Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་མེ་འབྲུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །མེ་འབྲུག་ཧོར་ཟླ་དང་པོར་རིགས་ཀྱི་སྲུང་མ་ཐང་ཆེན་བཤན་པ་ལག་དམར་ལ་སྤྱན་གཟིགས་དབུལ་བར་འབུམ་ཐང་བསོད་ནམས་དབང་པོ་བཏང་སྐབས་ཀྱི་འཕྲིན་གསོལ་ཀ་འཕྲེང་དཔའ་བོའི་གད་བརྒྱངས། ཀ་མ་ལ་ཡི་ཟེའུ་འབྲུ་རྒོད་པའི་རྩེར། ཁ་དོག་རབ་དཀར་རྫུས་སྐྱེས་གཞོན་ནུའི་ཚུལ། །ག་ན་ཞུགས་ཀྱང་ཕན་བདེ་འབྱུང་བའི་གནས། །ང་རྒྱལ་དྲེགས་ལྡན་ཚོགས་ཀྱི་གཉེན་གཅིག་བསྔགས། །ཅ་ཅོ་སྙན་པའི་དབྱངས་དང་རོལ་མོ་འཁྲོལ། །ཆ་ཤས་ཡོངས་རྫོགས་དམ་རྫས་གཏོར་མ་བཤམས། །ཇ་ཆང་གསེར་སྐྱེམས་བཏུང་བ་སྦྲེང་བྱེད་ན། །ཉ་རྒྱས་ཟླ་འདྲའི་ལྷ་ཁྱོད་དགྱེས་འཛུམ་སྟོན། །ཏ་ཐཱ་ག་ཏའི་བསྟན་པ་བསྲུང་བ་ལ། །ཐ་ཚིག་ཞལ་བཞེས་འགྱུར་མེད་བཤན་པ་ཆེ། །ད་ལྟ་སྙིགས་མ་ལྔ་བདོའི་དུས་འདི་རུ། །ན་མ་རེར་ཡང་མཐུ་སྟོབས་ནུས་རྩལ་བསྐྱེད། །པ་ཏྲའི་རི་མོ་དང་མཚུངས་སྣ་ཚོགས་སེམས། །ཕ་རོལ་རྒོལ་ངན་ཡིད་སྲུབས་སྙིང་ཞུགས་ཏེ། །བ་མོའི་རིག་པས་ལོ་ཏོག་བཞོམ་པ་ལྟར། །མ་ལུས་ཚར་ཆོད་རྗེས་མེད་རླུང་ལ་སྐུར། །ཙ་ན་ཡིན་ཀྱང་ཕ་མེས་བརྒྱུད་པའི་ལྷ། །ཚ་གྲང་ཁྱད་དུ་སད་ནས་ལེགས་མཆོད་ཕྱིར། །ཛ་ཞེས་འབོད་ཕྱིར་དར་ཚོན་གཡབ་བྱེད་ན། །ཝ་ལེར་ཐོགས་མེད་སྤྱོན་ལ་འཕྲིན་ལས་སྒྲུབས། །ཞྭ་ཡི་ཏོག་ལྟར་སྡེ་བརྒྱད་རྗེ་བོ་ཁྱོད། །ཟ་ཧོར་བརྒྱུད་པའི་དགྲ་ལྷ་མཐུ་རྩལ་ཅན། །འ་འུར་སྒྲ་ཡིས་སྟོང་གསུམ་འགེང་བཞིན་དུ། །ཡ་མཚན་ལས་བཞི་བསྒྲུབ་པའི་ཆུ་འཕྲུལ་སྟོན། །རྭ་གདེངས་རྡོ་རྗེ་འབར་བའི་ཕྱག་རྟོགས་(༢༤༢ན)


GLG019_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ། །ལ་ལའི་སྡེ་བརྒྱད་མ་ཡིན་ཀུན་གྱི་གཙུག །ཤ་རྗེན་རི་མོ་གསལ་པོར་ཤར་མཛད་པའི། །ས་གསུམ་བླ་མ་པདྨའི་དམ་ཚིག་དགོངས། །ཧ་ཧར་དྲག་པོའི་བཞད་སྒྲ་དགོད་པ་དང་། །ཨ་ལ་ལ་ཞེས་དགྱེས་ཚུལ་ལྷན་ཅིག་ཏུ། །ཧ་རི་ཙན་དན་དྲི་བཞིན་སྟོན་མཛད་པར། །ཨ་མྲ་ལྟ་བུའི་མཆོད་སྤྲིན་རྒྱ་མཚོ་སྤེལ། །མེ་འབྲུག་གི་ལོ་བསམ་ཡས་པེ་ཀར་ལྕོག་གི་ཞིག་གསོས་གྲུབ་ནས་གནས་གསར་པར་ཆོས་སྐྱོང་དཔོན་བློན་ཐོག་མར་ཕེབས་པའི་ཚེ་དགའ་སྟོན་སྤེལ་བར་ཟུར་ཁར་དོན་གྲུབ་དབང་རྒྱལ་མངགས་པའི་འཕྲིན་ཡིག་ལྷ་རྒྱལ་དབྱངས་སྙན། ཨཽཎྜི་ཡཱ་ནའི་འདབ་སྟོང་བཞད་པའི་རྩེར། །ལྟ་བས་མི་ངོམས་མཚན་དཔེའི་སྒྱུ་འཕྲུལ་གར། །མཚོ་ལས་སྐྱེས་པའི་རྡོ་རྗེ་ཐོད་འཕྲེང་རྩལ། །རང་བྱུང་སྤྲུལ་པའི་སྐུ་དེས་དགེ་ལེགས་སྩོལ། །ཕྱི་རོལ་གཤིན་རྗེའི་བཤན་ཁར་སྡེ་བརྒྱད་གནས། །ནང་དུ་དམ་ཅན་འདུ་བའི་ཕོ་བྲང་ཆེ། །གསང་བ་བདག་པོའི་བདེ་ཆེན་གཞལ་ཡས་ཁང་། །ཕུན་ཚོགས་བཀོད་པའི་དུས་སྟོན་ཐོག་མ་ལ། །བཀྲས་བཏགས་གསེར་སྐྱེམས་ཕྱི་ནང་བཟང་གོས་ཇ། །ཟུར་གསལ་གྲངས་ལྡན་ཚོགས་ཀྱི་འཁོར་ལོ་བཅས། །སྤྲུལ་པའི་བསྟན་སྲུང་རྒྱལ་པོ་ཆེན་པོ་ཁྱོད། །དགྱེས་བསྐྱེད་ཆེད་དུ་འབུལ་བས་ཐུགས་དམ་སྐོངས། །ཤཱཀྱ་སེང་གེའི་རིང་ལུགས་གྲིབ་བསིལ་དུ། །འཇིག་རྟེན་གསུམ་གྱི་འགྲོ་ཀུན་ངལ་བསོས་ཤིང་། །སྔགས་འཆང་བདག་གིས་བཅོལ་བའི་འཕྲིན་ལས་རྣམས། །བསྒྲུབ་པའི་གཡར་(༢༤༢བ)


GLG019_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ནམ་ཡང་གཡེལ་མེད་མཛོད། །ལྷ་སྙན་མཛེས་པར་བྱེད་པའི་དར་དཀར་པོ། །རི་བོང་འཛིན་པའི་དཀྱིལ་འཁོར་རྗེས་འགྲོ་བར། །ཐུན་མཚམས་མདངས་ལྡན་རྒྱ་ཡིས་ཉེར་བཏབ་སྟེ། །ནམ་མཁའི་ནོར་བུ་འཁྲིག་ཁྱིམ་ཞུགས་ཚེ་དགེ །གཏུམ་དྲག་ལས་མཁན་བཤན་པའི་ཚུལ་འཛིན་ཀྱང་། །ངེས་དོན་གནོད་སྦྱིན་ཁྱུང་ཆེན་ཀླུ་འབྲུག་འདུལ། །གསང་མཚན་ཀུན་ཁྱབ་རྡོ་རྗེ་དྲག་པོ་རྩལ། །སྒྲིབ་བྲལ་སྒྲ་འཛིན་དབང་པོ་ཅུང་ཟད་གཏོད། །མཚན་དང་སྐུ་ཡི་རྣམ་འགྱུར་བགྲང་ཡས་ཀྱང་། །གཅིག་པུ་ཉིད་ལས་གཞན་མིན་པདྨ་འབྱུང་། །རྡོ་རྗེའི་རི་མོ་གཙུག་བཀོད་དམ་དགོངས་ལ། །གངས་ཅན་བསྟན་འགྲོའི་བདེ་སྐྱིད་ཡུན་དུ་སྤེལ། །ལྷ་སྲིན་རྦ་ཀློང་འཁྲུག་པའི་གཞལ་མེད་ཁང་། །གསར་བསྐྲུན་ཐོག་མར་དགེ་བའི་ལེགས་སྐྱེས་སུ། ཁྲ་ཤར་བདོག་པ་བཟའ་བཏུང་འདོད་དགུའི་རྫས། །དམ་སྐོང་ཆེད་དུ་དངོས་བཤམས་ཡིད་ཀྱིས་སྤྲུལ། །བརྣག་པའི་སེམས་འཆང་དགྲ་བགེགས་སྙིང་གི་ཁྲག །དྲོད་རླངས་ཡལ་བ་མེད་པར་ཧུབ་ཀྱིས་དྲོངས། །ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པ། །ལྷུན་གྱིས་གྲུབ་པའི་མཐུ་སྟོབས་ནུས་དཔུང་བསྐྱེད། །སྣྲོན་གྱིས་ཉ་བའི་ཡར་ངོའི་ཚེས་བཟང་པོར། །རིང་པོར་བརྐྱང་པའི་སྙན་ཤལ་དཀར་པོ་ལ། །མི་འགྱུར་རྟགས་ཀྱི་མཚན་མས་ལེགས་སྤུད་དེ། །དམར་པོ་རི་ཡི་ཕོ་བྲང་རྩེ་ནས་དགེ ། མེ་འབྲུག་ཁྲ་འབྲུག་ནས་ཚངས་པ་ཆེན་པོས་ཐུན་རྫས་དགོས་ཚུལ་ལྟར་སྤུན་བདུན་པ་ཕུན་ཚོགས་དབང་པོ་མངགས་པའི་ཆེ་བ་འཕྲིན་ཡིག་ཚངས་དབང་འབོད་(༢༤༣ན)


GLG019_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ། རྒྱལ་དབང་པདྨ་ཀ་ར་ཡིས། །མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ཆེར། །དབང་བསྐུར་ལྷ་ཆེན་སྲོག་གི་བདག །དཔལ་ལྡན་གིང་གི་རྒྱལ་པོ་ཀྱེ། །མ་གཡེལ་ཐུགས་ཀྱིས་ཉེ་བར་དགོངས། །ལྷ་གཅིག་སྲོང་བཙན་སྒམ་པོ་དེས། །གངས་ཅན་ས་ཡི་མེ་བཙའ་རུ། །ལེགས་བསྐྲུན་ཁྲ་འབྲུག་གཙུག་ལག་ཁང་། །བསྲུང་བའི་མཐུ་སྟོབས་རྩལ་ལྡན་ཁྱོད། །གཟི་བྱིན་ཉི་མ་ལྟར་འབར་བས། །ནག་པོ་བདུད་སྡེའི་མུན་པ་གཅལ། །རྣམ་འདྲེན་བཤད་སྒྲུབ་ཡིད་ཅན་ཚོགས། །བསྐྱེད་པའི་བ་དན་དཀར་པོ་ཕྱོར། །མ་ད་ན་སོགས་བཏུང་བ་དང་། །ཤ་ཟན་བཟའ་དང་བཅའ་བ་བཤམས། །ཕྱི་ནང་གོས་བཟང་གསེར་སྐྱེམས་ཀྱིས། །མཚོན་པའི་འདོད་ཡོན་མཆོད་པ་སྤེལ། །སཱ་ལའི་སྨན་གྱི་ནགས་ལྗོངས་འདིར། །གཡུལ་འཁྲུག་མུ་གེ་ནད་རིམས་སོགས། །རྩོད་ལྡན་དུས་ཀྱི་ཉེས་བརྒྱའི་དྲི། །མཐུ་སྟོབས་མཐོ་རིས་ཆུ་བོས་ཁྲུས། །དུས་ཀྱི་ཆད་པའི་མིང་ཙམ་ཡང་། །མཐར་བྱས་སིམ་པའི་བདེ་བ་ལ། །ས་འོག་ས་སྟེང་ས་བླ་ཡི། །སྐྱེ་རྒུ་མ་ལུས་སྦྱོར་ཞིག་གུ །ཀཏྤུ་ར་ཡི་མདངས་འཛིན་པའི། །དཀར་འཇམ་དར་གྱི་སྙན་ཤལ་བཅས། །ཆོས་སྲུང་ཆེན་པོའི་འདུན་ས་རུ། །སྣྲོན་ཟླའི་ཡར་ཚེས་ལི་ཁི་ཏཾ། །མེ་འབྲུག་ཧོར་ཟླ་ལྔ་པའི་ལྷ་ཚེས་ལ་གིང་ཆེན་ཚངས་པ་ཆེན་པོར་ཚོགས་མཆོད་སྤྱན་གཟིགས་དང་བཅས་འཕྲིན་གསལ་ལྷ་རྒྱལ་དབྱངས་སྙན། ཨཽཌྜི་ཡཱ་ནའི་ཆུ་གཏེར་ཀློང་ནས་འདབ་སྟོང་བཞད་པའི་(༢༤༣བ)


GLG019_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཟེའུ་འབྲུའི་དབུས། །དཔག་ཡས་འོད་འབར་གར་གྱི་དབང་པོའི་སྒྱུ་དྲའི་ཟེར་འཕྲེང་འཕྲོས་པ་ལས། །མཚན་དཔེ་ཉེར་གསལ་ལང་ཚོའི་མཛེས་སྐུ་ལོ་བརྒྱད་གཞོན་ནུའི་ཚུལ་འཆང་བ། །བདེ་གཤེགས་ཀུན་འདུས་ཁྲོ་རྔམས་གཟུགས་ཀྱིས་ལྷ་སྲིན་དྲན་འཁོལ་པདྨ་འབྱུང་། །མགོན་དེའི་ཕྱག་ཆ་རྡོ་རྗེའི་རི་མོ་གཙུག་ཏུ་བཀོད་པའི་རྗེས་གསལ་ཞིང་། །རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་ཐིགས་པ་ལྗགས་ཀྱི་དབང་པོར་མྱངས་པའི་མོད། །ཇི་ལྟར་ཞལ་བཞེས་དམ་ལས་མི་འདའ་རྡོ་བར་བྲིས་པའི་སྣང་བརྙན་ལྟར། འགྱུར་མེད་སྲོག་བདག་གིང་ཆེན་ཚངས་པ་གཡས་འཁྱིལ་དུང་གི་ཐོད་ཅན་ཀྱེ། །མ་ད་ནའི་ཕུང་ཤ་སྣ་བཟའ་བཅའི་ཚོགས་ཀྱི་འཁོར་ལོ་ཕྱུར་བུར་སྤུངས། །འཇམ་མཉེན་རྣམ་བཀྲའི་ཕྱི་ནང་གན་གོས་གསེར་སྐྱེམས་ཇ་བཟང་གོ་མཚོན་སོགས། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས་བརླབས་ནམ་མཁའ་མཛོད་ཀྱི་མཆོད་པའི་སྤྲིན། །དྲེགས་པའི་སྡེ་དཔོན་འཁོར་བཅས་སྤྱན་སྔ་ཐུགས་དམ་སྐོང་བའི་ཆེད་དུ་དབུལ། །གཉིས་མེད་བསྲུང་བའི་རིང་ལུགས་སྤྱི་དང་ཁྱད་པར་ཀུན་མཁྱེན་བཙོང་ཁ་པའི། །བཤད་སྒྲུབ་རྐང་འཐུང་འཕྲེང་བའི་གྲིབ་མར་འཇིག་རྟེན་གསུམ་གྱི་ཡིད་ཅན་ཚོགས། །བརྒྱད་ཁྲི་བགྲང་བྱའི་འགྲོ་བ་ཇི་བཞིན་སྡུག་བསྔལ་མིང་ཡང་མི་གྲགས་པར། །རིང་པོའི་ཚེ་དང་འབྱོར་པའི་དབང་ཕྱུག་མིག་གི་འཛུམ་གྱི་མཆེད་ཟླར་མཛོད། །བྱེ་བྲག་སཱ་ལའི་སྨན་གྱི་ལྗོངས་འདིར་མེས་དབོན་རྣམ་གསུམ་དགོངས་པ་ལྟར། །དགེ་བཅུའི་(༢༤༤ན)


GLG019_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ལས་སིམ་པའི་ཚོར་བས་སྐྱིད་པའི་ཉི་མ་དགུང་འཆར་ཞིང་། །ཕས་རྒོལ་ཁྱབ་འཇུག་ལོག་བློའི་མངལ་དུ་དྲང་སྲོང་དམོད་པའི་འབྲས་གྲུབ་པས། །རང་སྲིད་སྡེ་བཅས་ཡར་ངོ་ཆེས་མཐོའི་རྒྱལ་རྔ་བརྡུང་བའི་ལས་མཛོད་ཅིག །ཤ་ཁྲག་དྲོད་རླངས་མ་ཡལ་ཟར་རྔམས་ཁྲོ་གཉེར་སྨིན་མཚམས་རི་མོ་ཅན། །དཔའ་བོའི་ཆས་ལྡན་ཆེ་ངར་ཤུགས་ཀྱིས་ཡབ་ཤེར་བདུད་ལྟར་རབ་འཇིགས་ཀྱང་། །ཞི་ཞིང་ཆེས་དུལ་ལྷ་ཡི་དགེ་བསྙེན་དགྱེས་པའི་འཛུམ་གྱི་ཞལ་སྒོ་ལས། །ལྐོག་གྱུར་ཆོས་ཀྱི་གནས་ལུགས་གསལ་བའི་ལུང་བསྟན་པི་ཝང་རྒྱུད་ལ་དྲོངས། །དཀར་ཕྱོགས་ལྷ་རྣམས་རྒྱལ་བའི་བསྭོ་སྒྲ་སྒྲོག་པའི་ཡར་ཚེས་ལ། །ཐོས་འཛིན་མཛེས་བྱེད་རྒྱན་དུ་ཉེར་འོས་དུ་ཀཱུ་ལ་ཡི་ཁ་ཚར་དང་། །ཐུགས་དམ་བསྐུལ་བའི་འཕྲིན་ཡིག་རྒྱ་ཅན་ཕོ་ཉའི་སུག་པས་ལེགས་བཏེག་ནས། །དབུ་རུ་སྟོད་ཕྱོགས་སྡེ་བརྒྱད་འདུ་བའི་འདུན་ས་ཆེར་སོང་ཛ་ཡནྟུ། །ཆུ་གླང་བཤན་པ་བྱ་ཁྲིད་མིག་གཅིག་པ་གཡའ་རི་གོང་གི་བྲག་ཕུག་ཏུ་བྱོན་ནས་ལོ་གསུམ་ཙམ་བཞུགས་ཏེ་སྐུ་ཕེབས་མ་བྱུང་བ་མེ་འབྲུག་ཟླ་བ་ལྔ་པར་ཁོག་ཞུགས་གསར་དུ་བྱུང་བའི་ཚེ་ལེགས་སྐྱེས་ཀྱི་སྤྱན་གཟིགས་འབུལ་བར་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོ་བཏང་བའི་འཕྲིན་གསོལ་ལྷ་རྒྱལ་གད་བརྒྱངས། ལྷ་རྒྱལ་བསྭོ་སྒྲ་ལྡིར་བ་བཀྲ་ཤིས་གླུ། །མགྲིན་པའི་རྒྱུད་ལས་ཉེར་དྲངས་རབ་དཀར་དར། །བསྟན་སྲུང་སྙན་གྱི་རྒྱན་དུ་ལེགས་སྤུད་ནས། །འཕྲིན་གསོལ་དོན་ལ་ཡེ་ཤེས་སྤྱན་གྱིས་གཟིགས། །རྒྱ་གར་པཎ་ཆེན་དུས་(༢༤༤བ)


GLG019_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གསལ་ལེར་མཁྱེན། །འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཐོད་འཕྲེང་རྩལ། །བརྟུལ་ཞུགས་གྲུབ་པའི་བཀའ་ལས་མི་འདའ་བའི། །བྱ་ཁྲིད་མིག་གཅིག་བཤན་པའི་དམག་དཔོན་གྱི། །རྒྱ་གར་གཡའ་རི་གོང་གི་བྲག་ཕུག་དང་། །ཟུང་འབྲེལ་ཙན་དན་འཐུག་པོའི་ནགས་ཚལ་དུ། །བྱོན་ཀྱང་བོད་ཡུལ་སྲུང་མར་ཞལ་འཆེས་པར། །མི་གཡེལ་ཁོག་ཏུ་བརླམས་པའི་གཏམ་དེ་སྙན། །ལྐོག་གྱུར་རྗེན་པར་གཟིགས་པའི་འདྲེན་བྱེད་གསལ། །སྟོང་གསུམ་སྐད་ཅིག་བསྐོར་བའི་རྫུ་འཕྲུལ་ཆེ། །ལེགས་ཉེས་བྱ་ར་བལྟ་ལ་ལྷག་པར་འགྲུས། །དེ་ཕྱིར་བླང་དོར་ལུང་དུ་སྟོན་པར་རིགས། །གསར་དུ་ཁོག་ཞུགས་ཐོག་མའི་རྟེན་འབྲེལ་སྒོར། །ཐུགས་དམ་སྐོང་རྫས་ཁ་མ་ཟུར་འཐུས་དང་། །བཟའ་བཅའ་བཏུང་བའི་ཚོགས་ཀྱི་འཁོར་ལོ་རྣམས། །ནམ་མཁའ་མཛོད་དུ་བྱིན་གྱིས་བརླབས་ནས་འབུལ། །འཇིག་རྟེན་ཁམས་བདེ་ཐུབ་པའི་བསྟན་པ་དར། །རིག་འཛིན་བདག་གིས་བཅོལ་བའི་དབང་དྲག་དང་། །ཞི་དང་རྒྱས་པའི་འཕྲིན་ལས་མ་ལུས་པ། །འདོད་པའི་རེ་སྐོང་དཔག་བསམ་ཡོངས་འདུར་མཛོད། །སྤངས་ལྗོངས་མརྒད་མདངས་གྱོན་སྣྲོན་གྱི་ཟླ། །དཀར་པོའི་ཕྱོགས་ཀྱི་གང་བ་གསུམ་པའི་ཚེས། །ལྷག་པ་ལྷ་མཚམས་དགའ་མར་རབ་བརྩེ་བའི། །འགྲུབ་སྦྱོར་དུས་སུ་སརྦ་ཛ་ཡནྟུ། །འཕྱོས་བཤན་བ་སྒྲིབ་བཙན་པའི་འཕྲིན་ལན་ལས་ཀུན་བསྒྲུབ་པའི་སྒོ་འབྱེད། ཨཽཌྜི་ཡཱ་ནའི་ནུབ་བྱང་སིནྡྷུའི་ཀླུང་། །(༢༤༥ན)


GLG019_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་འདབ་སྟོང་ཀེ་ས་ར་ཡི་རྩེར། །རྒྱལ་ཀུན་འདུས་པའི་སྒྱུ་འཕྲུལ་རྨད་པོ་ཆེ། །པདྨ་ཐོད་འཕྲེང་རྩལ་གྱིས་ཀངྐ་ར། །ལྷ་རྫས་དར་དཀར་རྟེན་དང་བཅས་པའི་འཕྲིན། །བླང་དོར་གསལ་བར་སྟོན་པ་ཨ་དརྴ། །མཚམས་སྤྲིན་འོད་བརྒྱ་དང་འགྲོགས་ཕོ་ཉ་ཡིས། །མ་ཉམས་སུག་པར་སོན་པ་མཆོག་ཏུ་སྤྲོ། །དཀོན་པ་སྒྲིབ་བཙན་མཐུ་དང་ནུས་པའི་བདག །གཏེར་གྱི་སྲུང་མ་གནོད་སྦྱིན་བཤན་པ་ཆེ། །རླུང་གི་ཤུགས་ཅན་རྟ་མཆོག་ལ་ཞོན་ཏེ། །སྟོང་གསུམ་མྱུལ་ནས་བསྟན་འགྲོའི་མེལ་ཚེ་མཛོད། །འཇིག་རྟེན་སྤྱི་དང་ཁྱད་པར་བོད་ཡུལ་འདིར། །ནད་རིམས་དབུལ་ཕོངས་གཡུལ་འཁྲུག་ལ་སོགས་པ། །ཉེས་བརྒྱ་ཀུན་ཞི་བདེ་སྐྱིད་ལ་སྦྱོར་ཞིང་། །རིགས་འཛིན་བདག་གིས་བཅོལ་བའི་ལས་ཀུན་སྒྲུབས། །ཟླ་གཞོན་ཐགས་སུ་བཏགས་འདྲའི་སྙན་ཤལ་དང་། །ཞོ་ཡི་འཁོར་ལོས་ས་ལེ་སྦྲམ་གྱི་སྐྱེས། །འཕྱོས་ལུང་དཀར་བའི་སྡེ་བརྒྱད་འདུ་གནས་དེར། །ཆུ་སྟོད་ཟླ་བའི་དམར་ཆའི་དུས་ལ་དགེ ། ལྷོ་ཀོང་གི་དཔུང་འཇུག་སྐོར་པ་བསམ་ཡས་སུ་དྲེགས་པའི་སྡེ་དཔོན་ཆེན་པོར་འཕྲིན་འཆོལ་གྱི་སྤྱན་གཟིགས་སྤེལ་བར་ཕུ་གུ་ལུང་པ་ལྷ་དབང་རྡོ་རྗེ་བཏང་སྐབས་འཕྲིན་གསལ་དྲང་པོར་ཐིག་འདེབས། རང་རིག་དོན་གྱི་སངས་རྒྱས་པདྨ་འབྱུང་། །མངོན་སུམ་ངོ་བོ་མ་འཕྲོད་གཅིག་པུའི་ངོར། །ཟངས་མདོག་དཔལ་རིར་མཚོ་སྐྱེས་རྡོ་རྗེ་ཞེས། །སྡེ་བརྒྱད་བྲན་དུ་འཁོལ་དེའི་ཕོ་ཉ་བ། །འཇིག་རྟེན་དྲེགས་པའི་དམག་དཔོན་ཙེའུ་དམར། །ཟབ་མོ་གཏེར་གྱི་སྲུང་མ་ཡང་ལེ་བེར། །(༢༤༥བ)


GLG019_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་སྔར་དངོས་བཤམས་ཡིད་སྤྲུལ་མཐུན་པའི་རྫས། །སྣང་སེམས་གཉིས་མེད་སྒྱུ་མ་ལྟ་བུར་སྤྲོ། །ལྷོ་མོན་ཤར་ཕྱོགས་ཀོང་པོའི་ཡུལ་གྲུ་ནས། །ལངས་པའི་དགྲ་ལས་རྣམ་པར་རྒྱལ་བའི་གཏམ། །སྙན་པོ་རྣ་བའི་བཅུད་དུ་དངར་བ་ལ། །སྔར་བཅོལ་གྲུབ་པའི་གཏང་རག་ཚུལ་དུ་ཕུལ། །རང་གཞན་བདེ་ཐབས་ཆེད་དུ་ཆིངས་ཀྱི་སྐོར། །ཕན་ཚུན་གཉིས་ལོའི་དོན་ཁ་འབྲུག་ཕྱོགས་ནས། །སྔ་སར་ལུགས་ལ་མ་སོང་བྱས་གྱུར་ཚེ། །ཚུལ་བཞིན་བསྒྲུབ་པའི་ལྷག་བསམ་ཡིད་ལ་དཀར། །ལང་ཤོར་ཁོ་ནའི་རྒྱལ་པོ་ང་ལུང་གཏམ། །བྱས་ནས་ལབ་དན་གལ་ཏེ་མ་འགྲིག་ན། །བདེན་རྫུན་ལེགས་ཉེས་ལྷ་མིག་སྤྱན་རས་ཀྱིས། །གཟིགས་ལ་དྲག་པོའི་འཕྲིན་ལས་མྱུར་དུ་སྒྲུབས། །ས་ཕག་ཚུན་ནས་སེམས་ཅན་བདེ་ཐབས་ལ། །བསམས་ཏེ་རིམ་གྱིས་འཕམ་ཁུར་བྱས་པའི་ཚུལ། །ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་མ་མཁྱེན་ན། །དཔྲལ་བའི་མིག་ཀྱང་རི་མོའི་གཟུགས་བརྙན་འདྲ། །རྒྱ་དར་དཀར་པོའི་སྙན་ཤལ་དམོད་ནས་བཅས། །སྨིན་དྲུག་ཟླ་བ་མངོན་སྤྱོད་ལས་སྦྱོར་ཀུན། །ཐོགས་མེད་གྲུབ་པ་ཡར་ངོའི་གྲལ་ཚེས་ལ། །སྡེ་བརྒྱད་རྦ་ཀློང་འཁྲུག་པའི་འདུན་སར་སྤེལ། །ཨ་ན་ལ་ཞེས་པ་མེ་འབྲུག་གི་ལོ་འཇམ་དབྱངས་གོང་མ་ཆེན་པོའི་བཀའ་ཤོག་གནང་སྐྱེས་སྤེལ་བར་ཇོ་ར་ཆེ་བླ་མ་དང་ཁང་དབུ་མཛད་གསེར་ཡིག་ཏུ་འོངས་པ་མེ་སྦྲུལ་ཕྱིར་ལྡོག་པའི་ཚེ་འབྲས་སྤུངས་འདུལ་བ་སློབ་དཔོན་ཟུར་པ་བློ་བཟང་བསྟན་འཛིན་དང་རྟ་འབུལ་ནང་སོ་གཉིས་རྫོང་བདའ་བྱས་སྐབས་ཕུལ་བའི་ཞུ་ཡིག་འཁོར་ལོའི་(༢༤༦ན)


GLG019_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་འཆར་བའི་མེ་ལོང་། ཏྲཻ བྷ བཱ གྲ ཤ ཁ ཧོ ར དེ བ ནཱ ར ཡ སྱ ཙེ ཤྭ རེ སུ རེ རྒ ག ནྱ ཏོ ཧི པཱ ལ ཀེ ན བཱ ཧུ ལེ ན སཾ མ གཻ རྨ ཧཱ ས ནེ ཥུ། ཙ ཀྲ བྷུ ཥྱ རེ ཁ ཀཱ བི ཙི ཏྲ ཙོ བྷ པཱ ད པ ཪྻ ཙ ངྒ ཀཱ ར མ ཛྫུ གྷོ ཥ ཀཱ དི རཱ ཛ མཱུ ལ ཛཱ ནུ ཏེ རྨུ ཁཱ བྷི ད ཤ ཀ ཏྭ། །འཇིག་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་ཟླུམ་པོ།)རྟེན་གསུམ་གྱི་གཙུག་ཏོར་རྩེར་འཛེགས་ལྷ་དང་མི་ཡི་དབང་ཕྱུག་ཏུ། །ཚེ་རིང་གནམ་གྱི་ཤེ་མོང་ཤུགས་ཀྱིས་མང་པོས་བཀུར་བའི་ཁྲི་ཆེན་པོར། །འཁོར་ལོས་མཚན་པའི་རི་མོ་རྣམ་བཀྲ་ཞབས་ཟུང་སྐྱིལ་མོ་ཀྲུང་བཅས་པ། །ཇམ་དབྱངས་གོང་མ་རྒྱལ་པོའི་དྲུང་དུ་པུས་བཙུགས་བཞིན་རས་མངོན་ཕྱོགས་ནས། །རབ་དངས་ཤིང་ཤུན་ལོ་མའི་གོས་ཀྱིས་ཀླུབས། །བག་ཡོད་མཆོད་ཕྱིར་ཐོགས་དང་ཚངས་སྐུད་འཆང་། །ཚེ་སྤེལ་བདེན་ཚིག་བུམ་བཟང་དཱུརྦའི་རྩྭ། །ཐོགས་པ་སྔོན་འགྲོས་ཆེད་གསོལ་མགྲིན་པ་བཏེག །བསྐལ་མང་ཚོགས་ཀྱིས་བསྒྲུབས་པའི་ལེགས་བྱས་ནོར། །ཕུང་པོར་སྤུངས་ཀྱང་ཆ་ཙམ་བསྒྲུན་དཀའ་བ། །གཟི་བྱིན་ཉི་མའི་(༢༤༦བ)


GLG019_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་བརྒྱ་འཕྲོག་ནུས་སྐུ། །འཛམ་གླིང་སྐྱེ་རྒུའི་གཙུག་ན་འབར་བའི་ངང་། །ཚངས་པའི་དབྱངས་ལ་ཉེར་མོས་འཆིང་བའི་མདུད། །ལྷོད་པོར་འགྲོལ་བ་ཚིག་དོན་སྙན་འཇེབས་གསུང་། །ཡི་གེའི་གཟུགས་ཤར་བཀའ་རྟགས་ཕྱག་རྒྱ་ཅན། །སྲིད་པའི་དངོས་པོ་ཡོངས་བསྡུས་གནང་རྟེན་བཅས། །ལྷ་གཅིག་ཟབ་ཡངས་ཐུགས་ཀྱི་དཔལ་བེའུར། །ཤཱཀྱའི་རྗེས་ཞུགས་དགེ་སྦྱོང་གྱི་ན་བ། །ནམ་ཡང་མ་དོར་མཚོན་ཕྱིར་གསེར་ཡིག་དེས། །སྙིམ་པར་སོན་ཚེ་ཀུན་དགའི་མཆོག་སྦྱིན་ཐོབ། །འདི་ན་ལྷ་ལམ་མཐས་ཁྱབ་འགྲོ་རྣམས་ལ། །ལྷག་བསམ་སྟོན་ཟླ་ལྟར་དཀར་ཀློག་པ་མཁན། །ཉི་འོག་མཚུངས་མེད་འཁོར་སྒྱུར་ཁྱོད་དྲིན་ལས། །གཏན་མདུན་བསྒྲུབ་ལ་འཚེ་མེད་སིམ་པར་གནས། །རྒྱགས་པའི་སྙེམས་བྲལ་དམན་ལ་བརྩེ་བའི་སྤྱན། །དཀྱུས་རིང་ཀུན་ལ་ངལ་གསོར་འཇུག་བྱེད་རྫས། །ཕན་བདེའི་མཆོད་སྦྱིན་གཏོང་བའི་མ་མ་ལ། །ཤར་ཕྱོགས་རྒྱལ་པོར་འབོད་པའི་མཚན་གྱིས་སྙན། །དབུལ་བའི་གདུང་སེལ་ཕུན་ཚོགས་འདོད་དགུའི་ལྗིད། །མ་བཟོད་ནོར་འཛིན་བུ་མོར་རྔུལ་ཆུའི་རྒྱུན། །རྒྱ་མཚོར་ཚད་མེད་བབས་ཀྱང་རྣམ་ཐོས་བུས། །འགྲན་པའི་ངལ་བ་ད་དུང་མི་གཏོང་མཚར། །ལྷ་ཁྱོད་བདུད་སྡེ་ཟིལ་གནོན་ཏིང་འཛིན་ལ། །སྙོམས་ཞུགས་ཡན་ལག་རྣམ་བཞིའི་དམག་གི་དཔུང་། །རབ་ཁྲོས་གཏུམ་དྲག་འབར་བའི་འཁོར་ལོའི་རྩེར། །རྒོལ་ངན་ཀླ་ཀློའི་ཀླད་ཁྲག་ཅི་ཡང་འཐོར། །དོན་སྙིང་ལྐོག་མར་ཐོན་ཡང་རྐང་པའི་རྗེས། །(༢༤༧ན)
ལམ་ལམ་རྒྱ་མཚོའི་མཐར་བྲོས་བསྙེགས་པ་ལ། །བཀའ་བསྒོས་ཝང་གི་ལས་འཛིན་དམག་དཔོན་ཚོགས། །ཞེ་སྡང་སྲིན་པོ་རྒྱུ་ལ་འགྲན་པ་བཞིན། །སྐྱེ་མང་སྡིག་བསགས་ནག་པོའི་རྣམ་སྨིན་གྱི། །རྩོད་ལས་ཆེར་རྩོད་དུས་ཀྱི་ཆད་པའི་མུན། །མགོན་ཁྱོད་ཐུགས་རྗེའི་ཉི་མས་མྱུར་སངས་ནས། །རྫོགས་ལྡན་གཞོན་ནུའི་སྣང་བས་ཅིས་མི་ཁྱབ། །ཛམ་བུ་ཏྲཱི་ཤའི་ཤིང་གིས་མཛེས་བརྒྱན་གླིང་། །ས་ཡི་དཀྱིལ་འཁོར་ཡོངས་ཁྱབ་ཡོད་དོ་ཅོག །ཡིད་ཅན་རྣམས་ཀྱི་བསགས་པའི་བསོད་ནམས་མཐུས། །མི་བདག་བསྐལ་བརྒྱར་ཞབས་པད་བརྟན་གྱུར་ཅིག །དགྱེས་ཞལ་འཛུམ་པ་མ་དྲོས་མཚོ་ཆེན་ལས། །ཆོས་ནོར་འདོད་ཐར་ཆུ་ཀླུང་རྣམ་བཞིའི་རྒྱུན། །འཛིན་ལ་མི་ངལ་དབུས་འགྱུར་ཀུན་བཟོད་ལྟོ། །འགེངས་ལ་ཡལ་ཡོལ་མེད་པའི་ཐུགས་རྗེ་བསྐྱེད། །དཀར་དམར་རིན་ཆེན་སྣ་ཚོགས་འཇམ་ཕྲུག་སོགས། །བདོག་པས་རབ་བཏེག་ཞུ་མཆིད་སྤྱི་བརྟོལ་ཚིག །བྱམས་ལྡན་མ་ལ་བུས་པའི་ངག་བཞིན་དུ། །མཁྱེན་བརྩེའི་དབྱིངས་སུ་ཁྲེལ་བའི་གོ་སྐབས་ཅི། །ཟླ་བ་བཟང་པོར་མཆོག་གི་དང་པོའི་རྒྱུད། །ཐུབ་པས་ལྷོ་ཕྱོགས་འབྲས་སྤུངས་མཆོད་རྟེན་ཆེར། །ལེགས་གསུངས་ནག་པས་ཉ་བའི་ཡར་ཚེས་ལ། །ལུས་བཏུད་ཐལ་སྦྱར་དང་བའི་ཡིད་ཀྱིས་ཕུལ། །


previousརབ་བྱུང་བཅུ་གཅིག་པའི་མེ་འབྲུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext