Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ལྕགས་སྤྲེལ་ལོ་གསར་(༢༦༩བ)


GLG019_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚེ་སྡིངས་པོ་ཆེ་སྤྲུལ་སྐུའི་འཕྲིན་ལན་ཤེལ་དཀར་ཚོན་རིས། སུ ཀྲྀ དྭི སྟ རཱ ནྟཱ བྷི མཱ བིན དྷྱ མ དྷྱེ བི ཅཱ རོ ར གམྱ སྱ སཽ མཱུ རྡྷ ཛི ཧྭཿ སུ སཱ མཱ ཤྭ སེ རྴ བྡེ གརྫི ཤྩ སཱ མ ནྱ ལེ ཁཱ བྷི མཱ ཎྱོ དྱ ཏ ཎྱ ཏ ཡུ ཀྟཾ། ལེགས་(སྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས་ལག་འགྲོ་ལྟུང་བ།)བྱས་གཏིང་མཐའ་མི་མངོན་ཆུ་གཏེར་དབུས། །རྣམ་དཔྱོད་ལྟོ་འགྲོའི་གདེངས་ཁ་མཛེས་པའི་ལྕེ། །སྙན་ཚིག་ཕུཊ་སྒྲ་སྒྲོག་དང་ཆབས་ཅིག་པར། །འཕྲིན་རྟེན་ནོར་བུ་དངོམ་འོད་དེང་འདིར་སོན། ཁ་བའི་རྡུལ་བརྩེགས་གོས་ཀླུབས་མརྐ་ཊ། །སུམ་ལྡན་ཁམས་ཀྱི་བགྲང་བྱའི་ཟླ་བཞིན་ངོས། །རྣམ་གསུམ་འཁོར་ལོའི་རི་དྭགས་གཟུགས་ཤར་བ། །ལངྐའི་ཕོ་བྲང་རྩིག་པར་འགྲན་གྱིས་དོགས། །གཞོམ་བྲལ་ཆོས་སྐུའི་ཀློང་དུ་སྐྱེ་རྒ་དང་། །ན་འཆི་དམིགས་སུ་མེད་ཀྱང་བྲོ་འཚལ་དིང་། །སྤྲིན་བྲལ་ཉི་ཟེར་ལྷོ་བྱང་ཕུག་པ་རུ། །འཆར་ལ་སེམས་མེད་ས་གཞི་དགོད་པས་འདར། །འདི་ན་མདོ་རྒྱུད་ཐ་སྙད་བཀྲག་པོ་ཆེས། །བྱིས་ཡིད་འདྲིད་པས་དྲུག་ཅུ་བརྒལ་ལོའི་མཐར། ཁྲིད་(༢༧༠ན)


GLG019_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དོན་མེད་ལོག་ལམ་མ་འཕྱན་པར། །ཐོས་བསམ་ལང་ཚོ་དར་བར་རང་བློ་བདེ། །དཀར་འཇམ་ཤོག་བུའི་པད་ཕོར་སྣོད་ཡངས་པོར། །ཤིས་བརྗོད་ཚིག་ཕྲེང་མེ་ཏོག་ཕྱུར་བུ་རུ། །ཉེར་སྤུངས་མགྲིན་པའི་སོར་རྩེས་འཐོར་བ་ལ། །མེས་པོའི་རིགས་བརྒྱུད་ཁྱོད་སྨིན་གང་གིས་འཛིན། །གསེར་རིའི་སྦུབས་ནས་ཉི་ཟླ་ཆད་མེད་དུ། །འཆར་བས་འདབ་མ་བཞད་འདོད་བ་ཀུ་ལ། །སྒུགས་སྡོད་སྙིང་ཐག་སྲིད་པའི་ཕ་མཐའ་རུ། །རྫོགས་མིན་ཚུལ་དེར་པད་དཀར་ས་མོས་འཛུམ། །རིག་བྱེད་རྫུན་གྱི་གདོང་བཞི་ལྡན་མང་ཡང་། །ངེས་དོན་ཟག་བཅས་མལ་དུ་སེམས་གནས་ལ། །བསྐལ་བརྒྱར་གཉིད་གཡུར་སྔོན་མེད་བྲཧྨ་ཎཿ། །གླིང་རས་བསྟན་པར་གཅིག་ཤར་རྀ་ཥིའི་སྤུན། །རྣམ་འདྲེན་མོས་པ་རབ་བྱོན་དགའ་སྟོན་པར། །གནམ་ལོའི་ཐོག་མར་སྭསྟི་བྷ་ཝནྟུའི། །སྙན་པོར་གཏམ་གྱི་པི་ཝཾ་རྣ་བའི་བཅུད། །འཕྲོག་བྱེད་ཞབས་བསིལ་བཞིན་དུ་རྟག་སྦྲེངས་ཤིག །ནམ་མཁའི་ངོ་བོ་ཉེར་སྟོང་ལི་ཁི་ཏ། །ལྷ་རྫས་ཁ་རྫར་ཅན་གྱི་སྟེང་བཞག་ནས། །རིག་པའི་འབྱུང་གནས་གཡོ་རུ་གྲ་ནང་དུ། །དབྱངས་ཀྱི་རྒྱལ་པོ་ཨུ་ཡིག་ཤར་ཚེ་སྤེལ། །ལྕགས་སྤྲེའི་ལོ་སྟོབས་ཀྱིས་འཁོར་ལོས་སྒྱུར་བ་འཇམ་དབྱངས་གོང་མ་རྒྱལ་པོའི་ཡན་ལག་བཞི་པའི་དཔུང་གི་ཁ་ལོ་བསྒྱུར་བ་ཙམ་གྱིས་ལོག་པར་འཁུ་བའི་རྐུན་མཐུ་སན་གུ་སྡེ་བཅས་མིང་གི་ལྷག་མར་གྱུར་བའི་ཚེ་ལེགས་སྐྱེས་འབུལ་བའི་ཐོག་མར་བཀྲ་ཤིས་པའི་གླུ་དབྱངས་སྔོན་འགྲོའི་ཞུ་ཡིག་དང་བཅས་བསམ་བློ་རབ་འབྱམས་པ་ཚུལ་ཁྲིམས་རྣམ་རྒྱལ་དང་བློ་བཟང་ཚེ་རིང་མངགས་སྐབས་ཕུལ་བའི་ཞུ་ཡིག་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གཏམ་སྙན། །ཚེ་རིང་གནམ་གྱི་ཤེ་(༢༧༠བ)


GLG019_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

མོང་གི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་གནམ་སའི་དབང་ཕྱུག་འཇམ་དབྱངས་གོང་མ་རྒྱལ་པོའི་དྲུང་དུ། དབྱར་དུས་ཀྱི་ཆར་རྒྱུན་ཟད་མི་ཤེས་པས་འཛིན་མའི་ཁོར་ཡུག་མཐའ་དག་ཉེ་བར་བརླན་ཏེ་ཕྲ་མོའི་རྡུལ་ཙམ་ཡང་ལྡང་བ་མེད་པའི་སྟོན་གྱི་དགའ་སྟོན་ལ་བབ་པའི་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་ལྟར་དཀར་བ་གསལ་བའི་དགའ་སྤྲོའི་ཡིད་ཀྱིས་ཀུན་ནས་བླངས་ཏེ་དབང་པོའི་ཕྱོགས་དེར་འདུད་དེ་བདུག་སྤོས་འབུལ་ཞིང་མེ་ཏོག་འཐོར་བ་དང་བཅས་ཡོངས་ལ་སྔོན་འགྲོ་འགོག་མེད་དུ་བྱེད་པའི་ཆོ་ག་བསྟར་ཏེ་གསོལ་བ། གཟོད་མ་ཉིད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བགྲང་དུ་མེད་པ་འདུ་བགྱིས་པའི་རྒྱལ་བའི་སྲས་པོ་འཇམ་མགོན་ཟུར་ཕུད་ལྔ་པ་གདུལ་དཀའི་སེམས་ཅན་རྣམས་རྗེས་སུ་ཆགས་པའི་བརྩེ་བ་དང་། སྙིང་སྟོབས་ཕུལ་དུ་བྱེད་པའི་སྨོན་ལམ་གྱིས་མངོན་པར་བསྐུལ་ཏེ་ཐུགས་རྗེ་དང་འཕྲིན་ལས་ཀྱི་འཇུག་པ་དུས་ལས་མི་ཡོལ་བར་གནམ་ཀ་བ་མེད་པའི་མཐོངས་ནས་བབས་ཏེ་འཛམ་གླིང་ཡོངས་ཀྱི་ལྷ་གཅིག་པོར་མང་པོས་བཀུར་བའི་རྒྱལ་ཁམས་གསེར་འབྲུག་སྡེར་མོ་ལྔ་པས་བཏེག་པའི་ཁྲི་ཆེན་པོར་ཞབས་ཟུང་གི་པདྨ་རྣམ་པར་བཀོད་དེ་མཐའ་ཀླས་པའི་གཙུག་ལག་དང་སྒྱུ་རྩལ་གྱི་ཚུལ་ལ་བྱང་བའི་བློ་གྲོས་ཀྱི་མཐུ་དང་། རྒྱལ་པོའི་རིགས་ཀྱི་ཆེ་བས་ཉི་འོག་གི་དྲེགས་ལྡན་མཐའ་དག་ཟིལ་གྱིས་གནོན་པ་རྡོ་རྗེ་རིན་པོ་ཆེའི་རྒྱན་ཁྱད་པར་དུ་གྱུར་པའམ། ཡིད་བཞིན་དབང་གི་རྒྱལ་པོ་ལྟར་སྲིད་ཞིའི་ལེགས་ཚོགས་ཀུན་གྱི་འདོད་འཇོར་བཞུགས་པ་ནི་དངོས་པོའི་གཤིགས་ལུགས་ཉིད་ལས་གཞན་དུ་ཅི། འདི་ནའང་ལུས་ཅན་མཐའ་དག་གི་མགོན་དང་། སྐྱབས་དང་(༢༧༡ན)


GLG019_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་དང་། དཔུང་གཉེན་དམ་པར་གྱུར་པ་འདྲེན་པ་མཉམ་མེད་ཤཱཀྱ་སེང་གེའི་བསྟན་པ་རིན་པོ་ཆེ་བླ་ནས་བླར་འདེགས་པའི་ཁུར་ཕྲག་པར་བླངས་པའི་གྲིབ་བསིལ་དུ་རྒྱུད་ལྔའི་ཡིད་ཅན་རྣམས་ངལ་གསོ་བར་སྨོན་པའི་ལྷག་བསམ་དཀར་བར་གནས། ཉེ་ལམ་ཆེད་དུ་འབུལ་བའི་སྙིང་པོ་གནམ་དང་སའི་དཀྱིལ་འཁོར་ཀུན་ལ་དབང་ཕྱུག་པས་སྲིད་ཞིའི་བྱེད་པོ་ཚངས་པ་མིའི་གཟུགས་སུ་རྣམ་པར་རོལ་བར་འབངས་ཕྲ་མོས་རྒོལ་བའི་ཀླན་ཀའི་སྐབས་ཅི་མཆིས་ཀྱང་། བར་སྐབས་སུ་མ་ཧཱ་ཙི་ནའི་ལྷོ་ཕྱོགས་ཀྱི་ཡུལ་གྲུ་འགའ་ཞིག་ཏུ་བསོད་ནམས་མ་ཡིན་པའི་འབྲས་བུར་འུ་སན་གུའི་ངན་གཡོའི་འཁྲུལ་འཁོར་བརྩམས་པ་ཉི་མའི་འོད་དང་སྲིན་བུ་མེ་ཁྱེར་བཞིན་དུ་སཱུ་ཅིང་བཅུ་གསུམ་གྱི་ཡུལ་ཀུན་ཏུ་བཀྲ་ཤིས་དང་བདེ་ལེགས་སུ་གྱུར་པའི་གཏམ་རྣ་བའི་བཅུད་ལེན་དུ་སོན་པར་བརྟེན། གཙུག་ལག་བྱེ་བའི་སྒོ་འཕར་འབྱེད་པའི་མདུན་ས་ཆེན་པོར་ལེགས་སྐྱེས་ཀྱི་བདོག་པ་ཁྲ་ཤར་འབུལ་བར་བསམ་བློ་རབ་འབྱམས་པ་ཚུལ་ཁྲིམས་རྣམ་རྒྱལ་དང་བློ་བཟང་ཚེ་རིང་གཉིས་རྫོང་བདའ་ཞུས་པར། ལྷ་མིག་དག་པའི་སྤྱན་རས་ཀྱིས་ཉེ་བར་བཅའ་བའི་བསླབ་སྟོན་ཕེབས་ཚོགས་ཆུ་ཀླུང་ཆེན་པོའི་རྒྱུན་ལྟར་ཞུ། དྲག་པོ་ཞེས་པ་ལྕགས་ཕོ་སྤྲེའུ་ལོ་ཧོར་གྱི་ཟླ་བ་ལྔ་པའི་གྲལ་ཚེས་དགེ་བར་རང་བྱུང་འཕགས་པའི་གཞལ་མེད་ཁང་དམར་པོ་རི་ནས་ཕུལ་བའི་ཞུ་ཡིག །མས་དྲོ་ཆུ་བཟང་ནས་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་ཀྱིས་བྲིས་ཐད་བཞེངས་པའི་གསེར་རིས་ཀྱི་མཐུན་རྐྱེན་དགོས་ཚུལ་གྱི་འཕྲིན་ལན་ཐེག་མཆོག་རྩེ་མོར་སོན་པའི་རྒྱལ་རྔ། (༢༧༡བ)


GLG019_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

མུ ནྱ གཾ དེ ཤ ནཱ ཤྭཱ ཀ བྷཱ བེ ཀ དེ ཝོ ཙ ཀཻ ལཱ ཤ ཀུ བྫེ གྲི ཝོ ནི རྨ ཎ༔མ དྷ ཙོ ནྨ ན ཙི ཏྟ སྱ པུ ཏྲཱ གྲ གཏྱཱ གར ཏྣཱ ནཾ རཱ བྷོ གབི དྱཱ དྷ ར། ཐུབ་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)པས་ལུང་བསྟན་ཨ་ཤྭ་ཀ་ཡི་སྲིད། །གངས་ཅན་ལྷ་གཅིག་མཇིང་ཡོན་སྤྲུལ་པའི་གར། །དབུར་སྨྱོན་ཐུགས་སྲས་ལུང་རྟོགས་རྩེར་སོན་པ། །རིག་སྔགས་འཆང་བ་དཀོན་ཅོག་ལྷུན་གྲུབ་ཉིད། །དབུ་རུ་མཚན་མོའི་སྨག་རུམ་ཉེར་ལེན་ཟླ། །འཕེལ་འགྲིབ་ཟད་བྲལ་བདེ་བའི་ཆ་གང་ཞིང་། །རྣམ་གསུམ་འཁོར་ལོའི་འོད་དཀར་སྤྲོ་བ་ནས། །བློ་ལྡན་ཀུན་ད་བཞད་གཏམ་སྙན་པོར་བཅས། །དཎྜིའི་གཞུང་དངོས་ལྷ་པའི་དོན་གྱི་རྒྱན། །ཉམས་འགྱུར་རྒྱུད་དུ་དྲངས་པ་འཕྲིན་ཡིག་གི །རྟེན་བཟང་འཁོར་ལོ་གཉིས་ལྡན་སུ་ཝརྞ། །རྒྱ་ཡི་ལང་ཚོ་ངོམ་ཞིང་སོན་པས་སྤྲོ། །ན་རྒན་བྱིས་ཡིད་འཁྲུལ་སྣང་བཀྲག་པོ་ཆེས། །ཆོས་སྡེ་ཆེ་ཟུང་འདུན་སར་ཉེར་འཁྲིད་པར། །གཞན་ཕན་རློམ་པའི་(༢༧༢ན)


GLG019_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ནས་རྒྱལ་ཁབ་ཆེའི། །རང་གནས་ཁང་བུར་གཡེང་བའི་གཟེབ་ཏུ་ཚུད། །ཐ་སྙད་མདོ་རྒྱུད་སྤྲོས་པ་དབང་གཞུ་ལ། །བདེན་ཞེན་བྱིས་པའི་སྦར་མོ་མི་གདེང་བར། །ཕུང་པོ་འཇའ་ལུས་སྐུར་གྲོལ་རྫོགས་པ་ཆེའི། །བདུད་རྩིས་མྱོས་པའི་ལྷ་དེ་ཁྱོད་མིན་སུ། །ཡེ་དག་ཆོས་སྐུ་དམིགས་མེད་སྟོང་ཆེན་དབྱིངས། །ལྷུན་གྲུབ་མ་འགགས་གདངས་ཤར་གར་དགུའི་ཉམས། །རྣམ་རོལ་འཁོར་འདས་ཕྱག་རྒྱ་མ་ལུས་པ། །ཟིལ་གནོན་གྲུབ་པའི་རྣལ་འབྱོར་ཁྱོད་མཐར་ཕྱིན། །དྲང་སྲོང་དམོད་པའི་རྩེ་བརྒྱ་རབ་གདེངས་མོད། །བདུད་རིགས་ལྷ་མིན་མོའི་མངལ་ཅིག་ཅར་དུ། །ལྷུང་བའི་རྣམ་དཔྱོད་མིག་སྟོང་ལྡན་པ་གང་། །ཆུ་བཟང་རི་བོར་གནས་ཞེས་ལྷ་རྣམས་གླེང་། །ཏིང་འཛིན་སྔགས་རྒྱ་རྫས་ཀྱི་འཕྲུལ་པོ་ཆེའི། །སྒྱུ་མའི་རྟ་གླང་མེད་བཞིན་སྲོག་ཕྲལ་ལྟར། །ཆོས་ཀུན་སེམས་ཉིད་གཅིག་པུར་ངོ་འཕྲོད་ཚེ། །སྲིད་ཞིའི་བདེ་སྡུག་འཕྲུལ་སྣང་བག་ལ་ཞ། །དེ་འདྲ་བླ་མའི་དྲིན་གྱི་གོ་ཡུལ་ཙམ། །མཁས་ཁྱེད་སྙན་གྱི་བུ་རམ་མངར་ཆེད་ལས། །རྒྱུད་ཐོག་མ་སྨིན་རང་གི་ངང་ཚུལ་ལ། ཁྲེལ་ཡང་ད་དུང་ནེ་ཙོའི་སྨྲ་བར་ཟད། །སྙིང་དབུས་རིག་རྩལ་ཉི་ཟེར་ཆུ་སྒྲོན་སྒོར། །ཐོན་པར་ཞི་ཁྲོའི་སྐུ་གཟུགས་འབྱམས་ཀླས་ཀྱང་། །རས་བྲིས་སྣང་བརྙན་གཟིགས་མོར་གཡེངས་པའི་དཀྱུས། །རིང་པོར་བསོད་ནམས་ཚོགས་མཐར་རྫོགས་མིན་མཚར། །གསེར་སྦྱངས་ཞུན་མས་བཀྲག་མདངས་སྤེལ་བའི་རྒྱུར། །ཞོ་འཁོར་དོ་དང་བསྐུལ་རྟེན་ས་ལེ་སྦྲམ། །རིག་བྱེད་བཟོ་བོའི་གླ་ཡོན་མཐུན་རྐྱེན་དུ། །མཚམས་སྤྲིན་རྒྱ་ཡིས་ལང་ཚོས་མངོན་པར་འབྱུང་། (༢༧༢བ)


GLG019_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

། གངྒཱའི་ཡབ་གཅིག་གཙུག་ཏོར་རྩེ་མོ་ལས། །ཆུ་ཀླུང་བུ་མོ་སྙན་འཇེབས་གླུ་ལེན་པ། །ཚད་མེད་དངོས་པོའི་གཤིས་བཞིན་ཁྱོད་མགྲིན་ནས། །ལེགས་བཤད་གཏམ་གྱི་རྒྱུད་མངས་རྟག་འཁྲོལ་ཞིག །འཕྲིན་ཡིག་གཞན་གསོས་དབྱངས་ཀྱིས་བོས་པའི་མགྲོན། །ལྷ་རྫས་ཁ་ཚར་གཡོ་བའི་གོས་དཀར་ཅན། །དཔྱིད་ཀྱི་རྒྱལ་མོ་དབུ་རུའི་གསེར་ལྡན་ཆར། །གོམ་སྟབས་བསྐྱོད་ནས་རིག་འཛིན་འདུན་སར་སོང་། །ལྕགས་སྤྲེའི་ལོ་གོང་ནས་བཀའ་ཤོག་གནང་སྦྱིན་གྱ་ནོམ་པ་དང་བཅས་སྩལ་བའི་ཞུ་ལན་འབུལ་བར་ཤར་པ་ཆོས་རྗེ་དང་བསམ་གྲུབ་སྒང་པ་ངག་དབང་དཔལ་བཟང་བཏང་བའི་དུས་ཕུལ་བའི་ཞུ་ཡིག་སྐྱེ་རྒུའི་བསོད་ནམས་འཁོར་ལོ། ཚེ་རིང་གནམ་གྱི་ཤེ་མོང་གི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་གནམ་སའི་དབང་ཕྱུག་འཇམ་དབྱངས་གོང་མ་རྒྱལ་པོའི་དྲུང་དུ། ཛམ་བུ་པྲྀཀྵའི་ལྗོན་པས་མཚན་པའི་གླིང་ཆེན་པོའི་དབུས་ན་མངོན་པར་མཐོ་ཞིང་བརྗིད་པ་མང་པོས་བཀུར་བའི་རྒྱལ་ཁབ་ཕོ་བྲང་ཆེན་པོ་པི་ཅིང་གི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་ཟུང་གི་པདྨ་མངོན་པར་བཀོད་པ་ལྟ་བུ་ལ། ལྷའི་ལྷ་མིའི་དབང་ཕྱུག་དཔལ་ལྡན་འཇམ་དབྱངས་གོང་མ་ཆེན་པོ་ག་ལ་བའི་ཕྱོགས་དེར་སྡོམ་བརྩོན་སྡེ་སྣོད་གསུམ་པ་གང་གིས་ལུས་རབ་ཏུ་བཏུད་དེ་དྲི་ཞིམ་པོའི་བདུག་སྤོས་འཐུལ་ཞིང་མེ་ཏོག་གཏོར་ནས་གནམ་དང་ས་ཀུན་གྱི་ཁྱོན་ལ་དབང་ཕྱུག་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་སྐུ་ཚེ་ཉི་ཟླ་དང་མཉམ་ཞིང་རིགས་བརྒྱུད་ཆབ་འབངས་དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་བའི་བཀྲ་ཤིས་དགེ་མཚན་གྱིས་དུས་ཀུན་ཏུ་ཁྱབ་པར་གྱུར་ཅིག་ཅེས་ཤིས་པ་བརྗོད་པའི་ཚིག་སྔོན་དུ་བཏང་སྟེ་ཞུ་བ། གྲངས་(༢༧༣ན)


GLG019_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་བསྐལ་པ་ནས་ལེགས་བྱས་ཀྱི་ཚོགས་རླབས་པོ་ཆེ་ཚངས་པའི་ཡུལ་ས་ལས་ཀྱང་བརྒལ་བར་ནུས་པའི་ཕུང་པོ་བླ་ནས་བླར་འཕྱུར་བའི་རྒྱུ་དང་འཛམ་གླིང་སྐྱེ་རྒུའི་བསོད་ནམས་ཀྱི་མགོན་སྐྱབས་གླིང་དང་དཔུང་གཉེན་དུ་འཕགས་ཆེན་དམ་པའི་ཐུགས་བསྐྱེད་ཀྱི་སྨོན་ལམ་བཟང་པའི་རྐྱེན་ལ་བརྟེན་ནས་ལྷུན་གྱིས་གྲུབ་པའི་སྐུ་རིན་པོ་ཆེར་བརྒྱ་ཕྲག་ཉི་མའི་གཟི་བྱིན་འཕྲོག་པར་ནུས་པ་ལྷང་ངེ་ལྷན་ནེ་ལྷམ་མེར་གསལ། ཆ་ལུགས་སྤྱོད་ལམ་སྐད་རིགས་མི་གཅིག་པའི་འགྲོ་བ་རྣམས་ཀྱི་ཁམས་དང་མཐུན་པར་རབ་སྙན་གསུང་གི་རྒྱུད་མངས་ཚངས་པའི་དབྱངས་ལྟར་འཇེབས། རྡོ་རྗེ་རིན་པོ་ཆེ་ཕྲ་མོས་ཀྱང་རིན་པོ་ཆེའི་རྒྱན་ཕལ་པ་ཐམས་ཅད་ཟིལ་གྱིས་གནོན་པ་ལྟར་རྒྱལ་པོའི་བུ་ན་ཚོད་ཆུང་ངུས་ཀྱང་བློན་པོའི་ཚོགས་རྣམས་ཟིལ་གྱིས་གནོན་ན་ན་ཚོད་དར་ལ་བབ་པའི་བློ་གྲོས་ཚངས་པ་རྒན་པོའི་ངང་ཚུལ་ལྟ་བུར་འཛིན་པའི་མཁྱེན་པ་གཙུག་ལག་རྒྱ་མཚོར་འཇུག་པའི་གསང་གསུམ་རྒྱན་གྱི་འཁོར་ལོ་གཡུང་དྲུང་གི་རང་བཞིན་དུ་བརྟན་པར་བཞུགས་པ་ནས་གསེར་གྱི་ཞལ་སྒོ་ནས་ཉེ་བར་ཐོན་པའི་ལུང་བཟང་པོའི་བཀའ་ཤོག་གནང་སྦྱིན་གྱ་ནོམ་པ་དང་ཚེ་རིང་གནམ་གྱི་ཤེ་མོང་གི་བཀའ་རྟགས་པདྨ་ར་གའི་གཟི་འོད་འབར་བ་ཉམས་མེད་དུ་མཆོད་རྟེན་བླ་མ་བསྟན་འཛིན་དགེ་སློང་དང་ཕྱག་ན་རྡོ་རྗེ་གཉིས་ལ་གནང་བ་སུག་པར་སོན་པས་གསེར་ཞལ་དངོས་སུ་མཐོང་བ་ལྟ་བུའི་དགའ་བདེ་དྲང་སྲོང་བསམ་གཏན་གསུམ་པའི་ངང་ཚུལ་ལ་འགྲན་པར་གྱུར། འདིར་གནས་དགེ་སྦྱོང་རྒན་པོའང་འཕེལ་འགྲིབ་ཟད་པའི་མཐའ་དང་བྲལ་བའི་(༢༧༣བ)


GLG019_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཕུང་སིམ་པའི་ཚོར་བ་མྱོང་ཞིང་། ཆེར་སྙིགས་གདུལ་དཀའི་འགྲོ་བ་འདུལ་བར་ཐུགས་རྗེའི་མཐུ་དཔུང་ལྷག་པར་ཆེ་བ་བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱ་སེང་གེའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་སེམས་ཅན་ཀུན་གྱི་བསོད་ནམས་ཀྱི་ཞིང་དུ་སྤེལ་བར་སྤྲོ་བ་དང་བརྩོན་པ་ཕན་ཚུན་འགྲན་པའི་ངང་དུ་གནས། སེམས་ཅན་ཐམས་ཅད་ལ་རྒྱུ་མེད་པར་མ་འདྲིས་པའི་བྱམས་བརྩེ་དང་ལྡན་པ་ནི་ས་ཆེན་པོ་ལ་གནས་པའི་རྒྱལ་སྲས་རྣམས་ཀྱི་ངང་ཚུལ་ཡིན་པས་འཇམ་དབྱངས་རྒྱལ་པོའི་སྲིད་པ་འཛིན་པ་གང་གིས་ཡངས་པའི་རྒྱལ་ཁམས་མཐའ་དག་བདེ་སྐྱིད་ལ་བཀོད་པ་ལྟར་སྐྱེ་རྒུ་མ་ལུས་པ་རྗེས་སུ་འཛིན་པའི་རྣམ་པར་ཐར་པ་ལས་མ་འདས་པས་བདག་སོགས་རྣམས་ཀྱིས་ཆེད་དུ་གསོལ་བ་ལ་བལྟོས་པ་མིན་ཀྱང་སའི་དབང་ཕྱུག་ཆེན་པོའི་ལེགས་བྱས་ཀྱི་མཐུས་འཇིག་རྟེན་ཀུན་ཏུ་གནོད་སྦྱིན་བང་མཛོད་ཁ་ཕྱེ་བ་ལྟ་བུའི་དཔལ་འབྱོར་རྒྱས་ཤིང་ནད་མཚོན་གྱི་བསྐལ་པ་མིང་གི་ལྷག་མར་བྱས་ནས་ཚེ་ཡང་རིང་དུ་གནས་པ་སོགས་དུས་ཀྱི་བདག་པོའི་ཆེ་བ་ཕུན་སུམ་ཚོགས་པའི་ཆེད་དུ་གསེར་འབྲུག་སྡེར་ལྔས་བཏེག་པའི་ཁྲི་ལ་བསྐལ་བརྒྱར་གཡོ་བ་མེད་པར་བརྟན་པར་བཞུགས་ངོས། ཡབ་མེས་གནམ་གྱི་ལྷ་རིམ་པར་བྱོན་པའི་མཛད་བཟང་བསྟན་འགྲོའི་ཕན་བདེ་སྤེལ་བ་དང་འདིར་ཡང་གཞུང་བསྟན་པ་གཅིག་ཏུ་གྱུར་པ་ལ་བརྟེན་ནས་སྔོན་བཞིན་དུ་ཐུགས་བརྩེ་བ་ཆེན་པོས་མ་དོར་བའི་ལུང་བཟང་པོའི་བཀའ་གནང་ཆུ་ཀླུང་སྐལ་ལྡན་ཤིང་རྟའི་རྒྱུན་ལྟར་ཞུ། ཞུ་ཡིག་གི་ལང་ཚོར་ལྷ་མིག་དག་པའི་སྤྱན་རས་འབབ་པའི་རྟེན་རིན་པོ་ཆེ་དཀར་དམར་གྱི་འཕྲེང་(༢༧༤ན)


GLG019_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཇམ་ཕྲུག་ཁ་དོག་སྣ་ཚོགས་ཐོ་ཟུར་གསལ་ལ་རྟགས་འབྱོར་དང་བཅས་དྲག་པོ་ཞེས་པ་ལྕགས་སྤྲེལ་ཧོར་ཟླ་བརྒྱད་པའི་གྲལ་ཚེས་དགེ་བར་རང་བྱུང་འཕགས་པའི་གཙུག་ལག་ཁང་དམར་པོ་རི་ནས་ཕུལ་བ་ཤྲི་ཛ་ཡནྟུ། །ལྕགས་སྤྲེལ་བལ་པོའི་རྒྱལ་པོས་སྡེ་པ་སངས་རྒྱས་རྒྱ་མཚོ་ས་སྤྱོད་པའི་རྒྱལ་པོར་བསྐོས་པའི་ཁྲི་འབུལ་བ་མི་སྣ་ཆེད་དུ་བྱུང་པའི་ཚན་ཤོག་གི་ལམ་གཡས་འཁྱིལ་ཕྱོགས་ཀུན་ཁྱབ་པའི་དུང་དཀར། ནུབ་ཕྱོགས་ནཻ་པ་ལའི་ནོར་འཛིན་གྱི་ཁྱོན་ལེགས་བྱས་ཀྱི་འཁོར་ལོ་མངོན་པར་འཕགས་པ་ཉི་མའི་རྒྱུད་ལྷའི་ལྷ་མིའི་དབང་ཕྱུག །ཁོ་ཁོམ་རྒྱལ་པོ་ཆེན་པོའི་བཀའ་ཐམ་རྟེན་སྦ་རི་གཅིག །སྟོང་ཇ་ལྟང་ཙེ་གཅིག །མུ་ཟི་ལྟང་རྩེ་གཅིག །བུར་ལྟང་གཅིག་རྣམས་ཕོ་ཉ་བ་བྷོ་ལ་ཀ་དང་ལ་ཝོར་གཉིས་ཀྱིས་ཉམས་མེད་དུ་སོན། །བསྐལ་པ་མང་པོར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ཡོངས་སུ་བསགས་པ་ལས་གྲུབ་པའི་མིའི་བདག་པོའི་སྐུ་གསེར་གྱི་རི་བོ་ལྟ་བུར་སྙུན་མི་མངའ་བར་འབངས་ཀྱི་དབུས་སུ་ལྷུན་ཆགས་ཤིང་ལེགས་བྱས་ཀྱི་མཐུ་ཡོངས་སུ་བརྟས་པ་ལས་བྱུང་བའི་ཡུལ་ཁམས་ཀུན་ཏུ་ནད་མཚོན་མུ་གེའི་ཆད་པ་ཞི་ཞིང་ཆབ་འབངས་ཀྱི་ཁོར་ར་ཁོར་ཡུག་མཐའ་དག་ཀླས་པར་མཁོ་དགུའི་འབྱོར་པ་ཕུན་སུམ་ཚོགས་ཤིང་ཚེ་ཡང་རིང་པོར་གནས་པའི་དགའ་སྟོན་ལ་སྤྱོད་བཞིན་པར་བཞུགས་པར་ཡིད་ཀྱི་སྤྲོ་བ་མཆོག་ཏུ་འཕེལ། འདི་ནའང་ལྷ་དང་བཅས་པའི་ཡིད་ཅན་མཐའ་དག་གི་འདྲེན་པ་གཅིག་པུ་བ་དཔལ་ལྡན་ཤཱཀྱ་སེང་གེའི་ལུང་རྟོགས་ཀྱི་བསྟན་པ་དང་སྐྱེ་རྒུའི་ཕན་བདེ་སྤེལ་བ་ལ་བློ་མིག་གི་སྤྱོད་ཡུལ་ཡངས་པར་གནས། བོད་དང་བོད་(༢༧༤བ)


GLG019_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འཁོར་དང་བཅས་པའི་འགྲོ་བ་རྣམས་ཀྱིས་མང་པོས་བཀུར་བའི་ཁྲིར་སིདྡྷུ་ནའི་ལོ་ཆུ་སྟོད་ཀྱི་ཟླ་བར་རྒྱལ་སར་གསར་དུ་བསྐོས་པ་མིའི་བདག་པོ་ཉིད་ཀྱི་སྙན་དུ་དངས་པའི་ལེགས་སྐྱེས་སྤེལ་བར་འདི་པ་གཉིས་ཆེད་དུ་མངགས་པར་རྗེས་སུ་ཡི་རངས་པར་གྱུར། སྔར་ནས་བལ་བོད་དཀར་ཚོ་གཅིག་པ་ལ་ཕན་ཚུན་ཐམས་ཅད་གཡོ་བ་མེད་པ་གཞིར་བཅས་ཤིང་སླད་ནས་ཀྱང་ཕེབས་ཚོགས་གངྒཱའི་རྒྱུན་ལྟར་ཆད་པ་མེད་པ་འཚལ། རྟེན་ཁ་བཏགས་བཟང་གོས་ཕྱི་ནང་དང་བཅས་རུ་དྲར་འབོད་པའི་ལོ་ཐ་སྐར་གྱི་ཉ་བའི་ཚེས་དགེ་བར་རྒྱལ་ཁབ་ཆེན་པོ་པོ་ཏ་ལ་ནས་ཕུལ། ལྕགས་ཕོ་སྤྲེའུའི་ལོ་ཧོར་ཟླ་བཅུ་པ་དང་བཅུ་གཅིག་པར་མཇུག་རིང་འོད་དཀར་སོགས་སྣ་ཚོགས་བྱུང་བར་བརྟེན་རྒྱལ་ཁམས་བདེ་དོག་དང་བཟློག་ཐབས་ཀྱི་དྲི་རྨེད་གསལ་བར་བསམ་ཡས་རྒྱལ་ཆེན་དཔོན་བློན་གྱི་སྤྱན་སྔར་སྒྱིང་ཐང་ནོར་བུ་བཏང་བའི་འཕྲིན་ཡིག་མུན་སེལ་སྣང་གཏེར། སྣང་སྲིད་དྲེགས་པ་ཡོངས་ཀྱི་སྡེ་དཔོན་དུ། །སྨོན་ལམ་མཐུས་གྲུབ་རྨུ་བདུད་དཀར་པོ་རྗེ། །ལེགས་ལྡན་གསང་བདག་གིས་བཏུལ་ཁྱུང་ཆེན་དང་། །སྤུ་གྲི་འབར་གྲགས་ལི་བྱིན་ཧ་ར་ཀྱེ། །ཀུན་རྫོབ་རྫུན་པའི་སྣང་བ་འཕྲུལ་པོ་ཆེ། །དོན་དམ་ཀ་དག་དབྱིངས་སུ་རོ་གཅིག་ཀྱང་། །གཟུང་འཛིན་གཤེར་གྱིས་ཡོངས་བསྐྱེད་རྣམ་རྟོག་འཇར། །རྨོངས་པའི་སྐྱེ་བོ་ཕལ་ཆེར་མགོ་བོ་འཁོར། །ཡེ་སྟོང་སེམས་ཉིད་ཆོས་སྐུའི་རྒྱ་མཚོ་ལས། །བཟང་ངན་བར་མའི་རླབས་ཕྲེང་ཉེར་འཁྲུག་པ། །འཇིག་རྟེན་གྲགས་ཚོད་མི་འགོག་བླང་དོར་རྣམས། །མ་འདྲེས་བསྟར་པ་དཔྱོད་ལྡན་རྣམས་ཀྱི་ལུགས། །ཆེས་སྙིགས་འགྲོ་བའི་སྙིང་ལ་ལྷ་མིན་གདོན། (༢༧༥ན)


GLG019_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

།བཏབ་པས་སྡིག་བལྟའི་ས་བོན་དར་དྲག་ལས། །ཕྱི་རོལ་མི་ཤེས་གཟུགས་བརྙན་ཆུ་ཟླ་ལྟར། །ཤར་ཚེ་སོམ་ཉིའི་ཡིད་ངོར་ཡུར་བས་ངལ། །ལྷ་ཁྱོད་སྲིད་གསུམ་རབ་མཐོང་དཔྲལ་བའི་མིག །ལྡན་ཕྱིར་མཚན་རྟགས་རྒྱུ་དང་འབྲས་བུ་ཀུན། །གཟིགས་པས་བསྟན་འགྲོ་སྐྱེ་རྒུ་ལ་འཚེ་བའི། །ཉེས་མུན་ཀུན་སེལ་སྣང་བ་ཅིས་མི་སྦར། །ཐུབ་རྣམས་སྤང་རྟོགས་མཉམ་ཡང་གངས་ཅན་གྱི། ལྷ་གཅིག་སྔོན་གྱི་ཐུགས་བསྐྱེད་ཀྱིས་འགྲུབ་པ། །པདྨའི་དགེ་བསྙེན་རྡོ་རྗེ་གབ་པ་གཏེར། ཁྱུང་ཆེན་ཀླུ་འབྲུག་འདུལ་ཁྱོད་གཡར་དམ་དགོངས། །དངོས་བཤམས་སྔགས་རྒྱས་མང་སྤེལ་མཆོད་པའི་སྤྲིན། །ཚོགས་ཀྱི་འཁོར་ལོ་བསྐོར་ནས་དྲི་བའི་ཚིག །ཕོ་ཉའི་ངག་ནས་གསོལ་ལན་གསོང་པོའི་གཏམ། །ལུང་བསྟན་འགགས་མེད་རྡོ་རྗེའི་དབྱངས་སྒྲོགས་ཤིག །རིགས་གསུམ་སྒྱུ་འཕྲུལ་ཆོས་རྒྱལ་མེས་དབོན་འབངས། །སྒོ་གསུམ་བདེ་བའི་ཚོར་བ་སྲིད་མཐའི་བར། །མྱོང་བར་ལས་སྒྲུབ་ཞལ་འཆེས་གཡེལ་མེད་པའི། །ལྷ་རྒྱལ་ཚངས་རིས་ཡུལ་སའི་རྩེ་མོར་འཐེན། །འཇམ་གཉེན་ཕོན་རྫར་གཡོ་བའི་སྙན་ཤལ་བཅས། །རྒྱ་ནག་སྤོར་ཐང་ཁྲ་མོ་ལྕགས་བྱའི་ལོ། །ཐོག་མར་ཤར་བ་ཡར་ངོའི་ཚེས་དགེ་བར། །པེ་ཀར་ཆོས་རྒྱལ་ཆེན་པོའི་སྤྱན་སྔར་དགེ །སྡེ་བརྒྱད་རྗེ་བོར་ལས་སྨོན་དུས་གཅིག་ཏུ། །འཛོམ་པས་ཁྲག་གི་སྒོ་ང་བརྡོལ་བ་ལས། །སྐྱེ་འགྲོའི་སྲོག་གི་བདུད་གཅོད་བཙན་རྒོད་ཆེ། །དྲག་རྩལ་སྟོབས་ལྡན་གནོད་སྦྱིན་ཙེ་དམར་བ། །སྤྲུལ་པ་བཙན་རྒོད་རོལ་(༢༧༥བ)


GLG019_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐྱ་བདུན་རྣམས། །གསུང་མཆོག་རྟ་མགྲིན་དཀྱིལ་འཁོར་ཆེན་པོ་རུ། །སྲོག་སྙིང་བླངས་ནས་དབང་བསྐུར་དམ་ཚིག་ཕོག །བསྟན་པའི་མེལ་ཚེ་བྱེད་པའི་གཉེར་ཁར་བསྐོས། །མེ་རི་འབར་བའི་གཉན་རི་དམར་ནག་མདུན། །བྲག་དམར་སྲིན་པོ་ལངས་འདྲ་བཅུ་གཅིག་ངོས། །ཐོད་ཕྲེང་རྩལ་གྱིས་བཀའ་བསྐོས་དམ་བསྒྲགས་པ། །གནོད་སྦྱིན་ཀུན་ཁྱབ་རྡོ་རྗེ་དྲག་པོ་རྩལ། །ཨེ་མ་སྲིད་པའི་ཤེལ་དཀར་ངོས་ཡངས་པོར། །སྣ་ཚོགས་འཁྲུལ་རྟོག་ཚོན་བརྒྱའི་མདངས་གསལ་བ། །ཀ་དག་གདོད་མའི་དབྱིངས་སུ་མི་རྙེད་ཀྱང་། །ཚུར་མཐོང་འགྲོ་བློ་ཐེ་ཚོམ་དྲ་བར་འཇུག །ངན་སྤྱོད་རྒྱུ་ལས་འབྲས་སྨིན་སྙིགས་དུས་འདིར། །གནམ་ས་བར་གྱི་མཚན་ལྟས་བཟང་ངན་འབྲིང་། །སེམས་ཉིད་གཅིག་པུའི་རྣམ་པར་འཁྲུལ་པ་རུ། །མ་ཤེས་ཀུན་རྫོབ་ལམ་མནར་ཨ་ཐང་ཆད། །རུ་བཞིའི་རྒྱལ་ཁམས་ལ་འཚེ་ཉེས་བརྒྱའི་དྲི། །འཁྲུད་པའི་དཀར་ཕྱོགས་མཐོ་རིས་ཆུ་བོའི་ཆབ། །ལུང་བསྟན་ལམ་གསུམ་འདྲེན་པའི་མངོན་ཤེས་མཁན། །སྐལ་ལྡན་ཤིང་རྟ་ཁྱོད་ལས་དམིགས་སུ་མེད། །ཟན་གཡང་གིས་མཚོན་གངས་ཅན་གནྡྷོ་ལ། །འཛིན་སྐྱོང་ངུར་སྨྲིག་གོས་དཀར་མཆོད་གནས་སྡེ། །རྣམ་གཉིས་སྲུང་མར་པདྨ་ཀ་ར་ཞེས། །དུས་གསུམ་སངས་རྒྱས་དངོས་དེས་མ་བསྐོས་སམ། །སྡེ་བརྒྱད་རྦ་ཀློང་འཁྲུག་པའི་ཕོ་བྲང་ཆེར། །འདོད་ཡོན་ལྔ་ལྡན་ཚོགས་འཁོར་མཐུན་རྫས་རྣམས། །སྙིམ་པར་ཐོགས་པ་ཕོ་ཉས་དྲི་བའི་ཚིག །གསོལ་བར་རྡོ་རྗེའི་གསུང་གསང་ལྷུག་པར་སྟོན། །ནག་པོའི་གཡུལ་ལས་རྒྱལ་བའི་དཔའ་རྟགས་སུ། །དར་(༢༧༦ན)


GLG019_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་རྟེན་དང་བཅས་པའི་ལི་ཁི་ཏའི། །དོན་བཞིན་དབང་དྲག་ཞི་བ་རྒྱས་བྱེད་ལས། །ཐོགས་པ་མེད་བསྒྲུབ་དགེ་ལེགས་དེང་སྩོལ་ཞིག །ལྕགས་ཕོ་སྤྲེའུའི་ལོ་ཧོར་ཟླ་བཅུ་པ་དང་བཅུ་གཅིག་པར་འཇུག་རིང་འོད་དཀར་སོགས་ལྟས་སྣ་ཚོགས་བྱུང་བར་བརྟེན་རྒྱལ་ཁམས་བདེ་དོག་དང་བཟློག་ཐབས་ཀྱི་དྲི་རྨེད་གསོལ་བར་ཚངས་པ་དུང་ཐོད་ཅན་གྱི་སྤྱན་སྔར་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་བཏང་བའི་འཕྲིན་ཡིག་འཕྲུལ་སེལ་མེ་ལོང་། །རིས་མེད་འགྲོ་ལ་ཐུབ་རྣམས་རྗེས་བརྩེ་ཡང་། །གངས་ཅན་སྐྱེ་རྒུ་གཅིག་ཏུ་ཐུགས་རྗེའི་དཔུང་། །རྒྱལ་གཞན་ཡོངས་ཀྱིས་འགྲན་བྲལ་པདྨ་འབྱུང་། །འཛམ་གླིང་ཆེ་བའི་རིག་སྔགས་འཆང་དེས་སྐྱོངས། །གང་གི་སྤྱན་སྔར་སྟོད་སྨད་ཆོས་འཁོར་སོགས། །མཆོད་གནས་སྡེ་གཉིས་སྐྱོང་བར་ཞལ་འཆེས་པ། །གནམ་གྱི་ལྷ་ཆེན་ཚངས་པ་དུང་ཐོད་ཅན། །མ་གཡེངས་སྙན་གྱི་དབང་པོ་ཅུང་ཟད་གཏོད། །ཆོས་སྐུ་ཀ་ནས་དག་པའི་བདེ་ཆེན་ཀློང་། །བཟང་ངན་བྲལ་ཡང་གཉིས་འཛིན་སེམས་ཀྱི་ངོར། །དགེ་དང་མི་དགེའི་ཀུན་རྟོགས་བཀྲག་པོ་ཆེས། །སྒྱུ་མའི་རྟ་གླང་ལྟ་བུར་འགྲོ་རྣམས་འཁྲུལ། །དེ་ཕྱིར་ཐག་ཁྲའི་སྦྲུལ་དང་སྨིག་རྒྱུ་ལྟར། །སྒྲོ་བཏགས་ཅ་ཅོའི་གཏམ་གྱི་རྫུན་པའི་འབྲས། །ཚུར་མཐོང་བྱིས་བློ་ཉེར་འདྲིད་ཆོ་ག་ལ། །དངས་བཀྲག་འདོད་སྲེད་བསྐྱེད་ནུས་དངོས་པོའི་གཤིས། །ཤེས་བྱར་སྲིད་ཀུན་ཁྱོད་སྤྱན་མེ་ལོང་དུ། །དྲི་མེད་གསལ་བར་འཆར་བས་མ་རྟོགས་དང་། །ལོག་རྟོག་མདུད་པ་འགྲོལ་ཕྱིར་བྱ་མ་རྟ། །སྤྱན་གཟིགས་ཚོགས་ཀྱི་འཁོར་ལ་ཐོགས་ཏེ་མངགས། །སྙན་འཇེབས་རྣ་བར་མངར་བ་བུ་རམ་རོ།(༢༧༦བ)


GLG019_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

།ཀུན་གྱི་ཡིད་བདེར་གླིང་བ་མི་ཆོས་ལུགས། །དྲང་ཚིག་སྲིད་སྒྲུབ་མདའ་ལྟར་ལུང་སྟོན་པ། །སྣང་སྲིད་དྲེགས་པའི་སྤྱི་སྲོལ་ཡིན་ཕྱིར་གསུངས། །རྟག་ཏུ་ལས་བཞི་སྒྲུབ་པར་ཞལ་བཞེས་པ། །རྡོ་ཡི་རི་མོ་མིག་གསུམ་པས་མི་དབྱེ། །སྙན་ཤལ་དང་བཅས་དུས་ཀྱི་རྒྱལ་པོ་ཆེ། །ཚེས་བཅུའི་མཆོད་པར་སྤེལ་བ་དགེ་ལེགས་འཕེལ། །ལྕགས་པོ་སྤྲེའུའི་ལོ་ཧོར་ཟླ་བཅུ་པ་དང་བཅུ་གཅིག་པར་མཇུག་རིང་འོད་དཀར་སོགས་ལྟས་སྣ་ཚོགས་འབྱུང་བར་བརྟེན་རྒྱལ་ཁམས་བདེ་དོག་དང་བཟློག་ཐབས་ཀྱི་དྲི་རྨེད་གསོལ་བར་ཚོང་འདུས་བྱ་ཁྲིད་མིག་གཅིག་པའི་སྤྱན་སྔར་སྒྱིད་ཐང་ནོར་བུ་བཏང་བའི་འཕྲིན་ཡིག་ཆུ་ནང་ཟླ་གཟུགས། །སྲིད་པ་གསུམ་ན་མཐུ་སྟོབས་ལ། །འགྲན་བྲལ་ཨོ་རྒྱན་རྡོ་རྗེ་འཆང་། །མཚོ་སྐྱེས་བཛྲའི་ཀིངྐ་ར། །ལྐོག་གྱུར་མངོན་སུམ་གཟིགས་དེ་ཀྱེ། །ཤར་ཕྱོགས་སྐུ་ཡི་རྒྱལ་པོ་ཆེ། །མཐུ་ལྡན་མོན་བུ་པུ་ཏྲ་ཡི། །བློན་པོ་བྱ་ཁྲིད་མིག་གཅིག་པར། །མཐུན་རྫས་ཚོགས་མཆོད་འབུལ་བའི་དོན། །གནམ་ལ་ཕོད་དཀར་འོད་དཀར་འཆར་། །ས་ལ་ཐན་ལྟས་སྣ་ཚོགས་པ། །ཀ་དག་དབྱིངས་སུ་མི་རྙེད་ཀྱང་། །རྨོངས་པའི་མི་རྣམས་སོམ་ཉིར་འགོད། །དེ་ཕྱིར་སཱ་ལའི་སྨན་ལྗོངས་འདིར། །འབྱུང་འགྱུར་མི་ཤེས་མཚན་མའི་འབྲས། །བཟློག་བྱེད་ལྷ་མིག་གིས་གཟིགས་ནས། །གསེར་ཡིག་པ་འདིར་ལུང་བསྟན་གསོལ། །དཀར་མིན་ལས་ཀྱིས་ལྔ་བརྒྱའི་འགྲོ །ཟུག་རྔུས་མནར་བ་མི་སེལ་ན། །བསྟན་དང་འགྲོ་བའི་དཔུང་གཉེན་དུ། །ཞལ་གྱིས་བཞེས་དེ་མིང་དུ་ཟད། །དཔག་དཀའི་མཐུ་སྟོབས་རྫུ་འཕྲུལ་ཅན། །བཤན་པ་སྲོག་གི་བདག་པོ་ཡིས། །དགྲ་བགེགས་བདུད་དཔུང་ཚར་ཆོད་ལ།(༢༧༧ན)


GLG019_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

།དཀར་པོའི་དར་ཆེན་སྲིད་རྩེར་ཕྱོར། ཁ་ཚར་མ་ཉམས་འཆི་མེད་ཀྱི། །རེག་བྱའི་སྙན་ཤལ་དང་བཅས་ཏེ། །འཕྲིན་ཡིག་སྙིང་པོ་དོན་གསལ་བ། །དྲེགས་པའི་སྡེ་དཔོན་འདུན་སར་སྤེལ། །ལྕགས་ཕོ་སྤྲེའུའི་ལོ་ཧོར་ཟླ་བཅུ་པ་དང་བཅུ་གཅིག་པར་མཇུག་རིང་འོད་དཀར་སོགས་ལྟས་སྣ་ཚོགས་བྱུང་བར་བརྟེན་རྒྱལ་ཁམས་བདེ་དོག་དང་བཟློག་ཐབས་དྲི་རྨེད་གསོལ་བར་ཐང་ཆེན་བཤན་པ་ལག་དམར་གྱི་སྤྱན་སྔར་སྒྱིད་ཐང་ནོར་བུ་བཏང་བའི་འཕྲིན་ཡིག་དོན་ཀུན་རབ་གསལ། དྲེགས་པ་རྒྱལ་ཆེན་སྐུ་ལྔའི་ཆེད། །ལྷོ་ཕྱོགས་ཡོན་ཏན་ཤིང་བྱ་ཅན། །བློན་པོ་བྱ་རྒོད་ཐང་ནག་ཅེས། །བཤན་པ་ལག་དམར་དེང་འདིར་དགོངས། །ཟ་ཧོར་ས་སྐྱོང་རིག་སྔགས་འཆང་། །ཕ་མེས་བརྒྱུད་པའི་སྲུང་མ་ཁྱོད། །དགྱེས་ཞལ་ཟླ་བ་ལྟར་དངོམ་ཞིང་། །ལྷ་སྙན་དབང་པོ་དེང་འདིར་གཏོད། །གནམ་རྟགས་འོད་དཀར་ནོར་འཛིན་གཞིར། །མི་སྡུག་མཚན་ལྟས་ངན་པའི་འབྲས། །ཀུན་རྫོབ་འཁྲུལ་ངོར་ཤར་བ་ཡི། །འཇིག་རྟེན་གྲགས་ཚོད་གང་གིས་འགོག །བསྟན་དང་དེ་འཛིན་མདོ་སྔགས་སྡེ། །ས་སྤྱོད་རྗེ་འབངས་ཚོགས་རྣམས་ལ། །ཉེར་འཚེའི་སྨག་རུམ་སངས་ནུས་པའི། །ལུང་བསྟན་ཉི་འོད་དེང་འདིར་སྤྲོས། །མཐུ་སྟོབས་རྡོ་རྗེ་རྩེ་བརྒྱ་པས། །གདོན་རིགས་ལྷ་མིན་མོ་ཡི་མངལ། །ལྷུང་དང་ལྷན་ཅིག་བདེ་སྐྱིད་མིག །སྟོང་ཕྲག་བགྲད་ནས་བལྟ་བར་བྱོས། །སྤྱན་གཟིགས་ཚོགས་ཀྱི་མཆོད་པ་རྣམས། །ཉུང་ངུ་ཏིང་འཛིན་སྔགས་རྒྱ་ཡིས། །མང་པོར་སྤེལ་ནས་འབུལ་བྱེད་ན། །ལས་བཞི་ལུས་པ་མེད་པར་སྒྲུབས། །དོན་གྱི་སྙིང་པོ་ཀུན་ཚང་བའི། །(༢༧༧བ)


GLG019_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ཡིག་མེ་ཏོག་མནྡ་ར། །ཐོད་བཅིངས་ཕོ་ཉ་མེ་ན་ཀ ། བཀྲ་ཤིས་ལྷ་རྫས་ཐོགས་ཏེ་སོང་། །ཨོ་རོད་བོ་ཤོག་ཐུ་རྒྱལ་པོས་མགོ་དཀར་གྱི་སྡེ་འབུམ་ཕྲག་བཅོ་ལྔ་ཙམ་འདི་གར་སྦྱོར་འཇགས་བྱུང་སྐབས་རྡོ་རྗེ་བྲག་ནས་རིག་འཛིན་སྤྲུལ་པའི་སྐུ་མཆོག་གིས་ལེགས་ཆ་མཛད་པའི་གསུང་ལན་སྔ་འགྱུར་བསྟན་པའི་ཉིན་བྱེད། །ཨཱ དྱེ བ རཱ གོ ནྭ ར ས ཏྭ པཱུ རྦ ཏོ དྠི ཏེ ན བ རྟཱ ནྟ ར གཱ ག ནཱ ནྟ ཀཿ བ གྷྣ ཥུ ནི རྨ སྱ མ ཡཱ ཀྵ ཡཱ ཛྙ ཀླུ ལཾ དྷཱ ར ས རྦཱ བྷུ ཥ མཱུ རྦྷ ར ཏྣ ཏཱ། གཟོད་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་དབང་པོའི་རྒྱུད།)མ་ཉིད་ནས་འགྲོ་ལ་རྗེས་བརྩེའི་ཐུགས། །དང་པོར་བསྐྱེད་དེ་དིང་བར་ནམ་མཁའི་མཐའ། །གཞལ་བར་སྤྲུལ་པའི་སྒྱུ་འཕྲུལ་ཟད་མི་ཤེས། །རིགས་འཛིན་ཀུན་གྱི་གཙུག་རྒྱན་རིན་པོ་ཆེར། །རྟོག་གེ་ཐ་སྙད་སྦྱངས་ལ་བལྟོས་མིན་པར། །དྷཱུ་ཏཱིའི་མདུད་རྒྱ་གྲོལ་བས་འཁོར་འདས་ཆོས། །འབད་མེད་ཀློང་བརྡོལ་སྙན་འཇེབས་ཆབ་ཤོག་རྟེན། །སོན་ཚེ་འཕང་འགྲོའི་སྒྲ་ལ་སྐྱེངས་པ་བྱིན། །ཉེས་དྲིས་གཞར་ཡང་མ་གོས་སྐུ་གསུང་ཐུགས། །དཔལ་ཆེན་ཕུར་བུའི་ལྷ་(༢༧༨ན)


GLG019_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཡེ་ཤེས་ཀྱིས། །བདུད་བཞིའི་དཔུང་ཚོགས་བཅོམ་པའི་སྒྲ་བོ་ཆེ། །ཚངས་རིས་ཡུལ་སར་ཡོངས་སྒྲོགས་གཏམ་དེ་སྙན། །བགྲང་བྱའི་ཁུར་གྱིས་ལྕི་བའི་རྒན་པོ་བདག །ཐོས་བསམ་སྒོམ་པ་ན་ཕྲ་བྱིས་པའི་ཡིད། །ཆོས་བརྒྱད་འཇའ་ལ་སྦར་འཛིན་བློ་བྲིད་ཀྱིས། །དལ་རྟེན་ཆུ་བོའི་སུམ་ཆ་སྟོང་པར་བརྒལ། །མི་བསྲུན་དྲེགས་པའི་ཀླ་ཀློ་གཉིས་འཐུང་ཀླད། །འཕྲོག་བྱེད་བསོད་ནམས་ཀྱིས་འགེམས་བོ་ཤོག་ཐུའི། །འཇིགས་མེད་སེང་གེའི་རྒྱུད་ཀྱི་ང་རོའི་དབྱངས། །བྱང་ཕྱོགས་གངས་རིའི་རྩེ་མོར་གཅིག་ཏུ་བསྒྲགས། །གཡུལ་ངོར་མཚོན་ཆ་གདེངས་པའི་མོད་ཉིད་ལ། །སྟོད་ཧོར་ས་སྤྱོད་པུས་བཙུག་གདོང་སྨད་ནས། །དཔུང་བཅས་འདུད་ཚེ་རྩོད་དུས་འཁོར་ལོས་སྒྱུར། །མི་འབྱུང་བདེན་གཏམ་ད་གདོད་རླུང་ལ་བསྐུར། །སྐྱེ་མང་སེར་སྣའི་མདུད་གྲོལ་གཏོང་ཕོད་ཀྱིས། །ཕྱེད་གཉིས་ས་ཡའི་མངའ་འབངས་སྦྱིན་པའི་སྒོ། །རབ་འབྱེད་ཕོ་ཉ་རིན་ཆེན་དུ་མ་ཡི། །ལག་རྟགས་ཐོགས་འབྱོར་མི་སྲིད་སྲིད་འཕྲུལ་བུ། །ཀུན་རྫོབ་དབུ་མར་རྟོགས་རྣམས་འཁོར་བ་ཡི། །ཕུན་ཚོགས་ཨེ་རཎྜ་ཡི་སྙིང་པོ་ལྟར། །གཟིགས་ཀྱང་ཀྲྀ་ཀྲིའི་རྨི་ལམ་གྱིས་ཟིན་པའི། །ཆོས་ཚུགས་ཅན་རྣམས་འགྲམ་ཆུ་ལྡང་ལ་འབྲེལ། །གཟུང་དང་འཛིན་པ་ཡེ་སྟོང་སྣང་བ་འདིའི། །སེམས་ཉིད་གཅིག་པུའི་རྣམ་འཕྲུལ་ཀ་དག་མཐའ། །ཀུན་རྫོབ་ལེགས་སྐྱེས་ཚན་གྲངས་(༢༧༨བ)


GLG019_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་གཞུ། །མ་འགགས་རང་གདངས་ཤར་བ་དེ་རྨད་བྱུང་། །རྒྱལ་དབང་པདྨའི་ཐུགས་སྲས་སྣ་ནམ་པ། །གོས་དཀར་ལྕང་ལོའི་ཕྲེང་འཛིན་རིག་སྔགས་འཆང་། །ཡང་སྲིད་མང་བརྒྱད་མཐར་དིང་ངུར་སྨིག་གོས། །མནབས་པའི་འཁོར་ལོའི་མགོན་ཁྱོད་བྱོན་ཏམ་ཅི། །སྔ་འགྱུར་བཀའ་གཏེར་བསྟན་པ་ཆུ་བོ་བཞི། །ཕྱོགས་བརྒྱར་ལེགས་འབབ་འབྱུང་ཁུངས་རིགས་འཛིན་རྗེ། །མ་དྲོས་མཚོ་ཆེན་མཆོག་གི་སྤྲུལ་སྐུའི་གར། །འོག་མིན་ཞིང་གི་གཙོ་ལྟར་རྟག་བཞུགས་གསོལ། །རྡོ་རྗེ་རཏྣའི་མཚན་འཛིན་གླིང་པ་སོགས། །ངོ་མཚར་ཟབ་གཏེར་དབང་ལུང་འཁྲིད་བཀའི་རྒྱུན། །བརྒྱར་གཤགས་རྟ་རྔ་ལྟར་ཕྲ་སྲོག་འཐུད་པར། །ཞལ་འཆེས་གསུང་མཆིད་ཉི་ཟླའི་འགྲོས་བཞིན་ཞུ། །ལྷ་རྫས་ཆུ་ཤེལ་དབང་པོ་ཉ་གང་བར། །རྟགས་ཀྱི་རི་དྭགས་མཚན་མ་རབ་བཀྲ་བ། །ཕོ་ཉ་དྲི་བཞོན་གོམ་སྟབས་གོ་ལའི་ངོས། །བསྒྱུར་ཏེ་པདྨའི་གདུང་ཚབ་ཕྱག་ཏུ་ཕུལ། །ལྕགས་སྤྲེ་ཧོར་ཟླ་དགུ་པའི་ཚེས་བཅུ་གཉིས་ཀྱི་ཉིན་དཔལ་ལྡན་ཚངས་པ་དུང་ཐོད་ཅན་ལ་སྤྱི་སྒོས་ཀྱི་བླང་དོར་ལུང་བསྟན་ཞུ་བར་ཆང་ཁྱིམ་ངག་དབང་མཁྱེན་བརྩེ་བཏང་དུས་གསོལ་བའི་འཕྲིན་ཡིག་མ་འདྲེས་གསལ་སྟོན་ངོ་མཚར་བཀོད་པ། ཨ་ཧོ་དུས་གསུམ་སངས་རྒྱས་མ་ལུས་པའི། །མཁྱེན་བརྩེ་ནུས་པ་གཅིག་བསྡུས་མཚོ་སྐྱེས་རྗེས། །གཙུག་ན་རྡོ་རྗེའི་རི་མོ་ཉེར་བཀོད་པ། །དཔལ་ལྡན་ཚངས་པ་ཆེན་པོ་དེང་དགོངས་ཀྱེ། །ཆོས་(༢༧༩ན)
ཀུན་ཡེ་ནས་སྟོང་ཆེན་དག་པའི་དབྱིངས། །ཀུན་རྫོབ་འཁྲུལ་པའི་སྣང་བ་དམིགས་མེད་ཀྱང་། །ཆུ་ནང་ཟླ་གཟུགས་ཚུར་མཐོང་བྱིས་བློ་ཅན། །ཐག་ཁྲར་སྦྲུལ་གྱི་དངངས་སྐྲག་མྱོང་བ་བཞིན། །རྨི་ལམ་ཡུལ་ཤར་སྣ་ཚོགས་བདེ་སྡུག་དང་། །སྒྱུ་མའི་སེང་གེའི་མཆེ་བ་གཙིགས་པ་ལྟར། །ཀུན་རྟོག་རི་མོར་བྲིས་པ་ཅ་ཅོའི་སྒྲ། །དལ་མེད་རྣ་བའི་བུ་གར་ཚེར་མའི་གྲོགས། །བདག་གཞན་མ་ཉམས་རང་ལ་གཅེས་འཛིན་བློ། །བརྒྱ་ཕྲག་འཆིང་བ་དམ་པོས་བཅིངས་པའི་མཐུས། །ངན་འབྲས་ཐོག་ཏུ་འབབ་བམ་མི་འབབ་ཅེས། །འཁྱོག་པོའི་ཡིད་ཀྱི་གཉའ་ཤིང་ཕྲག་པར་ལྕི། །དེ་ཕྱིར་ལྐོག་གྱུར་རྟོགས་པའི་མངོན་ཤེས་དང་། །བྲལ་བས་སྒྲིབ་མེད་གསལ་བའི་སྤྱན་ཡངས་པ། །དུང་ཐོད་ལྷ་ཡི་སྡེ་དཔོན་ཁྱོད་ཉིད་ལ། །གསང་ཚིག་འདྲི་བའི་ཕོ་ཉ་འདི་བཞིན་མངགས། །སྤྱན་གཟིགས་ཚོགས་ཀྱི་འཁོར་ལོ་འདིས་མཚོན་ཏེ། །ཡིད་སྤྲུལ་ནམ་མཁའ་མཛོད་ཀྱི་མཆོད་པའི་སྤྲིན། །དྲེགས་པའི་དབང་ཕྱུག་ཆེན་པོའི་འདུན་ས་རུ། །སྤེལ་ན་དགྱེས་པའི་ལྷ་རྒྱལ་ལན་གསུམ་ཐེན། །ཆུ་ཤེལ་དབང་པོ་རྒྱུ་སྐར་མགོས་ཉ་བའི། །ཡར་ངོའི་ལྷ་ཆོས་དགེ་བའི་དུས་ཀྱི་ཚེ། །གནམ་བསྐོས་རྒྱལ་པོའི་ཕོ་བྲང་ཆེན་པོ་ནས། །སྤེལ་བ་ཕྱོགས་དུས་ཀུན་ཏུ་ཤིས་གྱུར་ཅིག །


previousརབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext