Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ཀུན་ལྡན་ཞེས་པ་ལྕགས་པོ་བྱི་བའི་ལོ་ཚངས་པ་དུང་ཐོད་ཅན་ལ་སྤྱི་སྒོས་ཀྱི་བླང་དོར་གསལ་བར་སྟོན་དགོས་ཚུལ་དང་བཅས་མཆོད་སྤྲིན་སྤྲོ་བར་གསོ་རིག་གཙུག་ལག་འཛིན་པའི་དྲང་སྲོང་དཔོན་ཚང་བྱང་ངོས་པ་ནང་སོ་དར་རྒྱས་བཏང་བའི་དུས་འཕྲིན་དུ་གསོལ་བ་བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་དཀར། བཀྲ་ཤིས་རི་མོ་མཛེས་པའི་དུང་དཀར་པོ། །ཐོར་ཚུགས་རྣམ་པར་བརྒྱན་པའི་ཅོད་པན་དུ། །གཡས་འཁྱིལ་དགེ་བསྙེན་ཆེན་པོ་ཚངས་པ་ཡི། །ལྷ་མིག་སྤྱན་གྱིས་གཟིགས་ལ་སྙན་གྱིས་གསོན། །བླང་དང་དོར་བྱ་སྟོན་པའི་རྡོ་རྗེའི་གསུང་། །ཇི་བཞིན་ལེ་ལོར་མ་ལུས་ལག་དར་བས། །ས་ཁམས་ཕག་གི་བགྲང་བྱའི་བགེགས་རིགས་རྣམས། །ཞི་བའི་ངོ་མཚར་སྒོ་འཕར་ཐོག་མར་ཕྱེ། །འོན་ཏེ་སྙིགས་མ་ལྔ་བདོའི་ལུས་མེད་དཔུང་། །བསྟན་འགྲོའི་ཕན་བདེ་འཕྲོག་པའི་ཆོམ་རྐུན་མ། །དངོས་དང་བག་ལ་ཞྭ་བའི་སྒྱུ་མའི་འཕྲུལ། །ས་འོག་སྲིན་བུ་ལྟ་བུར་དཔྱད་བཟོད་དཀའ། །བཟང་ངན་མཐའ་དག་སེམས་ཉིད་གཅིག་པུ་ཡི། །རྣམ་འཕྲུལ་ལས་གཞན་དམིགས་སུ་མེད་ན་ཡང་། །མ་རྟོགས་བདེན་ཞེན་སྒྲོག་གིས་འཁོར་བ་འདིར། །བཅིངས་རྣམས་རེ་དོགས་དབང་གིས་སྒོ་གསུམ་མནར། །མཁྱེན་པའི་མེ་ལོང་ངོས་སུ་དུས་གསུམ་གྱི། །སྣང་ཚུལ་སྒྲིབ་མེད་གཟིགས་པའི་པདྨ་འབྱུང་། །སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་གྱི་ལུང་། །ལྷ་ཁྱོད་སྙན་གྱི་དབང་པོའི་སྣོད་དུ་གཏམས། །རྫུ་འཕྲུལ་ཤུགས་ཀྱིས་སྟོང་གསུམ་ཀུན་མྱུལ་ཞིང་། །དཔྲལ་བའི་སྤྱན་གྱིས་སྣང་སྲིད་མ་ལུས་པ། །སལ་ལེར་གཟིགས་པའི་འབྲས་བུ་དོན་ལྡན་ཆེད། །འབྱུང་འགྱུར་མ་སྦས་ལུང་དུ་སྟོན་པར་རིགས། །མཐོ་རིས་(༡༢༦བ)


GLG019_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་པ་གཉིས་པའི་རྒྱུད་འཛིན་པར། །འཆི་མེད་དྲང་སྲོང་གྲུབ་པའི་རིང་ལུགས་མཁན། །ཕོ་ཉའི་གཡར་ལམ་ཡས་གསོལ་དོགས་སེལ་ལན། །དངས་པའི་མཚོ་ལ་ཟླ་བའི་གཟུགས་བཞིན་སྟོན། །སྤྱན་གཟིགས་ཚོགས་འཁོར་ཐུགས་དམ་སྐོང་པའི་རྫས། །སྔགས་དང་ཕྱག་རྒྱས་རབ་སྤེལ་ལྷ་ཡི་ལམ། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེར་སྤྲོས་ཏེ། །ཚངས་དབང་ལྷ་ཡི་མདུན་ས་མཛེས་གྱུར་ཅིག །ལྕགས་བྱི་འབྲས་ལྡན་གྱི་དུས་སྟོན་ལ་བབ་པའི་ཚེ་བསམ་ཡས་ནས་དྲེགས་པའི་བསྟན་སྲུང་གནོད་སྦྱིན་ཆེན་པོས་རིམ་གྲོའི་བླང་དོར་གྱི་གསུང་འཕྲིན་བྱུང་བར་སྤྱན་གཟིགས་འབུལ་བ་དང་བཅས་མཁར་ལྡན་པ་བཀའ་འགྱུར་གྱི་དོ་དམ་ལ་བཏང་བའི་ཚེ་འཕྲིན་དུ་གསོལ་བ་མི་འདའ་རྡོ་རྗེའི་དམ་ཚིག །སངས་རྒྱས་ཀུན་གྱི་གསང་གསུམ་རྡོ་རྗེའི་གར། །པད་དཀར་ཟེ་འབྲུ་ལས་འཁྲུངས་སྤྲུལ་པའི་སྐུ། །རིག་འཛིན་པདྨའི་ཕོ་ཉ་གནོད་སྦྱིན་ཆེའི། །རྡོ་རྗེའི་གསུང་འཕྲིན་བླང་དོར་བཅས་པ་སོན། །རིང་མོ་ཉིད་ནས་མཆོད་བསྟོད་ལྷུར་བླངས་ཤིང་། །ལྕགས་ཡོས་དམ་ཚིག་གཉན་པོ་ཉེར་བསྒྲགས་པ། །རབ་དགོངས་ཅུང་ཟད་ཙམ་ཡང་མི་འདའ་བའི། །གེགས་སེལ་མཐུན་རྐྱེན་སྒྲུབ་པ་དམ་པའི་ཚུལ། །འཁྲུག་རྩོད་ནད་ཡམས་མུ་གེ་ལ་སོགས་པས། །བོད་ཁམས་སྐྱེ་རྒུ་མནར་བའི་བྱེད་པོ་ཀུན། །ཞི་བྱེད་གཙུག་ལག་ཁང་དང་ཐུགས་ཀྱི་རྟེན། །བཞེངས་འདིས་ཕན་བདེའི་སྣང་བ་སྟེར་རམ་སྙམ། །འོན་ཏེ་ལྷ་སྲིན་འཁྲུགས་པའི་ཁ་རླངས་ནད། །ཟློག་ཐབས་རྒྱལ་ཁམས་སྤྱི་ལ་སྒྲུབ་འཇུག་པས། །དེ་དོན་བསམས་པ་ལྷུན་གྱིས་འགྲུབ་པའི་གྲོགས། །བསྟན་བསྲུང་དྲེགས་པའི་དབང་པོ་ཁྱོད་ཀྱིས་མཛོད། །སྒོས་ཀྱི་རིམ་གྲོར་བརྒྱ་ཕྲག་འདུས་པའི་སྡེར། །བསྙེན་(༡༢༧ན)


GLG019_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་འགྱུར་རོ་ཅོག་གི་བཀའ་སྒྲོག་ཅིང་། བསྟན་སྲུང་མཆོད་དང་མི་འདའི་བཅད་རྒྱ་སོགས། །ཡིད་ལ་རི་མོར་བྲིས་པ་ལག་ཏུ་དར། །རིག་འཛིན་སློབ་དཔོན་པདྨ་ཐོད་འཕྲེང་སོགས། །རྡོ་རྗེ་འཆང་དངོས་རྩ་བརྒྱུད་བླ་མ་ཡི། །དམ་ཚིག་རབ་དགོངས་སྔགས་འཆང་བདག་ཅག་གིས། །བཅོམ་པའི་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ་པ་ཡི། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོར་བཅས། ཁྲུམས་ཀྱི་ཟླ་བའི་དཀར་ཕྱོགས་གྲལ་ཚེས་ལ། །སྡེ་བརྒྱད་ཀུན་གྱི་ཡང་རྗེའི་སྤྱན་སྔར་སྤེལ། །ལྕགས་ཕོ་བྱི་ལོ་འཕགས་ཡུལ་ཝ་ར་ཎཱ་སིའི་བྲམ་ཟེའི་རིགས་ཀྱི་པཎྜི་ཏ་བ་ལ་བྷ་དྲ་དང་། གོ་ཀུ་ལ་གཉིས་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་པཱ་ཎི་བྱཱ་ཀ་ར་ཎ་ཞེས་སྔོན་མེད་པའི་བསྟན་བཅོས་ཆེན་པོ་བོད་ཡུལ་དུ་སྤེལ་ནས་སླར་རང་ཡུལ་དུ་བདེ་བར་འཁོར་བའི་གནས་ཚུལ་དང་བཅས་ལྕགས་ཀྱི་འཕྲིན་ཡིག་བྱུང་བའི་ལན་རྣམ་དཔྱོད་ཡངས་པའི་བློ་གྲོས། ས རྦ ལོ ཀ སྱཱ ཀཱ རྟཱ བྲ ཧྨ ཤྭེ ཏ པ དྨཱ ཀྵཿ མཱུ རྡྷེ ནྡུ གཎ པ ཏི བྷ གབ དྦྷྱ སྟྭཾ ར ཀྵཿ ཤ བྡ ལ ཀྵ ཛྙ ཡ ས རྦཾ པ རི བི ཙཱ ར ཏོ དྷི མཱ ནུ། བ ཊུ བཱ ཧོ མ ཧཱ ཀྲ མ ཝ ར ཎཱ སི ནཱ མ ཀཱི རྟིཿ འཇིག་རྟེན་ཀུན་གྱི་བྱེད་པ་པོ། །གསེར་མངལ་ཅན་དང་པད་དཀར་མིག །གཙུག་ན་ཟླ་བ་ཆོས་ཀྱི་བདག །ལེགས་ལྡན་རྣམས་ཀྱིས་ཁྱོད་ལ་སྲུངས། །སྒྲ་ཚད་ཤེས་བྱ་ཐམས་ཅད་ལ། །རྣམ་དཔྱོད་ཡངས་པའི་བློ་གྲོས་ཅན། །མཁས་མང་འདུ་བའི་གྲོང་ཁྱེར་ཆེ། །ཝ་ར་ཎཱ་སི་ཞེས་སུ་གྲགས། (༡༢༧བ)


GLG019_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཏ སྱ མ དྷྱོ ཀྟ བྲ ཏ སྱ པྲ ཏི བྷཱ ན སུ ཤྲཱི པྲཱ བྟཾ། བ ལ བྷ དྲ གོ ཀུ ཁེ ན མ ཧཱ པ ཎྜི ཏ སུ དཱི ཐཱ། ཨཱ ཤི རྦ ཏ པཱ ད མ དྷུ ར སྱ སྭ ར སྱ བཱི ཎ ཛྙ ལླ རཱི ལ དཱ། ལེ ཁཱ ཀྵ ར ཙ ནྡ ན ཚུ ཧ ར ཙི ཧྣ ཡུ བ ནེ ན ཙ ཏྲཾ ཡུ ཀྟཾ། དེའི་དབུས་སྨྲ་བའི་བརྟུལ་ཞུགས་ཀྱིས། །སྤོབས་པ་དགེ་བའི་དཔལ་ཐོབ་པ། །བ་ལ་བྷ་དྲ་གོ་ཀུ་ལ། །པཎ་ཆེན་རྣམ་གཉིས་བདེ་བའི་ངོས། །ཤིས་པ་བརྗོད་པའི་ཚིག་སྙན་པོའི། །དབྱངས་ཀྱི་རྒྱུད་མང་འཕྲོལ་བཞིན་དུ། །འཕྲིན་ཡིག་ཙནྡན་ཚུ་ཧ་ར། །རྟགས་ཀྱི་ལང་ཚོས་སྤྲས་པ་སོན། །ཧཻ མ ན བྲཱ ཀ ར ཤྭེ ཏེ ན པ རི བི ཏྟ སཱ ལ སྱ ཛ ན པཱ དེ། ཤཽ དྡྷཽ ད ནི ཏོ དྷ རྨ དྷ ར སྱ པ ཋོ པ དྷྱཱ ཡཱ བི ནུ ཥྚེ ཛཱི ཝཿ སཾ སྐྲྀ ཏ སྱོོ ཏྟ མ ཤཱ སྟྲེ མ ཧཱ བྱཱ ཀ ར ཎ པཱ ཎྀ མཿ ཙ ནྡྲ བ ཙྪུ ཀླ རུ ཙི རེ ཎ བྷོ ཊ དེ ཤ མཱུ རྵཱ ནྡ ཀཱ ཤཱ ཏྲ། གངས་ཅན་ར་བ་དཀར་པོ་ཡིས། །ཡོངས་བསྐོར་སཱ་ལའི་སྨན་ལྗོངས་ན། །ཟས་གཙང་སྲས་ཀྱི་ལུགས་འཛིན་པའི། །ཀློག་པ་མཁན་ཡང་བདེ་བར་འཚོ། །ལེགས་པར་སྦྱར་པའི་བསྟན་བཅོས་མཆོག །བརྡ་སྤྲོད་ཆེན་པོ་པཱ་ཎི་ཞེས། །ཟླ་བ་ལྟ་བུར་དཀར་མཛེས་ཀྱིས། །བོད་ཡུལ་རྨོངས་པའི་མུན་བསལ་ནས། །(༡༢༨ན)


GLG019_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པུ ན རཱ པི མ དྷྱཱ དེ ཤ པེ དོ ཀྟ བྲ ཧྨ ཎ སེ ནེ། བི དོ ཥ ཙ པྲ ཡོ གྱ སྱ ཀ །ཏ ཏྐ རྞ སྱ ར སཿ དི ཀ ད སྨི ནྲ གཏ ཙཱ ན གཏསརྦ སྱེ ཤྭ ར བུ ཎྱ སྱ། ཨ ནུ བྷཱ བ པྲ ཀྲྀ ཏི ནི ར བྷོ གཎྲྀ ཏྤ ཏེ རྴི ལ ནི ཏྱཾ། སླར་ཡང་རྒྱ་གར་འཕགས་པའི་ཡུལ། །རིག་བྱེད་སྨྲ་བའི་བྲམ་ཟེའི་སྡེར། །ཉེས་པའི་སྐྱོན་དང་བྲལ་བའི་ངོས། །འབྱོར་བའི་གཏམ་དེ་རྣ་བའི་བཅུད། །ཕྱོགས་དེར་རྒྱུ་དང་མི་རྒྱུ་བ། །ཀུན་གྱི་དབང་ཕྱུག་བསོད་ནམས་ཀྱི། །མཐུ་ཡི་རང་བཞིན་ལྷུན་གྲུབ་པ། །མི་ཡི་བདག་པོའི་ཚུལ་དེ་ངེས། །ཨ ཝ ར སྱ དྷ ནཾ སྭ སྱ པྲ མུ ཁ ཙཽ ར བ ཏོ ཧེ ཋ ནཱ ཏྲ། ར ཀྵཱ བྷ ཡ ཤ ར ཎ དཱ ན ད ཏྒཱ ཡ ཝཱ ག ཝ ཤྱ བཱི ཪྻ། ཨུ བཾ སཾ རྷ ར ནཱ མ སྱ པ ཙ ཏ ཀཾ ཧ ཏི ཀ སྱ། ཧྲྀ ཙྩ ནྡྲ ཡ དྷྱ ཤ ཡ མྲྀ གབྲ ཏི བི མྦ རུ ཙི རཿ གཞན་གྱི་ནོར་ལ་རང་གི་བཞིན། །ཆོམ་རྐུན་ལྟ་བུའི་འཚེ་བ་ལས། །སྲུང་བའི་མི་འཇིགས་སྐྱབས་ཀྱི་སྦྱིན། །སྟེར་ལ་ལུས་ངག་འབད་པས་བརྩོན། །ཨུ་བམ་སི་དྷ་ར་ཞེས་པའི། །བྱ་མ་རྟ་ལ་ཕན་གདགས་པའི། །སེམས་ཀྱི་བསིལ་ཟེར་ཅན་གྱི་ངོས། །ལྷག་བསམ་རི་དྭགས་གཟུགས་བརྙན་མཛེས། །(༡༢༨བ)
མེ དྷ རྵི ཛ ཧྣུ དྭ ཡོ ཪྶཱུ རྞ སུ བྷཱ ཥི ཏ ཀ ཐཱ། སྭ རྦ ཡོ གདྷཱ ཡོ ན དཱི བ ཏོ ན ཊུ ཊ ཡ ཙྪ ནྟུ། བ རྞ པ རི ས མཱུ ཧ མྲྀ ཎཱ ལཱ གྲ ཙ ཏྱ ཛ མྦཱ པྶུ རྦ ཎཿ མ ཉྫ རཱི བ རླུ པ བྷུ རི ཤ ཏུ ལྱ ཙ ཀྲ པཱུ རྞ ས ཧི ཏེ། །ན ཀྵ ཏྲ སུ བཽ ཥཱི སུ ཪྻ མ གར སྱ རཱ ས ཏི ཥྛ། ཧེ མ ནྟཱ ནྟ ཀཱ ལེ པུ ར པོ ཏ ལ ཏྭཾ ལི ཥི ཏཾ། བློ་ལྡན་དྲང་སྲོང་ཛཧྣུ། །ཟུང་གིས་ལེགས་སྐྱུགས་ལེགས་བཤད་གཏམ། །མཐོ་རིས་ཆུ་བོ་གངྒཱའི་རྒྱུན། །ཆད་པ་མེད་པར་སྩོལ་ཅིག་གུ། །ཡི་གེ་ཡོངས་འདུའི་འཁྲི་ཤིང་རྩེར། །རྟེན་གྱི་ཛམྦུ་ཆུ་བོའི་གསེར། །སྙེ་མ་ཡོངས་འདུ་ཉེར་དུད་པའི། །སྲང་གི་འཁོར་ལོ་གང་བཅས་ཏེ། །རྒྱུ་སྐར་རྒྱལ་གྱིས་ལེགས་ཉ་ཞིང་། །ཉིན་བྱེད་ཆུ་སྲིན་ཁྱིམ་ཞུགས་པ། །དགུན་ཟླ་ཐ་ཆུང་དུས་གྱི་ཚེ། །ཕོ་བྲང་པོ་ཏ་ལ་ནས་བྲིས། །


previousརབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext