Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ལྕགས་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ལྕགས་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ལྕགས་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ལྕགས་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ལྕགས་ཕག་ལོ་གསར་དུས་ལྕོག་གྲ་སྤྲུལ་སྐུས་སྙན་ཚིག་བསྲེངས་ལན་གྲུབ་རིགས་བསྟན་པའི་སྲོག་ཏུ་སོང་བའི་བདེན་གཏམ། །ཡ སྱ གྲཱི བི ནོ ཏ བྷ སཱ རཱ མ ཧ དྦྷྱ སྶཱ མཱ ཏྲི སྲོ ཏཱ པཱ ཏི ལེ ཁཻ སྶ ཙི ཧྞཾ། བཻ རོ དྷཱ ཀཱ ཤཻ རྦྷཱ རྵ ཀོ ད ཡཡ ལ ཀྵྨི མཱུ ཁཾ བྷཻ རཱ ཎཱཾ པཱུ རྦ ཡུ ཀྟཱ ནུ བྷ ཀྟ། གང་(སྡེབ་སྦྱོར་སྣ་ཚོགས་ལྷ་མོ།)གི་མགྲིན་པ་མ་དྲོས་མཚོ་ཆེན་ལས། །སྙན་ཚིག་གངྒཱ་འབབ་འཕྲིན་སྐྱེས་དང་བཅས། །འགལ་བྱེད་གནམ་ལོར་ཆེས་པའི་ཕུན་ཚོགས་སྒོ། །ཕྱེ་བའི་ཐོག་མར་སོན་ལ་རྗེས་སུ་རང་། །ལྷ་མིན་ཆོམ་རྐུན་གདོན་གྱིས་མ་ཕྲོགས་པར། །དལ་བའི་རྟེན་བཟང་བདུད་རྩིའི་ཟ་མ་ཏོག །རིང་འཚོའི་སྒྱུ་ཐབས་འཁོར་ལོ་བཞི་ལྡན་ཅན། །ཚངས་པའི་བརྟུལ་ཞུགས་འཆང་བའི་གཏམ་དེ་སྙན། །འདི་ན་ཇི་སྙེད་གནས་ལྔ་རིག་པའི་ཆ། །ཕྱོགས་ཙམ་མཐོང་བས་རྒན་(༢༠༣ན)


GLG019_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཁུར་འཛིན་ཡང་། །ཇི་ལྟའི་དེ་ཉིད་མངོན་སུམ་རྟོགས་པའི་བློ། །ཕྲ་བས་ད་དུང་གཞོན་ནུའི་ངང་ཚུལ་བཞིན། །འཁོར་བའི་ཤེལ་ལ་དུག་གསུམ་ཚོན་འཆར་བ། །སྒྲིབ་པའི་ལུས་ཅན་ཀུན་གྱི་རང་མཚང་སྟེ། །གཏན་བདེའི་དབང་གཞུ་བཀྲ་བ་མི་ལའི་མཚན། །ཟླ་མེད་ནམ་མཁའི་ཟླ་འདྲ་ཁྱོད་ཉིད་ཙམ། །མཐོན་པོའི་རི་རྩེར་གནས་པའི་བུ་ཆུང་ཕལ། །ཐང་འཁྱམས་དེང་དུས་ཕྱག་རྒྱར་རླམ་པའི་ཁྱུ། །ཆོས་སྲིད་གཉིས་བྲལ་གསུམ་པར་གཉིད་གཡུར་ཚེ། །གྲུབ་རིགས་བསྟན་པའི་ལག་ཏུ་ཁྱོད་སོང་བཞིན། །རྟག་ཆད་མུན་སྟུག་གཡང་སའི་དོགས་བྲལ་ཞིང་། །ལེགས་བཤད་སྣང་གསལ་ཐ་སྙད་རིག་པ་སྔར། །རྣམ་དཔྱོད་ཉི་མ་གང་བློའི་མཁར་ཤར་བ། །བསྟན་ལ་ཟོལ་ཟོག་མེད་པའི་བྱ་བར་འཁྱམས། །རྟོགས་པ་ནང་ནས་རྡོལ་བ་གྲུབ་པའི་རྟགས། །ཕྱིར་སྟོན་སྔོན་དུས་དབྱར་རྩྭ་ལྟར་མོད་དིང་། །བྱིངས་རྨུགས་སྒོམ་དུ་རློམ་པ་ཕྱི་བ་ཡི། །ནམ་མཁའི་མཛུབ་རིས་འདི་ལ་ཚིག་དགོད་བྲོ། །སྟོབས་འབྱོར་རིན་ཅེན་འབྱུང་གནས་སར་སྙེག་ཆེད། །ཀུན་རྟོག་འོག་འགྱུ་ངལ་མེད་རྟག་འགྲོའི་ཆུ། །མངོན་གྱུར་འདོད་པའི་སྒྲ་བསྐྱུངས་བྱ་གཞག་གིས། །བཏང་བའི་འཕྱོན་མའི་གར་གྱིས་འགྲོ་མང་འདྲིད། །རྟག་འགྲུས་གྲོག་སྐམ་རྒྱ་མང་ངལ་བ་ཙམ། །ལེགས་བྱས་རི་རྩེའི་ཆུ་རྟོལ་གྱེན་ལྡོག་མིན། །ཆོག་ཤེས་ཅི་བྱས་བདེ་བ་ཆོས་པའི་རྩེ། །འདོད་ཡོན་སྤྱད་ཀྱང་སྲིད་འཕེལ་ཁྱིམ་གྱི་བདག །ངོ་ཚའི་ཚངས་སྐུད་དག་བྱེད་ཀུ་ཤའི་ཕོན། །ཡོན་ཏན་སྤྱི་བླུགས་འཆང་བའི་བྲམ་ཟེ་ཁྱོད། །དེང་ནས་བགྲང་བྱ་བརྒྱ་ཕྲག་ཚེས་ཀུན་ལ། །བཀྲ་ཤིས་རྒྱུད་ལས་སྙན་འགྱུར་གླུ་རུ་ལོངས། །དགེ་བའི་རྒྱུ་སྤུན་མཐའ་ཀླས་ཉེར་(༢༠༣བ)


GLG019_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ། །བསོད་ནམས་རི་མོ་བཀྲ་བའི་དུ་ཀཱུ་ལ། །དཔྱོད་ལྡན་དྲང་སྲོང་ཕུབ་རུ་ཁྱོད་ཉིད་ཀྱི། །མཛེས་བྱེད་སྟོང་གཡོགས་གོས་སུ་ཀླུབས་འདིའོ། །རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་ཉང་སྨད་ཞ་ལུ་གསེར་བཀང་གི་ཆོས་གྲྭར་ལས་གཤིན་མཆོད་པའི་ཚེ་སྡེ་བརྒྱད་ཡལ་བ་མེད་པའི་སྐད་གཏོང་བའི་ལམ་ཡིག་འཆི་བདག་ནག་པོའི་རྐན་སྒྲ། ན་མོ་བཛྲ་བྷཻ་ར་ཝཱ་ཡ། རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ནས། །རྒྱ་བལ་བོད་ཀྱི་མཁས་གྲུབ་རིམ་པར་བྱོན་པའི་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་བཀའ། འཇམ་དཔལ་རབ་ཏུ་ཁྲོས་པ་དཔལ་གཤིན་རྗེའི་གཤེད་ཀྱི་ལུང་། གོང་མའི་ལུང་གིས་དེའི་ཆི་ཀྱིང་གང་ཞེས་སྲིད་ཞིའི་གཙུག་རྒྱན་དུ་དབང་བསྐུར་ཞིང་། དུས་དགྲའི་དབང་པོའི་རྣལ་འབྱོར་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བས་གོ་བར་བྱེད་པའི་གཏམ། སྲིད་པ་གསུམ་ན་གནས་ཤིང་རྒྱུ་བའི་འབྱུང་པོ་མི་དང་མི་མ་ཡིན་པ་སྤྱི་དང་ཁྱད་པར་མངའ་རིས་སྐོར་གསུམ། དབུས་གཙང་རུ་བཞི། མདོ་ཁམས་སྒང་གསུམ། རྒྱ་བལ་ཧོར་སོག་གི་ཡུལ་སྡེ་སོ་སོའི་བླ་མ། སློབ་དཔོན་རྒྱལ་བློན། །རྫོང་སྡོད། གཉེར་ལས་འཛིན། རྒན་དམངས། ཀོ་གྲུ་ལྕགས་གསུམ་གྱི་ལམ་གཉེར། །སྣེ་མོར་མངགས་པ་དང་བཅས་པའི་སྐྱེ་རྒུ་མཐའ་དག་ལ་ཟློ་བ། ཡོས་ལོ་ཟླ་བ་བཅུ་གཉིས་པའི་ཉེར་དགུ་ལ་ཆོས་གྲྭ་ཆེན་པོ་དཔལ་ཞ་ལུ་གསེར་བཀང་གི་གཙུག་ལག་ཁང་དུ། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་འཇིགས་རུང་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ཆེན་པོ་ནས་དམ་ཅན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་མ་གཤིན་དྲེགས་པའི་ཚོགས་དང་བཅས་པ་སྤྱན་དྲངས། །མཆོད་པ་དང་། གཏོར་མས་མཉེས་པར་བྱས་ནས་བསྟན།(༢༠༤ན)


GLG019_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཞབས་པད་བརྟན་པ་དང་། བསྟན་པ་སྤྱི་སྒེར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་དགྲ་རྣམས་ཚར་གཅད་པའི་འཕྲིན་ལས་ཞུ་རྒྱུ་ཡིན་པས། གཟུགས་ཅན་མི་རྣམས་ངོ་མཚར་གྱི་ལྟད་མོ་མིག་གི་བདུད་རྩིར་བསྟེན་པ་དང་། གཟུགས་མེད་རྣམས་མཆོད་གཏོར་ལེན་པ་ལ་འབད་པར་རླུང་སེམས་ལས་སུ་རུང་བའི་རྣལ་འབྱོར་པ་འདི་ཕོ་ཉར་མངགས་པ་ཡིན་པས་ཁྱོད་སོ་སོས་བཀུར་སྟི་གྲོགས་སུ་གང་འགྲོ་དང་། མཚེར་བབས་སུ་གནས་མལ་སྟོབ་པ། ཀ་གྲུ་ལམ་འཕྲང་ལ་སྒྲོལ་འདོན་སོགས་མཐུན་རྐྱེན་དུ་འགྲོ་བ་གྱིས། གཟུགས་མེད་རྣམས་ཀྱིས་ཀྱང་འདི་པའི་འགལ་རྐྱེན་སེལ་བ་དང་། མཐུན་རྐྱེན་སྤེལ་པའི་གྲོགས་ཀྱིས། གལ་ཏེ་གནོད་འགལ་བྱས་ཚེ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་རབ་ཏུ་ཁྲོས་ནས་འཆི་བདག་གཤིན་རྗེའི་ཟས་སྐལ་དུ་གཏད་ན་མི་སྐྲག་པ་ཨེ་ཡིན། མཛེས་བྱེད་ཀྱི་ལོ་ཁྲུམས་སྟོད་ཟླ་བའི་ཉེར་ལྔ་ལ་ཕོ་བྲང་ཆེན་པོ་ཏ་ལ་ནས་བྲིས། ལྕགས་གླང་ཆ་དཀར་དརྒན་ཆོས་རྗེས་བཀའ་འགྱུར་རྒྱུའི་མཐིང་ཤོག་སོགས་དངོས་པོ་མང་དུ་བྱུང་བའི་ལན་སྨོན་ལམ་དག་པའི་མཚམས་སྦྱོར། དུས་གསུམ་རྒྱལ་བ་མ་ལུས་པའི། །མཁྱེན་བརྩེ་ནུས་པ་ཀུན་གྱི་བདག །ཆོས་ཀྱི་རྒྱལ་པོ་བཙོང་ཁ་པས། །དད་ལྡན་ཁྱོད་ལ་དགེ་ལེགས་སྩོལ། །མངོན་པར་མཐོ་བའི་རྟེན་བཟང་པོ། །རིང་མིན་ཆར་ཡང་ནད་གདོན་སོགས། །མི་མཐུན་ཉེས་པས་མ་གོས་པར། །སྒོ་གསུམ་བདེ་བར་ལེགས་གནས་ཤིང་། །གནམ་སའི་དབང་ཕྱུག་གོང་མ་ཆེ། །དགྱེས་པའི་བཀའ་སྩལ་དབུགས་དབྱུང་བས། །ཕྱོགས་དེའི་བསྟན་པའི་ཞབས་འདེགས་སུ། །འགྱུར་བའི་བྱ་རྩོལ་དོན་ལྡན་ངོས། །ཡི་གེ་བཀྲ་ཤིས་ཁ་བཏགས་བཅུ། །གོས་བཟང་(༢༠༤བ)


GLG019_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་དོ་ཞོ་ལྔའི་གསེར། །དངུལ་གྱི་ལྷ་གཟུགས་རྣམ་པ་བརྒྱད། །ཇ་སེར་དང་བཅས་ཉམས་མེད་འབྱོར། །རྒྱལ་བའི་གསུང་རབ་བྲི་བའི་གཞི། །མཐིང་ཤོག་ཀོ་དྲ་བཞི་བཅུ་དྲུག །རྔ་མོ་བརྒྱད་དང་ལིང་ཡུག་བཅས། །ལྷག་བསམ་བློ་ཡིས་བསྲིངས་པ་ལེགས། །གནས་སྐབས་བསམས་པའི་དོན་གྲུབ་ཅིང་། །མྱུར་དུ་སངས་རྒྱས་ཐོབ་པ་ཡི། །བསྔོ་སྨོན་དཀོན་ཅོག་རིན་ཅེན་གསུམ། །དབང་པོར་བྱས་ཏེ་ནན་ཏན་བགྱིས། །སླར་ཡང་སངས་རྒྱས་དེ་སྲས་དང་། །ཉན་རང་སློབ་མ་དང་བཅས་པར། །གསོལ་བ་བཏབ་ནས་ཁྱོད་ཉིད་ལ། །ཕན་པའི་སྐྱབས་འཇུག་ཡུན་དུ་བྱེད། །དེ་བཞིན་གཤེགས་པའི་འཕེལ་གདུང་དང་། །དེའི་སྐུ་སྲུང་མདུད་རྟེན་བསྡུས་སྒྲ། །ཕྲུག་ཆེན་སྐྱེར་ཁ་འདོན་མ་དྲུག །རིང་འགག་སྲབ་འཐུག་གཟན་གཉིས་བཅས། །ལྕགས་མོ་གླང་ལོན་མ་མཐོང་ཟླའི། །གྲལ་ཚེས་དགེ་བར་བོད་ཡུལ་གྱི། །རྡོ་རྗེའི་གདན་གྱུར་འཕྲུལ་སྣང་དང་། །ཟུང་འབྲེལ་གྲུ་འཛིན་རྩེ་ནས་བྲིས། །ལྕགས་སྦྲུལ་ཁལ་ཁ་ཚོ་པ་བདུན་དང་ཨོ་རོད་ཚོ་པ་བཞི་ཕྱི་ནང་གི་གཞུང་རྣམས་སྤེལ་ཆེད་དུ་གཉེར་བའི་ཕོ་ཉ་དང་བཅས་མངགས་པའི་དུས་སྤྱིར་ལྷབ་ཤོག་དུ་བསྲིངས་པ་མཉེས་གཤིན་མཇའ་བའི་མདུད་པ། ས་འདིའི་མཆོད་སྦྱིན་བརྒྱ་པ་གནམ་བསྐོས་བདག །ཕུན་ཚོགས་བསོད་ནམས་སྟོབས་ཀྱི་དབང་ཕྱུག་བཀས། །ཕུལ་བྱུང་ལྷ་ཡི་བླ་མར་དབང་བསྐུར་བ། །ཏཱ་ལའི་བླ་མ་བཛྲ་དྷ་རའི་གཏམ། དབེན་ས་སྤྲུལ་པའི་སྐུས་གཙོས། བྱང་ཕྱོགས་ཡངས་པའི་ནོར་འཛིན་གྱི་གཞིར་འཁོད་པའི་ལུས་ཅན་སྤྱིར་ཕན་པ་བསྒྲུབ་པའི་བསམས་ལྡན་ཀུན་མཁྱེན་ཤཱཀྱའི་རྗེས་སུ་ཞུགས་ཤིང་གནས་པ་རྣམས་ལ་ཟློ་བ། དེང་གི་དུས་ཁྱེད་རྣམས་མཆོག་ཏུ་རྣམ་པར་དཀར་བའི་འབྲས་བུ་ལས་གྲུབ་པའི་ལུས་འཚོའི་ལྗོན་པ་(༢༠༥ན)


GLG019_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བརྟན་ཅིང་། རང་རང་གིས་བགྱིད་པར་འོས་པའི་ཐོས་བསམ་སྒོམ་པའི་ཡལ་འདབ་མངོན་པར་རྒྱས་པར་གནས་སམ། འདི་ཕྱོགས་སུ་ཉི་མའི་གཉེན་གྱི་རིང་ལུགས་པའང་འདུ་བ་སྙོམས་ཤིང་། སྟོབས་བཅུ་མངའ་བའི་ལུང་རྟོགས་ཀྱི་བསྟན་པ་སྤེལ་བ་དང་། ལུས་ཅན་ཀུན་ལ་གཅིག་ཏུ་དཀར་བའི་བསམ་པ་ཡར་ལྡན་དུ་མཆིས། ཉེ་བའི་ཆར་ད་ལྟ་དབུས་གཙང་གི་ལྗོངས་སུ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་འབྱོར་ཏེ། མངའ་འབངས་མཐའ་དག་དགེ་བའི་ལམ་ལ་འགོད་ཅིང་། བསྟན་པ་རིན་པོ་ཆེར་གུས་མཆོད་ལྷུར་ལེན་པར་གནས་སྐབས་བཞིན། དེ་ཕྱོགས་འཁོད་པ་རྣམས་ལ་ཡང་དྲི་སྨེད་བྱེད་པར་མཆོད་ཡོན་ཐུན་མོང་ནས་འདི་པ་རྫོང་སྟ་བྱས་ཡོད་ཅིང་། སྔ་སོར་དེ་ཕྱོགས་དར་རྒན་ནང་སོ་ཅན་ལ་ཡི་གེ་དག་བཅོས་སུ་བགྱིས་པའི་དོན་བཞིན་གཞུང་བཟང་པོ་སྤེལ་བའི་བསྟན་པའི་ཁུར་བླངས་ཀྱི་དོ་དམ་བྱས་འདུག་པའི་གནས་ཚུལ་འབྱོར་པས་ཡིད་སྤྲོ། དགེ་བ་མཐའ་དག་རྫོགས་བྱང་དུ་བསྔོ་བའི་རྒྱས་འདེབས་ནན་ཏན་དུ་བགྱིས་ཡོད་པ་དང་། སླད་ནས་ཀྱང་བསྟན་པ་རིན་པོ་ཆེ་དབྱར་མཚོ་ལྟར་སྤེལ་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབ་པ་དང་། ཕྱོགས་དེར་འཁོད་པའི་སྐྱེ་བོ་མཐའ་དག་ལ་ཕན་བདེ་འབྱུང་བའི་ཕྱིར། ཕན་ཚུན་དུ་ཡིད་གནག་པའི་བསམ་པ་མཐའ་དག་རིང་དུ་སྤངས་ཏེ། མཛའ་གཅུགས་ཀྱིས་བཅིངས་པའི་གཞུང་བཟང་པོ་སྔར་རྒྱུན་བཞིན་དུ་གནས་པའི་དོད་བགྱིད་དགོས་ཤིང་། གལ་ཏེ་བློ་མི་བསྲུན་པ་འགའ་ཞིག་གིས་རང་རང་གི་ཡོན་བདག་སོགས་ཕྱོགས་སུ་བཟུང་སྟེ་ལུགས་གཉིས་དང་མི་མཐུན་པའི་སྨད་པ་ལས་འགལ་ཚེ། དམ་ཅན་རྒྱ་མཚོ་དཔང་དུ་བཙུགས་པའི་མངོན་སྤྱོད་དྲག་པོའི་འཕྲིན་ལས་ཀྱིས་ལུས་སེམས་ལ་བརྣག་(༢༠༥བ)


GLG019_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཞིང་ལྕི་བའི་ཆད་པ་འབེབས་པ་ལ་མི་འཇིགས་སམ། སྨྲས་པ་དོན་ལྡན་དུ་བགྱིས་པ་རྣམས་ལ་གནས་སྐབས་མཐར་ཐུག་ཀུན་ཏུ་དགེ་བའི་ཏིང་ངེ་འཛིན་བཟང་པོའི་སྐྱབས་འཇུག་བྱེད་པ་ཡིན། ཞེས་འཕགས་པའི་ཡུལ་དུ་བྲྀ་ཥ་ཞེས་འདོད་ཅིང་། བོད་སྐད་དུ་མྱོས་ལྡན་ཞེས་བསྒྱུར་བ། ལྕགས་མོ་སྦྲུལ་གྱི་ལོའི་ཁྲུམས་སྟོད་ཟླ་བའི་ཕྱོགས་གཉིས་པའི་རྒྱལ་བ་གསུམ་པའི་ཚེས་ལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་ལུགས་ཟུང་གི་སྒོ་འཕར་ཅིག་ཅར་འབྱེད་པ་དགའ་ལྡན་ཕོ་བྲང་ནས་བྲིས། བྱང་ཕྱོགས་ཡངས་པའི་ནོར་འཛིན་གྱི་གཞིར་འཁོད་པའི་ཁལ་ཁའི་རྒྱལ་པོ། ཐ་བུ་ནང་མི་བཟང་དམངས་དང་བཅས་པ་མཐའ་དག་ལ་ཟློ་བ། དེང་གི་དུས་ཁྱེད་རྣམས་མཆོག་ཏུ་རྣམ་པར་དཀར་བའི་འབྲས་བུ་ལས་གྲུབ་པའི་ལུས་འཚོ་རབ་ཏུ་བརྟན་ཅིང་། རང་རང་གིས་བགྱིད་པར་འོས་པའི་བླང་དོོར་གྱི་གནས་རྣམས་ཕྱིན་ཅི་མ་ལོག་པར་འཛོལ་མེད་དུ་གནས་པའི་སྐབས་སུ་མཆིས་སམ། འདི་ཕྱོགས་སུ་དཔལ་ལྡན་ཤཱཀྱའི་འཕྲིན་ལས་པའང་འདུ་བ་སྙོམས་ཤིང་། སྟོབས་བཅུ་མངའ་བའི་རིང་ལུགས་སྤེལ་བ་དང་། ལུས་ཅན་ཀུན་ལ་གཅིག་ཏུ་དཀར་བའི་བསམ་པ་ཡར་ལྡན་དུ་མཆིས། གཞན་མ་རྣམས་གོང་དང་འདྲ་བ་ལ། གལ་ཏེ་བློ་མི་བསྲུན་པ་འགའ་ཞིག་གི་བྱེད་པས་སྨྲས་པ་ལས་འགལ་ཚེ། ཞེས་པ་ནས་གོང་དང་འདྲ་བ་ཞིག །ཁལ་ཁའི་རྒྱལ་པོ། མི་བཟང་སྡེ་དམངས་དང་བཅས་པ་ལ་གནང་བའོ། །ཀུན་མཁྱེན་ཟས་གཙང་སྲས་པོའི་འཕྲིན་ལས་པར་མིང་ཡོངས་སུ་གྲགས་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ། མིང་གཞན་ཇིང་གིར་གན་གྱི་ཡུལ་དུ་ཏཱ་ལའི་བླ་མ་བཛྲ་དྷ་ར་ཞེས་པའི་གཏམ། དད་སྟོབས་ལྡན་པ་ཛ་སག་ཐུ་རྒྱལ་པོས་གཙོས་པའི་ཁལ་ཁའི་རྒྱལ་(༢༠༦ན)


GLG019_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྒྱལ་རིགས་དབང་ཐ་བུ་ནང་མི་བཟང་སོགས་ལུགས་ཟུང་གི་བྱ་བའི་ཁ་ལོ་སྒྱུར་བ་མཐའ་དག་ལ་ཟློ་བ། འགྲོ་བ་ཀུན་ལ་གཅིག་ཏུ་སྨན་པར་མཛད་པའི་ཕན་དང་བདེ་བའི་དཔུང་གཉེན་དམ་པ། རྒྱལ་བ་ཉི་མའི་གཉེན་གྱིས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་སྒྲུབ་བྱེད་ཀྱི་ཐབས་སུ་གསུང་རབ་ཡན་ལག་བཅུ་གཉིས་བཀའ་སྩལ་བ་མཐའ་དག །བརྗོད་བྱའི་སྙིང་པོ་མི་དགེ་བ་བཅུ་སྤོང་ཞིང་། དགེ་བ་བཅུ་བསྒྲུབ་པར་གསུངས་པས། སྔོན་གྱི་འཛམ་གླིང་ཡངས་པའི་རྒྱལ་ཁམས་སུ་བྱོན་པའི་ཆོས་ལྡན་རྒྱལ་པོ་རྣམས་ཀྱིས་དགེ་བ་བཅུའི་ཁྲིམས་ལ་བརྟེན་ནས་རང་གཞན་གྱི་དོན་རླབས་པོ་ཆེ་བསྐྲུན་པ་ལྟར་སྐྱེ་རྒུ་ཀུན་གྱི་ཕན་བདེ་འབྱུང་བ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་རག་ལུས་ཤིང་། དེ་ཡང་ཡུལ་སོ་སོའི་ས་ཆེན་པོ་སྐྱོང་བ་རྣམས་ཀྱིས་རྒྱལ་ཁྲིམས་ཆོས་བཞིན་དུ་སྤྱོད་པ་ལ་རག་ལུས་པས། སྔོན་ནས་རྒྱུ་མཚན་རིམ་པར་སོང་བ་ལྟར། ཕྱོགས་དེའི་ཕྱི་ནང་ཀུན་ཏུ་ཕན་ཚུན་མཐའ་དག་མཉེས་གཤིན་པའི་ངང་ཚུལ་ཅན་གྱིས། རང་རང་གི་མངའ་རིས་ལ་ཆོག་ཤེས་པ་དང་། སྡིག་སྤྱོད་ཀྱི་ཚུལ་ལ་ངོ་ཚ་ཤེས་ཤིང་། སྔོན་ནས་གཉེན་དང་མཛའ་གྲོགས་སུ་གྱུར་པའི་ཁྲེལ་ཡོད་ལ་རབས་ཀྱི་སྤྱོད་ཚུལ་ནན་ཏན་དུ་བགྱིས་པའི་གཞུང་བཟང་པོ་བདེ་འཇགས་ཀྱི་ལྷག་བསམ་གྱི་ཁུར་ཆེན་པོ་དང་ལྡན་པ་དགོས་ཚུལ་ཞིབ་པ་ཨེར་ཏེ་ན་ཆོས་རྗེའི་ངག་ནས་སྨྲེང་བ་ལྟར། བརྗོད་པའི་འབྲས་བུ་ཡང་དག་པར་སྨིན་པ་ནན་ཏན་གལ་ཆེ་ཚུལ་འདིར་བསམ་སྦྱོར་ངན་པའི་ཀུན་དཀྲིས་ཀྱིས་ལོག་པར་འཁུ་ན། དམ་ཅན་རྒྱ་མཚོས་ཆད་པས་ལུས་སེམས་ལ་བརྣག་དཀའ་ཞིང་ལྕི་བར་མི་འགྱུར་རམ། སྨྲས་པ་དོན་དང་ལྡན་པ་རྣམས་ལ་གནས་སྐབས་སུ་ལེགས་པའི་དོན་རྣམས་འགྲུབ་ཅིང་མཐར་ཐུག་རྫོགས་(༢༠༦བ)


GLG019_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་མཆོག་ལ་རེག་པའི་བསྔོ་སྨོན་གྱི་རྒྱས་འདེབས་ཡིད་ལ་འགྲོགས་པར་བྱེད། འཕགས་ཡུལ་ཨ་དྷ་རར་འབོད་པ། ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ་ཆུ་ཤེལ་དབང་པོ་གྲོ་བཞིན་གྱིས་ཉ་བའི་ཡར་ཚེས་དགེ་བར་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ནས་བྲིས། ཚངས་པ་དུང་ཐོད་ཅན་གྱིས་བླང་དོར་གྱི་ལུང་བསྟན་མཛད་པའི་ལན་དུ་གསོལ་བ་ཆོས་ཀུན་བསྒྲིབས་མེད་གཟིགས་ལ་བསྔགས་པ། བདེ་ལྡན་མགོན་པོ་འོད་མཚན་གར་གྱི་དབང་། །མཚོ་ལས་སྐྱེས་པའི་རྡོ་རྗེའི་རྣམ་རོལ་པ། །སྲིད་གསུམ་ཟླ་བྲལ་རིག་སྔགས་འཆང་བ་ཡི། །ཕོ་ཉ་བསྟན་སྲུང་ལྷ་མཆོག་ཚངས་པ་ཆེའི། །མགྲིན་པ་རི་མོ་གཡས་སུ་འཁྱིལ་བའི་དུང་། །བླང་དང་དོར་བྱ་གསལ་བའི་སྒྲ་དབྱངས་ཅན། །གསུང་འཕྲིན་ལྷ་དར་ཐུན་མཚམས་ཕྱག་རྒྱ་ཡིས། །རྒྱས་བཏབ་བྱ་མ་རྟ་ཡིས་ཉམས་མེད་སོན། །རབ་དཀར་ཁ་བས་བསྐོར་བ་བོད་ཡུལ་འགྲོར། །ཉེར་འཚེའི་ནད་ཡམས་ཟློག་ཐབས་མེས་དབོན་གྱི། །ཆོས་འཁོར་སྟོད་སྨད་མཆོད་དང་གསུང་རབ་སྒྲོགས། །སྒོས་རིམ་ལྷ་གསོས་སྐང་བ་དགོས་ཚུལ་ངེས། །ལས་ཉོན་གདོན་གྱི་འཆིང་རྒྱ་མ་གྲོལ་བར། །འཁོར་བའི་ཟུག་རྔུ་ལུས་གྲིབ་ལྟར་འགྲོགས་ཀྱང་། །གནས་སྐབས་རང་བཞིན་བདེ་བའི་ཐབས་ཚུལ་ཀུན། །རྡོ་རྗེའི་གསུང་གིས་བསྟན་པ་བཞིན་དུ་བསྒྲུབ། །ལྷ་ཁྱོད་དཔྲལ་བའི་དཀྱིལ་ན་དམར་ཟླུམ་སྤྱན། །ལྐོག་གྱུར་ཤེས་བྱ་སྒྲིབ་མེད་གསལ་གཟིགས་པས། །བསྟན་འགྲོའི་ཕན་བདེ་སྤེལ་བའི་ཐབས་ཚུལ་རྣམས། །མ་སྦས་མངོན་སུམ་ལྟ་བུར་སླར་ཡང་སྟོན། །ཞི་རྒྱས་དབང་གིས་འགྲོ་བ་རྗེས་འཛིན་ཅིང་། །གདུལ་དཀའ་འདུལ་ལ་དྲག་སྦྱོར་འཕྲིན་ལས་ཚོགས། །ཐོགས་མེད་སྒྲུབས་ཤིག་པདྨ་ཐོད་འཕྲེང་གི ། སྤྱན་སྔར་ཁས་བླངས་དམ་བཅའ་ཉེ་བར་དགོངས། །དབང་པོའི་གཞུ་ལྟར་བཀྲ་བའི་དར་ཚོན་གྱི། །སྙན་ཤལ་སྣ་ལྔ་གསེར་སྐྱེམས་(༢༠༧ན)


GLG019_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ། །མཛད་མེད་ནམ་མཁའ་མཛོད་དུ་བྱིན་བརླབས་ནས། །ལྷ་ཆེན་ཐུགས་དམ་གཉན་པོ་སྐོང་ཕྱིར་སྤེལ། །ཀ་ཚལ་བླ་མ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་ཀྱིས་ལྕགས་ཕག་ཟླ་བ་བཅུ་གཅིག་པར་སྙན་ངག་གི་འཕྲིན་ཡིག་བྱུང་བའི་ལན་ལྷ་སྔགས་ཡེ་ཤེས་རོལ་གར། ཧེ མ ནཻ ཀ སྶུ རཻ བུ ཏྲ མཱ ཡཱ མ སཱ མ ནྱ ར ཏྣ དྭི ཏཱི ཡོ ཧི དྷ རྨཻ ཪྻཤ །མཽ ཁྱི ཀཱ མྲྀ ཏྱ སཱ དྷོ མ དོ བི དྱ དྷཱ མཽ དྲ ལེ ཁཱ སུ ཙི ཏྟཱ ངྐུ ལེ ཡུ ཀྟི ཀཿ གངས་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)ཅན་ལྷ་གཅིག་སྲས་པོའི་སྒྱུ་མའི་འཕྲུལ། །མཚུངས་མེད་རཏྣ་གཉིས་པ་ཆོས་ཀྱི་གྲགས། །ཞལ་ལུང་བདུད་རྩིས་ལེགས་མྱོས་རིག་འཛིན་གྱི། །རྒྱ་ལྡན་འཕྲིན་ཡིག་རྟེན་བཟང་སུག་པར་སོན། །དལ་བརྒྱད་འབྱོར་བཅུའི་ཆ་ཤས་ཉ་གང་ཞིང་། །ཐོས་བསམ་སྒོམ་པའི་འོད་ཀྱིས་སྲིད་ཞིའི་སྨག །མཐར་བྱེད་མཁས་ཤིང་གྲུབ་པའི་སྔོན་མེད་ཟླ། །ཉེར་འཚེའི་མཁའ་གླང་དང་བྲལ་རྣ་བའི་བཅུད། །འདི་ན་ཆེན་པོའི་རིགས་དང་གོ་ས་ཙམ། །གཞན་སྣང་འདྲིད་པའི་སྦྱོར་བར་འགྲོ་ཕན་ཞེས། །བླ་ཆེན་རྣམ་ཐར་འཕྱོན་(༢༠༧བ)
མའི་གར་བསྒྱུར་བའི། །སྟོང་ཟད་གྲུ་ཡིས་ཚེ་འདིའི་སུམ་གཉིས་བརྒལ། །ཀ་དག་མེ་ལོང་ངོས་སུ་ཞི་ཁྲོའི་སྐུ། །སྣང་བརྙན་ལྷུན་གྲུབ་ལྷ་སྔགས་ཡེ་ཤེས་ཀྱིས། །ཡིད་སྲུབས་ལས་རྒྱལ་བསྲུང་བཟློག་འཕྲིན་ལས་རྣམས། །བསྒྲུབ་པའི་རྣམ་པར་ཐར་དེར་བདག་ཡི་རངས། །མཁན་སློབ་ཆོས་སྒོ་སྐྱེ་སྤྲུལ་ཆེན་པོའི་གདུང་། །ཆེར་རློམ་ཚང་ཚིང་སྟུག་པོ་གཡུར་ཟ་ཡང་། །རིན་ཆེན་ཕུན་ཚོགས་རིང་ལུགས་ཛམྦུའི་ལྗོན། །ལེགས་བཤད་འབྲས་བུའི་རོ་བདའ་ཁྱོད་ཉིད་ཙམ། །དེ་ཕྱི་ཨ་ཧཾ་མི་ཤིགས་སྲོག་གི་ཀ །གཞོམ་མེད་རྡོ་རྗེའི་ཁམས་སུ་བསྒྲུབ་ནུས་པ། །རྩ་རླུང་ཐིག་ལེ་གཟུངས་སྔགས་བཅུད་ལེན་སྨན། །ཟབ་གཏེར་གདམས་པའི་སྙིང་པོ་ཉམས་སུ་ལོངས། །དབང་དང་རིམ་གཉིས་ཡེ་ཤེས་ལས་གོལ་བའི། །གནས་ལུགས་ཕྱག་རྒྱ་གཟུགས་མེད་ལྷ་ཡི་རྒྱུ། །ཚེ་འདིར་ཕུང་པོ་འོད་སྐུར་གྲོལ་ནུས་པའི། །རྫོགས་ཆེན་ཉམས་སུ་བསྟར་བ་གཏན་མདུན་རྩེ། །གང་གི་མགྲིན་པའི་འཁོར་ལོ་མ་དྲོས་མཚོ། །ལེགས་བཤད་ཡན་ལག་བརྒྱད་ལྡན་རྟག་འབབ་བཞིར། །འཕྲིན་ཡིག་ཆུ་ལྷ་དབུ་བའི་དོ་ཤལ་ཅན། །ཆད་མེད་བདག་བློའི་རྒྱ་མཚོར་ཕོབ་ཅིག་གུ །དོན་ལྡན་བརྗོད་པའི་རི་མོ་འདྲེན་བྱེད་ཟུར། །ལྷུང་ཕྱིར་ལྗོན་པའི་ཤིང་གི་བམ་པོའི་ངོས། །རྟགས་ཀྱི་སྤུ་སྡུག་བཀྲ་བའི་ཀོ་ཀི་ལ། །རིག་སྔགས་འཆང་བའི་དབང་ཕྱུག་མདུན་སར་འཕུར། །


previousརབ་བྱུང་བཅུ་གཅིག་པའི་ལྕགས་ཕག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext