Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །ཆུ་ཁྱི་ལོ་གོང་ནས་དཔོན་པོ་དགེ་སློང་དང་ཨ་ཆི་ཐུ་དགེ་སློང་གཉིས་གསེར་ཡིག་པར་མངགས་ཏེ་རྟེན་དཔངས་མཐོ་བ་བཅས་བཀའ་ཤོག་བྱུང་བའི་ལན་འབུལ་བར་ཧོར་ཟླ་དྲུག་པའི་ཚེས་བཅུ་བདུན་ལ་ཐང་ཆེན་མཁན་པོ་དུང་དཀར་སྐུ་སྐྱེ་ཚངས་དབྱངས་འབྲུག་སྒྲ་དང་ངག་དབང་རིན་ཆེན་བཏང་བའི་དུས་ཕུལ་བའི་ཞུ་ཡིག་དགེ་ལེགས་ཉིན་བྱེད་དངོམ་བརྒྱ། གནམ་སའི་དབང་ཕྱུག་འཇམ་པའི་དབྱངས་གོང་མ་རྒྱལ་པོའི་དྲུང་དུ། ཡིད་དང་བའི་སྒོ་ནས་མེ་ཏོག་གཏོར་ཏེ་གསོལ་བ། ཚེ་རིང་གནམ་གྱི་ཤེ་མོང་གི་ལུང་བཙན་པོས་གནམ་དང་སའི་དཀྱིལ་འཁོར་བར་མཚམས་མེད་པར་དབང་ཕྱུག་པའི་རྒྱལ་སྲིད་བདུན་ལྡན་གྱིས་ཆེ་བས་མཐོ་བ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ལྷ་མིའི་བདག་པོ་དེང་སང་གི་དུས་ནའང་སེང་གེས་བཏེག་པའི་གསེར་གྱི་ཁྲི་ཆེན་པོར་མི་འཇིགས་པ་སྟོབས་ཀྱི་དཔུང་པ་ལས་འཁྲུངས་པའི་ངོ་མཚར་མཚན་བཟང་དང་ལྡན་པའི་ཐུགས་གསུང་སྐུའི་བཀོད་པ་སྲིད་པ་གསུམ་ན་མཚུངས་པ་མེད་པ་མངོན་པར་མཐོ་བ་གསེར་གྱི་ལྷུན་པོ་ལྟར་ཤིན་ཏུ་བརྗིད་ཅིང་ཞབས་ཟུང་མི་ཤིགས་རྡོ་རྗེའི་རང་བཞིན་བརྟན་པོའི་རྩ་བ་འཛམ་གླིང་སྐྱེ་འགྲོ་མཐའ་དག་གི་སྤྱི་བོར་བཀོད་དེ་ཁྲིམས་གཉིས་ཉིན་མོའི་དབང་ཕྱུག་གི་སྣང་བས་ཡིད་ཅན་ཡོངས་ཀྱི་སྲོག་གི་ཀ་བ་བརྟན་པོ་ཉེ་བར་འཛིན་པ་ནས་བཀའི་གསེར་འཁོར་ནམ་མཁར་འཕགས་པ་ཙམ་ན་འདོད་དགུ་ཕུན་སུམ་ཚོགས་པར་སྦྱོར་བའི་བཀའ་ཤོག་གནང་རྟེན་(༢༨༣ན)


GLG019_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་དཀྲིས་གསེར་བྱུགས་པའི་དངུལ་མདོང་། གསེར་བྱུགས་པའི་བྱ་མ་བུམ། དངུལ་ཕོར་གཉིས། ཁ་བཏགས་ཆེ་བ་ལྔ། ཆུང་བ་བཞི་བཅུ། གོས་ཡུག་ཉི་ཤུ་དང་བཅས་མི་སྣ་དབོན་པོ་དགེ་སློང་དང་ཨ་ཆི་ཐུ་དགེ་སློང་གཉིས་ལ་སྩལ་བ་བདེ་སྐྱིད་ཀྱི་ལོ་ཉེར་གཅིག་པའི་ས་གས་ཉ་པའི་གྲལ་ཚེས་ལ་ཕེབས་པ་དང་ལྷན་ཅིག་ཏུ་ཡིད་ཀྱི་རྒུད་པ་མ་ལུས་པ་ཞི་སྟེ་སྤྲོ་བ་འཕེལ། འདི་ནའང་གང་གི་ཐུགས་རྗེར་བརྟེན་འོ་སྐོལ་གྱི་སྟོན་པ་ཤཱཀྱ་སེང་གེའི་རིང་ལུགས་པ་དགེ་སློང་སྡེ་སྣོད་གསུམ་པའང་སྒོ་གསུམ་གཡར་ཁམས་བདེ་ཞིང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དྲི་མ་མེད་པ་ལ་རི་མོར་བགྱིས་ཏེ་བླ་ནས་བླར་འདེགས་པའི་ཐབས་རྩོལ་ལ་ལྷག་བསམ་གྱི་སྒོ་འཕར་ཕྱེ་སྟེ་ཉི་མ་ནུབ་ཕྱོགས་ཀྱི་འགྲོ་བ་རྣམས་ཀྱང་ཕན་བདེའི་ལམ་བཟང་ལ་བཀྲི་བའི་བློ་གྲོས་ཀྱི་འཇུག་པ་མི་དམན་ཞིང་དོག་ཆར་བརྟེན་རང་གཞན་གྱི་དོན་ཆེན་བསྒྲུབ་པའི་ཆེད་དུ་ལྷ་སྔགས་ཡེ་ཤེས་ཀྱི་ཉམས་ལེན་གཙོར་བཏོན་གྱི་བཅད་རྒྱའི་སྐབས་སུ་གནས། གང་ཅིར་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་བསླབ་སྟོན་སྙིང་གི་ཟེའུ་འབྲུར་བླུག་སྟེ་སླར་ཡང་སྐུའི་འཚམ་འདྲི་གསེར་ཞལ་འཆི་མེད་ཀྱི་བདུད་རྩི་འཐུང་བར་ཐང་ཆེན་མཁན་པོ་དུང་དཀར་སྐུ་སྐྱེ་དང་ངག་དབང་རིན་ཆེན་སྦྲེལ་པོ་རྫོང་བདའ་ཞུས་པ་སྔར་ལས་བཟང་པོ་བཞིན་རྣམ་པ་ཐམས་ཅད་དུ་རྒྱལ་ཐབས་ཀྱི་མཛད་འཕྲིན་ཚད་མ་མཆིས་པ་རྫོགས་ལྡན་གྱི་དུས་ལྟར་བསོད་ནམས་སྟོབས་ཀྱི་མཚན་ཐོས་པ་ཙམ་གྱིས་ཀྱང་རྒོལ་ངན་མཐའ་དག་ཟིལ་གྱིས་གནོན་པ་དང་སྐུ་(༢༨༣བ)


GLG019_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

ཚེའང་བདེ་ལྡན་ཞིང་གི་མགོན་པོ་བཞིན་བརྟན་པར་བཞུགས་པ་ལ་མཆོག་གསུམ་དཔང་པོར་བྱས་ནས་གསོལ་བ་འདེབས་པ་ཡིན། སླད་ནས་ཀྱང་ཐུགས་བརྩེ་བས་དགོངས་ཏེ་བཀའ་མཆིད་ཀྱི་འཁོར་ལོ་ཆད་མེད་ཉི་ཟླའི་འགྲོས་ལྟར་ཞུ། ཞེས་ཞུ་བའི་ཡི་གེ་སྤྱན་རས་ཀྱི་བུང་བ་འབབ་སྟེགས་སུ་རིན་པོ་ཆེ་སྔོ་དམར་སེར་གསུམ་གྱི་ཤལ་བ་རེ། འཇམ་ཕྲུག་སྔོ་ཐིག་བུགས་ཉི་ཤུ་རྩ་ལྔ། དཀར་པོ་བཅུ་དྲུག །རྒྱ་ཐིག་བཅུ། དཀར་ཐིག་བཅུ་གསུམ། སེར་ཐིག་བདུན། ལྗང་ཐིག་བཅུ་གཅིག །སྔོ་རྐྱང་བཅོ་བརྒྱད། དམར་པོ་དགུ །རྒྱ་ཚོས་བཅུ་དྲུག །ལྗང་གུ་བཅུ་དྲུག་དང་བཅས་རྔ་ཆེན་གྱི་ལོ་ཧོར་ཟླ་བ་དྲུག་པ་ཆུ་སྟོད་ཀྱིས་ཉ་བའི་དམར་ཆའི་ཚེས་བཟང་པོར་རང་བྱུང་འཕགས་པའི་གཙུག་ལག་ཁང་དམར་པོ་རི་ནས་ཕུལ། །ཆུ་ཁྱི་ལོ་རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་པའི་སྐུ་བློ་བཟང་པདྨ་འཕྲིན་ལས་ཀྱི་ཆབ་ཤོག་གི་འཕྲིན་ལན་གཅིག་ལས་དུ་མའི་རྣམ་འགྱུར། སྣ་ནམ་སྒྱུ་དྲའི་ལང་ཚོ་ཆེས་དར་བ། །ལྷ་སྔགས་ཡེ་ཤེས་རོལ་པའི་གཟི་བྱིན་གྱིས། །མི་བསྲུན་སྨག་རུམ་ཡོངས་བཅིལ་གསང་གསུམ་མགོན། ཁྱབ་བདག་ཧེ་རུ་ཀར་ཏེ་ཁྱོད་གཅིག་བསྔགས། །སྙན་ཚིག་ཙམ་གྱི་གསོང་གཏམ་ཟླ་དཀྱིལ་ལ། །འགྲན་པའི་བརྩེ་གདུང་དྲག་པོས་ཉེར་བསྐུལ་ཏེ། །དངོས་མཛའི་བརྩེ་དགའ་མགྲོན་དུ་ལེགས་བསུ་བའི། །ཚུལ་ལ་ཡི་རང་སྤྲོ་བ་ལྷག་པར་འཕེལ། །འདི་ན་ལས་ཉོན་གྱིས་བསྐྱེད་འདོད་ཞེན་ལ། །རྣམ་པར་དཀར་བའི་འཕྲིན་ལས་ཡིན་ནོ་ཞེས། །རླབས་ཆེན་བློ་བྲིད་རྒྱུ་སྟོབས་འཕྲུལ་པོ་ཆེས། །དལ་རྟེན་སྟོང་ཟད་(༢༨༤ན)


GLG019_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བར་རིགས་པ་བཞིན། །འོན་ཏེ་སྐྱེ་མང་དགེ་མཐུས་བཤེས་གཉེན་འགའི། །དགོངས་ཟིན་འཆད་རྩོད་རྩོམ་པར་བག་ཆགས་ཙམ། །སད་ལ་རེ་འཆའི་སྣང་ཚུལ་ཁོ་ན་ཉིད། །བཟུང་བར་ཅི་འདིར་སྡོད་ལས་གཞན་སྐབས་བྲལ། །དུང་དུང་ཉིན་མཚན་མི་འབྲལ་རྟག་བཞུགས་ཏེ། །འཇིགས་འཇིགས་ལོག་འདྲེན་སྡེ་དཔུང་རབ་ཏུ་བཅོམ། །མང་མང་མཆོག་ཐུན་དངོས་གྲུབ་ལེགས་ཕབ་པས། །ཡང་ཡང་བསམས་དོན་སྩོལ་མཛད་སྲུང་མ་ཆེ། །ཕྱི་རོལ་དྲེགས་ཚོགས་བྲན་བསྐུལ་སྲིན་པོའི་གཟུགས། །ནང་དུ་རྩ་ཁམས་ཡོངས་དག་ཧེ་རུ་ཀཿ །གསང་བ་རང་སེམས་ངེས་རྙེད་གསལ་སྟོང་མགོན། །འཕྲལ་དུ་འགྲོགས་དང་མཐར་ཐུག་བློ་བག་བྲོ། །མ་ཡིན་གནས་སྐབས་ཟོལ་ལ་བརྟེན་དགོས་པའི། །སྲུང་མའི་གཡར་དམ་དང་དུ་ལེན་མཆིས་པ། །དགེ་སྦྱོར་མི་ནུས་ཉིན་གཅིག་ལོ་བས་ཀྱང་། །རིང་པོར་བརྩི་བའི་ངང་ཚུལ་སུ་འདོད་སོམས། །གཏན་གྱི་བདེ་བ་ལྟ་ཞོག་འདི་སྣང་གི །ཆེད་དུ་བརྩོན་པས་འདིས་མཚོན་གཏེར་ལུང་ནས། །འཕྲེང་སོགས་བཤད་པར་ཐམས་ཅད་འདོད་དུངས་ཀྱིས། །ཡལ་འདོར་མི་ནུས་བྱིས་པའི་བློ་གྲོས་ཙམ། །གང་ཤར་སེམས་ཀྱི་རོལ་ཤར་རྣལ་འབྱོར་པར། །བླང་དོར་བཟང་ངན་བྲལ་བས་འཚོ་ན་ཡང་། །རྣམ་དཀར་དགེར་ངེས་དེ་སྟེང་མ་ཁེལ་བའི། །ཡོ་ལང་རྨི་ལམ་ཡུལ་གྱི་འཆར་སྒོ་ཡིན། །འོན་ཀྱང་རྙེད་དཀའ་དལ་འབྱོར་རིན་ཆེན་ལུས། །རིང་པོར་གནས་ཚེ་རང་གཞན་དོན་གྱི་(༢༨༤བ)
ཆེད། །ལེགས་མོད་ཚད་མ་བཞི་ལྡན་བཀའ་དྲིན་གྱིས། །ཤི་ཡང་མཁའ་སྤྱོད་ཞིང་བགྲོད་སུ་ཞིག་འཚེར། །སྒྲོ་བཏགས་ཉེན་ཁའི་ཕྲེང་བ་ཉེར་བསྒྲིགས་དབྱངས། །ཆེས་ཆེར་བླངས་ནས་བཅད་རྒྱའི་མིང་སྙན་པོ། །དགེ་སྙིང་ཁྲོད་དུ་ཙུ་ཏའི་རྐང་གཉིས་པ། །སོང་དོགས་བསྙེན་སྒྲུབ་རྣམ་གཡེང་སོ་སོར་སྤེལ། །དོན་དམ་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བ་པོར། །ལེགས་བྱོན་མཆོག་གི་སྤྲུལ་པའི་ཟློས་གར་ལ། །བསྟན་སྲུང་དབང་པོའི་རུ་ང་ཕྲག་དོག་པས། །འཁྲེན་ཅིང་དོ་ཟླར་གྱུར་པ་མི་སྲིད་ཀྱང་། །ཀུན་རྫོབ་བླ་དཔོན་འགྲན་ཟླར་རབ་མང་དང་། །སྔོན་མཐོ་རྒྱ་ཡི་ཁོངས་སུ་མ་ཚུད་བཅས། །ཡོངས་ཀྱི་ཡོ་གའི་གཏམ་ལ་རབ་འཇིགས་ཤིང་། །ངེས་པར་འདའ་དཀའི་ཚིག་ལས་འགལ་གྱི་དོགས། །ན་ཚོད་རྒན་པོའི་སྡོང་པོ་བསྐྱེད་བསྲིངས་པས། །མ་སྙིགས་ལོ་འདབ་རྒྱས་པའི་གྲིབ་མ་རུ། །ཉེར་ཞུགས་ཚ་རེག་རབ་བསལ་དགའ་སྤྲོའི་དཔལ། །མྱུར་དུ་སྤྱོད་པའི་སྨོན་ལམ་ཡང་དག་ཞུ། །


previousརབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext