Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ས་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ས་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ས་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ས་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །དོན་གྲུབ་ཅེས་པ་ས་ལུག་གི་ལོ་གསར་ཐོག་གྲ་སྡིངས་པོ་ཆེ་ནས་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོས་འཕྲིན་ཡིག་བྱུང་བའི་ལན་ཏམྦུ་རའི་རྒྱུད་མངས། (༢༦༠ན)


GLG019_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ ར སྭ སྟྱཱ ཁྱཱ ཡུ ཀྟ བཱི ཎཻ རྨ ན ནྡྲཱ ན ནྡེ ཀྲྀ ཤྴཱ ཀཾ ཧཱི པི ཙཱ ར པྲ ཀཱ ལྱཾ། བ རྟཻ རྦྷཱི རྩཱ སྟིཾ གོ བྲྀ ཧ སྤ ཏྱི ཀ སྭཾ ཚཱ ཡེ ཏ བིསཱ བེ ཙཱ བྷི ཙ རྦྷ ཏྲ ཀེ ཪྻཿ། དབྱངས་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་སྣ་ཚོགས་ལྷ་མོ།)ཅན་གཏམ་གྱི་སྦྱོར་བའི་ཏམྦུ་རས། །ཡིད་དབང་ཀུན་དགར་བྱེད་ནུས་རྣམ་དཔྱོད་རྩལ། །བསྒྱུར་ཚེ་བློ་ལྡན་ཕུར་བུ་རང་གྲིབ་ལ། །གདུང་སེལ་མངོན་སུམ་རྒྱུ་བའི་མཆེད་པོ་གང་། །ཕྲ་མོའི་ན་ཚོད་ཟླ་བ་ཚེས་པ་ནས། །ལང་ཚོའི་ཉ་རྒྱས་དེ་སྲིད་ལྔ་རིག་གི །གཙུག་ལག་རི་དྭགས་གཟུགས་ལ་རྟག་འགྲུས་པའི། །ལེགས་བཤད་ག་བུར་གཟེགས་འཐོར་དངོས་པོའི་གཤིས། །རྩོལ་མིན་ཉམས་འགྱུར་གླུ་དབྱངས་ཤུགས་འབྱུང་དུ། །མགྲིན་པའི་འཁོར་ལོར་ལེན་པ་ངང་མོ་དཀར། །འཕྲིན་ཡིག་རྐང་གདུབ་སིལ་སྒྲ་བློ་གྲོས་གོམ། །ལྷོད་པོར་འདེགས་ལས་འཁྲོལ་བ་ཐོས་འཛིན་དཔྱིད། །སྐྱེས་ཀྱི་རྩེ་མོར་སོན་པ་གཙུག་ལག་གཏམ།(༢༦༠བ)


GLG019_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

།སྤེལ་ལེགས་མནྡ་ར་འཕྲེང་ཤེས་ལྡན་མགྲིན། །བརྒྱན་ལས་གཞན་མིན་ཟང་ཟིང་བདོག་པས་ཀྱང་། །གསར་ཚེས་གནམ་ལོའི་དགའ་སྟོན་གཅིག་ཏུ་རྨད། །ཀུན་བཟོད་ལྟེ་བ་ཡོངས་གང་སུ་ཝརྞ། །གཞལ་ཡས་རྙེད་དཀའ་ཡོན་ཏན་ཕུང་པོའི་གཏེར། །མཁས་ཁྱོད་ཟོ་མདོག་བདེ་བའི་ཉེར་ལེན་དེས། །ཐུབ་བསྟན་རྒྱན་དུ་བྱེད་པོས་སྤྲུལ་པ་བཞིན། །འདི་ན་རྒན་པོའི་ཁུར་ལྗིད་རི་བོའི་སྤུན། །ཐོས་བསམ་སྒོམ་པའི་ཤིང་བལ་ཡལ་ཡུལ་ཅན། །གྲགས་སྐམ་རླུང་གིས་ཆེ་རྒུའི་གཙུག་བགྲོད་པར། །མེ་ཏོག་ཕལ་ཆེར་ཁྲེལ་བས་འཛུམ་མམ་སྙམ། །སྟོང་ཆེན་ཕྱག་རྒྱར་བཟང་རྫུའི་བྱང་བསྟན་ཕུག །གནས་ལུགས་ཉི་ཟེར་མི་འཆར་གཏི་མུག་མལ། །ཉལ་མང་ལོག་ལམ་གཉིད་ལས་སློང་བ་ཡི། །བཤེས་གཉེན་སྐྱ་རེངས་ཁྱོད་ལས་གཞན་མ་རྙེད། །མཚམས་སྤྲིན་བླ་གོས་སྦུབས་ནས་གཡེམ་སྤྱོད་ཀྱིས། །རང་རིགས་སྲོག་ལ་རྒོལ་བའི་ཆོམ་རྐུན་མཁན། །མ་ཡིན་བག་ཡོད་བརྟུལ་ཞུགས་ངོ་ལྐོག་དང་། །བྲལ་ཁྱོད་གངས་རིའི་ལྗོངས་ཀྱི་ཉེ་བ་འཁོར། །དོན་ཀུན་ལྷུན་གྲུབ་གནམ་ལོ་ཚེས་པའི་ཐོག །བཀྲ་ཤིས་དབྱངས་སུ་ལེན་པ་མེས་པོའི་བུ། །གཙུག་ལག་བྱེ་བའི་ཚངས་སྐུད་ལེགས་འཆང་བས། །རྫོགས་ལྡན་གསར་པའི་སྒོ་བརྒྱ་འབྱེད་པ་བཞིན། །དེང་ནས་མོས་པས་ངེས་གསང་སྨིན་གྲོལ་ལམ། །ཉེར་འགོད་དགའ་སྟོན་ཆོ་ག་དེ་སྲིད་བར། །རྣ་བར་སིམ་པའི་འཕྲིན་ཡིག་དྲི་ཟའི་གླུ། །སྙན་པོ་ཡིད་ཀྱི་གསོས་སུ་རྟག་སྤེལ་ཞིག །གངྒཱའི་ཡབ་ཅིག་(༢༦༡ན)


GLG019_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རས་དངོམ་པའི་དར། །ཐུན་འཚམས་ལུས་ཕྲའི་རྟགས་ཀྱིས་ཉེར་འཁྱུད་དེ། །ལྕོག་བུ་ཆེར་སྦྲེང་ཆོས་སྐུའི་ཡོ་ལང་དུ། །འབྱམས་ཀླས་སྤོང་བའི་སར་བསྲིངས་ལ་ཀྵཱི། །དོན་གྲུབ་ཅེས་པ་ས་ལུག་གི་ལོ་གསར་དུས་རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་སྐུ་རིན་པོ་ཆེས་གནང་བའི་ཆབ་ཤོག་གི་ལན་པད་འབྱུང་གཉིས་པའི་རང་ཞལ། ཁོ བི ཥུ རྒཱ གནོ བ ཛྲ དྷ རྨ སྱ དྷཱ ཏོ རྩ བ རྞཱ རུ དྷཱ དི ཏྱ ས བྷོ གཀཿ ཡ དྡ མཻ རྣི རྨ ར སྨི ནྱ གཱ མཱ དི ཀཱ སཱི བ དྷཱ ཀཱུ ལ ཙ ཀྲཾ མ ཧཱ བ རྟ ནེ། །མཁའ་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)ཁྱབ་མཁའ་ཡི་རྡོ་རྗེ་ཆོས་དབྱིངས་གདངས། །མ་འགགས་ལོངས་སྤྱོད་རྫོགས་པ་ཉིན་མོར་བྱེད། །གང་འདུལ་སྤྲུལ་པའི་འོད་ཀྱིས་འགྲོ་བའི་མུན། །སེལ་མཛད་རིགས་འཛིན་འཁོར་ལོས་སྒྱུར་རྒྱལ་ཆེར། །སྒྲ་དོན་(༢༦༡བ)


GLG019_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་ཚིག་གི་སྲད་བུ་ལ། །ཆེད་བརྒྱུས་རྩོལ་པར་བལྟོས་མིན་མགྲིན་པའི་མདུད། །རྣམ་གྲོལ་ཉམས་འགྱུར་སྟོང་གི་རོ་བྲོ་བའི། །ཆབ་ཤོག་དབྱངས་ཅན་རྒྱུད་མངས་རྣ་བར་འཇེབས། །འཕགས་ཡུལ་སྐད་ལས་ཕྱོགས་འདིར་དོན་གྲུབ་པ། །འཇམ་དབྱངས་རྒྱལ་པོའི་ཁབ་ཏུ་གྱི་ཡི་ཞེས། །གསེར་ཞུན་གོས་སུ་ཡོངས་ཀླུབས་སུམ་ལྡན་ལོའི། །བགྲང་བྱའི་དགའ་སྟོན་ཚར་དངར་ཡིད་ཀྱི་གསོས། །གཟོད་མ་ཉིད་ནས་འཇའ་ལུས་འཕོ་བ་ཆེ། །འཆི་མེད་རིགས་འཛིན་བརྙེས་པའི་གྲལ་རིང་པོར། །བཞུགས་ཀྱང་ཐུན་མོང་འགྲོ་ངོར་སྣང་བའི་སྐུ། །མི་གཞིག་གངས་ལྗོངས་ལེགས་བྱས་ཤིང་རྟས་དྲངས། །ཐུབ་བསྟན་ཡོངས་འདུ་ས་བརྟོལ་གྲིབ་བསིལ་དུ། །རིས་བྲལ་ལུས་ཅན་འཚོ་ཐབས་ལྷུར་ལེན་པ། །ཐོས་བསམ་སྒོམ་པའི་ཆ་ཤས་མ་གང་ཡང་། །ལྷག་བསམ་ཉ་རྒྱས་དེས་ཀྱང་མཚོན་མིན་དཀར། །ལས་ཉོན་མཐུ་ཡིས་རང་དབང་ནུས་དམན་རུང་། །བདེན་ཚིག་གྲུབ་ཁྱོད་ནན་ཏན་རྟག་གསུངས་བཞིན། །རིང་འཚོར་རྩ་གསུམ་ཐུགས་རྗེ་བསྐུལ་པའི་གླུ། །དལ་མེད་མགྲིན་པར་ལེན་ལ་གཅིག་ཏུ་སྤྲོ། །སེང་གེའི་ངར་སྒྲ་ཆེར་སྒྲོགས་ཡིད་སྲུབས་སྡེ། །ཚར་གཅོད་འཆོལ་བའི་ཁྲོ་རྒྱལ་གྲོ་བོ་ལོད། །མཁྱེན་རབ་བློ་ལྡན་མཆོག་སྲེད་རིགས་ཀུན་ཀྱི། །བདག་པོར་པདྨ་རྒྱལ་པོ་ཁྱོད་དངོས་བྱོན། །སྲིད་ཞིའི་མུན་བཅིལ་ཉི་མ་འོད་ཀྱི་ཟེར། །སྤྲོ་མཛད་ཤཱཀྱ་སེང་གེར་ལེགས་སྤྲུལ་པ། །རང་སྣང་རིག་མར་མཉམ་སྦྱོར་པད་འབྱུང་དིང་། །ཚངས་སྤྱོད་པདྨ་སམྦྷའི་ཟློས་གར་བསྒྱུར། །རྔ་ཡབ་གླིང་དབུས་ལངྐའི་རྒྱལ་ཁབ་རྩེར། །འབོད་(༢༦༢ན)


GLG019_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོགས་གཉེན་པོར་འཕྲིན་ལས་སྒྱུ་མའི་འཕྲུལ། །དྭངས་ཤེལ་ངོས་འཆར་གཟུགས་བཞིན་དམ་སྲིའི་གཤེད། །ལྗོངས་འདིར་མཆེད་པོར་རིག་སྔགས་འཆང་ཁྱོད་བསྟན། །ལྔ་བདོའི་སེམས་ཅན་འདྲེན་ལ་མིག་མི་འཛུམ། །ཐུགས་བསྐྱེད་སྙིང་སྟོབས་གོ་ཆར་རྒྱལ་ཀུན་གྱིས། །མགྲིན་གཅིག་བསྔགས་ན་གདུལ་དཀར་ངེས་འབྱུང་བས། །ཞི་བདེར་གཞོལ་བཞེད་སེམས་དཔའི་མཛད་པ་མིན། ཁྲི་སྲོང་ལེགས་བྱས་སྐྱ་རེངས་ཀྱིས་དྲངས་པའི། །ལོ་པཎ་ཐུགས་ཀྱི་གསང་མཛོད་བཀའ་གཏེར་ཉི། །གངས་ལྗོངས་མཁའ་ལ་འཕེལ་འགྲིབ་མེད་འཆར་བའི། །བྱེད་པོ་ཁྱོད་ལས་ཚད་མའི་ཡུལ་གཞན་མིན། ཁྱད་པར་པཎ་ཆེན་མཆེད་དང་དབང་པོའི་སྡེའི། །དྲི་བྲལ་རིང་ལུགས་མཐོ་རིས་ཆུ་བོའི་རྒྱུན། །སྔ་འགྱུར་བསྟན་པའི་རྒྱ་མཚོ་རབ་འདྲེན་པ། །སྐལ་ལྡན་ཤིང་རྟའི་སྙིང་སྟོབས་ཕྲག་པར་བཞེས། །སྔོན་དུས་ཐུབ་གཞུང་དར་ཚེ་ཆོས་ཕུང་ཚད། །སྤེལ་ལས་དིང་སང་པདྨའི་སྐུད་པ་བཞིན། །ཕྲ་འདིར་ཚིགས་བཅད་གཅིག་བཤད་དོན་ཆེན་དུ། །དགོངས་ཏེ་འཆད་ཉན་སྲོག་གི་ཀ་བ་ཚུགས། །མཚོ་སྐྱེས་རྡོ་རྗེ་བདུད་བློན་གྱིས་གཤེ་བས། །རྗེ་འབངས་སྣོད་ལྡན་འཛིན་ལ་མ་གནོད་ལྟར། །སྨིན་གྲོལ་གདམས་པ་སྲིད་མཐར་མི་ནུབ་ཆེད། །ལོག་སྒྲུབ་འཁོར་གྱི་སྐྱོ་ངལ་རིང་དུ་སྤོངས། །འབྱུང་པོའི་ཁ་རླངས་ཆེས་ངར་སྙིགས་དུས་འདིར། །འཇམ་དཔལ་རྡོ་རྗེ་ཁྲོ་བོའི་སྐུར་བསྟན་པའི། །སྟང་སྟབས་གཅིག་གིས་སྣང་སྲིད་ཕྱག་རྒྱའི་ཚོགས། །ཐམས་ཅད་ཟིལ་གྱིས་གནོན་ལ་(༢༦༢བ)


GLG019_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

གཡོལ་མེད་གཅེས། །སྤྱི་དང་བྱེ་བྲག་གསང་ཆེན་རྙིང་མ་ཡི། །མགོན་པོར་སྲོག་གི་ཀ་བ་ཉེར་བཙུགས་ཏེ། །ཨ་ཧཾ་མི་འགྱུར་རྡོ་རྗེ་བཞུ་བླུགས་སུ། །ལྷུན་གྲུབ་རིག་འཛིན་ས་ལ་བཞུགས་ཆེད་གསོལ། །བགྲང་ཡས་ཞི་ཁྲོའི་རྟེན་དང་བརྟེན་པ་ཀུན། །རིག་པའི་རྩལ་དུ་ཤར་གྲོལ་སྟབས་ཅིག་པ། །རྣམ་གསུམ་ཡོ་གའི་ལྷ་སྔགས་ཡེ་ཤེས་ཀྱི། །འཕྲིན་ལས་སྲིད་པའི་མཐའ་རྙེད་འཇུག་པར་རིགས། །ཐུབ་བསྟན་རྡོ་རྗེས་མཚན་པའི་བྲག་རིའི་ངོས། །མི་གཞིག་སྐྱིལ་ཀྲུང་གཅིག་གིས་བདུད་བཞིའི་ཚོགས། །ཟིལ་གནོན་འོག་མིན་ཞིང་གི་མགོན་པོ་ལྟར། །འཁོར་བ་སྟོངས་མིན་བར་དུ་བརྟན་གྱུར་ཅིག །གནམ་ལོའི་བཞིན་དངོམ་བཀྲ་ཤིས་འདུན་ས་ཆེར། །དགའ་སྟོན་དེང་ནས་དབུས་འགྱུར་མི་ཕམ་མགོན། །བྱོན་མིན་དེ་སྲིད་ཚད་མེད་ཕེབས་ཚོགས་འགྲོས། །གོ་ལའི་རྒྱུན་ལམ་ཉི་ཟླའི་འགྲོས་བཞིན་ཞུ། །མེས་པོས་པདྨའི་རྩ་བ་ཐགས་རིས་སུ། །སྤྲུལ་ཏམ་ཟླ་བ་ཞུན་མས་བྱུགས་སམ་ཞེས། །སོམ་ཉིའི་འཁྱོགས་ལ་འཕྱང་བྱེད་ལྷ་རྫས་ཀྱིས། །གང་གི་རྣམ་དག་ཐུགས་བསྐྱེད་མཚོན་ནམ་སྙམ། །དོན་ཀུན་གྲུབ་པའི་ཆོ་འཕྲུལ་མ་ལ་ཡའི། །དྲི་བསུང་དངར་པོས་ལོག་ལྟའི་ཚ་གདུང་རྣམས། །རབ་གཞིལ་རྟ་ཆེན་ཟླ་བའི་ཐབས་ཀྱི་ཆའི། །རྒྱལ་བ་དང་པོར་ཕུལ་བ་ཛ་ཡནྟུ། །ཁྱབ་བདག་བླ་མ་བཀའ་འགྱུར་བ་ཆེན་པོའི་དབོན་ངག་དབང་བློ་གསལ་མཆོག་ལྡན་གྱིས་དོག་བདེ་ལྷོ་མོས་གཞིས་ཀར་ས་ཕོ་རྟའི་ལོ་སྟོན་དུས་ནས་དབུ་བཙུགས་ཏེ་བྲག་རྫོང་མའི་བསྙེན་ཆེན་མཛད་པ་གེགས་མེད་དུ་གྲུབ་ཚུལ་(༢༦༣ན)


GLG019_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གསུང་འཕྲིན་བྱུང་ལན་སློབ་བཤད་ཉི་མའི་དངོས་བརྒྱ། སྣང་ཞིང་སྲིད་པའི་ཆོས་ཀུན་རྒྱུད་གསུམ་གྱི། །དྲེགས་པར་ཡོངས་ཤར་སེམས་ཉིད་གཅིག་པུའི་འཕྲུལ། །གསལ་སྟོང་ཟུང་འཇུག་དོན་གྱི་ནག་པོ་ཆེར། །རྣམ་རོལ་སློབ་བཤད་བསྟན་པའི་སྲོག་ཤིང་ཆེའི། །རང་རྒྱུད་རྡོ་རྗེ་ལུས་ཀྱི་འཁོར་ལོ་ལྔར། །སྣ་ཚོགས་ལས་གྲུབ་བླ་མ་ཧེ་རུ་ཀཿ །ལྕམ་དྲལ་བྲན་གཡོག་འཇའ་རིས་ལྟར་བཀྲ་བ། །དུ་མར་ཤར་ཡང་རོ་གཅིག་ཆུ་ཟླའི་གར། །བདེ་སྟོང་ཟུང་དུ་འཇུག་པ་ཉེ་ལམ་གྱིས། །དྷཱུ་ཏཱིའི་མདུད་བརྒྱ་ཉེར་གྲོལ་རྡོ་རྗེའི་སྐུར། །ཟུག་རྔུ་ཀུན་མཁྱེན་གཟིགས་པའི་ཡུལ་མིན་ན། །ཟོ་མདོག་བདེ་བའི་མཚར་འཛིན་བྱིས་བློ་བཞིན། །ས་བརྫུས་ཆེན་པོར་རབ་རློམ་འུར་རྒྱངས་མཁན། །ཕལ་གྱི་རྣ་བར་ནམ་སོན་རྡོ་རྗེའི་ཕྲག །གཞོམ་མེད་བསྲུང་བའི་རྫོང་ལས་བཟློག་བསད་མནན། །ས་སྐྱའི་བླ་ཆེན་སོག་འཛིན་ཁྱོད་ཉིད་ཙམ། །གུར་གྱི་མགོན་པོ་རྣམ་འཕྲུལ་ཁྲོ་བོ་བཅུས། །ཡོངས་བསྐོར་དུས་མཐའི་མེ་ཕུང་འབར་བའི་རྩེར། །ཡིད་སྲུབས་སྡེར་བཅས་རབ་བསྲེག་སྐྱེད་རིམ་གྱིས། །དགྲ་བགེགས་དཔུང་ཚོགས་མིང་གི་ལྷག་མར་བྱས། །གསང་སྔགས་བཟླས་བརྗོད་དབྱར་རྔ་བསྒྲགས་པའི་མོད། །ཟབ་དོན་ཆོས་ཀྱི་རྨ་བྱ་མངལ་སྦྲུམ་དང་། །ལྷན་ཅིག་བསྟན་འགྲོའི་བདེ་སྐྱིད་གཤོག་སྒྲོའི་གདུགས། །ཟླུམ་པོར་འཁྱིལ་བའི་ཟློས་གར་འདི་རྨད་(༢༦༣བ)


GLG019_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །ཕྱི་རོལ་དམ་ཅན་རྩ་ཁམས་མེ་ལོང་དུ། །ཡོངས་གསལ་སེམས་སྣང་དོན་གྱི་ནག་པོ་ཆེ། །དགྱེས་མཛད་འཁོར་ལོའི་མགོན་ལས་གཞན་མིན་པར། །ཡེ་ཤེས་རང་ངོ་འཕྲོད་པས་གྲུབ་མཐའ་སྙོགས། །དཀྱིལ་འཁོར་རྒྱ་མཚོའི་འབྱུང་གནས་བཀའ་འགྱུར་བའི། །རིགས་དང་ཆོས་ཀྱི་སྐུ་ཡི་དཔོན་གྱུར་ཁྱོད། །ཚར་ཆེན་བླ་མའི་རིང་ལུགས་སྤེལ་བ་ལ། །སྙིང་པོའི་མཚན་ཅན་བྱིན་རླབས་མངོན་ཞུགས་སྙམ། །གུར་རྒྱན་དགོངས་དོན་གྲངས་བཞིན་ཉེར་བསྙེན་པས། །ལྷག་པའི་ལྷ་མཆོག་གྲུབ་མཚན་གེགས་མེད་དུ། །ཡོངས་རྙེད་རྒྱལ་རྔ་བརྡུང་དང་ཆབས་ཅིག་པར། །དཀར་པོ་ཆོས་ཀྱི་བ་དན་སྲིད་རྩེར་འཕྱར། །སླད་མར་གཉན་ལོའི་ཐུགས་ཀྱི་བདུད་རྩིའི་བཅུད། །ཙ་ཏུ་རྨུ་ཁའི་ཚེ་སྒྲུབ་སྲུང་འཁོར་སོགས། །ཟབ་ལས་ཆེས་ཟབ་ལྷ་སྔགས་ཡེ་ཤེས་ཀྱི། །རྣལ་འབྱོར་མཆོག་ལ་གཞོལ་པར་གཅིག་ཏུ་བསྐུལ། །དམ་པའི་བཏུང་བར་འོས་པ་རྐང་འཐུང་གི །ལོ་མའི་རྩེ་མོར་ཉེར་སོན་བམ་བོ་ལ། །ཐུན་མཚམས་རྒྱས་སྤྲས་དབོ་ཟླའི་དཀར་ཆ་ཡི། །རྒྱལ་བ་དང་པོའི་ཚེས་ལའི་ཁི་ཏ་མ། །ས་ལུག་གི་ལོ་སྔ་འགྱུར་གསུང་རབ་སྤྱི་དང་ཁྱད་པར་སྙིང་ཐིག་གི་རྟོགས་པ་ཀློང་དུ་གྱུར་པའི་ཁམས་པ་རྫོགས་ཆེན་པའི་འཕྲིན་ལན་ཀུན་བཟང་(༢༦༤ན)


GLG019_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དངོམ། ནོ དྷུ ཏཱི སོ ཙི ཏ ཀྵེ ཏྲ བྷཱུ མྱ རྡྲ ཏཱ ཤྲཱུ ཏ ཀོ བདྷྱཱ ན སཱ དྷ ནྱ ཀཱ པྟཱ པྟི ནཱ། དྷཱ ཏུ ཀོ རྡྷཾ མ ཧཱ པྟེ གུ རོ རླེ ཁ ཡུ བྫཱ བུ དྷ ྉྤ ཎྱ ཀ ཏྱཱ ནུ བྷཱ བེ ན ཧཱི། དལ་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)འབྱོར་རྟེན་བཟང་ཞིང་ས་གཤིན་པོ་ལ། །ཐོས་པའི་ས་བོན་བསམ་སྒོམ་དྲོད་གཤེར་གྱིས། །ཡོངས་སྨིན་དོན་ལྡན་སྙེ་མ་གཡུར་ཟ་བ། །ཁམས་སྟོད་རྫོགས་ཆེན་བླ་མའི་འཕྲིན་རྟེན་སོན། །ཚེ་རབས་མང་གོམས་ལེགས་བྱས་མཐུ་བོ་ཆེས། །ཐེག་པ་ཀུན་གྱི་རྩེ་རྒྱལ་ཨ་ཏི་ལ། །བཟང་པོའི་བག་ཆགས་སད་ཁྱོད་ལྕེ་བཙུན་གྱི། །རྗེས་སུ་བསྙེག་ཆེད་རིང་པོར་འཚོ་བ་བཞིན། །འདི་ན་མདོ་རྒྱུད་ཐ་སྙད་གཞུང་འགྲེལ་འགར། །སྦྱངས་སྟོབས་ལྷོད་པོས་བགྲོད་པའི་གཉིས་མཐུང་བདག །བརྩོན་པས་རྩེ་གཅིག་སྒྲུབ་ལ་མ་བསྒྲིལ་བས། ཁ་བཤད་ནེ་ཙོའི་སྨྲ་བ་ཁོ་ནར་ཟད། །ཉམས་མྱོང་ལ་བའི་རྒྱུ་སྤུན་མེད་བཞིན་དུ། །གཞན་རྟོགས་(༢༦༤བ)


GLG019_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་སེལ་བོགས་འདོན་འཇམ་ཕྲུག་ཐགས། །སོམ་ཉིའི་གྲང་རེག་བསལ་ལ་ཡིད་བརྟོན་པར། །རུང་བའི་ཤ་གོས་མཁའ་དབྱིངས་པདྨའི་གྲོགས། །ན་ཚོད་ཕྲ་ནས་སྲིད་བདེར་མ་ཞེན་པར། །གཏན་འདུན་བསྒྲུབ་བློའི་རྩ་བ་སྦོམ་པོའི་ཤིང་། །སྨིན་གྲོལ་བགྲང་ཡས་ཐོས་པའི་ཡལ་འདབ་རྩེར། །ཉམས་ལེན་རོ་བདེའི་འབྲས་ལས་མཆོག་གཞན་གང་། །སུམ་ཅུའི་ཡོངས་འཛིན་ཨུ་དུམ་ཝཱ་རའི་འཕྲེང་། །ཐོད་བཅིངས་ཁྱད་པར་ཆོས་རྒྱལ་ལྷ་གྲལ་ནས། །སྙིང་ཏིག་བདུད་རྩིས་ངོམས་པའི་སྒྲ་གཅན་ཁྱོད། །ཐར་ལམ་སྲོག་གི་ཀ་བ་གཅིག་ཏུ་ཚུགས། །མཁའ་སྤྱོད་ཨོ་ཌི་ཡ་ནའི་གསང་མཛོད་དང་། །དབྱེར་མེད་པདྨཱ་ཀ་རས་སྒྲུབ་པའི་ཁང་། །མང་པོར་ཏིང་འཛིན་མི་གཡོ་གཡར་དམ་གྱིས། །གནས་ཀྱི་གང་ཟག་བརླབས་པ་གདོན་མི་ཟ། །ལོ་གསུམ་འདབ་སྦྱར་བུག་སྒོ་ཙམ་བསྟེན་པར། །མཚར་དུ་རྩི་ན་བགྲང་བྱ་བཅོ་ལྔའི་བར། །རྩེ་གཅིག་བསྒྲུབ་ལ་རབ་བརྩོན་ངང་ཚུལ་དང་། །ལྷ་རྣམས་མཁའ་ངོས་ལེགས་གསོའི་མེ་ཏོག་འཐོར། །ལོངས་སྐུའི་ཞིང་མང་མྱུལ་བ་ཐོད་རྒལ་གྱི། །དཀར་སེར་ཁྲ་མུན་སྒྲོན་མ་དྲུག་གི་གནད། །ནན་ཏན་བགྱིད་ཁྲོད་རང་རིག་ཀུན་ཏུ་བཟང་། །རང་ཞལ་མཐོང་བའི་བར་དུ་དར་ཡོལ་ཙམ། །ཆོས་ཉིད་མངོན་སུམ་ཕ་མཐར་ཕྱིན་པ་དིང་། །དཀོན་ན་གོང་འཕེལ་སྣང་བ་ཡོངས་ཤར་གང་། །སྔ་འགྱུར་ནགས་ཀླུང་སྟུག་པོ་འཁྲིགས་པའི་དབུས། །སྔོན་མེད་ཡོངས་འདུའི་ལྗོན་པ་ཁྱོད་དུ་ངེས། །(༢༦༥ན)


GLG019_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཕེབས་རྫོགས་ན་ཆོས་ཉིད་ཟད་ས་རུ། །འཁྱོལ་ལ་ཧ་ཅང་མི་རིང་ཕ་རོལ་ན། །སྐྱོན་བྲལ་ཡོན་ཏན་ཀུན་ཚང་རང་གི་སེམས། །ཁྱབ་བདག་རྡོ་རྗེ་འཆང་དུ་བཏགས་པ་ཡོད། །དེ་ཕྱིར་སྔ་འགྱུར་གྲུབ་བརྙེས་ཆེས་མང་བ། །ཕུང་པོ་འོད་སྐུར་གྲོལ་མོད་ཆེར་སྙིགས་དུས། །ཉིན་མོའི་སྐར་ལྟར་དཀོན་ཀྱང་མི་འབྱུང་མཐའ། །མ་བཀག་སྒྱིད་ལུག་མེད་པར་འབད་པས་སྒྲུབས། །རྟོག་པ་ཡོད་ན་ལྟ་བ་མིན་སྨྲ་དང་། །ཞི་གནས་མི་གཡོ་ལྷག་མཐོང་ཉ་ལྟར་འཁྱུག །སེམས་གནས་ལྟེམ་པོ་སྤྲོས་བྲལ་དངོས་འདོད་སོགས། །ས་དགེ་དྭགས་བརྒྱུད་གྲུབ་མཐའི་རིགས་མང་མོད། །དགག་སྒྲུབ་བླང་དོར་བྲལ་བ་རང་ཤར་བར། །ཅེར་གྱིས་བལྟས་པའི་མཚོ་རླབས་མཁའ་སྤྲིན་བཞིན། ཁྱབ་གདལ་གདོད་མའི་གཤིས་ལུགས་ཆོས་ཀྱི་དབྱིངས། །འཕོ་འགྱུར་བྲལ་བ་མཉམ་རྗེས་གཉིས་མེད་ལམ། །བཟང་ངན་རྟོག་པའི་འཕྲོ་འདུ་ཇི་སྙེད་ཚོགས། །ཤར་གྲོལ་དུས་གཅིག་བྱུང་ཚེ་འཁོར་ཡུག་ཏུ། །ཀ་དག་ཡེ་གྲོལ་ཀློང་དུ་ཡོངས་འབྱམས་ལས། །གནས་འཕྲོར་བལྟོས་མིན་སྣང་ཚད་ཆོས་ཀྱི་སྐུ། །དགའ་རབ་ཤྲཱི་སྲིང་པད་འབྱུང་བི་མ་ལ། །བཻ་རོ་སོ་ཟུར་གནུབས་ཉང་ལ་སོགས་པའི། །བཀའ་གཏེར་གནད་ལ་སྦྱངས་དམན་རྙིང་རློམ་འགས། །ཕྱག་རྫོགས་མ་ཕྱེད་སྲ་སྲེའི་ཆོས་སྐད་མང་། ཁྱོད་ཀྱིས་སྔོན་ཆད་བརྩོན་པས་ཉམས་བསྟར་ཀུན། །སྙིང་ཏིིག་སྙིང་(༢༦༥བ)


GLG019_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དགོངས་དོན་ཇི་ལྟ་བར། །མ་རྟོགས་ལོག་རྟོག་མེད་པ་རྣམ་དག་ལམ། ཁོ་ནར་སོང་བའི་ཚུལ་ལ་གཅིག་ཏུ་རངས། །ཀྲྀ་ཀྲིའི་རྨི་ལྟས་དུས་བབ་ཆོས་གཟུགས་སྤྱོད། །ཚོན་རིས་སེམས་ཀྱི་ཤེལ་ངོས་ཤར་བ་ན། །དོན་ཆུང་གཡེང་བའི་གཟེབ་ཚུད་ཐོས་བསམ་དང་། །སྒོམ་པའི་གླེང་མོ་མ་ཕྱེད་སྐལ་བ་ཕྲ། །འོན་ཀྱང་ལྗོངས་འདིར་བགྲོད་དུས་ཤར་ཚོད་རྣམས། །མོལ་མཆིད་འོང་བར་མ་ཟད་སྔ་འགྱུར་བསྟན། །འཛིན་ངེས་གདུང་གིས་བཙུན་དང་སྐྱེས་རབས་ཀྱི། །འཕྲེང་མཛེས་མང་པོར་གཏུགས་པས་སྒྲོ་འདོགས་ཆོད། །ཚེ་འདིའི་འཁྲི་བ་བཅད་ནས་ཉམས་ལེན་ལ། །དྲིལ་དོན་གཞན་ཕན་སེམས་བསྐྱེད་ཀྱིས་ཟིན་ཕྱིར། །སྐལ་ལྡན་སྨིན་གྲོལ་བཀོད་པའི་བསོད་ནམས་ཚད། །ཆུ་གཏེར་ཆིག་གུས་བགྲངས་ཀྱང་གཞལ་ནུས་མིན། །སླད་མར་རྩེ་གཅིག་སྒྲུབ་པ་ཀུན་བཟང་གི །རྣམ་འཕྲུལ་མཆོད་སྤྲིན་རྩ་གསུམ་སྤྱན་སྔ་རུ། །ཉེར་སྤྲོའི་དམ་བཅའ་བརྟན་པོ་མ་བཏང་ངོས། །གླེང་འོས་མཐོ་རིས་ཆུ་བོ་ཚད་མེད་ཀྱིས། ཁྱོད་མིག་དྲི་བྲལ་མཁའ་དབྱིངས་ཟླ་བའི་ངོས། །ཕྱག་མཚན་སྐུ་གཟུགས་རི་མོ་ཡོངས་བཀྲ་བ། །མཚོན་བྱེད་བཀྲ་ཤིས་དར་དཀར་ཐུན་མཚམས་རྒྱས། །བཏབ་པ་ཆུ་སྟོད་ཀྱིས་ཉའི་དམར་ཆར་བྲིས། །ས་མོ་ལུག་གི་ལོ་འབྲི་གུང་སྤྲུལ་སྐུ་རིན་པོ་ཆེས་གཏེར་སྒྲོམ་དུ་ཚེ་ཆོག་དང་རྡོ་རྗེ་གྲོ་བོ་ལོད་ཀྱི་སྦྱིན་སྲེག་གནང་ནས་ཕྱིར་ཕེབས་སྐབས་ཆབ་ཤོག་བྱུང་བའི་ལན་བགྲང་ཡས་ཞི་ཁྲོའི་རོལ་གར། (༢༦༦ན)


GLG019_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

པྲ ཀྲི ཡཱ དི ཏྭ དྷ རྨ སྱ ཀཱ ཡེ ཧི ཤཽ དྡྷཱ ཏུ དྷེ བྷོ གཀཱ ཡོ ད ཡེ ནྡཱ བྷ ནུ།ཿ། ས རྦ བི ཥྞཱ ར བྷཱ བཱ བ བྷ སྣི རྨ ནཱ རྟཱ ཡ ཀཱུ ལཱ ལ ཙཱ མུ རྡྷ བྷུ ཥྱེ ར དཱ། རང་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)རིག་གདོད་ནས་ཆོས་སྐུར་དག་པའི་གདངས། །མ་འགགས་ལོངས་སྐུར་ཤར་བའི་གཞལ་རིས་ཟེར། །ཀུན་ཁྱབ་འགྲོ་ལ་དངོས་སྣང་སྤྲུལ་པའི་གར། །བསྒྱུར་མཛད་རིགས་འཛིན་ཡོངས་ཀྱི་གཙུག་རྒྱན་དེར། །དཎྜིའི་གཞུང་ལུགས་ལས་འོངས་པི་ཝཾ་ཁོག །ཡངས་པོར་མཁྱེན་དཔྱོད་རྒྱུད་མངས་ཉེར་འཁྲོལ་བའི། །ཆབ་ཤོག་དར་དཀར་གྱིས་བཏེག་བྱ་མ་རྟའི། །འཇོ་སྒེག་དྲི་ཟའི་བུ་མོར་སྐྱེངས་པ་སྟེར། །བགྲང་ཡས་ཞི་ཁྲོའི་ལྷ་སྔགས་ཡེ་ཤེས་ཀྱི། །རྣམ་རོལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེས། །ཚུར་མཐོང་བྱིས་པའི་འཁྲུལ་ངོར་གཞོམ་ཞིག་སྐྱོན། །བྲལ་དེ་སྤྱི་དང་བྱེ་བྲག་བསྟན་འགྲོའི་གསོས། །ནེའུ་ཙོའི་ཀློག་འདྲའི་ངང་དུ་རྒན་པོའི་གྲལ། །(༢༦༦བ)


GLG019_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

ཚུད་དག་གཅིག་ཏུ་སྒྲུབ་ལ་གཞོལ་འོས་ཀྱང་། །ད་དུང་རྣམ་གཡེང་ཆུ་གཉེར་རྗེས་འགྲོ་འདིས། །རྙེད་དཀའི་དལ་འབྱོར་སྟོང་པར་ཟད་ཀྱིས་དོགས། །དྲག་པོའི་འཕྲིན་ལས་སྒྲུབ་གནས་གཏེར་སྒྲོམ་དེར། །འཆི་བདག་གཡུལ་ཚོགས་བཟློག་པའི་ཆོ་ག་དང་། །གནོད་བྱེད་འབྱུང་པོའི་སྡེར་བཅས་མ་དཔལ་རྩེར། །བསྲེགས་ཚེ་པདྨ་ཀ་ར་དངོས་བྱོན་ཏམ། །མཇིང་ཡོན་ལྷ་སྲས་གནམ་ལྕགས་མེ་འབར་གྱི། །ཡང་སྲིད་ཆོས་གྲགས་བྱིན་རླབས་ཐུགས་ཀློང་ནང་། །ཞུགས་ཁྱོད་སྔ་འགྱུར་བསྟན་ལ་མངལ་སྐྱེས་ཀྱི། །ཨཽ་ཌི་ཡ་ནའི་སློབ་དཔོན་གསར་བྱོན་བཞིན། །སྙན་གྲགས་ལྷ་ཡི་གཎྜི་ཆེར་བརྡུངས་སྒྲ། །སྲིད་པའི་རྩེ་མོར་བསྒྲགས་ཚེ་མིག་མི་འཛུམ། །ཕལ་ཆེར་རྒྱུ་སྐར་ཟོལ་གྱིས་དབུ་རུའི་ཆའི། །མཁའ་ངོས་བགྲོད་ལ་གཅིག་ཏུ་བྲེལ་ལམ་སྙམ། །སྟག་ཆེན་རླུང་ལྟར་འཕྱོ་སྟེང་གར་དགུའི་ཉམས། ཡོངས་བསྒྱུར་རྡོ་རྗེའི་ཕུར་མཚོན་གཟས་པའི་རྩེར། །ཡིད་སྲུབས་སྙིང་དེ་བརྒྱ་ཕྲག་བཀས་ན་ཡང་། །ད་རུང་མི་འཛད་སྐྱེ་རྒུའི་ལས་ཉོན་སྐྱོན། །འཇམ་དཔལ་ཚེ་བདག་ཧོཾ་ཁུང་གདངས་ཞལ་དུ། །ལོག་པར་འདྲེན་ནོ་ཅོག་ཆུར་ཁྲག་དྲོན་གྱི། །དབུ་བ་འཁྲིགས་པའི་བར་ནས་འགྲོ་ཀུན་ལ། །རྗེས་ཆགས་སྙིང་རྗེའི་ཚེམས་ཕྲེང་གཅིག་ཏུ་དཀར། །རིགས་གསུམ་འདུས་པ་དུག་སྡོང་ནག་པོ་ཡི། །ལྟོ་བར་འཇིག་རྟེན་གཏམས་པས་མ་ཚིམས་པར། །ལྗང་དམར་ནག་པོའི་ཁྲོ་ཞལ་ཚངས་རིས་ལས། །བརྒལ་ཚེ་བལྟ་ཕྱིར་མེས་པོས་གདོང་བཞི་སྤྲུལ། །དྲང་སྲོང་དམོད་པའི་ཐལ་བརྡབས་གཅིག་གི་བར། །སྡེ་བརྒྱད་(༢༦༧ན)


GLG019_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྒྲོ་མགར་གྱིས་སོལ་མལ་ལྟར། །གྱུར་ཚེ་རྒྱལ་བས་ལུང་བསྟན་མྱ་ངན་མེད། །སྤྲུལ་ལས་སླར་ཡང་ཡང་སྤྲུལ་མཆེད་པོར་དོགས། །དེ་ཙམ་བློ་དམན་འོག་འགྱུའི་འཆར་སྒོ་སྟེ། །ཞི་ཁྲོ་ཀུན་འདུས་ཆེ་མཆོག་ཧེ་རུ་ཀར། །བཞེངས་ལ་མ་ཚང་སྲས་བཅས་རྒྱལ་བ་ཡི། །རྣམ་འཕྲུལ་ཚང་མས་གཞལ་ཀྱང་དམིགས་སུ་མེད། །དྲེགས་ལྡན་བླུན་པོས་གཙུག་མཆོད་ལྷ་སྲིན་གྱིས། །ཆེར་བསྔགས་དངོས་པོའི་གཏོང་ལེན་གཞལ་འདྲིད་མཁན། །བླ་ཆེན་ཕལ་གྱི་ངང་ཚུལ་ཁྱོད་ཉིད་ཀྱི། །རྣམ་ཐར་མཐོང་བས་ཆུ་ཤིང་སྙིང་པོར་འཁུམས། །ཆེས་དཀོན་ཐེག་མཆོག་སྙིང་པོའི་འཕྲིན་ལས་རྒྱུན། །འཁོར་བའི་མཐའ་རྙེད་སྐལ་བཟང་གདུལ་བྱའི་དོན། །སྐུ་སྲོག་གཡུང་དྲུང་ཉ་ཕྱིས་ཁོག་ཡངས་པོར། །ཚེ་ཡི་མུ་ཏིག་ཕྱུར་བུར་ཁེངས་གྱུར་ཅིག །ནམ་ཡང་མི་བསྐྱུད་བཀའ་མཆིད་མཐོ་རིས་ཆབ། །མཁྱེན་རབ་གསེར་མངལ་ཅན་གྱི་རལ་ཀླུང་ནས། །བབས་པའི་ལེགས་བཤད་དབུ་བའི་དོ་ཤལ་ཕྲེང་། །མིང་ཚིག་ཡི་གེ་གངྒཱའི་འགྲོས་བཞིན་ཞུ། །དཀར་མཛེས་ལུས་ཕྲའི་སོར་མོས་མ་བཏགས་ཤིང་། །དཀར་གསལ་སྟོན་ཟླ་ཞུན་མ་འཁྱིལ་མིན་པར། །དཀར་འཇམ་རེག་བྱའི་ཁྱད་ཆོས་ཁ་རྫར་ཅན། །དཀར་ཕྱོགས་ཨེ་ཡིག་ཤར་ཚེ་རྒྱས་སྤྲས་ཏེ། །སྐྱུ་ར་གནམ་གྱི་སྔགས་འཆང་རིམ་བྱོན་ལས། །པདྨའི་རྒྱལ་ཚབ་རིན་ཆེན་ཕུན་ཚོགས་སོགས། །རིགས་འཛིན་ནོར་བུའི་ཕྲེང་ལྟར་ཆད་མེད་ཀྱི། །མདུན་སར་དང་བས་ཕུལ་བ་ཛ་ཡནྟུ། །ས་ལུག་ཚོང་འདུས་ནས་ཆོས་སྐྱོང་བཤན་པ་བྱ་ཁྲིད་མ་གཅིག་(༢༦༧བ)


GLG019_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྡེ་པའི་ཁྲི་འདོན་གྱི་ལེགས་སྤེལ་དུ་ཚན་གྲངས་བྱུང་སྐབས་དེ་ལན་ཆེད་གཉེར་མངགས་པའི་ཚེ་འཕྲིན་དུ་གསོལ་བ་བཀྲ་ཤིས་ལྷ་རྒྱལ། ཡིད་ཅན་ཡོད་དོ་ཅོག་གི་རྣམ་འདྲེན་ཆེ། །ཡང་སྒོས་གངས་ཅན་ལྗོངས་ཀྱི་ལྷ་གཅིག་པུ། །དྲན་པས་གདུང་སེལ་པད་འབྱུང་བཀའ་རྟགས་གཙུག །རབ་མཛེས་བཤན་པ་བྱ་ཁྲིད་མིག་གཅིག་དགོངས། །ལུང་བསྟན་གྱིས་ཟིན་མི་བདག་ཆུ་སྟོད་ཟླའི། །ཡར་ཚེས་དགའ་བ་གཉིས་པར་མང་བཀུར་ཁྲིར། །མངའ་གསོལ་ལེགས་སྤེལ་ཆེད་དུ་ཁོག་ཞུགས་རྟེན། །གསུང་འཕྲིན་ཚན་གྲངས་བཅས་ཏེ་འབྱོར་བས་སྤྲོ། །འདི་ན་དམ་པོའི་བཅད་རྒྱ་དང་འགྲིག་ཀྱང་། །སྣེ་ལེན་ངོ་སོ་ཐོགས་པའི་བདག་རྐྱེན་བྱས། །གོ་གསོལ་དུས་ཆེན་གྲ་བསྒྲིག་ཁྱད་སྔ་ནས། །རང་ཡུལ་མྱུར་བགྲོད་ཆོ་ག་སྔོན་དུ་བསྟར། །འགྲོ་མང་ལས་ཀྱིས་བསྐྲུན་པའི་དཀར་ནག་འབྲས། །སོ་སོར་སྨིན་པ་བཅོས་སུ་དཀའ་མོད་ཀྱང་། །ལྕགས་ཁམས་གསེར་འགྱུར་ཇི་བཞིན་བླང་དོར་ལ། །བརྩོན་ན་བདེ་སྐྱིད་སྒོ་འཕར་ཅིས་མི་འབྱེད། །དེ་ཕྱིར་ལྐོག་གྱུར་མངོན་སུམ་གསལ་བའི་སྤྱན། །དམར་ཟླུམ་ཕྱོགས་བཅུར་གཟིགས་ནས་ལེགས་སྤེལ་དང་། །ཉེས་སོལ་རྡོ་རྗེའི་ལུང་བསྟན་སྒྲ་བོ་ཆེ། །མགྲིན་བཏེག་ལྷ་རྒྱལ་དབྱངས་སུ་ད་འཚེར་ཞིག །ཨཽཌི་ཡ་ནའི་ཙན་དན་སྡོང་པོའི་འོག །ཞེ་དགུའི་ཞག་བར་མི་གཡོའི་སྐྱིལ་མོ་ཀྲུང་། །མཛད་པར་འགལ་བ་མེད་མོད་རིང་མིན་དུ། །ཁོག་ཞུགས་བསྟན་པའི་བྱ་ར་སྔོན་བཞིན་མཛོད། །དངོས་བཤམ་ཡིད་སྤྲུལ་མཆོད་པའི་བྱེ་བྲག་གིས། །ཐུགས་དམ་གཉན་པོ་སྐོང་ཕྱིར་རབ་འབུལ་ན། །དགའ་མགུར་རོལ་པ་འཕྲིན་(༢༦༨ན)


GLG019_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམ་པ་བཞི། །བསྒྲུབ་པའི་བཀྲ་ཤིས་ཡར་ངོའི་ཟླ་ལྟར་སྤེལ། །ས་ལུག་གི་ལོ་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་འཁོར་ཞག་དུས་སྙན་ཚིག་གི་ལམ་ནས་དྲངས་པའི་འཕྲིན་ཡིག་བྱུང་ལན་ཤེས་བྱའི་གནས་ཀུན་གསལ་བའི་མེ་ལོང་། ཏྭཾ གལེ བཱི ཎ པ ཪྻ ནྟ རཱ ཏཱ བ བྷ ཀྵཱ ར བཻ ཎ སྱ གཱི ཏ སྭ རི ཪྻེ ཁ ནཿ བི ཀྲ མ སྭཱ ར ཀཱ ངྒུ སྱ ཀེ ཏུ རྩ ཙོ དཻ ཪྶ ཙི ཏྟྱཾ རུ ཙཱ ཀི ན གུཔྟཱ ད ཧོ། ཁྱོད་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)མགྲིན་པི་ཝཾ་ཁོག་པ་ཡངས་པོ་ནས། །ཉམས་འགྱུར་རྒྱུད་མངས་འཁྲོལ་བའི་གླུ་དབྱངས་འཕྲིན། །རྣམ་དཔྱོད་དབྱངས་ཅན་སོར་རྩེས་བསྐུལ་བ་དང་། །ལྷན་ཅིག་རྟེན་གྱི་གདུ་བུ་ངོམ་དེ་མཚར། །ཚངས་པས་མཐའ་བཙལ་མ་རྙེད་ཟག་བཅས་མལ། །གཉིད་ལ་གཡུར་བྱེད་བསོད་ནམས་ཆུ་གཏེར་ལས། །ཉེར་ཐོན་ལང་ཚོའི་ཟླ་བ་ཡོན་ཏན་གྱི། །ཉ་གང་ལེགས་བཤད་བསིལ་ཟེར་འགྱེད་དེ་སྤྲོ། །འདི་ན་བསམ་སྒོམ་གཞོན་ནུའི་གར་མཁན་མ། (༢༦༨བ)


GLG019_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

།ཅུང་ཟད་ཐོས་པའི་གོས་ཀྱི་སྒྲིབ་གཡོགས་ཅན། །ཆོས་བརྫུ་བློ་བྲིད་མར་མེའི་ཁང་བཟང་ནང་། །རང་གཞན་ཕན་བདེའི་ཕྱེ་ལེབ་འདེབས་སམ་སྙམ། །འཁོར་རྩ་ཁྱིམ་ཐབ་དྲག་པོའི་དཀའ་ཐུབ་རྒྱ། །ངེས་འབྱུང་ལུས་མེད་འཇམ་མཉེན་མདས་ཕུག་པས། །བག་ཡོད་ཁྲིམས་ཀྱི་ཨུ་མ་དཀར་མོའི་བཞིན། །བསྟན་པའི་མོད་དེར་གཏན་མདུན་ནུ་ཞོ་འཛག །རབ་རྨོངས་གླང་གདོང་མཆེ་བ་ཉེར་ཕྱུང་སྟེ། །རྣམ་ལྔ་རིག་གཞུང་མདོང་མཐའ་ལ་ཞོན་ནས། །མཁས་མང་མིག་མི་འཛུམ་གྱི་གྲལ་བསྙེག་པའི། །མཆེད་པོ་ཁྱོད་ལས་གཞན་པ་དམིགས་སུ་མེད། །ལྕང་ལོའི་ཕྲེང་བ་རིང་དོར་དགེ་བའི་དབང་། །ཙནྡྲ་གོ་མི་དགེ་སློང་གཟུགས་གྱུར་ཏམ། །རྩོད་ངག་ཆོས་གྲགས་ཁེངས་ཕྲོག་འདི་གང་ཞེས། །ལྷུན་པོས་ཉི་ཟླའི་སྒྲོན་མེ་བཏེག་ནས་བལྟ། །སྲོག་འཚོའི་བདུད་རྩིར་གཞོན་ནུས་གསོས་ཀྱི་སྤུན། །རྒྱ་བོད་ཡི་གེའི་རིག་བྱེད་སམྦྷོ་ཊ། །སྡེབ་སྦྱོར་བརྡ་དག་ཀུན་ལ་ཞུས་ཆེན་གྱི། །སྔོན་བྱོན་སྐད་གཉིས་སྨྲ་བའི་རྗེས་འགྲོར་བྲེལ། །ཕྱི་ནང་གཞན་གསུམ་ཤེས་བྱེད་གྲུབ་པའི་མཐའ། །ལྐོག་གྱུར་དངོས་མཐོང་གཡུལ་ལས་རྣམ་པར་རྒྱལ། །སྤོར་ཐང་རྒྱ་ནག་མཁས་བཞེད་གཙུག་ལག་ཚོགས། །བལྟ་བའི་མིག་ཡངས་དེ་ཀོ་སུ་ཡིས་བསྐྲུན། །མངོན་བརྗོད་བཟོ་རིག་ཕྱག་ཚད་དབྱེ་བ་དང་། །དཔྱད་པ་བརྟག་ཐབས་ལུགས་ཀྱི་བསྟན་བཅོས་སོགས། །ཤེས་བྱར་སྲིད་འཇལ་བློ་སྣ་རིང་པོའི་དཀྱུས། ཁྱབ་འཇུག་གོམ་པ་གཅིག་གིས་དེས་ཀྱང་མིན། །སྡེ་སྣོད་རྒྱུད་སྡེ་བ་ཀུ་ལ་ཡི་ཁ། །ཐོས་བརྩོན་མཛེས་མའི་འགྲམ་ཆང་མངར་པོ་ཡིས། །ཕྱེ་ཚེ་ཆུ་(༢༦༩ན)
སྐྱེས་འཛུམ་བྱེད་ཉི་ཟླ་ཟུང་། །དལ་མེད་ནམ་མཁར་བགྲོད་པ་ངལ་བ་ཙམ། །གཡུ་རུ་བཟའ་ཤིང་ནགས་ཀླུང་རབ་འཁྲིགས་ཁྲོད། །རྣམ་མང་ཐོས་སྲས་འབྱོར་པར་འགྲན་ནུས་གླིང་། །ཕ་ཡུལ་སྐྱིད་པའི་གཞིས་དེར་བག་ཕེབ་ནས། །ཆེས་དཀར་དགེ་ལེགས་སྤྱོད་ཡུལ་གཅིག་ཏུ་ཡངས། །ཡིད་འོངས་ཁྱིའུ་ཆུང་ཡོངས་བསྐྱོད་སྔོན་འགྲོའི་སྒོར། །ལུས་ཕྲ་གཏོང་ལེན་གཉེན་གྱི་སྦྱོར་བའི་རྩིས། །ངན་བསྒྱུར་བཟང་པོར་སྤེལ་མཁས་བླ་མཁྱེན་དུ། །འཕྲུལ་རྒྱལ་ཀོང་རྩེའི་ཁེངས་པ་ཐུང་ངུར་བྱེད། །ལྷང་ལྷང་སྙན་པའི་གླུ་དང་དགའ་བའི་གར། །རྩེ་དགའ་ཁོང་དགོད་ཕུན་ཚོགས་དུས་སྟོན་ཆེ། །ཀུ་མུ་ད་ཡི་དཔལ་བཞིན་ཡ་རབས་ཀྱི། །བཟང་སྤྱོད་མི་ཆོས་གཙང་མའི་ངང་ཚུལ་འཇེབས། །དེ་ཕྱིར་ཨནྡ་རྙིལ་ཞུན་དབུ་འཕྲེང་རྒྱན། །པཀྵའི་ཆུ་ཀླུང་བུ་མོ་བརྒལ་དཀའ་བ། །མཁའ་མིག་ཞག་པར་ཅི་བདེར་བགྱིད་འོས་ཞེས། །སྨྲ་བའི་རོ་འཛིན་ཅུང་ཟད་བརྐྱང་མིན་ནམ། །རི་མོ་གཡས་སུ་ལེགས་འཁྱིལ་བའི། །མགྲིན་པ་སྐྱ་བ་ལྔ་པའི་དུང་། །སྙན་ཚིག་སྒྲ་དབྱངས་ཐོས་འཛིན་གྱི། །རྒྱན་དུ་ཡང་ཡང་བུས་ཤིག་གུ །ཀུན་རྟོག་འཁྲུལ་ངོའི་གཟུགས་བརྙན་རྣམས། །མངོན་སུམ་ཐགས་སུ་ཤར་འདྲ་བ། །རབ་དཀར་ཁ་ཚར་ཅན་འདི་ལ། །རྟགས་ཀྱི་མཚམས་སྤྲིན་མདངས་འོད་གསལ། །ཉི་མ་སྲང་གི་ཁྱིམ་སྤྱོད་པ། །དབྱུ་གུས་ཟླ་ཉ་ཕྱི་མའི་ཕྱོགས། །ཨཱུ་ཡིག་འཆར་བའི་ཚེས་དགེ་བར། །རྒྱལ་ཁབ་དམར་པོ་རི་ནས་བྲིས། །


previousརབ་བྱུང་བཅུ་གཅིག་པའི་ས་ལུག་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext