Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ལྕགས་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ལྕགས་བྱ་ལོ་སྔ་འགྱུར་བསྟན་པའི་ཉིན་བྱེད་དབང་ཆེན་རྣམ་སྤྲུལ་ཐུགས་སྲས་སྤྲུལ་སྐུའི་འཕྲིན་ལན་ཆོས་ཀུན་ཟད་པའི་(༢༧༩བ)


GLG019_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

རང་གདངས། ཨཱ དི ཏ ཧྭཾ དྭི གཱ ཎཱ བི ན དྷེ ཏཱ བྷི ཙོ རྦཱ ད ཏཱ ནཾ ཧི ཤཱ ཤྭ ཏྱ མཱ ཡེ ནྲྀ ཧཿཔཱུ རྦ ཙཱ ལླཱ ས ཁོ ཏྠི ད མཱ དྱཱ ཧ ཏོ བཱ ཙ ལ བཱ བྷ ཙ རྟྱ མ ནཱ བྫཱ ཧ ས། གཟོད་(སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་མེ་ཏོག་འཕྲེང་ཅན།)མ་ཉིད་ནས་ཚོགས་གཉིས་ཆུ་གཏེར་ལས། །མངོན་པར་བསྐྲུན་པའི་མི་ཤུགས་སྒྱུ་འཕྲུལ་གར། །སྔ་འགྱུར་བསྟན་པའི་མཁར་འཕགས་སྔོན་མེད་ཉིའི། །གསུང་འཕྲིན་རྟེན་འོད་ཡིད་ཀྱི་ཆུ་སྐྱེས་བཞད། །བདུད་སྡེས་གླགས་ལྟའི་ན་བུན་མི་འཐུལ་བ། །གཟུགས་སྐུ་གངྒཱའི་ཡབ་ཅིག་རྣམ་དཀར་ལས། །ཚད་མེད་མཁའ་ལ་བསྙེག་པར་དུས་གསུམ་གྱི། །རྒྱལ་ཀུན་ཐུགས་རྗེའི་ཟླ་བས་བྱུགས་པ་བཞིན། །མཚོ་སྐྱེས་བྲག་གི་ཉེ་འདབས་འབྲོག་དགོན་པར། །གཅིག་པུར་རིགས་འཛིན་བླ་མ་རང་སེམས་སུ། །ངོ་འཕྲོད་ཀ་དག་འདུས་མ་བྱས་པའི་ཀློང་། །ཆོས་སྐུའི་ཡོ་ལང་རྒྱུན་ཆད་མེད་དེ་མཚར། །ལྟར་སྣང་འདུ་འཁྲུག་ཟུག་རྔུས་མ་གཙེས་པར། །སྒོ་གསུམ་བདེ་བ་ཆེན་པོ་རོ་བདེའི་བཅུད། །མྱོང་(༢༨༠ན)


GLG019_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་གིས་མཛད་པར་མཆོག་གསུམ་རྣམས། །དགྱེས་པའི་སྤྱན་གྱིས་རྟག་ཏུ་བཙའ་ལས་ཅི། །རིས་མེད་གྲུབ་མཐའི་ཁ་འཛིན་ཆེ་ཕྲ་དིང་། །ཚེ་འདིའི་བྱ་བཞག་འཁོལ་པོར་འཕྱན་མཐོང་ཚེ། །ཆོས་བརྒྱད་འཆིང་བ་གྲོལ་ཁྱོད་རྣམ་པར་ཐར། །ལྕེ་བཙུན་སེང་གེ་དབང་ཕྱུག་གཉིས་པ་བཞིན། །སྔ་འགྱུར་རིང་ལུགས་འཛིན་ལ་སྙིང་སྟོབས་ཁུར། །ཕྲག་པར་བླངས་རློམ་ཕལ་ཆེར་སྒྱུ་མའི་རྟ། །བླུན་པོའི་མིག་སྔར་བརྒྱུག་པའི་མཛེས་ཆོས་ཀྱི། །ཆུ་དོང་ཕུབ་མས་གཡོགས་ལ་འགྲོ་མང་འཁྲིད། །ཚུལ་འཆོས་མཆོག་འཛིན་ལ་ལ་སྒམ་པོར་བསྙེམས། །ཆགས་ལམ་གཙོར་འདོན་འགའ་ཞིག་ཁྱིམ་སྤྱོད་དངོས། །མཐའ་གཉིས་ལྷུངས་ལས་པད་འབྱུང་དགོངས་བཞེད་ཀྱི། །དབུ་མར་གནས་པ་ཉིན་མོའི་སྐར་མ་ཙམ། །དེ་ཕྱིར་མཆོག་སྤྲུལ་མངའ་རིས་པཎ་ཆེན་ཐུགས། །གཏིང་ནས་ཁྲེལ་བའི་གསོང་པོའི་འུར་རྡོ་ཡིས། །སྐྱེ་བར་བརློམ་དང་སྔགས་བརྒྱུད་ཁེངས་ལྡན་གྱི། །དབུ་ཞབས་ལ་བསྣུན་བཞིན་རས་རྫ་ལྟར་གནག །དེ་ཙམ་དངོས་པོའི་གནས་ཚོད་ཐོལ་སྐྱེས་སུ། །ཤར་མོད་དོན་དམ་འཁོར་འདས་མ་ལུས་པ། །རང་རིག་ཀུན་ཏུ་བཟང་པོའི་ངོ་བོ་རུ། །རྟོགས་པའི་དག་སྣང་སྦྱོང་ལས་གཞན་དུ་ཅི། །འདི་ན་ལྕགས་ཁམས་འདབ་ཆགས་གནམ་ལོའི་ནང་། །སྒྱུ་ལུས་ཁང་རུལ་མ་གས་ཆེས་སྲ་ཡང་། །ལྷ་སྔགས་ཡེ་ཤེས་རྣལ་འབྱོར་རྟག་འགྲུབ་པར། །ངེས་པས་གང་ཐུགས་བདེ་བའི་ངལ་གསོར་མཛོད། །དབང་ཆེན་སྤྲུལ་པའི་གར་(༢༨༠བ)


GLG019_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཁྱོད་ཉིད་ཀྱི། །རང་བཞིན་བརྗོད་པའི་ཡོན་ཏན་ཁོ་ན་ལས། །ཕུལ་བྱུང་རབ་བཏགས་སོགས་ཀྱི་དོགས་མེད་ཕྱིར། །བཅོས་བསྒྱུར་མེད་པའི་ཞལ་འདོན་མཛད་པར་རིགས། །ཆོས་དབང་སངས་གླིང་ལ་སོགས་གཏེར་ཆོས་སུ། །གསུང་འདི་རྙེད་པའི་ཡིད་ཆེས་མ་མཐོང་ཡང་། །པད་གླིང་གསུམ་པས་མཛད་ལས་ཟུར་ཁྱད་ཅན། །མ་ཐོན་ཕྱིར་ན་འདི་དོན་ཁོ་ནར་ངེས། །དོན་གཉིས་བགྲང་བྱའི་འཕྲེང་གི་རྒྱ་མཚོ་ལས། །སྒྲོལ་བྱེད་ཚེ་མཐའ་ཡས་པའི་ཐབས་ཀྱི་གཟིངས། །དམ་པའི་དེད་དཔོན་ཁྱོད་ཀྱིས་འདྲེན་པའི་དུས། །ཆུ་ཁྱིའི་སྟོན་འཇུག་ཉེ་ལེན་འཚམ་པར་གོ །མེ་ལོང་རྡོ་རྗེ་མཁའ་ལྡིང་རྗེས་བཤུལ་དུ། །སྙོམས་ལས་བདག་འདྲའི་བུང་བས་མི་བགྲོད་ཀྱང་། །རྩ་གསུམ་ཐུགས་རྗེའི་དྲི་བཞོན་ལ་བརྟེན་ནས། །འཆི་མེད་གྲོང་དུ་འཇུག་པར་གཅིག་ཏུ་སྨོན། །སླད་མར་སྐུ་ཡི་འཚོ་སྐྱོང་ཕ་ལམ་གྱི། ཁམས་ལས་ལེགས་གྲུབ་རྡོ་རྗེའི་རྣལ་འབྱོར་མཆོག །མདའ་ལྔས་གཡོ་བར་མ་ནུས་བདུད་བཞི་ལས། །རྣམ་པར་རྒྱལ་བའི་བརྩོན་པ་སྒྲུབས་ཤིག་གུ། །གོ་ལའི་ཁྱིམ་དུ་ཆད་མེད་ཉི་ཟླའི་འགྲོས། །ཇི་བཞིན་གཅམ་བུ་བྲལ་བའི་མོལ་མཆིད་ཆུ། །རིག་པ་འཛིན་ཁྱོད་ཞལ་སྒོ་ཚངས་པ་ཡི། །རལ་པའི་ཀླུང་ནས་ནམ་ཡང་ཚད་མེད་འཚལ། །ཡ་རབས་སྐྱེས་སུ་འོས་པ་བཏུང་བའི་རྩེ། །བདུད་རྩི་ལོ་མའི་བམ་པོར་མཚམས་སྤྲིན་རྒྱས། །བཏབ་སྟེ་སྔོན་བྱོན་དམ་པའི་རྗེས་ཞུགས་པ། །གཏན་མདུན་ལེགས་བསྒྲུབ་དབེན་པའི་གནས་དེར་སོང་། །(༢༨༡ན)


GLG019_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་བྱ་ཧོར་ཟླ་བཅུ་གཉིས་པའི་ནང་དུ་བྱ་རིགས་གདུང་གིས་མངོན་པར་མཐོ་བ་ས་སྐྱོང་རྡོ་རྗེ་རྣམ་རྒྱལ་གྱིས་སྙན་ཚིག་ལམ་ནས་དྲངས་པའི་གསུང་འཕྲིན་བྱུང་བའི་ལན་གཞན་གསོལ་སྐད་སྙན། ཨུ ཙྪཻ སྟེ བོ མྱ སྠི མ ཎཻ བི མཱ ལ ཏོ ལ ཀྵྨཱི གུཎཱ ཀཱ མ མ ཧ ནྟ རྵ ཀཿ མེ དྷ སྱ བྷཱུ མཱི གཏ ཏཱ ལི ཙ བྱ ལཱ དཻ བ བཱ ལཱ ཤྭ ཡ ལེ ཁ ཡུ ཀྟ ཀཿ མཐོ་(སྡེབ་སྦྱོར་མཉམ་པའི་བྲིཏྟ་ལས་དབང་པོའི་རྒྱུད།)བཙུན་གདུང་གི་ནོར་བུ་དྲི་མེད་ལས། །ཕུན་ཚོགས་ཡོན་ཏན་འདོད་དགུའི་ཆར་ཆེན་པོ། །བློ་གྲོས་འཛིན་མར་ཤོང་བ་ཡ་རབས་ཀྱི། །ཚུལ་ལྡན་ལྷ་སྲས་གཞོན་ནུའི་འཕྲིན་རྟེན་སོན། །ཡན་ལག་བཅུ་གཉིས་སྲིད་པའི་རྒྱ་མཚོ་ཆེར། །སྐུ་འཚོའི་རྫིངས་འཇིག་རྒྱུད་མངས་དང་པོ་རུ། །རབ་གདུངས་བྲག་ཅ་མཐར་བྱས་ཆོས་ནོར་འདོད། །ཐར་པའི་རིན་ཆེན་གླིང་བགྲོད་རྣ་བའི་གསོས། །སྡོམ་བརྩོན་སྡེ་སྣོད་གསུམ་པར་(༢༨༡བ)


GLG019_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་འཆེའི་ཟླ། །ཐོས་བསམ་སྒོམ་ཆ་མ་རྫོགས་ཆོས་བརྒྱད་ཀྱི། །རི་བོང་གཟུགས་ལ་མཚར་འཛིན་ལྔ་པའི་མགྲོན། །མ་གཉེར་སྒྱུ་མར་ཞེན་རློམ་འདི་ན་བདེ། །ཐོས་བརྩོན་དྲོད་ཀྱིས་རྣམ་དཔྱོད་ས་ཟླའི་སྒོང་། །སྨིན་པས་ལྔ་རིག་ཐིག་ལེ་མཆོག་མ་ལ། །ཆགས་པས་གདོང་བཞི་སྒྲུབ་པ་ཚངས་པའི་བུ། །གཉིས་པ་ལྷོ་རྒྱུད་ཀུན་གཟོད་ལྟོ་ན་མཛེས། །གནའ་བོའི་ས་སྤྱོད་གཟུགས་བརྙན་གངས་ཅན་གྱི། །ལྷ་མིན་ཀུན་སྣང་མཚོར་གསལ་ལེགས་ཉེས་ཀྱི། །རྣམ་འགྱུར་འཕྲུལ་ལ་བློ་ལྡན་ཕུར་བུ་ཡང་། །དང་བས་བལྟ་ཕྱིར་ཁྱོད་དྲུང་ཡང་ཡང་འཁོར། །སྲིད་གསུམ་སྣོད་བཅུད་ཡིད་ཀྱི་སྲང་བཅུག་ནས། །འདེགས་པའི་ང་རྒྱལ་འགྲོ་སྐྱབས་གསེར་ཅན་ལྟོ། །མཁས་བླུན་དབྱེ་བའི་སྡེར་མོས་འདྲལ་ནུས་པ། །ས་འདིའི་སྣ་ཚོགས་གཟུགས་ཅན་ཁྱོད་མིན་སུ། ཁྱུང་ནག་རིགས་ཀྱི་ཐིག་ལེ་དགའ་བྱེད་ལྷ། །ཤེས་རབ་རྒྱུད་ལས་འཕོས་པའི་ཉག་ཕྲན་གྱིས། །རྨོངས་ཆེན་ལངྐའི་མགྲིན་པ་གཅོད་པ་དང་། །མཁས་གྲགས་སཱི་ཏར་བརྩེ་བའི་ཆོ་གས་བྲེལ། །ལེགས་ལྡན་རིགས་འཛིན་ཏམྦུའི་བུ་དང་གཉེན། །སྦྲེལ་བ་ཁྱབ་འཇུག་སྒྱུ་ཐབས་རྣམ་བཀྲ་ཡང་། །འདབ་ཆགས་ཕལ་པའི་བཞོན་པ་ཙམ་གྱི་ཆེད། །ངོ་སྲུང་ཐག་གུའི་སྐ་རགས་དེས་ཀྱང་དམན། །བྱུ་རུའི་ཞགས་རིང་བརྐྱང་ནས་བླང་དོར་རྣམས། །ཞག་དང་ཉི་མར་མ་འཕུལ་བརྩོན་པའི་རླུང་། །ཤུགས་དྲག་བསྐྱོད་པས་ལུགས་གཉིས་གོ་ལའི་ཁྱིམ། །རང་འགྲོས་ཉི་ཟླའི་མཆེད་ལ་འགྲན་པར་རིགས། །ལུགས་ཟུང་གདུགས་དཀར་ཡུ་བ་(༢༨༢ན)


GLG019_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་མེས་ཀྱིས། །གཏད་ནས་རྡུལ་དང་མུན་པས་བསྒྲིགས་པའི་ཁྲིར། །མི་ཡི་བདག་པོར་བསྐུར་ཚེ་གོང་མའི་སྲོལ། །ལེགས་འཛིན་ཁུར་ཆེན་བློ་གྲོས་ཕྲག་པར་ལོང་། །བྱར་གཉལ་དབང་ཕྱོགས་རི་བོའི་རྩེ་མོ་ནས། །ཚེས་གསུམ་ཟླ་མེད་ཟླ་ཁྱོད་ཤར་བའི་མོད། །ལྷོ་རྒྱུད་སྐྱེ་རྒུའི་བདེ་སྐྱིད་ས་མོས་ཚལ། །བཞད་པས་སྙན་གྲགས་གེ་སར་དྲི་བསུང་འཐུལ། །འཇིག་རྟེན་ཁྱིམ་གྱི་བདག་པོ་སྡིག་སྤྱོད་དུ། །སྨྲ་ཡང་ལྷག་བསམ་ཆུ་འཛིན་སྟུག་པོ་ནས། །དགེ་བའི་འབྲུག་སྒྲ་བསྒྲགས་ཚེ་གཏན་མདུན་གྱི། །རྨ་བྱའི་མངལ་ཁུར་སྦྲུམ་ལས་གཞན་དུ་ཅི། །སེམས་གནས་འཐུག་པོར་འབྱམས་པའི་སྒོམ་ཆེན་པ། །དགག་སྒྲུབ་ཚིག་སྐམ་ལ་ཞེན་སྟོན་ཆེན་དང་། །ཐ་སྙད་རྫུན་གྱི་འཁྲུལ་འཁོར་བསྐོར་དེས་ཀྱང་། །ངེས་ལེགས་གྲོང་དུ་བགྲོད་ལ་ཅུང་མ་ཉེ། །གཟུང་འཛིན་མཚན་མོའི་སྨག་རུམ་ཕ་རོལ་ན། །ས་ལམ་སྐྱ་རེངས་མས་དྲངས་དགེ་སེམས་ཉིས། །སྒྲིབ་བྲལ་སྣང་བའི་འོད་བརྒྱ་སྤྲོས་མིན་པར། །ངལ་བརྒྱའི་དཀའ་ཐུབ་འཁྲུལ་པའི་འཁོར་ལོར་ཟད། །རིགས་ཀྱི་ཡི་དམ་བསྙེན་དང་སྲུང་མ་མཆོད། །ཚེ་དང་ཤེས་རབ་སྤེལ་བའི་འདོད་ལྷ་བསྒྲུབ། །མཐོ་ལ་ཕུ་དུད་དམའ་བའི་སྐྱོང་བྲན་སོགས། །མཛངས་པའི་ངང་ཚུལ་གཡར་དམ་གཅེས་པར་འཚལ། །གཅམ་བུའི་ན་བུན་འཁོར་མིན་གསོང་པོའི་འཕྲིན། །ཉམས་འགྱུར་ཁ་བའི་རྡུལ་བརྩེགས་ལས་བབས་པའི། །སྙན་ཚིག་ལྷུང་ལྷུང་སྒྲར་བཅས་འབབ་པའི་ཀླུང་། །མི་བསྐྱུད་ལམ་གསུམ་ངག་ཏུ་རྒྱུ་བར་རིགས། །(༢༨༢བ)
བཟའ་དང་ཆང་དུ་གཞལ་མིན་ཡིད་ཅན་ལ། །གཅིག་ཏུ་རབ་དཀར་ལྷག་བསམ་དག་པའི་མདོག །འདི་ཞེས་མངོན་སུམ་མཚོན་བྱེད་ཐགས་རིངས་སུ། །ཉེར་བསྐྲུན་ཁ་ཚར་མ་ཉམས་པས་ཀྱང་ངོ་། །


previousརབ་བྱུང་བཅུ་གཅིག་པའི་ལྕགས་བྱ་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext