Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ཤིང་སྟག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ཤིང་སྟག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ཤིང་སྟག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ཤིང་སྟག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ཀུན་དགའ་ཞེས་པ་ཤིང་སྟག་ལོ་གསར་གྱི་ཚེ་སྡིང་པོ་ཆེ་སྤྲུལ་སྐུའི་འཕྲིན་ཡིག་བྱུང་བའི་ལན་ལེགས་ལྡན་དཔྱིད་ཀྱི་དགའ་སྟོན། ནཱ བ སཾ བ ཏྶ རོ ཏྟཱ མ ཧཱ ཏཱ ལ སཽ ཁྱཾ ཛ ཊཱ པཱ ད བ སྟྲོ ས ས ནྣ རྡྷ ཀཿ ས རྦ ར ནྡ སྱ མཻ ཏི ད ཏ སྶཽ བྷ ས ནྟོ མ ན སྦཱ ཊི ལཻ ཁྱ ལི ཙྩཻ ཏྲ ཀཿ། གསར་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)པའི་བགྲང་བྱ་ཡངས་པའི་ཐང་ཆེན་པོ། །བདེ་སྐྱིད་སྤང་ལྗོངས་གོས་ཀྱིས་ཉེར་ཀླུབས་པར། །ཀུན་དགའི་མཛའ་བ་སྟེར་བའི་ལེགས་ལྡན་དཔྱིད། །ཡིད་ཀྱི་ཤེས་ངོས་པིར་གྱིས་བྲིས་ཚོན་བཞིན། །ཨེ་མ་ཡུལ་དབུས་འགྱུར་འཆང་དུ་སྟོད་འགྲེལ་བའི་རྗེས་སུ་(༢༢༡བ)


GLG019_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

འབྲངས་ཏེ་ཨཱནནྡ་ཞེས་གྲགས་པ། རི་ཁ་བ་ཅན་གྱི་སྨན་ལྗོངས་འདིར་གཙུག་ལག་སྤོར་ཐང་དང་བསྟུན་ཏེ་ཤིང་ཕོ་སྟག་འབྱུང་བ་སུམ་ལྡན་གྱི་གནམ་ལོ་གསར་དུ་ཚེས་པ་དགའ་བ་དང་པོའི་དུས་སུ། བག་ཡོད་གཙང་སྦྲའི་བརྟུལ་ཞུགས་བརྟན་པོ་ཅན། གནས་ལུགས་རང་ངོ་ཕྲོལ་བའི་རལ་ཁུར་བརྗིད། །བླ་གོས་རས་གཟན་ཁྲག་པར་གཅིག་ཏུ་གཟར། །རྣམ་དཔྱོད་ཚངས་སྐུད་སྤྱི་བླུགས་འཆང་བ་ཁྱོད། །འདུ་ཕུང་འཁྲུགས་པ་མེད་པའི་ལང་ཚོ་བརྟས། །མང་ཐོས་སྤོབས་པ་དགེ་བའི་མགྲིན་བཏེག་ནས། །བརྗོད་པ་དོན་ལྡན་ཕུན་ཚོགས་གཏམ་གྱི་གླུ། །བགྱིད་པའི་སྔོན་འགྲོར་མེ་ཏོག་འཐོར་དེ་མཚར། །དེ་ལྟར་གྲྭ་ནང་ཕུན་ཚོགས་དགེ་བའི་ཡུལ་གྲུའི་ཆར་ཟླ་བའི་དུམ་བུ་མཚར་དུ་དངར་འདྲའི་སྤོང་བ་བསམ་གཏན་གྱི་ལྕོག་བུས་ཁོར་ཡུག་ཏུ་བསྐོར་བའི་དྲི་གཙང་ཁང་གི་བྱ་འདབས་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མང་པོ་ལ་བློ་གྲོས་ཀྱི་ལུས་སྟོབས་ཡོངས་སུ་རྫོགས་པའི་གཉིས་སྐྱེས་ངག་དབང་སྙན་གྲགས་བཟང་པོས་སྭསྟི་ཀའི་སྒྲ་ལས་དྲངས་པའི་འཕྲིན་ཡིག་ལེགས་སྐྱེས་ཀྱི་བདོག་པ་ཆེད་དུ་བསྲིངས་པ་སུག་པར་སོན། དེ་ཚེ་སྡེ་སྣོད་གསུམ་པའི་དྲང་སྲོང་ཡང་། །ལུས་སེམས་སིམ་པའི་ཚོར་བ་ཉམས་མྱོང་གར། །ཆར་སྤྲིན་སྟུག་པར་མིག་གཏོད་རྨ་བྱ་ཡིས། །དབྱར་རྔ་ཐོས་པས་མོད་བཞིན་ཅི་ཡང་སྒྱུར། །ཀྱེ་ཟླ་བའི་འཕྲེང་བ་གོ་ལའི་རྒྱུ་ལམ་ལྟར་ནམ་ཡང་ཆད་པ་མེད་པའི་ངང་ནས་བརྩམས་ཏེ་མ་ཕམ་མགོན་པོ་མ་གདྷར་མཆོག་གི་སྤྲུལ་པའི་སྐུར་བསྟན་མིན་དེ་སྲིད་ཀྱི་བར་དུ་ལོའི་ཐོག་མའི་དུས་ཀྱི་དགའ་སྟོན་ཆད་མེད་དུ་སྤེལ་བར་རིགས་སོ། །དེ་ལྟར་བསྐུལ་ཚིག་འདྲེན་བྱེད་ཡུལ་འགྱུར་ཆེད། །འཇམ་མཉེན་དར་གྱི་ཁ་རྫར་ཅན་འདིས་ཀྱང་། །ཕན་བདེའི་སྣང་བས་སྐྱེ་རྒུ་ཀུན་ཁྱབ་པའི། །(༢༢༢ན)


GLG019_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་སྒོ་འཕར་ཡོངས་ཕྱེ་ཛ་ཡནྟུ། །ཤིང་སྟག་ཧོར་ཟླ་གཉིས་པའི་ཉེར་བརྒྱད་ལ་རིགས་འཛིན་ཆེན་པོ་དཀོན་ཅོག་ལྷུན་གྲུབ་ཀྱི་འཕྲིན་ལན་ཐོས་བསམ་སྒོམ་མཐར་ཕྱིན་པའི་གཏམ་སྙན། ཡུ བྱ ཏོ དྲུ མ པཱ ཀཱ པ དྷ ཤྲུ པ ཙཱ རེ རླ ཏཱ པ ཏྲ བྷཱུ རཱི ཤ ཙཱ ལཱ གྲ ཏྲཱ། བུ དྡྷ ཕཱ ལྱཻ རྨ ཧཱ ཀཱུ ལ དྷཱ ཏ སྱ ལེ ཁཻ སྶ ཧཱི རྨུ དྲ ནཱ ཤྨཱ བྷུ ཛེ ཡུ ཀྟ ཀཿ། ན་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)ཚོད་སྡོང་པོ་སྨིན་ཀྱང་ཐོས་བསམ་གྱི། །རྣམ་དཔྱོད་ཡལ་འདབ་ཕང་ཕུང་གཡོ་བའི་རྩེར། །གོམས་པའི་འབྲས་དུད་རིག་འཛིན་ཚེ་དེའི་འཕྲིན། །རྟེན་གྱི་ཕྱག་རྒྱ་མ་ཉམས་སུག་པར་སོན། །དེང་དུས་སྒྱུ་མའི་ལང་ཚོ་མ་སྙིགས་ཤིང་། །ལྷ་སྔགས་ཡེ་ཤེས་རྣམ་པར་རོལ་པའི་གཟིས། །ཡིད་སྲུབས་སྨག་རུམ་མཐར་བྱས་རྡོ་རྗེ་གསུམ། །གཡུང་དྲུང་ལྟ་བུར་བརྟན་པའི་གཏམ་དེ་སྙན། །ཅིའི་ཕྱིར་དཀོན་ཅོག་ཕུན་ཚོགས་ཉིན་མོར་བྱེད། །ཆོས་དབྱིངས་ནུབ་རིའི་ཕང་གཞོལ་དབུ་རུའི་ཆ། །མུན་པར་གྱུར་ཚེ་མཁས་གྲུབ་ཟླ་བ་ཁྱོད། །ཤར་(༢༢༢བ)


GLG019_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཕྱོགས་དེའི་འགྲོ་ཀུན་སྣང་བས་ཁྱབ། །ཟ་ཧོར་རིག་སྔགས་འཆང་གི་གདུང་འཛིན་བདག །བསྐྱེད་རྫོགས་རྫོགས་ཆེན་ལམ་བཟང་ལྟ་ཞོག་གི །ཐུན་མོང་དངོས་གྲུབ་ཙམ་ཡང་མ་འགྲུབ་རུང་། །འགྲོ་འདྲེན་སྙན་པའི་གཏམ་གྱིས་མི་མགོ་བསྐོར། །མྱ་ངན་མེད་པའི་ཐུགས་བཅུད་དྲང་སྲོང་མཚོན། །རྣམ་སྤྲུལ་རིན་ཆེན་ཕུན་ཚོགས་བཞད་པའི་སྲོལ། །རྙིང་རྒན་ཕལ་གྱིས་ཤེས་པའི་རེ་མེད་སྟེང་། །ཕྱོགས་དེར་རྟོགས་པ་ཁྱོད་མིན་ངས་མ་མཐོང་། །འདི་ན་དགེ་བསྟན་ཁྲི་ལ་དབང་བསྐུར་ནས། །བསྒྲིག་རྩོམ་དེ་འདྲ་མེད་པས་ལས་ཡིན་རུང་། །གངས་ལྗོངས་རེ་ཆེ་ཀུན་ལ་དབྱར་ཆུའི་དྲོད། །ཙམ་ལས་མ་རྙེད་ནུབ་འཕངས་འབད་པས་བཀོད། །བྱིས་བློ་འཁྲུལ་པའི་སྣང་བར་ནོངས་པའི་ཚོགས། །ཡོད་སྙམ་ཅུང་ཟད་རང་སེམས་དམའ་ཞུམ་པར། །ཤེས་ལྡན་ཁྱོད་ཐུགས་གང་ནས་ལེགས་སོའི་སྒྲས། །དབུགས་དབྱུང་འདི་ཡིས་ཅི་བདེར་ངལ་གསོ་བྱས། །འཇམ་དཔལ་གཤིན་རྗེའི་རྒྱུད་ཀྱི་སྙིང་པོའི་བཅུད། །གནུབས་ཆེན་གདམས་པའི་མྱུ་གུ་མེའི་སྤུ་གྲིའི། །ངག་འདོན་ལག་ལེན་འཇུག་བདེའི་རེག་ཟིག་རྣམས། །འབད་པས་འཕྲལ་བཤུས་གླེགས་བམ་འདི་ཀོ་བསྲིངས། །དགྲ་གདོན་ཚང་ཚིང་བསྲེག་པའི་ཡེ་ཤེས་མེ། །པད་གནུབས་མན་ངག་ཟབ་དོན་ཡིད་བཞིན་ནོར། །གཙུག་བསྟེན་རིག་སྔགས་འཆང་བའི་གདེངས་ཅན་དབང་། །སྟོད་སྨད་ཀུན་ཏུ་ཉིན་མོའི་སྐར་མ་འདྲ། །ཆང་བཟིའི་བློ་ཤེད་འདྲེར་འཚོང་བརྟུལ་ཞུགས་ཀྱིས། །གང་དྲན་ཟན་གོང་ནོར་སྐྱོང་ལྟོ་བ་རུ། །ལྡུགས་ལ་རྔ་གོག་དྲག་རྡུངས་ཆེར་བརྩོན་པའི། །སྔགས་རློམ་དེ་ཡང་རི་མོའི་མར་མེ་བཞིན། །སྟང་སྟབས་ཀྱིས་ཀྱང་ལྷ་སྲིན་བྲན་འཁོལ་བའི། །གོས་དཀར་རིགས་འཛིན་སྔོན་བྱོན་མང་བྱུང་དིང་། །གསར་མའི་མིག་བལྟོས་སྙིང་རུལ་ངུར་སྨྲིག་ཅན། །སྟག་ཚང་གནས་པའི་ཝ་སྐྱེས་འཇོལ་མོ་འདྲ། །དེ་ཙམ་ཆེས་ཆེར་སྙིགས་མའི་(༢༢༣ན)


GLG019_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཚུལ་རྣམས། །སྙན་ཚིག་སྡེབ་སྦྱོར་དམ་པོས་མ་བཅིངས་པར། །རང་རྒྱུད་དཀོར་གྱིས་རེངས་པའི་ཁ་འཆལ་གཏམ། །ལྷུག་པར་བྲིས་ལ་མཁས་ཁྱོད་མི་ཁྲེལ་འཚལ། །དལ་འབྱོར་རྙེད་དཀའ་མ་ཟད་ཉིད་ལྟ་བུའི། །ཐོས་བསམ་སྒོམ་པའི་སྡོམ་བརྩོན་རབ་དཀོན་པས། །པད་འབྱུང་ཇི་བཞིན་འཕོ་བ་ཆེན་པོའི་སྐུ། །བསྒྲུབས་ནས་བསྐལ་བརྒྱར་བརྟན་པའི་ཐབས་ཚུལ་མཛོད། །མཐོ་རིས་འཆི་མེད་ཆུ་བོ་གངྒཱ་དེ། །ཆད་མེད་རྒྱ་མཚོའི་གློང་དུ་འབབ་པ་ལྟར། །ནམ་ཡང་བསྐྱུད་པ་མེད་པའི་འཕྲིན་ཡིག་རྒྱུན། །ལྷ་ལྡན་འཛིན་མའི་ལྡུམ་རར་འཁྱིལ་ཅིག་གུ །ཚངས་སྤྱོད་དཔལ་ལ་གནས་པ་དགེ་སློང་གིས། །བཏུང་བར་འོས་པ་རྒྱ་ཇའི་བེམ་པོ་ལ། །པདྨ་རཱ་གའི་མདངས་འཛིན་ལག་རྟགས་ཀྱིས། །ཉེར་བཏབ་དབུ་རུའི་ཕྱོགས་སུ་བདེ་བར་སོང་། །ཀུན་དགའ་ཞེས་པ་ཤིང་སྟག་ལོ་རྒྱ་ཧོར་འཛིན་སྟངས་མ་གཅིག་པའི་དུས་ཀྱི་ཆད་པའི་དབང་གིས་ཙི་ཎའི་ལྷོ་བརྒྱུད་ཀྱི་ཡུལ་གྲུའི་གཡུལ་འཁྲུག་བྱུང་བའི་ཚེ་གོང་ནས་སོག་པོའི་བྱ་བ་བྱེད་མི་ཡ་མུ་ནས་ལ་དུ་ཇར་གོ་ཆི་ཅན་གནང་སྐབས་བཀའ་ལན་འབུལ་བར་ཁང་གསར་རབ་བརྟན་དང་འབུམ་བྲང་བསོད་ནམས་དབང་པོ་གཉིས་བཏང་བའི་ཞུ་ཡིག་གཡུང་དྲུང་འཁྱིལ་བ། ཨཱ ཡུ རྡཱི རྦྷ ཁ རུ གྲ བཱ ལ སྱ ཙ ཀྲཤ བ རྟི ཀ ག ག ན ཤྩ བྷཱ མཱི ཤྭ རཻ རྨ ཉྫུ གྷོ ཥོ ཏྟ མ རཱ ཛྙོ མཱུ ལེ། ཚེ་རིང་གནམ་གྱི་ཤེ་མོང་གི་སྟོབས་འཁོར་ལོས་སྒྱུར་བ་གནམ་སའི་དབང་ཕྱུག་འཇམ་དབྱངས་གོང་མ་རྒྱལ་པོའི་དྲུང་དུ། རབ་ཏུ་དང་བའི་(༢༢༣བ)


GLG019_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་སྒོ་ནས་སྤོས་བསྲེགས་མེ་ཏོག་གཏོར་ཏེ་གསོལ་བ། གནམ་ཀ་བ་མེད་པའི་སྒོ་ཕྱེ་ནས་འཇིག་རྟེན་གྱི་མེས་པོ་ཚངས་པས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་མང་བཀུར་གྱི་རྒྱལ་སར་དབང་བསྐུར་བ་འཇམ་དབྱངས་གོང་མ་རྒྱལ་པོ་དེང་གི་དུས་ཀྱང་འཛམ་གླིང་སྐྱེ་རྒུ་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་དུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་གཡུང་དྲུང་གི་རང་བཞིན་ལྟར་འགྱུར་བ་མེད་ཅིང་ཐུགས་རྗེའི་མཐུ་དཔུང་མངོན་པར་རྒྱས་པའི་གཟི་བྱིན་གྱིས་ལུས་ཅན་མཐའ་དག་ཕན་དང་བདེ་བའི་དཔལ་ལ་སྤྱོད་བཞིན་པ་ནས། མི་སྣ་སོག་པོའི་བྱ་བ་བྱེད་མི་ཡ་མུའི་མི་བཟང་ལ་དུ་ཇ་ར་གོ་ཆི་ཅན་ཧོར་ཟླ་བཞི་པའི་ཚེས་བཅུ་དགུ་འཚམ་པོར་འབྱོར་བའི་བཀའ་ཤོག་ཉིན་མོ་བདེ་ལེགས་ལྔ་བཅུའི་རྟེན་དང་བཅས་ཕེབས་པ་ཡིད་མཆོག་ཏུ་སྤྲོ་ཞིང་གུས་པ་འཕེལ་བར་གྱུར། འདི་ན་རྒྱལ་བ་ཟས་གཙང་གི་སྲས་པོའི་རྗེས་སུ་ཞུགས་པའི་སྡོམ་བརྩོན་ཀློག་པ་མཁན་ཡོང་འདུ་ཕུང་པོ་མདོག་བདེ་ཞིང་གང་གི་བཀའ་དྲིན་ལ་བརྟེན་ནས་ཉི་མ་ནུབ་ཀྱི་ཕྱོགས་རྣམས་ལུགས་གཉིས་དང་འབྲེལ་བའི་སྒོ་ནས་བདེ་བར་སྐྱོང་བའི་སྐབས་སུ་གནས། ད་ལམ་སྐུའི་འཚམ་འདྲི་ཞུ་བར་ཁང་གསར་རབ་བརྟན་དང་འབུམ་ཐང་བསོད་ནམས་དབང་པོ་གཉིས་རྫོང་བདར་ཞུས་པ་སྔར་རྒྱུན་བཞིན་ཐུགས་བརྩེ་བ་ཆེན་པོས་ཉེ་བར་གཟིགས་པའི་བཀའ་གནད་བསླབ་སྟོན་བཅས་པ་ཆུ་བོའི་རྒྱུན་བཞིན་ཞུ། རྟེན་ཤལ་དམར་པོ་ལེགས་པ་དང་བཅས་ཤིང་སྟག་ཧོར་ཟླ་ལྔ་པའི་ཚེས་གཉིས་ལ་རང་བྱུང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཙུག་ལག་དམར་པོ་རི་ནས་ཕུལ། མངའ་རིས་སྔགས་འཆང་ཆེན་པོ་དཀོན་ཅོག་ལྷུན་གྲུབ་ཀྱི་འཕྲིན་ལན་ཀ་ལ་པིངྐའི་དབྱངས་ལ་བསྔགས་པ། (༢༢༤ན)


GLG019_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

སཱ ཛ ཡ ཤྩི ཏྟ ཛཱ ལ པྲ ཎཱི དྷིཿ གི རི བཱ ལི ཏ ནྣི རྨ ཎེ རཱ བ གཾ ཛྙོ ད ཡ༔ ཤཱ ཀྱ ཤཱ སཱ ན བྷཱུ མཱི ཀ སཽ ག ཙྪ མུ དྲ པྟ སྶ དྷ ྈྐ ལ ཀོ ཊིཿ ར ཐེ། སྲས་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)བཅས་རྒྱལ་བའི་ཐུགས་མཚོར་སྨོན་ལམ་རི། །བསྒྲིལ་ལས་སྤྲུལ་པའི་ས་སྲུངས་མཁྱེན་བརྩེའི་འགྲོས། །ཐུབ་བསྟན་ས་ལ་ལྷོད་པོར་ལེགས་རྒྱུ་བ། །ཕྱག་རྫོགས་གྲུབ་རིགས་བྱེ་བའི་ཤིང་རྟ་ཆེར། །རིང་མིན་ལྷ་སྔགས་ཡེ་ཤེས་བཞུ་བླུགས་པ། །གསང་གསུམ་མི་ཤིགས་རྡོ་རྗེའི་སྒྱུ་འཕྲུལ་གར། །སྐལ་བཟང་གདུལ་བྱའི་སྣང་ངོར་བསྒྱུར་བཞིན་དུ། །སྙན་ཚིག་ཆབ་ཤོག་རྟེན་ལྡན་སྦྱོར་ཏེ་སྤྲོ། །འདི་ན་སྔོན་བསགས་ལས་སྤྲིན་སྟུག་པོའི་ནད། །སྨན་དཔྱད་ཚོགས་གསོག་དྲི་བཞོན་ཤུགས་དྲག་པོས། །མཐར་བསྐྲད་འདུ་བ་སྙོམས་པའི་ཉི་ཟེར་གྱིས། །སིམ་པའི་འདབ་སྟོང་བཞད་ལ་གཅིག་ཏུ་བྲེལ། །སྐྱེ་མངས་གོམས་པའི་བག་ཆགས་ཛམྦྷུའི་འབྲས། །སྐྱུ་རའི་བཀའ་བརྒྱུད་ཆུ་མཚོར་ལྷུངས་པ་ལས། །ཉེར་སད་དམ་པའི་ངང་ཚུལ་སུ་ཝ་རྞཿ །དར་དྲག་སྙེ་མའི་རོ་བདའ་(༢༢༤བ)


GLG019_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ཆེར་མངར། །ན་ཕྲ་རྣམ་དཔྱོད་མདོངས་མཐའ་ལ་ཞོན་ནས། །འགྲོ་འདྲེན་རྒན་མངས་བསྙེམས་པའི་གླང་པོའི་མཆེ། །ཉེར་ཕྱུངས་གོང་མའི་གདན་ས་མཐོ་རིས་སར། །འགྱིང་བའི་ཀརྟི་ཀ་དེ་གཞན་ན་སུ། །མཁས་དང་གྲུབ་པའི་འཁོར་སྒྱུར་ཆོས་ཀྱི་གྲགས། །རྔ་ཡབ་དཔལ་གྱི་རི་བོར་གཤེགས་པ་བརྫུན། །བདེན་ན་མགོན་དེའི་རྣམ་པར་ཐར་པའི་ཆ། །གང་བའི་ཟླ་བ་དབུ་རུར་ཤར་འདི་ཅི། །ལོ་མངས་ཤེས་བྱར་གོམས་རློམས་ངུར་པའི་ཁྱུ། །གྲོང་གཏམ་ཅ་ཅོས་རྣ་བ་གཙེར་བྱེད་ན། །སྦྱངས་ཕྲ་སྒོ་ངའི་སྦུབས་རྒྱ་མ་གྲོལ་བར། །ལེགས་བཤད་ཀ་ལ་པིངྐའི་སྒྲ་དབྱངས་སྙན། ཁྱོད་མགྲིན་གསེར་པད་ལས་སྐྱེས་ཚངས་པའི་རིགས། །སྤོབས་མཐོ་སྨྲ་བའི་གདོང་པ་བཞི་སྤྲུལ་ནས། །དབྱངས་ཅན་ཐིག་ལེ་མཆོག་མར་དམ་འཁྱུད་པར། །འཕྱ་བའི་མིག་སྔོན་ཅན་ཏེ་ངལ་འགྲམ་བཏེག །ཚུར་མཐོང་བྱིས་བློས་འཇལ་ནུས་ཐ་སྙད་ལ། །མཚར་ཅི་ལྐོག་གྱུར་ཆོས་ཀྱི་སྒྱུ་མའི་འཕྲུལ། །དག་པའི་སྤྱན་ཟུར་ལྷུང་བའི་མོད་ཉིད་ལ། །དངས་མཚོར་ཟླ་བའི་གཟུགས་བཞིན་གསལ་དེ་རྨད། །ཟིལ་གནོན་གྲུབ་པའི་བརྟུལ་ཞུགས་ཕྱག་རྒྱ་ཡིས། །འཁོར་འདས་སྲོག་དབང་ཐོབ་ཚེ་ལྷ་མ་སྲིན། །ལུས་མེད་ལུས་དངོས་བསྟན་ནས་བཀའ་འབངས་སུ། ཁས་འཆེའི་རྣམ་པར་འཕྲུལ་ལ་ཅི་ཞིག་གཤུང་། །དེ་ཙམ་ཀུན་རྟོག་འཆར་སྒོའི་རང་གདངས་གཟུགས། །འཛད་མེད་ཡི་གེའི་འཕྲེང་བར་སྤེལ་མོད་ཀྱི། །དམ་པའི་སྤྱོད་ཚུལ་ཕ་མཐའ་ཡོངས་གཞལ་ཚེ། །གསེར་མངལ་ཅན་ཡང་ངལ་བའི་གཉིད་ལ་གཡུར། །སྣང་སྲིད་དབང་སྡུད་མཚོ་སྐྱེས་རྡོ་རྗེ་བཞིན། །བག་ལ་ཉལ་ཆོས་དངོས་མཇལ་རྗེན་སྟོན་པའི། །ཕེབས་ཚོགས་མུ་ཐི་ལ་འཕྲེང་སྡེབ་ཚིག་གི །སྲད་བུར་བརྒྱུས་ཏེ་ཆད་པ་མེད་པར་ཞུ། །བཀྲ་(༢༢༥ན)


GLG019_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཁ་ཛར་ཅན་དང་སྨིན་ལེགས་མ། །ཐུན་མཚམས་རྒྱ་ཡི་རྩེ་དགས་རོལ་བཞིན་དུ། །ནམ་མཐོང་ཟླ་བའི་ཤེས་རབ་ཕྱོགས་ཀྱི་ཆ། །བཟང་པོ་གཉིས་པའི་དུས་ལ་ཕུལ་བ་དགེ །རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་དཔལ་ཞ་ལུ་གསེར་བཀང་དུ་འཆི་བདག་ལས་ཀྱི་གཤིན་རྗེ་ཡབ་ཡུམ་འཆམ་པའི་སྔོན་འགྲོར་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ལ་སྐད་གཏོང་བའི་ལམ་ཡིག་དཔའ་བོའི་གད་བརྒྱངས། པ་ར་མ་གུ་རུ་ཉྩ་ཡ་མཱ་རི་དེ་ཝཻ རཱ་དྷི ཥྠི ཏེ སྭཱ ཧཱ། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་གིས་གསུངས་པའི་གཤེད་སྐོར་གྱི་རྒྱུད་ལ་བརྟེན་ནས་མཁས་ཤིང་གྲུབ་བརྙེས་ལཱ་ལི་ཏ། བིཪྠ་པ། དཔལ་འཛིན་སོགས་འཕགས་ཡུལ་གྱི་པཎ་གྲུབ། རྭ་སྐྱོ་མལ་ཞང་གཉིས་ཏེ་ཕྱོགས་འདིའི་སྲོལ་འབྱེད་སྔོན་བྱོན་དང་། འཇིག་རྟེན་གྱི་མིག་གཅིག་པུ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ཡབ་སྲས་སོགས་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་བཀའ། བདུད་སྡེའི་གཤེད་དུ་འཇམ་དཔལ་དྲག་པོར་ཁྲོས་པ་འཇིགས་མཛད་རྡོ་རྗེའི་ལུང་། གོང་མའི་ལུང་གིས་དེའི་ཆི་གྱིང་གང་ཞེས་སྲིད་ཞིའི་གཙུག་རྒྱན་དུ་དབང་བསྐུར་ཞིང་། འཁོར་འདས་ཕྱག་རྒྱ་ཟིལ་གནོན་འཇམ་དཔལ་དུས་དགྲའི་སྔགས་འཆང་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གཏམ། ཁམས་གསུམ་ན་མངོན་པར་རྒྱུ་བའི་གཟུགས་མེད་སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད། གཟུགས་ཅན་གྱི་སྐྱེ་རྒུ་སྤྱི་དང་། བྱེ་བྲག་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་ཁྲི་སྐོར་བཅུ་གསུམ། སྨད་མདོ་ཁམས་སོགས་ཀྱི་འཛིན་མར་འཁོད་པའི་ལྷ་སྡེ་མི་སྡེ། བླ་མ་ཆེ་ཕྲ། ས་སྐྱོང་བའི་མིའི་རྗེ་བོ། དཔོན་ཆེན། དཔོན་སྐྱ། རྫོང་སྡོད་གཉེར་ལས་འཛིན། (༢༢༥བ)


GLG019_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

དམག་ཨར་ཇག་གི་འགྲིམ་འགྲུལ། ཀོ་གྲུ་ལྕགས་གསུམ་གྱི་མཉན་གཉེར། ལམ་འཕྲང་སྲུང་མི་སོགས་མཆོག་དམན་བར་མའི་སྐྱེ་རྒུ་མཐའ་དག་ལ་སྤྲིངས་པ། མ་བྱོན་སངས་རྒྱས་གསུམ་པ་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་དང་། གསང་ཆེན་རྙིང་མའི་སྔགས་འཆང་གོས་དཀར་ལྕང་ལོའི་འཕྲེང་ཅན་མཐུ་ཆེན་གཡུང་སྟོན་རྡོ་རྗེ་དཔལ་བ་གཉིས་ཀྱི་ས་ཡོས་ལོ་ཧོར་ཟླ་བཅུ་གཉིས་པའི་ནང་དུ་འཆི་བདག་གཤིན་རྗེའི་གྲོང་ཁྱེར་ཐོད་པ་ལྕགས་ཀྱི་ཁང་པ་ནས་ལས་ཀྱི་གཤིན་རྗེ་འཁོར་སྡེ་བརྒྱད་དྲེགས་པའི་དམག་ཚོགས་དང་བཅས་པ་དངོས་འབྱོར་ཆས་སུ་ཞུགས་པའི་སྟང་སྟབས་དང་། ངོ་བོ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱིས་བཀུག་པའི་ཆོས་སྲུངས་སོ་སྐྱེ་ཕལ་གྱི་མིག་གི་ཡུལ་དུ་མ་གྱུར་པ་ས་གཞི་བར་སྣང་གི་ཁྱོན་གང་བ་སྤྱན་དྲངས་ཏེ། དམ་རྫས་གཏོར་མའི་རི་བོ་དང་། དམར་ཆེན་ཁྲག་གི་རྒྱ་མཚོ་བསྐྱིལ་བ་སོགས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་ཅིང་ཐུགས་དམ་བསྐང་། སྤྱི་བོར་རྡོ་རྗེ་བཞག་ལྕེ་ཐོག་ཏུ་ཨ་མྲྀ་ཏ་བླུགས་ཏེ་བསྟན་འགྲོའི་ཕན་བདེ་འཇོམས་པའི་དགྲ་བགེགས་ཚར་གཅོད་པའི་དམ་ཚིག་བསྒྲགས་ཤིང་། འཕྲིན་ལས་གཉེར་དུ་གཏད་པའི་དབྱུག་གུ་དྲུག་ཅུ་རྩ་བཞི་དང་འབྲེལ་བའི་དམར་ཆེན་གཏོར་མ་དམན་པའི་སྲོལ་བཏོད་པར་མཛད་པའི་རྒྱུན་དིང་སང་གི་བར་དུ་མ་ཉམས་པར་འདུག་པ་ནས། རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ཧོར་ཟླ་བཅུ་གཉིས་པའི་ནང་དུ་མ་ཧེ་མཆོད་པ་འཛུགས་རྒྱུར་སྐྱེ་རྒུ་རྣམས་ངོ་མཚར་ལྟད་མོའི་དགའ་སྟོན་དང་། ལྷ་སྲིན་སྡེ་བརྒྱད་རྣམས་དགྲ་བགེགས་ཀྱི་ཤ་ཁྲག་ཚོགས་སུ་རོལ་པའི་མགྲོན་ལ་ཤོག་ཅིག་པའི་བརྡ་འགྲེམས་སུ་རླུང་སེམས་ལ་ནང་བྱན་ཆུད་པའི་རྣལ་འབྱོར་བརྟུལ་ཞུགས་སྤྱོད་པ་འདི་བཞིན་སོང་བ་ཁྱོད་(༢༢༦ན)


GLG019_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

གོང་འཁོད་རྣམས་ཀྱིས་གཞིས་ལམ་བྱེད་གསུམ་ཐམས་ཅད་དུ་ཞག་བབས་སུ་གནས་མལ་གཏོང་ཞིང་། བཟའ་བཏུང་མཁོ་རྒུའི་ལོངས་སྤྱོད་སྟོབ་པ་དང་། ཀོ་གྲུའི་མཉན་པོས་ཀྱང་འཕྲལ་སྒྲོལ་གྱིས། གལ་ཏེ་གནོད་འགལ་དུ་འགྲོ་བ་བྱུང་ན་ཡུལ་གྲུའི་དཔོན་ཆེ་ཆུང་དང་རྫོང་སྡོད་སོ་སོས་ཁྲིམས་ཀྱི་བརྡ་འདེད་བཏང་ན་མི་འཇིགས་སམ། གོ་བར་བྱེད་པའི་ཡི་གེ་ཤིང་སྟག་སྨིན་དྲུག་ཟླ་བའི་གྲལ་ཚེས་དགེ་བར་གཙུག་ལག་ལུགས་བརྒྱའི་འདུན་ས་ཕོ་བྲང་ཆེན་པོ་པོ་ཏ་ལ་ནས་བྲིས། །ཤིང་སྟག་ཧོར་ཟླ་བཅུ་གཅིག་པའི་ཉེར་བརྒྱད་ལ་ཁྲ་འབྲུག་ཆོས་སྐྱོང་ཚངས་པའི་འཕྲིན་ལན་གཡར་དམ་འགྱུར་བ་མེད་པའི་གཏམ། འཕྲིན་ལས་གཡས་སུ་འཁྱིལ་བའི་དུང་དཀར་པོས། །ཐོར་ཚུགས་རབ་མཛེས་ལྷ་ཆེན་ཚངས་པ་ཡི། །རྡོ་རྗེའི་གསུང་གི་འཕྲིན་ཡིག་ལྷ་དང་བཅས། །ཕོ་ཉའི་སུག་པར་ཐོགས་ཏེ་སོན་པ་སྤྲོ། །དུས་གསུམ་བདེར་གཤེགས་ཀུན་འདུས་ཐོད་འཕྲེང་རྩལ། །རྡོ་རྗེའི་དམ་ཚིག་རི་མོ་གཙུག་ཏོར་རྩེར། །གསལ་ལས་ནམ་ཡང་མི་འགོང་བསྟན་དང་འགྲོ། །ཕན་བདེ་བསྐྲུན་པའི་གཡར་དམ་དེ་རྨད་བྱུང་། །ལུས་ཅན་བསོད་ནམས་རྒྱ་མཚོ་སྤེལ་བའི་ཞིང་། །ཆོས་འཁོར་སྟོད་སྨད་རྣམས་ལ་སྲི་ཞུ་དང་། །སྲིད་གསུམ་དབང་མོ་རིགས་ཀྱིས་སྲུང་མ་ལ། །གསོལ་མཆོད་བསྐུལ་དོན་ཡིད་ཀྱི་ཐིག་ལེར་སོན། །དཀར་མིན་ལས་ཀྱིས་བསྐྱོད་པའི་རྩོད་པའི་མུན། །བྱང་ཕྱོགས་འཐིབས་པ་སེལ་ལ་གཅིག་ཞོལ་མོད། །དྲེགས་པའི་སྡེ་དཔོན་ཁྱོད་ཀྱི་མཐུ་སྟོབས་ཉིས། །རབ་སངས་དགའ་བདེར་སྦྱོར་བའི་འཕྲིན་ལས་སྒྲུབས། །སྙན་ཤལ་རྐང་འཐུང་ཕུར་མ་གསེར་སྐྱེམས་ལ། །འཚམས་སྤྲིན་འོད་བཀྲའི་རྒྱ་ཡིས་ཉེར་བཅིངས་ཏེ། །གཡོ་རུ་ཁྲ་འབྲུག་གནས་སྐྱོང་སྤྱན་སྔ་རུ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ལེགས་པར་སྤེལ། སྲིན་པོ་ཞེས་པ་ཤིང་ཡོས་ལོ་གསར་ཀྱི་ཚེ་སྤྲུལ་སྐུ་ངག་དབང་སྙན་གྲགས་ཀྱི་སྙན་ཚིག་གི་ལན་དབྱངས་ཅན་ཕང་འགྲོའི་བསྙེམས་(༢༢༦བ)


GLG019_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག །བྷཱ བ ཤ ནྟེ མ དྷོ རཱ ཛྙ བཱ ཎོ བི ཙ རྻཱ ངྒུ ལེ རྩཱ ད ན སྱ ཀྵ རཱ ངྐུ ཤྱ ཏཿ ལ ཁ ཏ མྦུ ར ཏོ ནཱི ཏ གཱ སཱ ར སྭ སྟྱཱ ཡུ ཏྤཾ ག ཅ རྒ རྦི ཏཾ ཧཱ རི ཀ༔ སྲིད་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)དང་ཞི་བར་སྙན་པའི་གཏམ་གྱི་རྒྱུད། །རྣམ་དཔྱོད་སོར་མོས་བསྐུལ་བའི་འགྱུར་ཁུགས་ལས། །འཕྲིན་ཡིག་ཏམྦུ་ར་ལས་དྲངས་པའི་གླུ། །དབྱངས་ཅན་ཕང་འགྲོའི་བསྙེམས་པ་འཕྲོག་པ་བཞིན། །སྤེལ་ལེགས་བདོག་པ་སྔོན་འགྲོས་དུས་ཀུན་ཏུ། །དགེ་བར་འགྱུར་བའི་ཤིས་བརྗོད་མནྡར། །ཐོད་བཅིངས་འདི་ཀོ་འཆི་མེད་ལུས་ཕྲའམ། །འོན་ཀྱང་ངུར་སྨྲིག་འཛིན་ཞེས་འཕྱང་མོ་ཉུག །རིང་མིན་ཆར་ཡང་དགེ་སྦྱོང་ཀློག་པའི་གཞུང་། །མང་ཐོས་བསམ་དང་སྒོམ་པར་ལེགས་གཞོལ་བ། །ཟོ་མདོག་བདེ་བའི་རྣམ་སྨིན་དཀར་པོ་ལ། །སྤྱོད་ཐོས་རངས་པའི་ཡིད་དབང་ཀུན་དགའི་དཔྱིད། །ཕྲ་ཡང་བཙན་པོའི་ལས་རྗེས་འབྲངས་པའི་འབྲས། །བསླུ་མེད་རྒྱལ་གསུང་ངེས་དབང་གཞན་དག་ནས། །འཚོལ་བར་བལྟོས་མིན་མངོན་སུམ་མཐོང་ཆོས་ལ། །ཆུ་གཏེར་རྒོད་པའི་འཛུམ་(༢༢༧ན)


GLG019_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཅི་ཡང་གཡོ། །འདི་ན་ཉིན་ཞིག་སྲད་བུར་བགྲང་བྱའི་འཕྲེང་། །དྲུག་ཅུར་ཉེ་བའི་རྩིས་གདབ་མཁན་པོའང་། །སྲེད་པའི་ལྕགས་ཀྱུས་ཉེར་བཏབ་སེམས་ཀྱི་གླང་། །རྣམ་གཡེང་ཤལླི་ཀར་རྒྱུའི་རོལ་རྩེད་ཙམ། །གཙུག་ལག་མང་སྦྱངས་ངག་གི་སྤོབས་པའི་དབང་། །ཡོངས་ཐོབ་སྙན་པའི་གྲགས་འབར་སྐལ་བཟང་པ། །ཤེས་བྱའི་ཕ་མཐའ་མ་རྙེད་ངལ་བའི་སེམས། །མ་ཡེངས་ཕྱག་རྒྱའི་མལ་དུ་བག་ཕབ་བཞིན། །འགོག་པའི་བསམ་གཏན་འཐུག་པོའི་ཆུ་འཛིན་ལ། །བལྟ་བའི་ཡང་དག་འཇོག་བློའི་མདོངས་མཐའ་ཅན། །ལྷག་མཐོང་དབྱར་རྔ་བསྒྲགས་མིན་ཐར་པའི་སྒྲོ། །ཟླུམ་པོར་བསྒྱུར་བའི་དུས་དེ་རིང་ཞིག་བསྐལ། །ཟས་གཙང་སྲས་བསྟན་ལུང་དུས་ལྔ་བརྒྱའི་ནང་། །སྒྲ་ཚད་བཟོ་གསོ་ལ་སོགས་རིག་པའི་གནས། །འཆད་ཉན་དོན་དང་ལྡན་ན་མང་ཐོས་ཁྱོད། །སྒོམ་བློའི་ཁུར་དེས་ཤིང་བཟང་པགས་འོག་རྒས། །ཟག་བཅས་གཉིད་ལས་ལངས་ཏེ་ཚངས་པ་ཡིས། ཁ་བའི་ལྗོངས་འདིར་གང་གི་དཔེ་ཟླ་ཞིག །མ་རྙེད་མཐོ་རིས་གནས་ཀྱི་སརྦ་ཛྙཱཿ། །ཆེད་དུ་སྤྲུལ་པར་ངེས་ལས་གཞན་དུ་ཅི། །མ་འདྲིས་ཀུན་དང་མཛའ་བའི་སྙིང་རྗེའི་གཏེར། །ཤེས་བྱའི་ཕ་མཐའ་གཞལ་བའི་སྤྱན་དཀྱུས་རིང་། །རྒོལ་ངན་ཀླད་པ་འགེམས་པའི་དཔའ་རྟུལ་གྱིས། །རིགས་གསུམ་སྒྱུ་དྲའི་གར་དེ་ཁྱོད་ཀྱིས་བསྒྱུར། །ཆོས་ཚུལ་རྒྱ་མཚོ་སྨྲ་ལ་དབྱིག་གི་གཉེན། །རྩོམ་ལ་དགེ་དབང་བླ་གོས་གསར་པས་ཀླུབས། །བརྗོད་པ་རྣམ་དག་བཙུན་པ་ཟླ་བ་ཡི། །མཆེད་པོ་ཉིད་ལས་གཞན་དུ་སུ་ཡིས་རྙེད། །འདོད་ཡོན་འདམ་བྱིང་དྭགས་བརྒྱུད་ཤིང་རྟ་དིང་། ཁ་ལོ་སྒྱུར་བྱེད་གཅིག་པུ་ལས་གཞན་པར། །ལྷ་དབང་མིག་སྟོང་བལྟས་པས་མ་(༢༢༧བ)


GLG019_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་ཕྱིར། །འཁོར་བ་ཟད་མིན་དེ་སྲིད་གཞོལ་ཅིག་གུ །བསྐལ་པར་རྫོགས་དཀའ་གནམ་ལོ་ཚེས་སོ་ཅོག །སྐྱེས་བཟང་སྙན་འཕྲིན་ཆད་མེད་བསྐུལ་བའི་རྟེན། །སྣ་ཚོགས་རི་མོ་བཀོད་པའི་དར་དཀར་པོ། །ཕོ་ཉའི་སྙིམ་པས་ཐོགས་ཏེ་ཕྱོགས་དེར་སོང་། །ཤིང་སྟག་ཚངས་པ་དུང་ཐོད་ཅན་གྱི་སྐུ་ཁོག་སངས་རྒྱས་ཕུན་ཚོགས་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་སྙན་ཤལ་གསེར་སྐྱེམས་དམོད་ནས་དང་བཅས་རིས་ཀྱི་ཚ་བོར་བབ་པ་ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ལ་ཡིད་ཆེས་སྔོན་དུ་གྱུར་པར་བརྟེན་ཤིང་ཡོས་ཧོར་ཟླ་དང་པོའི་ཚེས་བཅུ་གཉིས་ལ་མཆོད་སྤྲིན་ཚོགས་མཆོད་དང་བཅས་དཀར་བྲག་པ་ངག་དབང་བྱམས་པ་བཏང་པའི་ཚེ་འཕྲིན་གསོལ་ལྷ་ཞལ་བག་མར་ངོམ་པའི་དགའ་སྟོན། སྭ་སྟིའི་སྒྲ་ལས་དྲངས་པའི་ཕུན་ཚོགས་ཀྱི། །ངོ་མཚར་དབྱངས་ཀྱི་འཕྲེང་བ་སྔོན་བཏང་ནས། །བཀྲ་ཤིས་གཡས་འཁྱིལ་དུང་དཀར་ཐོད་བཅིངས་པའི། །ལྷ་ཆེན་ཚངས་པ་ཆེན་པོར་ཆེད་གསོལ་དོན། །བསྟན་དང་འགྲོ་བའི་ཕན་བདེ་སྤེལ་བ་དང་། །ལེགས་ཉེས་བླང་དོར་ལུང་དུ་སྟོན་པའི་ཕྱིར། །སྐུ་རྟེན་ཁོག་པ་གསར་པར་འགྱངས་མེད་དུ། །བྱོན་པར་ཡིད་ཀྱི་སྤྲོ་བ་ཅི་ཡང་བརྟས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་མཁའ་ཁྱབ་ཀྱི། །དམ་སྐོང་མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་སྒོར། །མཚོན་བྱེད་དངོས་བཤམས་དཔྱད་ཁྲ་ཟུར་གསལ་བཞིན། །འབུལ་བར་ཕོ་ཉ་མངགས་ལྟར་དགྱེས་སྐྱེད་ཅིག །སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེ་ཡི། །སྤྱན་སྔར་དམ་བཅས་ཞལ་བཞེས་མ་གཡེལ་བར། །ཐུབ་བསྟན་སྤྱི་དང་མཉམ་མེད་བཙོང་ཁ་པའི། །རིང་ལུགས་སྲིད་མཐའི་བར་དུ་རྒྱས་པ་དང་། །དགའ་ལྡན་རྣམ་པར་རྒྱལ་བའི་ཕོ་བྲང་གི །ཁྲིམས་གཉིས་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན། །ནོར་འཛིན་ཀུན་ལ་ཁྱབ་ནས་ལུས་ཅན་རྣམས། །བདེ་ཞིང་སྐྱིད་པའི་དཔལ་ལ་(༢༢༨ན)
འབྱོར་པར་མཛོད། །དཔག་བསམ་ཡོངས་འདུའི་ལྗོན་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་བུམ་པ་བཟང་པོ་བཞིན། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་པ། །བསྒྲུབ་པར་མཛོད་ཅིག་མཐུ་ཆེན་ལྷའི་ཚངས་པ། །འབྱུང་བ་སུམ་ལྡན་ཤིང་མེ་ཡོས་ཀྱི་ལོ། །རྒྱལ་བས་བདུད་དཔུང་བཅོམ་པ་མཉན་ཡོད་ཀྱི། །དཀར་ཕྱོགས་དཔའ་བ་དགའ་སྟོན་ཚེས་བཟང་པོར། །ཕོ་བྲང་པོ་ཏ་ལ་ཡི་རྩེ་ནས་དགེ །


previousརབ་བྱུང་བཅུ་གཅིག་པའི་ཤིང་སྟག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext