Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ས་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ས་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ས་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ས་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ས་རྟ་ལོ་གསར་ཐོག་གྲ་ལྕོག་གྲྭ་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོས་ཉམས་འགྱུར་སྟོང་གིས་སྤུད་པའི་འཕྲིན་ལན་རྟོགས་པའི་རྒྱ་མཚོ་བརྡོལ་བའི་དུནྡུ་བྷི། རམ ཏྱུ དཱ རཱ ད རྴ དྟ རྨ སྐ ནྡྷ རཱུ པ ས རྦོ ད ཡ།ཝཱ གཱི ཤྭ ར ཡཱ ཤ ས ཤྲ དྷི སུ གོ མི བི དྭ ནྶ ཙ། ཡངས་(སྡེབ་སྦྱོར་སྡེབ་སྦྱོར་མསྒོ་ཏ་ཡངས་མ།)པའི་བློ་གྲོས་མེ་ལོང་དུ། །ཆོས་ཕུང་གཟུགས་བརྙན་ཀུན་ཤར་བ། །ངག་གི་དབང་ཕྱུག་སྙན་གྲགས་ཀྱི། །དཔལ་མངའ་མཁས་བཙུན་བཟང་པོ་ཡིས། །སུམ་ལྡན་འབྱུང་བའི་གསར་འགྲོས་(༢༥༢ན)


GLG019_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

བང་དངོམ་ཞིང་། །སེ་ཤིག་ཁ་ཁྱར་མཐོན་པོས་དཀྱུས་ཐོག་གཅོད། །ཡབ་ལྷ་སྐྱ་བདུན་ཞོན་པ་ཅང་ཤེས་ལོའི། །དགའ་སྟོན་ཆོ་ག་བསྟར་བའི་འཕྲིན་རྟེན་སོན། །ཚོགས་གཉིས་བརྒྱ་བྱིན་གཙུག་ཏོར་གྱིས་རེག་པས། །སོ་སྐྱེའི་མི་ལུས་བྱང་སེམས་འཕགས་པ་ཡི། །མེ་ཞལ་གཟུགས་སུ་བསྒྱུར་བའི་དོན་ལྡན་རྟེན། །སྐལ་བཟང་གདུལ་བྱའི་ཉེར་འཚོར་དར་དེ་སྤྲོ། །ལེགས་བྱས་དྲོད་ཀྱིས་ཆོས་ནོར་འདོད་ཐར་གསེར། །མངལ་སྦྲུམ་རྣམ་དཔྱོད་གདོང་བཞིའི་ཚལ་ཡངས་པོར། །དབྱངས་ཅན་ངང་མོའི་རྐང་གདུབ་སིལ་འཁྲོལ་བདག །ལྷག་བསམ་སྟོན་མཚན་ཆུ་ཤེལ་དབང་པོར་འགྲན། །གཟུང་འཛིན་རྒྱ་མཚོའི་ཕ་མཐར་གནས་ལུགས་ཏེ། །རྣམ་རྟོག་ཆོས་སྐུར་རྗེན་མཐོང་ཕྱག་རྒྱ་ཆེའི། །རིང་ལུགས་སྤེལ་ལ་ཁྱོད་ལས་གངས་ལྗོངས་འདིར། །གཉིས་པ་ཀུན་མཁྱེན་ཡུལ་དེར་དམིགས་སུ་མེད། །ཀློག་ཙམ་མི་ཤེས་གནག་རྫི་སྐད་ཅིག་ལ། །སྨིན་མ་གཟེངས་མཐོའི་གྲུབ་ཐབ་ཤྭ་མོ་ལྟར། །རྡོལ་ཚེ་བློ་གྲོས་རྒྱུད་ཀྱིས་ལྔ་རིག་གཞུ། །འགུགས་པའི་དགེ་དབང་ས་འདིར་གཟུགས་གཞན་བཟུང་། །འཆད་པར་དབྱིག་གཉེན་གྲིབ་མར་བལྟོས་མིན་གྲོགས། །རྒོལ་ངན་སྤོབས་པ་འཕྲོག་ལ་ཆོས་ཀྱི་གྲགས། །ཉམས་འགྱུར་རྒྱན་མང་སྤེལ་བར་དཔའ་བོའི་ཞབས། །དྭགས་བརྒྱུད་གྲུབ་མཐའ་འཛིན་པའི་ཟོལ་གྱིས་བརྫུ། །ཚུལ་འཆོས་སྒྲོ་གཤོག་གཞན་འདྲིད་འབྲུག་གི་སྒྲས། །འདོད་ཡོན་མངལ་ཁུར་སྒོམ་ཞྭའི་གཙུག་ཕུད་ཅན། །ཕྱོགས་ལྷུང་སྤྲིན་ལ་མིག་གཏོད་ཐན་སྐད་གླུ། །ལེན་(༢༥༢བ)


GLG019_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྟན་འཛིན་རྨ་བྱ་ཀྱེ་མ་ཧུད། །རྒྱལ་དང་འགོག་སྙོམས་བསམ་གཏན་སྒྲོན་མེ་ལ། །ཞི་བའི་ཁང་བཟང་དུ་འཁྲུལ་འཇུག་སེམས་ཀྱིས། །གཏན་བདེའི་སྲོག་འདོར་སྒོམ་ཆེན་ཕྱེ་མ་ལེབ། །དེ་འདྲ་ལྷ་མིན་གདོན་གྱིས་སྙིང་བཏབ་བཞིན། །མི་གཡེང་ཡིད་ཀྱི་འཛིན་ཕུར་བརྟན་པོ་ནས། །སྒོམ་མེད་ཁྱབ་གདལ་གནས་ལུགས་ཡོ་ལང་ཆེར། །འཁྲིད་ལ་ཁྱོད་དང་གླིང་ཆེན་རས་པ་གཉིས། །སྤང་རྟོགས་དབྱེ་བ་ཚད་མས་གཞལ་ནུས་མིན། །གཞི་ཡི་དེ་བཅས་འབྲས་དུས་དེ་བྲལ་བ། །ཆོས་སྐུའི་ཁྱད་པར་ཤེས་ནས་སངས་རྒྱས་ཞེས། །གྲགས་ཅན་རང་སེམས་ལས་གཞན་མི་འཚོལ་བའི། །རྟོགས་པའི་རྒྱ་མཚོ་ཁྱོད་ཀྱི་ཀློང་དུ་བརྡོལ། །ཕུར་བུའི་བློ་གྲོས་མངའ་ཡང་སྙེམས་པ་བྲལ། །འཁྲུལ་པའི་ཡོ་ལང་ཞིག་ཀྱང་ཚུལ་ཁྲིམས་གཙང་། །ཐུགས་རྗེ་ཟླ་ཉ་གང་ཡང་འཕེལ་འགྲིབ་བྲལ། །ཕྱོགས་ལྷུང་སྤངས་ཀྱང་སྣོད་ལྡན་གདུལ་བྱར་ཆགས། །གཙུག་ལག་དུ་མར་བསླབ་སྦྱངས་གྲངས་ཀྱི་ཚད། །འགྲམ་པའི་ངོས་སུ་བྲིས་དང་ཆབས་ཅིག་པར། །སླར་སྐྱེས་པད་རྩའི་ཁུ་བས་ཉེར་བྱུགས་མདངས། །གཞན་ཕན་སེམས་ཀྱི་ཁ་དོག་སྟོན་པ་བཞིན། །ཕག་གྲུའི་རིང་ལུགས་ཀུན་བཟོད་སྙིགས་མའི་མཚོར། །བྱིང་ཚེ་ཐོས་བསམ་སྒོམ་པས་གྱེན་འདེགས་པར། །རུས་སྦལ་གཟུགས་སུ་བསྒྱུར་བའི་འཕྲུལ་པོ་ཆེ། །མིག་སྔོན་སཱ་ལའི་ལྗོངས་འདིར་འོངས་ལས་ཅི། །དྭགས་བརྒྱུད་ཁོག་སྟོང་པི་ཝང་ཆེས་ཡངས་པོར། །ལེགས་བཤད་སྐད་སྙན་འཁྲོལ་བའི་རྒྱུད་གཅིག་ཁྱོད། །སྲོག་གི་འཚོ་བ་རྡོ་རྗེ་རང་བཞིན་དུ། །བསླུ་མེད་མཆོག་གསུམ་(༢༥༣ན)


GLG019_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ཡིས་འགྲུབ་བྱིན་རློབས། །བྱམས་པའི་འདུས་པ་དང་པོར་འཚོག་པ་ལ། །གཡེང་བས་བྲེལ་གྱུར་དེ་སྲིད་གནམ་ལོའི་ཞལ། །ཤར་བའི་ཐོག་མར་ཤིས་བརྗོད་གླུར་ལོང་ཞེས། །མདའ་བསྣུན་མཆེད་པའི་དགེ་སྦྱོང་གང་དེར་བསྐུལ། །སྒང་གཤོངས་མེད་པར་ཀུན་ལ་རྟག་སྙོམ་པ། །སྔོན་སོང་བྱམས་བརྩེའི་རང་སེམས་མཚོན་པའི་དར། །ཐུན་མཚམས་རྒྱ་དང་འགྲོགས་ཏེ་གྲ་ཡི་ནང་། །ཕུན་ཚོགས་དགེ་བའི་ཡུལ་གྲུ་ཆེན་པོར་སྤེལ། །བོད་ཁམས་ཀྱི་ནད་ཡམས་སོགས་དུས་ཀྱི་ཆད་པ་གཞིལ་ཐབས་ཀྱི་དྲི་སྨིན་ལ་སྤྱན་གཟིགས་ཚོགས་འཁོར་དང་བཅས་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོ་བསམ་ཡས་སུ་བཏང་པའི་འཕྲིན་གསོལ་དམ་ཚིག་སྒྲ་དབྱངས། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །སྒྱུ་འཕྲུལ་རྒྱ་གར་པཎ་ཆེན་ཚུལ། །པདྨ་ཀཱ་རའི་བཀའ་རྟགས་ཀྱི། །རི་མོ་གཙུག་ཏོར་རྩེར་མཛེས་པ། །ཀུན་ཁྱབ་རྡོ་རྗེ་དྲག་པོ་རྩལ། ཁྱུང་ཆེན་ཀླུ་འདུལ་གསེག་ཤང་ཅན། །ཙེའུ་དམར་གནོད་སྦྱིན་ཡང་ལེ་བེར། །སྣ་ཚོགས་ཟློས་གར་སྟོན་མཛད་ཀྱེ། །བཟའ་བཅའ་བཏུང་བའི་ཚོགས་འཁོར་དང་། །གསེར་སྐྱེམས་ཕྱི་ནང་གོས་དང་ཇ། །དངོས་བཤམས་ཐུགས་དམ་བཀང་བའི་རྫས། །འགྲོ་ངོར་མཚོན་བྱེད་ཙམ་སྤེལ་ནས། །ཏིང་འཛིན་གྱིས་སྤྲུལ་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་སྒོ་འབྱེད་ན། །འཕྲིན་ལས་རྣམ་བཞི་མ་ལུས་པ། །ཐོགས་པ་མེད་པར་བསྒྲུབ་ཏུ་གསོལ། །ལྐོག་གྱུར་ཆོས་རྣམས་མངོན་སུམ་དུ། །གཟིགས་པ་ཡལ་ཡོལ་བཏང་སྙོམས་ཀྱི། །(༢༥༣བ)


GLG019_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

།དབང་དུ་མ་གྱུར་བྱ་མ་རྟར། །རྡོ་རྗེའི་གསང་ཚིག་རྗེན་པར་གསུངས། ཁྱད་པར་གངས་ལྗོངས་ཡམས་ནད་སོགས། །དུས་ཀྱི་ཆད་པ་གཞིལ་བའི་ཐབས། །སྟོན་དང་སྲུང་བཟློག་མི་མཛད་ན། །མཚོ་སྐྱེས་རྡོ་རྗེའི་དམ་ལས་འགོངས། །དེ་ཕྱིར་སྔོན་གྱི་ཞལ་བཞེས་ལྟར། །རེ་བ་འགྲུབ་བསྐུལ་འཕྲིན་ཡིག་རྟེན། །སྙན་ཤལ་དང་བཅས་ནག་ཟླ་ཡི། །རྒྱལ་ཕུར་འཛོམ་པའི་དུས་སུ་སྤེལ། །ས་རྟ་ཚོང་འདུས་ནས་བཤན་པ་བྱ་ཁྲིད་མིག་གཅིག་པས་ལུང་བསྟན་རྡོ་རྗེའི་གསུང་འཕྲིན་རིང་དུ་གནས་པའི་རྟེན་འབྱུང་དུ་ཁ་གང་མ་དང་བཅས་སྐུ་ཁོག་རྗོང་བདའ་བྱུང་དུས་ཀྱི་འཕྲིན་ལན་ཟླ་གཟུགས་དངས་མཚོར་འདྲེན་པའི་ཤིང་རྟ། རྒྱལ་ཀུན་མཁྱེན་བརྩེ་ནུས་པ་རྣམས། །ཆུ་སྐྱེས་ཟེའུ་འབྲུ་སྤྲུལ་པའི་གར། །རྣམ་རོལ་པདྨ་ཐོད་འཕྲེང་རྩལ། །ཐུགས་རྗེས་ལུས་ཅན་མཐའ་དག་སྐྱོངས། །གང་གི་དམ་ཚིག་ར་བ་ལ། །མི་དྲལ་དྲེགས་པའི་སྡེ་དཔོན་གཙོ། །སྐུ་ཡི་རྒྱལ་པོ་མདུན་ན་འདོན། །བཤན་པ་བྱ་ཁྲིད་མིག་གཅིག་ཀྱེ། །གང་གི་གསུང་གསང་རྡོ་རྗེའི་ཚིག །འབྱུང་འགྱུར་ལུང་དུ་སྟོན་པ་དང་། །ལྷན་ཅིག་རིང་པོར་གནས་པའི་སྟན། །སྤེལ་བའི་རྟེན་འབྱུང་ལེགས་པར་འགྲིག །སྔོན་དུ་བོད་ཁམས་བདེ་ཐབས་སོགས། །སྤྱི་སྒོས་རིམ་གྲོར་ཤེར་སྙིང་མདོ། །བྱེ་བ་བཀླག་པ་བསྒྲུབས་ཟིན་གྱིས། །གངས་ལྗོངས་ཕན་བདེའི་དཔལ་ལ་སྦྱོར། །སླར་ཡང་ལས་ཀུན་བསྒྲུབས་གསོལ་བའི། །འཕྲིན་རྟེན་ས་ཡི་ཟླ་བ་ཞོ། །ཟུང་འབྲེལ་དར་ཚོན་སྣ་ལྔར་བཅས། །བསྟན་སྲུང་ཆེན་པོའི་སྤྱན་སྔར་དགེ ། (༢༥༤ན)


GLG019_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ས་རྟ་ལོ་ཟན་གཡང་མདོ་སྡེ་མཆོད་པར་ལེགས་སྐྱེས་སྤེལ་བར་དར་བྱུང་པ་བཏང་བའི་དུས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ལི་བྱིན་ཧ་ར་དང་ལས་མཁན་གནོད་སྦྱིན་ཆེན་པོ་ཡང་ལེ་བེར་ལ་གསོལ་བའི་འཕྲིན་ཡིག་ལྷ་རྒྱལ་སྟན་པའི་སྒྲ་དབྱངས། བསྭོ་བསྭོ་ལྷ་ཆེན་རྣམ་པར་རྒྱལ་བའི་དབྱངས། །ཚངས་པའི་ཡུལ་སར་འཐེན་པ་ཏམྦུ་རའི། །རྒྱུད་མངས་གླུ་ལས་ཉེར་དྲངས་འཕྲིན་གསོལ་བར། །སྒྲ་འཛིན་གཏོད་ཅིག་ལི་བྱིན་ཧ་ར་ཀྱེ། །མཚམས་སྤྲིན་གོས་ཀླུབས་ཅང་ཤེས་བགྲང་བྱའི་ལོ། །ཟན་གཡང་མདོ་སྡེའི་དུས་བཟང་མཆོད་པ་ཆེར། །མཛད་མེད་ཉེར་སྤྱོད་ནམ་མཁའ་མཛོད་ཀྱི་སྒོ། །ཕྱེ་འདིས་ཐུགས་དམ་གཉན་པོ་དབྱིངས་ནས་སྐོངས། །སངས་རྒྱས་ཀུན་འདུས་རྔ་ཡབ་གླིང་པ་ཡིས། །གཙུག་ཏུ་རྡོ་རྗེའི་ཕྱག་རྒྱ་ཉེར་བཀོད་ནས། །བསྟན་འགྲོའི་སྲུང་མར་ཁྱོད་བསྐོས་ཞལ་འཆེས་དིང་། །རི་མོ་མིག་གསུམ་པས་ཀྱང་ཅི་ཞིག་དབྱི། །དེ་ཕྱིར་གངས་ལྗོངས་སྐྱེ་རྒུའི་ཆུ་ཀླུང་དུ། །ནད་རིམས་མུ་གེ་འཁྲུག་རྩོད་རྙོག་མ་ཀུན། །མཐུ་སྟོབས་ནོར་བུ་ཀེ་ཏ་ཀས་བསྒྲུངས་ནས། །ཕན་བདེའི་སྣང་བརྙན་གསལ་བར་མངོན་སུམ་སྟོན། །པདྨ་འབྱུང་གནས་རིགས་འཛིན་ས་ཧ་རའི། །སྔགས་རློམ་ཨ་ཏིའི་རྣལ་འབྱོར་སྤྱོད་པ་པོའི། །འདོད་པའི་རེ་བ་སྐོངས་ལ་དཔག་བསམ་གྱི། །ཡོངས་འདུའི་མཆེད་པོར་ལྷ་ཁྱོད་རྩལ་གྱིས་སྒྲུབས། །བདག་བློ་རྨོངས་མུན་མལ་ལས་ཉེར་སློང་བ། །ལྐོག་གྱུར་ལུང་སྟོན་རྟ་ལྗང་དབང་པོའི་འགྲོས། །ཡིག་ངག་གོ་ལའི་སྒང་གཤོངས་མཐོང་དམའ་ལ། །བལྟོས་མིན་སྣང་བའི་འོད་ཟེར་སྟོང་ཕྲག་ཕྱེ། །བགྲང་ཡས་ལྷ་མིན་མངོན་འདོད་རྩེད་འཇོ་རུ། །ཀུན་དགའི་མཛའ་བ་ལེགས་འཛུམ་འདུན་ས་(༢༥༤བ)


GLG019_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར། །སྙིམ་པར་འཕྲིན་རྟེན་ཐོགས་པའི་བྱ་མ་རྟ། །གོམ་སྟབས་ལྷོད་པོར་བསྒྱུར་བའི་གར་གྱིས་རྩེན། །མཐོན་པོར་ལྷ་ངོ་འདེགས་པ་སྭསྟི་ཀའི། །གླུ་དབྱངས་སྤོབས་མཐོང་ཆགས་པའི་མགྲིན་པ་ནས། །ལེན་ལ་གནོད་སྦྱིན་གསེར་གྱི་ཤང་ཤང་ཅན། །གསང་མཚན་ཀུན་ཁྱབ་རྡོ་རྗེ་དྲག་རྩལ་དགོངས། །གླིང་བཞི་གླིང་ཕྲན་དཔེར་བྱས་གནྡྷོ་ལའི། །རྟེན་དང་བརྟེན་པར་བཅས་ལ་སྲི་ཞུ་རུ། །མདོ་སྡེའི་མཆོད་པ་བསྟར་བའི་དགའ་སྟོན་ཐོག །ཚར་དུ་དངར་བའི་སྤྱན་གཟིགས་དངོམ་པར་བྲེལ། །དུས་ཀྱི་ཆད་པ་ཁ་རླངས་ལྕེ་གཉིས་དུག །མཐར་བྱེད་དྲེགས་པའི་མཐུ་རྩལ་རླབས་པོ་ཆེས། །རི་དྭགས་ལྟེ་བའི་དྲི་ངད་རབ་འཐུལ་མོད། །ཕན་བདེའི་ཆོ་གས་གངས་ཅན་དཀར་པོར་མཛོད། །བདག་ཡིད་འོ་མཚོར་ཡངས་སིམ་གཏམ་སྙན་པོ། །རྐང་གདུབ་སིལ་སྒྲར་བཅས་ཏེ་མགྲིན་པའི་སྒྲ། །འཁྲོལ་པ་འཕྲིན་ལས་འཁོར་ལོའི་ལག་པ་ཡིས། །འཕུར་ལྡིང་རྣམ་རོལ་ངང་ཚུལ་ད་གདོད་སྒྲུབས། །རེ་བའི་མྱུ་གུ་བསྐྱེད་དུ་བསྲིངས་པའི་འབྲས། །ཉམས་ནུས་དགྲ་བགེགས་སྐྱིན་ཐང་དྲག་པོའི་དཔལ། །འཇོམས་བྱེད་མཐུ་སྟོབས་དུས་མཐའི་མེ་དཔུང་རྩར། །རེག་འཇམ་ཆར་གྱི་ཟེགས་མས་སིམ་པར་མཛོད། །འཇའ་ལུས་འཕོ་བ་ཆེ་གྲུབ་འཆི་བདག་གི །གཡུལ་ལས་རྒྱལ་བས་འཇིགས་མེད་ཐོད་འཕྲེང་རྩལ། །རྒྱ་གར་པཎ་ཆེན་གཡར་དམ་གཉན་པོ་གང་། །ནམ་ཡང་མི་འགོང་བསྟན་སྲུང་ཁྱོད་ཀྱི་གཤིས། །སྤངས་ལྗོངས་མརྒད་གོས་ཀྱང་དབྱར་གྱི་དུས། །ཉིན་བྱེད་འགྲིག་པའི་ཁྱིམ་ཞུགས་སྣྲོན་གྱི་ཟླར། །སྣང་སྲིད་ལྷ་སྲིན་ཡོངས་ཀྱི་དམག་དཔོན་ཆེའི། །འདུན་(༢༥༥ན)


GLG019_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

སར་སུམ་རྩེན་ལོངས་སྤྱོད་མཆེད་ཟླ་སྤྲུལ། །ཆོས་རྒྱལ་གཏེར་བདག་གླིང་པའི་གསང་ཡུམ་གཏེར་ལུང་བཞིན་ཡར་འབྲོག་ནས་བྲི་ལྕམ་བྱོན་སྐབས་ལེགས་སྐྱེས་སྤེལ་བར་བུ་ལུང་རྩིས་རིག་སྨྲ་བ་བློ་བཟང་ཡོན་ཏན་བཏང་སྐབས་འཕྲིན་དུ་གསལ་བ་ཟུང་འཇུག་ཕན་བདེའི་སྙེ་མ། དྷ རྨཱ དྷཱ ཏུ ནོ ཀྵ ཡ ཛྙ ག སྶ ར སྭ བཻ དྱ ཀཱ ཪྠ ས རྦ བྷ དྲ མཱ རུ དྷེ ནྡྲ དྷཱ ནུ ཙཻ བ ཙི ཏྲ ཀ པྲ བྷུ ཤྲི ཡཱ སྟི བ ཛྲ ས ཏྭ། །ཤཱ ཏ ཀཱུ ལ པ ཉྩ ག ཏྲ ཀ ཏྲི ཛཱ ཏི ཡཱ དི ཀཻ ཀ ཏཱ བ ཧོ རྣྀ ཏ སྶུ བ རྟ མཱ ཡ གཱ ངྒི ཀཱ དྱ ཀེ ཧི བྷ ཊྚ རཱ ཀ བཱ ར གུ ཪྻ། ཆོས་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལའི་ཟླུམ་པོ།)དབྱིངས་ཟད་མི་ཤེས་པའི་སྙིང་པོ་རང་རིག་དོན་གྱི་ཀུན་ཏུ་བཟང་། །མ་འགགས་རང་གདངས་གཞའ་ཚོན་ལྟར་བཀྲ་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །རིགས་བརྒྱ་རིགས་ལྔ་རིགས་གསུམ་ལ་སོགས་གཅིག་པུ་ཉིད་ལས་དུ་མའི་གར། །ལེགས་བསྒྱུར་རྣམ་འཕྲུལ་གངྒཱའི་རྡུལ་ལས་དིང་བྱོན་རྗེ་བཙུན་བླ་མ་མཆོག །གཞོམ་མེད་འཕོ་བ་ཆེན་པོ་རྡོ་རྗེའི་སྐུར། །གྲུབ་ནས་བགྲང་བྱའི་འཕྲེང་བ་མང་བརྒལ་ཡང་། །སྒྲིབ་ལུས་སྒྱུ་ཐབས་སྟོན་གང་བསྟན་འགྲོའི་དཔྱིད། །གཡུང་དྲུང་ལྟར་བཞུགས་(༢༥༥བ)


GLG019_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གྲགས་རྣ་བའི་གསོས། །ཐེག་དགུའི་འཇུག་ལམ་ཕྲ་ཞིབ་མཐའ་ཀླས་སྒོར། །གདུལ་བྱའི་ཁམས་དང་དབང་པོར་འཚམ་པའི་བློ། །འཁྲིད་བྱེད་དྲུག་ཅུའི་དབྱངས་ཀྱིས་ཡིད་ཅན་རྣམས། །གྲོལ་ཚེ་རྒྱལ་གཞན་ཞི་བའི་དབྱིངས་བཞུགས་བཞིན། །ཤེས་བྱའི་སྲིད་ཀུན་སྒྲིབ་བྲལ་རྗེན་པ་རུ། །ཡོངས་འཆར་རྣམ་པ་ཐམས་ཅད་མཁྱེན་ཐུགས་ཀྱིས། །མངལ་སྐྱེས་ཨོ་རྒྱན་མཁན་པོ་དེང་སྦྱོན་ན། །གཙང་བྱེད་པདྨར་ཅོ་འདྲི་བྱིས་བློའི་ཚུལ། །ལྔ་རིག་ཚངས་སྐུད་འཆང་བའི་གཉིས་སྐྱེས་ང་། །སྭསྟིའི་སྒྲར་དྲངས་ཤིས་བརྗོད་སྔོན་འགྲོ་རུ། །ཨ་འདུས་ཀ་འཕྲེང་ཚིག་སྦྱོར་ཀུ་ཤ་ཡི། །ཆུན་པོ་རྣ་གོང་གཟར་ནས་མགྲིན་པ་འདེགས། །ཐུགས་བསྐྱེད་ས་བོན་མངར་པོ་དར་དྲག་ལས། །ཚོགས་གཉིས་རྩ་སྡོང་ཡལ་འདབ་ཕང་ཕུང་རྩེར། །འཕྲིན་ལས་འབྲས་དུད་སྔོན་མེད་ཡོངས་འདུའི་ལྗོན། །གངས་ཅན་ནགས་ཀླུང་དབུས་ན་གཡུར་དུ་ཟ། །རྣམ་རྟོག་པདྨའི་སྐུད་པས་འཆིང་བའི་ནུས། །ཉེར་བྲལ་བརྟུལ་ཞུགས་ཆང་གིས་རབ་མྱོས་གླང་། །སྤྱོད་པའི་གོམ་པ་གཅིག་གིས་སངས་རྒྱས་སར། །བགྲོད་ཚེ་རླབས་ཆེན་དཀའ་ཐུབ་ངལ་རྒྱུར་ཟད། །ཨེ་དབྱིངས་དགའ་བཞིའི་ཡེ་ཤེས་འདྲེན་པའི་མ། །ཝམ་ཡིག་བདེ་ཆེན་ཟུང་འཇུག་མཛའ་ན་མོས། །ནམ་མཁའི་ཟླ་ལྟར་ཟླ་མེད་མཁར་ཆེན་བཟའི། །མཆེད་པོ་ཨཽཌྜི་ཡཱ་ན་ལས་འོངས་ཅི། །ནང་དུ་དྷཱ་ཏཱིའི་རྩ་འཁོར་མདུད་རྒྱ་ཀུན། །ལྷུག་པར་གྲོལ་བའི་རྟེན་འབྲེལ་ཕྱི་རོལ་དུ། །རང་སྐལ་ཟབ་གཏེར་ལུས་པ་མེད་པའི་སྒོ། །འབྱེད་འདི་བསྟན་འགྲོའི་བསོད་ནམས་བྱེ་བས་རྙེད། །བགྲང་ཡས་དཀྱིལ་འཁོར་རྒྱ་མཚོ་(༢༥༦ན)


GLG019_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་བསྡུ་ཡི། །བྱེད་པོར་ཞི་དང་ཁྲོ་བོ་མཐའ་ཀླས་པའི། །རིགས་བརྒྱའི་ཁྱབ་བདག་ཡབ་ཡུམ་ཟུང་འཇུག་ཏུ། །བཞེངས་ལ་མེ་ཏོག་ཕལ་ཆེར་ཕྱོགས་དེར་འཛུམ། །བདེ་གཤེགས་རྣམས་ཀྱིས་རིན་ཆེན་བུམ་བཏེག་ནས། །དབང་བསྐུར་རིག་མའི་ཚོགས་ཀྱིས་གླུ་དབྱངས་ལེན། །བྱང་སེམས་ཡོངས་ཀྱིས་ཤིས་བརྗོད་ཁྲོ་བོ་ཡིས། །བགེགས་སྐྲོད་ལྷ་མོས་མཆོད་སྤྲིན་སྤྲོ་འདི་རྨད། །འོག་མིན་ཞིང་གཙོར་ངེས་པ་ལྔ་ལྡན་སྐུར། །འཚང་རྒྱ་དངོས་པའི་གཤིས་ཡིན་སཱ་ལའི་ལྗོངས། །བཅུ་གསུམ་རྡོ་རྗེ་ས་ཆེན་རབ་མནན་པས། །དག་དང་མ་དག་མནལ་ཀྱང་གཅིག་ཏུ་མཉམ། །རྒྱལ་ཀུན་སྤྱི་གཟུགས་རྔ་ཡབ་གླིང་པ་ཡི། །ཟབ་གཏེར་ཆོས་ནོར་འདོད་ཐར་གདོང་བཞི་པ། །གན་ཇག་ཐང་ཏའི་ལས་འཕྲོའི་གསེར་སྒོང་དུ། །དེང་སྨིན་བོད་ཆེན་འགྲོ་རྣམས་སྐལ་བཟང་བྱས། །རྩོད་ལས་ཆེས་སྙིགས་ལྔ་བདོ་མི་ཡི་ལུས། །མགོན་ཁྱོད་ཐུགས་རྗེ་བརྒྱ་བྱིན་གཙུག་ཏོར་རྩེས། །རེག་པའི་མོད་ལ་རྫོགས་ལྡན་ལྷའི་གཟུགས་སུ། །རབ་གྱུར་ཕན་བདེའི་ཆོ་ག་ཉེར་གྲུབ་མཚར། །རང་རིག་ཡོངས་དག་པདྨ་འོད་ཞིང་འདིར། །ཚེ་དབང་རིགས་འཛིན་ངོ་བོར་ལེགས་བཞེངས་ནས། །བཀའ་གཏེར་ནམ་མཁའི་ནོར་བུ་ཁྱབ་བརྡལ་དུ། །འཆར་བར་རྩ་བ་གསུམ་གྱིས་བདེན་བརྗོད་ཅིག །བཅུ་གཉིས་གོ་ལའི་ཁྱིམ་ལམ་ཉི་ཟླའི་འགྲོད། །ཆད་མིན་དེ་བཞིན་ཆོས་སྲིད་ཟུང་འཇུག་དང་། །འབྲེལ་བའི་བཀའ་མཆིད་ཏམྦུ་ར་ཡི་རྒྱུད། །སྙན་པོ་རྣ་བའི་རྒྱན་དུ་ཡང་ཡང་འཁྲོལ། །དར་དཀར་གོས་གྱོན་མཚོན་བྱེད་ཟུར་གསལ་གྱི། །གསར་འགྲོས་གོམ་ལྡན་ལ་ཞོན་བྱ་(༢༥༦བ)


GLG019_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྟ། །ཨོ་རྒྱན་སྨིན་གྲོལ་ཆོས་ཀྱི་གླིང་ཡངས་པོར། །སོང་སྟེ་དམ་པའི་ཕྱག་སོར་པདྨོར་འཕུལ། །རིག་བྱེད་འཛིན་པ་པོ་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོ་འདུ་བ་འཁྲུགས་པའི་ཚེ་དཔོན་ཚང་དར་མོ་བས་སྨན་དཔྱད་ཀྱི་ནད་གཞིལ་བར་བྱས་སྐབས་སྙན་ངག་གི་འཕྲིན་ཡིག་བསྲིངས་ལན་གདུང་སེལ་ཟླ་བའི་ཆུ་རྒྱུན། ཀི ངྐི ཛ པ པྱེ བ ལཱ ཡ རྦྷ མ ཪྻ སྱ ཧ སྙ ངྒུ ལཱ དྷ རྨ ན མཱ ན ཏྲ བཻ ཎི ཀཿ གཱ བ ལེ ནྡོ མུ ཁ ཤྭ ཏ ཧ དྶཱི ཙ ཏ པྲཱ པ བཱ ཡ སྶ ར པྱ ཧི གོ ཡ ཙྪ ཏུ། སིལ་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)ཁྲོལ་གདུ་བུས་འཁོར་ལོའི་ཕྱག་སོར་གྱིས། །ཆོས་ཀུན་གནས་ལུགས་མཐའ་དག་རྒྱུད་མངས་གླུ། །ལེན་པའི་སྨིན་ལེགས་ཟླ་བཞིན་ངང་མོ་དཀར། ཁྱོད་མགྲིན་འོ་མཚོར་སླར་སྤྱོན་ངག་སྩོལ་ཞིག །སྐྱེ་བར་ཚངས་རིས་བག་ཆགས་ཡོངས་སད་མཐུས། །ལྷ་དབང་གྲུབ་པའི་བློ་གྲོས་དར་དྲག་པས། །ཉམས་འགྱུར་ཚིག་དོན་རྒྱ་བོད་སྡེབ་སྦྱོར་ཕྲེང་། །སྤེལ་ལེགས་འཕྲིན་ཡིག་དུ་ཀཱུ་ལ་རྟེན་འབྱོར། །མི་དགེའི་ས་བོན་སྒྲིབ་ལུས་ཞིང་གི་སར། །ཉེར་བཏབ་ཟུག་རྔུའི་རིམ་པ་(༢༥༧ན)


GLG019_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུང་བའི་ཤུལ། །སྒོ་གསུམ་སིམ་ཆར་འབྲས་དཀར་སྙེ་མའི་བསྐྱེད། །བསྲིངས་པའི་ཆོ་ག་དེང་རྫོགས་རྣ་བའི་དཔྱིད། །བདེན་གཏམ་ཟླ་ཟེར་འཕོག་ལུས་བདེ་དྲོད་ཀྱིས། །རྔུལ་ཆུའི་ཐིགས་འཁྱིལ་ཡིད་དགའི་རྒྱ་མཚོ་ཆེ། །འཕེལ་བའི་ཀུན་རྟོག་ཁྱེའུ་ཆུང་རོ་ནུས་རྗེས། །མཛེས་མར་ཆགས་པའི་བ་སྦུ་ཚེར་ལྟར་རྩུབ། །ལས་ཉོན་གྱིས་འཕངས་རྣམ་སྨིན་ནག་པོའི་དུག །རབ་བྲལ་སྒོ་གསུམ་རྙོག་མེད་དངས་པའི་ཀླུང་། །བདེ་སྐྱིད་ཡན་ལག་བརྒྱད་ལྡན་ལྷ་ཡི་ཆུར། །སྒྱུར་བྱེད་རི་འཕེན་ལེགས་བྱས་ཤིང་རྟས་དྲངས། །ས་འདིར་མཐོ་རིས་སྨན་པ་ཐ་སྐར་སྐྱེས། །མངོན་སུམ་རྒྱུ་ཚེ་ལྟ་ན་སྡུག་པའི་གྲོང་། །མཐོང་བར་ཡུལ་གྱི་བསྐལ་སྙམ་ངལ་བའི་ཁུར། །སངས་པས་སྤྲུལ་ཞིང་གཞན་འཚོལ་རེ་བ་བསྐྱུངས། །མརྒད་ཁུ་བས་རྙེད་བྱུགས་སྤངས་ལྗོངས་མཐའ། ཁོར་ཡུག་ལྗོན་པས་ཡོངས་བསྐོར་སྐྱིད་ཚལ་ན། །བདེར་གནས་བསམ་གཏན་དང་པོའི་ཏིང་འཛིན་གྱིས། །དྲངས་པའི་ཤིན་སྦྱངས་དེས་ཀྱང་བསྒྲུན་དུ་མེད། །རྣོག་ཆུང་ཟས་སྐོམ་ཙམ་གཉེར་ཕྱུགས་འདྲའི་མི། །རིང་པོར་གནས་ལ་བརྩོན་ན་གཙུག་ལག་གཞུང་། །མཐའ་ཀླས་ལྟ་བའི་མིག་ཡངས་མེས་པོའི་རིགས། །བློ་ལྡན་ཁྱོད་སྲོག་འཆི་བ་དོན་ཡོད་སྙམ། །མང་ཐོས་གངྒཱ་མོ་མངལ་སྦྲུམས་པའི་སྲས། །ལེགས་བཤད་འདམ་བུའི་ཚལ་སྐྱེས་གདོང་དྲུག་ལྷ། །གཉིས་པ་རྣམ་དཔྱོད་གར་མཁན་ལ་ཞོན་ཏེ། །ཆེས་རློམ་གླང་པོའི་མཆེ་བ་དབྱུང་བར་བྲེལ། །རྒྱན་མང་བུད་ཤིང་འོ་མ་བུར་སོགས་ཀྱི། ཁྱད་པར་འབྱེད་ལ་སྤོབས་པ་དགེ་བའི་དབང་། །(༢༥༧བ)


GLG019_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ལྕང་ལོའི་ཨུཏྤལ་དོར་ཤུལ་སྙན་ཚིག་གི །སྤེལ་ལེགས་པད་དཀར་ཆུན་པོ་ཐོད་བཅིངས་འདྲ། །བྲྀཏྟ་ཛཱ་ཏི་ངོ་མཚར་རྟོགས་བྱེད་པ། །རིན་ཆེན་འབྱུང་གནས་རླབས་འཕྲེང་ཡོལ་མེད་དབུས། །རྐང་བཞིར་བཅས་པའི་ལྕི་ཡང་ཡིད་བཞིན་ནོར། །བློ་གྲོས་གདེངས་ཀའི་རྩེ་ན་འོད་དུ་འབར། །འདབ་བཟང་དབང་པོ་བཞོན་པར་བྱེད་ནུས་པ། ཁྱབ་འཇུག་སྒྱུ་ཐབས་འཕྲུལ་ལ་མ་སྙེམས་ཤིག །མཐའ་ཀླས་མིང་གི་མངོན་བརྗོད་སྐད་རིགས་ས། །ཤེས་རབ་གོམ་པ་གཅིག་གིས་བཅིངས་འདི་མཚར། །འཁོར་འདས་འཕེལ་འགྲིབ་དང་བྲལ་ཉ་གང་ཟླའི། །གདན་སྟེང་རྣམ་ཀུན་མཆོག་ལྡན་བདེ་སྟོང་གར། །ཡོངས་བསྒྱུར་ཀཱ་ལ་ཙཀྲའི་ཕྱི་ནང་གཞན། །འཇུག་སྒོ་གྲུབ་མཐའི་མཁའ་ཁྱབ་ཁྱོད་བློས་གཞལ། །སྤྱན་སྔ་མངོན་ཤེས་དྲུག་ཆེད་དཀའ་ཐུབ་ཀྱིས། །མ་བསྒྲུབས་ལྐོག་གྱུར་དངོས་སྟོན་མིག་གསུམ་པའི། །གཡུལ་ལས་རྣམ་པར་རྒྱལ་བའི་གཙུག་ལག་གིས། །མཐོ་རིས་སརྦ་ཛྙ་ཡི་སྤུན་ཟླར་བྱས། །བརྒྱད་ཅུའི་སྐོར་མགོ་སྤོར་ཐང་ཁྲ་མོ་རུ། །འགྲོ་འདིའི་བདེ་སྡུག་སོ་སོར་དབྱེ་བའི་རྡེལ། །འཇམ་མགོན་གསུང་གི་བདུད་རྩི་ཁྱོད་སྙིང་དུ། །འཁྱིལ་ན་ཀོང་རྩེ་འཕྲུལ་རྒྱལ་དམིགས་གཞན་མེད། །སྔོན་གོམས་བྲང་སྟེང་རྒྱ་བོད་ཡི་གེའི་རིགས། །ལུས་འགྱུར་བན་སྤྲོད་རྒོད་མ་ཁ་ཡི་མེས། །དྲང་སྲོང་ཨུསྦའི་སྤུན་གང་ཐུ་མི་ལས། །ཆེན་པོ་ཧོར་གྱི་ཡི་གེས་ཁྱད་པར་བྱས། །འདུ་འཁྲུགས་ནད་སེལ་རང་བྱུང་ཁྲུས་ཀྱི་རྫིང་། །རིན་ཆེན་བཅུད་ལེན་སྦྱོར་བས་ཉི་མའི་བུའི། །མེ་ལོང་རིན་མོར་བྱེད་པ་ཤ་བ་རིའི། །མངོན་བྱུང་གཏམ་རྒྱུས་སོམ་ཉི་དེང་དུས་(༢༥༨ན)


GLG019_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ། །བདེར་གཤེགས་སྙིང་པོ་ལྕགས་ཁམས་ནང་རིག་རྩིས། །བསྒྱུར་བའི་སྒོ་འབྱེད་ཐ་སྙད་ལྡེ་མིག་དང་། །ཡོངས་བྲལ་བླ་མེད་ཡེ་ཤེས་ཀུན་གསལ་མཐའ། །འཇལ་འདོད་མཁས་རློམ་བྱང་བསྟན་ཕུག་པའི་ཉི། །སླད་མར་མང་པོར་ཐོས་ལ་སྤྲོ་དགའི་སེམས། །གཟེངས་སུ་བསྟོད་དང་ཤེས་ལྡན་འཆི་མེད་ཀྱི། །འདུན་སར་ཡངས་པའི་བློ་གྲོས་ཕུར་བུ་ཡི། །རྗེས་སུ་བགྲོད་པའི་གོམས་འགྲོས་ལྷུག་པར་བདེ། །མིང་ཚིག་ལྷ་ལམ་འཕྲིན་ཡིག་ཆུ་འཛིན་སྦུབས། །རྣམ་དག་བརྗོད་པ་དབྱར་གྱི་རྔ་གསང་སྒྲས། །རྣ་བ་བདུད་རྩིའི་མངལ་ཁུར་འཛིན་པའི་མོད། །སེམས་ཀྱི་རྨ་བྱ་ཟློས་གར་ཡང་ཡང་བསྒྱུར། །ལྐོག་མིན་མཐོར་བརྩེགས་བསམ་དོན་ལྷུན་གྲུབ་ལ། །མཐོང་བས་ཀུན་ཡིད་ཡོངས་སྨན་བརྟན་འཕྲོག་པ། །མ་སྨད་ཕུན་ཚོགས་དབང་པོའི་ལག་པད་དུ། །སྙན་འཕྲེང་གསེར་འབྲུག་གིས་འཁྱུད་སྨྱུག་ཤུགས་སྤེལ། །ས་རྟ་གོང་ནས་ཅོ་ནེ་བླ་མ་ནོ་མོ་དགེ་སློང་དང་ཨ་ཞང་ཨ་ར་ཏི་ན་རབ་འབྱམས་ཆོས་རྗེ་གཉིས་མི་སྣར་གནང་བའི་སྐབས་བཀའ་ཤོག་གནང་སྦྱིན་བྱུང་བའི་ལན་འབུལ་བར་སྣར་ཐང་མཁན་པོ་ངག་དབང་བཀྲ་ཤིས་དང་ལྷ་རྗེ་ཐབས་མཁས་གཉིས་རྗོང་བདའ་བྱས་སྐབས་ཕུལ་བའི་ཞུ་ཡིག་མཆོག་ཏུ་དགེ་བའི་གཏམ། ཚེ་རིང་གནམ་གྱི་ཤེ་མོང་གི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་གནམ་སའི་དབང་ཕྱུག་འཇམ་དབྱངས་གོང་མ་རྒྱལ་པོའི་དྲུང་དུ། པ་སངས་ནམ་གྲུའི་འགྲུབ་སྦྱོར་མཆོག་ཏུ་དགེ་བའི་དུས་གནམ་གྱི་ལྷ་མིའི་དབང་ཕྱུག །འཇམ་དབྱངས་གོང་མ་མང་པོས་བཀུར་བའི་རྒྱལ་ཁབ་ཆེན་པོའི་ཕྱོགས་སུ་བོད་ཡུལ་གྱི་ལྟེ་བ་འཇིག་རྟེན་དབང་ཕྱུག་གི་གཙུག་ལག་ཁང་(༢༥༨བ)


GLG019_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་རི་ནས། ཤཱཀྱའི་སྡོམ་བརྩོན་སྡེ་སྣོད་གསུམ་པས་ཡིད་དང་བའི་སྒོ་ནས་ཁ་ཕྱོགས་ཏེ་བྷུ་མི་བྲཧྨོ་ཏྟ་མརཱ་ཛཀཱ་ལ་སརྦ་དཱ་ཨོ་སྭསྟི་མངྒལ་བྷ་ཨནྟུ་ཞེས་ལེགས་སྦྱར་གྱི་སྒྲ་ལས་དྲངས་ཏེ་སའི་ཚངས་པ། གོང་མ་རྒྱལ་པོ་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཅེས་ཤིས་པ་བརྗོད་པའི་ཚིག་གི་འཕྲེང་བ་སྔོན་དུ་འགྲོ་བས་མེ་ཏོག་འཐོར་ཞིང་དྲི་ཞིམ་པོའི་སྤོས་བསྲེགས་ལག་པའི་པདྨ་ཟུམ་སྟེ་གུས་པས་གསོལ་བ། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་མཐའ་ཀླས་པའི་སྐྱེ་རྒུའི་དོན་དུ་ཚངས་པར་སྤྱོད་པ་པོ། །མཁས་པ་པཎྜི་ཏ་ས་ལ་གནས་པའི་གྲུབ་ཐོབ་རྣལ་འབྱོར་སྤྱོད་པ་གླིང་གཅིག་ནས་བཞིའི་བར་དུ་དབང་སྒྱུར་བའི་འཁོར་ལོས་སྒྱུར་པའི་རྒྱལ་པོ། ཁམས་ཀྱི་རྒྱལ་ཕྲན། མདུན་ན་འདྲེན། ཁྱིམ་བདག །འགྲོ་བ་དམན་པ། གྲུ་རྫིངས། ཟམ་པ། ཆུ་མཚོ་རིན་པོ་ཆེ་སོགས་སྤྲུལ་པ་སྣ་ཚོགས་སུ་སྟོན་པར་གསུང་རབ་རིན་པོ་ཆེ་ལས་བཤད་ཅིང་། ཁྱད་པར་བྱང་ཆུབ་སེམས་དཔའ་གཞན་དོན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲིད་པ་འཛིན་པར་གསུངས་པས་རྩོད་པའི་དུས་འདིར་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་མིའི་བདག་པོ་གང་ངེས་པའི་དོན་དུ། འཕགས་མཆོག་འཇམ་པའི་དབྱངས་ལུས་ཅན་ཀུན་གྱི་མགོན་དང་སྐྱབས་དང་གླིང་དང་དཔུང་གཞན་དུ་བྱོན་པར་གོར་མ་ཆག་མོད། འོན་ཀྱང་སྙིགས་མར་སྤྱོད་པའི་སེམས་ཅན་མ་དག་པ་རྣམས་ཀྱི་ངོར་ཡང་གྲངས་མེད་པའི་བསྐལ་པ་ནས་བསོད་ནམས་ཀྱི་ཚོགས་ཀྱིས་བསྐྲུན་པའི། སྐུ་རིན་པོ་ཆེ་བརྒྱ་ཕྲག་ཉི་མའི་དཀྱིལ་འཁོར་གཅིག་ཏུ་སྤུངས་པ་(༢༥༩ན)


GLG019_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གཟི་མདངས་ལྷག་པར་རྒྱས་ཤིང་། དྲི་ཟའི་རྒྱུད་མངས་སྟོང་གིས་བསྒྲུན་པར་མི་ནུས་པའི་གསུང་གིས་མཆོག་དམན་བར་པའི་ཡིད་ཅན་མཐའ་དག་ཚར་གཅོད་རྗེས་འཛིན་སོགས་གང་འཚམ་གྱི་སྒོ་ནས་ཡིད་བདེ་བའི་ཚོར་བ་ཉམས་སུ་མྱོང་། འཇིག་རྟེན་གྱི་རྒན་པོ་བློ་གློས་ཀྱི་རྩལ་དང་ལྡན་པ་རྣམས་ཀྱིས་ལན་བརྒྱར་བསམས་ཀྱང་ཡིད་ཀྱི་ཡུལ་དུ་འཆར་བར་དཀའ་བ་གཙུག་ལག་བྱེ་བའི་ཕྲ་རགས་ཐམས་ཅད་མངོན་སུམ་མཁྱེན་པས་འཇིག་རྟེན་གྱི་མེས་པོ་ཚངས་པའི་བློ་གྲོས་ལ་འགྲན་པའི་ཐུགས་ཀྱི་དཀྱིལ་འཁོར་གཡོ་བ་མེད་པ་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་བརྟན་པ་ནས། བཀའ་ཤོག་རིན་པོ་ཆེ་རྐེད་དཀྲིས་ལ་གསེར་བྱུགས་པའི་དངུལ་སྲང་དྲུག་ཅུའི་མདོང་མོ་གཅིག །གོས་ཆེན་དཔུས་ལེགས་ཡུག་ཉི་ཤུ་རྩ་བཞི། ཁ་བཏགས་ཆེ་བ་ལྔ་དང་ཆུང་བ་བཞི་བཅུ། ཤེལ་དམ་གཅིག་དང་ཕོར་པ་གཉིས་བཅས་ནོ་མོ་གོན་དགེ་སློང་དང་ཨེར་ཏེ་ན་རབ་འབྱམས་པ་གཉིས་ཀྱིས་ཁྱེར་ནས་སུག་པར་སྤྲད་པ་གསེར་ཞལ་དངོས་སུ་མཐོང་བ་ལྟ་བུའི་ཡིད་ལ་སྤྲོ་དགའ་ཅི་ཡང་བརྟས། འདི་ནའང་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཤཱཀྱ་སེང་གེའི་ཞི་བདེ་དོན་དུ་གཉེར་བའི་གདུལ་བྱ་རྣམས་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་སོགས་ཉན་ཐོས་དང་རྗེས་སུ་འབྲེལ་བའི་སྡེ་སྣོད། སེམས་ཅན་ཐམས་ཅད་མར་ཤེས་པས་འགྲོ་བ་གཅིག་གི་དོན་དུའང་རང་བདེ་འདོར་བར་ནུས་པ་རླབས་ཆེན་གྱི་སྤྱོད་པ་ལ་དགའ་བ་རྣམས་ཀྱི་ཆེད་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད། མྱུར་དུ་སངས་རྒྱས་འཐོབ་(༢༥༩བ)
པར་འདོད་པའི་དབང་པོ་རྣོན་པོ་རྣམས་ལ་གསང་སྔགས་ཀྱི་ཐེག་པ་སོགས་བཀའ་སྩལ་བའི་ཚུལ་ལ་ཡིད་ཀྱིས་མོས་པ་ཐོབ་སྟེ། བསྟན་ལ་ཞུགས་ཤིང་བསྟན་པ་ཐམས་ཅད་འགལ་མེད་དུ་ཉམས་སུ་ལེན་པར་མོས་བློ་ཙམ་ཐོབ་པའི་ཤཱཀྱའི་བཙུན་པའང་འགྲོ་ལ་ལྷག་པའི་བསམ་པ་དཀར་ཞིང་སྤྱི་བོ་གནམ་བསྟན་གྱི་རྒྱལ་པོ་གང་གི་བཀའ་དྲིན་ལས་གཞན་འཚེ་མེད་པར་བདེ་བར་གནས་ལགས། ད་ལམ་རྒྱལ་པོ་ཆེན་པོར་འཚམ་འདྲི་ཞུ་བར་དཔལ་སྣར་ཐང་ཆོས་སྡེ་ཆེན་པོའི་མཁན་ཆེན་ངག་དབང་བཀྲ་ཤིས་དང་། གསོ་རིག་འཛིན་པ་ངག་དབང་ཐབས་མཁས་གཉིས་རྫོང་བདའ་བགྱིས་པ་གསེར་གྱི་ཐེམ་པ་བརྫིས་ནས་གསེར་ཞལ་མངོན་སུམ་དུ་མཐོང་ཞིང་དགྱེས་པའི་འཛུམ་ཞལ་ལྷུག་པར་བསྟན་པའི་བཀའ་མཆིད་བཟང་པོ་ཆུ་བོའི་རྒྱུན་བཞིན་ཞུ་ཞུ། ཞུ་ཡིག་རྟེན་བཀྲས་བཏགས། ཤལ་དཀར་དམར། མུ་མེན་གྱི་འཕྲེང་བ། སྣམ་ཕྲུག་སོགས་ཐོ་ཟུར་གསལ་ལ་རྟགས་ཀྱི་ལང་ཚོ་བཀྲ་བར་ས་ཕོ་རྟའི་ལོ་ཧོར་ཟླ་བཅུ་གཅིག་པའི་གྲལ་ཚེས་དགེ་བར་བོད་ཡུལ་གྱི་རྡོ་རྗེ་གདན་ལྷ་ལྡན་སྤྲུལ་པའི་གཞལ་མེད་ཁང་དང་ཟུང་དུ་འབྲེལ་བ་རང་བྱུང་འཕགས་པའི་གཙུག་ལག་ཁང་དམར་པོ་རི་ནས་གུས་པས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །


previousརབ་བྱུང་བཅུ་གཅིག་པའི་ས་རྟ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext