Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །མེ་སྦྲུལ་ཧོར་ཟླ་བཞི་པའི་ནང་དུ་ཐང་ཆེན་རིགས་ཀྱི་སྲུང་མར་འཕྱོས་ཆང་ཁྱིམ་པ་གཞོན་པ་གསོལ་མཆོད་སྤྱན་གཟིགས་འབུལ་བར་བཏང་བའི་ཚེ་འཕྲིན་གསོལ་ལྷ་རྒྱལ་སྒྲ་དབྱངས། བྱོན་ཟིན་(༢༤༧བ)


GLG019_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོན་གྱུར་དེ་ལྟར་བཞུགས་བཞིན་པའི། །སངས་རྒྱས་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །ཨོནྜི་ཡཱ་ནའི་སློབ་དཔོན་ཞབས་སེན་ཟླ། །བྱང་ཆུབ་བར་དུ་མི་འབྲལ་གཙུག་ཏོར་རྒྱན། །མགོན་དེས་ཁྲག་འཐུང་པདྨ་ཧེ་རུ་ཀའི། །དཀྱིལ་འཁོར་ཆེན་པོར་དབང་བསྐུར་དམ་བསྒྲགས་པ། །སྤྲུལ་པའི་ཆོས་རྒྱལ་གནོད་སྦྱིན་ཤིང་བྱ་ཅན། །བློན་པོ་བཤན་པ་ལག་དམར་དེང་འདིར་དགོངས། །འདོད་ཡོན་ལྔ་ལྡན་བ་ལམ་བཟའ་བཅའ་ཡི། །ཕུང་པོ་ཕྱུར་བུར་སྤུངས་པ་རི་བོ་བཞིན། །སྨན་ཕུད་ཁྲག་ཆང་ན་དཀར་བཏུང་བའི་མཚོ། །རླབས་འཕྲེང་ཟེགས་མས་འཆི་མེད་ལམ་ཀུན་འགེངས། །གསེར་སྐྱེམས་ཕྱི་ནང་དར་སོགས་དངོས་བཤམས་དང་། །ཡིད་སྤྲུལ་ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་བས། །ཕ་མེས་བརྒྱུད་པའི་བསྟན་སྲུང་མཐུ་ལྡན་ཁྱོད། །འཁོར་བཅས་ཐུགས་དམ་དབྱིངས་སུ་སྐོང་གྱུར་ཅིག །མ་རུངས་བརླང་པོར་སྤྱོད་པའི་བསམ་སྦྱོར་གྱིས། །གླགས་ལྟའི་གཟུགས་ཅན་དགུ་དང་གཟུགས་མེད་བགེགས། །གང་དུ་གནས་ཀྱང་དམར་ཟླུམ་སྤྱན་རས་ཀྱིས། །ཉེ་བར་གཟིགས་ལ་ཐལ་བའི་རྡུལ་དུ་ཀློག །ཚེ་དང་བསོད་ནམས་དཔལ་འབྱོར་དབང་ཐང་སོགས། །ཆོས་སྲིད་ལེགས་ཚོགས་བླ་ནས་བླར་སྤེལ་བར། །ཕུལ་བའི་ཞུ་འཕྲིན་སྙན་པའི་ལྷ་རྒྱལ་སྒྲ། །སོལ་ནག་ཐང་ཆེན་གཙུག་ལག་ཁང་དེར་བསྒྲག དམར་ཟེར་ཅན་གྱི་ལོ་བསམ་ཡས་མདོ་སྡེ་མཆོད་པའི་སྐྱེས་འབུལ་བར་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོ་བཏང་བའི་(༢༤༨ན)


GLG019_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

དུས་བསྟན་སྲུང་ཆོས་རྒྱལ་དཔོན་བློན་ལ་འཕྲིན་དུ་གསོལ་བ་ལས་བཞི་ལྷུན་གྲུབ། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཞི་དང་ཁྲོ་བོའི་དཀྱིལ་འཁོར་ཀུན་གྱི་གཙོ་བོ་ཁྱབ་བདག་ཧེ་རུ་ཀཿརྒྱ་གར་པཎ་ཆེན་གྱི་ཚུལ་བཟུང་ནས་བརྟུལ་ཞུགས་སྤྱོད་པའི་དབང་པོ་པདྨ་ཐོད་འཕྲེང་རྩལ་གྱི་སྤྱན་སྔར་བསྟན་དང་འགྲོ་བའི་ཕན་བདེ་སྤེལ་བར་ཞལ་གྱིས་འཆེས་པ་སྤྲུལ་པའི་ཆོས་རྒྱལ་ཆེན་པོར་དམར་སེར་ཅན་གྱི་ལོ་སྣྲོན་གྱིས་ཉ་བའི་མདོ་སྡེ་མཆོད་པ་ཞེས་ལྷ་དང་མིའི་དགའ་སྟོན་ཆེན་མོའི་ཐོག་མཆོད་པའི་སྤྲིན་ཕུང་སྔར་བཞིན་སྤྲོ་བར་འདི་པ་ཆེད་དུ་མངགས་པ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་སྤྱི་དང་ཁྱད་པར་ཁ་བ་ཅན་གྱི་ལྗོངས་འདིར་བཀྲ་ཤིས་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བ་དང་བྱེ་བྲག་བདག་སོགས་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་འཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཞེས་སྙན་ཤལ་ཐོ་ཟུར་གསལ་དང་བཅས་དཀར་ཆའི་དགའ་བ་གསུམ་པའི་ཚེས་ལ་དམར་པོ་རི་ནས་དགེ ། སྐུ་གཅིག་ལ་མཚན་བརྒྱད་དུ་བསྟན་པར་མ་ཟད་གྲངས་མེད་པའི་འགྲོ་བློའི་དངས་མཚོར་ཟླ་བ་འབུམ་ཕྲག་གི་གཟུགས་བརྙན་འཆར་བ་བཞིན་ཁམས་དང་བསམ་པར་མཐུན་པའི་ངོ་མཚར་གྱི་ཆོ་འཕྲུལ་མཐའ་ཀླས་པར་སྟོན་ནའང་ཨོཌྜི་ཡཱ་ནའི་སིནྡྷུ་རྒྱ་མཚོའི་གླིང་དུ་གཙང་བྱེད་འདབ་བརྒྱའི་དབུས་སུ་རྫུས་སྐྱེས་པ་པདྨ་ཐོད་འཕྲེང་རྩལ་གྱིས་དམ་ཚིག་གཉན་པོ་ཉེ་བར་བསྒྲགས་པ་ཀུན་ཁྱབ་རྡོ་རྗེ་དྲག་པོ་རྩལ་(༢༤༨བ)


GLG019_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྤྱན་སྔར་ཧོར་ཟླ་ལྔ་པའི་ནང་དུ་ལྷ་མིའི་མཆོད་པ་རྒྱ་ཆེར་སྤེལ་བ་མདོ་སྡེ་ཆེན་མོར་གྲགས་པའི་ཐོག་སྔོན་ལྟར་ཐུགས་དམ་གཉན་པོ་དབྱིངས་སུ་སྐོང་བར་འདི་པ་ཆེད་གཉེར་མངགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བདེ་ལེགས་ཕུན་སུམ་ཚོགས་པས་ཁྱབ་པ་དང་། ཁྱད་པར་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་གནས་པའི་གཞི་དབུས་གཙང་རུ་བཞིའི་རྒྱལ་ཁམས་སུ་ནད་མཚོན་མུ་གེའི་འཚེ་བ་བཟློག་ཅིང་འཕུང་བྱེད་ཀྱི་རྒོལ་བ་ངན་པ་ཐམས་ཅད་ཚར་གཅོད་པ་སོགས་བདག་སོགས་རྣམས་ཀྱི་བསམ་དོན་ལྷུན་གྱིས་གྲུབ་པར་མཛོད་ཅིག །ཅེས་ལྷ་དར་གྱི་སྙན་ཤལ་ཐོ་ཟུར་གསལ་དང་བཅས་སྣྲོན་ཟླའི་ཡར་ཚེས་ལ་དགེ། དམར་སེར་ཅན་གྱི་ལོ་ཆུ་སྟོད་ཟླ་བའི་ཚེས་གཅིག་ལ་ཚངས་པ་དུང་ཐོད་ཅན་གྱི་སྤྱན་སྔར་མཆོད་སྤྲིན་སྤྲོས་ཏེ་ལུང་བསྟན་ཞུ་བར་སྟར་སྡོང་བ་བཏང་པའི་དུས་ཀྱི་འཕྲིན་གསོལ་བདེ་སྐྱིད་འོད་དཀར། བདེ་ལྡན་ཞིང་གི་མགོན་པོར་རྟག་བཞུགས་སྣང་བ་མཐའ་ཡས་ཆོས་ཀྱི་སྐུ། །གྲུ་འཛིན་ལ་དགྱེས་ཕྱག་ན་པད་དཀར་འཆང་བ་ལོངས་སྤྱོད་རྫོགས་པའི་སྐུ། །སིནྡྷུའི་དངས་མཚོར་པདྨའི་སྦུབས་འཁྲུངས་རྔ་ཡབ་གླིང་པ་སྤྲུལ་པའི་སྐུ། །དབྱེར་མེད་ཞབས་རྡུལ་ཐོད་དུ་འཆིང་བ་ལྷ་མཆོག་ཚངས་པའི་རྣམ་རོལ་སྐུ། །ས་གསུམ་ཅིག་ཅར་གཡོ་བའི་རྫུ་འཕྲུལ་གྱིས། ཁམས་གསུམ་སེམས་ཅན་སྲོག་ལ་དབང་སྒྱུར་ཡང་། །མཆོག་གསུམ་གཙུག་བསྟེན་དམ་ལས་མི་འདའ་བ། །དུས་གསུམ་རྒྱལ་བའི་བསྟན་སྲུང་ཤེལ་གིང་ཆེ། །(༢༤༩ན)


GLG019_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ལྔ་པའི་དུང་དཀར་ཐོད་དུ་བཅིངས། །འཇམ་མཉེན་ལྷབ་ལྷུབ་དུང་དཀར་བེར་ཆེན་གྱོན། །རྡུལ་བྲལ་སྟོན་ཟླ་ལྟར་དཀར་འཛུམ་ཞལ་ཅན། །དངོམས་ནས་བདེ་སྐྱིད་འོད་དཀར་ལེགས་སྤྲོ་བ། །སྙན་སྙན་ཚིག་ཙམ་ལ་འཆེལ་མ་ཡིན་པར། །དུང་དུང་ལྷ་ཁྱོད་ཁོག་ཏུ་བརླམས་པའི་འབྲས། །ཞིམ་ཞིམ་རྟོགས་པར་དཀའ་བའི་ལྐོག་གྱུར་ཆོས། །གསལ་གསལ་རྡོ་རྗེའི་ཚིག་གིས་ལྷུག་པར་སྟོན། །རྣམ་འདྲེན་དོན་ཀུན་གྲུབ་པའི་བསྟན་པའི་སྲོལ། །རྣམ་དག་ལུང་དང་རིག་པས་འཛིན་པ་ལ། །རྣམ་དཔྱོད་ཟླ་བྲལ་འཇམ་མགོན་བཙོང་ཁ་པའི། །རྣམ་དཀར་འཕྲིན་ལས་སྲིད་མཐར་སྤེལ་བར་མཛོད། །མ་སྨད་སྐྱེ་རྒུའི་བདེ་སྐྱིད་འཇོམས་པ་ལ། །མི་བསྲུན་སྨོན་ལམ་ལོག་པའི་ཀླ་ཀློའི་སྡེ། །མུ་མེད་ཡིད་སྲུབས་སྒྱུ་འཕྲུལ་དྲ་བའི་ཤིང་། །མེ་ལྟར་འབར་བའི་མངོན་སྤྱོད་ལས་ཀྱིས་སྲེགས། །སྲོང་བཙན་སྒམ་པོའི་འཁྲུངས་ལྷ་ཚངས་པའི་སྙན། །སྙན་ཁུང་ཨུཏྤལ་འབྱེད་ལ་གསོང་པོའི་ཚིག །ཚིག་དོན་འཁྲུལ་མེད་གསོལ་ལན་ཆུ་མཚོའི་ཟླ། །ཟླ་སྣང་བཞིན་དུ་མངོན་སུམ་སྟོན་ཞིག་གུ། །དབང་གཞུ་ལྟ་བུར་བཀྲ་བའི་སྤྱན་གཟིགས་སོགས། །དབང་པོ་ཚིམ་བྱེད་ཐུགས་དམ་བསྐང་པའི་རྫས། །དབང་ཕྱོགས་སྡེ་བརྒྱད་འདུ་བའི་ཕོ་བྲང་ཆེར། །དབང་དྲག་འཕྲིན་ལས་བསྒྲུབ་ཕྱིར་དབུལ་བ་དགེ ། མེ་སྦྲུལ་བར་ཁམས་ནས་རྟ་ཚག་སྤྲུལ་པའི་སྐུས་རིང་འཚོའི་རྟེན་འབྱུང་སྤེལ་བར་དབོན་པོ་ངག་དབང་བཀྲ་ཤིས་བཏང་བའི་དུས་གསུང་འཕྲིན་ཚིགས་བཅད་དུ་བྱུང་བའི་(༢༤༩བ)


GLG019_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཉིན་བྱེད་གཉིས་པའི་རང་གཟུགས། སྭེ དྷ ན ལྤ དྡྷ ཥེ ཏ མྤུ རཻ རྦཱི ཎ མ ཏྱངྐུ ལཻ ལྤ ཪྻ ཙོ ད ནླི ཁཾ བཱ གྒི ཏཾ། །ཏ སྨི ནཱ ཀཱ ཤ ཏ སྶོ ད ཡཾ སཻ ཀ ཏཱ མུ དྲ རཾ ཁཱ པྲ ཙི ཏྲཾ བྷུ ཇེ ཡུ ཀྟ ཀ །སྤེལ་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)ལེགས་ཚིག་རྒྱན་ཏམྦུ་ར་ཡི་རྒྱུད། །བློ་གྲོས་སོར་མོས་ཡོངས་བསྐུལ་གསུང་འཕྲིན་གླུ། །དེར་གསལ་བདོག་པའི་སྐྱེས་དང་ཆབས་ཅིག་པར། །ཕྱག་རྒྱའི་རི་མོ་རབ་བཀྲ་སུག་པར་སོན། །བསྐལ་མང་ཚོགས་ཀྱིས་བསྒྲུབས་འབྲས་སྣང་བརྙན་ཟླ། །མཚན་བཟང་ཆ་རྫོགས་རྣམ་དཔྱོད་ག་བུར་རྡུལ། །ཉེས་བརྒྱའི་ཚ་གདུང་བཅིལ་བར་བསྔགས་པའི་གཏམ། །སྒྲོག་ལ་གཡེང་བའི་གཉིས་སྐྱེས་མང་ཞིག་ཁྲེལ། །མདོ་སྟོད་ནོར་འཛིན་དཔལ་མོའི་ལེགས་བྱས་ཀྱི། །མངལ་ཡངས་ཁུར་དུ་ལྕི་བ་གང་གི་སྐུ། །དེང་དུས་རྡོ་རྗེའི་ཁམས་སུ་རྒྱལ་ཀུན་གྱིས། །མགྲིན་གཅིག་བགྲོས་ནས་བྱིན་གྱིས་བརླབས་སམ་སྙམ། །འདི་ན་རང་དོན་སྒྲུབ་བློ་འཕྱོན་མའི་གར། །གཞན་ཕན་(༢༥༠ན)


GLG019_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་གྱིས་འདྲིད་པའི་ཚུལ་འཆོས་མཁན། །ཟིན་མེད་གཡེང་བའི་ཁོལ་པོར་ཟད་པའི་གྲུ། །ན་ཚོད་ཀླུང་ཆེན་སུམ་གཉིས་ལྷག་བཅས་བརྒལ། །རིང་གནས་རྟེན་འབྲེལ་བསྒྲིགས་ཐུགས་སྟོན་ཟླའི་འོད། །ཟིལ་གནོན་རབ་དཀར་བཞེད་དོན་དང་ལེན་མཐུ། །ལས་ཉོན་དབང་སོང་བདག་འདྲར་ཆེས་དམན་ཀྱང་། །སྒྲུབ་རློམ་རང་བློ་ལྐོག་ཏུ་གྱུར་པ་བཞིན། །འོན་ཏེ་ཡུན་འཚོར་ས་གུ་ཙི་ཡན་ཆད། །མི་འདོད་གདོན་གྱིས་མ་བཏབ་རྙེད་དཀའ་བས། །མང་པོའི་བགྲང་བྱར་འཚོ་ཐབས་མ་རྟོགས་གོང་། །ཕུད་པས་རང་དོན་བསྒྲུབས་ལ་བརྩོན་མིན་སུ། །ངག་ལ་རྣམ་དག་བརྗོད་པར་དབང་ཕྱུག་པ། །ཆོས་དཀོན་ལེགས་བཤད་མཆོག་དམན་ཡིད་ཅན་མུན། །སེལ་བའི་ཉིན་བྱེད་གཉིས་པར་གྲགས་པའི་གཟུགས། །མེས་པོས་མ་བྱས་མངོན་སུམ་གསལ་བ་ལྟར། །འགྲོ་ལ་སྙོམས་པར་བྱམས་བརྩེའི་ཆུས་བརླན་པའི། །རིས་མེད་འཇུག་པ་འཕྲིན་ལས་འདབ་སྟོང་གི །ཆུན་པོ་ཐོད་དུ་འཆིང་བ་མིག་མི་འཛུམ། །ཐུན་མཚམས་གསར་པའི་གོས་ཀྱིས་དཀྲིས་འདི་ཅི། །རྣམ་འབྱེད་ཡངས་པའི་ཤེས་རབ་སྤང་ལྗོངས་ངོས། །རང་བྱུང་སྙན་ཚིག་མེ་ཏོག་ལེགས་བཀྲ་ཡང་། །ཐོས་བསམ་དབྱར་གྱི་ལང་ཚོ་མི་གཏོང་བར། །གང་ཐུགས་དངས་མཚོར་དམ་པའི་གཟུགས་བརྙན་དངོམ། །དབུས་འགྱུར་ཀུན་བཟོད་མ་འདིར་ཁྱོད་ཞབས་ཀྱི། །འཁོར་ལོའི་རི་མོ་མྱུར་གསལ་བཞེད་དེ་སྲིད། །མགྲིན་པའི་མ་དྲོས་ཆུ་ལས་མོལ་མཆིད་ཀླུང་། །ལྷུང་ལྷུང་(༢༥༠བ)


GLG019_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲར་བཅས་ཆད་མེད་དབབ་ཅིག་གུ །སྤྱན་ཟུར་དཔྱིད་ཀྱི་རྒྱལ་མོ་ཉེར་འབོད་པའི། །འཕྲིན་ཡིག་གཞན་སོས་སྐད་སྙན་འགྱུར་ཁུག་ཅན། །ཐོར་གསལ་བདོག་པའི་གཤོག་རླབས་རབ་བསྐྱོད་ནས། །དབང་ལྡན་ཕྱོགས་ཀྱི་ལྷ་ཡི་ལམ་ངོས་འཕུར། །ཆོས་རྒྱལ་གཏེར་བདག་གླིང་པ་རིགས་འཛིན་གོང་མ་རྣམས་ཀྱི་རྣམ་ཐར་གྲགས་པའི་བཀའ་བབས་ཟབ་དོན་ཡོལ་མེད་ཀྱི་རྟེན་འབྲེལ་བསྒྲིག་པའི་ཚོགས་འདོན་ཚིགས་བཅད་དང་། ན་བཟའ་སྐོར། རྡོར་དྲིལ་སོགས་ཚན་གྲངས་སྨིན་གྲོལ་གླིང་དུ་མང་འགྱེད་གཏོང་བར་ཕུ་གུ་ལུང་པ་རྩིས་རིག་རྒྱ་མཚོ་འཛིན་པ་བློ་བཟང་ཡོན་ཏན་བཏང་བའི་དུས་ཕུལ་བ་རཏ་གླིང་གཉིས་པར་གསོལ་བའི་བདེན་གཏམ། དེང་ཐེག་པ་རིམ་དགུའི་རྒྱ་མཚོ་ཀུན་ནས་འཁྱིལ་བའི་དབུས་སུ་ལྷ་སྔགས་ཡེ་ཤེས་ཀྱི་འདབ་སྟོང་མངོན་པར་བཞད་པའི་ལྟེ་བར་ངོ་མཚར་མཚན་དཔེའི་གར་མཁན་རྒྱལ་དབང་པདྨ་ཀཱ་ར་གཉིས་པའི་རང་གཟུགས་གངས་ཅན་སྐྱེ་རྒུའི་ལེགས་བྱས་ཀྱི་དཔལ་དུ་འོད་གཟི་མངོན་པར་འབར་ཞིང་སྒྲིབ་གཉིས་ཡོངས་སུ་གཞིལ་བྱེད་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ཟབ་དོན་རྡོ་རྗེའི་རྣལ་འབྱོར་བླ་ན་མེད་པའི་སྨིན་གྲོལ་དང་ཐུན་མོང་དུ་གྲུབ་པ་ཆེན་པོ་བརྒྱད་དང་ཞི་རྒྱས་དབང་དྲག་གི་འཕྲིན་ལས་མཆོག་དམན་གདུལ་བྱའི་ཁམས་དང་དབང་པོར་ཉེ་བར་གང་འཚམ་དུ་འཇུག་པའི་སྙན་གྲགས་ལྷའི་དུཎྜཱུ་བྷིའི་སྒྲ་དབྱངས་སྤྱི་དང་ཁྱད་པར་ཛམྦྷུ་བྲྀཀྵས་མཚན་པའི་གླིང་ཆེན་པོའི་གཞིར་འཁོད་པའི་ལུས་ཅན་ཡོངས་ཀྱི་རྣ་ལུང་མཛེས་པར་བྱེད་པ་ལས་གཞན་དུ་ཅི། འདི་ནའང་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་གཞན་(༢༥༡ན)


GLG019_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཙམ་དུ་ཚངས་པའི་རྒྱལ་པོར་བསྟན་ཅིང་བོད་སྐྱོང་རྒྱལ་པོའི་སྐུ་ལྷ་ཟུར་ཕུད་ལྔ་པ་བསྙེན་མཆོད་བཀང་བའི་རིམ་པ་ལ་སྒོ་གསུམ་མི་འདའ་བའི་བཅད་རྒྱ་བདུན་གཉིས་ལྷ་གཅིག་བགྱིས་པ་ཟིན་པའི་སྤྱོད་ཡུལ་ཡངས་པར་གནས། སྤྲུལ་སྐུ་རིགས་འཛིན་ཆེན་པོ་ཉིད་རྡོ་རྗེའི་ཁྲི་ལ་སྐུ་ཚེ་གཡུང་དྲུང་གི་རང་བཞིན་དུ་བརྟན་པ་ན་བཞུགས་ནས་ཟབ་གཏེར་འཕྲིན་ལས་ཀྱི་སྒོ་འཕར་དུས་སུ་འབྱེད་པར་བཀའ་བབས་རྒྱལ་བའི་སྲས་པོ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པའི་རྣམ་པར་ཐར་པ་དང་མཚུངས་པར་མཛད་ནས་དུས་གསུམ་སངས་རྒྱས་དཔལ་ཨོཌྜི་ཡཱ་ནའི་སློབ་དཔོན་ཆེན་པོ་མ་འོངས་སྙིགས་མའི་འགྲོ་ལ་ཐུགས་ལྷག་པར་བརྩེ་བའི་ཕན་བདེའི་སྒོ་འཕར་བརྒྱ་ཕྲག་ཏུ་འབྱེད་པའི་བཞེད་པ་ལྷུན་གྱིས་གྲུབ་པའི་རྟེན་འབྲེལ་དུ་རྩ་གསུམ་ཐུགས་རྗེའི་དྲོད་གཤེར་གྱིས་ཇི་ལྟར་སྨོན་པའི་འབྲས་བུ་ཡོངས་སུ་སྨིན་པ་རོ་བདའི་བཅུད་ལ་ལོངས་སུ་སྤྱོད་པའི་བདེན་པ་བརྗོད་པའི་ཚིགས་བཅད་བདོག་པ་ཚན་གྲངས་ཐོགས་ལ་ཨོ་རྒྱན་སྨིན་གྲོལ་གླིང་འདུས་གྲར་མང་འགྱེད་དང་བཅས་འདི་པ་ཆེད་དུ་མངགས་པ་ལོ་ཆེན་བཻ་རོ་ཙ་ན་དང་རྒྱལ་སྲས་རྡོ་རྗེ་གླིང་པ་སོགས་བོད་ཡུལ་སྐྱེ་རྒུའི་གཉེན་དུ་རིམ་པར་བྱོན་པའི་སྨོན་ལམ་གྱི་མཐུ་བཙན་པོས་བསམས་བཞིན་སྤྲུལ་པའི་རྣམ་པར་རོལ་པའི་དགོས་དོན་གྱི་གཙོ་བོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེའི་འཕྲིན་ལས་ཀྱི་གདུགས་དཀར་པོའི་གྲིབ་བསིལ་དུ་ཆེས་ཆེར་སྙིགས་མར་སྤྱོད་པའི་ལུས་ཅན་སྤྱི་དང་། ཁྱད་པར་ལྗོངས་འདིར་འཁོད་དོ་ཅོག་(༢༥༡བ)
བདེ་བར་ངལ་གསོ་བའི་སླད་དུ་ཚེ་མཐའ་ཡས་པའི་ངོ་བོར་བཞུགས་པ་གཅམ་བུ་ཙམ་མིན་པར་ཐུགས་ཉེ་བར་བསྟད་དེ་ཞལ་གྱིས་འཆེས་པ་དང་། ཕེབས་ཚོགས་ཆུ་ཀླུང་སྐལ་ལྡན་ཤིང་རྟའི་རྒྱུན་ལྟར་ཆད་མེད་འཚལ། རྟེན་བཀྲས་བཏགས་དང་བཅས་དམར་སེར་ཅན་གྱི་ལོ་མརྒ་ཤཱིཪྴེའི་གྲལ་ཚེས་ལ་རང་བྱུང་འཕགས་པའི་གཞལ་མེད་ཁང་ནས་ཕུལ། །


previousརབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext