Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ཆུ་བྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ཆུ་བྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ཆུ་བྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ཆུ་བྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ཆུ་བྱི་སྡིངས་པོ་ཆེ་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོས་གནམ་ལོ་གསར་ཚེས་ཀྱིས་ལེགས་སྐྱེས་སྤེལ་བའི་སྙན་ཚིག་གི་འཕྲིན་ལན་བདེན་གཏམ་རླུང་མི་བསྐུར་བར་མངགས་པ། (༢༠༨ན)


GLG019_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཀ ཎྛོ ཙྩཱ ལཾ པྲ ཏི བྷཱ ནཱ ཏྨ ལཱ ཤྲེ པ ཏྲཱ མྱ ཤྩ ཀྵ རི ཀཾ གཻ ཏྱ ལེ ཁཿ སྭཱ ལ ངྐཱརཻ རཁ ཙི དེ བྱ ཉྫ ལཱི ནཱཾ རེ ཁེ ནྲྀ ཏྱཾ ཀ ཏི ཀ ྈྐི ཉྩ བ རྟིཿ སྤོབས་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)པའི་མགྲིན་པ་བཏེག་ནས་ཤིས་བརྗོད་འཕྲེང་། །ཉམས་དང་འགྱུར་ཁུགས་གླུ་རུ་བླངས་པའི་འཕྲིན། །བདོག་པའི་རྒྱན་གྱིས་སྤྲས་པའི་མཻ་ན་ཀཿ །སྙིམ་པའི་ར་བར་གར་སྟབས་ཅི་ཡང་བསྒྱུར། །མཚུན་ལྷས་ངང་གིས་མ་སྲིངས་བསྐལ་པར་གཉིད། །གཡུར་བྱེད་ཚེ་ཡི་གཡུང་དྲུང་ཉ་ཕྱིས་ཁོག །མཁས་ཁྱོད་འཚེ་བའི་མུ་ཏིག་དར་དྲག་པ། །དྭགས་བརྒྱུད་བསྟན་སྲོག་ཟུངས་སུ་གྱུར་དེ་ལེགས། །འདི་ན་རྣམ་གསུམ་སྡེ་སྣོད་ཀློག་པ་མཁན། །རྩེ་གཅིག་སྒྲུབ་པའི་ཞེ་བཅད་མ་ནུས་ཀྱང་། །བཀའ་དང་དགོངས་འགྲེལ་དུ་མར་ཐོས་བསམ་གྱི། །བཟང་པོའི་བག་ཆགས་བརྟས་ལ་ཟོལ་ཟོག་མེད། །རྒྱ་བོད་བརྡ་དག་སྡེབ་སྦྱོར་སྙན་ངག་གིས་རྩིས། །ལོ་པཎ་མཁས་རྣམས་བགྲོད་པའི་ལམ་པོ་ཆེར། །རྣམ་དཔྱོད་ཤིང་རྟས་ལེགས་བཤད་ནོར་བུའི་དཔྱ། །འདྲེན་པའི་དེད་དཔོན་ཁྱོད་གྲགས་(༢༠༨བ)


GLG019_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བར་འཇེབས། །བྱང་ཆུབ་རྒྱུ་ཚོགས་ཐུབ་པས་སྔོན་བསགས་པའི། །བདེན་གཏམ་རླུང་བསྐུར་གཅིག་ཤེས་ཀུན་གྲོལ་ཞེས། །སྙན་གྱི་བུ་རམ་དངར་ཡང་མི་ལ་རྗེས། །དར་བློའི་རྩོད་པ་མ་བཟློག་གང་གི་སྐྱོན། །དེ་ཕྱིར་ཀློག་ཙམ་མི་ཤེས་ལུས་བསྲངས་ནས། །ལྟ་སྟངས་ངང་ནས་དལ་འབྱོར་སྟོང་ཟད་ལས། །རྣམ་གསུམ་ཤེས་རབ་བསྐྱེད་ལ་ངེས་སྦྱར་ན། །བདག་གཞན་བསླུ་བའི་ཆོ་གར་མི་འགྱུར་དྲང་། །རང་ཞལ་གསར་དུ་ངོམས་པའི་བགྲང་བྱ་ནས། །བསྐལ་པའི་ཕ་མཐའ་དེ་སྲིད་ཕན་བདེའི་སྲོག །འཚོ་འདོད་ལྷག་བསམ་ཟླ་བ་ལས་འཛགས་པའི། །ག་པུར་ཐིགས་འཕྲེང་སྤྲོ་བ་གཅིག་ཏུ་འདུན། །ཚངས་རིས་གྲུབ་པའི་བློ་གྲོས་རྒན་པོ་ཁྱོད། །སྭསྟིའི་པི་ཝཾ་འཁྲོལ་དང་ལྷན་ཅིག་པར། །ཕུན་ཚོགས་མེ་ཏོག་མ་ན་ར་ཡི་ཆར། །ལྔ་ཕྲག་བཅུ་ཡི་ཕ་མཐའ་སྙེག་སར་ཕོབ། །ཀླ་ཀློའི་གྲོང་ཁྱེར་ནོར་གྱིས་གང་བ་ལ། །མཚར་དུ་འཛིན་པ་བྱིས་པའི་བློ་གྲོས་ཏེ། །ལེགས་པར་བཤད་ལ་དཔྱོད་ལྡན་ཚོགས་མགུ་བས། །སྙན་ཚིག་རྒྱུད་མངས་སོར་རྩེར་རབ་བསྐུལ་ཞིག །ཡི་གེའི་ཚིག་དོན་ལང་ཚོ་རྒྱས་པའི་ཟླ། །རྟེན་གྱི་ཆུ་ཤེལ་དཀྱིལ་འཁོར་ལ་གནས་བརྫུན། །བདེན་ན་ཐགས་ཀྱི་རི་མོ་མངོན་སུམ་དུ། །གསལ་བའི་ངང་ཚུལ་འདི་ལ་སུ་ཞིག་བསྙོན། །ཤཱཀྱ་སེང་གེས་ཆོ་འཕྲུལ་བཀོད་པའི་རྡུལ། །བྱེ་བ་ཕྲག་བརྒྱ་ཀུན་གྱི་གཟིགས་མོ་རུ། །ལེགས་ཤར་མཉན་ཡོད་མཆོད་པའི་དཀར་པོའི་ཆ། །རྒྱལ་བ་དང་པོར་གྲུ་འཛིན་རྩེ་ནས་བྲིས། །ལྕགས་ཕག་གོང་ནས་མེ་རེང་བྱང་གི་ཚོགས་གསེར་ཡིག་བརྒྱད་པ་ཙམ་འབྱོར་སྐབས་བཀའ་ཤོག་གོས་དར་ཕྱི་གནང་སྦྱིན་བྱུང་བའི་ལེགས་འབུལ་གྱི་ཞུ་ཡིག་དང་བཅས་བསམ་གྲུབ་དགའ་ལྡན་གྱི་བླ་མ་བློ་བཟང་བསྟན་འཕེལ་དང་ལྕང་ལོ་ཅན་པ་བསྟན་འཛིན་དཔལ་བཟང་གཉིས་བཏང་སྐབས་སུ་ཕུལ་བའི་ཞུ་འཕྲིན་འཛམ་གླིང་གཙུག་ཏོར་མཛེས་རྒྱན། (༢༠༩ན)


GLG019_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ན ར ས ནི དྷ དྷཱ ཏུ ནཱ ཀྵེ ཏྲ ཙཱ ཧ བྻུ ཧཱ མཱ ཡ ལཱ ལི དྦྲྀ ཏ ཏྲཻ པ། གཱི ཚ ཏཿ བ དུ ར གམ ན ཙ ནྡུ ཏཱ ནུ རྡུ བེ སཱ དྷུ ཤཱ སྟཱ པ དཱ ད རྴ ཀཾ ནཱ། ཝཱ གཱི ཤྭ ར། ཞིང་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་རྒྱུན་ཆགས་དང་པོ་གཏམ་པའི་ཆར་འབེབས།)ཁམས་རྒྱ་མཚོར་ངོ་མཚར་བཀོད་པ་སྒྱུ་འཕྲུལ་རོལ་གར་གངྒཱའི་རྡུལ། །འགྲོ་བའི་དབང་པོར་འཚམ་པར་ལེགས་སྟོན་ཀུན་གཟིགས་མགོན་པོ་འཇམ་དཔལ་དབྱངས། །(༢༠༩བ)


GLG019_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ ནི ཀ ཙ པ རི ཛ མྦུ ཏི དྭཱི པ ཀཽ ཥྞཱི ཥི ཎ ཏྶ ཐི ཏྱ ས ཏྐ རཱ ཎཱ ཀ ཀཱ ནཱ ས ནེ། གགན བ སུ དྷ རེ ཤྭ རཻཿ ཀྵྨཱ པ ཏེ། རྴི ལ ཀོ དྷཱ མ ཧོ ཏྟཱ མ ཏ ཤྴཱི མ ཏོ མུ ལ ཏཱ། འཛམ་གླིང་ཡོངས་ཀྱི་གཙུག་ཏོར་གྱིས་བཏེག་མང་པོས་བཀུར་བའི་གསེར་གྱི་ཁྲིར། །གནམ་སའི་དབང་ཕྱུག་རྒྱལ་པོའི་ཚུལ་འཛིན་དཔལ་ལྡན་གོང་མ་ཆེན་པོའི་དྲུང་། །སྭསྟི་ཀ་ཞེས་ཤིས་པ་ཉེར་བརྗོད་པའི། །མེ་ཏོག་སིལ་མ་འཐོར་ཞིང་དྲི་ཞིམ་སྤོས། །རབ་འཐུལ་དབང་པོའི་ཕྱོགས་སུ་བཞིན་རས་དངོམ། །གུས་ཚུལ་འགོག་མེད་སྔོན་འགྲོའི་སྒོ་ཕྱེ་སྟེ། །རིས་མེད་ལུས་ཅན་མཛའ་ཤེས་དོན་རྣམས་ཀུན། །ལྷུན་གྲུབ་བུ་རམ་ཤིང་པའི་རྗེས་ཞུགས་ནས། །རྣམ་གསུམ་སྡེ་སྣོད་གཞུང་ལ་ཀློག་པ་མཁན། །སྡོམ་བརྩོན་རྒན་པོས་དང་བའི་མཆེད་འདི་གསོལ། །རྒྱལ་བའི་ཡབ་གཅིག་ཟུར་ཕུད་ལྔ་ལྡན་པ། །སྒྲིབ་གཉིས་ཟད་པར་སྤངས་པའི་སངས་རྒྱས་དངོས། །ཐུན་མོང་གདུལ་བྱར་ས་བཅུའི་ཚུལ་བཟུང་ཡང་། །སྐྱེ་རྒ་ན་འཆིའི་ཟུག་རྔུས་ག་ལ་བརྫི། །དེ་ཕྱིར་ལྷ་(༢༡༠ན)


GLG019_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་མགོན་པོ་ཁྱོད་ཉིད་ལ། །སྙུན་འདྲི་སྨེད་པ་བྱིས་པའི་བློ་གྲོས་ཙམ། །འོན་ཏེ་འཇིག་རྟེན་མཐུན་པར་འཇུག་པ་འདི། །ཡོངས་ཀྱི་སྲོལ་ལགས་ནོར་འཛིན་སྐྱོང་བ་གསོན། །སྐད་རིགས་རྒྱན་གོས་བྱ་རྩོལ་ཐ་དད་པ། །བགྲང་ཡས་སྐྱེ་རྒུའི་བསོད་ནམས་ཚོང་ཟོང་གིས། །བསྒྲུབས་པའི་གང་སྐུ་ཟོ་མདོག་རྒྱས་པའི་གཟི། །བརྒྱ་ཕྲག་ཉི་མའི་འོད་ལ་འགོད་དེ་སྤྲོ། །མགོན་པོ་ཁྱོད་གསུང་འཇམ་སྙན་ཀུན་བཟོད་གཞིར། །རྒྱུ་བར་གཏོགས་སོ་ཅོག་གི་དབུགས་དབྱུང་ཡང་། །བརླང་སྤྱོད་དྲེགས་ལྡན་ཕྲག་པར་བཙན་པོའི་ཁྲིམས། །གསེར་གྱི་གཉའ་ཤིང་འཛིན་རི་གཅིག་ཏུ་ལྕི། །འགྲོ་རྣམས་བུ་གཅིག་ལྟར་བརྩེ་བྱམས་པའི་ཐུགས། །པདྨའི་འདབ་བཞིན་མཉེན་ཀྱང་མི་བསྲུན་སྡེར། །གཏུམ་དྲག་གསང་བ་ཀུན་འཆང་མཐུ་སྟོབས་ཀྱིས། །འབར་བའི་རྡོ་རྗེའི་རྭ་རྩེ་ཕྱོགས་བཅུར་གདེངས། །འཛུམ་ཞལ་ལུང་གིས་ཉེར་མངགས་བྱང་གི་སོགས། །གསེར་ཡིག་དགུ་གྲངས་ལག་པད་གྱིས་བཏེག་པའི། །གནམ་གྱི་ཤེ་མོང་རི་མོའི་བཀའ་རྟགས་ཅན། །དོན་བཟང་གནང་སྐྱེས་དང་བཅས་འབྱོར་ཏེ་སྤྲོ། །འདི་ན་ལྔ་ཕུང་བྲོ་ནད་དང་བྲལ་ཞིང་། །བསྟན་དང་འགྲོ་བའི་ཕན་བདེ་དབྱིག་འཛིན་ཁྱོན། །བླ་ནས་བླར་འདེགས་ལྷག་བསམ་རུས་སྦལ་ཁུར། ཁྱབ་འཇུག་ཁེངས་པའི་རི་བོ་སྙིལ་ལ་བྲེལ། །མི་རྗེ་ཁྱོད་སྙན་ཚངས་པའི་ཡུལ་ས་རུ། །གྲགས་པས་སུམ་རྩེན་བདག་པོའི་རལ་པའི་རྩེར། །ཞབས་སེན་ཀུན་ཕན་འགོད་ཆད་མཐོ་རིས་སྐས། །བབས་ཏེ་ས་འདིར་ཡོང་ལ་རིངས་སམ་སྙམ། །ཚུལ་དེས་ཡིད་དྲངས་རི་རྒྱལ་ལྷུན་པོ་ཡིས། །ཆུ་གཏེར་མཚམས་ལས་སྐེ་རགས་ཡན་འཐོན་ཏེ། །ཉི་ཟླ་ཟུང་གི་སྒྲོན་མེ་རབ་སྦར་ནས། །(༢༡༠བ)


GLG019_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་ཕྱིར་གཡོ་མེད་གཅིག་ཏུ་གནས་པ་བཞིན། །གསེར་འབྲུག་ཚང་འཁྱིལ་ལྔ་ལྡན་སྡེར་མོ་ཡིས། །བཏེག་པའི་རིན་ཆེན་ཁྲི་ལ་དབང་ཕྱུག་ཁྱོད། །ཞབས་ཟུང་བསྐལ་བརྒྱར་མི་གཡོ་རྟག་བཞུགས་པ། །མཆོག་གསུམ་ཐུགས་རྗེའི་མཐུ་ཡིས་འགྲུབ་བྱིན་རློབས། །ཡངས་པའི་ས་ལ་གནས་སོ་ཅོག་གི་འགྲོ། །བཀའ་དྲིན་གྲིབ་མར་མི་བརྟེན་མཆིས་མིན་ཡང་། །ཡབ་རྗེས་བསྟན་པ་གཅིག་ཏུ་ལུང་ལས་ཀྱིས། །དབང་བསྐུར་དངོས་ཅག་ལྷ་ཁྱོད་ཆེད་དུ་སེམས། །དེ་ཕྱིར་སྔོན་ནས་བྱམས་བརྩེའི་གྲུ་རྫིངས་ཀྱིས། །ཕན་བདེའི་རིན་ཆེན་གླིང་དུ་དྲངས་པའི་ཁ། །སྙོགས་པས་སྤྱི་བརྟོལ་བསྐྱེད་དེ་ཡང་གསོལ་པ། །མི་ཁྲེལ་དགྱེས་པའི་འཛུམ་ཞལ་ལྷག་པར་སྟོན། །བདེ་སྐྱིད་སྲོག་གི་ཀ་བ་འཛུག་པའི་སྨན། །བཀའ་ཡིག་བདུད་རྩི་སྙིང་གི་ཟ་མ་ཏོག །བྱམས་མགོན་དབུས་འགྱུར་བྱོན་མིན་དེ་སྲིད་དུ། །ནམ་ཡང་ཆད་པ་མེད་པར་འགེང་བར་གསོལ། །སྤྱན་རས་གཟིགས་པ་འབབ་བརྟེན་རིན་ཆེན་འཕྲེང་། །འཇམ་ཕྲུག་སྣ་ཚོགས་བདོག་པས་ཉེར་བཏེག་པའི། །ཞུ་མཆིད་རྒྱན་གྱིས་སྤུད་པའི་མཻ་ན་ཀཿ །གནམ་བསྐོས་རྒྱལ་པོའི་ཁབ་ཏུ་ཟློས་གར་བསྒྱུར། །ཉལ་འགྲོའི་གོས་སྔོན་ཀླུབས་པ་བྱི་བ་ལོའི། །ཆུ་ཤེལ་དབང་པོ་དབོ་ཡིས་ལེགས་ཉ་བའི། །དཔྱིད་ཀྱི་ལང་ཚོ་ངོམ་པའི་དུས་དགེ་བར། །རང་བྱུང་འཕགས་པའི་གཙུག་ལག་ཁང་ནས་ཕུལ། །རིག་སྔགས་འཆང་བའི་དབང་ཕྱུག་ཀ་ཚལ་བླ་མ་དཀོན་ཅོག་ལྷུན་གྲུབ་ཀྱིས་ངེད་འབྲུམ་ནད་ལས་གྲོལ་བའི་ལེགས་སྐྱེས་དང་ལྷན་ཅིག་པར་རྨེ་རུ་བླ་མ་བྲག་སྒོ་རབ་འབྱམས་པས་པདྨ་བཀའ་ཐང་ལ་རྩོད་པའི་ལན་གྱི་ཤོག་དྲིལ་འདི་ཇི་ལྟར་བྱུང་ཞེས་དྲིས་པའི་འཕྲིན་ལན་ནམ་མཁའི་སྐེ་རགས། (༢༡༡ན)


GLG019_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

ཏ བ གྲཱི པ སཱ ཧ སྲ པཱ ཪྨི ཀྱ མོ ཀྟཱ གྲ ཏཱ སྭཱ ར བྷྲཾ ངྒཱ ནུ རཱ གྦཱི ཎ ཤ བྡེ། པྲ བཱ ཀྐོ ཊི གཱི ཏྱཾ བ ཏུཾ པ ཉྩ མཱ སྠཱ ན པི བྱོ ཀྟ ཏ དྤེ ཁ ཏཱ ཙི ཧྞ ཡུ ཀྟ། ཁྱོད་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་ལས་འཕྲོ་ལྟུང་བ)མགྲིན་པདྨའི་འདབ་སྟོང་གྲོལ་བའི་རྩེར། །དབྱངས་ཅན་བུང་བ་རྗེས་ཆགས་རྒྱུད་མངས་སྒྲར། །གཙུག་ལག་བྱེ་བའི་གླུ་རུ་ལེན་མཁས་པ། །གནས་ལྔ་རིག་པ་སྨྲ་དེའི་འཕྲིན་རྟེན་འབྱོར། །སྡིག་འབྲས་གོ་ལའི་ཁྱིམ་དབུས་མི་རྒྱུ་བས། །ཉིས་བརྒྱ་ཟུག་རྔུ་སྒྲ་གཅན་དང་བྲལ་བའི། །དལ་རྟེན་ཟླ་བ་ཐོས་བསམ་སྒོམ་པའི་ཆ། །ཡོངས་གང་ཕན་བདེའི་བསིལ་ཟེར་འགྱེད་དེ་སྙན། །འདི་ན་རྡོ་རྗེའི་ཚེར་མས་བཅིངས་པའི་རྒྱ། །ཐབས་མཁས་འཕྲུལ་གྱི་མཚོན་ཆས་ཉེར་བཅད་ནས། །སྒོ་གསུམ་བདེ་བར་བག་ཕེབ་གཏན་གྱི་འདུན། །སྒྲུབ་འདོད་ཡིད་ཀྱི་རི་མོ་མ་ཡལ་ཙམ། །རྟོག་གེའི་ཚིག་བཤད་སྦུན་པས་མྱོས་པའི་གླང་། །ལོག་རྟོག་ཁོག་པོར་བརྗོད་པའི་གོམ་སྟབས་ཀྱིས། །སྔ་འགྱུར་པད་རྫིང་རྙོག་པ་མདའ་ལྔའི་སྟོབས། །ཆེར་འཕེལ་ལྔ་བརྒྱ་ཐ་མའི་དུས་ཀྱི་སྐྱོན། །དེང་དུས་སྐྱེད་བྱེད་(༢༡༡བ)


GLG019_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པའི་ཁྲོན་པ་ལ། །མཚར་འཛིན་བློ་མིག་དཀྱུས་ཐུང་བྱིས་པ་རྣམས། །རྒྱལ་ཁམས་ཤེས་བྱའི་ཕ་མཐའ་མ་མཐོང་བར། །མུ་ཅོར་སྨྲ་བའི་ཁ་དེ་བདུད་ཀྱིས་ཕྱེ། །ཐུབ་རྣམས་གྲངས་མེད་འགྲོ་བའི་བསམ་པ་དང་། །མཚུངས་པའི་རྣམ་ཐར་བཀོད་པ་མཐའ་ཀླས་ཀྱང་། །ཚད་འཛིན་བླུན་པོའི་སྙིང་སྟོབས་རང་གི་མཚང་། །འབད་པས་ཆེད་དུ་གཞན་ལ་དངོམ་པ་བཞིན། །དཔལ་སྦས་དུག་གཡོས་ནུས་བྲལ་རྟོགས་བརྗོད་དང་། །ལས་བཅུ་རྣམ་དཔྱོད་དྲང་ངེས་དགོངས་དོན་ལྟར། །པད་འབྱུང་ཕྱི་ནང་གསང་བའི་རྣམ་ཐར་མཁའ། །ཕ་ཝཾ་གཤོག་པའི་རྩལ་གྱིས་གཞལ་ནུས་མིན། །ནོར་སྐྱོང་སྲང་མདོར་སྒྲོག་པའི་སྐད་གསང་ལ། །སེང་གེ་བ་སྤུའི་རྩེ་ཡང་མི་འགུལ་བཞིན། །ལུང་རིགས་ཁས་ལེན་བྲལ་བའི་གདོལ་གཏམ་ལ། །མཁས་རྣམས་བརྒལ་ཞིང་བརྟག་པ་ངལ་བ་ཙམ། །འོན་ཏེ་སྐྱེ་མངས་གོམས་པའི་ས་བོན་ཚོགས། །རབ་སྨིན་གནས་ལྔར་སྦྱངས་སྟོབས་ཡོངས་འདུའི་ལྗོན། །ལེགས་བཤད་འབྲས་བུས་དུད་པའི་དཔྱོད་ལྡན་ཁྱོད། །སྨྲ་བའི་སྤོབས་པ་གཟེངས་སུ་མངོན་པར་མཐོ། །དེ་ཕྱིར་སངས་རྒྱས་གཉིས་པ་ཨོ་རྒྱན་གྱི། །རྣམ་ཐར་ཉེས་པའི་དྲི་བྲལ་ཆུ་བོའི་ཀླུང་། །ལོག་རྟོག་རྙོག་མར་བྱས་རྣམས་དྲུངས་པའི་གཏམ། །ཀེ་ཏ་ཀ་ནོར་གསར་དུ་བསྐྲུན་འདི་མཚར། །ཐ་སྙད་ཚིག་གི་མཐའ་ལ་མཛད་པ་མེད། །ངེས་དོན་སྙིང་པོའི་ཡང་སྙིང་རྫོགས་པ་ཆེ། །སྣང་བཞིའི་ལམ་བཟང་འོད་གསལ་ལོངས་སྐུའི་ཞིང་། །མྱུལ་བའི་ངང་ཚུལ་འདི་ལ་གཅིག་ཏུ་སྨོན། །རྣམ་གསུམ་ཡོ་གའི་རྡོ་རྗེ་རྣལ་འབྱོར་མཆོག །འཆི་མེད་ཟིལ་དངར་ཡིད་ཀྱི་ཟ་མ་ཏོག །ཉེར་གཏམས་འདི་དང་གཏན་གྱི་མདུན་མ་ཀུན། །གཡེལ་མེད་པཀྵཱའི་རྒྱུན་ལྟར་རྩོན་ཅིག་གུ། །དོན་ལྡན་རྟེན་བཟང་རིང་པོར་འཚོ་བའི་ཐབས། །མི་དམན་རྟག་ཏུ་འགྲུས་པ་ལྷུར་ལེན་ངོས། །མོལ་མཆིད་མཐོ་རིས་ཆུ་བོ་བློ་གྲོས་ཀྱི། །གདོང་བཞིའི་རལ་པའི་གློང་ནས་རྟག་འབབ་མཛོད། །རྐང་འཐུང་འདབ་མའི་སྙིང་པོ་ཉེར་(༢༡༢ན)


GLG019_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་ཏེ། །བམ་པོར་བྱས་པ་རོ་བརྒྱ་བདའ་བའི་བཅུད། །ས་སྲུངས་མཆེད་ཟླར་འཁུ་བའི་བདོག་པ་ལ། །ཐུན་མཚམས་རྒྱ་ཡིས་མི་ཕྱེད་དམ་དུ་བཅིངས། །དཔྱིད་ཀྱི་ཕོ་ཉས་དྲངས་པ་སོས་ཀྱི་བཞིན། །མཛེས་སྡུག་ལང་ཚོ་ངོམས་པ་ནམ་མཐོང་ཟླའི། །དམར་པོའི་ཕྱོགས་ཀྱི་དགའ་བ་གཉིས་པ་ལ། །མང་བཀུར་རྒྱལ་པོའི་ཁབ་ཀྱི་རྩེ་ནས་བྲིས། །བྱམས་གླིང་མཁན་པོ་རྩེས་དང་ནུབ་སྒོ་སྟེང་པའི་རབ་འབྱམས་པ་བྱམས་པ་རྒྱ་མཚོས་གྲུབ་མཐའ་མི་གཅིག་པ་དུ་མ་ཁ་བསྒྱུར་བར་བརྩམས་པའི་མི་བསྲུན་སྒྱུ་འཕྲུལ་རོལ་གར་གྱི་སྐབས་ཆུ་བྱི་འཕྲིན་ཡིག་བྱུང་བའི་ལན་འདམ་ཁྲོད་པད་དཀར། མཻ ཏྲི ཡ ཤྴུ ཀྲ བ རྞོ པ དྲྀ ཥྚི ཧི སཽ མཱ ནྟི ཏཱ པྣི རྨ པཱ ཀྵི ཪྶུ ཀྲྀ དྷཱི པ ཀཿ། །པ ངྐ མ དྷྱ སྠ བཱ ཏ སྱ གནྡྷེ ན ནཱ སྟཱི མ ཧོ པ དྷྱ ཤུ ཀླཱ བྫ ལི ཁྱཱི ཡ ཡུ ཀ྄ །གཉེན་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)བྱམས་པ་སངས་མདངས་སོ་ཉེར་སྟོན་ཅིང་། །ཚུལ་འཆོས་ཕ་ཝང་འཕྲུལ་གཤོག་ལེགས་ངོམ་གླིང་། །འདམ་ཁྲོད་གནས་ཀྱང་དེ་དྲིས་གོས་མིན་པ། །མཁན་ཆེན་པདྨ་དཀར་པོའི་འཕྲིན་རྟེན་སོན། །རྣམ་གསུམ་སྡེ་སྣོད་བཅུད་ཀྱིས་རབ་(༢༡༢བ)


GLG019_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

གཏམས་པ། །དལ་འབྱོར་ལང་ཚོ་རྒྱས་པའི་ཟ་མ་ཏོག །ཉེས་བརྒྱ་ཟུག་རྔུས་འཚེ་བ་དང་བྲལ་ཏེ། །ཐོས་དོན་བསམ་ལ་ངོམས་མེད་ཚུལ་དེར་རངས། །དངོས་ཅག་དམ་པར་སྒྲོ་བཏགས་སྙན་གྲགས་ཀྱིས། །འགྲོ་མངས་འདྲིད་པའི་སྒྱུ་ཐབས་བླ་ཆེན་སྤྱིའི། །རྣམ་ཐར་གཟུང་ལ་འབྱོར་པ་མེད་ན་ཡང་། །ཚེ་འདིའི་མདུན་མ་དོན་མེད་ཁོལ་པོར་ཟད། །སྔོན་གོམས་དགེ་བའི་བག་ཆགས་ཆེས་ཆེར་ཕྲ། །དཀར་སྒྲིབ་སྡིག་ལྟུང་ས་འཛིན་ལྟ་བུར་སྤུངས། །རང་ཞེ་རང་ལ་འཁྲེལ་བའི་སྤྱོད་ཚུལ་འདིས། །གཞན་ཕན་འདྲེན་པར་རློམ་པ་སྨྱོན་པའི་གར། །རབ་འབྱམས་སྨྲ་བའི་བཤེས་གཉེན་ཁྱོད་ཉིད་ཀྱིས། །རྣམ་དཔྱོད་དགུ་ཚིགས་རིང་པོར་ཉེར་བརྐྱངས་ཏེ། །ཤེས་བྱའི་ཕ་མཐའ་བཅིངས་ཚེ་དགའ་ལྡན་ནས། །འཇམ་དཔལ་སྙིང་པོ་དགྱེས་པའི་འཛུམ་ཞལ་སྟོན། །དེང་དུས་བློ་གསལ་མཁས་རྣམས་རྣ་ལྟར་དོར། །འཕྲིན་ལས་རྫས་ལ་རེ་བའི་འཆད་ཉན་པ། །ཆུ་མེད་ཁྲོན་པའི་རྗེས་སུ་འཇུག་པ་ཀུན། །སྐོམས་པའི་གདུངས་པས་མྱ་ངམ་ཐང་དུ་འཁྱམས། །གནའ་བོའི་ཆོས་ཀྱི་ཕ་གཞིས་རིང་དུ་སྐྱུར། །ལྟ་གྲུབ་གཞན་གྱི་ཞིང་ཁང་མ་རྙེད་པའི། །སྡེ་དགོན་ཟུང་གི་མཁའ་ལ་ཤེས་ལྡན་ཁྱོད། །ཟླ་བྲལ་གཅིག་པུར་གནས་པའི་ཟླ་ལྟར་སྐྱོ། །སྙིང་མེད་ཨེར་རཎྜ་ཡི་འཁོར་བ་ལ། །ངེས་པར་འབྱུང་བའི་གཏམ་འདི་གཅམ་བུའི་ཚིག །མིན་ན་གཞན་གྱི་ཆོས་ལུགས་སྣུབ་འདོད་པའི། །ཆགས་སྡང་ཚིག་གི་སྨྲ་བ་འདིས་ཀྱང་ནོངས། །ནག་པོ་རྫ་མའི་མདོག་དེ་དཀར་པོ་རུ། །བསྒྱུར་བར་སྒམ་བུ་ཕྱཱས་ཀྱང་མ་ནུས་ན། །རང་གི་བསྟན་ལ་མི་ཕན་གཞན་གྱི་རྒྱུད། །བསྲེག་པའི་ཆོ་ག་འདི་ལ་ངོ་མཚར་ཅི། །ཕྱོགས་དེའི་(༢༡༣ན)


GLG019_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་བཙུན་འཕྱོན་མའི་གར་མཁན་འགས། །མཐོན་པོའི་ར་རྩེར་ཉི་མ་བསྲོ་བའི་ཚིག །མཛེས་མཛེས་གླེང་བར་འཁྲུལ་ན་ཕུབ་མ་ཡིས། །བཀབ་པའི་ཆུ་དོང་ནང་དུ་ལྷུང་གིས་དོགས། །པཎ་ཆེན་ཤཱཀྱ་ཤྲཱིའི་ཆོས་ལུགས་ཀུན། །དེང་སང་མིང་ཙམ་ཁ་བའི་ལྗོངས་འདིར་ལུས། །རྣམ་དག་སྡོམ་པའི་རྒྱུན་དེ་ས་ལུགས་ལ། །བཙོངས་ནས་ཚོགས་ཆེན་སྡེ་བཞི་ངལ་གསོ་མཛད། །བསམ་གླིང་བདེ་ཆེན་བྱ་འདབས་སྤྱིལ་པ་དེ། །ཕན་བདེ་ལེགས་བཤད་གླིང་པས་བདག་གིར་བཟུང་། །སློང་ངམ་མི་སློང་ཁྱེད་གཙོ་སྟེར་མི་སྟེར། །གྲྭ་ཚང་ཁུར་ལེན་རྣམས་ལ་རག་གམ་སྙམ། །གླང་ལོའི་དུས་ཀྱི་ཆད་པ་སེལ་བ་ལ། །རྒྱས་འབྲིང་བསྡུས་པའི་གསུང་རབ་མང་དུ་སྒྲོགས། །གསོད་སར་ཁྲིད་པའི་དུད་འགྲོའི་སྲོག་མང་བླུ། །སཱཙྪ་ཁྲི་ཚར་བཏབ་ན་ལེགས་པར་མངོན། །ངེད་ལ་ཟབ་མོ་རྡོ་རྗེའི་རྣལ་འབྱོར་གྱི། །ཐུགས་དམ་མེད་ཕྱིར་རྟག་པ་ག་ལ་འོང་། །ཀུན་གྱིས་མོ་མར་མངའ་གསོལ་དེ་དོན་བཞིན། །སྐར་ནག་རྩིས་ཀྱི་ཇུ་ཞགས་ཕལ་ཆེར་བདེན། །པུཎྜ་རཱི་ཀའི་འདབ་མར་རྒྱུ་སྤུན་གྱི། །རི་མོ་རབ་གསལ་པཉྩ་ལི་ཀའི་དར། །ཐུན་འཚམས་རྒྱ་ཡི་ཕང་པར་ངལ་གསོ་ཞིང་། །སྐམ་པོ་གྲ་ནང་རྒྱ་མཚོའི་གླིང་དེར་སོང་། །ཆུ་བྱི་སྡིངས་པོ་ཆེ་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོས་གནམ་ལོ་གསར་ཚེས་ཀྱི་ལེགས་སྐྱེས་སྤེལ་པའི་སྙན་ཚིག་གི་འཕྲིན་ལན་གཉིས་སྐྱེས་རྒན་པོར་བསྔགས་པའི་གླུ་དབྱངས། །(༢༡༣བ)


GLG019_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

བཱ ཅ ནེ ནྡྲཻ ྉྤི ཙུ ཤྲཱི ཙ ཙཱ ཀྲཱ ངྒ ཀི གྲཱི བ སཱ རཱ བ ཏྲཾ ཏྶཱ མ ཧཱི ཛྷ པྱ རཻཿ། ཀཱི རྟི བཻ པཱ ཀྵཀཱ རྞྱེ སུ བྷ བྱ ཉྩ དྷཱི མ དྦྲྀ ཧ སྤ ཏྱབྷཱ ཙ ཏ སྨི ནླི ཁེ། ངག་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)དབང་འཇམ་དཔལ་འཁོར་ལོའི་ཡན་ལག་ལྡན། །མགྲིན་མཚོར་ཞུགས་པའི་སྙན་ཚིག་ཁྲོལ་བའི་སྒྲས། །གྲགས་པ་ཕྱོགས་བྲལ་རྣར་འཇེབས་སྐལ་བཟང་ཅན། །བློ་ལྡན་ཕུར་བུའི་མཆེད་ཟླ་དེར་སྤྲིངས་པ། །སྤོང་བདུན་སྲད་བུར་བསྒྲིལ་བའི་ཚངས་སྐུད་དང་། །རྣམ་ཐར་གཙང་དག་ཀུ་ཤའི་ཆུན་པོ་འཆང་། །ལེགས་བཤད་སྤྱི་བླུགས་ཆུ་རྒྱུན་ཆད་མེད་པ། །བཀྲ་ཤིས་དབྱངས་སུ་ལེན་པའི་བྲམ་ཟེ་ཁྱོད། །བག་ཡོད་བགྲང་བྱའི་དུས་ཀྱི་ཐོག་མ་རུ། །སྙན་འཇེབས་ཚིག་སྦྱོར་དཎྜིའི་གཞུང་ལུགས་རྒྱུད། །སྡེབ་གཟུགས་ཡི་གེའི་གླུར་འབབ་དྲི་ཟའི་སྙེམས། །འཕྲོག་པའི་ངོ་མཚར་གཟིགས་མོར་དངར་འདི་སྤྲོ། །དྭགས་བརྒྱུད་ཆོས་ཀྱི་དིང་མུན་འཇིག་རྟེན་ཟླ། །དཀར་དབུས་ཐོས་བསམ་སྒོམ་པའི་ཉི་མ་ཁྱོད། །ཉེས་བརྒྱའི་ཆུ་འཛིན་དང་བྲལ་རྒྱ་རས་ཀྱི། །བསྟན་སྲོག་རིང་(༢༡༤ན)


GLG019_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་ཆོ་ག་རྫོགས་པ་བཞིན། །སྒྲ་སྙན་སྨྲ་བའི་དབང་ཕྱུག་ལོ་ཆེན་དབང་། །གཉིས་པ་ཁྱོད་ལས་གཞན་དུ་རྙེད་མིན་ཀྱང་། །ཚེ་འདིའི་བྱ་བ་བཏར་བའི་མི་ལ་རྗེ། །ངུར་སྨྲིག་ཟོལ་གྱིས་བརྫུ་སྙམ་འཕྱང་མོ་ཉུག །ཕྱག་རྒྱ་གཅིག་གིས་ཀུན་རྫོབ་བྱེད་པའི་གཟུགས། །སྟོང་ཆེན་དབྱིངས་སུ་བཏབ་པས་རྣམ་རྟོག་ཚོགས། །ཆོས་སྐུར་རང་ངོ་སྤྲོད་ཚེ་གདུལ་བྱ་རྣམས། །འོག་མིན་གནས་སུ་འཚང་རྒྱའི་རེ་བ་སྐྱངས། །དེ་ཕྱིར་གངས་ཅན་སྒྲུབ་བརྒྱུད་རིང་ལུགས་ཀྱི། །བསྟན་པའི་རྩ་ལག་ཁྱོད་དུ་ངེས་རྙེད་ན། །བདེ་ལྡན་ཞིང་གི་མགོན་པོའི་ངང་ཚུལ་བཞིན། །མི་འགྱུར་ཐབས་ལ་བརྩོན་པ་ཅིས་མི་རིགས། །འདི་ན་ཞི་འཚོའི་དཔོན་རིགས་ཀློག་པ་མཁན། །རྩེ་གཅིག་སྒྲུབ་པའི་སྙིང་ཕུར་མ་ཐེབས་ཀྱང་། །ཤེས་བྱའི་ལྷ་ལམ་གཞལ་བའི་བློ་གྲོས་ཀྱི། །ཉི་ཟླའི་བགྲོད་པར་འགྲུས་ལ་མི་ངལ་ཙམ། །བསྐལ་བཟང་འདི་ཡི་འདྲེན་པ་སྟོང་གི་མཐའ། །རྫོགས་མིན་གནམ་ལོ་ཤར་རོ་ཅོག་གི་ཚེ། །མགྲིན་པའི་རི་མོ་འཛུམ་པ་གཡས་འཁྱིལ་ལས། །བཀྲ་ཤིས་སྐད་སྙན་དུང་དཀར་སྒྲོགས་ཤིག་གུ། །བསྙེན་སྲིད་མེད་པར་ཀུན་ལ་གང་གི་སེམས། །དཀར་བའི་ལྷག་བསམ་འདི་ཞེས་མཚོན་བྱེད་དུ། །ར་རིའི་དྲི་བྲལ་དར་དཀར་ཁ་རྫར་ཅན། །ཐུན་འཚམས་ཁུ་བས་བྱུགས་པའི་རྒྱ་ཡིས་སྤྲས། །བཟའ་ཤིང་ར་བའི་ཁོར་ཡུག་གིས་བྲེས་པ། །འཆི་མེད་གྲོང་ཁྱེར་ས་ལ་འཕོས་པའི་སྤུན། །རིག་པའི་འབྱུང་གནས་གཡོ་རུ་གྲ་ནང་གི །ལྕོག་བུའི་ཤེལ་དཀར་འཕྲེང་བས་མཛེས་དེར་སོང་། །ཚངས་པ་དུང་ཐོད་ཅན་གྱི་སྐུ་ཁོག་དབོན་པོ་སངས་རྒྱས་རིན་ཆེན་ན་ཚོད་སྨིན་ཆེས་པའི་དུས་ཀྱི་ཆོས་ཉིད་ལྟ་བུར་གྱུར་ཚེ་རིང་སོར་མ་(༢༡༤བ)


GLG019_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་པར་རིགས་ཀྱི་ཚ་བོ་ལ་ཁོག་ཞུགས་དགོས་པའི་རྒྱུ་མཚན་གསོལ་བར་བདོག་པ་ཚན་གྲངས་ཚོགས་ཀྱི་འཁོར་ལོ་དར་བཅས་ཁང་གསར་རབ་བརྟན་ཆུ་གླང་ཟླ་བ་དང་པོའི་ཚེས་བརྒྱདལ་བཏང་སྐབས་འཕྲིན་དུ་གསོལ་བ་ལྷ་ཞལ་ཚད་མེད་སྟོན་བྱེད་སྤེལ་ལེགས་འཕྲེང་རྒྱས། །ཞི་དང་ཁྲོ་བོའི་དཀྱིལ་འཁོར་མ་ལུས་པའི། ཁྱབ་བདག་དུས་གསུམ་སངས་རྒྱས་པདྨ་འབྱུང་། །སྤྱན་སྔར་ཐུབ་བསྟན་སྐྱོང་བར་ཞལ་འཆེས་པ། །གཡས་འཁྱིལ་དུང་ཐོད་དཔལ་ལྡན་ཚངས་པ་ཀྱེ། །རིས་མེད་ཐུབ་པའི་བསྟན་དང་སྐྱེ་རྒུ་ཡི། །ཕན་བདེའི་ལེགས་ཚོགས་སྤེལ་བའི་ཁུར་ཆེན་པོས། །ཉིན་མཚན་གཡེལ་མེད་བྱ་ར་མཛད་ན་ཡང་། །ཚུར་མཐོང་སེམས་ཅན་རྣམས་ཀྱིས་རྟོགས་པ་དཀའ། ཁྱད་པར་སྲོང་བཙན་རྒྱལ་པོའི་སྐྱེས་ལྷ་ཆེ། །གངས་ཅན་ལྗོངས་འདིར་གཅིག་ཏུ་བརྩེ་མོད་ཀྱང་། །བླང་དོར་མངོན་སུམ་ལུང་དུ་མ་བསྟན་ན། །བླུན་རྨོངས་བྱིས་པ་རྣམས་ཀྱིས་ག་ལ་ཤེས། །དེ་ཕྱིར་ལུས་ཅན་ཁོག་པར་ཡེ་ཤེས་ཀྱི། །སྣང་བའི་གཟི་བྱིན་སྤར་ནས་སྔོན་བྱུང་དང་། །མ་འོངས་འབྱུང་འགྱུར་ད་ལྟའི་སྤྱོད་ཚུལ་ཀུན། །སྟོན་ཕྱིར་སྤེལ་ལེགས་འཕྲེང་བཞིན་ཆད་པ་མེད། །བོད་འདིར་ཁོག་ཞུགས་འདི་ཡིས་མཇུག་བསྡུས་ནས། །ལི་ཡུལ་ཤམྦྷ་ལ་དང་ཨོ་རྒྱན་སོགས། །གནས་གཞན་འཚོལ་ཞེས་གསང་གསང་དངོས་སྩོལ་བར། །ཕལ་ཆེར་ཐེ་ཚོམ་དྲ་བའི་འཁྱོགས་ལ་འཕྱང་། །ཐུན་མོང་ལྕགས་ཀྱི་ས་སྐྱོང་མི་དབང་གིས། །ད་ལྟའི་སྐུ་ཁོག་གཉེན་མདུན་ཚ་རིས་ལ། །ཕེབས་པར་སྩོལ་བ་དེ་བཞིན་ཞལ་འཆེས་པ། །རྡོ་ལ་བྲིས་པའི་རི་མོ་ག་ལ་འགྱུར། །འོན་ཀྱང་ད་ལྟའི་འདི་ཉིད་ནམ་མཚོའི་བར། །གསར་འབྱུང་མ་དགོས་ལྔ་པའི་ལམ་གྱུར་ཚེ། །སྔ་སོར་གཡར་དམ་མཛད་ལ་འགྱངས་མེད་དུ། །ལྷ་ཁྱོད་ཁོག་ཏུ་ཞུགས་པར་(༢༡༥ན)
ནན་ཏན་གསོལ། །གཞན་ཡང་སྤྱི་དང་བྱེ་བྲག་བླང་དོར་གནང་། །དཔྲལ་བའི་སྤྱན་གྱིས་མངོན་སུམ་གཟིགས་པ་བཞིན། །བསླབ་བྱའི་ལུང་བསྟན་མཐོ་རིས་ཆུ་བོའི་གོས། །བཀའ་མཆིད་རྒྱལ་མཚན་མཛེས་པའི་རྒྱན་དུ་ཀླུབས། །མཆོད་སྤྲིན་ཚན་གྲངས་ཐགས་ལ་ཚོགས་འཁོར་བཅས། །དམ་ལྡན་ཟུར་གྱི་རིག་སྔགས་འཆང་བའི་བརྒྱུད། །རབ་བརྟན་རྫོང་བདར་བགྱིས་པ་ཞིབ་ཆ་ཀུན། །ངག་གི་ལམ་ནས་འབུལ་བར་ལྷ་སྙན་གསོན། །དྲི་བྲལ་བཀྲ་ཤིས་ཐགས་ཀྱི་ལྷ་དར་ཟུང་། །མི་ཕྱེད་འཚམས་སྤྲིན་རྒྱ་ཡིས་ཉེར་བཏབ་ནས། །ཆུ་གླང་ཧོར་ཟླ་དང་པོའི་དཀར་ཆ་ཡི། །རྒྱལ་བ་གཉིས་པར་དམར་པོ་རི་ནས་དགེ །ཆུ་བྱི་ཧོར་ཟླ་བརྒྱད་པའི་ནང་དུ་འཛུམ་ལང་རྒྱལ་པོས་བདོག་པའི་སྐྱེས་འཕྲིན་ཡིག་དང་བཅས་མི་སྣ་ཛཱ་ལ་བྷཎྜཱ་རི་ཅན་བྱུང་བའི་ལན་གྱི་འགོ་བརྒྱངས་ཤིས་བརྗོད་གླུ་དབྱངས། བདེ་གཤེགས་སྲས་དང་སློབ་མར་བཅས་པའི་ཚོགས། །ཚངས་པ་དབང་ཕྱུག་ཁྱབ་འཇུག་དྲང་སྲོང་གིས། །ནོར་འཛིན་སྐྱོང་བ་འཛུམ་ལང་མི་བདག་ལ། །དུས་ཀུན་བཀྲ་ཤིས་དགེ་བའི་དཔལ་སྩོལ་ཅིག །


previousརབ་བྱུང་བཅུ་གཅིག་པའི་ཆུ་བྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext