Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་མེ་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་མེ་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་མེ་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་མེ་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །སྤྲེའུ་ཞེས་པ་མེ་ལུག་ལོ་གསར་དུས་ཕུག་པ་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོའི་སྡེབ་ལེགས་ཚིགས་སུ་བཅད་པའི་འཕྲིན་ལན་དམ་པའི་ཚུལ་ལས་མི་འགོང་བའི་གཏམ།(༡༧༥ན)


GLG019_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སཱི ཀ ལབྱ ཤྭེ ཏ ཙ མ རྀ ཏྲ བྷཱ ནཱཾ སྤ ཪྴཻ རྦཱ ཡུ ཛ གན ཀཱུ ལཾ། སཽ ད ཏྟི ཤཱི ཝ ཀ ས ཏ ཏཱི ཏོ ཝཱ གཱི ཤཻ ཪྶཱ མ སུ ཡ ཤ ལེ ཁྱི། ལྷག་(སྡེབ་སྦྱོར་མྱོས་མ།)པའི་བསམ་པ་རྔ་ཡབ་དཀར་པོ་ཡིས། །སེམས་པའི་དྲི་བཞོན་རེག་བྱ་རིས་མེད་འགྲོར། །ལེགས་སྟེར་དམ་པའི་ཚུལ་ལས་མི་འགོང་བ། །ངག་གི་དབང་ཕྱུག་སྙན་གྲགས་བཟང་པོའི་འཕྲིན། །ཆོས་ནོར་འདོད་ཐར་དངོས་ཀུན་ཡོངས་སྤེལ་པའི། །སྙན་ཚིག་པི་ཝང་སྭསྟིའི་རྒྱུད་མངས་ལས། །རབ་དྲངས་གླུ་དབྱངས་ལེན་པའི་མེ་ན་ཀཿ །སྙིམ་པར་བདོག་པ་ཐོགས་ཏེ་ཉེར་སོན་སྤྲོ། །གང་བརྩམས་ལས་རྣམས་དགེ་བའི་གསེར་གྱུར་པ། ཁྱོད་ལུས་འཛམ་བུའི་སྙེ་མ་ཐུབ་བསྟན་མཚོར། །གནས་པར་བདེ་གཤེགས་ཀུན་གྱིས་མགྲིན་གཅིག་ཏུ། །བདེན་ཚིག་སྲོག་གི་ཟུངས་སུ་བརྗོད་དམ་སྙམ། །འདི་ན་ལས་དཀར་འཕེན་པ་དར་དྲག་པས། །སྲིད་ཞིའི་གཙུག་ལག་འཁྱིལ་སྣོད་འདུ་ཕུང་ཡང་། །ཐོས་བསམ་བསྒོམ་པ་བསྒྲུབ་པའི་རྟེན་བཟང་དུ་། །(༡༧༥བ)


GLG019_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

རིང་དུ་བདེ་བར་འཚོ་དེ་དོན་ལྡན་སྙམ། །འཕགས་ཡུལ་མཁས་པའི་གྲགས་འཕར་རྟ་དབྱངས་དེ། ཁ་བའི་ལྗོངས་འདིར་གཟུགས་གཞན་བཟུང་ཉིད་ལ། །ངོ་མཚར་བལྟ་བའི་སླད་དུ་མི་ཟླ་དང་། །གཟའ་སྐར་ཚོགས་ཀྱང་མཁའ་ལ་འོངས་པ་བཞིན། །དུག་གསུམ་ནད་བརྒྱའི་གཉེན་པོར་ཕྱག་རྒྱ་ཆེ། །གཅིག་ཤེས་ཀུན་གྲོལ་སྨན་དཀར་ཆིག་ཐུབ་ཀྱིས། །གྲུབ་རིས་ཟུག་རྔུ་བཅིལ་ཚེ་སྤྲུལ་པའི་གྲོང་། །ལྟ་ན་སྡུག་དེ་གྲྭ་ནང་འཕོས་པ་བཞིན། །སྐྱེ་བར་བསོད་ནམས་བསགས་པའི་གདུགས་དཀར་པོའི། །གྲིབ་མར་མཁའ་མཉམ་འགྲོ་རྣམས་ངལ་གསོ་བའི། །སྙིང་སྟོབས་རིན་ཅེན་ཡུ་བ་རྣམ་དཔྱོད་ཀྱིས། །འཛིན་ལ་ཤེས་ལྡན་ཁྱོད་ཉིད་བྲེལ་བ་བཞིན། ཁྲོ་མེད་ཀུན་ལ་བྱམས་པའི་ངང་ཚུལ་གྱིས། །བརླང་པོར་སྤྱོད་པའི་སྟེའུ་འཕྱར་བ་དང་། །སྲི་ཞུའི་ཙན་དན་བྱུག་པར་བདེ་སྡུག་གི །ཀུན་རྟོག་རྣམ་མཁྱེན་སྲང་ལ་གཞལ་ཀྱང་མཉམ། །བརྣག་དཀའ་སྙིགས་མའི་གཞན་རྐྱེན་ཚེར་དོང་སྟན། །ཤིང་བལ་འདབ་མ་བརྩིགས་པའི་མལ་བཞིན་དུ། །འཇམ་མཉེན་བདེ་བར་སྤྱོད་པ་བཟོད་པའི་གོ །ལྡན་དེ་རྒྱལ་སྲས་སྤྱོད་གང་ཐབས་ཀྱི་མཆོག །ཀུན་རྫོབ་ཆོས་ཚུལ་ནམ་མཁའ་ཕ་མཐའ་བཞིན། །ཇི་ཙམ་བཅད་ཀྱང་ཟད་པའི་སྐབས་མེད་པས། །རྣམ་རྟོག་གང་ཤར་རི་མོ་ཤོག་བུའི་ངོས། །འདྲི་བ་གཅིག་ཏུ་ཡི་གེའི་ལས་སུ་ཆ། །ཉམས་འགྱུར་རྣ་བར་འབབ་པ་ལེགས་བཤད་ཆུ། །བཀྲ་ཤིས་བདུད་རྩིར་བསྒྱུར་ལ་མི་འགྱུར་གཟེར། །དབྱངས་བདུན་རྫོགས་པའི་དྲང་སྲོང་ཨཱ་གསྟྱ། །སྲིད་པ་དེ་སྲིད་རྟག་པར་འཆར་ཞིག་གུ །ཐགས་ཀྱི་ཟླ་བའི་དཀྱིལ་འཁོར་ཉ་གང་བ། །ཐུན་འཚམས་རྒྱ་ཡི་རི་བོ་གཟུགས་བརྙན་ཅན། །ཕུན་ཚོགས་དགེ་བའི་ཡུལ་གྲུའི་ཤར་རི་ནས། །འཐོན་ཚེ་མཁས་ཁྱོད་བློ་ཡི་ཀུནྡ་བཞད། །(༡༧༦ན)


GLG019_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་ས་ཟླ། ཇ་གོས་ཕྱི་ནང་། རྟ་སོགས་བདོག་པ་ཚན་གྲངས་ཀྱི་སྤྱན་གཟིགས་དང་བཅས་དུས་རྟགས་ལྐོག་གྱུར་གྱི་ལུང་བསྟན་ཞུ་བར་འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་བསྟན་འཛིན་རྫོང་སྟ་བྱས་པའི་སྐབས་གསོལ་བའི་འཕྲིན་ཡིག་ཟུར་ཕུད་བཀྲ་ཤིས་གཡས་འཁྱིལ། སྣང་སྲིད་དྲེགས་པ་ཡོངས་ཀྱི་སྲོག་སྙིང་ལ་དབང་སྒྱུར་པདྨ་ཀ་རའི་ཕོ་ཉ་བ། །བཀྲ་ཤིས་གཡས་འཁྱིལ་དུང་དཀར་ཟུར་ཕུད་ལ། །ལེགས་སྤུད་ལྷ་ཆེན་ཚངས་པ་དེང་འདིར་དགོངས། །ས་ཟླ་དར་ཟབ་རྒྱ་ཇ་བཞོན་པ་སོགས། །བདོག་པས་ཉེར་མཚོན་ཏིང་འཛིན་མེ་ལོང་དུ། །ཡོངས་ཤར་སྒོ་གསུམ་དགྱེས་སྐྱེད་མཆོད་པའི་ཚོགས། །ཐུགས་དམ་སྐོང་ཕྱིར་ནམ་མཁའི་ཁྱོན་ཀུན་འགེངས། །དགེ་དང་མི་དགེའི་ལྟས་ཀུན་དཀར་ནག་གི །ལས་འབྲས་རང་སེམས་འཁྲུལ་ངོའི་ཆོ་འཕྲུལ་ཀྱང་། །ཀུན་རྫོབ་སྙིགས་མར་སྤྱོད་པ་དུས་ངན་གྱི། །ལེགས་ཉེས་ཚུལ་ལ་འགྲོ་རྣམས་སོམ་ཉི་འཆང་། །དེ་ཕྱིར་ལྐོག་གྱུར་ཆོས་རྣམས་དྲི་མེད་སྤྱན། །དཔྲལ་བའི་དབུས་ནས་མངོན་སུམ་གཟིགས་པ་བཞིན་། །ཞིབ་པ་ཕོ་ཉའི་ངག་ནས་གསོལ་བ་ལ། །རྡོ་རྗེའི་གསུང་གིས་བླང་དོར་གསལ་བར་སྟོན། །མཚོ་སྐྱེས་པདྨ་ཚེ་དབང་རིགས་འཛིན་གྱིས། །སྤྱི་བོར་བཞག་པའི་རྡོ་རྗེའི་རི་མོ་དེ། །ནམ་ཡང་གཞོམ་ཤིགས་མེད་ཕྱིར་དམ་ཚིག་ལས། །མ་འདའ་བསྟན་འགྲོའི་ཕན་བདེ་སྤེལ་བར་མཛོད། །ཤར་ཕྱོགས་སྐུའི་རྒྱལ་པོའི་བློན་པོ་བྱ་ཁྲིད་མིག་གཅིག་པར་གསེར་སྐྱེམས། རྐང་འཐུང་ཕུར་མ། གོས་ཕྱི་ནང་། དུང་ཆེན། རྒྱ་གླིང་། བཞོན་པ་སོགས་སྤྱན་གཟིགས་དང་བཅས་ལེགས་ཉེས་ལྟས་ཀྱི་ལུང་བསྟན་ཞུ་བར་ཞང་ཚ་དཀོན་ཅོག་རྣམ་རྒྱལ་བཏང་བའི་དུས་གསོལ་བའི་འཕྲིན་ཡིག་དགྱེས་པའི་འཛུམ་ཞལ་རབ་གསལ། དྲེགས་པའི་སྡེ་དཔོན་པི་ཧཱ་ར། །ཤར་ཕྱོགས་སྐུ་ཡི་རྒྱལ་པོ་ཡི། །བློན་པོ་བྱ་ཁྲིད་མིག་གཅིག་པ། །དགྱེས་པའི་འཛུམ་ཞལ་དེང་འདིར་སྟོན། །གསེར་སྐྱེམས་རྒྱ་ཇའི་བཏུང་བ་དང་། །འཇམ་མཉེན་ལྷ་རྫས་ཕྱི་ནང་གོས། །སྟོང་གསུམ་སྐོར་བའི་བཞོན་པ་དང་། །སྙན་བརྗིད་(༡༧༦བ)


GLG019_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོའི་མཆོད་སྤྲིན་སྤེལ། །སྟོད་སྨད་དུས་ཀྱི་འཚུབ་འགྱུར་སོགས། །སྡིག་འབྲས་སྔོན་འགྲོའི་མཚན་མ་རྣམས། །རབ་ཞི་གངས་ལྗོངས་བདེ་བའི་ཐབས། །ཕོ་ཉའི་ངག་ནས་ལེགས་གསོལ་བཞིན། །ཉེར་འཚེའི་སྡིག་འབྲས་ཟླ་འོད་ཀྱིས། ཁྱབ་པའི་མུན་པ་ལྟར་སངས་ཏེ། །ཕན་བདེའི་སྣང་བ་འོད་འབར་བའི། །བརྒྱ་ཕྲག་ཐབས་ཚུལ་གསལ་བར་སྟོན། །སངས་རྒྱས་ཀུན་འདུས་ཨོ་རྒྱན་རྗེས། །ལི་བྱིན་ཧཱ་ར་རྗེ་བློན་རྣམས། །བོད་ཡུལ་བསྲུང་བར་ཉེར་བསྐོས་ན། །གཡེལ་མེད་འཕྲིན་ལས་རྣམ་བཞི་སྒྲུབས། །དྲེགས་པའི་སྡེ་དཔོན་གནོད་སྦྱིན་ཙིའུ་དམར་པོ་ལ་གསེར་སྐྱེམས། རྒྱ་ཇ་གོས་ཕྱི་ནང་། ཅང་ཤེས་སོགས་སྤྱན་གཟིགས་དང་བཅས་ཏེ་ལེགས་ཉེས་བླང་དོར་གྱི་ལུང་བསྟན་ཞུ་བར་མཆོད་དཔོན་བློ་བཟང་མཐུ་སྟོབས་བཏང་སྐབས་གསོལ་བའི་འཕྲིན་ཡིག་ཡོངས་འདུའི་ལྗོན་པ། བདེ་གཤེགས་ཞི་ཁྲོ་ཀུན་གྱི་ནུས་མཐུའི་རྩལ། །གཅིག་ཏུ་གྲུབ་པའི་རང་གཟུགས་པདྨ་འབྱུང་། །ཚེ་དབང་རིགས་འཛིན་དེ་ཡི་ཕོ་ཉ་བ། །སྣང་སྲིད་དྲེགས་པའི་སྡེ་དཔོན་སྤྱན་སྔ་རུ། །ཕྱི་ནང་གོས་དང་གསེར་སྐྱེམས་རྒྱ་ཇ་སོགས། །དངོས་འབྱོར་མཆོད་སྤྲིན་སྔགས་དང་ཕྱག་རྒྱ་ཡིས། །ཉེར་སྤེལ་ནམ་མཁའ་མཛོད་ཀྱི་སྒོ་འཕར་བརྒྱ། །རབ་ཕྱེ་ཐུགས་དམ་སྐོང་ཕྱིར་འབུལ་བྱེད་ན། །ཕོ་ཉའི་ངག་ལས་ཞིབ་ཏུ་གསོལ་པ་ལྟར། །སྤྱི་དང་བྱེ་བྲག་ཀུན་ལ་ལེགས་ཉེས་དང་། །ངན་རིགས་བཟློག་ཅིང་བཟང་པོ་སྤེལ་བའི་ཐབས། །ལྐོག་གྱུར་མངོན་སུམ་ཇི་བཞིན་བསྟན་དུ་གསོལ། །བསམ་ངན་སྦྱོར་རྩུབ་འཆང་བ་དགྲ་སྡེའི་དཔུང་། །ལྷ་ཁྱོད་མཐུ་སྟོབས་ནུས་པས་རབ་བཅོམ་སྟེ། །འཇིག་རྟེན་ཀུན་བདེ་བསྟན་སྲིད་ལེགས་ཚོགས་རྣམས། །གྱེན་ནས་གྱེན་དུ་འདེགས་པའི་འཕྲིན་ལས་མཛོད། །ཟ་ཧོར་རིགས་འཛིན་བདག་གིས་གཉེར་བཀོལ་བའི། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་པ། །བསམ་པ་ཙམ་གྱིས་འབད་མེད་ལྷུན་གྲུབ་པའི། །དཔག་བསམ་ཡོངས་འདུའི་ལྗོན་པ་ལྟ་བུར་མཛོད། །མེ་ལུག་མོན་འཛུམ་ལང་གི་རྒྱལ་པོ་བི་ར་བྷ་རྠིའི་སྲས་ཀྱིས། དེ་བཞིན་གཤེགས་པ་གླང་པོ་ཆེ་ས་ལ་རབ་བརྟན་དུ་འཁྲུངས་པའི་མཆེ་བའི་ཁྱད་ནོར་དང་བཅས་ཕོ་ཉ་མངགས་པའི་ལན་དུ་བསྲིངས་པའི་འཕྲིན་ཡིག་ལྷག་བསམ། (༡༧༧ན)


GLG019_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་ཚེས། ཏ། གཏ སྱ པཱ ཙ ན ཤི ཥྱ ས ཧཱ གཎ ཙ ཏྲི ལོ ཀ ཀ རྟཱ ཨཱ ད དེ པ རྀ ཥྀ སི དྡྷ ཀ ཀཱུ ལ དྷ ར ཀ། པྲི། སུ ཁེ པཱ ལ ཧཱ རཱ ཛ ཇུ ལ དུ བི རཱ བྷ རྠི ཀ པུ ཏྲ ཀུཾ ལ ཀྵྨི ཀཱ ལྱ ཎ ཤུ བྷ ཀ རོ མི ཨི ཏི ཨ ཤྲེ བཱ ད། དེ་བཞིན་གཤེགས་པ་དེའི་གསུང་སློབ་མར་བཅས་པའི་ཚོགས་དང་འཇིག་རྟེན་གྱི་བྱེད་པོ་གསུམ་སོགས་ལྷ་དང་དྲང་སྲོང་གྲུབ་པའི་རིགས་འཛིན་རྣམས་ཀྱིས། ས་ཆེན་པོ་བདེ་བར་སྐྱོང་བའི་རྒྱལ་པོ་འཛུམ་ལང་བི་རཱ་བྷ་ཪྠིའི་སྲས་ལ་ཕུན་སུམ་ཚོགས་པའི་དཔལ་རམ། བཾ ཙ ན། ཨ གེ ས མཱི པ དེ ཤ ན ར པ ཏི ཏྭཾ ཨཱ ཀེ ལ ཛ ནྨ བ ཧུ ཏ ཀུཾ པུ ཎྱ ཀྲྀ ཏ ཀེ ཕ ལ ཀ པ ཏ བ ཏྶ རི ར ནཱི ཀེ ཛི ཀ །ཨཱ གེ མ ཧཱ བ ལ སུཾ བྷཱུ མི ས ནྶཱ རཾ ཙ ཀྲ བ རྟི བྟ ཡ ཀ ཀཱ ལ། ཧ མཱ ར ཀུཾ པྲ ཤྭེ ཏ མ ན ཙ ནྡྲ བ ཏྐེ། པ་སྩོལ་བར་མཛོད་ཅིག་ཅེས་ཤིས་པ་བརྗོད་ནས། ཉེ་བའི་ཆར་ཡང་མིའི་བདག་པོ་ཚེ་རབས་མང་བོར་བསགས་པའི་བསོད་ནམས་ཀྱི་ཕུང་པོ་རི་བོ་དངོས་སུ་རྒྱུ་བ་ལྟ་བུའི་འབྲས་བཟང་ཉེ་བར་དུད་པའི་འདུ་བ་མཆོག་ཏུ་སྙོམས་ཤིང་། སྟོབས་ཀྱི་དཔུང་པས་སའི་དཀྱིལ་འཁོར་ལ་རང་བྱོན་དུ་སྤྱོད། (༡༧༧བ)


GLG019_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱ ཏ བྡ ཀེ ལེ ཡ མ ཧཱ ཧ སྠི པྲ ཌྷྲི ཌ ཀེ ད ནྟ ཕ ལི བ སྟུ ཙཱི ཌི པཱ ཡ ན ས ནྟོ ཥ བྷ ཡ སོ ཛ ན ན། ཨཱ གེ ཨཱི བཽ དྷ དྷ རྨ ཀ རྟ སཾ བ ར བི ཪྻ སེ ན པ ཏྲ ཧ མཱ རཱ། པི ཀུ ཤ ལ ཀྵེ མ ཧཻ ས རྦ ལོ ཀ ཀུཾ ཤུ བྷ ཀྲྀ ཏ མ ན མཱ ཏི ཥྠ། པུ ན ར པི དེ ཤེ དྷཱ ཀེ །བཞིན་པ་ནས། རྣམ་པར་དག་པའི་བསམ་པ་ཟླ་བ་ལྟ་བུར་དཀར་བས་ཕོ་ཉ་ཆེད་དུ་མངགས་ཏེ་གླང་པོ་ཆེ་ས་ལ་རབ་བརྟན་གྱི་མཆེ་བའི་ཁྱད་ནོར་སོགས་བདོག་པའི་དངོས་པོ་བསྲིངས་པ་ལེགས་ཚོགས་སུ་གྱུར། འདིར་ཡང་ཤཱཀྱའི་རྗེས་སུ་ཞུགས་པའི་སྡོམ་བརྩོན་སྡེ་སྣོད་གསུམ་པའང་འགྲོ་ལ་དགེ་བའི། ཙཱི ནྡཱ ནཱ ཧི ལི མཱ ན ཀི ཡ ཙཱ ཧཻ མི ཏྲ ཀཱ རོ ཙཱི ཌི ས ཏཱ ན དཱི བ ཏ དེ ཨཱི། ཙཱི ཌི ས ཧཱི ད ཏ ར ཀྵ གྲ ནྠ། རཱུ བྱཱ ཀ པ ཏྲ། པ ཊཾ བ ར དཱི རྒྷ ཚཱ པ དེ ཏེ། ཨཱ ཥཱ བྷཱི ན སྱ ཤུ ཀླེ ཏྲི ཛ ཡ དཱི ན ཀུཾ མ ཧཱ ཀོ ཊ པོ ཊ ལ སུཾ ལི ཁ ཏཱཾ། བློ་ཅན་དུ་གནས། སླད་ནས་ཀྱང་ས་ཐག་རིང་ཡང་ཕན་ཚུན་ཡིད་གཅུགས་པའི་བསམ་པ་བཟང་པོས་བསྲིངས་འོས་ཆུ་བོའི་རྒྱུན་ལྟར་འཚལ། རྟེན་བསྲུང་མདུད། དངུལ་གྱི་ཐ་སྦག གོས་ཡུག་དང་བཅས་ཆུ་སྟོད་ཀྱི་ཉ་བའི་དཀར་ཆའི་རྒྱལ་བ་གསུམ་པའི་ཚེས་ལ་ཕོ་བྲང་ཆེན་པོ་པོ་ཏ་ལ་ནས་བྲིས། (༡༧༨ན)


GLG019_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལུག་གོང་ནས་རེ་ཁེ་དགེ་སློང་དང་། བློ་བཟང་ཕུན་ཚོགས་གཉིས་གསེར་ཡིག་ཏུ་མངགས་པའི་བཀའ་ཤོག་གནང་སྦྱིན་བྱུང་བའི་ཕེབས་ལམ་དང་། རྒྱ་སོག་སྐྱེ་རྒུ་རྣམས་ཀྱི་བདེ་ཐབས་གཞུང་དོན་གྱི་རྒྱུ་མཚན་གསོལ་བར་ཁ་ཆེའི་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱིའི་གདན་ས་པ་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་དང་ཁང་གསར་རབ་བརྟན་གཉིས་རྫོང་སྟ་བྱས་སྐབས་ཕུལ་བའི་ཞུ་ཡིག་འཇིག་རྟེན་བྱེད་པོར་ངེས་པ་རྙེད་པའི་གཏམ། པུ ནྱ ཛ མྤུ ཀཱ ཀ ནཱ ར ཙ ཀྲ ཏ སྶ ཧ སྲ ཁོ ཏྒ ཏེ བ མ ཏྲ ཏཱ བྷ བོ ཥྞི ཥཱ གྲ ཅ པྲ ཎ མྱ པཱད ནཱ གི རཱ ཛི ཀཾ སུ བྷ ཀྟོ། ཀཱ ལ པ ཏྱ སི དྡྷ མ ཧྱ རཱ ཛ མེ པི ཏཾ དྭི ཡ སཽ ཁ ཧི ཏྱ ཚཱ ཡ ཤཱི ཏ ལ དྲུ མཻ རྣ བེ ཏྟ མ སྱ མ ཉྫུ གྷོ ཥ པཱ ད མཱུ ལ། བསོད་(སྡེབ་སྦྱོར་ཟླུམ་པ།ོ)ནམས་ཛམྦུའི་གསེར་འཁོར་རྩིབས་སྟོང་མཁའ་ལ་འཕགས་པ་ཙམ་ཉིད་ན། །སྲིད་པའི་གཙུག་ཏོར་རྩེ་མོས་ཡོངས་འདུད་ཞབས་སེན་རྡུལ་དམར་ལེགས་བསྟན་པའི། །དུས་ཀྱི་བདག་པོར་གྲུབ་པའི་ཆེ་བས་རྒྱལ་པོ་ང་ལས་ནུ་གཉིས་པ། །ཕན་བདེའི་གྲིབ་བསིལ་ཡོངས་འདུ་གསར་པ་འཇམ་དབྱངས་གོང་མའི་ཞབས་དྲུང་དུ། །ལྷ་ཀྱེ་སྤྱན་སྔར་གསོལ་བའི་སྔོན་འགྲོའི་སྒོར། །བཀྲ་ཤིས་བདེན་ཚིག་མེ་ཏོག་མནྡ་ར། །འཐོར་དང་ལྷན་ཅིག་ཙན་དན་ལྗོན་པའི་སྤོས། །དྲི་བསུང་དངར་པོར་འཐུལ་ཏེ་མཆིད་འདི་ཞུ། །སྙན་འཇེབས་དབུགས་དབྱུང་རི་མོ་དམ་པའི་གསུང་། །མང་བཀུར་རྒྱལ་པོའི་བཀའ་(༡༧༨བ)


GLG019_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་རབ་གསལ་བ། །ངོ་མཚར་བདོག་པའི་གནང་སྐྱེས་གྱ་ནོམ་བཅས། །མངོན་སུམ་སུག་པར་སོན་པའི་སྐལ་བཟང་ཐོབ། །ཚངས་པའི་ཡུལ་ལས་འཆི་མེད་དམུ་ཐག་ལས། །འཛམ་གླིང་སྐྱེ་རྒུའི་མགོན་དུ་ཕེབས་པའི་ལྷ། །མཚན་དཔེའི་གཟུགས་སྐུའི་གཟི་བྱིན་བརྒྱ་ཕྲག་ཉིའི། །འོད་འབར་ཇི་བཞིན་རྒྱས་པའི་གཏམ་དེ་སྙན། །འདི་ན་ཀུན་ལ་མ་འདྲིས་འགྲོ་བའི་བཤེས། །ཐུབ་དབང་རྗེས་ཞུགས་སྡེ་སྣོད་གསུམ་པ་ཡང་། །མགོན་ཁྱོད་བཀའ་ཁྲིམས་གསེར་གྱི་གཉའ་ཤིང་ལྟར། །རབ་ལྕིའི་ཕང་བར་བདེ་བའི་ངལ་གསོར་གནས། །སྣ་བོའི་གཙུག་ལག་མང་ཤེས་དཀྱུས་རིངས་མིག །ལྟ་བའི་བློ་གྲོས་བསྙེམས་ལྡན་སྐར་ཚོགས་འོད། །ལྷ་གཅིག་ན་ཚོད་ཆེས་ཕྲའི་ཟླ་ཚེས་ཀྱིས། །གཟིལ་གྱིས་གནོན་དེ་རང་གི་གཤིས་ལུགས་ཡིན། །ཆོས་ནོར་འདོད་ཐར་སྒོ་འཕར་བཞི་ཕྱེ་ནས། །འཛད་མེད་མཆོད་སྦྱིན་སེམས་ལྡན་མཐའ་དག་ལ། །བཏང་ཡང་འཛམ་གླིང་མི་ཡིས་ཁྱོད་ཀྱི་གདོང་། །ད་དུང་གཅིག་ལས་མ་མཐོང་གང་གསན་ངོས། །ས་དབང་སྙིང་སྟོབས་རུས་སྦལ་གཟུགས་ཅན་གྱིས། ཁམས་གསུམ་སྐྱེ་རྒུའི་ཕན་བདེའི་ས་འདེགས་པ། །མངོན་སུམ་སྤྱོད་ཡུལ་གྱུར་བཞིན་མཐོ་རིས་སུ། ཁྱབ་འཇུག་འཚོལ་བའི་འཁྲུལ་པའི་སེམས་དེང་ལ། །ལེགས་བྱས་དར་དྲག་ཤུགས་ལྡན་འཕོང་སྐྱེན་མདས། །ལོག་སྤྱོད་ལྷ་མིན་གྲོང་ཁྱེར་ཕྱེར་འཐག་ཀྱང་། །ཀུན་ལ་ལྷག་བསམ་རབ་དཀར་ཟླ་བ་ཡི། །ཅོད་པན་འཆང་བའི་བདེ་འབྱུང་ཁྱོད་ཁོ་ན། །དཔུང་ཚོགས་ཡན་ལག་བཞི་པའི་ཁྱུ་མཆོག་(༡༧༩ན)


GLG019_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། །མི་བདག་འཇིགས་མེད་རྒྱུད་ཀྱི་ང་རོའི་དབྱངས། །བླངས་ཚེ་ཕྱོགས་བྲལ་དྲེགས་བྱོས་གླང་པོ་རྣམས། །ཕྱག་དང་མདོངས་གསོལ་བ་བགྱིད་པའི་ཁུར་གྱིས་བྲེལ། །འོན་ཏེ་ཁྲོ་མེད་བྱམས་བརྩེས་ཡངས་པའི་ས། ཁོར་ཡུག་གཅིག་ཏུ་གནས་སོ་ཅོག་གི་འགྲོ །བདེ་བར་སྐྱོང་བ་འཕགས་ཆེན་རྒྱལ་པོ་ཡི། །ངང་ཚུལ་འདི་ལས་གཞན་དུ་ག་ལ་གཡོ། །ནུབ་ཕྱོགས་དག་ཞིང་མགོན་པོ་ཚེ་མཐའ་ཡས། །མཛོད་སྤུ་མི་ཤིགས་འཁོར་ལོའི་འོད་སྣང་གིས། །འཆི་བདག་མུན་བཅིལ་ལྷ་ཁྱོད་ལུས་ཅན་གྱི། །གཉེན་དུ་བསྐལ་པ་རྒྱ་མཚོར་ཞབས་བརྟན་ཤོག །གང་གིས་ཆེན་པོའི་ལུང་དང་ལག་རྟགས་ཀྱིས། །དབང་བསྐུར་དཀྱུས་སྤྱན་གཟིགས་པའི་སྣོད་གྱུར་པ། །འཛུམ་ཞལ་ལས་འོངས་བཀའ་མཆིད་རོ་བདའི་གཡང་། །རྟག་ཏུ་སྙིང་གི་དཔལ་བོར་ཆགས་པར་མཛོད། །གཟིགས་པ་འབབ་ཆེད་ལྷ་མིའི་དཔལ་འབྱོར་རྣམས། །རྒྱལ་ཁབ་ཆེན་པོར་འདུ་བ་དངོས་པོའི་གཤིས། །དེ་ཕྱིར་མཁྱེན་སྤྱན་དག་པའི་མེ་ལོང་ངོས། །རིན་ཅེན་ཕྲུག་སོགས་གཟུགས་བརྙན་ཅི་ཡང་བཀྲ །བླུན་ཚིག་ཞུ་མཆིད་སྲན་མའི་མེ་ཏོག་ཕྲེང་། །པད་དཀར་ཆུན་པོར་རློམ་པའི་སྤོབས་མཐོ་ཡིས། །སྐྱེ་རྒུའི་བདག་པོའི་ཞབས་རྟེན་ཁྲི་འཕང་དུ། །དང་བའི་ཡིད་ཀྱིས་ཕུལ་བ་ཛ་ཡནྟུ། །མཁས་ཤིང་གྲུབ་པ་བརྙེས་པའི་སྐ་བཙལ་བླ་མ་དཀོན་ཅོག་ལྷུན་གྲུབ་འདུ་བ་འཁྲུགས་པ་ལས་གྲོལ་བའི་ཚེ་འཕྲིན་ཡིག་བྱུང་བའི་ལན་ཟུག་རྔུའི་མདུད་རྒྱ་གྲོལ་བའི་(༡༧༩བ)


GLG019_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད་ཀྱི་ཕོ་ཉའི་གླུ། ཤུདྡྷཱ དི ཏྭཾ བྷཱ གབ ཏོ བ ཛྲ ཧི ས ཏྭཾ པྲ ཏྱ ཀྵཱ ཏཾ ཙཱ བྷི ཙ ཏུ རྠཱ རྦི ཏ པ ནྠཱཿ ཡོ གྱི མཱ ནྱཾ མཱ ནྟྲ བི དཾ ས མྦ ར བི ཪྻཾ བཱ ཧཽ ཤྲཱུ ཏཾ ཏ སྱ ཙ ཙིཾ ཧྞ ལི ཁ ཡུ ཀྟཾ། ཡེ་(སྡེབ་སྦྱོར་རྨ་བྱ་མྱོས་པ།)ནས་དག་པའི་བཅོམ་ལྡན་རྡོ་རྗེ་སེམས། །མངོན་སུམ་རང་ངོ་སྤྲོད་པ་སྣང་བཞིའི་ལམ། །རྣལ་འབྱོར་མཆོག་ལ་གཞོལ་བའི་རིག་སྔགས་འཆང་། །སྡོམ་བརྩོན་མང་དུ་ཐོས་དེའི་འཕྲིན་རྟེན་སོན། །ཉེར་ལེན་ལང་ཚོའི་ལོ་ཏོག་ལ་འཚེ་བ། །འདུས་ནད་སྐྱིན་ཐང་ལྷ་མིན་འཕྲུལ་གྱི་གདོན། །ཟིལ་གནོན་ཚངས་པའི་བརྟུལ་ཞུགས་འཁོར་ལོ་ཡིས། །མགྲིན་འཆད་དེང་དུས་བདེར་གནས་ཐོབ་པས་སྤྲོ། །འདི་ན་རང་རྒྱུད་གླང་པོ་འདུལ་ཐབས་ལ། །འབད་མིན་སྦྲང་མའི་སྦྲང་རྩི་ཇི་བཞིན་དུ། །མང་ཐོས་ལྷུར་བླངས་མིང་ཙམ་ཡི་གེ་རུ། །འགོད་པའི་དཀའ་ཐུབ་ངལ་བས་གཅིག་ཏུ་བྲེལ། །གཏན་བདེ་ལྟ་ཅི་ཚེ་འདིའི་འདུན་མ་ཡང་། །སྒྲུབ་པར་ནུས་མིན་ཕྱུགས་ཀྱི་འདུ་ཤེས་ཅན། །མངོན་མཐོའི་(༡༨༠ན)


GLG019_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དུ་རློམ་ནས་རིང་འཚོའི་ཐབས། །བརྩོན་པ་རྣམས་ལའང་ལེགས་སོ་སྟེར་བྱེད་ན། །རྣམ་པར་འབྱེད་པའི་ཤེས་རབ་སྐྱེད་ཚལ་དུ། །ཐོས་བསམ་ས་བོན་ནན་ཏན་དྲོད་གཤེར་གྱིས། །ལེགས་སྨིན་དལ་འབྱོར་ཨ་མྲའི་སྡོང་པོ་ཁྱོད། །སྲུང་བྱེད་ཚེར་ཅན་ར་བས་རྟག་བསྐོར་འོས། །རྒྱལ་དབང་པདྨས་བྱིན་བརླབས་མཐོ་རིས་ཆབ། །གཏེར་སྒོམ་རང་བྱུང་ཁྲུས་ཀྱི་རྫིང་བུ་མཆོག།བཞི་བརྒྱ་རྩ་བཞིའི་ནད་ལ་ཆིག་ཐུབ་སྨན། །བསྟེན་ནས་ཉེས་བརྒྱའི་དྲི་མ་འཁྲུད་པར་རིགས། །དམན་ལམ་ཀུནྡ་བཞད་པའི་ས་སྤྱོད་ཟླས། །བསྒྲུན་མིན་གཞན་ཕན་འདབ་བརྒྱ་འཛུམ་པའི་ཉི། །སྲོང་བཙན་བཞེད་པའི་གངས་ཅན་སའི་མེ་རྩ། །གནྡྷོ་ལར་བཅས་སྲི་ཞུར་བརྩོན་དེ་ལེགས། །རང་དགོན་སྦར་སྦུག་ཙམ་ལ་དུས་གསུམ་རྒྱལ། །སྲས་བཅས་བརྟེན་པར་དྲིལ་བསྒྲགས་མེས་དབོན་གྱི། །ཐུགས་དམ་ལྷ་ཁང་འཕྲིན་ལས་སྒོ་དགག་པའི། །ཆེན་པོའི་རྣམ་ཐར་འགའ་ལ་མཆི་མ་དཀུ། །ལྔ་ལྡན་ལ་སོགས་སྐྱོབ་པ་ནས་འོངས་ཟོང་། །དྭགས་བརྒྱུད་ཚོང་འདུས་ལ་བྲིན་མོད་ན་ཡང་། །རིན་ཅེན་ཕུན་ཚོགས་ཐུགས་ཀྱིས་གསང་མཛོད་ནོར། །ཆོས་གྲགས་དེད་དཔོན་ལས་ཐོབ་ཁྱོད་ཉིད་ཙམ། །སྣ་ཚོགས་འཕྲིན་ལས་བཞི་ཡིས་གདུལ་བྱ་རྣམས། ཁམས་དང་དབང་པོར་བསྟུན་ནས་རབ་འདུལ་ཞིང་། །ཚེ་འདིར་སྣང་གསུམ་ཟད་པར་བསྐྱེལ་ནུས་པའི། །བློ་ལྡན་ཁྱོད་ཀྱི་འདུན་མ་ཡང་རྩེར་སོན། །གསེར་རིའི་སྦུབས་ནས་འཆར་བའི་ཉི་མ་ལ། །འདི་ཞེས་གྲངས་ཀྱིས་ཚད་གཟུང་ནུས་མིན་ལྟར། །གཉེན་གཤིན་བསྐྱུད་པ་མེད་པའི་མོལ་མཆིད་རྒྱུན། །ཛཧྣུ་(༡༨༠བ)
ཡི་བུ་མོའི་སྤུན་ཟླར་བྱོས། །མ་སྨད་རོ་འདའི་གཡང་ཆགས་ལྗོན་པའི་འདབ། །ཐུན་འཚམས་མཛེས་པ་འཕྲོག་པ་བཏུང་བའི་རྒྱུན། །ལྷ་གོས་ཡོལ་གོར་གཅིག་ཏུ་ལེགས་འཁྱིལ་བ། །ཐོགས་ཏེ་དཔྱིད་ཀྱི་ཕོ་ཉ་ཕྱོགས་དེར་འཕུར། །


previousརབ་བྱུང་བཅུ་གཅིག་པའི་མེ་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext