Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ས་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ས་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ས་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ས་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ས་བྱ་ལོ་གསར་དགའ་སྟོན་ཐོག་ལྕོག་གྲ་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོས་སྙན་ངག་གི་ལམ་ནས་དྲངས་པའི་འཕྲིན་ཡིག་བདོག་པའི་སྐྱེས་དང་བཅས་བསྲིངས་པ་འབྱོར་བའི་ལན་ལྔ་རིག་གསེར་སྒོང་སྦྲུམ་པའི་རྒན་པོ། མ དྷྱ དེ ཤེ ད མོ པོ ཀྟ ཙཱ ཏུ རྦི ཏོ མེ དི ནཱི པཱ ཀྵི ནཱ བོ བྫ ཏ ྈྐ མྦུ རཿལ ཀྵྨི ཡོ ད ཀྵི ཎེ ཀུ ཎྜ ལཱ ཤྲི བ ཏཱ གཱི ཏ ཏེ ཀ ཎྛ བཱི ཎཱི རུ ཏཾ རྞི ཡཿ འཕགས་(སྡེབ་སྦྱོར་མེ་ཏོག་འཕྲེང་ཅན།)པའི་ཡུལ་དུ་ཞི་བར་ཉེར་འབོད་པ། །བཞི་ལྡན་ས་བྱ་གསར་དུ་ཚེས་པའི་དུང་། །ཕུན་ཚོགས་གཡས་འཁྱིལ་ཤིས་པ་བརྗོད་པའི་གླུ། ཁྱོད་མགྲིན་རྒྱུད་མངས་སྒྲར་བླངས་རྣ་བར་འཇེབས། །(༡༩༣ན)


GLG019_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་དོན་གྱི་སྐྱེས་བཟང་མཻ་ན་ཀཿ ། བདོག་པའི་ཚན་གྲངས་གོས་ཀྱིས་རབ་ཀླུབས་ནས། །དཔྱོད་ལྡན་འདུན་སར་དགའ་བའི་གར་བསྒྱུར་བ། །བླང་དོར་འབྱེད་པའི་མིག་གི་གཟིགས་མོར་ཆེ། །མང་ཐོས་ནོར་གྱི་ལྕི་བའི་ཁྱོད་ལུས་པ། །ཟུག་རྔུའི་ཆུ་གཏེར་གློང་ལས་གྱེན་འདེགས་པ། །བསོད་ནམས་གཟུགས་ཅན་བཞིན་བྱས་རུས་སྦལ་གྱི། །ངལ་བའི་ཁུར་ཆེན་མ་བཏང་ཚུལ་ལ་སྤྲོ། །འདི་ན་ཐོས་བསམ་སྒོམ་པར་མོས་བློའི་ཉི། །རྣམ་གཡེང་རླུང་གིས་མཁའ་ལ་ལྟག་བྲེལ་ཡང་། །འཆད་རྩོད་རྩོམ་པའི་སྣང་བ་འོད་པོ་ཆེས། །ཐུབ་བསྟན་འདབ་སྟོང་བཞད་ལ་མི་དམན་ཙམ། །བགྲང་བྱའི་གཟིངས་ཀྱིས་ན་ཚོད་ཆུ་བོ་ཡི། །སུམ་གཉིས་ཙམ་ལས་བཅད་པར་གྱུར་མིན་ཡང་། །ལྔ་རིག་གསེར་སྒོང་གང་བློའི་མངལ་སྦྲུམ་པས། །གཅིག་ཏུ་རྒན་པོར་གྱུར་ཏེ་ཕྱང་མོ་ཉུག །གྲུབ་བརྒྱུད་ཁ་བའི་རྡུལ་བརྩེགས་ཆེས་དཀར་བ། །སྲིད་ཞན་ན་བུན་འཁོར་བ་གཤིས་ཡིན་ཚེ། །ཆོས་བརྒྱད་རི་དྭགས་གཟུགས་བརྙན་དང་བྲལ་བའི། །མི་ལ་སྔོན་མེད་ཟླ་བར་གང་གིས་བསྙོན། །འོན་ཏེ་དེང་དུས་ཁ་བའི་སྨན་ལྗོངས་འདིར། །མར་མི་དྭགས་པོའི་རྣམ་ཐར་དྲི་མ་མེད། །འཛིན་ཀྱང་ཤོང་དཔང་བསྟན་པའི་ཉིན་མོར་བྱེད། ཁྱོད་མིན་ཕུར་བུས་བཙལ་ཀྱང་མ་རྙེད་ངལ། །དེང་ནས་མི་ཕམ་མགོན་དེ་འཕགས་ཡུལ་དུ། །འཚམས་སྤྲིན་གོས་ཀྱིས་མ་མནབས་དེ་སྲིད་བར། །གསར་ཚེས་དུས་སྟོན་འཕྲེང་བར་སྤེལ་ཀུན་ཏུ། །ཉམས་འགྱུར་སྙན་པའི་གླུ་རུ་རྟག་ལོངས་ཤིག །ནམ་ཡང་གང་གི་རྒྱུད་ལ་དུག་གསུམ་གྱིས། །བརླང་པོར་སྤྱོད་པའི་རྩུབ་རག་དང་བྲལ་བའི། །ཞི་(༡༩༣བ)


GLG019_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་ཆེས་དཀར་མཆེད་པོར་འོས་པའི་རྟེན། །འཕྲིན་ཡིག་ལུས་ཕྲའི་བག་ཡོད་གོས་སུ་ཀླུབས། །ས་སྤྲེལ་གོང་ནས་ཡར་ཀླུངས་ཨེ་མཆི་དང་། ཏ་དབེན་མཛྙུ་ཤྲཱིའི་དབོན་པོ་གཉིས་གསེར་ཡིག་ཏུ་མངགས་པའི་བཀའ་ཤོག །གནང་སྦྱིན་སོག་བོད་གཞུང་གི་བདེ་ཐབས་སྙན་དུ་གསོལ་བར་ཞལ་གྱིས་འཆེས་པའི་ལུང་བཟང་པོ་དང་བཅས་བྱུང་བའི་ཕེབས་ལན་གྱི་ཞུ་ཡིག་འབུལ་སྐྱེལ་དུ་ཐང་སག་སློབ་དཔོན་བློ་བཟང་འཇམ་དབྱངས་དང་། ཁང་གསར་རབ་བརྟན་རྫོང་སྟ་བྱས་སྐབས་ཕུལ་བ་འགྲོ་ཀུན་ཕན་བདེར་སྦྱོར་བའི་གཏམ་སྙན་ཕང་འགྲོའི་སྒྲ་དབྱངས། བཱ ཧ བཱ ནཱཾ མ ཧཱ རཱ ཛྱ ཏཱ པཱ རི ཛ མྦུ དྭི པོ ཥྞཱི ཥ ཙ གྲོ ཙྩ ལཱི ཡཱ ས ནེ། ནཱི ཥ མ ཏྲཾ ས ཏཱ ཡུ བན བཱ མ ནྟྲི ཀཱ ངྐུ ཤྱ ཀྲྀ དྨ ཉྫུ གྷོ ཥཱ དི པ དྨཱུ ལ ཡོཿ མང་(སྡེབ་སྦྱོར་མེ་ཏོག་འཕྲེང་བ།)པོས་བཀུར་བའི་རྒྱལ་ཁབ་ཆེན་པོ་ན། །འཛམ་གླིང་ཡོངས་ཀྱི་གཙུག་ཏོར་རྩེར་མཛེས་ཁྲིར། །འཁོད་པའི་མོད་ལ་རྫོགས་ལྡན་གསར་པའི་མགྲོན། །འགུགས་མཛེས་འཇམ་དབྱངས་གོང་མའི་ཞབས་དྲུང་དུ། །(༡༩༤ན)


GLG019_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི་ཀ་ཡི་སྒྲ་ལས་ཉེར་དྲངས་པ། །ཤིས་བརྗོད་ཚིག་གི་མེ་ཏོག་ལེགས་འཐོར་ཞིང་། །ཙན་དན་སྡོང་པོའི་དྲི་བཟང་རབ་འཐུལ་ཏེ། །མི་ཕྱེད་དང་བའི་ཡིད་ཀྱིས་མཆིད་འདི་ཞུ། །ལྷ་གཅིག་བཀའ་ལུང་གནམ་གྱི་ཤེ་མོང་རྟགས། །གསེར་འབྲུག་སྡེར་ལྔས་ཡོངས་སུ་བཏེག་པ་དང་། །ཕུན་ཚོགས་བདོག་པའི་གནང་སྐྱེས་གྱ་ནོམ་བཅས། །སོན་ཚེ་ཁྱོད་ཞལ་མངོན་སུམ་མཐོང་བཞིན་སྤྲོ། །མཁྱེན་བརྩེའི་ས་བོན་རྒྱལ་རིགས་གསེར་སྒོང་དུ། །སྨིན་པས་ནོར་འཛིན་ལ་གནས་ཚངས་པ་ཆེ། །གཟུགས་སྐུ་རྡོ་རྗེ་ལྟ་བུར་རྟག་བརྟན་པ། །ལུས་ཅན་ཡོངས་ཀྱི་བསོད་ནམས་ཟོང་གིས་བསྒྲུབས། །དེ་ཚུལ་ཐོས་པའི་མོད་ལ་རབ་དཀའི་ས། །ཐོབ་འདྲའི་ཡིད་དབང་བདེ་བས་འབྱམས་ཀླས་ཚེ། །སྣ་ཚོགས་ཀུན་རྟོགས་བག་ལ་ཉེར་ཞ་བ། །བསམ་གཏན་དང་པོའི་མིག་མི་འཛུམ་རྗེས་འགྲོ། །རྩོད་དུས་གསེར་གྱི་འཁོར་ལོ་མཁར་འཕགས་པའི། །གང་གི་དྲིན་གྱིས་འགྲོ་རྣམས་རྫོགས་ལྡན་བཞིན། །སྤྱོད་པའི་གྲིབ་མར་སྡེ་སྣོད་གསུམ་པ་ཡང་། །ཐུབ་པའི་བསྟན་ལ་རི་མོར་བགྱིད་འདུན་ཙམ། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱིས་མགྲིན་གཅིག་པར། །སྐྱེ་རྒུའི་མགོན་དུ་གཙུག་ནས་དབང་བསྐུར་བས། །ལྷ་ཁྱོད་བལྟམས་པའི་དུས་ལ་འཇིག་རྟེན་དུ། །རྣམ་སྨིན་ཆེས་དཀར་དགེ་བའི་མཚན་མས་ཁྱབ། །མི་བདག་བསོད་ནམས་བརྒྱ་ཕྲག་ཉི་མའི་ལུས། །འབར་བས་སྲིད་འདིའི་དྲེགས་(༡༩༤བ)


GLG019_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་སྨག་རུམ་ཀུན། །ཕ་མཐར་བྱེད་ན་རྒོལ་ངན་མེ་ཁྱེར་འོད། །འཇོམས་ལ་མཚར་དུ་འཛིན་པ་བྱིས་པའི་བློ། །ལེགས་བྱས་ཉ་ཕྱིས་ཡངས་པའི་ཁོག་པ་ནས། །རྟག་ཏུ་འབབ་པའི་ཕན་བདེའི་མུ་ཏིག་ཆར། །སྤྱོད་པའི་དབང་ཐང་དར་དྲགས་སྐལ་བཟང་ཅན། །སྔོན་བྱུང་གཏམ་ལས་དེང་སང་ཁྱོད་ཉིད་ཙམ། །འཁོར་བའི་ཕུན་ཚོགས་ཡོད་རྒུ་བསྟར་བ་ལས། །ལྷག་པ་ཁམས་གསུམ་སྣོད་འདིར་ག་ལ་ཞིག །གཏན་འདུན་ཐར་པའི་ཞིང་དུ་རྒྱུད་ལྔའི་འགྲོ། །སྦྱོར་ནུས་ངེས་པར་དོན་ལྡན་དམ་པའི་ཆོས། །དེ་ཚུལ་ཉི་མའི་གཉེན་གྱི་གསུང་རབ་ཚོགས། །འཁྲུལ་མེད་ལེགས་གྲུབ་ཞྭ་སེར་འཆང་བའི་བསྟན། །རྒྱ་དང་ཧོར་གྱི་ནོར་འཛིན་ཡངས་པའི་གཞིར། །སྤེལ་ནས་མྱ་ངན་མེད་པའི་རྣམ་ཐར་སྐྱོངས། །འཕགས་ཆེན་དམ་པ་རྒྱལ་པོའི་སྲིད་བཟུང་ནས། །འགྲོ་མང་གཏན་བདེར་འགོད་པ་གཤིས་ཡིན་ན། །འཇམ་མགོན་ཐུགས་རྗེའི་སྒྱུ་འཕྲུལ་གར་མཁན་ཁྱོད། །དཀོན་ཅོག་གསུམ་ལ་རི་མོར་མཛད་པར་རིགས། །མེས་དད་ཡད་མེས་བསོད་ནམས་སྟོབས་ཀྱིས་རྒྱལ། །ཡབ་གཅིག་དུས་ཀྱི་བདག་པོར་གནམ་གྱི་བུ། །རིམ་བྱོན་བཞེད་པའི་ལུགས་གཉིས་ཁྲིམས་ཀྱི་སྲོལ། །ཟླ་མེད་མཁྱེན་པ་ལེགས་དྲུང་གསལ་བར་འོས། །དགྱེས་པའི་སྤྱན་གྱིས་དུས་ཀུན་ཉེར་བཙའ་བའི། །འཛུམ་ཞལ་ལྷུག་པར་བསྟན་པའི་བཀའ་མཆེད་འཕྲེང་། །བསྐལ་པའི་ཕ་མཐའ་རྫོགས་མིན་རབ་སྩོལ་བའི། །དགའ་སྟོན་བདུད་རྩི་ཡིད་ལ་རྟག་འབབ་མཛོད། །ལྷར་བཅས་སྐྱེ་རྒུའི་རལ་པའི་ཅོད་པན་དུ། །མི་ཤིགས་རྡོ་རྗེའི་(༡༩༥ན)


GLG019_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་མོ་ཀྲུང་བཅས་ནས། །ཞབས་པད་ཚེ་མཐའ་ཡས་བའི་མགོན་པོ་ལྟར། །བསྟན་སྨོན་མཆོག་གསུམ་མཐུ་ཡིས་འགྲུབ་བྱིན་རློབས། །སྲད་བུར་བརྒྱུས་པའི་དཀར་དམར་རིན་ཅེན་ཤལ། །སྣ་ཚོགས་འཇམ་ཕྲུག་ཁྲས་སོགས་བདོག་པའི་རྟེན། །དྲི་མེད་རྣམ་པར་དག་པས་འདྲེན་བྱེད་དུ། །ཐོགས་སླད་ཐུན་འཚམས་རྒྱ་ཡིས་མངོན་པར་འཁྱུད། །ཛམྦུ་ཆུ་བོའི་གསེར་གྱི་མདངས་འཛིན་པ། །ཚེ་རིང་བྱ་ཡི་གནམ་ལོའི་ནག་པའི་ཟླར། །དངོས་པོ་ཀུན་གྱིས་བཏུད་ཡུལ་ཕོ་བྲང་ཆར། །དང་བའི་ཡིད་ཀྱིས་ཕུལ་པ་ཛ་ཡནྟུ། །ས་བྱ་བསམ་ཡས་མདོ་སྡེ་མཆོད་པའི་ཐོག་རྒྱ་དྲུག་པ་དབང་འདུས་བཏང་སྐབས་ཆོས་རྒྱལ་ཆེན་པོར་འཕྲིན་དུ་གསོལ་བ་ནམ་མཁའ་མཛོད་ཀྱི་སྒོ་འབྱེད། སྲིད་གསུམ་དབང་ཕྱུག་གནག་སྣུམ་རལ་པའི་རྩེར། །པདྨ་ཐོད་འཕྲེང་བཀའ་རྟགས་ཟླ་ཚེས་པའི། །སྤྲུལ་པའི་ཆོས་རྒྱལ་གསང་ཡུམ་བློན་པོ་སོགས། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་བཅས་ཀྱེ། །དེང་ནས་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་། །བོད་འབངས་ཕན་བདེའི་བསོད་ནམས་ཞིང་གནས་པར། །མདོ་སྡེ་མཆོད་པའི་དུས་ཀྱི་དགའ་སྟོན་དུ། །ཐོ་གསལ་བདོག་པ་ནམ་མཁའ་མཛོད་དུ་སྤེལ། །དྲག་ཤུལ་གནམ་ལྕགས་ཐོག་གི་རྗེས་འགྲོ་ཕྱིར། །དགྲ་བགེགས་ཉེར་འཚོའི་མཐུ་སྟོབས་ཐལ་བར་རློག །ཕུན་ཚོགས་འདོད་པ་འཇོ་ལ་དཔག་བསམ་གྱི། །མཆེད་ཟླར་གྱུར་པས་བསམ་བའི་རེ་བ་སྐོངས། །ཐུབ་བསྟན་ཉི་མ་འགྲོ་བའི་བདེ་སྐྱིད་མཁར། །ནམ་ཡང་འཆར་ནུབ་སྤངས་ཏེ་རྟག་གནས་ཤིང་། གངས་ཅན་ལྗོངས་(༡༩༥བ)
འདིའི་ནད་འཁྲུག་རྒུད་པའི་མུན། །རབ་ཞི་ཀུན་དགའི་སྣང་བ་ཆེས་ཆེར་སྤེལ། །ཚེ་རིང་འདབ་ཆགས་གནམ་ལོར་ཉེར་ཤར་བའི། །སྣོན་གྱིས་ཉ་བ་སྤྲེའུ་ཟླ་བ་ཡི། །དཀར་ཕྱོགས་དགའ་བ་གསུམ་པའི་ཚེས་བཟང་བར། །གཙུག་ལག་ལུགས་བརྒྱའི་འདུན་ས་ཆེ་ནས་དགེ། ས་བྱ་བསམ་ཡས་མདོ་སྡེ་མཆོད་པའི་དུས་སྟོན་ཐོག་རྒྱ་བྲུག་པ་དབང་འདུས་བཏང་སྐབས་བསྟན་སྲུངས་གནོད་སྦྱིན་ཙེའུ་དམར་པོ་འཕྲིིན་དུ་གསོལ་བ་རྫོགས་ལྡན་དགའ་སྟོན། སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཡིས། །བཀའ་ཉན་དྲེགས་པའི་དམག་དཔོན་ཆེ། །སྲོག་བདག་གནོད་སྦྱིན་ཙིའུ་དམར་བ། །དྲི་བྲལ་ལྷ་ཡི་སྙན་གྱིས་གསོན། །མདོ་སྡེ་མཆོད་པའི་དུས་སྟོན་ལ། །ཏིང་འཛིན་སྔགས་རྒྱས་བརླབས་པའི་སྐྱེས། །དེང་ནས་ཇི་སྲིད་སྤེལ་བའི་ཆེད། །ཕོ་ཉ་བདོག་པར་བཅས་ཏེ་མངགས། །ཐོག་མེད་སྒྲུབ་པའི་རྩལ་ལྡན་པའི། །དཔག་པར་དཀའ་བའི་རྫུ་འཕྲུལ་གྱིས། །ཞི་རྒྱས་དབང་གིས་ལས་རྣམས་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཡངས་པའི་འཇིག་རྟེན་མ་ལུས་དང་། ཁྱད་པར་སྤུར་རྒྱལ་བོད་ཡུལ་འདིར། །རྩོལ་ལྡན་ཉེས་བརྒྱའི་ཟུག་རྔུ་ཀུན། །རབ་ཞི་རྫོགས་ལྡན་ལྟར་སྤྱོད་མཛོད། །སྲིད་གསུམ་ཆེ་བའི་རིག་སྔགས་འཆང་། །པདྨ་ཐོད་ཕྲེང་སྤྱན་སྔ་རུ། །ཇི་ལྟར་དམ་བཅས་ཞལ་བཞེས་པ། །ནམ་ཡང་གཡེལ་བ་མེད་པར་མཛོད། །


previousརབ་བྱུང་བཅུ་གཅིག་པའི་ས་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext