Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ཆུ་གླང་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ཆུ་གླང་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ཆུ་གླང་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ཆུ་གླང་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ཆུ་གླང་ནག་ཟླའི་འཇུག་ཏུ་བར་མ་ནད་ཅུང་ཟད་འཕར་བའི་དུས་ལེགས་ཉེས་ཀྱི་ལུང་བསྟན་ཞུ་བར་གྲྭ་ཚང་གཉེར་པ་བློ་བཟང་སྦྱིན་པ་སྤྱན་གཟིགས་ཚོགས་ཆས་སོགས་གྱ་ནོམ་པ་དང་བཅས་ཚངས་པ་དུང་གི་ཐོར་ཚུགས་ཅན་གྱི་སྤྱན་སྔར་མངགས་པའི་ཚེ་འཕྲིན་ཡིག་ཏུ་གསལ་བ་ལྷ་ཞལ་མཐོར་འདེགས་བསྐུལ་བའི་དབྱངས་སྙན། རྒྱལ་ཀུན་མཐུ་སྟོབས་འབར་བ་རྡོ་རྗེའི་གཟི། །སྡེ་བརྒྱད་དྲེགས་པའི་གཙུག་བཀོད་དབང་སྡུད་པ། །འཛམ་བུའི་གླིང་ན་ཆེ་བའི་རིགས་སྔགས་མཁན། །པདྨ་འབྱུང་གནས་དུས་གསུམ་སངས་རྒྱས་གཙོ། །མགོན་དེའི་བཀའ་ཉན་ལྷ་ཆེན་ཚངས་པ་གང་། །བཀྲ་ཤིས་(༢༡༥བ)


GLG019_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

དུང་དཀར་གཡས་འཁྱིལ་ཐོད་བཅིངས་པ། །མཐོན་པོར་ཞལ་ཁྱིམ་བཏེག་ནས་དགྱེས་པའི་འཛུམ། །ཚེམས་འཕྲེང་མུ་ཏིག་ཟེའུ་འབྲུ་རྒོད་པར་མཛོད། །འདི་ན་གློ་བུར་འཚེ་བ་ཟུག་རྔུ་ཡིས། །སྒྱུ་མ་གཡར་ཁང་ཅུང་ཟད་བྲོ་འཚལ་བར། །ཕན་ཐབས་རིམ་གྲོའི་ཉེར་བསྡོགས་བགྱིད་ཚུལ་གཏམ། །ལྷ་སྙན་དབང་པོར་ཕོ་ཉའི་ངག་ནས་གསལ། །སླད་མར་བདུད་རིགས་གནོད་པ་དེ་ཙམ་གྱི། །བཟློག་དཀའི་བླང་དོར་ཡེ་ཤེས་སྤྱན་རས་ཀྱིས། །གཟིགས་ཚེ་གསོང་པོར་སྨྲ་བ་རྡོ་རྗེའི་ཚིག །ལུང་བསྟན་ལྷུག་པར་གསུངས་ཤིག་དགེ་བསྙེན་ཆེ། །སྣ་ཚོགས་སྤྱན་གཟིགས་བྱེ་བྲག་ཐོར་གསལ་བ། །ཀུན་བཟང་མཆོད་པའི་སྤྲིན་དུ་བྱིན་བརླབས་ནས། །མཐུན་པའི་རྫས་སུ་འབུལ་ན་འཕྲིན་ལས་རྣམས། །འབད་མེད་ལྷུན་གྱིས་གྲུབ་པའི་དགའ་སྟོན་སྩོལ། །ཆུ་གླང་ནག་ཟླའི་མཇུག་ཏུ་འབམ་ནད་ཅུང་ཟད་འཕར་པའི་དུས་ལེགས་ཉེས་ཀྱི་ལུང་བསྟན་ཞུ་བར་རྒྱལ་ཐང་པ་ལྷུན་གྲུབ་རྒྱ་མཚོ་སྤྱན་གཟིགས་ཚོགས་ཆས་དང་བཅས་བསམ་ཡས་སུ་རྒྱལ་པོ་ལི་བྱིན་ཧ་ར་དཔོན་བློན་གྱི་དྲུང་དུ་མངགས་པའི་ཚེ་འཕྲིན་ཡིག་ཏུ་གསལ་བ་སྣང་སྲིད་འཆར་བའི་མེ་ལོང་། དྲེགས་པའི་སྡེ་དཔོན་ལི་བྱིན་ཧ་ར་ཡི། །བཀའ་སྡོད་ཆེན་པོ་གནོད་སྦྱིན་ཡང་ལེ་བེར། །ཐུགས་དམ་བསྐུལ་ཚིག་ལྷ་ཁྱོད་སྙན་གསོལ་ན། །དམར་ཟླུམ་གསལ་བའི་སྤྱན་དེ་ཕྱོགས་བཅུར་གཟིགས། །འདི་ན་གློ་བུར་འཚལ་བའི་བྲོ་ནད་ལ། །གེགས་སེལ་བསོད་ནམས་ཚོགས་གསོག་བགྱིད་སྐབས་ཀྱང་། །ལྐོག་གྱུར་མ་རིག་སྐྱོན་གྱི་ཉེར་འཚེ་ལས། །གྲོལ་ལམ་མ་གྲོལ་བདག་གིས་ཆ་མ་འཚལ། །དེ་ཕྱིར་ཐོགས་པ་མེད་པའི་མངོན་ཤེས་དང་། །སྣང་སྲིད་འཆར་བའི་མེ་ལོང་ལ་གཟིགས་ནས། །བདུད་དཔུང་གཡུལ་ལས་རྒྱལ་བའི་ཐབས་ཀྱི་རིགས། །གསལ་(༢༡༦ན)


GLG019_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྟོན་ཅིག་སྡེ་བརྒྱད་དམག་དཔོན་ཆེ། །གནས་ཚུལ་ཞིབ་ཆར་གསོབ་དང་མཐུན་པའི་རྫས། ཁྲ་ཤར་ཚོགས་ཀྱི་འཁོར་ལོ་འབུལ་བ་ལ། །ཆེད་དུ་ཕོ་ཉ་འདི་ལ་ཉེར་མངགས་ན། །ལུང་བསྟན་རྡོ་རྗེའི་སྒྲ་དབྱངས་མགུར་ནས་ལོང་། །ཕ་མ་བརྒྱུད་པའི་སྲུང་མ་ཁྱོད་ཉིད་ཀྱིས། །ཉིན་མཚན་དུས་དྲུག་སྐྱོང་བ་མཛད་མོད་ཀྱང་། །ཡང་བསྐྱར་ནན་གྱིས་གསོལ་ན་དབང་དྲག་དང་། །ཞི་རྒྱས་འཕྲིན་ལས་མ་ལུས་ལྷུན་གྱིས་སྒྲུབས། །ཆུ་གླང་ནག་པ་ཟླ་བའི་མཇུག་ཏུ་འབམ་ནད་ཅུང་ཟད་འཕར་བའི་དུས་ལེགས་ཉེས་ཀྱི་ལུང་བསྟན་ཞུ་བར་རྒྱལ་ཐང་པ་ལྷུན་གྲུབ་རྒྱ་མཚོ་བདོག་པའི་ཚན་གྲངས་ཚོགས་ཆས་དང་བཅས་ཚོང་འདུས་སུ་བཤན་པ་བྱ་ཁྲིད་མིག་གཅིག་པའི་དྲུང་དུ་མངགས་པའི་ཚེ་འཕྲིན་ཡིག་ཏུ་གསོལ་བ་མི་ཤེས་མུན་པསེལ་བའི་ཉི་མ། ཤར་ཕྱོགས་སྐུ་ཡི་རྒྱལ་པོའི་བཀའ་སྡོད་ཆེ། །བཤན་པ་ལག་དམར་བྱ་ཁྲིད་མིག་གཅིག་པའི། །སྤྱན་སྔར་ཐུགས་དམ་སྐང་རྫས་ཐ་གསལ་དང་། །ཚོགས་འཁོར་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་སྤྲོ། །འདི་ན་གློ་བུར་ནད་ཀྱིས་འཚོ་བའི་གེགས། །སེལ་བྱེད་ལེགས་བྱས་སྒོ་འཕར་འབྱེད་སྐབས་ཀྱང་། །མ་ཤེས་ལྐོག་གྱུར་བླང་དང་དོར་བྱའི་རིགས། །གང་འདུག་ལྷ་ཞལ་མཐོན་པོར་བཏེག་ནས་སྩོལ། །པདྨ་ཐོད་ཕྲེང་བཀར་བཏགས་རྡོ་རྗེའི་རྒྱ། །སྤྱི་བོར་བཀོད་པའི་དམ་ཚིག་ཅན་ཁྱོད་ཀྱིས། །བདུད་ཀྱི་གཡུལ་ལས་རྒྱལ་བའི་བ་དན་དཀར། །སྲིད་པའི་རྩེ་མོའི་བར་དུ་བསྒྲེང་བར་མཛོད། །ཆུ་གླང་ནག་ཟླའི་འཇུག་ཏུ་འབམ་ནད་ཀྱིས་བྲོ་འཚལ་བའི་དུས་ལེགས་ཉེས་ཀྱི་ལུང་བསྟན་ཞུ་བར་ཉང་སྟོད་པ་ཀུན་དགའ་དོན་གྲུབ་ཚན་གྲངས་ཚོགས་ཆས་དང་བཅས་རིགས་ཀྱི་སྲུང་མ་ཐང་ཆེན་ཆོས་རྒྱལ་བཤན་པ་ལག་དམར་གྱི་དྲུང་དུ་མངགས་པའི་ཚེ་འཕྲིན་ཡིག་ཏུ་གསལ་བ་གཏུམ་ཆེན་ཁྲོ་བོ་འབར་བའི་གད་བརྒྱངས། ཟ་ཧོར་བརྒྱུད་པའི་ཕ་(༢༡༦བ)


GLG019_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

མེས་རིགས་ཀྱི་ལྷ། །ཐང་ཆེན་བཤན་པ་ལག་དམར་མཐུ་རྩལ་ལྡན། །མ་གཡེལ་མ་གཡེལ་བཅོལ་བའི་འཕྲིན་ལས་ཀུན། །ལྷུན་གྱིས་སྒྲུབས་ཤིག་གནོད་སྦྱིན་ཤིང་བྱ་ཅན། །དར་ཟབ་རྒྱ་ཇ་ཚོགས་ཀྱི་འཁོར་ལོ་རྣམས། །སྔགས་རྒྱས་ནམ་མཁའ་མཛོད་དུ་བྱིན་བརླབས་ནས། །དབུལ་བར་ཕོ་ཉ་འདི་པ་ཉེར་མངགས་ན། །ཐུགས་དམ་གཉན་པོ་དབྱིངས་སུ་སྐོང་གྱུར་ཅིག །གློ་བུར་ནད་སེལ་རིམ་གྲོ་མང་བགྱིས་མོད། །སླར་ཡང་བསླབ་བྱའི་རིམ་པ་ལྷུག་སྩལ་དུ། །དཔྲལ་བའི་དམར་ཟླུམ་སྤྱན་གྱིས་གསལ་གཟིགས་པ། །རྡོ་རྗེའི་གསུང་གི་གསང་བ་བསྒྲིག་ཏུ་གསོལ། །ཆུ་གླང་སྣྲོན་ཟླའི་ཡར་ངོ་ལ་ཚངས་པ་ཆེན་པོའི་ལུང་བསྟན་བཞིན་བླང་དོར་ཚུལ་བཞིན་བསྟར་བར་བརྟེན་ཟུག་རྔུ་ལས་རྣམ་པར་གྲོལ་བའི་གཏང་རག་དབུལ་བར་གྲ་ཚང་གཉེར་པ་བློ་བཟང་སྦྱིན་པ་བཏང་པའི་ཚེ་འཕྲིན་དུ་གསོལ་བ་དོན་འབྲས་མངོན་སུམ་སྨིན་པའི་གད་རྒྱངས། སྒྲིབབྲལ་དག་པའི་ཡེ་ཤེས་སྤྱན་རས་ཀྱིས། །ལྐོག་གྱུར་ཤེས་བྱའི་གནས་ཀུན་ལེགས་གཟིགས་པ། །དཔལ་ལྡན་ལྷ་ཡི་ལྷ་མཆོག་ཚངས་པ་ཆེ། །བཀྲ་ཤིས་གཡས་འཁྱིལ་དུང་གི་ཐོད་མཛེས་ཀྱེ། །རབ་སྙན་མགྲིན་པའི་རྒྱུད་ལས་དྲངས་པའི་ལུང་། །དངས་པའི་མཚོ་ལ་ཟླ་བའི་གཟུགས་བརྙན་བཞིན། །མ་འདྲེས་བླང་དོར་འབྲས་བུ་དེང་སྨིན་པར། །ངེས་རྙེད་ངང་པའི་རང་བློ་གཅིག་ཏུ་དད། །དབང་དྲག་ཞི་དང་རྒྱས་པའི་འཕྲིན་ལས་རྣམས། །ལེགས་གྲུབ་གཏང་རག་ཀུན་བཟང་མཆོད་པའི་སྤྲིན། །ཚོགས་འཁོར་བདོག་པའི་དངོས་པོ་ཁྲ་ཤར་བཅས། །འབུལ་བར་འདི་པ་ཆེད་དུ་ཉེ་བར་མངགས། །པདྨ་ཐོད་འཕྲེང་སངས་རྒྱས་གཉིས་པ་དེས། །བསྒྲགས་པའི་གཡར་དམ་གཉན་པོ་ཉེར་དགོངས་ལ། །འབྱུང་འགྱུར་དངོས་སྟོན་ཉེས་བརྒྱ་ཡོངས་སེལ་བའི། །དབུགས་དབྱུང་རྡོ་རྗེའི་(༢༡༧ན)


GLG019_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གསང་གླུ་རུ་ལོང་། །མཐུ་སྟོབས་འཁོར་ལོ་དམ་བཅའ་བཞི་ལྡན་གྱིས། །དགྲ་བགེགས་མགྲིན་པ་དུམ་བུར་གཅོད་པ་དང་། །ཆབས་གཅིག་འདོད་པའི་རེ་བ་ཀུན་སྐོང་བའི། །དངོས་གྲུབ་ཆར་གྱིས་ནོར་འཛིན་འགང་བར་མཛོད། །ཆུ་བྱ་ཟན་གཡང་མདོ་སྡེ་མཆོད་པའི་ཐོག་དགའ་སྟོན་གྱི་ལེགས་སྐྱེས་འབུལ་བར་ཁ་རོག་གོང་པ་བཏང་བའི་ཚེ་སྤྲུལ་པའི་ཆོས་རྒྱལ་ལི་བྱིན་ཧ་རར་ཕུལ་བའི་འཕྲིན་ཡིག་དམ་ཚིག་རྡོ་རྗེའི་ཅོད་པན། ཡེ་ཤེས་རབ་འབར་རྡོ་རྗེ་རྩེ་ལྔ་ཅན། །གསལ་བའི་རི་མོ་གཙུག་གི་རྒྱན་གྱུར་པ། །ལི་བྱིན་ཧ་ར་སྣང་སྲིད་དྲེགས་པའི་གཙོ། །འཁོར་ཚོགས་རྒྱ་མཚོའི་དབུས་འགྱིང་སྤྱན་སྔ་རུ། །མདོ་སྡེ་ལྷ་མཆོད་ཆེན་མོའི་དགའ་སྟོན་ཐོག །སྔོན་བཞིན་བདོག་པ་ཁྲ་ཤར་ལེགས་སྤེལ་ཏེ། །ཟན་གཡང་ལྷུན་གྱིས་གྲུབ་པའི་གཙུག་ལག་དེར། །ཕོ་ཉ་ཆེད་མངགས་ཅང་ཤེས་ཞོན་ཏེ་བགྲོད། །ཉེས་ཚོགས་མུན་པ་སེལ་བའི་ཟླ་བ་ཁྱོད། །ཕན་བདེའི་ཨུཏྤལདཀར་པོ་བཞད་པ་དང་། །ཁམས་གསུམ་འདོད་པས་མྱོས་ཏེ་དབང་བསྡུས་ནས། །དགྲ་བགེགས་འདབ་སྟོང་ཁ་དེ་ཟུམ་པར་མཛོད། །ཕྱོགས་ལས་རྣམ་པར་རྒྱལ་བའི་དར་དཀར་པོ། །སྲིད་པའི་རྩེ་མོའི་བར་དུ་ལེགས་བསྒྲེངས་ཏེ། །ཐོས་འཛིན་སྙན་པའི་དབྱངས་དང་མི་འབྲལ་ཞིང་། །ཕན་བདེའི་རོ་བརྒྱ་བདའ་བས་ཡིད་ཚིམ་མཛོད། །འཆི་མེད་པཉྩ་ལི་ཀའི་དར་ཟབ་ཀྱི། །ལྷ་སྙན་མཛེས་བྱེད་རྒྱན་གྱི་རྟེན་དང་བཅས། །ཆུ་ཤེལ་དབང་པོ་གདུ་བུས་ཉ་བ་ཡི། །ཡར་ངོའི་ཚེས་ལ་པོ་ཏ་ལ་ནས་དགེ ། ཆུ་གླང་ཟན་གཡང་མདོ་སྡེ་མཆོད་པའི་ཐོག་དགའ་སྟོན་གྱི་སེམས་སྐྱེད་འབུལ་བར་ཁ་རོག་གོང་བ་བཏང་བའི་ཚེ་གནོད་སྦྱིན་ཙེའུ་དམར་པོར་འཕྲིན་དུ་གསོལ་བ་དབང་དྲག་གྲུབ་པའི་རོལ་གར། བྱུ་རུ་ལྷུན་པོ་ཉི་མ་འབུམ་གྱི་གཟིས། །འབྱུང་བས་བསྒྲུན་མིན་སྲིད་གསུམ་ཟིལ་གནོན་ཞལ། །(༢༡༧བ)


GLG019_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་དབུས་ན་མངོན་པར་མཐོ་བའི་ལྷ། །བཙན་རྒོད་གནོད་སྦྱིན་ཆེན་པོ་ཙེའུ་དམར། །མདོ་སྡེའི་ལྷ་མཆོད་དགའ་སྟོན་སྔོན་བཞིན་དུ། ཁྲ་ཤར་དང་བཅས་ཕོ་ཉ་ཉེར་མངགས་ན། །ཞི་རྒྱས་དབང་དྲག་འཕྲིན་ལས་སྒྲུབས་ཤིག་གུ །ཟླ་བ་ཐགས་སུ་བསྐྲུན་འདྲའི་དར་དཀར་གྱི། །སྙན་ཤལ་ལེགས་སྤེལ་རྟ་བདུན་དབང་པོ་ཅན། །འཁྲིག་པའི་ཁྱིམ་དུ་དགའ་བདེར་སྤྱོད་པ་ཡི། །དཔའ་བོ་མཁའ་འགྲོ་འདུ་བའི་ཚེས་ལ་དགེ ། རིགས་ཀྱི་སྲུང་མ་ཐང་ཆེན་བཤན་པ་ལག་དམར་ལ་སྤྱན་གཟིགས་ཚོགས་འཁོར་དང་བཅས་འཕྲིན་ལས་བསྒྲུབ་པར་གསལ་བ་དགྱེས་ཞལ་པད་དཀར་ཁོངས་འཛུམ། ཕྱོགས་ལས་རྣམ་པར་རྒྱལ་བའི་དར་དཀར་པོ། །སྲིད་པའི་རྩེ་མོར་བསྒྲེང་བའི་རིགས་ཀྱི་ལྷ། །གདུག་ཅན་ཁྲག་གིས་ལག་དམར་བཤན་པ་ཆེ། །གཡར་དམ་རྡོ་རྗེའི་མདུད་པ་རབ་དགོངས་ཤིག །དོན་དམ་དབྱིངས་སུ་རྣམ་པར་ཉེར་ཞི་བ། །གནས་སྐབས་དྲག་པོར་ཁྲོས་པའི་སྤྲིན་ནག་དབུས། །ང་རོའི་གད་བརྒྱངས་འབྲུག་གི་སྒྲ་ཆེན་པོས། །ལས་བཞིའི་རྨ་བྱ་དགའ་བའི་མངལ་འཛིན་པར། །ཟད་པ་མེད་པར་ཡོངས་སུ་སྤྱོད་པའི་རྫས། །འདོད་ཡོན་ལྔ་ལྡན་ཚོགས་ཀྱི་འཁོར་ལོ་ཡིས། །འཆི་མེད་ལམ་གྱི་དཔལ་ཀུན་མཛེས་བྱེད་པས། །དགྱེས་པས་ཞལ་གྱི་པད་དཀར་ཁོངས་ནས་འཛུམ། །འོད་མཚན་སྟོང་དུ་འབར་བའི་སྒྱུ་མའི་འཕྲུལ། །རྒྱ་གར་པཎ་ཆེན་གཟུགས་སུ་ཤར་བའི་གར། །སྲིད་པ་གསུམ་ན་ཆེ་བའི་རིག་སྔགས་འཆང་། །པད་འབྱུང་སངས་རྒྱས་གཉིས་པའི་དམ་ཚིག་བཞིན། །གངས་ཀྱི་ར་བས་བསྐོར་བའི་ཁོར་ཡུག་ལྗོངས། །ནད་འཁྲུག་མུ་གེའི་མུན་པ་མཐར་བསྐྲད་ནས། །ཕན་བདེའི་ཉི་མ་འབུམ་གྱི་འོད་པོ་ཆེ། །རྫུ་འཕྲུལ་རྟ་ལྗང་བདུན་གྱིས་དྲང་བར་གསོལ། ཁྱད་པར་བདག་གི་(༢༡༨ན)


GLG019_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔལ་ཟླ་བའི་ཆ། །རྣམ་པར་གང་བྱེད་དཀར་ཕྱོགས་བགྲོད་པ་ལྟར། །རབ་འཕེལ་དཔག་བསམ་ཡོངས་འདུའི་ལྗོན་པ་ཡི། །ལང་ཚོའི་དཔལ་གྱི་དོ་ཟླར་ཁྱོད་ཀྱིས་སྒྲུབས། །དངོས་སམ་བག་ལ་ཞ་བའི་ནག་པོའི་དཔུང་། །དགྲ་བགེགས་སྡེར་བཅས་མཐུ་སྟོབས་ནུས་པའི་རྩལ། །སྐྱིན་ཐང་དྲག་པོས་བཅོམ་པའི་ལོ་ཏོག་ལྟར། །མིང་གི་ལྷག་ཙམ་ལུས་པ་མེད་པར་ཆོམས། །རྣམ་པར་དག་པ་ལྷ་མིག་ཡེ་ཤེས་སྤྱན། །དྲི་མ་མེད་པས་ལྐོག་གྱུར་ཆོས་ཀྱི་གཟུགས། །མངོན་སུམ་སྣང་བ་ཇི་བཞིན་བླང་དོར་གྱི། །སྙན་པའི་སྒྲ་དབྱངས་རྣ་བའི་རྒྱན་དུ་མཛོད། །འབྱུང་བ་ལྔ་དང་ལྡན་པའི་ཁམས། །སྒྱུར་བྱེད་བགྲང་བྱའི་རྟ་ཟླ་བའི། །དཀར་ཕྱོགས་བཟང་པོ་གཉིས་པའི་ཚེ། །ཕུན་སུམ་ཚོགས་པའི་དཔལ་དུ་ཤར། །ཆུ་གླང་ལོ་གནམ་གྱི་ལྷ་འཇམ་དབྱངས་གོང་མ་ཆེན་པོ་མཆོད་རྟེན་རབ་འབྱམས་པའི་དཔོན་པོ་བསྟན་འཛིན་དགེ་སློང་དང་བསམ་བློ་ཨ་ཞང་ཨེར་ཏེ་ན་རབ་འབྱམས་ཆོས་རྗེ་གཉིས་མི་སྣར་རྫོང་བདར་གནང་བའི་བཀའ་ཤོག་གནང་སྦྱིན་བྱུང་བའི་ལན་འབུལ་བར་ཆོས་ལུང་མཁན་ཆེན་ལུང་རིག་རྒྱ་མཚོ་དང་སྐྱིད་སྟོད་པ་གཉིས་བཏང་སྐབས་ཕུལ་བའི་ཞུ་ཡིག་འཛམ་གླིང་བསོད་ནམས་དཔལ་འབར། ཨཱ ཡུ རྡཱི རྒྷཱ ཀཱ ཤ སྱ མ ཧཱ པཱ ར ཀྲ མེ ཎ བ ལ ཏ ཤྩ ཀྲ ཝ རྟི ག ག ན བྷཱུ མྱཱ ཡཱི ཤྭ ར མ ཉྫུ གྷོ ཥཱ དི རཱ ཛྙོ ནུ ལ། ཚེ་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)རིང་གནམ་གྱི་ཤེ་མོང་གིས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་གནམ་སའི་དབང་ཕྱུག་འཇམ་དབྱངས་གོང་མ་རྒྱལ་པོའི་དྲུང་དུ། འདྲེན་པ་མཉམ་(༢༡༨བ)


GLG019_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བུ་རམ་ཤིང་པའི་རིང་ལུགས་འཛིན་པར་ཁས་འཆེས་པའི་སྡོམ་བརྩོན་གནས་ལྔ་རིག་པ་སྨྲ་བ་གང་གིས་དད་པའི་ཡིད་ཀྱིས་ཀུན་ནས་བླངས་ཏེ་ས་བཿསྭསྟ་ཀ་རིཥྱ་ཏི་མཾག་ལཾ་བྷ་ཝནྟུ་ཞེས་བཀྲ་ཤིས་པའི་ཚིག་གི་འཕྲེང་བ་བརྗོད་ཅིང་སྤོས་བསྲེགས་མེ་ཏོག་འཐོར་དབང་བཅས་གསོལ་བ། དེང་གི་དུས་ཀྱང་གནམ་སའི་དཀྱིལ་འཁོར་མ་ལུས་པ་ལ་དབང་ཕྱུག་པའི་བདག་ཉིད་གོང་མ་རྒྱལ་པོ་ངེས་པའི་དོན་དུ་འཕགས་མཆོག་འཇམ་དཔལ་དབྱངས་མིའི་སྲིད་པ་བཟུང་བ་ལ་སྐྱེ་རྒ་ན་འཆིའི་འཚེ་བ་ལྟ་ག་ལ་ཞིག་ཀྱང་མཚན་དཔེའི་ལང་ཚོ་ཡོངས་སུ་དར་བའི་གཟུགས་སྐུ་ཚུར་མཐོང་གི་སྐྱེ་བོ་མ་རིག་པའི་སྒྲིབ་གཡོགས་ཅན་རྣམས་ཀྱི་སྣང་ངོར་གཞོམ་ཞིག་དང་བྲལ་བ་རྡོ་རྗེའི་རང་བཞིན་ཅན་བརྒྱ་ཕྲག་ཉི་མའི་འོད་ལ་འགོང་བའི་ཟོ་མདོག་བཟང་ཞིང་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ཆོས་ལ་བྱང་ཆུབ་པ། རྒྱལ་པོ་རཱ་མ་ཎ་ལྟར་དཔའ་མཛངས་རྟུལ་ཕོད་པར་ངོ་ཚ་དང་ལྡན་ཞིང་ཆོག་ཤེས་པ་ཡ་རབས་བཟང་པོའི་རྣམ་པར་ཐར་པ་ལས་གཡོ་བ་མེད་བཞིན་པ་ནི་འཛམ་གླིང་སྐྱེ་རྒུ་མཐའ་དག་གི་བསོད་ནམས་ཀྱིས་རིན་བཙལ་ཏེ་ཉོས་པ་ལས་གཞན་དུ་ཅི་ལས་སེམས། ཆེད་དུ་ངེད་ལ་དགྱེས་པའི་སྤྱན་རས་ཀྱིས་ཉེ་བར་བཅའ་བའི་ཞལ་འཛུམ་ལྷུག་པར་བསྟན་ཏེ་གསེར་འབྲུག་གི་ཁོར་མོ་ཡུག་གིས་བཏེག་པའི་གནམ་གྱི་ཤེ་མོང་ལས་བྱུང་བའི་བཀའ་རྟགས་ཀྱི་རེ་ཁཱས་མཚན་པའི་བཀའ་ཤོག་དངུལ་མདོང་སྲང་དྲུག་ཅུ་ཡོང་བ་ཆ་གསར་གྱི་རྒྱན་ཅན། དངུལ་གྱི་བྱ་མ་བུམ་གསེར་གྱི་མཛེས་རྒྱན་གསོལ་བ། དངུལ་གྱི་ཧུན་ཏ་ཀ་གཉིས། བཟང་གོས་ཡུག་ཉི་ཤུ་རྩ་བཞི། ཁ་བཏགས་ཉིན་མོ་བདེ་ལེགས་མ་ལྔ། རྟགས་བརྒྱད་པ་བཏགས་བཞི་(༢༡༩ན)


GLG019_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་གནང་རྟེན་དང་བཅས་བསྟན་འཛིན་དགེ་སློང་དང་ཨེར་ཏེ་ན་རབ་འབྱམས་པ་གཉིས་གསེར་ཡིག་ཏུ་མངགས་ཏེ། བདེ་སྐྱིད་ཀྱི་ལོ་བཅུ་གཉིས་པ་སྟོན་ཟླ་ར་བ་གྲོ་བཞིན་གྱིས་ཉེ་བར་སུག་པར་སོན་པས་དྲང་སྲོང་བསམ་གཏན་གསུམ་པ་བཞིན་དུ་ཡིད་ལ་སྤྲོ་དགའ་ཅི་ཡང་བརྟས། འདི་ནའང་འབྲུམ་དཀར་གྱིས་བྲོ་འཚལ་བ་ལས་གྲོལ་བ་དང་བསྟན་འགྲོའི་ཕན་བདེ་སྤེལ་བའི་འདུན་པ་ཙམ་ལ་སྒྲོ་བཏགས་ཏེ་ལྷའི་བཀའ་ལུང་གིས་ལེགས་སོ་བྱིན་པའི་དབུགས་དབྱུང་བའི་ཚིག་གིས་མེ་ཏོག་གཏོར་བ་བཞིན་དཀོན་ཅོག་རིན་པོ་ཆེའི་ཐུགས་རྗེས་འདུ་བ་སྙོམས་ངོས་རྣམ་འདྲེན་ཤཱཀྱ་སེང་གེའི་ལུང་རྟོགས་ཀྱི་བསྟན་པ་དར་བ་དང་དེའི་མཐུ་ལས་འཇིག་རྟེན་ཐམས་ཅད་བདེ་ལེགས་སུ་འགྱུར་བའི་ལྷག་བསམ་སྟོན་ཟླ་ལྟར་དཀར་བ་སྔོན་ཆད་ལྷ་མིའི་བདག་པོ་གང་གིས་བཀའི་ལུང་ཕུད་དེ་གནམ་འོག་གི་སྐྱེ་རྒུ་མཐའ་དག་བསྟན་པ་གཅིག་ཏུ་གྱུར་བའི་ལུང་བཟང་པོའི་བཀའ་དྲིན་ལ་བརྟེན་ནས་གཞན་ཕན་གྱི་བགྱིད་འོས་རྣམས་ལག་ཏུ་ལོན་པར་གནས། གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་སྒྱུར་བ་འཛམ་བུ་གླིང་གི་སྐྱེ་རྒུ་རྣམས་ཚེ་ལོ་བརྒྱད་ཁྲི་བའི་དུས་མ་གཏོགས་མི་འབྱུང་བར་གསུང་རབ་དགོངས་འགྲེལ་དང་བཅས་པ་ལས་བཤད་ནའང་ལྷ་དང་དྲང་སྲོང་རིག་འཛིན་གྲུབ་པ་རྣམས་ཀྱིས་རྩོད་ལྡན་ཀྱི་དུས་འདིར་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འོས་པ་ནི་འདི་ཉིད་དོ་ཞེས་མགྲིན་གཅིག་ཏུ་བསྔགས་པ་ལ་བརྟེན་ནས་འཇིག་རྟེན་གྱི་མེས་པོ་ཚངས་པས་ཀ་བ་མེད་པ་ནམ་མཁའི་མཐོངས་ཀྱི་སྒོ་ཕྱེ། རིན་པོ་ཆེའི་བུམ་པ་བདུད་རྩིས་ཡོངས་སུ་གང་བས་སྤྱི་བོ་ནས་དབང་བསྐུར་ཏེ་ཚེ་རིང་གནམ་གྱི་ཤེ་མོང་གི་དཔུང་པས་ནོར་འཛིན་གྱི་(༢༡༩བ)


GLG019_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མཐའ་དག་རང་བྱོན་དུ་གྱུར་པའི་བྱེད་པོས་མིའི་བདག་པོ་གང་གི་བསོད་ནམས་ཀྱི་མཐུས་ཉི་འོག་གི་རྒྱལ་ཕྲན་བློན་འབངས་ཐམས་ཅད་ཟིལ་གྱིས་གནོན་པར་མ་ཟད་མཆོག་དམན་ཀུན་གྱི་བསམ་པའི་ཡུལ་ལས་དགོངས་པའི་བློ་གྲོས་ཀྱི་ཚད་གང་གིས་ཀྱང་གཞལ་བར་ནུས་པ་མ་ཡིན་པ་སྟོང་སྤྱི་ཕུད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པས་ཁམས་གསུམ་ཡོངས་ཀྱིས་པུས་མོ་ས་ལ་བཙུགས་ཏེ་མགོ་བོ་འདུད་པའི་གནས་མང་པོས་བཀུར་བའི་ཁྲི་ཆེན་པོར་ཞབས་སེན་མནར་བའི་འཕྲེང་བ་བཀོད་པ་ཙམ་ནས་ཡབ་རྗེ་གོང་མའི་དུས་པས་བསུ་རང་འགྲོ་བའི་ཡན་ལག་བཞི་པའི་དཔུང་ཙམ་ལ་ཡང་མ་ལྟོས་པར་ལྷ་གཅིག་དམ་པའི་མཚན་གྱི་ཉིན་བྱེད་ཤར་བའི་མོད་ལ་རྩོད་དུས་མུན་པའི་སྨག་རུམ་མ་ལུས་པ་མིང་གི་ལྷག་མར་བྱས་ཏེ་འཇིག་རྟེན་ཀུན་ཏུ་ནད་འཁྲུག་མུ་གེ་སོགས་དུས་ཀྱི་ཆད་པ་ཐམས་ཅད་དང་བྲལ་ལོ་ཏོག་སྦྲུམ་པ། ཚོང་དང་ཁེ་སྤོགས་ཀྱིས་མཚོན་ལོངས་སྤྱོད་ཀྱི་གཏེར་སྒོ་ནི་བྱེ་ཚེ་ཡང་རིང་པོར་གནས་པས་སིམ་པའི་ཚོར་བ་ཤ་སྟག་མྱོང་བ་དགེ་བའི་མཚན་མ་མཐའ་ཀླས་པ་བྱུང་བ་ཀུན་མིའི་བདག་པོ་ཉིད་ཀྱི་བཀའ་དྲིན་ལས་གོར་མ་ཆག་པ་བཞིན། སླད་མར་ཡང་བསྟན་དང་འགྲོ་བའི་ཉེར་འཚོར་སྐུ་ཚེ་མགོན་པོ་ཚེ་མཐའ་ཡས་པའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་བརྟན་པར་བཞུགས་པར་ཅི་གནང་། ངེད་ཀྱིས་ཀྱང་དེ་བཞིན་དུ་འགྲུབ་པའི་མཆོག་གསུམ་དམ་པར་གསོལ་བ་འདེབས་ཤིང་བདེན་པའི་ཚིག་བརྗོད་པ་དགོངས་པ་ཟབ་མོའི་གློང་དུ་ཉེ་བར་བཞུགས་ཏེ་གསེར་གྱི་ཞལ་སྒོ་ལས་འཐོན་པའི་བཀའ་མཆིད་བསླབ་སྟོན་བཟང་པོ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོའི་རྒྱུན་བཞིན་དུ། ཞེས་སྤྱན་རས་ཀྱི་གཟིགས་པ་ཅུང་ཟད་འབབ་པའི་རྟེན། བྱུ་རུའི་ཤལ་བ་གཅིག །མུ་མེན་གྱི་ཤལ་བ་ཆེ་ཆུང་(༢༢༠ན)


GLG019_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། མུ་མེན་རྡོག་བཞི། སྦུར་ལེན་གྱི་ཤལ་པ་ཆེ་ཆུང་། སྣམ་བུ་སྔོ་ཐིག་ཉི་ཤུ་རྩ་བདུན། རྒྱ་ཐིག་ཉི་ཤུ་རྩ་བཞི། ལྗང་ཐིག་ཉི་ཤུ་རྩ་བདུན། དཀར་རྐྱང་ཉི་ཤུ་རྩ་ལྔ། དམར་ཐིག་ཉི་ཤུ་རྩ་གསུམ། སྔོ་རྐྱང་ཉི་ཤུ་རྩ་བདུན་དང་བཅས་བག་ཡོད་ཅེས་པ་ཆུ་མོ་གླང་གི་ལོ་ཧོར་ཟླ་དགུ་པའི་གྲལ་ཚེས་དགེ་བར་རང་བྱུང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཙུག་ལག་ཁང་པོ་ཏ་ལ་ནས་ཕུལ། །ཆུ་གླང་ཟླ་བ་བཅུ་པའི་ཚེས་གཅིག་ལ་ཚངས་པ་དུང་ཐོད་ཅན་གྱི་དྲུང་དུ་སྤྱན་གཟིགས་ཚོགས་ཀྱི་མཆོད་སྤྲིན་བཅས་ལུང་བསྟན་ཞུ་བར་གྲྭ་ཚང་གཉེར་པ་བློ་བཟང་སྦྱིན་པ་བཏང་སྐབས་ཀྱི་འཕྲིན་གསོལ་ལྐོག་གྱུར་གསལ་བའི་མེ་ལོང་། རྒྱལ་བ་ཀུན་དངོས་པདྨ་ཐོད་འཕྲེང་རྩལ་གྱི་ཕོ་ཉ། འཇིག་རྟེན་དབང་ཕྱུག་སྲོང་བཙན་སྒམ་པོའི་སྐྱེས་ལྷ། ལྷ་ཆེན་ཚངས་པ་ཆེན་པོའི་སྤྱན་སྔར་གྲྭ་ཚང་གཉེར་པ་རྫོང་བདར་བགྱིས་ཡོད་པ་གང་གི་ཐུགས་ཀྱི་མེ་ལོང་གཙང་མར་ལྐོག་གྱུར་ཤེས་བྱའི་གཟུགས་བརྙན་ནི་འགོག་མེད་དུ་འཆར། དམར་ཟླུམ་སྤྱན་གྱིས་སྣང་ཞིང་སྲིད་པའི་ཆོས་ཀུན་རྗེན་པར་གཟིགས། རྟ་མཆོག་རླུང་གི་ཤུགས་ཅན་ལ་ཆིབས་ནས། སྟོང་གསུམ་སྐད་ཅིག་གིས་བསྐོར་ཏེ་ལུས་ཅན་རྣམས་ཀྱི་བྱ་བྱེད་ལ་སྤྱོད་དམ་པའི་ཆོས་པར་ཁས་འཆེས་པ་རྣམས་ཀྱི་ངང་ཚུལ་དང་རིག་འཛིན་རྣལ་འབྱོར་སྤྱོད་པ་ཀུན་གྱི་ལྟ་སྒོམ་གྱི་དྲོད་མྱུར་བར་མཛད་པས་རྒྱལ་ཁམས་སྤྱི་དང་ཁྱད་པར་བོད་དང་རྒྱ་ཧོར་སོགས་ཀྱི་སྐྱེ་རྒུའི་བདེ་སྡུག །སྒོས་ཀྱི་བླངདོར་སོགས་དཔལ་གྱི་མགུར་ནས་ཚངས་པའི་དབྱངས་ཀྱིས་ལུང་སྟོན་པར་གསོལ་བའི་རྟེན་དུ་ལྷ་རྫས་ཀྱི་སྙན་ཤལ་གྱིས་མཚོན་དངོས་བཤམ་ཡིད་སྤྲུལ་གྱི་མཆོད་པའི་སྤྲིན་དང་བཅས་སྨིན་དྲུག་ཟླ་བའི་ཡར་ཚེས་ལ་དམར་པོ་རིའི་ཕོ་བྲང་ནས་དགེ ། ཆུ་གླང་ཧོར་ཟླ་བཅུ་པའི་ཚེས་གསུམ་ལ་རིག་སྔགས་ཆང་བའི་དབང་ཕྱུག་མངའ་རིས་པ་དཀོན་ཅོག་ལྷུན་གྲུབ་ཀྱི་འཕྲིན་ལན་ཨ་འདུས་ཀཱ་རའི་འཕྲེང་བ།(༢༢༠བ)


GLG019_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

མེ ཋ ཏོ རཱ ས། དྡཱ ར སུ ཁྱཱ ཏ བ རྞེ ནྡྲ ཙཱ པཱི ཡ ཤ བྡཱ རྠ བྷཱུ ཥཻ མ ཏཿ། ཀཱ པུ ར མྨཱ ལ ཡ ཏྱཱ ལི ཁཻ རྩི ནྟུ ཡུ གླ ཏྲ མེ པཱ དྡྷྱ ཡུ ཏྟཱ ར གོ ཏྶཱ ཧ ལཿ། ཀ་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)རའི་རོ་ལྟར་མངར་བའི་ལེགས་བཤད་རྣམས། ཁ་དོག་འཇའ་བཞིན་སྒྲ་དོན་རྒྱན་མཚར་བའི། །ག་བུར་ངད་འཐུལ་འཕྲིན་རྟེན་སོན་པའི་མོད། །ང་ལས་ནུ་བློའི་རྗེས་འགྲོའི་སྤྲོ་བ་འཕེལ། །ཅ་རེ་མཁས་བསྟེན་ཡོན་ཏན་ནོར་གྱིས་ཕྱུག །ཆ་ལུགས་ངུར་སྨྲིག་གོས་ཀྱི་བག་ཡོད་བཙུན། །ཇ་ཆང་འདོད་ལ་སྲེད་བྲལ་ཆོག་ཤེས་ལྡན། །ཉ་རྒྱས་ཟླ་ལྟར་ལྷག་བསམ་དཀར་བ་ཉིད། །ཏ་ལེར་མངའ་རིས་སྟོད་ནས་དབུས་སུ་བརྟོལ། །ཐ་དད་གནས་ལྔ་རིག་པར་རབ་སྦྱངས་པས། །ད་ལྟ་མཁས་དང་གྲུབ་པའི་སྙན་པ་དང་། །ན་ཚོད་ལྷན་ཅིག་མཐོར་སོན་གྲགས་པ་འབར། །པ་རི་མི་ཏ་རྒྱུད་སྡེའི་ལམ་བཟང་གིས། །ཕ་རོལ་ཐར་པའི་གླིང་དུ་བགྲོད་པའི་བགེགས། །བ་གླང་ལྟ་བུའི་རྨོངས་མུན་རབ་བཅོམ་པའི། །མ་སྨད་རྣམ་པར་དཔྱོད་པ་མཁས་རྣམས་རངས། །ཙ་མ་རཱི་པའི་བསྟན་པའི་(༢༢༡ན)
སྙིང་པོ་འཛིན། །ཚ་གྲང་ཁྱད་བསད་བསྐྱེད་རྫོགས་རྫོགས་པ་ཆེ། །ཛ་ཡའི་དགོངས་པ་ཇི་བཞིན་ཉམས་བསྟར་བས། །ཝ་ལེར་གནས་ལུགས་མངོན་སུམ་རྟོགས་ལས་ཅི། །ཞྭ་ལྟར་རྡོ་རྗེའི་སློབ་དཔོན་གཙུག་ན་བསྟེན། །ཟ་བྱེད་སེང་གེ་ལྟ་བུའི་བརྟུལ་ཞུགས་ཀྱིས། །འ་འུར་སྡེ་བརྒྱད་བྲན་དུ་ཉེར་བཀོལ་ནས། །ཡ་མཚན་མངོན་སྤྱོད་རྣམ་འཕྲུལ་སྤྲོ་དེ་འཇིགས། །ར་གདེངས་རྡོ་རྗེས་སྣང་སྲིད་ཟིལ་གནོན་པ། །ལ་ལར་མ་ཡིན་ཀུན་སྐྱབས་པད་འབྱུང་གིས། །ཤ་དག་བསྟན་འཛིན་རིག་སྔགས་འཆང་བ་ཁྱོད། །ས་སྟེང་འདི་རུ་རྡོ་རྗེ་ལྟར་བརྟན་ཤོག །ཧ་ཅང་སྙིགས་མའི་དུས་འདིར་དཔྱོད་ལྡན་པའི། །ཨ་མྲའི་སྡོང་པོ་ལྟ་བུར་གཡུར་ཟ་དེར། །ཧ་རི་ཏ་ཀའི་བཅུད་མཚུངས་ཤོང་དཀར་རྩེར། །ཨ་དོན་བཞིན་དུ་འཇིགས་མེད་རྒྱས་བཏབ་བསྲིངས། །


previousརབ་བྱུང་བཅུ་གཅིག་པའི་ཆུ་གླང་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext