི་ནོར་བུ་བསམ་འཕེལ་དབང་། །དགྲ་བགེགས་ནག་པོའི་དཔུང་འཇོམས་པར། །གནམ་ལྕགས་ཐོག་གི་རྗེས་འགྲོ་ཅན། །སྔོན་ཚེ་ལི་ཡི་ཡུལ་གྲུ་ན། ཁྲིམས་ལྡན་ཁྲོས་པའི་དམོད་པའི་འབྲས། །སྲིད་གསུམ་སྐྱེ་འགྲོའི་ཚེ་སྲོག་ལ། །དབང་དུ་སྒྱུར་བའི་མཐུ་ཆེན་ཁྱོད། །འཛམ་གླིང་ཆེ་བའི་རིགས་སྔགས་འཆང་། །པད་འབྱུང་རྡོ་རྗེའི་བཀའ་རྟགས་ཀྱིས། །ཟིལ་མནན་བདུད་རྩི་ལྕེ་ཐོག་ཏུ། །བཞག་པའི་གནོད་སྦྱིན་ཙི་དམར་བ། །སྡེ་བརྒྱད་དྲེགས་པའི་དམག་དཔུང་གི །ཁ་ལོ་སྒྱུར་བའི་མཐུ་སྟོབས་ཅན། །ཆོས་འཁོར་དཔལ་གྱི་བསམ་ཡས་སོགས། །གཙུག་ལག་སྐྱོང་བའི་སྲུང་མ་ཆེ། །ལྷ་ཁྱོད་བཀའ་སྡོད་ཚུལ་གནས་པའི། །རྗེ་དཔོན་སྤེ་དཀར་རྒྱལ་ཆེན་ལྔ། །སྤྲུལ་པ་ཡང་སྤྲུལ་ཕོ་ཉར་བཅས། །ཐུགས་དམ་གཉན་པོ་བསྐང་བའི་ཆེད། །ལྷ་རྫས་ཕྱི་གོས་ནང་གི་དང་། །གོ་མཚོན་ན་བཟའ་གསེར་གྱི་ཕུད། །ཅང་ཤེས་སྒ་སྲབ་ཀྱིས་སྤྲས་སོགས། །མཐུན་པའི་དམ་རྫས་ལེགས་འབུལ་གྱིས། །བཤད་དང་སྒྲུབ་པའི་བསྟན་པ་སྲུངས། །སྲིད་འབྱོར་ཆབ་སྲིད་མངའ་ཐང་སྤེལ། །མུ་གེ་ནད་རིམས་འཁྲུག་རྒྱུན་ཆོད། །འགྲོ་རྣམས་བདེ་(༡༢༣ན)


GLG019_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་དཔལ་ལ་སྦྱོར། ཁྱད་པར་བདག་སོགས་འཁོར་བཅས་ལ། །དུག་མཚོན་གཡུལ་གཤོམ་མཐུ་བྱ་དང་། །སྟེང་འོག་བར་གསུམ་འབྱུང་པོའི་གདོན། །བར་གཅོད་ཉེར་འཚེ་ཟློག་པར་མཛོད། །གདེངས་ཅན་དབང་པོའི་གཙུག་རྒྱན་ལས། གང་བསམས་ལྷུན་གྱིས་འགྲུབ་པ་ལྟར། །སྲུང་མ་ཁྱོད་ལ་བཅོལ་བའི་ལས། །དུས་ལས་མ་གཡེལ་སྒྲུབ་པར་མཛོད། །ཧོར་གྱི་ཟླ་བ་བརྒྱད་པ་ཡི། །ཕུར་བུ་ཐ་སྐར་དང་འགྲོགས་པའི། །བཟང་པོ་དང་པོའི་ཚེས་དགེ་བར། །གྲུ་འཛིན་གཉིས་པའི་རྩེ་ནས་སྤེལ། སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོ་གོང་ནས་མཆོད་རྟེན་རབ་འབྱམས་པ་དང་། མགོན་པོ་དགེ་སློང་གིས་གཙོས་པའི་གསེར་ཡིག་པ་མངགས་ཏེ་གོས་དར་ནོར་བུའི་ཁྱད་ནོར་དང་བཅས་པ་བཀའ་ཤོག་ཕེབས་པའི་ལན་འབུལ་བར་གསེར་ཏོག་ཆོས་རྗེ་དང་འཕྱོང་རྒྱས་བསོད་ནམས་དབང་པོ་གཉིས་བཏང་བའི་དུས་ཕུལ་བ་བསོད་ནམས་ཉི་མ་རྒྱས་པའི་དངོས་པོ། ཛ མྦུ དྦཱི པོ དཱ ར ཀུ ས རྦྦཱ དྷ ར ཙ ཀྲཱ རཻཿ སཱ ཧ སྲོ ཝ རྟི ཝ ཤ ནྱཱ སི ཀ ཨཱ ཛྙཱ། བཱ དེ རྨཱུ ལེ ཤཱི ཝ ར མེ ཁ ལྱི ཀ ཛི ཥྞུ ཤྲཱི མ དྨ ཏྱོ ཀ ཀུ བྷྱུ དྤི ཛ ཡ སྱ། (༡༢༣བ)


GLG019_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་(སྡེབ་སྦྱོར་རྨ་བྱ་མྱོས་པ།)གླིང་ཡངས་པའི་ནོར་འཛིན་ཁྱོན་ཀུན་ལ། །བཀའ་ཁྲིམས་རྩིབས་སྟོང་འཁོར་ལོས་དབང་སྒྱུར་བ། །ས་ཡི་བརྒྱ་བྱིན་དཔལ་ལྡན་གོང་མ་ཆེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཞབས་དྲུང་དུ། །མ་བྲིས་གསལ་བར་ཤར་བའི་ཞལ་གྱི་ཁྱིམ། །མ་བོས་སྙིང་གི་ཁང་བུར་རྟག་འོངས་ཏེ། །མ་འཐུངས་མྱོས་པའི་ཟིལ་དངར་རོ་བདའ་བས། །མ་བླངས་བསྔགས་རྗོད་སྙན་འགྱུར་གླུ་ཡིས་ཞུ། །དེང་དུས་བསོད་ནམས་ཉི་མའི་དངོས་པོ་བརྒྱའི། །ལུས་ཀྱིས་འཇིག་རྟེན་གསུམ་པོ་སྣང་བྱས་པའི། །རྒྱུད་མང་གླུ་ལས་སྙན་པར་སྒྲོག་པའི་གཏམ། །ཡིད་ལ་རྩེ་དགའ་ཁོང་ནས་དགོད་པའི་དཔྱིད། །གསེར་འབྲུག་གཙུག་གི་ནོར་བུས་བཏེག་པའི་རྩེར། །གནམ་གྱི་ཤེ་མོང་རང་རྟགས་ལྷ་ཡི་བཀའ། །བར་སྣང་མཛོད་ཀྱི་རི་མོའི་གོས་སོགས་རྟེན། །ཉེར་སོན་རྨུགས་འཛིན་འབྱོར་བའི་གཡང་ཞིག་ཆགས། །འདི་ན་ཤཱཀྱའི་རིང་ལུགས་ས་ཟླའི་མངལ། །རྣམ་དཔྱོད་དྲོད་ཀྱིས་སྨིན་པའི་དགེ་སྦྱོང་ཡང་། །རང་བློ་ཡངས་པའི་སྒོ་འཕར་བཞི་ཕྱེ་ནས། །ཐོས་བསམ་སྒོམ་པའི་རིག་བྱེད་སྤེལ་འདིར་གཟིགས། །སྟོང་གསུམ་མི་མཇེད་བདག་པོ་ཚངས་པ་ཆེ། །ལྷ་ཡི་རྨུ་ཐག་རིང་པོའི་ལམ་བརྒྱུད་དེ། །འཛམ་གླིང་ཡོངས་ཀྱི་རྒྱལ་པོར་ཤེས་པ་ལ། །ཧོང་དེའི་མཚན་ལྡན་ཁྱོད་ལས་དམིགས་སུ་མེད། །མཚོན་གྱི་བསྐལ་པ་དར་དྲག་སྡིག་ཏོའི་དཔུང་། །འཇིག་རྟེན་གླང་པོར་སྤྱོད་པའི་རྩོད་ལྡན་མ། །ལྷ་གཅིག་སྤྱན་ཟུར་ལྷུང་བའི་མོད་ཉིད་ལ། །མངོན་སུམ་ཚད་མས་མ་རྙེད་དེ་ག་རེ། །གནམ་དང་ས་ཡི་དཀྱིལ་འཁོར་ཀུན་གྱི་བདག །འཇམ་དབྱངས་གོང་མའི་སྙན་པ་ཐོས་པའི་མོད། །ལྷ་མིའི་ཐུན་མོང་རྒྱལ་སྲིད་ལ་དབང་བའི། །ང་ལ་ནུ་ཡི་(༡༢༤ན)


GLG019_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཁེངས་པ་བག་ལ་ཞ། །ལེགས་བྱས་ནོར་བུའི་སྒྲོན་མེ་འབར་བའི་གཟིས། །གཙུག་ལག་གཟུགས་བརྙན་མ་འདྲེས་འཆར་བའི་སྒོ །ཐེ་ཚོམ་ཁྱོགས་ལ་མི་བརྟེན་ཚད་མ་རུ། །སྒྲུབ་པས་ཉིན་མཚན་དབྱེ་བ་ཡོངས་མི་ཕྱེད། །འཇིག་རྟེན་ཁམས་ཀུན་ནད་མེད་ལོ་ལེགས་ཤིང་། །ཚེ་ཡང་རིང་པོར་གནས་པའི་དགེ་མཚན་རྣམས། །དུས་ཀྱི་བདག་པོའི་ལས་ཤུགས་ཀྱིས་བསྒྲུབས་པར། །སྟེས་དབང་ཙམ་དུ་འཁྲུལ་རྣམས་བློ་གྲོས་རྨོངས། །མཉེས་གཤིན་བྱམས་པའི་སྙིང་ཐག་རིང་པོ་ཡིས། །ཡངས་པའི་ས་ཆེན་ཕ་མཐའ་འཆིང་ནུས་པའི། །ཕལ་དང་དམ་པའི་ངང་ཚུལ་ཁྱད་པར་ནི། །མཁའ་དང་ཕྲ་མོའི་བུག་པ་ལས་ཀྱང་ཆེ། །དྲེགས་ལྡན་རྒྱལ་ཕྲན་ཤུགས་འགྲོ་བྱེ་བ་ཡིས། །བོར་བའི་གསེར་འཁོར་འདྲེན་བཟོད་སྒྱུ་རྩལ་ཅན། །ལས་དཀར་རྣམ་དཔྱོད་མྱོས་བུམ་གཟེངས་མཐོ་བའི། །སྤོས་ཀྱི་གླང་པོའི་མཆེད་ཟླ་གཞན་སུ་ཞིག །ཨེ་མ་རྒྱུ་དང་མི་རྒྱུ་བའི། །འགྲོ་ཀུན་བདེ་བར་ངལ་གསོའི་སྟེགས། །ལྷ་མིའི་དབང་ཕྱུག་ཁྱོད་ཉིད་ཀྱི། །དྲིན་དུ་གཅམ་བུ་མིན་པར་ཤེས། །དེ་ཕྱིར་ཕན་བདེའི་དཔག་བསམ་དབང་། །རེ་བ་སྐོང་བའི་ཡིད་བཞིན་ནོར། །ཆབ་སྲིད་ཉི་ཟླས་འཇིག་རྟེན་ཀུན། །གསལ་བ་དེ་སྲིད་བརྟན་པར་སྨོན། །ལྟ་ན་སྡུག་པའི་གྲོང་ཁྱེར་དབུས། །འཆི་མེད་བདག་པོའི་ཁང་བཟང་དུ། །གསེར་གྱི་མྱུ་གུ་བཀྲམ་པའི་ཁྲིར། །ལྷ་ཁྱོད་བསྐལ་བརྒྱར་ཞབས་བརྟན་ཤོག །འཛུམ་ལྡན་ཞལ་གྱི་པདྨོ་ནས། །བཀའ་མཆིད་སྦྲང་རྩིའི་རྒྱུན་མངར་པོ། །མཛད་མེད་འཛག་པའི་རོ་བཅུད་ལ། །སྤྱོད་པའི་དགའ་སྟོན་ཆད་མེད་སྩོལ། །རིན་ཅེན་འཕྲེང་བ་འཇམ་ཕྲུག་སོགས། །རྟེན་གྱི་གདུབ་བསིལ་ལེགས་འཁྲོལ་པའི། །ཞུ་མཆིད་ལེགས་བྲིས་གར་(༡༢༤བ)


GLG019_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་མ། །ཤར་ཕྱོགས་དབང་པོའི་མདུན་སར་སྒྱུར། །ས་ཕག་ལོ་གད་སྒོ་ཞང་ཚན་གཉིས་ཀྱིས་འབངས་གྱེན་ལོག་ལ་བརྟེན་པའི་སྡེ་གཟར་ཁོལ་བུར་བསླང་བའི་དུས་ཧོར་ཟླ་བཅུ་གཉིས་པའི་ལྷ་ཚེས་གསུམ་གྱི་ཉིན་བསམ་ཡས་ནས་དྲེགས་པའི་སྡེ་དཔོན་ཆེན་པོས་གཙང་ཉང་སྨད་ཕྱོགས་སུ་གཟུགས་ཅན་གྱི་དོན་ལ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཅིག་འགྲོ་དགོས་འདུག་པར་རྟེན་འབྲེལ་གྱི་ཆེ་བའི་གོ་མཚོན། རོལ་མོ། རྟ་སོགས་དགོས་ཚུལ་བྱུང་བ་འབུལ་བར་མཁར་ལྡན་པ་འཇམ་དཔལ་བཏང་བའི་ཚེ་འཕྲིན་དུ་གསོལ་བ་ཤ་ཁྲག་ཚོགས་སུ་རོལ་བའི་དགའ་སྟོན། སྭསྟི་སིདྡྷཾ། དུས་གསུམ་སངས་རྒྱས་ཀུན་འདུས་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་ཟབ་ཡངས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གིས་ཐོག་དྲངས་གངས་རིས་བསྐོར་བའི་ལྗོངས་ཀྱི་བསྟན་པ་དང་ཟབ་གཏེར་སྐྱོང་བའི་སྲུང་མར་མངའ་གསོལ་བའི་དྲེགས་པའི་སྡེ་དཔོན་གནོད་སྦྱིན་ཙིའུ་དམར་པོའི་རྡོ་རྗེའི་གསུང་གི་འཕྲིན་ཡིག་འབྱོར་པས་ཡིད་སྤྲོ། སློབ་དཔོན་ཆེན་པོའི་དངོས་ཀྱི་སློབ་མ་ཟ་ཧོར་གྱི་སྔགས་འཆང་ཨཱ་ཙརྱ་དྷརྨ་པཱ་ལ་ནས་བཟུང་ཕ་མེས་བརྒྱུད་པས་རིམ་པར་བསྟེན་ཅིང་བསྒྲུབས་པ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནས་འབྲེལ་བ་ཟབ་མོ་ཐོགས་པ་སོགས་སྔོན་གྱི་དམ་ཚིག་ཉེ་བར་དགོངས་པའི་སྣང་སྲིད་དྲེགས་པའི་དམག་གི་དཔུང་ཚོགས་རྣམས་གཙང་ཉང་སྨད་ཀྱི་ཕྱོགས་སུ་ཁ་ལོ་སྒྱུར་བའི་རྟེན་འབྲེལ་གྱི་སྒོ་འཕར་སྒྲིག་དགོས་ཚུལ་ལ་རྗེས་སུ་ཡི་རང་ཞིང་། དེ་དོན་ཐོ་ཟུར་གསལ་ལྟར་སྔགས་དང་ཕྱག་རྒྱས་མང་པོར་སྤེལ་ཏེ་ཐུགས་དམ་གཉན་པོ་སྐོང་བའི་རྫས་སུ་ཕུལ་བ་ལྟར་དགྱེས་པ་སྐྱེད་པར་གྱུར་ཅིག །ཆེ་མཆོག་ཧེ་རུ་ཀ་དང་གསང་བའི་བདག །པདྨ་ཐོད་ཕྲེང་རྩལ་གྱིས་དམ་ཉམས་དགྲའི། །དོན་(༡༢༥ན)


GLG019_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཤ་ཁྲག་བླ་ཚེ་སྲོག་དབུགས་རྣམས། །བཤན་པ་ཁྱོད་ཀྱིས་ཟས་སུ་གཏད་མིན་ནམ། །སྡེ་བརྒྱད་རྦ་ཀློང་འཁྲུག་པའི་གཞལ་ཡས་ནས། །དྲེགས་པའི་སྡེ་དཔོན་དམག་གི་དཔུང་ཚོགས་རྣམས། །ཉི་མ་ནུབ་ཕྱོགས་ཉང་སྨད་བསམ་གྲུབ་རྩེར། །རྫུ་འཕྲུལ་ཤུགས་ཀྱིས་ཐོགས་པ་མེད་གཤེགས་ལ། །ལྷ་ཆོས་བཀའ་ལས་འདས་པའི་དམ་ཉམས་དགྲ། །མི་ཆོས་དྲིན་ལན་ངན་འཇལ་འབངས་གྱེན་ལོག །དགེ་འདུན་སྡེ་ཀླུང་དཀོན་ཅོག་ཁྱད་དུ་གསོད། །སེམས་ཅན་སྡུག་ལ་སྦྱོར་བའི་སྤྱི་ཡི་དགྲ། །དོག་བདེ་གད་ཁ་ས་པ་ནོར་བུ་དང་། །ལྷ་ས་སྒོ་སྣ་ཤག་པ་དངོས་གྲུབ་ཀྱི། །བཟའ་ཚང་བུ་ཚ་རིགས་རུས་བདུན་བརྒྱུད་ཚུན། །དྲན་འཁྲུལ་གྲོས་ངན་གཤོམ་པའི་འཁོར་གཡོག་དང་། །བློ་སྟོབས་བརྩོན་པས་དཔུང་པའི་ཞོར་འདེགས་པའི། །བཀྲས་སྒང་ཚེ་རིང་གདོང་དཀར་རྒྱལ་མཚན་སོགས། །བསམ་སྦྱོར་ངན་པ་འཆང་བའི་དམག་དཔུང་གི ། ཤ་ཁྲག་བསྟན་སྲུང་ཁྱོད་ཀྱིས་ཚོགས་སུ་རོལ། །དམ་ཉམས་འདི་རྣམས་མྱུར་དུ་སྒྲོལ་བ་ཡི། །མཐུ་སྟོབས་ནུས་པའི་རྣོ་ངར་མི་ལྡན་ན། །སྐྱེ་འགྲོ་སྲོག་བདུད་སྡེ་བརྒྱད་དམག་དཔོན་དུ། །གྲགས་ཤིང་ཞལ་གྱིས་འཆེས་ལ་ངོ་རེ་གནོང་། །དེ་ཕྱིར་ལོ་དང་ཟླ་བ་མ་འགྱངས་པར། །གཉེར་དུ་གཏད་པའི་དམ་ཉམས་དགྲ་ཚོགས་ཀྱི། །ཕོ་བརྒྱུད་ཤིང་སྡོང་རྩ་བ་བཅད་ལྟར་ཐོང་། །མོ་བརྒྱུད་དགུན་གྱི་ཆུ་ཕྲན་སྐེམས་ལྟར་ཐོང་། །བུ་ཚ་སྒོ་ང་བྲག་ལ་བརྡབ་ལྟར་ཐོང་། །གཡོག་འཁོར་རྩ་ཕུང་མེ་ཡིས་བསྲེགས་ལྟར་ཐོང་། །མངའ་ཐང་སྣུམ་ཟད་མར་མེ་བཞིན་དུ་ཐོང་། །མདོར་ན་མིང་དང་རྗེས་ཙམ་མེད་པར་མཛོད། །མ་གཡེལ་མ་གཡེལ་དྲེགས་པའི་དམག་ཚོགས་རྣམས། །(༡༢༥བ)


GLG019_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་དཔུང་ཐལ་བར་བརླག་པའི་སྙིང་ཁྲག་གིས། །མྱོས་པའི་བཞིན་རས་ཟླ་བ་ལྟར་ཕྱར་ནས། །རྣམ་པར་རྒྱལ་བའི་རུ་མཚོན་མཁའ་ལ་སྒྲོངས། །པུར་རྒྱལ་བོད་འདིར་ནད་འཁྲུག་མུ་གེ་སོགས། །དུས་ཀྱི་ཆད་པ་ཀུན་ཞི་བདེ་སྐྱིད་འཕེལ། །ལུང་དང་རྟོགས་པའི་བསྟན་པ་རབ་རྒྱས་ཤིང་། །རིག་འཛིན་བདག་གིས་བསམས་དོན་ལྷུན་གྲུབ་མཛོད། །རབ་དཀར་ལྷ་རྫས་དར་གྱི་སྙན་ཤལ་དང་། །རིན་ཅེན་གསེར་སྐྱེམས་ཞོ་ཡི་འཁོར་ལོ་བཞི། །དམོད་ནས་ཤིས་པ་བརྗོད་པའི་མེ་ཏོག་ལ། །འཚམས་སྤྲིན་རྟགས་ཀྱི་རེ་ཁས་མཚན་པར་དགེ །ས་ཕག་རི་བོ་མཆིམས་སུ་གསང་ཕུག་གི་སྲུང་མ་བཙན་རྒོད་རྟ་ར་བས་རིམ་གྲོའི་བསྐུལ་མ་དང་། གོ་མཚོན་སོགས་སྤྱན་གཟིགས་དགོས་ཚུལ་སྐྱེལ་བར་མཁར་ལྡན་པ་འཇམ་དཔལ་བཏང་བའི་དུས་ཀྱི་འཕྲིན་ལན་དམར་ཆེན་སྐྱེམས་ཀྱིས་མྱོས་པའི་གད་བརྒྱངས། བསྟན་སྲུང་གནོད་སྦྱིན་ཆེན་པོའི་བཀའ་སྡོད་ཆེ། །མཆིམས་ཕུ་གསང་བའི་གནས་ཀྱི་སྲུང་མ་མཆོག །རྫུ་འཕྲུལ་ཤུགས་འཆང་རྟ་ར་ཀླུ་གོང་གི །བླང་དོར་སྟོན་པའི་འཕྲིན་ཡིག་སོན་པས་སྤྲོ། །རྒྱལ་དབང་པདྨའི་གསང་གསུམ་རོལ་གར་གྱིས། །བྱིན་བརླབས་སྒྲགས་ཀྱི་ཡང་རྫོང་མཆིམས་ཕུ་དང་། །མཁར་ཆུ་དཔལ་གྱི་ཕུག་རིང་རྣམ་གསུམ་དུ། །ཀི་ཀཾ་གཤིན་རྗེའི་ལས་སྦྱོར་འཕྲལ་དུ་སྒྲུབས། །བསྟན་འགྲོའི་བདེ་སྐྱིད་འཇོམས་པ་སྤྱི་ཡི་དགྲ །གད་ཁ་ས་པ་སྒོ་སྣ་ཤག་སྒོ་སོགས། །དམ་ཉམས་འབངས་ཀྱིས་གྱེན་ལོག་འཁོར་གཡོག་དཔུང་། །སྲུང་མ་ཁྱོད་ཀྱིས་སྙིང་ཁྲག་ད་ལྟ་འཐུང་། །གངས་རིའི་ལྗོངས་འདིར་མི་ནད་ཕྱུག་ནད་དང་། །དུས་ཀྱི་འཁྲུག་པ་ཉེར་འཚེ་ཀུན་ཞི་ཞིང་། །ཐུབ་པའི་བསྟན་དང་སྐྱེ་རྒུའི་བདེ་སྐྱིད་རྣམས། །དཀར་ཕྱོགས་ཟླ་བ་ལྟ་བུར་འཕེལ་བར་མཛོད། །མཚོན་ཆ་རོལ་མོ་ཁྲབ་གདན་ཐོད་ཆིངས་དང་། །རྒྱ་ཇ་དངུལ་ཕོར་དར་མཚོན་རྣམ་པ་ལྔ། །གསེར་སྐྱེམས་དམོད་ནས་མེ་ཏོག་དང་བཅས་(༡༢༦ན)
པར། །རྟགས་ཀྱི་ལང་ཚོས་སྤུད་དེ་ལི་ཁི་ཏཾ། །


previousརབ་བྱུང་བཅུ་གཅིག་པའི་ས་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext