Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ས་སྤྲེལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ས་སྤྲེལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ས་སྤྲེལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ས་སྤྲེལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགརབ་བྱུང་བཅུ་གཅིག་པའི་ས་སྤྲེལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ས་སྤྲེལ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་ཆོས་ཀྱི་ཁྲིར་རིགས་ཀྱི་སྲས་ངག་དབང་ཀུན་དགའ་བཀྲ་ཤིས་པའི་སྐབས་ལ་ཁྲི་ཆེན་འཇམ་དབྱངས་ངག་དབང་བསོད་ནམས་དབང་ཕྱུག་ལ་ལེགས་སྐྱེས་འབུལ་བར་འདར་པ་བློ་བཟང་དབང་ཕྱུག་རྫོང་སྟ་བྱས་སྐབས་ཕུལ་བའི་ཞུ་ཡིག་བྱམས་པའི་འདུས་དང་པོའི་མཆེད་ཟླ། ཀྵེ ཏྲཻ རྦྷཱ རྟཽ ས ར ན ཡ ན ཤེ ཥཱ ཎཱཾ ཛྙཱ དཱ ཡ ཤྩི ནུ བྷ བ ཀ ཊཱ ཀཻ ཀཾ བྷཱུ། བ ཛྲ ཪྶ ཏྭ པྲབྷུམ ཡ བ ཏྐོ ཊཱི ནཱཾ བི དྱཱ དྷཱ རཾ ཧི སུ ཀྲྀ ཏ མཱུ རྡྷོ ར ཏྣ། ཞིང་(སྡེབ་སྦྱོར་ཆུ་འཛིན་འཕྲེང་བ)ཁམས་རྒྱ་མཚོའི་རྣམ་འདྲེན་མ་ལུས་པའི། །མཁྱེན་བརྩེ་ནུས་མཐུའི་ཕུང་པོ་གཅིག་གྱུར་པ། ཁྱབ་བདག་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་ཅན། །རིག་འཛིན་བྱེ་བའི་གཙུག་རྒྱན་རིན་པོ་ཆེར། །(༡༨༡ན)


GLG019_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

རིང་མིན་རྣམ་པར་དགེ་བའི་དུས་ཀྱི་ཆར། །མི་ཟད་རྒྱན་གྱི་འཁོར་ལོའི་སྐུ་གསུང་ཐུགས། །འགྱུར་མེད་གཡུང་དྲུང་ངོ་བོར་ལེགས་བཞུགས་པ། །བསྟན་དང་འགྲོ་བའི་ཕན་བདེའི་ཉེར་འཚོའི་དཔྱིད། །འདི་ན་ལང་ཚོ་ཡོལ་བས་རྒན་པོའི་གྲར། །ཆུད་ཀྱང་ལུང་རྟོགས་ཡོན་ཏན་ན་ཕྲ་བ། །སྲིད་པ་ཆུ་ཟླ་ལྟ་བུར་མཐོང་བཞིན་དུ། །རྩེ་གཅིག་སྒྲུབ་གཡེལ་རྣམ་གཡེང་ཁོལ་པོར་གནས། །འོད་གསལ་འཆི་མེད་དམུ་ཐག་ལ་བབས་པའི། །རང་རིས་གདུང་ལས་བརྒྱུད་པའི་རྒྱལ་བའི་སྲས། །འཁོན་སྟོན་འཇམ་དཔལ་གཞོན་ནུའི་ཁྲིར་ཕེབས་ལ། །བདེ་གཤེགས་སློབ་མར་བཅས་པས་མེ་ཏོག་འཐོར། །དཀྱིལ་འཁོར་ཀུན་གཙོར་བཞེངས་པའི་ཧེ་རུ་ཀ །མི་བཟད་ཁྲོ་བོ་འབར་བའི་སྟང་སྟབས་ཀྱིས། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་བཀའ་བསྒོས་ཏེ། །ཡིད་སྲུབས་སྡེ་བཅས་འཇིག་པའི་གཏམ་དེ་སྙན། །བྱམས་པའི་འདུས་པ་དང་པོ་ཇི་བཞིན་དུ། །མཆོག་དམན་བར་པར་བཅས་པའི་ཚོགས་རྣམས་ལ། །ཐེག་ཆེན་ཆོས་འཁོར་ཐོག་མར་ལེགས་བསྐོར་བ། །སློབ་བཤད་ཟབ་དོན་སྤེལ་བའི་སྔོན་འགྲོའི་སྒོ། །ན་ཚོད་ལང་ཚོའི་སྒོང་རྒྱ་མ་གྲོལ་ཀྱང་། །མཁྱེན་བརྩེ་ནུས་པའི་སྐད་སྙན་འགྱུར་ཁུགས་ཅན། །རྒྱལ་སྲས་ཀ་ལ་པིངྐའི་རྣམ་ཐར་ལ། །མཁས་རློམ་འདབ་ཆགས་ཕལ་གྱིས་བསྐྲུན་ནུས་མིན། །གདུང་བརྒྱུད་རིམ་པར་བྱོན་པའི་ཞལ་གདམས་སོགས། །མགོན་ཁྱོད་ཐུགས་གསང་དཔལ་གྱི་བེའུ་རུ། །གཏམས་པའི་ཆོས་ཀུན་བུམ་པ་གང་བྱོའི་ཚུལ། །སྩལ་ཏེ་བསྟན་པའི་བདག་པོར་མངའ་གསོལ་རིགས། །འཇིགས་མེད་སེང་གེས་བཏེག་པའི་ཁྲི་ཆེན་པོར། །རྡོ་རྗེའི་སྐྱིལ་ཀྲུང་བསྐལ་པར་རྟག་བཅས་ནས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་ཡིས། །འགྲོ་རྣམས་སྨིན་གྲོལ་ལམ་ལ་འགོད་(༡༨༡བ)


GLG019_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསོལ། །མཚན་དཔེ་གསལ་རྫོགས་ཞལ་ཁྱིམ་འདབ་སྟོང་སྒོ། །འཛུམ་དབུས་ཚེམས་འཕྲེང་ཟེའུ་འབྲུ་བཞད་རྩ་ནས། །སྙན་འགྱུར་ཕེབས་ཚོགས་བྷཱ་མ་ར་ཡི་གླུ། །ཐོསའཛིན་ལམ་དུ་ཆད་པ་མེད་པར་ཞུ། །རབ་དཀར་ལྷ་རྫས་ཁ་ཚར་ལྡན་པའི་ཟླ། །རྟགས་ཀྱི་རིགས་དྭགས་གཟུགས་བརྙན་མངོན་གསལ་པ། །ཟུར་ཕུད་ལྔ་པ་རིམ་བྱོན་བསྟི་གནས་སུ། །ལྷག་བསམ་མཁའ་ལ་བགྲོད་དེ་ཕུལ་བ་དགེ །ས་སྤྲེལ་གྱི་ལོ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་པ་ཁྲི་ཐོག་ཏུ་གདུང་བརྒྱུད་རིན་པོ་ཆེ་ངག་དབང་ཀུན་དགའ་བཀྲ་ཤིས་ཕེབས་སྐབས་ལེགས་བྱའི་དགའ་སྟོན་འབུལ་བར་འདར་པ་བློ་བཟང་དབང་ཕྱུག་རྫོང་སྟ་བྱས་སྐབས་ཕུལ་བའི་ཞུ་འཕྲིན་རིགས་གསུམ་ཆོས་ཀྱི་འཁོར་ལོས་སྒྱུར་བའི་གཏམ་སྙན་སྒོ་བརྒྱ་དང་པོ། བྲ ཧྨ ཎཻ ནྡྲེ ཤ ཧ རྻཱ དཾ དེ བཻ ཪྶ མཱ ནྱཾ པྲ ཛ ཥྞཱ ཥེ ཧཱི བྷཱུ མི དྡྷི ཀེ ཏུ ཥུ། པ ཏྣ ཁ སྶཱ ནྡྷི མེ། གྱ བེ ཤེ རྨེ ཎཱ སཾ མ ཧཱ པཱ ཏྱ དྷ རྨ སྭ མཱི རཱ ཏྣ ཀེ། མེས་(སྡེབ་སྦྱོར་མེ་ཏོག་འཕྲེང་ཅན)པོ་འཕྲོག་བྱེད་མགྲིན་སྔོན་བརྒྱ་བྱིན་སོགས། །ལྷར་བཅས་སྐྱེ་རྒུའི་གཙུག་གཏོར་ས་འཛིན་རྩེར། །ཞབས་སེན་ཐུན་འཚམས་གོས་དམར་ངལ་གསོ་བའི། །མཚུངས་མེད་བདག་ཆེན་ཆོས་རྗེ་རིན་པོ་ཆེར། །(༡༨༢ན)


GLG019_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བསྐྱེད་ཐུགས་ཀྱི་རི་བོ་ཚོགས་གཉིས་མཚོར། །སྒྲིལ་ལས་ལེགས་ཐོན་མཚན་དཔེ་གཟུགས་སྐུའི་ཉི། །བརྒྱ་ཕྲག་གཟི་འབར་འཇིག་རྟེན་གསུམ་སྣང་བའི། །སྒྲོན་མེར་བྱེད་པོས་གཅིག་ཏུ་སྦར་བ་བཞིན། །མགྲིན་པ་སྐྱེ་བ་ལྔ་པའི་གཡས་འཁྱིལ་དུང་། །ཚངས་དབྱངས་ཡན་ལག་དྲུག་ཅུའི་སྒྲར་དྲངས་པའི། །བདེ་བར་གཤེགས་པའི་ལམ་བཟང་སྙན་འགྱུར་གླུ། །སྐལ་ལྡན་ཡོངས་ཀྱི་རྣ་བའི་རྒྱན་དུ་འཇེབས། །དྲི་བྲལ་ཐུགས་ཀྱི་མེ་ལོང་གསར་པའི་ངོས། །ཤེས་བྱར་སྲིད་དོ་ཅོག་ཀུན་འཆར་བས་ན། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ། །ཞིང་ཁམས་གཞན་དུ་འཚོལ་འདོད་བྱིས་པའི་བློ། །འདི་ན་སྡོམ་བརྩོན་སྡེ་སྣོད་ཀློག་པ་མཁན། །བློ་གྲོས་གཟིངས་ཀྱིས་གཙུག་ལག་རྒྱ་མཚོའི་མཐའ། །གཞལ་བར་བྲེལ་ཡང་རྡོ་རྗེའི་རྣལ་འབྱོར་མཆོག །ཀླུ་དབང་གཙུག་གི་ནོར་བུ་དོར་མིན་ཙམ། །རིགས་གསུམ་མགོན་དེ་འགྲོ་ལ་རྗེས་ཆགས་གར། །མི་ཡི་སྲིད་པ་རྒྱུན་ཆད་མེད་བཟུང་བ། །རང་རིགས་ཆོས་ཀྱི་འཁོར་ལོས་སྒྱུར་བའི་ཁྲིར། །བྱོན་པའི་གཏམ་སྙན་སྒོ་བརྒྱ་དང་པོ་ཕྱེ། །གངྒཱའི་རྡུལ་སྙེད་དཀྱིལ་འཁོར་བདག་པོ་རུ། །གདན་གསུམ་ཚང་བའི་ལྷ་ཚོགས་མ་ལུས་པས། །དབང་བསྐུར་ལུང་དུ་བསྟན་ཚེ་གངས་ལྗོངས་འདིར། །དཔལ་ལྡན་ཆོས་སྐྱོང་མངོན་སུམ་འོངས་པ་བཞིན། །མ་རིག་མུན་སྟུག་ལས་འཁོན་འཇམ་མགོན་རིགས། །ཆ་ཕྲའི་ན་ཚོད་ཟླ་བ་གསར་ཆོས་ཀྱང་། །ཉན་རང་རྒན་པོའི་རྒྱུ་སྐར་ཟིན་གནོན་པར། །སྲས་བཅས་ཕྱོགས་བཅུའི་རྒྱལ་བས་ལེགས་སོ་སྟེར། །འགྲོ་འདྲེན་(༡༨༢བ)


GLG019_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའ་ནམ་ཡང་མི་གཏོང་བའི། །ངག་དབང་ཐུགས་བསྐྱེད་དྷཱིཿཡིག་ཞུན་མའི་ཁམས། །འཁོན་བརྒྱུད་ཉ་ཕྱིས་ཁོག་ཏུ་དར་དྲག་པ། །མུ་ཏིག་འཕྲེང་དཀར་འཛད་པ་མེད་འདི་མཚར། །རྒན་པོའི་བློ་གྲོས་འཆང་བའི་རྣམ་དཔྱོད་ཀྱིས། །དུས་གསུམ་རྒྱལ་ཀུན་ཡབ་ཏུ་རྟག་གྱུར་ཀྱང་། །གཞོན་ནུའི་ཚུལ་གྱི་ཟུར་ཕུད་ལྔ་ལྡན་པ། །མི་ཡི་སྲིད་པའི་ཟློས་གར་ཅི་ཡང་རྩེན། །སྨིན་གྲོལ་རྒྱུད་བཤད་ལུང་དང་མན་ངག་རྣམས། །གསན་བསམས་བསྒོམས་པས་གཏན་ལ་ལེགས་ཕབ་སྟེ། །ས་སྐྱའི་བླ་ཆེན་རིང་ལུགས་དབྱར་མཚོ་ལྟར། །སྤེལ་བའི་སྙིང་སྟོབས་གོ་ཆ་དང་དུ་བཞེས། །བདེ་ལྡན་དག་པའི་ཞིང་གི་མགོན་པོ་དང་། །དབྱེར་མེད་ཚེ་མཐའ་ཡས་པར་བྱིན་བརླབས་ནས། །ཆོས་སྲིད་ཉི་ཟླ་ཟུང་དུ་འཇུག་པའི་བསྟན། །འཛིན་པར་མཆོག་གསུམ་ཐུགས་རྗེའི་མཐུ་སྐྱེད་ཤོག །ཟབ་ཡངས་ཐུགས་ཀྱི་གངྒཱའི་ཡབ་གཅིག་ལས། །བཀའ་མཆིད་ཛཧྣུ་ཡི་བུ་མོའི་རྒྱུན། །དབུས་འགྱུར་ནོར་འཛིན་ལུས་ཕྲའི་ལྟོ་བ་རུ། །གཞར་ཡང་ཆད་པ་མེད་པར་འབབ་ཏུ་གསོལ། །ཕུན་ཚོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ། །སྒྲིག་བྱེད་བདོག་པའི་དངོས་པོ་ཁྲ་ཤར་དང་། །རི་མོ་སྤྱན་རས་བཙའ་ཕྱིར་ལྷ་རྫས་གོས། །མནབས་ཏེ་རྒྱལ་བླའི་ཡར་ཚེས་དགེ་བར་ཕུལ། །ས་སྤྲེལ་ལོ་གསར་ཐོག་ལྕོག་གྲ་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོས་སྙན་ཚིག་གི་ལམ་ནས་དྲངས་པའི་འཕྲིན་ཡིག་དང་ལེགས་སྐྱེས་བྱུང་བའི་ལན་སྒོམ་ཆེན་རྒྱུ་སྐར་དབུས་ན་གསལ་བའི་ཟླ་བ། (༡༨༣ན)


GLG019_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

པི ཀ ལྤ རེ ཁོ ད ཡ མཱ ལ གཎྱཱ ཉྩ དྷ རྨ ཀཱ ཡཱ སྨ ཀ བཻ བྱ སཽ ཥྚ། སྠ ན གམོ མུ དྲ ཧི ཤཱ ས ན དྷ ཀ སཱུ པ ཀྲོ ཏྟ ལླ ཁེ ཙི ཧྞ ཡུ ཀྟཾ། ཀུན་སྡེབ་སྦྱོར་ཉེ་དབང་རྡོ་རྗེ།)རྟོག་རི་མོར་འཆར་བའི་སྒྱུ་མའི་ཚོགས། །ཆོས་སྐུར་རང་ངོ་ཤེས་པའི་ཡོ་ལང་ཅན། །གནས་ལུགས་ཕྱག་རྒྱའི་བསྟན་པ་འཛིན་རྣམས་ཀྱི། །རྒྱན་ཆ་གཅིག་ཏུ་མཛེས་དེའི་འཕྲིན་རྟེན་སོན། །གང་ཤར་སེམས་སུ་ངེས་པའི་རྣལ་འབྱོར་པ། །བཟང་ངན་བླང་དོར་བྲལ་ཡང་བཏགས་ཙམ་དུ། །བསོད་ནམས་ཤིང་རྟ་སྟོང་གིས་དྲངས་པའི་ལུས། །དལ་འབྱོར་ནོར་བུ་གཡོ་མེད་བརྟན་དེ་སྤྲོ། །འདི་ན་ཆོས་ནོར་འདོད་ཐར་སྒོ་ཕྱེ་ནས། །བསྟན་འགྲོའི་ཕན་བདེ་བླ་ནས་བླར་འདེགས་ཀྱང་། །རྩོད་བྲལ་སྨིན་སྲོལ་ཟུང་འཇུག་རྡོ་རྗེའི་ཐེག །མཁས་གྲུབ་ཡོངས་ཀྱི་ཤུལ་དུ་འཇུག་འདོད་ཙམ། །ཡལ་གའི་རི་དགས་གསེར་སྦྱངས་ཞུན་མའི་གོས། །ཀླུབས་པའི་གནམ་ལོ་དང་པོར་ཤར་བའི་ཚེ། །ཤིས་བརྗོད་མེ་ཏོག་འཕྲེང་བ་(༡༨༣བ)


GLG019_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་ལེགས་ཅན། །བདོག་པའི་སྐྱེས་ཀྱི་ཚན་གྲངས་གཅིག་ཏུ་དགེ །ཀ་ཙན་བརྡ་སྤྲོད་མཐོ་རིས་ཆུ་བོའི་རྒྱུན། །བློ་གྲོས་ལྟོ་བར་འཇུག་པའི་དྲང་སྲོང་ཁྱོད། །སྒོམ་ཆེན་རྒྱུ་སྐར་དབུས་ན་ཟླ་བ་ལྟར། །རང་གི་གྲིབ་མ་ཙམ་ལ་གྲོགས་སུ་འཛིན། །གཙུག་ལག་མང་པོ་ཐོས་ཤིང་བསམས་པ་ཡི། །རྣམ་དཔྱོད་ལང་ཚོ་རྒྱས་པའི་རྐང་པ་ཟུང་། །བླང་དོར་ས་ལ་གོམ་པ་འགོད་པ་ཡང་། །གྲུབ་རིགས་ཙཱུ་ཏའི་ཁྲོད་དུ་ཆུད་དཀའི་གནས། །འོན་ཏེ་བཅུ་ཕྲག་རིག་པའི་གནས་ཀུན་ལ། །སྦྱངས་སྟོབས་མིག་རྒྱང་རིང་པོས་ཉེར་གཞལ་ཚེ། །དྲང་སྲོང་ཕུར་བུས་ཁྱོད་ཀྱི་ངང་ཚུལ་ལ། །བལྟ་ཕྱིར་ནམ་མཁའི་ལམ་དུ་ངེས་པར་རྒྱུ། །དེ་ཙམ་འཁྲུལ་ངོའི་འཆར་སྒོ་སྙན་ཚིག་གི །རྒྱུད་མངས་གླུ་རུ་བླངས་པ་རྣ་བའི་བཅུད། །མ་ལུས་རི་མོར་འདྲི་ན་རྣམ་རྟོག་མཐའ། །ཟད་པ་མེད་ཕྱིར་ཡི་གེའི་གྲོན་ལས་ཅི། །དེང་ནས་མི་ཕམ་མགོན་དེ་མ་ག་དྷར། །རྣམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་མིན་པར། །བགྲང་བྱ་གསར་ཚེས་ཀུན་ཏུ་ཉམས་འགྱུར་སྟོང་། །འཕྲིན་ཡིག་མགྲིན་པའི་པད་མཚོར་གླུར་ལོངས་ཤིག །ཁྱོད་བློ་རིགས་མེད་ཡིད་ཅན་མ་ལུས་ལ། །གཅིག་ཏུ་དཀར་བའི་ལྷག་བསམ་མཚོན་པའི་ཆེད། །དྲི་བྲལ་ཁ་ཚར་ལྡན་པའི་དུ་ཀཱུ་ལ། །ཐུན་འཚམས་རྟགས་ཀྱིས་ལང་ཚོས་སྤུད་འདིའོ། །མེ་ལུག་གི་མཇུག་དང་ས་སྤྲེལ་གྱི་ལོ་འགོར་ས་གཡོས་དར་འོད་དཀར་སོགས་ལྟས་སྣ་ཚོགས་བྱུང་སྐབས་བསམ་ཡས་སུ་བསྟན་སྲུངས་གནོད་སྦྱིན་ཆེན་པོར་ལུང་བསྟན་ཞུ་བར་བཏང་བའི་འཕྲིན་ཡིག་སྤྱན་རས་མེ་ལོང་ངོས་ཀྱི་རི་མོ། །སྤྲུལ་པའི་ཆོས་རྒྱལ་མཆེད་ལྔའི་བཀའ་གཉན་མཆོག །ཙེའུ་དམར་པོ་འབར་བ་སྤུན་བདུན་གཙོ། ཁམས་གསུམ་སྐྱེ་རྒུའི་སྲོག་བདག་བཤན་པ་ཆེ། །གཡེལ་(༡༨༤ན)


GLG019_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དྲི་བའི་ཚིག་འདིར་ལྷ་སྙན་གཏོད། །མཇུག་རིང་འཇའ་རིས་སོགས་སུ་ཁ་མཚོན་གྱིས། །དཔྱོད་དཀའི་མཁའ་ལ་ལྟས་གསར་ཤར་བ་འདི། །རྣམ་སྣང་གསང་སྒྲོམ་གཏེར་གྱི་ལུང་བྱང་དུ། །འོད་དཀར་སྐྱ་རེངས་བཤད་དང་སོམ་ཉིར་གྱུར། །ཤར་ཕྱོགས་ཚང་ཚིང་འཁྲིགས་པའི་དྭགས་ཡུལ་ས། །མང་པོར་གཡོས་དང་དུས་མིན་གཡུ་འབྲུག་སྐད། །བསྒྲགས་སོགས་སྡུག་བསྔལ་བསྐྱེད་པའི་སྔོན་འགྲོ་ཡི། །ཚུལ་ལ་ཤེས་ལྡན་ཕལ་ཆེར་འཁྱོག་བློ་འཆད། །བོད་འབངས་ཕན་བདེ་བསྒྲུབ་ཐབས་པདྨའི་ལུང་། །ཇི་བཞིན་བཞེད་པའི་སྔོན་རབས་དམ་པ་འགར། །དུས་གནད་རྟེན་འབྲེལ་ཡིད་སྲུབས་རྒྱུ་ཐབས་ཀྱིས། །མ་འགྲིག་ལྗོངས་འདིའི་ལུས་ཅན་ལས་དམན་མཐུ། །འདི་ན་འགྲོ་ལ་ལྷག་བསམ་པདརྩ་ལྟར། །དཀར་ཡང་དེ་དོན་སྒྲུབ་རྔོ་ཐོགས་དཀའ་ཞིང་། །བྱ་བྱེད་བླང་དོར་ཚུར་མཐོང་བྱིས་བློ་ཡིས། །རྟོགས་མིན་མུན་པར་འཕང་པའི་ཉག་ཕྲན་བཞིན། །ལྷ་ཁྱོད་དཔྲལ་བའི་དབུས་ན་དམར་ཟླུམ་སྤྱན། །ཆོས་ཀུན་མངོན་སུམ་བལྟ་ལ་དྲི་བྲལ་བས། །ཕོ་ཉའི་ངག་ནས་གསོལ་བའི་སྨྲེང་རྣམས་ལ། །དམ་ཚིག་གཉན་པོ་མ་བྲལ་ལུང་དུ་སྟོན། །གསེར་སྐྱེམས་རྒྱ་ཇ་ལྷ་རྫས་ཕྱི་ནང་གོས། །གོ་མཚོན་ཅང་ཤེས་རྟ་སོགས་མཐུན་པའི་རྫས། །སྔགས་དང་ཕྱག་རྒྱས་རྨུགས་འཛིན་མཛོད་བཞིན་དུ། །འབུལ་ན་བསྟན་སྲུངས་དབང་པོ་དགྱེས་སྐྱེད་མཛོད། །བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བགེགས་དཔུང་། །སྡེ་བཅས་སྙིང་གི་ཁྲག་དྲོན་གསོལ་བ་དང་། །ལྷན་ཅིག་བདག་སོགས་རིག་འཛིན་སྒྲུབ་པོ་ཡི། །བསྟན་སྲིད་ལེགས་ཚོགས་ཡར་ངོའི་ཟླ་ལྟར་སྤེལ། །རིག་པའི་རྩལ་གྱི་སྣང་སྲིད་འཁོར་འདས་ཆོས། །ཀུན་ལ་དབང་སྒྱུར་པདྨ་ཐོད་འཕྲེང་གི ། (༡༨༤བ)


GLG019_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཤེས་མ་གཡེལ་བོད་འབངས་བསྟན་དང་འགྲོའི། །མེལ་ཚེ་མཛོད་ཅིག་དྲེགས་པའི་སྡེ་དཔོན་ཀྱེ། །ས་སྤྲེལ་མཆིམས་ཕུ་གནམ་ཐེའི་ལུང་བསྟན་གྱི་དོགས་དཔྱོད་བགྱིད་པར་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་བཏང་སྐབས་ཀྱི་འཕྲིན་ཡིག་ཐེ་ཚོམ་མདུད་འགྲོལ། རྒྱལ་དབང་པདྨ་ཐོད་འཕྲེང་གི །མངག་གཞུག་ལྷ་ཆེན་གནམ་ཐེ་ཡི། །འཕྲིན་ཡིག་དར་དཀར་རྟེན་དང་བཅས། །སུག་པར་སོན་པས་སྤྲོ་བ་འཕེལ། །མི་མཐུན་ཉེས་ཀུན་ཞི་བ་དང་། །ཕུན་སུམ་ཚོགས་པའི་ཡོན་ཏན་རྣམས། །འཕེལ་ཐབས་བླང་དོར་བསྟན་པའི་དོན། །ཡིད་གཉིས་དྲ་བའི་གཟེབ་ཏུ་ཚུད། །དེ་དོན་ཞིབ་ཏུ་ཕོ་ཉ་ཡིས། །དྲི་བ་གཡར་ལམ་ནས་གསོལ་བར། །ཚུལ་བཞིན་ལག་ཏུ་བསྟར་བདེ་བའི། །གནས་ལུགས་གསོང་པོར་གསལ་བར་སྟོན། །གསེར་སྐྱེམས་དར་མཚོན་སྙན་ཤལ་དང་། །རྒྱ་ཇ་ཚོགས་ཀྱི་འཁོར་ལོར་བཅས། །མཆིམས་ཕུག་གསུང་གི་དབེན་གནས་མཆོག །སྐྱོང་བའི་མཐུ་ལྡན་དབང་པོར་དགེ། མེ་ལུག་གི་འཇུག་དང་ས་སྤྲེལ་གྱི་ལོ་འགོར་འཇའ་དཀར་ས་གཡོས་དང་། དུས་མིན་གྱི་འབྲུག་སོགས་བྱུང་སྐབས་ཚོང་འདུས་སུ་བཤན་པ་བྱ་ཁྲི་མིག་གཅིག་པར་ལུང་བསྟན་ཞུ་བར་ཆང་ཁྱིམ་པ་བཏང་སྐབས་འཕྲིན་དུ་གསོལ་བ། ཐུགས་མཚོར་ཤེས་བྱ་ཀུན་གསལ། དུས་གསུམ་སངས་རྒྱས་པདྨ་ཐོད་འཕྲེང་གི །དམ་ཚིག་རྡོ་རྗེའི་རི་མོ་གཙུག་ཏོར་རྩེར། །རབ་བཀྲ་ཇི་བཞིན་ཡོལ་མེད་ལས་སྒྲུབ་པའི། །བཤན་པ་གནོད་སྦྱིན་བྱ་ཁྲིད་མིག་གཅིག་པ། །འགྲོ་ཀུན་རང་གི་ལས་ཉོན་འཁྲུལ་པའི་མདངས། །ཕྱི་རོལ་མཁའ་ལ་ཤར་བ་མི་དགེའི་ལྟས། །སྒྱུ་མའི་རྟ་གླང་རྗེས་འགྲོ་དཀར་མིན་འབྲས། །མངོན་སུམ་དོན་བྱེད་ནུས་ལ་འཁྱོག་བློ་འཆང་། ཁོལ་བུར་སྣ་ཚོགས་ས་གཞི་གཡོ་བ་དང་། །དུས་མིན་འབྲུག་སྐད་ནམ་ཟླའི་(༡༨༥ན)


GLG019_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

གཤིས་འགྱུར་སོགས། །མཚན་མས་བོད་འབངས་མནར་བར་འགྱུར་སྙམ་ནས། །ཉེས་མངས་གཉེན་པོ་སྒྲུབ་ཟློར་གཅིག་ཏུ་འདུན། །འོན་ཏེ་ལྐོག་གྱུར་རྟོགས་པའི་མངོན་ཤེས་དང་། །མི་ལྡན་འོལ་ཅི་ཙམ་དུ་ལག་བསྟར་བ། །འཕྱུག་མེད་གནད་དུ་འགྲོ་བར་མ་ངེས་པས། །རང་སེམས་གཞན་ཕན་བསམ་པ་དཀར་བར་ཟད། །དྲེགས་པའི་དབང་ཕྱུག་ཁྱོད་ཐུགས་མཚོ་ནང་དུ། །ཤེས་བྱར་སྲིད་པའི་ཟླ་གཟུགས་འབུམ་ཕྲག་ཀྱང་། །དོག་མིན་རྣམ་པར་ཡངས་པས་དྲི་བའི་ལན། །ཐེ་ཚོམ་མུན་པ་མཐའ་དག་དྲུངས་ནས་ཕྱུང་། །ཐུབ་བསྟན་ཡོངས་འདུའི་རྩ་བ་མི་གཡོ་བརྟན། །ཁྲིམས་གཉིས་ཟུང་འབྲེལ་ཡལ་འདབ་རབ་ཏུ་རྒྱས། །གྲིབ་མར་ལུས་ཅན་ཚོགས་རྣམས་ངལ་གསོར་སྤྱོད། །བཅོལ་བའི་ལས་བཞིའི་འབྲས་བུས་དུད་པར་མཛོད། །སྤྱན་སྔར་སྤེལ་བའི་མཐུན་པའི་དམ་རྫས་ཚོགས། །ཏིང་འཛིན་སྔགས་རྒྱས་མཁའ་ཁྱབ་ཡིད་འོང་བར། །སྤྲུལ་པས་ཐུགས་དམ་གཉེན་པོ་སྐོང་གྱུར་ཏེ། །དགྱེས་ཞལ་འཛུམ་ལྡན་རྡུལ་བྲལ་ཟླ་ལྟར་སྟོན། །མེ་ལུག་གི་ལོ་མཇུག་དང་ས་སྤྲེལ་གྱི་ལོ་འགོར་ས་གཡོས་དང་འཇའ་དཀར་སོགས་བྱུང་སྐབས་བསྟེན་སྲུངས་ཚངས་པ་དུང་ཐོད་ཅན་ལ་ལུང་བསྟན་ཞུ་བར་རབ་འབྱམས་པ་ཀུན་དགའ་བསྟན་འཛིན་རྫོང་སྟ་བྱས་ཏེ་འཕྲིན་དུ་གསོལ་བ་གསང་མཛོད་ཕྱག་རྒྱ་འགྱེད་པའི་ལྡེ་མིག །སྙན་པའི་དབྱངས་འཁྲོལ་སྐྱེ་བ་ལྔ་པའི་དུང་། །གནག་སྣུམ་རལ་པའི་རྩེར་མཛེས་ཚངས་པ་ཀྱེ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་སྤྱན་རས་ཀྱིས། །ཉེར་བཙའ་སྨྲེང་དུ་གསོལ་བའི་ལྷ་སྙན་གཏོད། །འཛམ་གླིང་བརྟུལ་ཞུགས་གྲུབ་པའི་རིག་སྔགས་འཆང་། །སངས་རྒྱས་གཉིས་པ་པདྨ་ཐོད་འཕྲེང་གི །ཟབ་གཏེར་ལུང་དུ་བསྟན་པའི་དུས་རྟགས་གཟུགས། །གནམ་སའི་རི་མོར་(༡༨༥བ)


GLG019_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་འདི་སོམ་ཉེར་འགྱུར། །ལྷ་ཁྱོད་དཔྲལ་བའི་དབུས་ཀྱི་ཡེ་ཤེས་སྤྱན། །རྡུལ་བྲལ་མེ་ལོང་གཙང་མའི་ངོས་ཡངས་པོར། །ལྐོག་གྱུར་ཤེས་བྱའི་སྣང་བརྙན་ཀུན་འཆར་བའི། །ཚུལ་ལ་ངེས་རྙེད་དྲི་བྱའི་ཡུལ་དུ་འཁུམས། །རིམས་འཁྲུག་དབུལ་སེལ་བོད་ཁམས་བདེ་ཐབས་དང་། །དེའི་གཞི་ཤཱཀྱའི་བསྟན་པ་རིང་དུ་གནས། །ས་སྤྱོད་རྒྱལ་པོར་དགེ་བའི་ཐབས་ཚུལ་སོགས། །རྒྱལ་དབང་པདྨས་གཏེར་ཁ་མང་པོར་བསྟན། །འོན་ཏེ་གཞན་ཕན་འདྲེན་རློམ་ཆེན་པོ་འགའི། །སྙིང་ལ་བདུད་ཀྱིས་ཉེར་བརླམས་ངེས་པའི་ཚུལ། །བཀག་སྟེ་རང་ཆེ་བསྒྲུབ་པའི་རྣམ་ཐར་གྱིས། ཁ་བའི་ལྗོངས་འདིར་སྔོན་ཆད་མང་ཞིག་མནར། །དྲེགས་པའི་དེད་དཔོན་རྣམས་ཀྱིས་མངོན་སུམ་དུ། །གཟིགས་པ་ཇི་བཞིན་བདག་བློ་སྟོན་ཟླ་ལྟར། །དཀར་ཡང་བོད་འབངས་ལ་སྨན་བསྒྲུབ་བྱ་ཡི། །ལས་རྗེས་ཆུ་ལ་བྲིས་པའི་རི་མོ་བཞིན། །ད་དུང་སེམས་ཀྱིས་བཟོད་མིན་ཕན་པའི་ཐབས། །བསྒྲུབས་ཟིན་རྣམས་ཀྱི་འབྲས་བུ་སྨིན་ཚུལ་དང་། །སླད་མར་བྱ་འོས་སྟོན་སོགས་བླང་དོར་གྱི། །གནད་རྣམས་རྡོ་རྗེའི་ཚིག་གི་ལུང་དུ་སྟོན། །གསེར་སྐྱེམས་ཕྱི་ནང་གོས་དང་རྒྱ་ཇ་སོགས། །མི་འཛད་ནམ་མཁའ་མཛོད་དུ་ཏིང་འཛིན་གྱིས། །བརླབས་འདི་ཡབ་གཅིག་སྲོག་བདག་ཚངས་པ་དཀར། །དགྱེས་པར་རོལ་ལ་འཕྲིན་ལས་རྣམ་བཞི་སྒྲུབས། །ས་སྤྲེལ་ཟླ་བ་གསུམ་པའི་ནང་དུ་བསམ་ཡས་སུ་ཆོས་རྒྱལ་ཆེན་པོར་སྤྱན་གཟིགས་ཚོགས་འཁོར་དང་བཅས་ལུང་བསྟན་ཞུ་བར་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་རྫོང་སྟ་བྱས་སྐབས་འཕྲིན་དུ་གསོལ་བ་བཏང་སྙོམས་གཉིས་ལས་སློང་བའི་རྫ་རྔ། དམུ་རིགས་ཀླུ་ཡི་ཚ་བོ་རྫུ་འཕྲུལ་ཅན། །གཅིག་ལས་དུ་མར་སྤྲུལ་པའི་ཆོས་རྒྱལ་ཆེ། །སྣང་སྲིད་དྲེགས་པའི་དམག་སྣ་འདྲེན་པའི་གཙོ། །དྲི་བྲལ་ལྷ་ཡི་(༡༨༦ན)


GLG019_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་དབང་དེང་འདིར་གཏོད། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་མངའ་བདག་མཆོག །མཚོ་སྐྱེས་རྡོ་རྗེས་བོད་ཡུལ་བསྟན་སྲུངས་སུ། །བསྐོས་ན་དེང་དུས་མི་དགེའི་ལྟས་མང་བར། །བཟློག་ཐབས་བླང་དང་དོར་བྱ་ལུང་སྟོན་རིགས། །ནད་ཡམ་མུ་གེ་གཡུལ་འབྲུག་ལ་སོགས་པ། །དཀར་མིན་འབྲས་ཀྱི་ལྗོངས་འདི་མནར་གྱུར་ན། །བྲོ་བོར་དམ་བཅའ་རྡོ་ཡི་རི་མོ་ལྟར། །གྲགས་པའི་གཏམ་ཡང་མིང་གི་ལྷག་མར་ཟད། །གཙུག་ཏུ་རྡོ་རྗེའི་རི་མོ་འགྱུར་མེད་རྟགས། ཁོག་ཏུ་བརླམས་ཚེ་སྟོན་པའི་སྐབས་མཆིས་ན། །དོན་པོ་གཡར་དམ་སྲོག་བཞིན་གཅེས་བཟུང་ནས། །རུ་བཞིའི་ལུས་ཅན་མགོན་སྐྱབས་དཔུང་གཉེན་མཛོད། །རིགས་འཛིན་བདག་གིས་བཅོལ་བའི་ལས་རྣམས་ཀྱང་། །ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པ་དང་། །སོམ་ཉིར་གྱུར་བའི་བླང་དོར་དྲི་བའི་ཚིག །མེ་ལོང་ནང་གི་བྱད་བཞིན་ལྟ་བུར་སྟོན། །བཀྲས་བཏགས་གསེར་སྐྱེམས་རྒྱ་ཇ་གོས་ཕྱི་ནང་། །རྣོ་མཚོན་ཅང་ཤེས་ཚོགས་ཀྱི་འཁོར་ལོ་སོགས། །ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་བྱིན་བརླབས་ཏེ། །འབུལ་གྱིས་དགྱེས་ཞལ་ཟླ་བ་ལྟར་ངོམས་ཤིག །ཆོས་རྒྱལ་ཆེན་པོ་དང་ལྷན་དུ་གནོད་སྦྱིན་ལས་མཁན་ཡང་སྤྱན་དྲངས་ཏེ་ལུང་བསྟན་ཞུ་བར་ཆང་ཁྱིམ་པ་བཏང་དུས་འཕྲིན་དུ་གསོལ་བ། དྲེགས་པའི་སྡེ་དཔོན་གནོད་སྦྱིན་ཙིའུ་དམར་པོའི་སྤྱན་སྔར་སྙན་ཤལ་སོགས་ཐོགས་ལ་ཕུལ་བ་བཞིན་སྔོན་ནས་རྒྱུ་མཚན་སྨྲེང་དུ་གསོལ་བ་ལྟར། ད་ལམ་ཆོས་རྒྱལ་ཆེན་པོ་སྤྱན་དྲངས་ཐོག་ཞལ་གྱིས་འཆེས་པའི་བླང་དོར་མཐའ་དག་སྟོན་པར་མཛོད། ཞིབ་པ་ཕོ་ཉའི་གཡར་ལམ་ནས་གསོལ་བ་ལྟར་ཡིན། ཚེས་བཟང་པོར་དགེ །(༡༨༦བ)


GLG019_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྤྲེལ་ཟླ་བ་གསུམ་པའི་ནང་དུ་མཆིམས་ཕུ་ལྷ་མོ་རིགས་འཛིན་མའི་རྡོ་རྗེའི་གསུང་འཕྲིན་བྱུང་བའི་ལན་དུ་ཆང་ཁྱིམ་པ་བཏང་སྐབས་གསོལ་བ་གསོང་པོར་སྨྲ་བའི་གཏམ། པདྨ་ཐོད་འཕྲེང་བཀའ་ཉན་ཅན། །རིགས་འཛིན་ལྷ་མོ་རལ་གཅིག་མའི། །འཕྲིན་ཡིག་ལྷ་རྫས་རྟེན་དང་བཅས། །སུག་པར་སོན་པས་བདག་ཡི་རང་། །གསུང་གི་གནས་སྐྱོང་སྤྲུལ་པའི་སྐུར། །ཉམས་པའི་གཏམ་དང་དངོས་པོ་ཡིས། །སྦྲགས་པར་རྒྱལ་ཁྲིམས་ཀྱིས་མནར་བར། །ཕན་པ་བསྒྲུབ་སླད་སེམས་ལ་གཞོལ། ཁྱད་པར་རལ་གཅིག་ལྷ་མོ་ཡིས། །རང་གནས་དགོས་པའི་ངོ་ཆེན་གྱིས། །གངས་རིས་ཟླ་བ་ཤར་བ་བཞིན། །སླར་ཡང་ལྷག་བསམ་འཕེལ་བའི་གསོས། །བོད་ཁམས་བདེ་བའི་ཐབས་ཚུལ་རྣམས། །བསྟན་པའི་བླང་དང་དོར་བྱ་ཡང་། །མ་བརྗེད་སྙིང་ལ་རབ་སིམ་པ། །རྡོ་ལ་བྲིས་པའི་རི་མོ་བཞིན། །དར་ཚོན་གསེར་སྐྱེམས་རལ་གྲི་དང་། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོར་བཅས། །པདྨའི་གསུང་གི་གནས་སྐྱོང་བའི། །བསྟན་སྲུངས་དབང་མོའི་སྤྱན་སྔར་སྤེལ། །ས་སྤྲེལ་མཆིམས་ཕུ་རྟ་ར་བའི་བུ་ནོར་བུ་འཛིན་པའི་འཕྲིན་ལན་ངོར་མཚར་རེ་སྐོང་། དབེན་རྩ་བཤན་དམར་ཁང་པ་ནས། །ནོར་བུ་འཛིན་པའི་འཕྲིན་ཡིག་སོན། །དེར་འཁོད་དོན་ལ་དོགས་པའི་གནས། །བྱུང་རྣམས་ཕོ་ཉའི་ངག་ནས་གསལ། །ལོག་པར་རྟོག་པའི་ཐེ་ཚོམ་གྱི། །དྲ་བ་མཐའ་དག་གཅོད་པ་དང་། །མི་མཐུན་ཕྱོགས་ཀུན་རབ་ཞི་ཞིང་། །མཐུན་རྐྱེན་འགྲུབ་པའི་འཕྲིན་ལས་མཛོད། །སྙན་ཤལ་ཟུང་འབྲེས་གསེར་སྐྱེམས་ཏེ། །རྣོ་ངར་ལྡན་པའི་རལ་གྲི་དང་། །ཚོགས་ཀྱི་འཁོར་ལོའི་མཆོད་པ་ཡིས། །ལྷ་ཁྱོད་སྒོ་ལྔ་ཚེམ་པར་རོལ། །ས་སྤྲེལ་ས་སྐྱོང་འཕྲིན་ལས་རྒྱ་མཚོ་དང་བསྟན་འཛིན་ད་ཡན་(༡༨༧ན)


GLG019_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་གཉིས་ཀྱི་དགོངས་རྫོགས་སུ། བཀའ་འགྱུར་རིན་པོ་ཆེ་ཚར་རེ་བཞེངས་རྒྱུའི་དོ་དམ་དུ་གཟིམས་ཤག་པ་དཀོན་ཅོག་དར་རྒྱས། སྟག་རུ་བ་ཚེ་དབང་བཀྲ་ཤིས། ཆ་དཀར་བཙུན་པ་གསུམ་བཏང་སྐབས་བར་གཅོད་སེལ་བའི་ཆེད་དུ་ཐང་ཆེན་རྒྱལ་པོར་སྤྱན་གཟིགས་དང་བཅས་འཕྲིན་དུ་གསོལ་བ་བསམ་པ་ཇི་བཞིན་ལྷུན་གྲུབ། རིགས་རྣམས་ཀུན་གྱི་བདག་པོ་རྡོ་རྗེ་འཆང་། །རྒྱ་གར་པཎ་ཆེན་གཟུགས་སྤྲུལ་ཐོད་འཕྲེང་རྩལ། །ཕྱག་ན་རབ་འབར་རྡོ་རྗེའི་རི་མོའི་གཟུགས། །གཙུག་ཏོར་མེ་ལོང་ངོས་ཤར་སྲུང་མ་ཀྱེ། །ཕ་མེས་རིགས་ཀྱི་དགྲ་ལྷ་མཐུ་རྩལ་ཅན། །བཤན་པ་ལག་དམར་འཁོར་བཅས་སྤྱན་ལམ་དུ། །དངོས་སྤྲུལ་ཐུགས་དམ་སྐོང་བར་བྱེད་པའི་རྫས། །ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་ལེགས་འབུལ་ན། །ཐུབ་པའི་ལུགས་འཛིན་བཤད་སྒྲུབ་སྡེ་རྣམས་འཕེལ། །བོད་འདིར་ནད་ཡམས་གཡུལ་འཁྲུག་དབུལ་ཕོངས་ཞི། །རིགས་འཛིན་བདག་གིས་བཅོལ་བའི་འཕྲིན་ལས་ཀུན། །བསམ་པ་ཇི་བཞིན་ལྷུན་གྱིས་གྲུབ་པར་མཛོད། །རྒྱལ་རྣམས་གསང་གསུམ་མཛད་པའི་རབ་དང་ཕུལ། །མདོ་རྒྱུད་གསུང་རབ་གླེགས་བམ་བརྒྱ་ཕྲག་གཟུང་། །འདྲི་བར་ཉེར་འཚེའི་བགེགས་རིགས་ཀུན་བཟློག་ཅིང་། །མཐུན་རྐྱེན་ལེགས་ཚོགས་ངང་གིས་འགྲུབ་པར་མཛོད། །ལྐོག་གྱུར་བླང་དོར་ལུང་བསྟན་གསལ་པོར་སྟོན། །ཡིད་སྲུབས་བདུད་སྡེའི་བ་དན་ས་ལ་སྙོལ། །དཀར་པོ་ཆོས་ཀྱི་རྒྱལ་མཚན་སྲིད་པའི་རྩེར། །སྒྲོངས་ལ་སྙན་པའི་རྫ་རྔ་ཕྱོགས་བཅུར་སྒྲོགས། །ས་སྤྲེལ་ར་བ་སྨད་ཆོས་སྐྱོང་གིས་སྐྱེས་ཚན་གྲངས་དང་བཅས་རིམ་གྲོང་དགོས་ཚུལ་གྱི་བསྐུལ་མའི་འཕྲིན་ཡིག་བྱུང་བའི་(༡༨༧བ)


GLG019_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཚུལ་བཞིན་བསྟར་བའི་དབྱར་རྔ། ལྷ་བཙན་དྲེགས་པའི་དབང་ཕྱུག་ཆེན་པོ་ཡི། །གསུང་འཕྲིན་རིང་འཚོའི་སྐྱེས་ཀྱི་ཚན་གྲངས་དང་། །གེགས་སེལ་རིམ་གྲོའི་བླང་དོར་ལུང་བསྟན་བཅས། །མ་ཉམས་ཐུན་འཚམས་རྒྱ་ཡིས་སྤྲས་པ་སོན། །ཕུན་ཚོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ། །བརྒྱ་ཕྲག་ཅིག་ཅར་སྒྲིག་པའི་སྟ་གོན་བཞིན། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་པ། །འབད་པ་མེད་པར་ལྷུན་གྱིས་སྒྲུབ་པར་མཛོད། །སྙན་ཤལ་གསེར་སྐྱེམས་རལ་གྲི་ཞགས་པ་སོགས། །མཐུན་པའི་དམ་རྫས་སྔགས་རྒྱས་རབ་སྤེལ་ནས། །ཆུ་ཤེལ་དབང་པོ་ས་ག་དང་འགྲོགས་པའི། །སྔོན་མའི་ཕྱོགས་ཀྱི་རྒྱལ་བ་གཉིས་པར་དགེ། ས་སྤྲེལ་ཨར་གེ་རྒྱལ་པོས་རིམ་གྲོའི་བསྐུལ་མ་བསྲིངས་པའི་འཕྲིན་ལན་རྡོ་ལ་བྲིས་པའི་རི་མོ། ཕུན་ཚོགས་དགེ་བའི་ཡུལ་གྲུ་ཆེར། །གྲགས་པའི་གཡུ་རུ་གྲྭ་ནང་ནས། །བསྟན་སྲུངས་བཤན་པ་དམར་པོ་ཡིས། །བླང་དོར་སྟོན་པའི་གསུང་འཕྲིན་འབྱོར། །ཚུལ་བཞིན་བགྱིད་པར་སེམས་པ་ཡི། །རི་མོ་རྡོ་ལ་བྲིས་པ་བཞིན། །མཚུངས་པར་ཁྱོད་ཀྱིས་འཕྲིན་ལས་བཞི། །སྒྲུབ་པའི་དམ་བཅའ་བརྟན་པོར་ཟུངས། །ལྷ་རྫས་གསེར་ཕུད་མཚོན་ཆ་བཅས། །བཞེད་པ་སྐོང་བའི་དམ་རྫས་སུ། །བརླབས་ཏེ་ས་གས་ཉ་བའི་ཟླའི། །དཀར་པོའི་ཕྱོགས་ཀྱི་ཚེས་ལ་དགེ། སྔ་འགྱུར་ཆོས་ཚུལ་རྒྱ་མཚོར་མཁས་ཤིང་གྲུབ་བརྙེས་སྐ་བཙལ་བླ་མ་དཀོན་ཅོག་ལྷུན་གྲུབ་ཀྱི་འཕྲིན་ལན་ཡིད་སྲུབས་སྡེ་བཅས་བཤིག་པའི་(༡༨༨ན)


GLG019_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དབྱངས། ས རྦྦ ཤ ནྟཿ ཀྲོ དྷ ཀཱ ཡ ཝ ཀྩི ཏྟ ཀ རྨཱ ཎཱི གུ ཎཿབི ལཱ ལི ཏ མ ཧཱ ཤྲཱི ཧེ རུ ཀ པྲ བྷུ བྷ བྱ ཀུ རུཿ ཞི་(སྡེབ་སྦྱོར་ཁ་སྒོ་ཏ་ཡང་མ།)དང་ཁྲོ་བོ་མ་ལུས་པའི། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི། །རྣམ་རོལ་ཆེ་མཆོག་ཧེ་རུ་ཀ །རིགས་ཀུན་བདག་པོས་ཤིས་པར་མཛོད། །ཡང་སྲིད་མང་པོར་ཆོས་དཀར་བདུད་རྩིའི་བཅུད། །སྙིང་གི་ཟ་མ་ཏོག་ཏུ་ཡོངས་འཁྱིལ་བས། །ཚེ་འདིར་ཤེས་བྱའི་གནས་རྣམས་ཚིགས་ཆུང་ངུས། ཁོངཆུང་རིག་སྔགས་འཆང་བའི་འཕྲིན་རྟེན་སོན། །ན་ཚོད་རྒན་པོའི་ཁུར་དང་ལྷན་ཅིག་ཏུ། །ལུང་རྟོགས་ཡོན་ཏན་འབྲས་བུ་རབ་དུད་པའི། །གཏན་འདུན་ས་ལེ་སྦྲམ་གྱི་འབྱུང་ཁུངས་ཁྱོད། །ཛམྦུ་ལྗོན་པའི་མཆེད་ཟླར་དེང་འདིར་འགྲུབ། །ངེས་པར་དལ་འབྱོར་ཆོས་ཀྱི་ཆ་ཤས་ཀུན། །གང་བས་སྒྲིབ་གཉིས་མུན་སེལ་གཟུགས་ཕུང་ཉིད། །སྣ་ཚོགས་ཟུག་རྔུ་ལྷ་མིན་དབང་པོ་(༡༨༨བ)


GLG019_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །མཆེ་བའི་ཕྲག་ལས་རིང་དུ་བརྒལ་ཏེ་སྤྲོ། །ཕོངས་པས་རྒྱལ་པོའི་མཛོད་ནོར་བགྲང་བ་ལྟར། །བཅུ་ཕྲག་རིག་པའི་གནས་མང་ཉེར་ཐོས་ཀྱང་། །དོན་མེད་འདི་སྣང་འདུན་མས་བློ་བྲིད་པའི། །རབ་རྨོངས་ཁོ་བོ་མནོག་ཆུང་གཡེང་གཟེབ་ཆུད། །སྔགས་རློམས་རི་མོའི་མར་མེ་སྒྱུ་དྲའི་གར། །མ་ཡིན་ཆོས་གྲགས་དཔྱད་གསུམ་དག་པའི་ལུང་། །ཇི་བཞིན་མནན་སྲེག་འཕང་ལས་ཐོག་མདའ་ཡིས། །ཡིད་སྲུབས་དཔུང་བཅས་བཤིག་པའི་སྒྲ་དེ་སྙན། །མ་འདྲིས་ཀུན་ལ་ཁྱབ་པ་སྙིང་རྗེའི་རྩལ། །ཆོས་ཀྱི་དབྱིངས་ནས་བཞེངས་པའི་ཁྲོ་རྒྱལ་གྱིས། །འཁྲུལ་ངོའི་ཞིང་བཅུ་ཚང་བའི་ཁྲག་དྲོན་རྒྱུན། །རྔུབ་ཞལ་ཆེར་གདངས་སྲིད་གསུམ་ཟ་བ་བཞིན། །སྡེ་དཔོན་སུམ་ཅུའི་གོམ་པ་དགྲ་སྙིང་ལ། །ཉེར་བཀོད་གསོད་རྟགས་ཀ་ར་ཝཱི་རའི་རྗེས། །བཞག་པའི་མོད་ལ་དགའ་རབ་དབང་ཕྱུག་དཔུང་། །མྱ་ངན་ཁང་བུར་སོར་མོས་འགྲམ་པ་འདེགས། །ཆེར་སྙིགས་ལྔ་བརྒྱ་ཐ་མའི་ཆུ་ཀླུང་དུ། །ལོག་སྨོན་འགྲུབ་པའི་དམ་སྲི་འབྱུང་པོའི་དུག །ཤར་རྣམས་དག་བྱེད་ཞི་ཁྲོ་རོལ་པ་ཡི། །ཟབ་གསང་ཆུ་ལྷའི་བུ་དེ་གཞན་ན་ཅི། །ཡོད་ཡོད་ཐེག་མཆོག་རྒྱ་མཚོའི་དྲོད་ལྡིང་ཡང་། །དོན་དུ་རྔན་སྦྱིན་དག་ཙམ་གཏོང་བའི་ཆུ། །རྙེད་དཀའི་བན་སྔགས་ཚུལ་ལ་ཁྲེལ་དགོད་སྒྲ། །སེམས་མེད་དབྱར་སྤྲིན་མགྲིན་རྔ་སྒྲོག་པ་བཞིན། །རྣམ་འབྱེད་ཤེས་རབ་རི་བོ་སྒྲིལ་མིན་པར། ཁྱོད་བློ་ཆུ་གཏེར་གློང་གབ་(༡༨༩ན)


GLG019_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་རྟོགས་ཟླ། །མ་མཐོང་མཁས་རློམ་རྫིང་བུའི་རི་བོང་ཅན། །མཚར་འཛིན་རྣམ་དཔྱོད་རྡུལ་གྱི་ཆ་བཞིན་ཕྲ། །སྔ་འགྱུར་རིང་ལུགས་རྩ་བ་ཆེས་སྦོམ་ཞིང་། །རྩེ་མོ་ཐུབ་བསྟན་གནས་པ་དེ་སྲིད་མཁན་རབ་བྲས་ཐོས་བསམ་ཡལ་གར་སྨིན་གྲོལ་འབྲས། །དུད་པའི་བྱེད་པོ་དེང་དུས་ཁྱོད་དུ་འཁུམས། །འདུ་འཛིས་རིང་ཙམ་བསམ་གཏན་པ་ཀུན་ལ། །གྲགས་མོད་མཆོག་ཏུ་སེམས་ཉིད་གཉིས་འཛིན་ལས། །ཡོངས་དབེན་རང་རིག་དོན་གྱི་ཐོད་འཕྲེང་རྩལ། །རང་ཞལ་མངོན་སུམ་མཐོང་བའི་གནད་གསང་གཅེས། །ཐོས་བསམ་མུཀྟི་ལ་ཡི་འཁྲི་ཤིང་ཆར། །སྔོན་གོམས་ལེགས་བྱས་རྒྱ་མཚོའི་མཐུས་བབས་པ། །རྩོལ་བར་བལྟོས་པ་མིན་ཡང་རྡོ་རྗེ་གསུམ། །གཡོ་མེད་དམ་བཅའི་ཚུལ་ལ་ལྷག་པར་རངས། །བཀའ་གཏེར་བསྟན་སྲོག་ཁྱོད་རིང་འཚོ་བ་དང་། །ཟུངས་སུ་གྱུར་ཕྱིར་དྷཱུ་ཏཱིའི་ཀ་བ་ཡིས། །ཐབས་ཤེས་ཨ་ཧང་འགྱུར་བ་མེད་བྱིན་དུ། །རློབ་པར་རྩ་གསུམ་ཐུགས་རྗེའི་མཐུ་དཔུང་སྐྱེད། །དབྱངས་ཅན་སྤྱན་རས་ཉིན་བྱེད་བརྒྱ་ཕྲག་ཏུ། །ཕོག་པའི་ཤེས་རབ་ཏེ་སེའི་གཙུག་ཏོར་ལས། །ཆོས་དང་འབྲེལ་མཆོད་གངྒཱ་ཆད་མེད་པ། །རང་གི་ངོ་བོ་མི་གཏོང་དངོས་པོའི་གཤིས། །སྙན་ངག་ཉམས་འགྱུར་སྟོང་ལྡན་ཤ་མི་སྒྲིབ། །རྟེན་གོས་དུ་ཀཱུ་ལ་ཡི་ཁ་ཚར་ཅན། །གྱོན་པའི་འཕྲིན་ཡིག་འཆི་མེད་གར་མཁན་མ། །སྲོང་བཙན་སྤྲུལ་པའི་གནྡྷོ་ལ་དེར་སོང་། །ལུགས་ཟུང་ལ་བལྟ་བའི་དཔྱོད་ལྡན་རུ་ཐོག་དབང་པོ་ཕུན་ཚོགས་རྣམ་རྒྱལ་གྱིས་རིང་འཚོའི་རྟེན་བྱུང་དུ་འདོག་པའི་སྐྱེས་དང་བཅས་སྙན་ཚིག་གི་འཕྲིན་(༡༨༩བ)


GLG019_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བྱུང་བའི་ལན་ཉི་བུ་ལས་ཀྱི་མེ་ལོང་དོར་བའི་གཏམ་སྙན། སཱ རི ཏྱཱ གི གོ ད ཀྱཱ ཀཱ རུ ཎྱཱ ཡཱ མི ཀྱཱ ཨཱ མ ལྱ། ཙི ནྟཻ རྨཱ ཎེ ཤྩ ཀྲཱ ཙཱ རེ སྟོ ཀ ལྱཱ ཀཽ རུཿ ཤུ དྡྷཱུ ཀྲྀ། ཐུགས་(སྡེབ་སྦྱོར་གློག་འཕྲེང་།)རྗེ་གངྒཱའི་ཆུ་རྒྱུན་གྱིས། །དུས་ཀྱི་ཕོ་ཉའི་དྲི་མ་ཀུན། །དག་མཛད་ཡིད་བཞིན་འཁོར་ལོ་མས། །དཔྱོད་ལྡན་ཁྱོད་ལ་དགེ་བར་མཛོད། །སྤོབས་པ་མང་ཐོས་རྣམ་པར་སྦྱོར་བ་ཡི། །ཡོན་ཏན་ཆ་རྫོགས་ཆུ་ཤེལ་དབང་པོ་ལས། །དོན་རྒྱན་འཕྲིན་ཡིག་འོད་ཟེར་དཀར་འཇམ་དར། །ག་བུར་ངད་ལྡན་སེམས་ཀྱི་ཀུན་དའི་དཔྱིད། །འཁོར་མཚོར་སྲིད་བཟུང་མོང་བརྟུལ་འདམ་རྫབ་ཀྱིས། །མ་གོས་གནས་ལྔ་རིག་པའི་འདབ་སྟོང་ཁྱོད། །ཟུག་རྔུས་བ་མོས་མ་རེག་ལེགས་བཤད་ཀྱི། །སྦྲང་རྩི་མཛད་མེད་གཏམ་སྙན་རྣ་བའི་བཅུད། །འདིར་གནས་ཐོས་བསམ་སྒོམ་འབྲས་མི་ལྡན་ཡང་། །ན་ཚོད་རྒན་པོའི་སྡོང་པོ་ཆེས་སྦོམ་པ། །ཆོས་བརྒྱད་ཁང་བུ་ལོ་མའི་གྲིབ་བསིལ་ངོགས། །འགྲོ་(༡༩༠ན)


GLG019_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ངལ་གསོར་སྤྱོད་འདོད་རྨོངས་འདུན་ཙམ། །དཀོན་ཅོག་ཐུགས་རྗེ་བསྐུལ་བའི་མགྲིན་རྔའི་གླུ། །སྙན་ཚིག་རྒྱུད་དུ་དྲངས་པའི་སྒྲ་དབྱངས་དང་། །ལྷན་ཅིག་བདོག་པའི་སྐྱེས་ཀྱི་ཚན་གྲངས་བཅས། །ཕུན་ཚོགས་རྟེན་འབྲེལ་སྒོ་བརྒྱ་བསྒྲིགས་འདི་སྤྲོ། །ལས་ཉོན་གྱིས་འཕངས་སྒྲིབ་པའི་ལུས་ཅན་ང་། །མི་ཟད་སྐྱེ་འཆིའི་གཞན་དབང་རྗེས་འབྲང་ཡང་། །འགྲོ་མང་འདྲིད་པའི་སྒྱུ་ཐབས་ལྷུར་བླངས་ནས། །རིང་འཚོར་ཁས་འཆེའི་ཐོག་རྫུན་ཁྲེལ་དགོད་རྒྱུ། །ཀྱེ་མ་ལྐོག་ཏུ་མ་གྱུར་རང་རྒྱུད་ལ། །མངོན་སུམ་སྙོན་དུ་བྱེད་པ་བདག་གཅིག་པུ། །མ་ཡིན་བོད་འབངས་གཞན་ཕན་འདྲེན་པ་རུ། །རློམ་པའི་བླ་ཆེན་ཕལ་གྱི་རྣམ་པར་ཐར། །འོན་ཏེ་ས་སྤྱོད་ཁྱོད་ཀྱི་ལྷག་པའི་སེམས། །གངྒཱའི་ཡབ་གཅིག་སྤུན་ཟླ་ལས་བབས་པའི། །བདེན་ཚིག་རྒྱུ་འབྲས་ཡན་ལག་བརྒྱད་ལྡན་ཀླུང་། །ཆོས་ཉིད་རྒྱ་མཚོར་འབབ་དེ་གང་གིས་ལྡོག །སྲས་བཅས་རྒྱལ་བས་བྱིན་རླབས་བདུད་རྩིའི་རྒྱུན། །བདག་ཡིད་དད་པའི་ཟ་མ་ཏོག་འཁྱིལ་བས། །ཉི་མའི་བུ་ངལ་ལས་ཀྱི་མེ་ལོང་ཆེ། །དོར་ཏེ་བསྐལ་བར་གཉིད་ལ་ཅིས་མི་གཡུར། །ཚེ་དང་ཡོན་ཏན་ཀུན་གྱི་རྩེར་སོན་པའི། །སྤུར་རྒྱལ་བོད་ཀྱི་ཚངས་པ་རྒན་པོ་ཉིད། །ད་དུང་སྡེ་བཞིའི་གཡར་ངོ་འཆར་བའི་མིག །བགྲད་ནས་ཕན་བདེའི་གཟིགས་མོར་ཡུན་དུ་ལྟོས། །སྲིད་པའི་གནས་ལུགས་བརྗོད་པའི་ཚིག་གི་མཐའ། །མཛད་པའི་གོ་སྐབས་མེད་ཕྱིར་མི་ཕམ་མགོན། །དབུས་འགྱུར་ཡུལ་གྲུར་ཆོས་འཁོར་བསྐོར་མིན་པར། །བཅུ་གཉིས་ཁྱིམ་དུ་ཉི་ཟླའི་འགྲོས་བཞིན་འཚལ། །པད་རག་ཞུན་མའི་ཁུ་བ་ཉེར་འབབ་པ། །རྐང་འཐུང་(༡༩༠བ)


GLG019_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་མའི་བམ་པོའི་རྩེར་སོན་པ། །མཁས་ཁྱོད་བཏུང་བར་འོས་ཕྱིར་ཆོམ་རྐུན་གྱི། །མི་ཕྱེད་ཐུན་འཚམས་རྒྱ་ཡིས་སྤྲས་འདིའོ། །ལྷ་ཆེན་ཚངས་པ་དུང་ཐོད་ཅན་གྱིས་བླང་དོར་རིམ་གྲོའི་སྐུལ་མ་བཅས་པའི་གསུང་ཤོག་བྱུང་བའི་ལན་ཚུལ་བཞིན་སྒྲུབ་པའི་བདེན་གཏམ། རྣམ་འདྲེན་ཡོངས་ཀྱི་མཁྱེན་བརྩེ་ནུས་པ་རྣམས། །རྒྱ་གར་པཎ་ཆེན་གཟུགས་སུ་ལེགས་ཤར་བ། །མཚོ་སྐྱེས་རྡོ་རྗེ་ཕོ་ཉ་མཐུ་རྩལ་ཅན། །ལྷ་ཆེན་ཚངས་པའི་གསུང་འཕྲིན་དར་དཀར་འབྱོར། །སྤྱི་དང་ཁྱད་པར་ཡོངས་ལ་ཉེར་འཚེ་བ། །ཡིད་སྲུབས་སྡེ་དང་བཅས་པའི་སྨག་རུམ་རྣམས། །མཐར་བྱེད་ཐུབ་གསུང་ཀློག་སོགས་རྣམ་དཀར་དགེའི། །ལུང་བསྟན་ཉི་མས་བདེ་སྐྱིད་སྣང་བ་སྤེལ། །ལྐོག་གྱུར་མཐའ་དག་མེ་ལོང་བྱད་བཞིན་ལྟར། །རབ་གསལ་བླང་དང་དོར་བྱ་མ་ལུས་པ། །ཇི་བཞིན་ཉམས་སུ་བསྟར་མོད་སླད་མར་ཡང་། །དཔྲལ་བའི་སྤྱན་གྱི་གཟིགས་ནས་མངོན་སུམ་སྟོན། །དེང་དུས་མི་བསྲུན་འབྱུང་པོས་རྒྱུད་བརླམས་ནས། ཁུངས་ལྡན་སྲུང་མར་རྫུ་བའི་མིག་འཕྲུལ་མཁན། །བྱུང་སྙིགས་མའི་དུས་ཀྱི་སྐལ་ངན་ཡང་། །ལྷ་ཁྱོད་མཐུ་སྟོབས་རྡོ་རྗེ་འབར་བས་ཆོམས། །འབྲས་དཀར་རིན་ཅེན་སྤུངས་པའི་ཆོས་གྲྭ་ཆེའི། །བསྟན་སྲུངས་སྔོན་ཆད་ཁོག་ཞུགས་འགྱངས་པ་ལ། །དོག་ཆའི་གནས་མེད་རིང་མིན་འབྱོན་འགྱུར་པའི། །རྒྱུ་མཚན་རྣམས་ཀྱང་ཡིད་ཀྱི་དཔལ་བེར་འཁྱིལ། །ལྷ་སྙན་མཛེས་པར་བྱེད་པའི་དོ་ཤལ་དུ། །ཟླ་ཞུན་ཐགས་སུ་བཏགས་འདྲའི་ལྷ་རྫས་ཟུང་། །གསེར་སྐྱེམས་ས་ཟླའི་འཁོར་ལོ་དང་བཅས་ཏེ། །མགོས་ཉའི་དཀར་ཆའི་དུས་ཚེས་བཟང་བར་དགེ ། ས་སྤྲེལ་ལྷོ་འབྲུག་པས་ཚུར་རྒོལ་བྱས་པར་(༡༩༡ན)


GLG019_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ལེན་དུ་དཔུང་བཅུག་སྐབས་བསམ་ཡས་སུ་ལྷ་ས་ནུབ་པ་རིན་ཅེན་རྫོང་ལྟ་བྱས་ཏེ་གནོད་སྦྱིན་ཆེན་པོར་སྤྱན་གཟིགས་དང་བཅས་ཕྱིན་བཅོལ་དུ་གསོལ་བ་རྣམ་པར་རྒྱལ་བའི་རུ་མཚོན། བསྟན་འགྲོའི་ཕན་བདེ་སྤེལ་བའི་མེལ་ཚེ་མཁན། །དཔག་དཀའི་མཐུ་སྟོབས་མངའ་བའི་རྫུ་འཕྲུལ་གྱིས། །སྡེ་བརྒྱད་དམག་གི་ཁ་ལོ་སྒྱུར་བའི་དཔོན། །ཆོས་རྒྱལ་སྡེ་ལྔ་སྤྲུལ་ཡུམ་བློན་པོར་བཅས། ཁྱད་པར་སྐྱེ་རྒུ་རྣམས་ཀྱི་སྲོག་པའི་རྩར། །རང་བཞིན་ལས་ཀྱིས་གྲུབ་པའི་བླ་ཚེའི་གཤེད། །དཔལ་ལྡན་གནོད་སྦྱིན་དབང་པོའི་ཙི་དམར་བ། །བཀའ་གཉན་དྲེགས་པའི་ཚོགས་ཀུན་སྙན་གསོན་ཀྱེ། །ལྷོ་རོང་སྣ་ཚོགས་གྲུབ་མཐའ་འཛིན་མང་པོའི། །མངའ་འབངས་གཡོ་སྒྱུ་ཤེད་ཀྱིས་ཐོབ་པ་ཡིས། །མ་ཚིམ་ཚུར་རྒོལ་སྒོམ་ཆེན་ཆས་དང་མིང་། །གཟུང་ནས་འགྲོ་བའི་བདེ་སྐྱིད་འཕྲོག་ལ་གཟིགས། །རང་ཞབས་ས་མཚམས་འཛིན་པ་ལྷུར་བླངས་ཀྱང་། །ལན་ཆགས་བུ་ལོན་སྙེག་འདྲའི་བསམ་སྦྱོར་ལ། །གཟུང་དང་དཔང་མཛོད་བདེན་བརྫུན་དྲང་ཤན་ཕྱེ། །ཕ་རོལ་དགྲ་དཔུང་མངོན་སྤྱོད་ལས་ཀྱིས་སྒྲོལ། །དབུས་གཙང་རུ་བཞིའི་དཔུང་ཚོགས་བཤམས་པའི་གཡུལ། །རྣམ་པར་རྒྱལ་བའི་ལྷ་ངོ་གཟེངས་བསྟོད་དེ། །སྙན་པའི་གཏམ་དང་ལྷན་ཅིག་འཕྱར་བའི་དར། །སྲིད་པའི་རྩེ་མོའི་བར་དུ་ལེགས་སྒྲོངས་ཤིག །དངོས་བཤམས་ཐོར་གསལ་སྤྱན་གཟིགས་ཀྱིས་མཚོན་པ། །སྔགས་དང་ཕྱག་རྒྱས་ལེགས་སྤྲུལ་ནམ་མཁའི་མཛོད། །ཇི་བཞིན་འབུལ་བཞེས་ཕོ་ཉའི་ངག་གསོལ་ལན། །རྡོ་རྗེའི་གསུང་གིས་གསང་བ་སྟོན་པར་མཛོད། །ས་སྤྲེལ་ལྷོ་འབྲུག་པས་ཚུར་རྒོལ་བྱས་པར་གདོང་ལེན་གྱི་དཔུང་(༡༩༡བ)


GLG019_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་སྐབས་ལྕང་ལོ་ཅན་པ་བསྟན་འཛིན་དཔལ་བཟང་རྫོང་སྟ་བྱས་ཏེ་ཚོང་འདུས་སུ་ཆོས་སྐྱོང་བཤན་པ་བྱ་ཁྲི་མིག་གཅིག་པར་སྤྱན་གཟིགས་དང་བཅས་འཕྲིན་བཅོལ་དུ་གསོལ་བ་གཞན་སྡེ་མི་རྟག་ལམ་དུ་འགོད་པའི་མཚོན་རྣོན། ལོག་འདྲེན་སྙིང་གི་ཁྲག་དྲོན་སྐན་སྒྲ་དང་། །བཅས་ཏེ་དགྱེས་གསོལ་སྲོག་གིས་བཤན་པ་ཆེ། །བསྟན་སྲུངས་ཆེན་པོ་བྱ་ཁྲིད་མིག་གཅིག་པ། །སྲིད་གསུམ་སྐད་ཅིག་མྱུལ་བའི་ལྷ་ཁྱོད་གསོན། །གཏེར་སྟོན་དྲི་མེད་ཀུན་དགའི་བར་བཀབ་ཏུ། །ལྷོ་བོད་བདེ་བའི་གཤེད་མར་སྒོམ་ཆེན་གཟུགས། །འབྱུང་བའི་ལུང་བསྟན་དུས་བབས་དེང་གི་སྐབས། །བསམ་སྦྱོར་རྩུབ་མོས་ཚུར་རྒོལ་བྱེད་པར་དགོངས། །གཟུགས་ཅན་དམག་དཔུང་བཤམས་དང་ལྷན་ཅིག་པར། །བོད་སྐྱོང་དྲེགས་པའི་གཡུལ་གཤོམས་མཚོན་རྩེ་རུ། །ལྷོ་འབྲུག་སྲིད་སྡེར་བཅས་པའི་ཚོགས་རྣམས་ཀུན། །མི་རྟག་ལན་བུ་བཀོད་ལ་དབྱིངས་སུ་སྐྲོལ། །གསེར་སྐྱེམས་གོ་མཚོན་ཅང་ཤེས་མཐུན་རྫས་ཀྱིས། །དྲེགས་པའི་དབང་པོ་ཁྱོད་བཞེད་ཡོངས་བཀང་སྟེ། །ཞིབ་པ་ཡར་ལམ་ནས་གསོལ་ལེགས་ཉེས་རྣམས། །ལྐོག་ཏུ་གྱུར་ཀྱང་གསལ་བར་སྨྲེང་དུ་གསོལ། །ས་སྤྲེལ་ལོ་འབྲུག་པས་ཚུར་རྒོལ་བྱས་པར་གདོང་ལེན་དུ་དཔུང་བཅུག་སྐབས་ཆང་མཁྱེན་པ་ངག་དབང་མཁྱེན་བརྩེ་ལ་མོར་རྫོང་སྟ་བགྱིས་ཏེ་ཆོས་སྐྱོང་ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་སྤྱན་གཟིགས་དང་བཅས་འཕྲིན་བཅོལ་དུ་གསོལ་བ་བླང་དོར་བཞིན་རས་གསལ་བའི་མེ་ལོང་། ལྐོག་ཏུ་གྱུར་ཀྱང་ཁྱོད་ཀྱིས་མངོན་སུམ་དུ། །གཟིགས་པའི་དྲི་མེད་སྤྱན་ལྡན་སྲོག་གི་བདག །ཚངས་པ་དཀར་པོ་དུང་གི་ཐོར་ཚུགས་ཅན། །འབོད་པའི་སྒྲ་ལ་སྙན་གྱི་དབང་པོ་གཏོད། །རྟག་ཏུ་འཁྲུག་རྩོད་སྣ་འདྲེན་འགྲོ་བའི་བདེ། །འཇོམས་བཞིན་སྒོམ་ཆེན་མིང་འཛིན་ལྷོ་འབྲུག་གི །ཚུར་རྒོལ་བྱེད་འདི་བདེན་རྫུན་བཤན་འབྱེད་གཉེར། །(༡༩༢ན)


GLG019_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པའི་སྡེ་དཔོན་དཔུང་ཚོགས་མ་ཡིན་ནམ། །རང་ས་བཟུང་ཀྱང་ད་དུང་མཐོ་འཚམ་པར། །དེ་ལན་འཇལ་ཕྱིར་བཤམས་པའི་གཡུལ་ངོ་འདིས། །གཞན་སྲིད་སྡེ་བཅས་བཅོམ་ནས་རྒྱལ་བའི་རྔ། །བརྡུང་བའི་སྒྲ་དབྱངས་འཛམ་གླིང་ཀུན་ཁྱབ་མཛོད། །ཨོ་རྒྱན་སངས་རྒྱས་གཉིས་པས་བོད་ཡུལ་འདིའི། །བསྟན་འགྲོའི་སྲུང་མར་བསྐོས་པ་ཁྱེད་རྣམས་ཀྱིས། །འདི་ལྟའི་གནོད་བྱེད་ཐལ་བར་མི་རློག་ན། །ཞིང་བཅུའི་གཤེད་མ་གྲགས་པ་མིང་དུ་ཟད། །དངོས་སྤྲུལ་ཐུགས་དམ་སྐོང་བའི་དམ་རྫས་འདི། །སྒོ་ལྔའི་དབང་པོར་སིམ་སྟེ་དགྱེས་བསྐྱེད་ནས། །ཅུང་ཟད་ངག་གི་ལམ་ནས་གསོལ་བ་ལྟར། །བླང་དོར་མེ་ལོང་ནང་གི་བྱད་བཞིན་སྟོན། །ས་སྤྲེལ་ལྷ་འབྲུག་པས་ཚུར་རྒོལ་བགྱིས་པར་གདོང་ལེན་དུ་དཔུང་བཅུག་སྐབས་ཐང་པོ་ཆེར་ལྕང་ལོ་ཅན་པ་བསྟན་འཛིན་དཔལ་བཟང་རྫོང་སྟ་བྱས་ཏེ་ཐང་ཆེན་རྒྱལ་པོ་ཆེན་པོར་སྤྱན་གཟིགས་དང་བཅས་འཕྲིན་བཅོལ་དུ་གསོལ་བ་ཧ་ཧའི་གད་བརྒྱངས། གནོད་སྦྱིན་རྒྱལ་པོ་ཤིང་བྱ་ཅན་གྱི་བློན། །བཤན་པ་ལག་དམར་མཐུ་སྟོབས་རྫུ་འཕྲུལ་བདག །སྤྱན་སྔར་དམ་སྐོང་མཆོད་སྤྲིན་ཐོ་གསལ་ལྟར། །འབུལ་གྱིས་ཞི་རྒྱས་དབང་གི་ལས་ཀུན་སྒྲུབས། ཁྱད་པར་མི་བསྲུན་བསམ་དང་སྦྱོར་བ་ཡིས། །ཚུར་རྒོལ་ལྷོ་འབྲུག་དམག་གི་དཔུང་ཚོགས་ཀྱི། །ཤ་ཁྲག་སྲོག་དབུགས་ཆམ་ཆེམ་ཞལ་གསོལ་བའི། །དྲག་སྦྱོར་མཐུ་ཡིས་གཞལ་སྡེ་སྦ་བཀོང་ཞིག །བོད་ཡུལ་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད་ཀྱི། །ཞལ་ཁྱིམ་མཐོན་པོའི་དབྱིངས་སུ་དཔངས་སྟོད་ནས། །རང་སྲིད་དཔའ་བོའི་དཔུང་ཚོགས་རྣམས་རྒྱལ་བའི། །(༡༩༢བ)
སྭོ་སྒྲ་ཧ་ཧའི་གད་བརྒྱངས་ཕྱོགས་བཅུར་སྒྲོགས། །དཔྲལ་བའི་དབུས་ན་ཉི་མ་ལྟར་འཁྱིལ་བའི། །དམར་ཟླུམ་སྤྱན་གྱིས་སྟེང་འོག་ཕྱོགས་མཚམས་ཀུན། །གཟིགས་ནས་བགྱི་བར་འོས་དང་འོས་མིན་རྣམས། །སྟོན་ཅིག་ཕ་མེས་བརྒྱུད་པའི་བསྟན་སྲུངས་ཀྱེ། །


previousརབ་བྱུང་བཅུ་གཅིག་པའི་ས་སྤྲེལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext