Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ཤིང་ཡོས་ཚེར་གསེབ་པ་ཆོས་སྐྱོང་ཆེན་པོ་ཁོག་ཏུ་ཞུགས་ཀྱང་ལོ་རེར་ལན་རེ་ཙམ་ལ་མི་ཕེབས་པས་མདངས་མཛད་སྐབས་ཧོར་ཟླ་གཉིས་པའི་ནང་དུ་རྒྱུ་མཚན་གསལ་བར་ཆང་ཁྱིམ་པ་བློ་བཟང་དངོས་གྲུབ་བཏང་པའི་འཕྲིན་གསོལ་ཕན་བདེའི་སྒོ་འབྱེད། དྲེགས་པ་ཀུན་གྱི་སྡེ་དཔོན་སྲོག་གི་བདག །ལྷ་ཆེན་ཚངས་པ་སྔོན་གྱི་ཞལ་བཞེས་བཞིན། །མི་ཡི་རྟེན་ལ་མངོན་སུམ་ཉེར་བརླམས་པ། །ཡོངས་ཀྱི་ཡིད་ལ་སྤྲོ་བའི་རྩེ་དགའ་བརྟས། །ལུང་རྟོགས་ནམ་མཁའི་མཐའ་མཉམ་རྙེད་པའི་མགོན། །རྒྱ་བལ་བོད་སོགས་བྱོན་པ་ཆེས་མང་ཡང་། །སྣང་སྲིད་དབང་བསྡུས་སྡེ་བརྒྱད་བྲན་འཁོལ་བ། །པདྨ་ཐོད་འཕྲེང་ཙམ་ལས་གཞན་དུ་ཅི། །སློབ་དཔོན་གང་དེའི་བཀའ་རྟགས་ཕྱག་རྒྱ་ལས། །མི་འདའ་གངས་ཅན་བསྟན་འགྲོའི་ཕན་བདེའི་ཆེད། །ལོ་རེར་ཐེངས་གཅིག་མིན་པར་མཆོག་དམན་གྱི། །རེ་བ་སྐོང་སླད་སྔར་བཞིན་ཁོག་ཞུགས་གསོལ། །ཕེབས་ན་སྐྱོན་དུ་འགྱུར་བ་མེད་སྙམ་མེད། །ལྗོངས་འདིར་བཟློག་དཀའ་མི་དགེའི་འཚུབ་སློང་ངམ། །ཡང་ན་རྫོགས་ལྡན་ལྟ་བུར་བླང་དོར་ལུང་། །བསྟན་ལ་བལྟོས་པ་མིན་པ་ཡིད་ལ་དྲང་། །སྤྱན་གཟིགས་ཁྲ་ཤར་ཚོགས་ཀྱི་འཁོར་ལོ་བཅས། །འབུལ་བར་མངགས་པའི་ཕོ་ཉའི་གཡར་ལམ་ནས། །ཞིབ་པར་ཕུལ་ལན་ལྷུག་(༢༢༨བ)


GLG019_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྩོལ་ཞིག་ཅེས། །བསྐུལ་རྟེན་བཀྲ་ཤིས་ལྷ་ཡི་དར་འདིས་སྤྲས། །ཤིང་ཡོས་ཚངས་པ་དུང་ཐོད་ཅན་གྱིས་རིམ་གྲོ་བསྐུལ་བའི་གསུང་འཕྲིན་བྱུང་བའི་ལན་རྣམ་པར་རྒྱལ་བའི་དབྱངས། རྒྱལ་བར་གྱུར་ཅིག་བསྟན་སྲུང་ཚངས་པ་ཆེ། །དྲེགས་པའི་སྡེ་དཔོན་དུང་ཐོད་སྲོག་གི་བདག །དཔལ་གྱི་མགུར་ནས་ལྷ་གཏམ་སྙན་པའི་འཕྲིན། །རབ་དཀར་དར་རྟེན་འབྱོར་བས་སིམ་པ་ཐོབ། །མངོན་སུམ་མི་ཡི་ཁོག་ཏུ་ཉེར་བརླམས་ཏེ། །སྐུ་ཡི་རྣམ་འགྱུར་གསུང་གི་བརྗོད་པ་དང་། །ཟབ་ཡངས་ཐུགས་ཀྱི་མཁྱེན་པ་སྔར་བྱོན་གྱི། །ཚུལ་དང་མཐུན་ལ་ཡིད་ཆེས་སྤྲོ་དགའ་བརྟས། །གེགས་སེལ་རིམ་གྲོའི་བླང་དོར་ཇི་སྙེད་ཀུན། །རྙོག་བྲལ་རྫིང་བུའི་ནང་དུ་ཟླ་གཟུགས་བཞིན། །གསལ་བར་རྡོ་རྗེའི་ཚིག་གིས་ལུང་བསྟན་པ། །མི་བསྐྱུད་སེམས་ཀྱི་དཔལ་བེར་གཅིག་ཏུ་འཁྱིལ། །སྣང་སྲིད་སྡེ་བརྒྱད་ཡོངས་ཀྱི་སྲོག་སྙིང་ལ། །དབང་སྒྱུར་ཨོཌྜི་ཡ་ནའི་སློབ་དཔོན་ཆེའི། །དམ་ཚིག་ཉེར་དགོངས་ལས་བཞི་བསྒྲུབ་བོ་ཞེས། །ཞལ་གྱིས་འཆེས་ལ་རངས་པའི་མོས་པ་ཐོབ། །གསེར་སྐྱེམས་ལྷ་རྫས་ཟུང་འབྲེལ་མཆོད་སྤྲིན་ལ། །ཐུན་འཚམས་རྒྱ་ཡིས་ལེགས་འཁྱུད་དབོས་ཉ་བའི། །དམར་ཆའི་དགའ་བ་དང་པོའི་ཚེས་ཀྱི་ཉིན། །གྲུ་འཛིན་རི་བོའི་རྩེ་ནས་སྤེལ་བ་དགེ ། ཤིང་ཡོས་རྡོ་དགའ་ལྡན་རྣམ་རྒྱལ་ནས་ཀླུ་རྒྱལ་འཛིན་པ་ལ་གསུང་གི་འཕྲིན་ལན་གདེངས་ཅན་དགའ་བྱེད། གདེངས་ཅན་གཙུག་ན་ནོར་བུ་རབ་འཆང་པ། །འཛིན་པ་ལག་མང་ཀླུ་ཡི་རྒྱལ་པོ་ཆེས། །བླང་དོར་དངས་མཚོའི་ཟླ་ལྟར་གསུང་འཕྲིན་རྟེན། །ཉམས་མེད་སོན་པས་ཡིད་ཀྱི་སྤྲོ་དགའ་བརྟས། །སྤྱི་དང་སྒོས་ཀྱི་རིམ་འགྲོ་ཚུལ་བཞིན་བགྱིད། །སྲུང་མ་ཁྱོད་ཀྱིས་(༢༢༩ན)


GLG019_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འགྲོའི་ལེགས་ཚོགས་སྤེལ། །འཇིག་རྟེན་ཁམས་སུ་ཆར་ཆུ་དུས་འབབ་ཅིང་། །ལོ་ཏོག་སྦྲུམས་སོགས་བདེ་སྐྱིད་དཔལ་ལ་སྦྱོར། །མཐུན་རྫས་གསེར་ཐུམས་ཀླུ་སྨན་རིལ་བུ་དང་། །དར་སྔོན་ཡུག་བཅས་ནག་པ་ཟླ་བ་ཡི། །ཡར་ཚེས་དགེ་བར་བོད་ཡུལ་རྡོ་རྗེ་གདན། །ཕོ་བྲང་དམར་པོ་རི་ནས་བྲིས་པ་དགེ །རབ་བྱུང་བཅུ་གཅིག་པའི་སྲིན་པོ་ཞེས་པ་ཤིང་ཡོས་ཀྱི་ལོ་འཇམ་དབྱངས་བླ་མ་ས་ཆེན་ངག་དབང་བསོད་ནམས་དབང་ཕྱུག་དང་ཀུན་མཁྱེན་མཁྱེན་བརྩེའི་རིགས་དབོན་གནས་གསར་བ་ངག་དབང་བསོད་ནམས་ཀྱིས་ཐོག་དྲངས་སྣོད་ལྡན་མང་པོར་དགེ་སྡིངས་རྡོ་རྗེའི་ཕོ་བྲང་དུ་ཁྱབ་བདག་ཞྭ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ཚད་མ་བཞི་ལྡན་སློབ་བཤད་ཀྱི་སྨིན་གྲོལ་གདམས་པའི་སྒོ་འཕར་ཆེ་བའི་ཚེ་ས་སྐྱ་ཁྲི་ཆེན་ལ་ཕུལ་བའི་ཞུ་ཡིག་ཡབ་ཆོས་འཁོར་ལོ་སྒྱུར་བའི་གཏམ། །ཛ སྦུ དྭཱི བ བ རི ཤཱ ས ན ག མ ན སྱ ཤྲཱི ནཱ། ས དྲ ཏྣེ། པ རྦི ཏྲ། འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་དཔལ་མགོན་དམ་པ་རིན་པོ་ཆེར་ཕུལ། ག ངྒཱ བྷི དུ ར ས མཱ དཱ དི ཏཱ ཛི གོ ནཽ ཥྞ ས རྦ ཀཱུ ལ མྤཱ ཏྱཾ། ར ཎྜ ཝཱ ཀྱ ཙ ཏུ ཪྶེ ན མཽཁ དྷ མཻ རྒ ཎ ཛ ས རཱ ཀ བྲ ཧྨཾ། གངྒཱའི་(ཛ་ཏིའི་སྡེབ་སྦྱོར་འཕགས་མའི་དབྱངས།)རྡུལ་སྙེད་ལས་འདས་རྒྱལ་རྣམས་ཀྱི། །ཡོན་ཏན་ཐུགས་བསྐྱེད་དྲོད་ཀྱིས་རིགས་ཀུན་བདག །གསེར་སྒོང་ཡོངས་སྨིན་སྡེ་བཞིའི་ཞལ་སྒོ་ཅན། །ཆོས་ཕུང་རྒྱ་མཚོའི་འབྱུང་(༢༢༩བ)


GLG019_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མེས་པོ་ཆེར། །ཉེ་བའི་ཆར་ཡང་ལྷ་སྔགས་ཡེ་ཤེས་ཀྱི། །གསང་གསུམ་མི་ཟད་རྒྱན་གྱིས་འཁོར་ལོའི་གར། །འཛམ་གླིང་སྐྱེ་རྒུའི་བསོད་ནམས་མཆོད་སྡོང་དུ། །གྱུར་འདི་ཡིད་ཀྱི་ཀུན་དགའ་བསྐྱེད་པའི་གསོས། །རིང་ནས་བདུད་བཞིའི་དམག་དཔུང་མཐར་བྱས་པའི། །མཚན་དཔེའི་ལང་ཚོ་བཀྲ་བའི་ལུས་བརྟས་པར། །སྙུན་འདྲི་བྱིས་བློར་ངེས་མོད་ཚུལ་བསྟན་ཙམ། །མེད་དེ་སྐལ་བཟང་ལུས་ཅན་ལེགས་བྱས་དཔྱིད། །འདི་ན་ཕྲ་མོའི་ན་ཚོད་ཟླ་ཆེས་ནས། །ཐོས་བསམ་འཕེལ་འགྲིབ་བྱེད་པའི་བློ་དམན་བདག །སྲིད་པའི་ཉེས་སྐྱོན་མཐོང་བཞིན་ཆོས་བརྒྱད་གདོན། །སྙིང་བཏབ་སྨྱོན་པའི་གར་མཁན་ལྟ་བུར་གནས། །འདི་གསལ་ལྷ་རིགས་ཚངས་པའི་རལ་ཀླུང་ནས། །འཇམ་དབྱངས་ཐུགས་རྗེའི་ཡན་ལག་བརྒྱད་ལྡན་ཆབ། །གངས་ཅན་བསྟན་པའི་ཁྱབ་འཇུག་ཞབས་བསིལ་དུ། །ཚད་མེད་ལུང་རྟོགས་རྒྱ་མཚོར་འཁྱིལ་བ་རྨད། །གཏན་བདེའི་ནོར་བུ་དོན་གཉེན་མགྲོན་པོ་རྣམས། །བརྩེ་ཆེན་བླ་མའི་ཐུགས་བཅུད་གྲུ་གཟིངས་ལ། །བརྟེན་ནས་ཐར་པའི་རིན་ཆེན་གླིང་འཁྲིད་པའི། །དེད་དཔོན་མཆོག་དེ་ཁྱོད་མིན་གཞན་ན་ཅི། །ཡང་སྲིད་ཉེར་ལྔར་འཇམ་པའི་རྡོ་རྗེ་ཡིས། །རྗེས་བཟུང་ལྔ་རིག་འཆད་ཉན་སྒྲ་བོ་ཆེ། །ས་སྐྱ་ལོ་ཙཱའི་བསྟན་པ་གངས་ཅན་ཀུན། །ཡོངས་ཁྱབ་སྤེལ་བར་བསམས་བཞིན་སྤྱོན་ནམ་སྙམ། །ཆོས་རྒྱལ་འཕགས་པའི་གདན་ཁྲི་པད་ཅན་སྟེང་། །ཞབས་རྡུལ་དམར་འོད་ལྷུངས་པའི་འདྲེན་པ་ཁྱོད། །ས་གསུམ་སྐྱེ་རྒུའི་ཚོགས་ཀྱི་(༢༣༠ན)


GLG019_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་རྩེར། །རྡོ་རྗེ་སྐྱིལ་ཀྲུང་གཅིག་གིས་ཁྱབ་པ་འདྲ། །ཡབ་ཆོས་རྒྱལ་སྲིད་བོར་ནས་ཁྱིམ་བདག་གི །བརྟུལ་ཞུགས་ལྷུར་ལེན་མཛད་པ་འགའ་བྱུང་མོད། །གྲགས་པའི་མཚན་སྙན་ཆེད་དུ་བསྟན་སྤེལ་དོན། །བྱོན་ངེས་ངག་དབང་ཀུན་དགའ་བསོད་ནམས་ཞབས། །མགོན་དེས་ས་སྐྱའི་བླ་ཆེན་ཡབ་སྲས་ཀྱི། །རིང་ལུགས་གདུགས་དཀར་ཡུ་བ་ཉེར་གཏད་ཀྱང་། །ད་དུང་ལྷག་མར་ལུས་རྣམས་འཆད་ཉན་གྱིས། །སྤེལ་བའི་ཁུར་འདེགས་གང་གི་རེས་སུ་བབ། །ཧེ་རུ་ཀཿདངོས་བློ་གྲོས་རྒྱལ་མཚན་བར། །ཚད་མ་བཞི་ལྡན་སྙན་ནས་སྙན་བརྒྱུད་པ། །སློབ་བཤད་སྨིན་གྲོལ་གདམས་པའི་ཉིན་བྱེད་ཀྱིས། །བོད་ཡུལ་གདུལ་བྱའི་སྣང་བ་ཆེས་དཀར་མཛོད། ཁྱབ་བདག་བློ་གསལ་ཞལ་ལུང་བདུད་རྩིའི་བཅུད། །ངེས་པར་སྐལ་བཟང་མཐའ་དག་སྣོད་གྱུར་ཀྱང་། །ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་རིགས་དབོན་ལ། །བུམ་པ་གང་འབྱོའི་ཚུལ་དུ་རྗེས་བཟུང་གསོལ། །གདོང་ལྔས་བཏེག་པའི་རིན་ཆེན་ཁྲི་སྟེང་དུ། །འོག་མིན་ཞིང་གི་གཙོ་བོའི་རྗེས་འགྲོ་བར། །བསྐལ་པ་མ་སྟོངས་དེ་སྲིད་གཡོ་མེད་དུ། །བཞུགས་ནས་ཆོས་འཁོར་རྒྱུན་ཆད་མེད་བསྐོར་མཛོད། །ཕལ་དང་དམ་པའི་ཁྱད་པར་གནམ་ས་ལྟར། །རང་བཞིན་བཟང་པོ་ཀུན་ལ་མི་གཏོང་མོད། །ཐུགས་ཀྱིས་ནམ་ཡང་མི་འདོར་མཉེས་གཤིན་པའི། །བཀའ་མཆིད་ཉི་ཟླའི་བགྲོད་རྗེས་རྐང་འཇོག་གསོལ། །ཞུ་ཡིག་པདྨའི་ཚལ་དུ་སྤྱན་རས་ཀྱི། །ར་ཡིག་གཉིས་པའི་འཕུར་ལྡིང་གཡོ་བའི་སླད། །ལྷ་གོས་མརྒད་(༢༣༠བ)


GLG019_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ལ་རྒྱས་སྤྲས་ཏེ། །རྒྱལ་ཁབ་དམར་པོ་རི་ནས་ཕུལ་བ་དགེ །རབ་འབྱུང་བཅུ་གཅིག་པའི་སྲིན་པོ་ཞེས་པ་ཤིང་ཡོས་ཀྱི་ལོ་རིགས་ཀུན་ཁྱབ་བདག་མཁན་ཆེན་ཞ་ལུ་བ་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ཤབ་དགེ་སྡིངས་རྡོ་རྗེའི་ཕོ་བྲང་དུ་རྗེ་བཙུན་ས་སྐྱ་པ་འཇམ་པའི་རྡོ་རྗེ་ངག་དབང་བསོད་ནམས་དབང་ཕྱུག་དང་། རྡོ་རྗེ་འཆང་འཀའ་འགྱུར་བའི་དབོན་གནས་གསར་པ་ངག་དབང་བསོད་ནམས་ཀྱིས་ཐོག་དྲངས་སྣོད་ལྡན་འགའ་ཞིག་ལ་གསུང་ངག་རིན་པོ་ཆེ་སློབ་བཤད་གནང་བའི་ཚེ་བརྟན་བཞུགས་ཀྱི་ཚུལ་དུ་ཕུལ་བ་སློབ་བཤད་བསྟན་པ་རྒྱས་པའི་ཉིན་བྱེད། མ ཧོ པ དྷྱ བཛྲ དྷ ར མཧཱ ཏི ཤུ བྷཾ། སཱ པྟ ཉྩ ས མྦུ ཊྱ སུ པ རྞ ཙ ཀྲ མ ཎྜ ལྱཻ རྩ ཏུ རཱི པ ས རེ ཤ བ རྟི བཱ། ཀཱ ཥ སྱ བ སྟྲ རྡྷི ས རི ཏྱ བཱ ར ཏོ ཀྵྨཱི མ ཏོ ཧཱི ཙ ས ཏུ ཏྟ རེ ཎ ཡཿ མཁན་ཆེན་རྡོ་རྗེ་འཛིན་པ་ཆེན་པོར་དགེ །ཁ་(སྡེབ་སྦྱོར་མཉམ་པའི་གིཏྟ་ལས་དབང་པོའི་རྒྱུད།)སྦྱོར་བདུན་ལྡན་གསེར་གྱི་འཁོར་ལོ་ཡིས། །དཀྱིལ་འཁོར་རྒྱ་མཚོའི་གླིང་བཞིར་མངའ་སྒྱུར་ཀྱང་། །ཐུན་མཚམས་གོས་ཀྱི་རྫུ་བག་ལ་འཆེལ་བ། །མཆོག་གི་དཔལ་ལྡན་བླ་མ་དམ་པ་གང་། (༢༣༡ན)


GLG019_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

།ཡོངས་དག་སྣང་སྟོང་ཧེ་རུ་ཀཿཡི་སྐུ། །སྒྲིབ་འབྲས་སྙུན་རྡུལ་རྙོག་མས་སྦགས་པའི་གནས། །སྲིད་མིན་འཁྲུལ་ངོར་སྟོན་ཀྱང་དེང་གི་དུས། །སྒྲ་གཅན་ལས་གྲོལ་ཟླ་ལྟར་གསལ་བ་སྤྲོ། །འདི་ན་ཚེ་རབས་དཀར་མིན་གྱིས་བསྐྱེད་ནད། །ཡན་ལག་ཟུག་རྔུའི་ཚེར་བྱུང་ཚེར་བའི་རོ། །གཏན་བདེར་ཞེན་པའི་དོན་མེད་རྣམ་གཡེང་མལ། །དགེ་སྡིག་འདྲེས་མའི་གཉིད་ལ་རང་ཞེ་ཁྲེལ། །གཤེགས་བཞུགས་གང་དུ་སྐལ་བཟང་གདུལ་བྱ་ལ། །དབང་པོར་འཚམ་པའི་ཆོས་སྦྱིན་བདུད་རྩི་ཡིས། །ཐར་པའི་སྲོག་རྩ་འཛིན་པའི་འཕྲིན་ལས་འདིས། །ཉི་མའི་གཉེན་ལ་གདུང་སེམས་བགས་ཀྱིས་ཞ། །མཁས་རློམ་མང་པོས་མཐོང་ཐོས་མ་གྱུར་པ། །རྡོ་རྗེ་ཐེག་པའི་སྨིན་གྲོལ་ལམ་ཆེན་པོར། །ཤེས་ལྡན་ཕལ་ཆེར་དྲངས་ཚེ་འདི་ལས་གཞན། །ཨཽ་ཌྜི་ཡཱ་ནའི་གསང་མཛོད་ལོགས་སུ་མེད། །རང་ཤུལ་འཛིན་སླད་བྲན་གྱིས་སྨིག་རྒྱུ་ལ། །ཉལ་འགྲོར་སྒྲོ་བཏགས་མཆེད་མིན་རྒྱུད་སྡེ་བཞིའི། །ཕྲ་རགས་ཕྱག་བཞེས་གསོལ་བར་བྱང་གླིང་རྗེ། །སྐྱེ་བའི་རྣམ་པར་འཕྲུལ་ལ་སོམ་ཉི་བྲལ། །རིགས་གསུམ་སྒྱུ་འདྲའི་གར་མཁན་འཁོན་གྱི་གདུང་། །འཇམ་དཔལ་དབྱངས་དངོས་ས་སྐྱའི་རྗེ་བཙུན་དང་། །ཀུན་གཟིགས་མཁྱེན་བརྩེའི་དཔོན་སོགས་དམ་ཆོས་ཀྱི། །བདག་པོར་རང་ནོར་སྤྲོད་པའི་ཚུལ་ལ་མོས། །མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཞལ་གྱི་རླངས། །མ་ཉམས་རྣལ་འབྱོར་དབང་ཕྱུག་གདམས་པའི་གནད། །ལམ་དང་འབྲས་བུར་བཅས་པའི་གསུང་ངག་འདི། །གསང་ཆེན་(༢༣༡བ)


GLG019_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྙིང་པོའི་ཉིང་ཁུ་ཡིན། །ཚོགས་པར་ཚིག་ཙམ་བཤད་པའི་ན་ཡམ་གྱིས། །ཐུན་མོང་གདུལ་བྱ་ཚིམ་དང་མི་འདྲ་བ། །ཚད་མ་བཞི་ལྡན་སློབ་བཤད་ས་སྐྱ་པའི། །གདུང་བརྒྱུད་རིམ་བྱོན་རྣམས་ཀྱི་གཅེས་པའི་ནོར། །བདག་ཆེན་རྡོ་རྗེ་འཆང་གི་གཏད་པའི་བསྟན། །འཛིན་མཁས་ཀུན་སྤངས་ཆོས་རྗེའི་ཐུགས་ཀྱི་སྲས། །བློ་གསལ་རྒྱ་མཚོའི་རྗེས་འབྲངས་མ་གཏོགས་པ། །ས་བརྫུས་ཕལ་གྱིས་རྟོགས་པའི་སྐལ་བ་ཕྲ། །ཟབ་ཟབ་དཔྱད་ན་ཁུངས་མེད་ཕྱག་རྒྱའི་སྒོམ། །ངལ་ངལ་སྦྱངས་མཐར་སྒྱིད་སྒྱུར་རྟོག་གེའི་ཆོས། །སྙན་སྙན་རང་གཞན་བློ་བྲིད་ཐ་སྙད་གཞུང་། །འགྲིག་འགྲིག་ཕལ་གྱི་དོ་ཟླ་ག་ལ་ཡིན། །མགོན་ཁྱོད་བསྟན་འགྲོར་སྨིན་པ་ཁོ་ནའི་ལས། །མཛད་ཀྱང་ཁྱད་པར་ཡང་དག་དོན་གནས་པ། །སྙན་བརྒྱུད་མ་དང་མཁའ་འགྲོའི་ཞལ་གྱི་ལུང་། །གསུངས་ཚེ་དཔལ་ལྡན་ཆོས་སྐྱོང་གཟུགས་གཞན་བསྒྱུར། །མི་འགྱུར་རྡོ་རྗེས་མཚན་པའི་རེ་ཁཱའི་སྟེང་། །མི་གཡོ་ཞབས་ཟུང་སྐྱིལ་མོ་ཀྲུང་བཅས་ནས། །མི་ཡི་སེང་གེའི་བསྟན་པ་སྲིད་མཐའི་བར། །མི་འཇིགས་མཁྱེན་བརྩེ་ནུས་པས་སྤེལ་ཆེད་བཞུགས། །དགྱེས་མཛད་རྡོ་རྗེ་ཁྲག་འཐུང་དམ་ཚིག་བཞིན། །མ་ཧཱ་ཀཱ་ལའི་སྡེ་དཔོན་གུར་གྱི་མགོན། །སྟོབས་འཕྲོག་གདོང་བཞི་པུ་ཏྲ་བེག་ཙེ་ཡིས། །བཞེད་སྐོངས་ལྷ་མིན་གདོན་གྱི་དཔུང་རྣམས་ཆོམས། །རིགས་བྱེད་མ་དང་ཚོགས་བདག་འདོད་རྒྱལ་གྱིས། །སྲིད་ཞིའི་ཚེ་དང་དཔལ་འབྱོར་དབང་ཐང་ཆར། །ཕོབ་ལ་རང་བསྟན་ཁའུ་བྲག་རྫོང་པའི། །བཤད་ཉན་དཔག་བསམ་སྙེ་མ་གཡུར་ཟ་མཛོད། །(༢༣༢ན)


GLG019_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཞིང་ཡངས་པར་བརྐྱང་བའི་ལྗགས་བཟང་ལས། །བཀའ་མཆིད་ཆོས་ཀྱི་དགའ་སྟོན་སྙན་པའི་སྒྲ། །རྣ་བ་བདུད་རྩིར་བྱེད་པ་སྐལ་པའི་མཐའ། །རྫོགས་མིན་དེ་སྲིད་ཆད་པ་མེད་པར་གསོལ། །གར་དབང་ཚེ་དཔག་མེད་པའི་མགོན་པོ་རུ། །རྟེན་འབྱུང་སྒོ་བརྒྱ་བསྒྲིག་པ་དངོས་པོའི་དཔྱ། །ཆོམ་རྐུན་བསྲུང་བའི་ཁྲོ་ཤར་ཐུན་མཚམས་རྒྱས། །ལེགས་སྤྲས་ས་ག་ཟླ་བའི་ཡར་ངོར་དགེ ། ཤིང་ཡོས་བསམ་ཡས་མདོ་སྡེ་མཆོད་པའི་དུས་སྟོན་འབུལ་བར་སྦྱར་ར་དངོས་གྲུབ་བཏང་བའི་ཚེ་སྤྲུལ་པའི་ཆོས་རྒྱལ་ཆེན་པོར་འཕྲིན་དུ་གསོལ་བ་དགྱེས་ཞལ་སྟོན་ཟླ་ལྟར་ངོམས། བདེ་ལྡན་གར་དབང་ཐུགས་རྗེའི་འོད་ཟེར་སྣེ། སིནྡྷུའི་ཆུ་གཏེར་འདབ་བརྒྱར་ཟུག་པ་ལས། །རྫུས་སྐྱེས་པདྨ་ཐོད་འཕྲེང་སྲིད་གསུམ་ན། །བརྟུལ་ཞུགས་ཟླ་བྲལ་རིག་སྔགས་འཆང་བའི་རྗེ། །མགོན་དེས་ལྷ་སྲས་གཙོར་གྱུར་དམག་གི་དཔུང་། །ཡོངས་མངགས་ཧོར་གྱི་སྒོམ་གྲའི་ཀ་ཅའི་རྗེས། །ཉེ་བར་འབྲངས་ཚེ་ཟན་གཡང་ལྷུན་གྲུབ་ཀྱི། །སྲུང་མར་མངའ་གསོལ་ལི་བྱིན་ཧ་ར་ཆེ། །དྲི་མེད་དག་པའི་སྤྱན་རས་བཙའ་བའི་རྟེན། །ཀུན་བཟང་མཆོད་སྤྲིན་ཐོར་གསལ་སྔ་མཁོ་ལྟར། །རྨད་བྱུང་མདོ་སྡེ་མཆོད་པའི་དུས་སྤེལ་བར། །དགྱེས་བཞིན་རྡུལ་བྲལ་སྟོན་གྱི་ཟླ་འདྲར་དངོམས། །གངས་ཅན་གཏན་བདེ་འཕྲོག་ནུས་འདོད་ལྷའི་མདས། །སྙིང་ཟིན་ཕྱོགས་བཞི་མཚམས་ནས་ལངས་པའི་དགྲ ། སྟོབས་ལྡན་གང་དུ་འདུག་ཀྱང་མངག་གཞུག་བཅས། །འཇིག་(༢༣༢བ)


GLG019_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཕྱི་མའི་ལྟད་མོར་མྱུར་དུ་ཁྲིད། །མང་བཀུར་རྒྱལ་ཁབ་ཁྲིམས་གཉིས་གསེར་གྱི་ཤིང་། །མཆོག་དམན་ཡོངས་ཀྱི་གཉའ་བ་མནན་པའི་ལྗིད། །རྔུལ་ཆུ་གངྒཱའི་རྒྱུན་བཞིན་ཆད་མེད་དུ། །འབབ་པའི་འཕྲིན་ལས་རྣམ་བཞི་ལྷུན་གྱིས་སྒྲུབས། །མི་བསྲུན་དྲེགས་པའི་སྡེ་དཔོན་ཚུལ་བཟུང་བ། །གཏུམ་དྲག་རྩལ་གྱིས་བདུད་སྙིང་འདར་ནུས་ཀྱང་། །དཔལ་ཆེན་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་གར། །གཞན་དོན་བསྒྱུར་ལས་ཆོས་ཀྱི་དབྱིངས་སུ་ཞི། །སྒྲོན་དར་ཟླ་བ་ཐགས་སུ་ཉེར་བཏགས་པ། །འཕྲིན་གསོལ་ཐུན་མཚམས་རྒྱས་སྤྲས་ཡོངས་བཏེག་ནས། །རྟ་ལྗང་གླིང་ཁྱིམ་ཞུགས་པའི་དཀར་ཆའི་ཚེས། །ཕོ་བྲང་དམར་པོ་རི་ཡི་རྩེ་ནས་དགེ ། སྲིན་པོའི་ལོ་ཟན་གཡང་དུ་མདོ་སྡེའི་དུས་སྟོན་གྱི་ཐོག་ལེགས་སྐྱེས་འབུལ་བར་སྦྱར་ར་དངོས་གྲུབ་བཏང་བའི་ཚེ་ལས་མཁན་གནོད་སྦྱིན་ཆེན་པོ་ཙེའུ་དམར་པོར་འཕྲིན་དུ་གསོལ་བ་གཏུམ་དྲག་དཔའ་བོའི་བཞད་སྒྲ། ལི་ཡུལ་ཚངས་སྤྱོད་རྒྱུད་འཁྲུག་དམོད་པའི་འབྲས། །འབར་བ་སྤུན་བདུན་སྲིད་གསུམ་འཇིག་རྟེན་ན། །རྒྱུ་དང་མི་རྒྱུའི་སྲོག་གི་བདག་གྱུར་གཙོ། །སྡེ་བརྒྱད་ཡོངས་ཀྱི་དམག་དཔོན་ཙེ་དམར་བ། །ཨཽཌྜི་ཡཱ་ནའི་སངས་རྒྱས་གཉིས་པ་དེས། །གསེར་གྱི་རྡོ་རྗེ་རི་མོ་གཙུག་ཏུ་བཀོད། །རྩ་བརྒྱད་སྟོང་སྦྱར་བཅུད་ཀྱིས་ཚིམ་བྱས་ནས། །རྒྱལ་བསྟན་མེལ་ཚེར་མངའ་གསོལ་ཡང་ལེ་བེར། །ཆེན་པོར་རློམ་ལ་ལས་དབང་དམ་སྲི་རུ། །གྱུར་སོགས་རྒྱ་བོད་བདུད་རིགས་འགོང་པོ་ཡིས། །འགྲོ་མང་སེམས་བསྒྱུར་སྐྱེ་རྒུའི་བདེ་འཕྲོག་པ། །ལུས་མེད་འཕྲུལ་དཔུང་འཇོམས་པའི་རྩལ་ཤུགས་(༢༣༣ན)


GLG019_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། །སད་སེར་ནད་རིམས་མུ་གེ་ལྟས་ངན་འབྲས། །སྟོབས་ལྡན་དཔའ་བོ་ཁྱོད་ཀྱིས་བཟློག་ནུས་མོད། །གལ་ཏེ་སེམས་ཅན་ལས་ཀྱི་མཐུ་བཙན་ན། །གཞིལ་ཐབས་བླང་དོར་ལུང་དུ་སྟོན་པར་རིགས། །སྡེ་སྣོད་གསུམ་ལས་མདོ་སྡེ་ལྷ་དང་མིའི། །འཛད་མེད་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་ཐོག །སྔོན་བཞིན་ཐུགས་དམ་སྐོང་བའི་སྤྱན་གཟིགས་རྫས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་རྒྱ་ཆེར་སྤེལ། །གངས་ཅན་རྒྱལ་ཁབ་གསེར་གྱི་ཏོག་མཛེས་འོད། །འབར་བ་ཉི་མའི་དངོས་བརྒྱ་འཛིན་པའི་གཟིས། །འཛམ་བུའི་ཤིང་གིས་ལེགས་མཚན་ཡུལ་ཁམས་ཀུན། །ཟིལ་གྱིས་གནོན་པའི་འཕྲིན་ལས་མ་ལུས་སྒྲུབས། །རིང་པོར་བརྐྱང་བ་བཀྲ་ཤིས་དཀར་པོའི་དར། །ལྷ་ཁྱོད་སྙན་གྱི་རྒྱ་མཚོར་རབ་སྤུད་དེ། །ཆུ་ཤེལ་དབང་པོས་ས་ག་དང་འགྲོགས་པའི། །སྔ་མའི་ཕྱོགས་ཀྱི་དགའ་བ་གསུམ་པར་དགེ ། ཤིང་ཡོས་ཁྲ་འབྲུག་ཚངས་པ་ཆེན་པོས་རིམ་གྲོའི་བསྐུལ་མ་དང་སྦྲགས་སྦུག་ཆོལ་དགོས་ཚུལ་བྱུང་བ་ལྟར་སྤྱན་གཟིགས་ཚན་གྲངས་དང་བཅས་འབུལ་བར་ཡར་འབྲོག་སྒྲོག་མཁར་བ་བཏང་སྐབས་རྡོ་རྗེའི་གསུང་ལན་སྭསྟིའི་སྒྲ་དབྱངས། སྭ་སྟིའི་སྒྲ་ལས་དྲངས་པའི་དབྱངས་སྙན་པོས། །ལྷ་རྒྱལ་བཀྲ་ཤིས་མགྲིན་ནས་བླངས་པའི་གླུ །བདེ་ལེགས་མེ་ཏོག་ཆར་དང་ལྷན་ཅིག་པར། །ལེན་པར་ཚངས་པའི་སྒྲ་འཛིན་ཅུང་ཟད་གསོན། །གསུང་འཕྲིན་རྡོ་རྗེའི་ཚིག་གི་འདབ་བརྒྱ་པ། །བླང་དོར་ལུང་དུ་སྟོན་པའི་ཟེའུ་འབྲུ། །དོན་བཟང་སྙན་པའི་སྦྲང་རྩི་ཡོངས་(༢༣༣བ)


GLG019_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

འཇག་ཚེ། །ཡིད་དབང་ཀུཎྜའི་དགའ་སྟོན་བཞད་ལ་བྲེལ། །བདེ་ལྡན་ཞིང་གི་མགོན་པོ་སྣང་མཐའ་ཡས། །བརྟུལ་ཞུགས་སྤྱོད་པ་རིག་སྔགས་འཆང་བའི་ཚུལ། །འཛིན་མཛད་པདྨ་ཀཱ་རའི་ཕོ་ཉ་བ། །སྲོག་བདག་ལྷ་ཡི་སྡེ་དཔོན་ཉེ་བར་དགོངས། །གངས་ཀྱིས་ཡོངས་བསྐོར་སཱ་ལའི་སྨན་ལྗོངས་འདིར། །ཀུན་མཁྱེན་ཤཱཀྱའི་བསྟན་པ་དཔག་བསམ་ལྗོན། །དར་བའི་ཕན་བདེའི་གྲིབ་མར་ལུས་ཅན་རྣམས། །སིམ་པའི་ཚོར་བ་མྱོང་བའི་ལས་སྒྲུབས་ཤིག །ཐུགས་དམ་སྐོང་བྱེད་སྙན་པའི་རོལ་མོ་སོགས། །མཐུན་རྫས་གྲངས་གསལ་སྔགས་རྒྱས་ཉེར་བརླབས་ནས། །འཛད་མེད་ནམ་མཁའ་མཛོད་ཀྱི་སྒོ་འབྱེད་ན། །དགྱེས་པའི་སྤྱན་གྱི་རས་མ་ལྷུང་ཞིག་གུ །སྒྲིབ་གཉིས་དེས་བསྐྱེད་ནད་གདོན་ཟུག་རྔུ་ཞི། །ལུང་རྟོགས་ཚེ་དཔལ་སྲིད་ཞིའི་ཡོན་ཏན་རྒྱས། །མཆོག་ཐུན་དངོས་གྲུབ་མཐའ་དག་དབང་དུ་སྡུས། །འཁོར་འདས་ཉེས་བརྒྱའི་དགྲ་དཔུང་དྲག་པོས་ཆོམས། །ཡར་ལ་དཀོན་ཅོག་མཆོད་སོགས་རྟེན་འབྲེལ་སྒོ །བསྒྲིག་ཐབས་བླང་དོར་མཚོ་ལ་བྱེད་ལྟ་བུར། །གང་གསལ་ལེ་ལོའི་སྒྲོག་ཏུ་མ་ཚུད་པར། །བརྩོན་པའི་ཐང་ལ་དཀྱུས་ཐོག་གཅོད་པར་འདུན། །རྒྱལ་བློན་སྙན་ཤལ་མཛེས་བྱེད་དར་དཀར་པོ། །ཟུང་འཇུག་རྟེན་ལྡན་སྣྲོན་ཟླའི་ཡར་ཚེས་ལ། །ས་ཡི་ཐིག་ལེ་གཡོ་རུ་ཁྲ་འབྲུག་གི །གནས་སྲུང་ཆེན་པོའི་འདུན་སར་སྤེལ་བ་དགེ །ཤིང་ཡོས་ཧོར་ཟླ་དྲུག་པའི་ཡར་(༢༣༤ན)


GLG019_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་ལ་ཚངས་པ་དུང་ཐོད་ཅན་གྱི་དྲུང་དུ་སྤྱན་གཟིགས་ཚོགས་ཀྱི་འཁོར་ལོ་དང་བཅས་འཇིག་རྟེན་བདེ་སྡུག་གི་ལུང་བསྟན་ཞུ་བར་འཕྱོས་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་བཏང་སྐབས་གསོལ་བའི་འཕྲིན་ཡིག་ལྷ་ཆེན་སྙན་གྱི་སྒོ་འབྱེད། རྒྱལ་ཀུན་མཁྱེན་བརྩེ་ནུས་མཐུ་བཞུ་བླུགས་ཁམས། །མཚོ་སྐྱེས་སྤྲུལ་སྐུར་ཤར་བ་པདྨ་འབྱུང་། །སྲིད་གསུམ་འགྲན་ཟླ་བྲལ་བའི་རིག་སྔགས་འཆང་། །ཞབས་རྡུལ་དྲེགས་པའི་གཙུག་ཏོར་རྩེར་མཛེས་བསྔགས། །སྲོག་བདག་གོང་གི་སྡེ་དཔོན་ཚངས་པ་ཆེ། །སྙན་གྱི་དབང་པོ་གཏོད་ལ་དྲི་བའི་ལན། །ལྷ་མིག་དག་པའི་སྤྱན་གྱིས་འཇིག་རྟེན་ཁམས། །མྱུལ་ནས་སྦ་བསྲི་མེད་པར་དྲང་པོར་སྩོལ། །གངས་ཅན་སྨན་ལྗོངས་ཡུལ་འདིར་སད་སེར་ཐན། །མི་ཕྱུགས་སྣ་ཚོགས་ནད་རིགས་མཐའ་དབུས་ཀྱི། །མ་རུངས་འབྱུང་པོ་འཁྲུགས་པའི་ལྟས་ངན་འཕྲུལ། །མང་དག་ཤར་འདིར་འབྲས་བུ་ཅི་ཞིག་འབྱུང་། །སྟོད་སྨད་ལྷོ་བྱང་རྩོད་པའི་འུར་ལངས་སོགས། །དུས་ཀྱི་ཆད་པ་ཕྱིར་ལྡོག་འགྲོ་བ་རྣམས། །བདེར་འགོད་བླང་དོར་ལུང་བསྟན་ཞུ་བའི་ཚིག །ཐོར་གསལ་ཞིབ་ཆ་ཕོ་ཉའི་ངག་ནས་གསལ། །སྤྱན་གཟིགས་ཁྲོ་ཤར་ཐུན་མཚམས་མི་འགྱུར་རྒྱས། །ཡོངས་བཏབ་ཆུ་སྟོད་ཟླ་བའི་ཡར་ཚེས་ལ། །ཏིང་འཛིན་སྔགས་རྒྱས་ཉེར་བརླབས་མཆོད་པའི་སྤྲིན། །རྒྱལ་ཁབ་ལྟེ་བ་དམར་པོ་རི་ནས་སྤེལ། །ཤིང་ཡོས་གོང་ནས་སྟག་ལུང་སྐུ་སྐྱེ་དང་བློ་བཟང་དགེ་སློང་གིས་གཙོས་པའི་གསེར་ཡིག་པ་བཀའ་(༢༣༤བ)


GLG019_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་རྒྱུན་གྱི་གནང་སྦྱིན་ཐོག་ཁམས་ཕྱོགས་མི་བདེ་བའི་རྩ་རྐྱེན་མཁའ་འགྲོ་ཕྱིར་དབྱུང་བར་ལེགས་སོའི་འདོག་པ་གྱ་ནོམ་པ་སྩལ་བའི་ཚེ་ཞུ་ཡིག་རྟེན་པ་རས་འབུལ་བར་ཆག་མིག་མཁན་ཆེན་རིན་ཆེན་བཀྲ་ཤིས་དང་གནས་གསར་བ་མཁྱེན་རབ་རྣམ་རྒྱལ་བཏང་བའི་དུས་ཕུལ་བ་འགྲོ་ཀུན་གཙུག་ཏོར་འཇོག་པའི་འཁོར་ལོའི་རི་མོ། པ ཏྒུ ལ སྶཽ ནི མ ཙྩཱ ཀྲི ཡ ལྤཱ རྴ ཛ མྦཱུ དི ཤེ ནྲ ཤྴི རོ ད སྱ ཁཱ ན ཏྱ ཀཿ རེ ཁ ཁོ བཱ ལི ཀོ བཱ ཧུ ནཱ བྷཱ བ ཤཱ ནྟེ རྦྷ བ སྶ རྦ ཏ སྟོ ཡ ཏོ མཱུ ལ ཏཱ། ཞབས་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)པད་མཚན་བཟང་འཁོར་ལོའི་མུ་ཁྱུད་རྩིབས། །འཛམ་གླིང་ཡིད་ཅན་སྤྱི་བོར་ཤར་བའི་བར། །རི་མོ་གནམ་གྱི་ཤེ་མོང་དཔུང་པ་ཡིས། །སྲིད་ཞིའི་དངོས་པོ་ཀུན་གྱིས་བསྟོད་བྱའི་དྲུང་། །འཇམ་མགོན་སྐྱེ་རྒུར་རྗེས་ཆགས་མེ་ལོང་ངོས། །ཚངས་པ་མི་ཡི་གཟུགས་སུ་ཡོངས་ཤར་དེར། །སྤོས་བསྲེགས་མེ་ཏོག་འཐོར་བ་སྔོན་སོང་བའི། །བཅོས་མིན་དང་བའི་ཡིད་ཀྱིས་འདི་སྐད་གསོལ། །གསེར་འབྲུག་སྡེར་ལྔ་འཁྱིལ་བས་གྱེན་བཏེག་(༢༣༥ན)


GLG019_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །གནམ་གྱི་ཤེ་མོང་རི་མོ་རབ་བཀྲ་བ། །བཀའ་ཤོག་དབུགས་དབྱུང་ཆེད་དུ་བསྔགས་པའི་ཚིག །སྤེལ་ལེགས་སྙན་འགྱུར་པི་ཝང་རྗེས་འགྲོའི་རྟེན། །དངུལ་གྱི་ཡོལ་གོ་བཞི་དང་བཟང་གོས་ཡུག །ཉེར་བཞི་བཀྲས་བཏགས་ཉིན་མོ་བདེ་ལེགས་ལྔ། །ནན་ཆིང་ཁ་བཏགས་བཞི་བཅུ་གསེར་གྱི་སྒ །ཆ་ཚང་ཉམས་མེད་སོན་པས་སྤྲོ་བ་འཕེལ། །ངེས་པར་མཚན་དང་དཔེ་བྱད་རྣམ་བཀྲའི་སྐུ། །མ་དག་འགྲོ་བའི་དབང་པོར་བག་ཞ་ཡང་། །གཟི་བྱིན་ཉི་མ་འབུམ་ལ་རབ་འཁུ་བས། །ཅི་སྟེ་བརྒྱ་བྱིན་ཡིན་སྙམ་འཕྱང་མོ་ཉུག །ཡོངས་ཀྱི་རྣར་འཇེབས་དྲུག་ཅུའི་དབྱངས་ལྡན་གསུང་། །ཡིད་ལ་བདེ་བ་སྟེར་བའི་ཟིལ་དངར་ཅན། །ཕས་རྒོལ་ཀླད་པ་འགེམས་ལ་དྲག་པོའི་སྒྲ །སྒྲོགས་ཚེ་ལག་ན་རྡོ་རྗེ་གཟུགས་གཞན་བཞིན། །ཤེས་བྱར་སྲིད་དོ་ཅོག་གི་གནས་ལུགས་ཟླ། །དྲི་བྲལ་ཐུགས་མཚོར་ལེགས་ཤར་ཀུན་མཁྱེན་པས། །འཁོར་འདས་ཡོངས་ཀྱི་བྱེད་པོ་ཁྱོད་ཉིད་ལས། །ལོགས་ནས་བསྐལ་བརྒྱར་བཙལ་ཀྱང་དམིགས་སུ་མེད། །དེ་ཕྱིར་སྙུན་དྲི་གསོལ་བ་བྱིས་པའི་བློ། །ཚུར་མཐོང་ཙམ་མོད་འོན་ཏེ་ཐུན་མོང་ངོར། །མང་བཀུར་རྒྱལ་ཁབ་གསེར་ཁྲིར་གཡོ་མེད་གཏམ། །རྒྱུད་མངས་གླུ་ཡིས་ཐོས་འཛིན་དགའ་སྟོན་བཞིན། །ལྷ་གཅིག་བཀའ་དྲིན་བསིལ་བའི་གྲིབ་མ་ལ། །སྤྱོད་པའི་སྡེ་སྣོད་གསུམ་པ་ཀློག་པ་མཁན། །རིས་མེད་སེམས་ཅན་བདེ་བར་སྨིན་པའི་(༢༣༥བ)


GLG019_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད། །རྡུལ་བྲལ་སྟོན་ཟླ་དེས་ཀྱང་མི་བསྒྲུན་ཙམ། །སྐྱེ་རྒུ་བརྒྱད་ཁྲིའི་ཚེ་དུས་འཁོར་ལོ་བཞིས། །སྒྱུར་བར་ཆོས་ཉིད་ཡིན་པར་མཚར་དུ་ཅི། །རྩོད་ལྡན་བརྒྱ་པའི་ལོ་ལ་ཀུན་བཟོད་མཐའ། །སྟོབས་ཀྱི་དཔུང་པས་འཆིང་འདི་གཅིག་ཏུ་རྨད། །བཙན་པོའི་ལས་ཤུགས་གྲངས་སྙེད་ཚངས་པ་ཡིས། །ཚེ་རིང་གནམ་ངོས་བྲིས་པ་ཟད་མིན་པར། །མངའ་ཐང་གཞོམ་པར་འདོད་པའི་སྐྱེ་བོ་དང་། །དབང་ཕྱུག་སྨྱོན་པའི་བརྟུལ་ཞུགས་འཛིན་ལ་སྡང་། །ལོག་སྤྱོད་ལམ་ལས་ལྡོག་ཕྱིར་བྱམས་པའི་ཐུགས། །མི་བཟད་རྡོ་རྗེ་ཐོས་པའི་དཔའ་རྟགས་ཀྱི། །དཔུང་ཚོགས་ཡན་ལག་རྣམ་བཞིའི་དབང་ཕྱུག་བར། །མིག་གསུམ་པ་དེས་འགྲན་ཀྱང་ཅུང་ཟད་ངལ། །བརླང་སྤྱོད་གཉའ་ནས་གནོན་པའི་ཁྲིམས་ཀྱི་རྒྱུད། །སྙེམས་པའི་གནམ་རུ་མངོན་སུམ་འགུགས་ནའང་། །ཉམ་ཆུང་མི་འདོར་བརྩེ་བའི་ཆུས་བརླན་པའི། །ཕན་བདེའི་གསེར་གྱི་སྙེ་མ་གཡུར་དུ་ཟ། །ལེགས་བྱས་ཕུང་པོར་སྤུངས་པ་སྲིད་པའི་རྩེར། །སྙེངས་ཀྱང་ཆོག་ཤེས་མི་བྱར་གསུང་རབ་ལས། །བཤད་ཕྱིར་སྐྱིལ་མོ་ཀྲུང་གཅིག་བསྐལ་མཐའི་བར། །བཅའ་ཆེད་ཚོགས་ཆེན་བསོད་ནམས་གསོག་པར་བསྐུལ། །ང་ལས་ནུས་སོགས་སྔོན་བྱོན་འཁོར་སྒྱུར་དང་། །མཚུངས་པའི་ཆར་སྲིད་འདབ་སྟོང་བཞད་པའི་ཁམས། །རྡོ་རྗེའི་དངོས་པོར་མཆོག་གསུམ་ཐུགས་རྗེ་ཡིས། །བརླབ་པར་སྨོན་པའི་འདུན་པ་གཅིག་ཏུ་སྤྲོ། །བདེ་ལྡན་ཞིང་གི་མགོན་པོ་འོད་མཐའ་ཡས། །འཆི་(༢༣༦ན)


GLG019_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདུད་རྩིའི་བུམ་པས་ལྷ་ཁྱོད་གཙུག །དབང་བསྐུར་སྲོག་གི་ཀ་བ་ཉེར་བཙུགས་ནས། །བསྐལ་བརྒྱར་སྐུ་ཚེའི་གཡུང་དྲུང་འཁྱིལ་བར་ཤོག །བྱམས་པའི་འདྲེན་བྱེད་གཟིགས་པ་ལྷོད་མེད་བརྡར། །གནམ་གྱི་ལུང་བཟང་བཀའ་ཤོག་གསེར་ཡིག་རྒྱུན། །མ་ཕམ་དབུས་འགྱུར་འཆང་དུ་འབྱོན་མིན་པར། །ཉི་ཟླའི་བགྲོད་པ་ཇི་བཞིན་ཆད་མེད་སྩོལ། །མཆིང་གསོལ་རི་མོར་ལྷ་མིག་དག་པའི་སྤྱན། །དཀྱུས་རིང་ཟུར་ཙམ་ལྷུང་བའི་འབབ་རྟེན་དུ། །དཀར་དམར་རིན་ཆེན་འཕྲེང་བ་སྣམ་ཕྲུག་སོགས། །བདོག་པའི་སྐྱེས་ལ་རྟགས་ཀྱི་ལང་ཚོ་བཀྲ །ལྷབ་ལྷུབ་གོས་ལྗང་གཡོ་བ་ཡོས་ཀྱི་ལོ། །ཟླ་བ་གྲོ་བཞིན་གྱིས་ཉའི་ཡར་ཚེས་ལ། །དབང་ཕྱོགས་འདུན་སར་དགའ་བའི་བཞིན་བཏེག་ནས། །ཕུལ་བས་ཕུན་ཚོགས་དགའ་སྟོན་རྒྱས་གྱུར་ཅིག །ཤིང་ཡོས་ཧོར་ཟླ་བརྒྱད་པའི་ལྷ་ཚེས་ཐོག་བསམ་ཡས་སུ་དྲེགས་པའི་སྡེ་དཔོན་ཆོས་རྒྱལ་ལི་བྱིན་ཧ་རར་སྤྱན་གཟིགས་ཚོགས་འཁོར་དང་བཅས་དོགས་སེལ་གྱི་ལུང་བསྟན་ཞུ་བར་ཆོས་རྗེ་ཟིན་གནོན་རྡོ་རྗེ་རྫོང་བདའ་བྱས་སྐབས་འཕྲིན་དུ་གསོལ་བ་དོན་གཉིས་ཡོངས་འདུའི་ལྗོན་པ། བྷ་ཏ་ཧོར་གྱི་སྒོམ་གྲའི་ཀ་ཅ་རྣམས། །ལྷ་སྲས་བློན་པོར་བཅས་པའི་དམག་དཔུང་གིས། །དྲངས་པའི་རྗེས་འབྲངས་ལི་བྱིན་ཧ་ར་ཞེས། །སྡེ་བརྒྱད་ཡོངས་ཀྱི་སྡེ་དཔོན་ཆེན་པོ་ཀྱེ། །ཟ་ཧོར་རིགས་ལ་ཆགས་པའི་དགྲ་ལྷ་ཆེ། །ཕ་མེས་བརྒྱུད་ནས་བསྟེན་པའི་སྲུང་མ་མཆོག །ཕྱི་རོལ་རང་རྒྱུད་དྲེགས་པའི་གཟུགས་(༢༣༦བ)


GLG019_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཡང་། །དོན་དུ་སེམས་ཉིད་གཅིག་པུའི་རྣམ་འཕྲུལ་ཙམ། །མངལ་གྱི་དྲི་བྲལ་མཚོ་སྐྱེས་རྡོ་རྗེ་ཞེས། །སངས་རྒྱས་གཉིས་པ་གང་དེའི་དམ་ཚིག་བཞིན། །གངས་ཅན་བསྟན་དང་འགྲོ་བའི་བདེ་སྐྱིད་ཀུན། །བླ་ནས་བླར་བཏེག་དབྱར་མཚོའི་རྗེས་འགྲོར་སྤེལ། །བན་བོན་མཐུ་བྱེད་སྐྱེ་བོའི་དུག་མཚོན་སོགས། །སྔགས་འཆང་བདག་ལ་སྡོ་བའི་དགྲ་བགེགས་རྣམས། །ཟླ་ཚེས་ལྟར་དཀར་མཆེ་བ་རྣོན་པོའི་རྩེར། །མི་རྟག་ལམ་དུ་བཀོད་ལ་རྡུལ་དུ་རློག །གནས་སྐབས་ཚེ་དཔལ་དབང་ཕྱུག་ཡོངས་འདུའི་ལྗོན། །ཡལ་འདབ་ཕང་ཕུང་རྒས་པའི་རྩེ་མོ་རུ། །གཏན་མདུན་ཐོས་བསམ་སྒོམ་པའི་ཆོས་ཀྱི་འབྲས། །ཡངས་སྨིན་རོ་བརྒྱ་བདའ་བའི་འཕྲིན་ལས་མཛོད། །ཀུན་རྟོག་སེམས་ཀྱི་འཆར་སྒོར་དཔྱད་མི་བཟོད། །མ་རྟོགས་ལྐོག་གྱུར་དྲི་བ་ཕོ་ཉ་ཡི། །གཡར་ལམ་ནས་འབུལ་ཐེ་ཚོམ་ཉེར་གཅོད་པའི། །ལུང་བསྟན་རྡོ་རྗེའི་ཚིག་གི་གསང་བ་སྒྲོགས། །སྙན་ཤལ་གསེར་སྐྱེམས་ལ་སོགས་ཐོར་གསལ་བཞིན། །ལྷ་ཁྱོད་ཐུགས་དམ་གཉན་པོ་སྐོང་བའི་ཆེད། །ཧོར་ཟླ་བརྒྱད་པའི་དཀར་ཆའི་ཚེས་བཟང་བར། །བསྟན་སྲུང་ཆོས་རྒྱལ་ཆེན་པོའི་སྤྱན་སྔར་དགེ ། སྲིན་པོའི་ལོ་ཁྲུམས་ཟླའི་ལྷ་ཚེས་ཐོག་ཟན་གཡང་སྲུང་མ་ཙེའུ་དམར་པོར་ཐུན་རྫས་ཚོགས་མཆོད་དང་བཅས་དྲི་སྨད་ཀྱི་རྒྱུ་མཚན་ཞུ་བར་གནུབས་བན་ཟིལ་གནོན་རྡོ་རྗེ་བཏང་དུས་འཕྲིན་གསོལ་དམ་ཚིག་གཅིག་པའི་ལྷ་སྙན་ཡོངས་བསྐུལ། སྔོན་ནས་གཡའ་དམ་གཅིག་པ་རིགས་ཀྱི་ལྷ། །གནོད་སྦྱིན་བཤན་པའི་གཙོ་བོ་ཙེའུ་དམར། །(༢༣༧ན)


GLG019_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་དྲེགས་པའི་དཔུང་གི་ཁ་ལོ་པ། །ཐུགས་དམ་བསྐུལ་བའི་ཚིགས་ལ་ཅུང་ཟད་གསོན། །འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་པས། །འཁོར་འདས་ཡོངས་ཀྱི་སྤྱི་མེས་རིག་སྔགས་འཆང་། །པདྨ་ཐོད་འཕྲེང་སྙན་གྲགས་དབྱར་སྐྱེས་རྔ། །གྲགས་པ་ཕྱོགས་བྲལ་རྣ་བར་འགོད་མཁས་དེས། །གངས་ཅན་གཙུག་ལག་ཁང་དང་དེ་འཛིན་པའི། །རབ་འབྱུང་དབུ་ཟླུམ་སྔགས་པ་ལྕང་ལོའི་སྡེ། །རྒྱལ་བསྟན་སྐྱོང་བའི་མེལ་ཚེ་མཁན་པོ་རུ། །དམ་ལ་བཏགས་ནས་ཁྱོད་ཉིད་བསྐོས་མིན་ནམ། ཁྱད་པར་གཏེར་བཏོན་མངའ་བདག་ཉང་རལ་སོགས། །རིགས་འཛིན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ཀྱིས། །རྣལ་འབྱོར་བདག་གི་སྲུང་མར་བཀའ་བསྒོས་བཞིན། །བསམས་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །གངས་ཅན་ཕན་བདེ་འཕྲོག་པ་མཐའ་བཞིའི་དམག །མི་བསྲུན་དགྲ་བོའི་སྙིང་ཁྲག་འཐུང་བ་དང་། །ཆབས་གཅིག་འདྲེ་ངན་འགོང་པོ་དམ་སྲི་ཡི། །ཚེ་སྲོག་ནུས་སྟོབས་མིང་གི་ལྷག་མར་ཐོང་། །ཐེ་ཚོམ་མདུད་པ་འགྲོལ་བྱེད་དྲི་བ་རྣམས། །ཕོ་ཉའི་ངག་ནས་ཕུལ་བས་བླང་དོར་གྱི། །གནད་གསང་མ་ལུས་བཀྲལ་ཏེ་རྡོ་རྗེའི་གསུང་། །སྦ་སྲི་མེད་བར་ལུང་དུ་སྟོན་པར་གསོལ། །རྣམ་མང་སྤྱན་གཟིགས་ཚོགས་ཀྱི་འཁོར་ལོར་བཅས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་ཉེར་བརླབས་ཏེ། ཁྲུམས་ཀྱི་ཟླ་བའི་ཡར་ཚེས་དགེ་བ་ལ། །སྡེ་བརྒྱད་རྦ་ཀློང་འཁྲུག་པའི་གནས་དེར་དགེ། (༢༣༧བ)


GLG019_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ནག་ལྷོ་ཕྱོགས་སུ་དུས་འཁྲུག་བྱུང་བའི་སྐོར་ལ་བཀའ་རྟགས་གནམ་གྱི་ལུང་བཟང་པོ་བཀྲས་བཏགས་ཉིན་བདེ་མ་དང་རྟགས་བརྒྱད་མ་བཟང་གོས་ཀྱི་གནོད་སྦྱིན་དང་བཅས་དཀོན་ཅོག་མེར་རྒན་དཀར་བཅུ་དང་རྒྱ་ཐའི་ཐུང་རབ་འབྱམས་པ་གཉིས་གནང་བ་དང་ལྷན་དུ་བཀའ་ལན་འབུལ་བར་མི་སྣ་སྦྲེལ་པོ་རྫོང་བདའ་ཞུས་སྐབས་ཕུལ་བའི་ཞུ་ཡིག་འཕྲིན་ལས་གདུགས་དཀར། ཨཱ ཡུ རྡཱི རྒྷ ཁ ཏུ གྲ བཱ ལ སྱ ཙ ཀྲ བ རྟི ཀ ག ག ན ཤྩ བྷཱུ མཱི ཤྭ རེ མ ཉྫུ གྷོ ཥོ ཏྟ མ རཱ ཛྷོ མཱུ ལེ། ཚེ་རིང་གནམ་གྱི་ཤེ་མོང་གིས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་གནམ་སའི་དབང་ཕྱུག་འཇམ་དབྱངས་གོང་མ་རྒྱལ་པོའི་དྲུང་དུ། མི་ཕྱེད་དང་བའི་ཡིད་ཀྱིས་དྲི་བཟང་པོའི་སྤོས་བསྲེགས་བཀྲ་ཤིས་པའི་མེ་ཏོག་གཏོར་ནས་མི་ཡི་བདག་པོས་སྐྱེ་རྒུ་ཐམས་ཅད་བདེ་ལེགས་སུ་མཛད་པར་གྱུར་ཅིག་ཅེས་བཀྲ་ཤིས་པའི་ཚིག་སྔོན་དུ་འགྲོ་བའི་སྒོ་ནས་གསོལ་བ། དེང་གི་དུས་ཉིད་ནའང་འཛམ་གླིང་སྐྱེ་འགྲོ་མཐའ་དག་གི་བསོད་ནམས་ཀྱི་ཞིང་དམ་པར་ལྷ་ཡི་ལྷ་ཚངས་པ་མི་ཡི་གཟུགས་ཅན་དུ་བསྒྱུར་ནས་འཇམ་དབྱངས་གོང་མ་རྒྱལ་པོའི་གསེར་གྱི་ཁྲི་ཆེན་པོར་ཞབས་ཟུང་གི་འཁོར་ལོ་མངོན་པར་བཀོད་དེ་མཐོང་ན་མི་མཐུན་པ་མེད་པའི་མཚན་བཟང་ལང་ཚོ་རྒྱས་པའི་གཟུགས་སྐུ་ཉི་མ་འབུམ་གྱི་གཟི་བྱིན་ལྟར་(༢༣༨ན)


GLG019_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

འབར། མཆོག་དམན་བར་པའི་རྣ་བར་སྙན་ཞིང་འཇེབས་པ་དྲུག་ཅུའི་རྗེས་འགྲོའི་དབྱངས་སྙན་པོས་བདེ་སྐྱིད་ཀྱི་ལམ་དུ་བཀྲི །སྲིད་དང་ཞི་བའི་བླང་དོར་གྱི་གནས་མཐའ་དག་ལ་སྒྲིབ་པ་མེད་པའི་མཁྱེན་པས་སྙིགས་མའི་དུས་ཀྱི་ཡིད་ཅན་རྣམས་ཀྱི་སྤྱོད་ཚུལ་དང་མཐུན་པར་ཞི་དྲག་གི་ལས་སྣ་ཚོགས་ཀྱི་འཇུག་པས་ཚར་གཅོད་རྗེས་སུ་འཛིན་པའི་འཕྲིན་ལས་ཀྱི་གདུགས་དཀར་པོ་གཅིག་གི་གྲིབ་མར་རྒྱུ་བ་དང་མི་རྒྱུ་བའི་སེམས་ཅན་མཐའ་དག་ངལ་གསོར་མཛད་པ་ནས། འདིར་ཡང་དགྱེས་པའི་སྤྱན་རས་ནམ་ཡང་ལྷོད་པ་མེད་པའི་གནམ་གྱི་ཤེ་མོང་གི་རི་མོ་ཡོངས་སུ་གསལ་བའི་བཀའ་ཤོག་རྟེན་བཀྲས་བཏགས་ཉིན་མོ་བདེ་ལེགས་མ་ཉི་ཤུ། རྟགས་བརྒྱད་ཁ་བཏགས་སུམ་ཅུ། གོས་ཡུག་ལེགས་པ་གསུམ་གྱི་གནང་སྦྱིན་དང་བཅས་སྩལ་པ་གསེར་ཞལ་དངོས་སུ་མཐོང་བ་ལྟ་བུའི་དགའ་བ་ཐོབ། འདི་ནའང་སེམས་ཅན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་དཔལ་ལྡན་ཤཱཀྱ་སེང་གེའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་དང་ལུས་ཅན་གྱི་བདེ་སྐྱིད་སྤེལ་བའི་ལྷག་པའི་བསམ་པ་མི་དམན་པར་གནས། ད་ལམ་གོང་དུ་འཚམ་འདྲིའི་ཞུ་ཡིག་རྟེན་འབུལ་བར་རབ་འབྱམས་པ་དོན་གྲུབ་རྒྱ་མཚོ་དང་ངག་དབང་གྲགས་པ་གཉིས་རྫོང་བདའ་ཞུས་པ་མཁའ་ལྟར་ཡངས་པ་ཟབ་གསལ་ཐུགས་ཀྱི་ཀློང་དུ་གཅུགས་པའི་བཀའ་གནང་ཕེབས་ཚོགས་ཆུ་བོའི་རྒྱུན་བཞིན་ཞུ། ཞུ་ཡིག་རྟེན་བྱུ་རུའི་འཕྲེང་བ་དང་བཅས་ཤིང་ཡོས་ཧོར་ཟླ་བརྒྱད་པའི་ཚེས་བཅུ་(༢༣༨བ)


GLG019_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་རང་བྱུང་འཕགས་པའི་གཞལ་ཡས་ཁང་དམར་པོ་རི་ནས་ཕུལ། ཤིང་ཡོས་སྡེ་པ་བློ་བཟང་སྦྱིན་པའི་ཁྲི་འདོན་སྐབས་འབྲི་གུང་སྤྲུལ་སྐུ་རིན་པོ་ཆེ་དཀོན་ཅོག་འཕྲིན་ལས་བཟང་པོའི་ཆབ་ཤོག་སྙན་ཚིག་གི་ཚིགས་སུ་བཅད་པའི་ལན་ཆོས་གྲགས་གཉིས་པའི་རང་ཞལ་མེ་ལོང་། ཁོ བི ཤེ དཱ ཤེ དཱ དཻ ཀ སྶུ ག ཏྱ ཀ ཀ ཎྛ ན པ ཉྩོ ང ཡི རཱུ བ བ ཏྣཱ ཡ ཀེ །བ རྞ སུ སཱ སྟི ཏ ཤྴ བྡ ནཱི ཪྤུ ཥྦ བྷཱ རྻཱ པ ཏཻ ཪྶི དྡྷ གོ སཱ ར མཱ ཧཱ ར ཐེ། མཁའ་(སྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས་མེ་ཏོག་ཕྲེང་ཅན།)ཁྱབ་ཕྱོགས་བཅུའི་བདེ་བར་གཤེགས་ཀུན་གྱིས། །མགྲིན་གཅིག་ལྔ་བདེའི་ལུས་ཅན་འདྲེན་པ་པོར། །ལེགས་བསྔགས་སྭསྟིའི་སྒྲར་དྲངས་མེ་ཏོག་ཆར། །ཡོངས་བསྙིལ་གྲུབ་རིགས་རྒྱ་མཚོའི་ཤིང་རྟ་ཆེར། །གྲངས་མེད་གདུལ་བྱ་གསེར་རི་རོལ་མཚོའི་དབུས། །འཕྲིན་ལས་རིན་ཆེན་རྣམ་བཞིའི་བང་རིམ་རྩེར། །མཁྱེན་བརྩེ་ནུས་པའི་སྤྱན་སྟོང་རབ་གསལ་བ། །འདྲེན་མཆོག་ལྷ་དབང་ཆབ་ཤོག་རྟེན་ལྡན་འབྱོར། །དེང་དུས་ཀུན་གྱི་མཐོང་(༢༣༩ན)


GLG019_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གཅིག་མཚུངས་པར། །མཚན་དང་དཔེ་བྱད་རི་མོ་རབ་བཀྲའི་སྐུ། །མ་དག་སྐྱེ་རྒུའི་ངོར་ཡང་གཞོམ་བྲལ་བ། །ཚེ་ཡི་གཡུང་དྲུང་ཁམས་སུ་བརླབས་དེ་སྤྲོ། །ཐོས་བསམ་སྒོམ་ལ་མོས་རློམ་བདག་བློའི་རྩེ། །བསྟད་ཀྱང་རྣམ་གཡེང་དྲི་བཞོན་གྱིས་བསྐུལ་ནས། །དོན་ཆུང་འདི་སྣང་མཁའ་ལ་དལ་མེད་དུ། །ཤིང་བལ་སྟེས་དབང་རྗེས་འགྲོའི་ངང་ཚུལ་ཙམ། །ལྷ་སྔགས་ཡེ་ཤེས་བདག་ཉིད་སྐུ་གསུང་ཐུགས། །གསང་བ་མི་ཟད་རབ་འབྱམས་འཁོར་ལོའི་མཛོད། །ངོ་མཚར་བཀོད་པའི་སྒྱུ་འཕྲུལ་རོལ་གར་གྱིས། །ཆོས་ཀྱི་གྲགས་པ་ས་འདིར་སླར་འོངས་སྙམ། །བགྲང་ཡས་ཞི་དང་ཁྲོ་བོའི་གྲོང་ཁྱེར་དབུས། །རང་ལས་མི་གཞན་རྟེན་དང་བརྟེན་པའི་གཙོར། །སྟོང་ཉིད་སྙིང་རྗེའི་ཉམས་ལྡན་ཤེས་རབ་མང་། །མཉམ་སྦྱོར་བདེ་ཆེན་གར་མཁན་ཆེ་མཆོག་བཞིན། །མི་བསྲུན་འབོད་གྲོགས་མགོན་དུ་རྔ་ཡབ་ཀྱི། །དཔལ་གྱི་རི་བོའི་རྩེ་མོར་ཐོད་འཕྲེང་རྩལ། །བཞུགས་བརྫུན་སྣང་སྲིད་དྲེགས་པ་བསྐྱར་འདུལ་དུ། །གཞོ་སྟོད་གཏེར་སྒྲོམ་ཕྱོགས་སུ་བྱོན་ནམ་སྙམ། །ཆིག་ཐུབ་དཀར་པོའི་སྨན་གྱི་གཟུང་འཛིན་བྲོ། །དབྱུངས་ནས་རྣམ་རྟོག་ཆོས་སྐུར་རྒྱ་ཡན་པའི། །སྟོང་ཆེན་སེམས་གནས་གཅིག་གིས་རྒྱས་བཏབ་ཚེ། །མདའ་བསྣུན་ཞབས་དེ་མཁའ་སྤྱོད་གནས་སུ་བྲོས། །སྐྱུ་ར་གནམ་གྱི་བརྒྱུད་ལས་སྔགས་འཆང་རིགས། །ཕག་གྲུའི་ལུང་རྟོགས་ཤིང་རྟ་འཇིག་རྟེན་མགོན། །རིང་ལུགས་མཁའ་གཟུགས་བསྟན་སྲོག་པདྨའི་(༢༣༩བ)


GLG019_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར །རྡོ་རྗེའི་ཁམས་སུ་བསྒྱུར་བའི་བྱེད་པོར་ངེས། །ལྷ་སྲས་མུ་ནེའི་ཡང་སྲིད་ཆོས་ཀྱི་རྒྱལ། །རྗེ་བཙུན་རཏྣའི་ཟབ་གཏེར་ཡིད་བཞིན་དབང་། །ཐུགས་ཀྱི་དཔལ་བེར་འཆད་པ་གཅེས་པའི་ནོར། །འཆད་ཉན་བསམ་སྒོམ་རྒྱ་ཆེན་སྤེལ་བར་གསོལ། །མཚུངས་མེད་རྣམ་དཔྱོད་ལང་ཚོ་རྒྱས་པའི་མགྲིན། །ལེགས་བཤད་སྙན་པའི་སྒྲ་འཁྲོལ་གཡས་འཁྱིལ་ལས། །བཀའ་མཆིད་རྒྱུད་མངས་ཀླུ་ཡིས་ཐོས་འཛིན་ལྟར། །དྲུག་དམར་བརྩེགས་པའི་རྣ་བརྒྱངས་སྐྱོངས་ཤིག་གུ །དཀྱུས་རིང་འདྲེན་མེད་ཟུར་གྱིས་གཡོ་བའི་རྟེན། །ལྷ་རྫས་དུ་ཀཱུ་ལ་ཡི་སྟོད་བཀྲིས་པའི། །ཉམས་དང་འགྱུར་བ་འཆི་མེད་གར་མཁན་མ། །དབུ་རུའི་ཕྱོགས་དེར་རི་མོ་འབུལ་བར་སོང་། །ཤིང་ཡོས་ཟླ་བཅུ་པའི་ཚེས་བཅུ་བདུན་ལ་ཚངས་པ་དུང་ཐོད་ཅན་གྱིས་ལུང་བསྟན་ཉུང་ངུ་ཞིག་ཆེད་དུ་སྐྱེལ་མི་གཏོང་བ་མཛད་པའི་གསུང་ལན་མངོན་ཤེས་འཆར་བའི་མེ་ལོང་། སྭསྟི་ཛ་ཡ་བི་ཛ་ཡ་ད་བྲཧྨ་ཎ། ལྷ་རྒྱལ་དབྱངས་སུ་ལེན་པ་སྔོན་དུ་འགྲོ་བའི་སྒོ་ནས་གསོལ་བ། ཀུན་རྫོབ་གཞན་སྣང་ཙམ་དུ་རང་རྒྱུད་བརླང་པོར་སྤྱོད་པའི་སྨོན་ལམ་གྱི་མཐུ་དྲག་པོར་བརྟས་པས་སྐྱེ་འགྲོ་ཡོངས་ཀྱི་བླ་ཚེ་ལ་དབང་བ་དེའི་ཚེ་གསང་བའི་བདག་པོ་རྟ་མགྲིན་དབང་རྒྱལ་པདྨ་ཐོད་འཕྲེང་རྩལ་སོགས་ཀྱིས་དམ་ལ་བཏགས་ནས་སྲོག་བདག་གིང་གི་རྒྱལ་པོར་མངའ་གསོལ། ངེས་པའི་དོན་དུ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་ཡེ་ཤེས་རོལ་པའི་ཆ་ལས་མངོན་པར་འཕྲོས་ཏེ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ནུབ་བྱང་མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་དུ་བརྟེན་པ་ལྷའི་གར་མཁན་དཔལ་ལྡན་ཚངས་པ་(༢༤༠ན)


GLG019_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

དུང་གི་ཐོར་ཚུགས་ཅན་གྱིས་མི་འགྱུར་རྡོ་རྗེའི་གསུང་གསང་བ་ཚིགས་སུ་བཅད་དེ་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་ལྷ་དར་དཀར་པོའི་རྟེན་དང་བཅས་ཕོ་ཉ་ཆེད་དུ་མངགས་པར་རིག་པ་འཛིན་པའི་གྲངས་སུ་གཏོགས་པར་རློམ་པ་བདག་ཀྱང་སེམས་ཀྱི་སྤྲོ་བ་ཅི་ཡང་འཕེལ། གང་གི་རྣམ་སྤྲུལ་མཐའ་དག་ཀླས་པས་སྔོན་ནས་སྤྲུལ་པ་ཞིག་ཕྱོགས་དེར་གནས་ཏེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཁྲུངས་ལྷར་མཛད་ཅིང་། ངོ་བོ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་དུས་བྷ་ཏ་ཧོར་གྱི་ཡུལ་ནས་དྲེགས་པ་མཆེད་ལྔ་ཀ་ཅའི་རྗེས་སུ་བྱོན་པའི་ཚེ། སངས་རྒྱས་གཉིས་པ་དཔལ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དབང་བསྐུར་དམ་ལ་བཏགས་ཏེ་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གིས་གཙོས་སྟོད་སྨད་ཆོས་འཁོར་ཀུན་སྐྱོང་ཞིང་། ཁ་བ་རིའི་ལྗོངས་སུ་གཏོགས་སོ་ཅོག་གི་བསྟན་དང་འགྲོ་བའི་མེལ་ཚེ་མཛད་པར་མངའ་གསོལ་བའི་རྡོ་རྗེ་འབར་བའི་དམ་ཚིག་གི་ར་བ་ལས་ནམ་ཡང་མ་བྲལ་བར་ཉེ་ཆར་ཡང་འགྲོ་བ་མིའི་ཁོག་ཏུ་བརླམས་པར་རྗེས་སུ་ཡི་རངས་ཤིང་། དིང་སང་སྙིགས་མའི་དུས་ཆེས་ཆེར་བདོ་བའི་སྐྱེ་རྒུ་རྣམས་བླང་དོར་ཚུལ་བཞིན་མི་ཤེས་པར་ལེགས་ཉེས་སྟོན་པའི་ཆེད་དུ་ཁབ་ཏུ་བཞུགས་པ་ལས། གཞན་དུ་དྲེགས་པའི་སྡེ་དཔོན་སྟོང་གསུམ་སྐད་ཅིག་ཏུ་བསྐོར་བའི་རྫུ་འཕྲུལ་ཅན་དག་འགྲོ་བ་མི་ལ་བརྟེན་པའི་དོན་ལས་མ་མཆིས་པའི་ཕྱིར་ན། དིང་སང་གི་དུས་འདིར་སྟོད་སྨད་བར་གསུམ་ལ་སྤྱི་སྒོས་ཀྱི་(༢༤༠བ)


GLG019_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་རྒྱས་པ་ཞིག་ལོ་འདིའམ་ཕྱི་མའི་འགོས་ཙམ་ལ་མཛད་པར་བསྐུལ་བ་དྲི་མེད་ཡེ་ཤེས་དག་པའི་ཀློང་དུ་བཅགས་པར་འཚལ། རྟེན་བཀྲས་བཏགས་ཀྱི་སྙན་ཤལ། གསེར་སྐྱེམས་ཞོ་གསུམ། འཕྲིན་ལས་ཐམས་ཅད་འགྲུབ་པའི་གོས་ལྗང་ཡུག་དང་བཅས་སྨིན་དྲུག་ཟླ་བའི་ཤེས་རབ་ཀྱི་ཆ་བཟང་པོ་དང་པོའི་དུས་ལ་དགེ ། ཤིང་ཡོས་ཧོར་ཟླ་བཅུ་གཅིག་པའི་ཡར་ཚེས་གསུམ་གྱི་ཉིན་སྲོག་བདག་ཚངས་པ་ཆེན་པོ་དུང་ཐོད་ཅན་ལ་ཚོགས་འཁོར་སྤྱན་གཟིགས་དང་བཅས་དྲི་སྨེད་གསོལ་བར་དགེ་སློང་འཇམ་དབྱངས་གྲགས་པ་བཏང་པའི་ཚེ་འཕྲིན་ཡིག་བདེན་གཏམ་དབྱངས་སུ་འཚེར་བའི་པི་ཝང་། ཞི་དང་ཁྲོ་བོའི་དཀྱིལ་འཁོར་མ་ལུས་པ། །སྤྲོ་དང་བསྡུ་བའི་བྱེད་པོ་ཀུན་ཏུ་བཟང་། །ཐུན་མོང་འགྲོ་ངོར་རྒྱ་གར་པཎ་ཆེན་ཚུལ། །སངས་རྒྱས་གཉིས་པ་པདྨ་ཐོད་འཕྲེང་བསྔགས། །མགོན་དེས་སྲོག་བདག་སྡེ་དཔོན་ཚངས་པ་གང་། །ཆེ་མཆོག་ཁྲག་འཐུང་གཙོར་གྱུར་བཀའ་བརྒྱད་ལྷའི། །ནུབ་བྱང་དྲེགས་པའི་གཞལ་ཡས་ཆེན་པོ་རུ། །དབང་བསྐུར་དམ་བཏགས་བསྟན་པ་བསྲུང་བར་བསྐོས། །དེ་ཕྱིར་བསིལ་ལྡན་སྨན་ལྗོངས་ཡུལ་གྱི་ཆའི། །ཆོས་འཁོར་སྟོད་སྨད་མདོ་རྒྱུད་བཤད་སྒྲུབ་སྡེ། །སྤེལ་བའི་ངུར་སྨྲིག་འཛིན་དང་གོས་དཀར་ཅན། །སྔགས་འཆང་ཡོངས་ཀྱི་དགྲ་ལྷ་མ་ཡིན་ནམ། །བདེ་སྐྱིད་གངས་ཀྱི་རི་བོ་ཆེས་དངས་པར། །སྡིག་འབྲས་གླང་པོའི་ན་བུན་ཉེར་འཁྲིགས་པའི། །དུས་འདིར་སྔོན་གྱི་གཡར་དམ་རབ་དགོངས་ཏེ། །བོད་འབངས་བསྟན་འགྲོའི་མེལ་ཚེ་དཔུང་བསྐྱེད་རིགས། །ཡོངས་ལ་ལྐོག་(༢༤༡ན)


GLG019_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གྱུར་ཀུན་རྗེན་པ་རུ། །གསལ་བའི་ལྷ་མིག་དག་པའི་སྤྱན་རས་ཀྱིས། །གཟིགས་ནས་འབྱུང་འགྱུར་གཞན་ངོ་བསྲུང་མིན་པའི། །གཟུགས་མེད་གཏམ་གྱི་མདའ་དེ་དྲང་པོར་ཕོངས། །མ་དག་དུག་ལྕེ་རྣོན་པོས་ཐུབ་བསྟན་སྲོག །འཕྲོག་པའི་ལྟོ་འགྲོ་བཟང་པོར་ཚུལ་འཆོས་མཁན། །གང་ཡིན་རྒྱལ་གསུང་དཔང་དུ་ཉེར་བཞག་སྟེ། །ཆུ་དང་འོ་མ་འབྱེད་པའི་དུས་མིན་ནམ། །དེ་འདྲའི་ཆོམ་རྐུན་རང་གཞན་གྲུབ་པའི་མཐའ། །མང་པོར་སྣང་བ་ལྷ་ཁྱོད་ཀྱིས་མཁྱེན་མོད། །ཅི་སྟེ་སོམ་ཉིར་གྱུར་ན་རྔ་ཡབ་གླིང་། །བགྲོད་ནས་མཚོ་ལས་སྐྱེས་པའི་རྡོ་རྗེར་དྲིས། །རུ་བཞི་སྒང་དྲུག་མི་བདེའི་བྱེད་པོ་ཀུན། ཁྲག་ཐིགས་ཙམ་ཡང་ལྷག་མར་མ་ལུས་པ། །དྲེགས་པའི་སྡེ་དཔོན་འཁོར་དང་བཅས་རྣམས་ཀྱིས། །རྐན་སྒྲ་སྒྲོག་བཞིན་ཚོགས་ཀྱི་འཁོར་ལོར་རོལ། །སྣང་སྟོང་ཟུང་འཇུག་སེམས་ཀྱི་མ་འགགས་གདངས། །དམ་ཅན་སྲུང་མར་ཤར་ལས་གཞན་མིན་པར། །མཆོད་བྱ་མཆོད་བྱེད་བྲལ་ཡང་ཀུན་རྫོབ་ཏུ། །སྤྱན་གཟིགས་མིག་འཕྲུལ་རྗེས་འགྲོ་མཁའ་ཁྱབ་སྤྲོ། །དུག་གསུམ་འཁྲུལ་པའི་མཚོ་ལ་བྱེད་དབྱིབས་ལྟར། །བདེ་སྡུག་མེད་ཀྱང་སྒྱུ་མ་དང་མཚུངས་པ། །ཐེ་ཚོམ་སེལ་བྱེད་དྲི་བ་ཕོ་ཉ་ཡི། །གཡར་ལམ་གསོལ་བར་སྒྲ་འཛིན་དབང་པོ་གཏོད། །གོས་དམར་ལྷབ་ལྷུབ་གཡོ་བ་གསེར་གྱི་འབྲུག །གཡས་སུ་འཁྱིལ་བ་གནམ་ལོའི་ཚེས་ཀྱི་དུས། །ལྷ་རྫས་སྙན་ཤལ་ཕོན་རྫར་ཅན་དང་བཅས། །དམར་པོ་རི་ཡི་(༢༤༡བ)
ཕོ་བྲང་རྩེ་ནས་དགེ །


previousརབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext