Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

12 occurrences of བྱམས་པ་གླིང་
[Clear Hits]


  
collapse section
  
  
  
 
ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་ཁྲི་ལྡེ་གཙུག་བརྟན་བར་གྱི་རྒྱལ་རབས་བརྗོད་པ།
  
  
 
  
 
 
  
  
expand section


12 occurrences of བྱམས་པ་གླིང་
[Clear Hits]

 
previousཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་ཁྲི་ལྡེ་གཙུག་བརྟན་བར་གྱི་རྒྱལ་རབས་བརྗོད་པ།next

ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་ཁྲི་ལྡེ་གཙུག་བརྟན་བར་གྱི་རྒྱལ་རབས་བརྗོད་པ།


GLG019_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དམ་པའི་ཆོས་ཀྱི་འཆི་མེད་བདག་པོའི་བ་གམ་མངོན་པར་མཐོ་བ་དག་གི་སྒོ་གླེགས་གྲངས་མེད་དུས་གཅིག་ཏུ་ཕྱེ་བའི་སྲོལ་གྱིས་དགེ་ལེགས་ཀྱི་འདོད་རྒུ་རྣམ་པར་བཀྲ་བའི་སྡེ་བཞིའི་འབྲས་བུ་ཟད་མི་ཤེས་པའི་བདོག་པ་རིས་སུ་མ་ཆད་པའི་འགྲོ་བ་ཀུན་ལ་གཏོང་བའི་ཕྱག་རིང་དུ་བརྐྱངས་པའི་དགེ་མཚན་དུ་ཆེ་བའི་མི་རྗེ་སྲོང་བཙན་སྒམ་པོ་ནི། བཀའ་གདམས་གླེགས་བམ་ལས། འདི་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར། །བོད་ཁམས་མགོན་མེད་ཡུལ་དུ་བདེ་བར་སོང་། །བོད་ནི་རྒྱལ་པོ་དག་ལ་ཚད་མར་བྱེད། །ཅེས་དང་། ཐང་ཡིག་ཏུ། ཁ་བ་ཅན་དུ་གནམ་རི་ཞེས་བྱའི་བརྒྱུད། །སྲོང་བཙན་སྒམ་པོ་ཞེས་བྱ་རྒྱལ་བུར་སྐྱེ། །ཞེས་སོགས་དྲི་མ་མེད་པའི་ལུང་བསྟན་གྱིས་བསྔགས་པ་ལྟར། ཡབ་རྒྱལ་པོ་གནམ་རི་སྲོང་བཙན། ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་གྱི་སྲས་སུ། ཀུན་མཁྱེན་ཉི་མའི་གཉེན་ཞི་བ་ཆོས་དབྱིངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་དང་ལྔ་བརྒྱ་ཉག་མ་བརྒྱད་འདས་པ། འགལ་བ་ཞེས་པ་ས་མོ་གླང་གི་ལོ་ལ་ཕོ་བྲང་ བྱམས་མི་འགྱུར་གླིང next hit་དུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་བཞེས་པ་ན་ཡབ་ཀྱི་འཇིགས་པ་མེད་པའི་སེང་གེའི་ཁྲི་ལ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་དབང་བསྐུར། དེའི་ཚེ་རྒྱལ་བའི་ཐུགས་དགོངས་ལ། ངས་ཁ་བ་ཅན་པའི་འགྲོ་དོན་བྱེད་པ་ལ་དབང་བསྐུར་བ་པོ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་དགོངས་པའི་ཚེ། དཔལ་ཀུན་ཏུ་བཟང་པོས་རིན་པོ་ཆེའི་བུམ་པ་ལྷའི་བདུད་རྩིའི་ཆུས་གང་(༡༤བ)


GLG019_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྐུ་ཁྲུས་གསོལ་ཞིང་། ཨ་མི་དེ་ཝས་རྒྱལ་པོའི་བུ་ལ་རེག་ནས་དབང་བསྐུར་བས་བརྗོད་པར་དཀའ་བའི་སྤྲུལ་པ་སྣ་ཚོགས་འགྱེད་པ་དང་གཟིགས་པ་སོགས་ངོ་མཚར་བའི་མཚན་མ་མཐའ་ཀླས་པར་གྱུར་ཏེ། པོ་ཏ་ལའི་རི་འདིའི་རྩེ་ལ་ཕོ་བྲང་བཏབ་ནས་བཞུགས་ན་མཐའ་བཞིའི་གུས་ལྡན་གྱི་རྒྱལ་པོ་ཐམས་ཅད་ཀྱིས་རང་དབང་མེད་པར་གུས་པས་འདུད་པའི་དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ་པར་དགོངས་ནས་བཤུལ་དུ་ཞུགས་ཏེ་གེ་རེའི་འཕྲེང་དུ་ཕེབས་པ་ན། ཡིག་དྲུག་རང་བྱོན་ཞལ་གཟིགས་ནས་སྐུ་ཁྲུས་གསོལ་ཞིང་གསོལ་བ་བཏབ་པས། དེ་ལས་དབང་པོའི་གཞུ་ལྟར་བཀྲ་བའི་ཁ་དོག་སྣ་ལྔ་འཕྲོས་པ་ཕ་རི་བྲག་ལ་སྤྱན་རས་གཟིགས། སྒྲོལ་མ། རྟ་མགྲིན་གྱི་སྐུའི་སྣང་བརྙན་རང་བྱོན་དུ་ཤར་བ་ལ་ཕོག །དེ་ལས་ཀྱང་ཡི་གེ་དྲུག་པ་ལ་ཚུར་ཕོག་པའི་འོད་ཟེར་གྱི་འཕྲེང་བ་འདྲེན་བྱེད་ཀྱི་ཡུལ་དུ་ངོ་མཚར་བའི་གཟིགས་མོར་གྱུར་པ་འཇའ་མདངས་ཞེས་སྐྱེ་བོ་རྣམས་གླེང་ངོ་། །དེ་ནས་བལ་པོའི་ལྷ་བཟོ་དག་གིས་སོར་མོའི་སྒྱུ་རྩལ་གྱིས་སྐུ་དང་གསུང་གི་རྟེན་རྣམས་ཇི་ལྟར་བྱོན་པ་བཞིན་དུ་གསལ་བར་བརྐོས། རིམ་བཞིན་རྒྱལ་པོ་འཁོར་བཅས་པོ་ཏ་ལར་ཕེབས་ནས་འཆི་བ་མེད་པའི་ཕོ་བྲང་ས་ལ་འཕོས་པ་ལྟར་ཡིད་དུ་འོང་ཞིང་ཀུན་གསལ་བུ་མོའི་འགྲམ་སྟེགས་ལྟར་མཐོ་བཙན་གྱི་ཕོ་བྲང་བཞེངས་ནས་སྤྲུལ་པའི་དམག་དཔུང་དང་ལྷན་ཅིག་ཏུ་བཞུགས་པས། མཐའི་རྒྱལ་པོ་ཐམས་ཅད་ཀྱི་རྣ་བར་ད་ལྟ་བོད་ཀྱི་ཡུལ་ན་རྒྱལ་པོ་མགོ་གཉིས་པ་ཐོགས་པ་མེད་པར་སྤྲུལ་པའི་དམག་འགྱེད་ཐུབ་པའི་རྫུ་འཕྲུལ་ཡོད་པ་ཐོས་པས་འཇིགས་རྔམ་གྱི་དབང་གིས་དུས་གཅིག་ཏུ་ཡོང་བའི་(༡༥ན)


GLG019_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་སོ་ཡོད་པ་ལྟར་ཕོ་བྲང་གསར་དུ་བརྩིགས་པ་ལ་ལེགས་ཇར་བསྙད་པའི་དོན་ཞུ་གསོལ་གུས་འདུད་ལྷུར་ལེན་གྱི་སྐྱེས་བཟང་པོའི་ཡི་གེ་དང་བཅས་བློན་པོ་མངགས་པ་རྣམས་ལན་གྱི་ཆབ་ཤོག་སོ་སོའི་ཡི་གེར་བཏབ་ཅིང་། བཟང་པོའི་གསུང་དང་གྱ་ནོམ་པའི་དངོས་པོས་ཚིམ་པར་བྱས་ཏེ་བརྫངས་པས། རྒྱལ་པོ་ཀུན་ཡིད་རང་དབང་མེད་པར་དགའ་བར་མཛད་དོ། །རྗེ་བཙུན་འཇིག་རྟེན་དབང་ཕྱུག་མི་རྗེའི་ཚུལ་གྱིས་འགྲོ་བ་སྐྱོང་བར་ཤེས་བྱ་ཐམས་ཅད་ལ་ལྐོག་ཏུ་གྱུར་པའི་མུན་པ་མཁྱེན་པའི་འོད་སྟོང་གིས་ཆ་ཙམ་ཡང་མེད་པར་བསལ་ནའང་། བློ་དམན་གྱི་འགྲོ་བའི་སྣང་ངོ་དང་འཚམ་པའི་ཕྱིར་དུ། རྒྱལ་སྲིད་ལུགས་ཟུང་གི་ཁྲིམས་རྣམ་པར་དག་པས་འཛིན་པ་ལ་ཡེ་གེ་འདི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ལྟ་བུར་དགོངས་ནས། མགོན་པོ་ཟུར་ཕུད་ལྔ་པའི་བྱིན་རླབས་ཀྱི་ག་བུར་གསར་པའི་ཐིགས་པ་སྙིང་ལ་འཕོག་པས། རྨོངས་རྟུལ་གྱི་ཚ་གདུང་ལྷག་མེད་བཅིལ་བའི་མདུན་ན་འདོན་གཉལ་ནས། ཐོན་མི་ཨ་ནུའི་བུ་སཾ་བྷོ་ཊ་བྲན་དང་བཅས་པར་གསེར་ཕྱེ་བྲེ་གང་དང་གསེར་གྱི་པ་ཊ་སོགས་རིག་བྱེད་སྨྲ་བའི་སྟོན་པ་ཡིད་རང་དབང་དུ་བྱེད་པའི་དངོས་པོ་དང་བཅས་ནས་འཕགས་ཡུལ་དུ་ཡི་གེ་སློབ་པར་བཀས་གནང་སྟེ། བཤུལ་དུ་འཚེ་བ་དང་བྲལ་ནས་བགྲོད་དེ་བྲམ་ཟེ་ལི་བྱིན་ལ་ཡིག་རིགས་སུམ་བརྒྱ་དྲུག་ཅུ་རྩ་བཞི་དང་། པཎྜི་ཏ་ལྷའི་རིག་པའི་སེང་གེ་ལ་སྒྲ་པཱ་ཎི་བྱཱ་ཀ་ར་ཎ། རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས། ཀ་ལཱ་པ། རྟོགས་དཀའ་བ་པཎྜི་ཏ་ལུགས་ཀྱི་བསྟན་བཅོས། ཙནྡྲ་པ་རྣམས་ཀྱིས་རིས། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་བཅས་པ་བསླབས་ནས། བདག་ཅག་བློན་(༡༥བ)


GLG019_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐོན་མི་ལ། །མ་ལུས་གནང་བ་ཐུགས་ལ་བཏགས། །རྒྱ་གར་ཡུལ་དུ་ཕྱིན་པ་ཡིན། །མཁས་གྲུབ་ཁྱེད་དང་མཇལ་བ་ཡིན། །ཞེས་དོན་དུ་གཟོ་བའི་གསུང་བྲམ་ཟེ་ལ་བྱོན་ཏེ་བོད་དུ་ཕེབས་ནས། རྒྱལ་བློན་གཉིས་ཕོ་བྲང་མ་རུར་ལོ་གསུམ་མཚམས་གཅད་དེ་ཡི་གེ་དང་སྒྲ་རྣམས་སློབ་པའི་ཚུལ་མཛད་པས་མཁས་པའི་དཔྱིད་དུ་གྱུར་ཀྱང་དེའི་ནང་དུ་བོད་སྐད་ལ་ཉེ་བར་མཁོ་བའི་སྒྲ་དང་ཡིག་རིགས་མི་འདུག་པར་དགོངས་ནས་བློན་པོར་གསུངས་པས། ཐོན་མིས་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་པའི་ཐུགས་རྗེའི་ཆར་གྱིས་ཡིད་ཀྱི་ཞིང་ས་བརླན་པ་ལས། བོད་ཀྱི་ཡི་གེའི་གཟུགས་སྡེབ་ཀྱི་རྣམ་འགྱུར་གྱི་མྱུ་གུ་ཤར་བའི་འབྲས་བུ་མངོན་དུ་གྱུར་ཚུལ་ནི། དབྱངས་བཅུ་དྲུག་ལས་ཨི་ཨུ་ཨེ་ཨོ་བཞི་དང་གསལ་བྱེད་སུམ་ཅུ་རྩ་བཞི་ལ་ལོག་པ་ལྔ་འཐུག་པོ་ལྔ་ཥ་ཀྵ་རྣམས་དོར་བའི་སྟེང་དུ་ཨ་དྲངས་པའི་རྩ་བཞིར། གཅིག །ཆོས། འཇིག་རྟེན། གཞོན་ནུ། གཟི་བརྗིད། འོ་མ་སོགས་ཀྱིས་མཚོན་པར་རྒྱ་སྐད་ལ། ཨེ་ཀ །དྷརྨ། ལོ་ཀ །ཀུ་མཱ་ར། ཏེ་ཛསྲ། པ་ཡས་བརྗོད་པས། ཅ་ཆ་ཇ་ཞ་ཟ་འ་རྣམས་མི་དགོས་པ་འདིར་བསྣན་ཏེ། དབྱངས་བཞི་གསལ་བྱེད་སུམ་ཅུར་གཏན་ལ་ཕབ་ནས། ལནྫ་ལ་དཔེ་བྱས་ནས་དབུ་ཆེན། ཝ་ཏུ་ལ་དཔེ་བྱས་ནས་ཤར་མ་སོགས་ཡི་གེའི་གཟུགས་དང་བརྡ་གསལ་བར་བྱེད་པའི་སུམ་རྟགས་སོགས་བོད་ལ་ཉེར་མཁོའི་བསྟན་བཅོས་བརྒྱད་མཛད་ནས་རྒྱལ་པོ་ལ་ཕུལ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་ཆོས་དུ་མ་བསྒྱུར་བ་ནི་ལྗོངས་འདིར་དམ་པའི་ཆོས་བསྒྱུར་བའི་ཐོག་མ་ཡིན་ནོ། །རྒྱལ་པོས་བསྟན་པ་རིན་པོ་ཆེའི་བཙས་སུ་དགོངས་ནས་བློན་པོ་ལ་བཀུར་སྟི་རྒྱ་ཆེར་མཛད་(༡༦ན)


GLG019_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པས། བློན་པོ་གཞན་ཕྲག་དོག་པར། ཐོན་མིས། ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པ་སླེབ་པའི་སྔོན་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་ཅན་པའི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེའམ། །ཞེས་གཞན་གྱི་འགྲན་སེམས་ཀྱི་བྲག་རི་དྲི་མ་མེད་པའི་དཔྱོད་ལྡན་གྱི་མཛད་པ་དང་གསུང་གི་གནམ་ལྕགས་ཀྱི་ཐོག་མདས་སིལ་བུར་བཏང་ངོ་། །གསུང་འདི་དག་ལ་དཔགས་ན་དུས་སྐབས་བཟང་པོ་དེ་དག་ཏུ་ཡང་བླུན་པོས་ཤེས་ལྡན་ལ་གཤེ་བ་འདི་ཡོད་ཚོད་དུ་འདུག་གོ །དེ་ལྟར་ཡི་གེ་འདྲི་ཀློག་གི་སྲོལ་ལེགས་པར་བཏོད་ནས། དགེ་བ་བཅུའི་ཁྲིམས་ཀྱི་སྟེང་དུ་དཀོན་ཅོག་ལ་གུས་པ། དམ་ཆོས་བསྒྲུབ་པ། ཕ་མ་ལ་བཀུར་བ། ཡོན་ཏན་ཅན་གོང་དུ་བཀུར་བ། རིགས་མཐོ་དང་རྒན་ལ་ཕུད་དུད། མཛའ་བཤེས་ལ་གཞུང་། ཡུལ་མི་ལ་ཕན་འདོགས་པ། ཡིད་དྲང་བ། མིག་ཡ་རབས་ལ་ལྟ་བ། ཟས་ནོར་ལ་སྤྱོད་ཤེས་པ། དྲིན་ཅན་ལ་ཕན་ལན། བྲེ་སྲང་ལ་གཡོ་སྒྱུ་མེད་པ། སྤྱི་སྙོམས་ཤིང་ཕྲག་དོག་མེད་པ། བུད་མེད་ཀྱི་ཁ་ལ་མི་ཉན་པ། ངག་འཇམ་ཞིང་སྨྲ་མཁས་པ། ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་སྟེ། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས། བཙན་པོས་ཕྱག་རྒྱས་བཏབ་སྟེ་འབྲས་ལྡན་དུས་ཀྱི་མཁའ་ལ་རྟ་ལྗང་གི་དབང་པོ་ཤར་བ་ལྟར་གསལ་ཞིང་། གསེར་གྱི་གཉའ་ཤིང་འཛིན་རི་ལྟར་ལྕི་བར་མཛད་པས། བོད་ཆེན་པོའི་རྒྱལ་ཁམས་ཀྱི་ཁྱོན་ཀུན་ལ་གནས་པའི་སྐྱེ་རྒུ་མཐའ་དག་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དགའ་སྟོན་(༡༦བ)


GLG019_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཅིག་མིན་པར་མྱོང་བར་མཛད་དོ། །སྨྲས་པ། འགྲོ་བའི་བསོད་ནམས་དཔྱིད་ཀྱི་མངལ་ཁུར་ལས། །དཔག་བསམ་ཡོངས་འདུའི་རྒྱལ་སྲས་མཚར་སྡུག་ཅན། །འཐོན་པའི་ཕྱག་ན་པདྨ་མི་ཡི་སྲིད། །བཟུང་འདིས་རྫོགས་ལྡན་དྲི་དེ་རིང་ནས་འགུགས། །མཁའ་མེའི་སྲད་བུར་བརྒྱུས་པའི་ཀ་འཕྲེང་ལ། །རྒྱ་མཚོ་དབྱངས་ཀྱིས་བརྒྱན་པའི་ཡི་གེའི་བརྡའི། །རིན་ཅེན་ཕྱང་འཕྲུལ་རིན་དུ་གསེར་ལྡན་ལྟོ། །ནོར་བུའི་ཟོང་གིས་བཀང་ཡང་ཁུགས་སམ་ཅི། །ཤུགས་དྲག་མི་དགེའི་མུན་པ་ས་འཛིན་རྐང་། །རྣམ་དཀར་དགེ་བའི་འོད་སྟོང་ཞི་འཐུང་རུས། །ལག་ཉལ་གྲུབ་པས་བཅོམ་ཚེ་ཁྲིམས་ཀྱི་གཟི། །ལེགས་བྱས་ས་སྲུང་སྟེང་ན་འོད་དུ་འབར། །ཞེས་བྱ་བ་ནི་བར་སྐབས་ཚིགས་སུ་བཅད་པའོ། །དེ་ནས་རྒྱལ་པོས་འགྲོ་བ་རྣམ་ཐར་པ་བླ་ན་མེད་པ་ལ་འགོད་པར་བྱེད་པའི་གྲོགས་སུ་ཡི་དམ་གྱི་ལྷ་ཞིག་ལ་བརྟེན་དགོས་པར་མཁྱེན་པ་ན། ལྷའི་བུ་མང་པོས་ནམ་མཁའ་ལས་ལུང་བསྟན་པ་ལྟར། སྨིན་མཚམས་ཀྱི་མཛོད་སྤུ་ལས་སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏི་ཤཱི་ལ་བྱོན་པ་ཕོ་ཉར་མངགས་ཏེ། རྒྱལ་པོ་ཨུ་ཊ་མ་ཊ་གེ་སར་ཞེས་བྱ་བ་དཔག་པར་དཀའ་བའི་རྫུ་འཕྲུལ་གྱིས་བཏུལ་ཏེ། ནང་པའི་བསྟན་པ་ལ་བཅུག་ནས་རྒྱལ་པོའི་དཔུང་དང་བཅས་ནས་འཕགས་པའི་མཐུས་སྐད་ཅིག་ལ་རྒྱ་མཚོའི་འགྲམ་གྱི་བྱེ་གླིང་ན་བྱོན་ནས་ས་བརྐོས་པའི་འོག་ཏུ་ཙན་དན་སྦྲུལ་གྱི་སྙིང་པོའི་གར་དུ་བྱུང་བ་བཅད་པའི་ནང་ནས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་། པོ་ཏ་ལ་ནས་ཙན་དན་གོར་ཤི་ཤའི་དུམ་བུ། རྒྱ་མཚོའི་གླིང་གི་འཇག་མ་དང་གནས་ཆེན་བརྒྱད་ཀྱི་བྱེ་མ། ཆུ་བོ་ནཻ་རཉྫའི་བྱེ་མ་རྣམས་སངས་(༡༧ན)


GLG019_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་བྱང་ཆུབ་སེམས་དཔའ་མཐའ་ཡས་པ་བཞུགས་པ་གཟིགས་ནས་བྱེ་མའི་ཐུམ་བུ་དང་། རྩྭའི་ཕོན་པོ། མཆོད་རྟེན་པདྨའི་འཁོར་ལོ་ཅན་ནས། འཁོར་བ་འཇིག །འོད་སྲུངས། ཤཱཀ་ཐུབ་གསུམ་གྱི་རིང་བསྲེལ་སྙིམ་པ་རེ་དང་བཅས་པ་བསྣམས་ཏེ་རྒྱལ་པོ་ལ་ཕུལ། སླར་ཡང་ཡི་དམ་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱི་བརྔས་བསྟན་པ་ལྟར་སྤྲུལ་པའི་དགེ་སློང་གིས་བལ་ཡུལ་ནས་ཙན་དན་ཧ་རིའི་སྡོང་པོ་ལས་འཕགས་པ་ལོ་ཀེ་ཤྭ་ར་སྤྱན་དྲངས་ཏེ། རྒྱལ་པོའི་སྨིན་མཚམས་སུ་ཐིམ་མོ། །དེ་ཡང་བཀའ་གདམས་གླེགས་བམ་ལས། རྗེ་དཀོན་ཅོག་འབངས་ནི་བོད་དུ་འགྲོ །བོད་གློ་བུར་རྒྱལ་པོ་ཆོས་ལ་སྤྱོད། །བོད་མཐའ་འཁོབ་ཡུལ་རྣམས་འདུལ་བར་བྱེད། །ང་རྒྱ་ནག་ཡུལ་ནས་དེར་དྲངས་ཏེ། །མི་ཁོ་ལ་ཉོན་མོངས་མི་མངའ་ཡང་། །ང་འཇིག་རྟེན་སྒྲོན་མ་ཟག་མེད་ལ། །མི་ཁོ་བོའི་བཙུན་མོ་བྱེད་དོ་སྐད། །རྒྱ་ནག་པོའི་མཆོད་གནས་བོད་དུ་འདྲེན། །བོད་ཡུལ་གྱི་དབུས་སུ་བྱེད་དོ་སྐད། །ཞེས་པའི་ལུང་བསྟན་གྱི་བདུད་རྩིའི་བུམ་པ་ལུས་ཅན་འཆི་བ་མེད་པའི་དགའ་སྟོན་དུ་སྤྱོད་པའི་དུས་ལ་བབ་སྟེ། འཕགས་པ་མཆོག་གི་འཕྲིན་ལས་ཀྱི་འཇུག་པ་ཀུན་གསལ་གྱི་མཐའ་ཀླས་པར་འཆར་བར་བྱེད་པའི་ཐབས་སུ་ཇོ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་ལྷ་གཅིག་ཁྲི་བཙུན་བྱ་བ་ལོ་བཅུ་དྲུག་ལོན་པ་ལང་ཚོའི་ཟིལ་མངར་དར་ལ་བབས་པའི་མཚན་བཟང་ཅན། ཞལ་ནས་ཧ་རི་ཙན་དན་གྱི་དྲི་བྲོ་བ་ཞིག་དང་། རྒྱ་ནག་པོའི་གྲོང་ཁྱེར་ན་ཇོ་མོ་སྒྲོལ་མའི་སྤྲུལ་པ་ལྷ་གཅིག་ཀོང་ཇོ་བྱ་བ་ལོ་བཅུ་དྲུག་ལོན་པ། མཚན་དཔེའི་མཛེས་སྡུག་རྣམ་པར་རྒྱས་པའི་དཔལ་(༡༧བ)


GLG019_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཅན། ཞལ་ནས་ཨུཏྤལ་དྲི་བྲོ་བ་ཞིག་ཡོད་པ་ལས། རྒྱལ་པོས་ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་པས། འཕགས་པས་བྱིན་གྱིས་བརླབས་པའི་སྤྲུལ་པའི་ཟློས་གར་བུད་མེད་ཀྱི་སྲིད་བཟུང་བ་གཉིས་ཡོད་པ་བཙུན་མོར་སྤྱན་འདྲེན་དགོས་པའི་ལུང་བསྟན་གྱི་སྒྲ་ནམ་མཁའ་ལས་བྱུང་བ་དང་། སྤྲུལ་པའི་རྒྱལ་པོའི་སྤྱན་གཉིས་ལས་འོད་ཟེར་འཕྲོས་པ་ཤར་ནུབ་ཏུ་སོང་བ་ལ། དྲི་མ་མེད་པའི་ལྷའི་སྤྱན་གྱིས་གཟིགས་པས། ནུབ་ཕྱོགས་བལ་པོའི་ཡུལ་གྱི་གྲོང་ཁྱེར་ཡ་འབུ་ཡ་འགལ་བྱ་བ་ན། བལ་པོའི་རྒྱལ་པོ་ནི་ས་མ་འབྲི་ཤོ་བྱ་བའི་ཆོས་སྲིད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པའི་དབང་ཕྱུག་དམ་པ་ལ་ཡིད་དུ་འོང་བའི་སྲས་མོ་ལྷ་གཅིག །རིན་པོ་ཆེའི་དཀོར་མཛོད། རྒྱལ་བ་ཉི་མའི་གཉེན་དགུང་ལོ་བརྒྱད་པའི་སྐུ་ཚད་ཀྱི་སྣང་བརྙན་དང་། རྒྱ་ཡུལ་གྲོང་ཁྱེར་བཀྲ་ཤིས་སྒོ་ཁྲི་ན་རྒྱ་ཀོང་རྩེ་འཕྲུལ་ཆུང་བྱ་བ། སྟོབས་ཀྱི་འཁོར་ལོས་ས་ལ་རང་དབང་དུ་སྤྱོད་པའི་མི་རྗེ་ལ་སྲས་མོ་མི་ལས་འདས་པའི་ལྷ་གཅིག་མིག་སྐྱའི་ལོངས་སྤྱོད་ལ་རྣམ་པར་འཁུ་བའི་འབྱོར་པའི་བང་མཛོད། རྒྱལ་བ་བུ་རམ་ཤིང་པ་དགུང་ལོ་བཅུ་གཉིས་པའི་སྐུ་བརྙན་སོགས་ཚད་མའི་ཡུལ་དུ་གྱུར་པ་ལས། ལྷ་གཅིག་གཉིས་ཁབ་ཏུ་བཞེས་ན། རྒྱ་བལ་གྱི་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་དངོས་པོ་ཐམས་ཅད་ཁབ་ལེན་གྱི་རྡོ་དང་ལྕགས་ཀྱི་སྣང་ཚུལ་ལྟར་འབྱུང་བར་དགོངས་ནས་འཇིག་རྟེན་མིའི་ཆོས་ལུགས་དང་སྒོ་བསྟུན་ཏེ། གནས་སྐབས་སུ་བོད་མཐའ་འཁོབ་ཀྱི་རྒྱལ་པོར་གྱུར་པས། ཕོ་ཉ་བ་ཙམ་མངགས་པ་ལ་མི་སྟེར་བར་དགོངས་ནས། རྒྱལ་པོ་ཉིད་ཀྱི་སྤྱན་གཡས་པའི་འོད་ཟེར་ལས། འཁོར་ལོས་སྒྱུར་བའི་རྒྱལ་པོ་(༡༨ན)


GLG019_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེ་དང་ལྡན་ཞིང་། རྟ། གླང་པོ། བློན་པོ། དམག་དཔོན། བཙུན་མོ། འཁོར་ལོ། ནོར་བུ་སྟེ། སྔོན་དུ་འགྲོ་བའི་དཔུང་ཚོགས་ཡན་ལག་རྣམ་བཞི་དང་བཅས་པའི་སྤྲུལ་པ་བལ་པོའི་རྒྱལ་པོའི་སྒོ་དྲུང་དུ་ཕྱིན་ཏེ། བློན་པོ་རིན་པོ་ཆེས་བརྡ་སྦྱར་ནས། ངེད་ཁ་བ་ཅན་གྱི་ཡུལ་འཕགས་པ་ཕྱག་ན་པདྨས་བྱིན་གྱིས་བརླབས་ཤིང་། འཕགས་པ་ཉིད་རྒྱལ་པོའི་ཚུལ་བཟུང་བ་ཡིན་པས། རྒྱལ་པོ་ཁྱེད་ཀྱི་བུ་མོ་ཁྲོ་གཉེར་ཅན་མའི་སྤྲུལ་པར་འདུག་པ་ངེད་ཀྱི་ཇོ་མོར་བསུ་བས། རྟེན་སྐལ་ཤཱཀྱ་མུ་ནི། བྱམས་པ་ཆོས་འཁོར། ཙན་དན་གྱི་སྒྲོལ་མ་རྣམས་རྫོངས་སུ་སྐུར་ཞིག །དེ་ལྟར་མི་བྱེད་ན་ཡུལ་འདིར་ཁ་བ་ཅན་གྱི་རྒྱལ་པོའི་ཕོ་བྲང་འདེབས་སོ་ཞེས་བལ་སྐད་དུ་སྨྲས་པས། བལ་པོའི་རྗེ་འབངས་ཀུན་སྐྲག་ནས་རང་དབང་མེད་པར་ཁས་བླངས་ཏེ། ཡབ་ཀྱིས་ལྷ་གཅིག་ལ་འགྲོ་བར་གསུངས་པས། ལྷ་གཅིག་གིས་ཡབ་ལ་ཞུ་བ་ཕུལ་བ། ཀྱེ་མ་ཡབ་གཅིག་རྒྱལ་པོ་ལགས། །བོད་ཅེས་བྱ་བ་དམངས་རིགས་གདོལ་བའི་རིགས། །བླུན་ཞིང་མཐའ་འཁོབ་སྟོན་པས་ཞབས་མ་བཅགས། །མཆོད་གནས་མེད་ཅིང་ཚོགས་གསོག་རྟེན་མ་མཆིས། །རྒྱལ་བའི་འཁོར་བཞི་གྲོགས་བཟང་དགེ་འདུན་མེད། །ཆོས་དང་ཆོས་མིན་མི་ཤེས་མུན་པའི་སྨག་རུམ་འདྲ། །ཞེ་སྡང་གདུག་སེམས་ཆེ་བ་གནོད་བྱེད་སྲིན་པོའི་རིགས། །འཆར་ལ་སྙོམ་བག་ཆེ་བ་བྱོལ་སོང་སྤྲེའུའི་རིགས། །དེ་འདྲའི་མཐའ་འཁོབ་གནས་སུ་བདག་མཆིས་ན། །བདག་གི་བསོད་ནམས་གསོག་པའི་རྟེན་དང་མཆོད་གནས་སུ། །ཡབ་ཀྱི་མཆོད་གནས་ཤཱཀྱ་མུ་ནི་དང་། །བྱམས་པ་སྒྲོལ་མ་བདག་ལ་གནང་བར་ཞུ། །བོད་ཅེས་(༡༨བ)


GLG019_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཡི་དྭགས་གྲོང་ཁྱེར་ཏེ། །མི་ལྟོགས་རྒྱལ་ཁམས་ཡིན་པར་རྒྱལ་བས་ལུང་བསྟན་པས། །རིན་ཅེན་བང་མཛོད་མང་པོ་བདག་ལ་རྒྱུ། ཁ་བ་ཅན་གྱི་རྒྱལ་ཁམས་བསིལ་ཞིང་གྲང་། །ཚེ་གཅིག་དྲོད་པའི་གོས་ཤིག་བདག་ལ་ཞུ། །དེ་ལྟར་མ་འདྲིས་མི་ཡི་ཁྲོད་ནང་དུ། །བསམ་རྒྱུད་སྤྱོད་པ་བྱ་བ་ཇི་ལྟར་བགྱི། །ཡབ་གཅིག་རྒྱལ་པོ་བདག་ལ་བཀའ་སྩོལ་ཅིག །ཅེས་ཞུས་པས། རྒྱལ་པོས། ཀྱེ་མ་མིག་འབྲས་འདྲ་བའི་བུ་མོ་ཚུར་གསོན་ཅིག །བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ། །རི་མཐོ་ས་གཙང་གངས་རི་གཉན་གྱི་མགུལ། །བསིལ་ལ་དྲོ་བ་ལྷ་གནས་གཞལ་ཡས་ཁང་། །ཆུ་བོ་བཞི་འབབ་རྒྱ་མཚོ་བཞི་ཡིས་མཛེས། །འབྲུ་སྣ་སྣ་ཚོགས་རིན་ཅེན་སྣ་ཚོགས་འབྱུང་། །རྐང་འགྲོས་སྒུར་སྤྱོད་རྩི་ཐོག་མར་ལ་སྤྱོད། །རྗེ་ནི་ལྷ་ཡིན་འབངས་ནི་མི་ཡིས་བྱས། །འཁོར་བཞི་མེད་ཀྱང་བྱང་ཆུབ་སེམས་དཔའི་བརྒྱུད། །དམ་ཆོས་མེད་ཀྱང་རྒྱལ་པོའི་བཀའ་ཁྲིམས་གནས། །དགེ་འདུན་མེད་ཀྱང་རྒྱལ་པོ་སྤྲུལ་པ་ཡིན། །ཞེས་བོད་ཀྱི་རྗེ་འབངས་ཡུལ་གྲུ་ལ་བསྔགས་པ་མཛད་ནས། ལྷ་གཅིག་གི་སྤྲོ་བ་བསྲིངས་ཏེ། བོད་ཀྱི་སྤྲུལ་པའི་བློན་པོ་རིན་པོ་ཆེ་དང་། ལྷ་གཅིག་རྒྱུ་མཚན་མཐུན་པའི་མཆོད་གནས་དམ་པ་འཆི་བ་མེད་པའི་བདག་པོ་མཆོད་སྦྱིན་བརྒྱ་པས་སྦྱིན་བདག་བྱས་ཏེ། སྤྲུལ་པའི་བཟོ་བོ་ལས་སྣ་ཚོགས་པའི་སོར་མོའི་འདུ་བྱེད་ལས་བསྐྲུན་པའི་ཤཱཀྱ་མུ་ནི་དགུང་ལོ་བརྒྱད་པའི་སྐུ་ཚད་ཅན་རྒྱལ་བ་ཉིད་ཀྱིས་རབ་གནས་མཛད་པ། སངས་རྒྱས་འོད་སྲུངས་ཀྱིས་རབ་གནས་མཛད་པའི་བྱམས་པ་ཆོས་འཁོར། ཙན་དན་གྱི་སྒྲོལ་མ་རང་བྱུང་། ནོར་བུ་རཏྣ་ད་ཝ། སྟག་(༡༩ན)


GLG019_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཤེ་དེ་ཝ། བཻ་ཌཱུརྱའི་ལྷུང་བཟེད་སོགས། རིན་པོ་ཆེའི་བང་མཛོད་བདུན་གྱིས་ཐོག་དྲངས་མཁོ་དགུའི་ཡོ་བྱད་རྣམས་སྐལ་རྫོངས་སུ་མཛད་དེ། ཁྲི་བཙུན་ལ་བསླབ་བྱ་འདི་ལྟར། སྔོན་ཚེ་བུ་མོས་ཕ་ཡུལ་བཟུང་བ་མེད། །དེ་ཕྱིར་བུ་མོ་ཁྱོད་ཀྱང་བོད་ཡུལ་སོང་། བཀའ་བཏགས་ཆོས་ལུགས་བཟང་པོ་དར་བར་གྱིས། །རྗེ་ཡི་སྐུ་མཁར་ཕོ་བྲང་བཙན་པོ་འཆོས། །ཆོས་བཞེངས་དཀོན་ཅོག་གསུམ་གྱི་རྟེན་ཡང་ཚུགས། ཁྱད་པར་འཕགས་པའི་རྟེན་ཡང་བཞེངས་སུ་གསོལ། །གཙུག་ལག་རྒྱལ་བའི་སྐུ་གཟུགས་དམ་པ་བཞེངས། །སངས་རྒྱས་བསྟན་པ་རྒྱས་པར་མཛད་པ་ཡི། །དགེ་འདུན་སྟོན་པའི་བསྟན་པ་དར་བར་མཛོད། །ཅེས་སོགས་འཕྲལ་ཡུན་དུ་དགོས་པའི་བསླབ་བྱ་དང་བཅས་ཏེ་བོད་དུ་བརྫངས། དེའི་ཚེ་སྐྱེས་བུ་མཆོག་དམན་བར་པ་གསུམ་ལ་སྣང་བ་མི་འདྲ་བ་གསུམ་བྱུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས་ངོར། འཕགས་པ་སྤྱན་རས་གཟིགས་དང་ཇོ་མོ་ཁྲོ་གཉེར་ཅན་མཇལ་ནས་མཁའ་ལ་འོད་ཟེར་དང་བཅས་ཏེ་བོད་དུ་བྱོན་ནས་བཞུགས་པར་གཟིགས། བལ་པོའི་རྗེ་འབངས་རྣམས་ཀྱིས། ཁྲི་བཙུན་བཙུན་མོ་རིན་པོ་ཆེའི་ཆས་སུ་ཞུགས་ནས་བོད་དུ་བཞུད་པར་མཐོང་། བོད་འབངས་རྣམས་ཀྱིས་བཻ་ཌཱུརྱའི་ཁྲབ་ཀྱིས་རྟེན་དང་བཅས་ཏེ་བོད་བློན་རྟ་པ་ལྔ་བརྒྱ་བལ་ཡུལ་དུ་རྫངས་པ་རྣམས་ཀྱིས་ཁྲི་བཙུན་རྒྱལ་པོའི་བཙུན་མོར་སྤྱན་དྲངས་པ་མཐོང་། དེ་ནས་རྒྱལ་པོས་བཀོད་པས་ཁྱད་པར་འཕགས་པའི་བསུ་བ་དང་། དགའ་སྟོན་རྒྱ་ཆེན་པོ་མཛད་དེ་ལྷ་གཅིག་བཙུན་མོ་རིན་པོ་ཆེའི་ཁྲི་ལ་དབང་བསྐུར་རོ། །ཤཱཀྱ་མུ་ནི་སོགས་སྐལ་རྫོངས་(༡༩བ)


GLG019_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟེན་ཁྱད་པར་ཅན་རྣམས་དང་། སྔར་སྤྲུལ་པའི་དགེ་སློང་གིས་སྤྱན་དྲངས་པའི་རྟེན་རྣམས་ལྷན་ཅིག་ཏུ་མཆོད་པའི་ཁང་བཟང་ཡིད་དུ་འོང་བར་བཞུགས་སུ་གསོལ་ནས། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱིས་མཆོད་ཅིང་། བཙན་པོ་ཡང་སྐུ་རྣམས་ཀྱི་ཐད་ཀ་ནས་འབེན་ཚད་གང་ལས་རིང་དུ་མི་བཞུད་པར་བཞུགས་པས། ཁྲི་བཙུན་གྱི་ཐུགས་ལ། རྒྱལ་པོ་འདི་ལྷ་དང་མིས་ཁྱད་པར་དུ་འཕགས་པའི་ཡོན་ཏན་མངའ་བ་ཞིག་འདུག་ནའང་། ཕོ་བྲང་གྱི་ཕྱི་རོལ་དུ་མི་འབྱོན་པ་ནི་མཐའི་དམག་ལ་འཇིགས་པར་གདའ་བས། ཕོ་བྲང་བཙན་པོ་ཞིག་རྒྱག་པར་བཞེད་ནས། དམར་པོ་རིའི་ས་ཕྱོགས་སུ་ལྕགས་རིའི་འཕྲེང་བ་གསུམ་དུ་བསྐོར་བའི་ནང་དུ་མཁར་དགུ་བརྒྱ་དགུ་བཅུ་རྩ་དགུ །དམར་པོ་རིའི་རྩེར་གཅིག་སྟེ་སྟོང་ཡོད་པ་དེ་དག་རྣམས་ལ་དྲིལ་བུ་དང་རྔ་ཡབ་མུ་ཏིག་གི་དྲ་བ་ཕྱེད་ཀྱིས་མཛེས་ཤིང་ཡིད་དུ་འོང་བ། རྣམ་པར་རྒྱལ་བའི་ཁང་བཟང་ལ་འགྲན་པ། རྒྱལ་པོ་དང་བཙུན་མོའི་ཕོ་བྲང་གི་བར་དུ་དངུལ་དང་ཟངས་ཀྱི་ཟམ་པ་སྦྲེལ་བ། མཁར་གྱི་རྩ་བར་ཤིན་ཏུ་རྣོ་བའི་མདུང་ལ་བ་དན་ལྷབ་ལྷུབ་ཏུ་འཕྱོ་བ་སྟོང་བཙུགས་པ་ཕྱོགས་བཞི་ན་འདོད་རྒུའི་ཡོ་བྱད་མཐའ་དག་རང་དབང་མེད་པར་འདུ་བའི་སྒོ་བཞི་ལ་ལྕོག་བཞིས་རྣམ་པར་བརྒྱན་པ། ཕྱི་རོལ་ཏུ་རྟའི་རྒྱུགས། ཟབས་སུ་འདོམ་དོ། །ཞེང་འདོམ་བཅོ་བརྒྱད་སྙུངས་སུ་འདོམ་སུམ་བརྒྱ་ཡོད་པ། དེ་ལ་སྤང་ལེབ་བསྒྲིགས་པའི་སྟེང་དུ་སོ་ཕག་བཏིང་བ། རྟ་གཅིག་བརྒྱུགས་ཀྱང་དུ་མ་བརྒྱུགས་པའི་སྒྲ་འབྱུང་བ། མདོར་ན་སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུའི་གྲོང་ཁྱེར་བསོད་ནམས་ཀྱི་མཐུས་གངས་ཅན་གྱི་ལྗོངས་སུ་(༢༠ན)


GLG019_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

འཕོས་པ་ལྟ་བུ་ཞིག་བརྩིགས་ནས། རྗེ་བློན་འབངས་འཁོར་མཐའ་དག་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའི་སྐབས་སུ། སྤྲུལ་པའི་རྒྱལ་པོས་ཤར་ཕྱོགས་ནས་རྒྱ་རྗེའི་སྲས་མོ་ཀོང་ཇོ་སྤྱན་འདྲེན་པའི་ཉེར་བསྡོགས་སུ་སྤྱན་གཡོན་པའི་འོད་ཟེར་ལས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་སྔར་ལྟར་སྤྲུལ་ནས། རྒྱའི་ཕོ་བྲང་ཀེ་རུའི་ཁྲི་སྒོར་ཕེབས་ཏེ་བློན་པོ་རིན་པོ་ཆེས། ངེད་བོད་ཀྱི་རྒྱལ་པོ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པས་ཁྱེད་ཀྱི་ལྷ་གཅིག་འདི་སྒྲོལ་མའི་སྤྲུལ་པ་ཡིན་པ་བཙུན་མོར་སྤྱན་འདྲེན་པས་སྐལ་རྫོངས་སུ་ཤཱཀྱ་མུ་ནི་དང་བཅས་པ་གནང་བར་མཛོད་ཅིག །དེ་ལས་ཕྱི་རོལ་དུ་གྱུར་ན་རྒྱ་ཡུལ་འབྱིན་ཅིང་། ཚུལ་བཞིན་བསྒྲུབས་ན་རྒྱ་བོད་ཀྱི་འཁྲུག་པ་ཕྱིས་ནས་རྒྱུན་གཅོད་དོ་ཞེས་རྒྱ་ནག་གི་སྐད་དུ་བརྡ་སྦྱར་བས། རྒྱལ་བློན་རྣམས་ཤིན་ཏུ་འཇིགས་པས་ཁས་བླངས་ཏེ་ལྷ་གཅིག་ལ་འགྲོ་བར་གསུངས་པས། ལྷ་གཅིག་གིས་མཛའ་གཅུགས་ཀྱིས་བཅིངས་པའི་གཉེན་འཁོར་དང་མི་འཕྲད་ཅིང་། ཆོས་དང་སྲིད་ཀྱི་འབྱོར་པ་ལས་གཞན་དུ་གྱུར་པའི་ཡུལ་དེར་མི་འགྲོ་བར་ཞུས་ཀྱང་། བོད་ཀྱི་རྒྱལ་པོའི་བླ་ན་མེད་པའི་སྤྲུལ་པའི་འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ཀྱི་གཟི་བྱིན་རྒྱ་རྗེས་མ་བཟོད་པའི་དབང་གིས་བཀའ་མ་གནང་བས། ལྷ་གཅིག་གིས་བདག་ཁ་བ་ཅན་གྱི་རྒྱལ་ཁམས་སུ་འགྲོ་དགོས་ན། ལྷ་ཤཱཀྱ་མུ་ནི། བོད་ལྷ་སྲིན་མ་རུངས་པའི་ཡུལ་ས་རྒོད་རྡོ་རྒོད་ལ་སོགས་པའི་དགྲ་རྣམས་འདུལ་བའི་གཙུག་ལག་གི་གབ་རྩེ་དང་འདོད་པ་འཇོ་བའི་དངོས་པོ་ཟད་མི་ཤེས་པའི་རིན་པོ་ཆེའི་གན་མཛོད་གནང་བར་ཞུས་པ་བཞིན་བརྫངས་ཏེ། རྒྱ་རྗེའི་ཞལ་ནས། (༢༠བ)


GLG019_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་མ་བུ་མོ་བདག་ལ་ཚུར་གསོན་དང་། །བོད་ཅེས་བྱ་བ་ཁ་བ་ཅན་གྱི་ཡུལ། །ཡུལ་ལ་ཁྱད་དུ་འཕགས་པ་དེ་ཡིན་ཏེ། །གངས་རི་རང་བྱུང་མཆོད་རྟེན་ཡ་མཚན་ཅན། །ལྷུན་གྱིས་གྲུབ་པའི་གནས་མཆོག་དམ་པ་ནི། །མཚོ་བཞི་གཡུ་ཡི་མཎྜལ་བཀྲམ་པ་འདྲ། །ཐང་བཞི་རང་བཞིན་མཆོད་པ་བཤམས་པ་འདྲ། །ཆུ་བོ་བཞི་ཡི་མགོ་བཞི་རང་བཞིན་ཅན། །རི་མཐོ་ས་གཙང་གངས་རི་གཉན་གྱི་ལྗོངས། །བཀྲ་ཤིས་ཉམས་དགའ་གཡུང་དྲུང་བྲིས་པ་འདྲ། །རྒྱལ་ཁམས་གཞན་གྱི་མི་རྗེ་མི་ཡིས་ནི། །བྱས་པ་ལ་ནི་ངོ་མཚར་ཆེ་རྒྱུ་མེད། །བོད་ཡུལ་མི་རྗེ་ལྷས་བྱས་ངོ་མཚར་ཆེ། །མཐའ་བཞིའི་རྒྱལ་པོ་ཀུན་གྱིས་ལེགས་པར་བཀུར། །ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ནི། །བྱང་ཆུབ་སེམས་དཔའི་སྤྲུལ་པ་མི་དྲུག་ལྡན། །ཡོན་ཏན་དཔག་ཏུ་མེད་པའི་རྒྱལ་པོ་ཡིན། །ཞེས་སྤྲོ་བ་བསྲིངས་ནས། བུ་ཚ་ཡིག་ཚང་སློབ་ཅིང་དགེ་བ་དག་ལ་སྦྱར། །དཀོན་ཅོག་དབུ་འཕངས་བསྟོད་ཅིང་དད་དང་གུས་པ་སྐྱེད། །ཆོས་འཁོར་གཙུག་ལག་བཞེངས་ཤིང་གནས་གྲར་དགེ་གནས་ཚུགས། །སངས་རྒྱས་སྐུ་གཟུགས་བཞེང་ཞིང་དམ་ཆོས་གཞུང་ཡང་བྲིས། །ཐོས་བསམ་སྒོམ་པ་བྱ་ཞིང་དམ་ཆོས་ནང་དུ་སྤྱད། །དགེ་འདུན་རྙེད་བཀུར་བྱ་ཞིང་དམ་ཚིག་སྡོམ་པ་སྲུངས། །དམ་ཆོས་དུས་དྲན་བྱས་ལ་དེ་རིང་ཉིད་ནས་འབད། །ཆོས་ལ་ལོང་ཡོད་མི་སེམས་ཚེ་འདིར་ཆགས་མི་བྱ། །སྐྱབས་ཆེན་ལྷ་རུ་གཟུང་ལ་དཀོན་ཅོག་སྐྱབས་འགྲོ་བྱ། །ལས་དང་འབྲས་བུ་སེམས་ལ་སྡིག་སྤོང་དགེ་ལ་འབད། །འཁོར་བའི་ཉེས་དམིགས་བསམ་ལ་ངེས་འབྱུང་བློ་གཏད་བྱ། །འཁོར་བའི་ཉོན་མོངས་སྤངས་ཤིང་(༢༡ན)


GLG019_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་གཉེན་པོ་སྟེན། །བྱམས་དང་སྙིང་རྗེ་བསམ་ལ་བྱང་ཆུབ་སེམས་ཀྱང་སྐྱེད། །བྱང་ཆུབ་སྤྱོད་པ་སྤྱད་ཅིང་ཐེག་ཆེན་ལམ་བགྲོད་བྱ། །དེ་ལྟར་བྱས་ན་བཀྲ་ཤིས་དགེ་བར་འགྱུར། །གཏམ་གྱིས་མཐའ་མ་ཡིན་ནོ་བུ་མོ་དེ་ལྟར་མཛོད། །ཅེས་སོགས་ཆོས་དང་སྲིད་ལ་མཁོ་བའི་ཞལ་གདམས་མང་དུ་གསུངས་ནས་བོད་ཀྱི་རྒྱལ་པོའི་བཙུན་མོ་རིན་པོ་ཆེར་བརྫངས་སོ། །དུས་དེར་མཐོང་སྣང་གསུམ་བྱུང་བ་ནི། ཕྱོགས་བཅུའི་བདེ་གཤེགས་བྱང་སེམས་རྣམས་ཀྱི་གཟིགས་མོར་རྗེ་བཙུན་ཕྱག་ན་པདྨོ་དང་ཇོ་མོ་སྒྲོལ་མ་གཉིས་ཕན་ཚུན་དུ་ཐུགས་རྗེའི་འོད་ཟེར་གྱིས་བསྐུལ་བའི་མཐུས། བོད་ཁམས་ཀྱི་དོན་དུ་གཤེགས་པར་གཟིགས། རྒྱ་ནག་པོ་རྣམས་ཀོང་ཇོ་བོད་ཀྱི་སྤྲུལ་པའི་རྒྱལ་པོའི་བཙུན་མོར་འཁྱེར་བར་མངོན། བོད་འབངས་རྣམས་ཀྱིས་ནི། དཔའ་མཛངས་འཕྲུལ་ལྡན་ཀྱི་བློན་པོ་མགར་སོགས་རྒྱ་རྗེའི་ཕོ་བྲང་དུ་ལྷ་གཅིག་སྤྱན་འདྲེན་པའི་རྟེན་དུ་བཻ་ཌཱུརྱའི་རྨོག་དང་བཅས་ཏེ་མངགས་པ་རྒྱལ་ཁབ་ཏུ་སླེབ་པ་དང་། རྒྱ་རྗེ་ཡབ་ཡུམ་སྲས་ལྷ་གཅིག་དང་བཅས་པ་མཐའ་དག་བོད་ལ་སྟེར་མ་འདོད་པའི་བསྙད་དུ། རྒྱལ་པོ་ཆེན་པོ་གཞན་ཞིག་ལ་སྟེར་བར་གྲོས་མཐུན་ཀྱང་། ནང་གསེས་ཀྱི་ཡབ་ཆོས་ལ་དགྱེས། ཡུམ་ལོངས་སྤྱོད་འདོད། སྲས་དམག་ལ་དགའ། ལྷ་གཅིག་གཟུགས་ཡིད་དུ་འོང་བ་ལ་འདོད་པའི་དབང་གིས་ཕོ་ཉ་སོ་སོར་མངགས་པས། རྒྱ་གར་ཆོས་ཀྱི་རྒྱལ་པོ། སྟག་གཟིག་ནོར་གྱི་རྒྱལ་པོ། གེ་སར་དམག་གི་རྒྱལ་པོ། གཟུགས་མཛེས་ཁྲོམ་གྱི་རྒྱལ་པོ་བཞིའི་བློན་པོ་ལྔ་བརྒྱ་ཡང་ལྷ་གཅིག་སྤྱན་འདྲེན་པའི་ཆེད་དུ། རྒྱ་རྗེའི་ཕོ་བྲང་དུ་སླེབ་པ་ལས། རྒྱ་(༢༡བ)


GLG019_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བོད་ལ་མི་དགའ་ཡང་། ཁྲིམས་ལ་ཉེ་རིང་མི་བརྟུལ་བའི་དབང་གིས་བློན་པོ་རིག་པ་སུ་རྣོ་བ་ཞིག་ལ་སྟེར་བར་བྱས་ཏེ། བཙན་པོའི་བླ་གཡུ་ཕུབ་ཙམ་ལ་མིག་གཅིག་མཐའ་ན་ཡོད་ཅིང་མིག་གཅིག་དཀྱིལ་ན་ཡོད་པ་ནང་གི་མིག་ཀྱང་ཕུབ་ཀྱི་སྤ་རིམ་ལྟར་ཡོད་པའི་ཁྱད་འཕགས་ཞིག་ཡོད་པ་དེ་གཏད་ནས་མིག་ཏུ་དར་ཡུག་སུས་ཚུད་ལ་སྦྱིན་ནོ་ཟེར་བས། བློན་པོ་གཞན་རྣམས་ཀྱིས་ཉི་མ་མང་པོའི་བར་དུ་ཐབས་སྣ་ཚོགས་བྱས་ཀྱང་མ་ཚུད་པར། མགར་གྱིས་རྒྱའི་གྲོག་མ་གཟན་གྱིས་གསོས་པའི་མཐེ་བོང་ཙམ་ཞིག་གི་རྐེད་པ་ལ་དར་སྐུད་དང་། དེའི་སྣེ་ལ་དར་ཡུག་བཏགས་ཏེ་དབུས་ཀྱི་མིག་ཏུ་བཅུག་ནས་ཕུས་བཏབ་པ་མཐར་འཐོན་ཏེ་ལྷ་གཅིག་གནང་བར་ཞུས་ཀྱང་། བོད་ལ་སྟེར་མ་འདོད་པའི་བསྙད་ཀྱིས། དེ་ཙམ་གྱིས་བྱ་བ་མ་རྫོགས་པ་སྐད་དུ། བྱ་མ་བརྒྱ་བུ་བརྒྱ། ཤིང་ཟླུམ་པོ་རྩ་རྩེ། ཉིན་གཅིག་མི་རེས་ལུག་ཤ་སྦུགས་རེ་ཟ་བ་ལྤགས་པ་མཉེས་ཟིན་པ་དང་། ཆང་བན་རེ་འཐུང་བ། མ་བཟི་བ་སོགས་འགྲུབ་པར་དཀའ་བའི་རིག་པ་མང་པོ་འགྲན་བཅུག་པས། མགར་གྱིས་སྦང་མ་གཏོར་བས་བྱ་མ་བུ་ཤེས། ཤིང་ཆུ་ལ་བསྐྱུར་བས་རྩ་རྩེ་ཤེས། ལུག་རྣམས་ཀྱི་ཤ་ལྤགས་སོ་སོར་སྤུངས་ནས་ཤ་ཉུང་ངུ་རེ་ཚྭ་ལ་བགྲེས་ཏེ་ཟར་བཅུག་པས་ཟོས་ཟིན་པ། པགས་པ་རྣམས་གྲལ་འགོ་ནས་རིམ་བཞིན་ཕུར་པ་རེ་བྱས་པས་ཐུལ། ཆང་སྣོད་ཆུང་ངུ་རེར་འཐུང་བསྐོར་བྱས་པས་མ་བཟི་བར་བཏུངས་ཟིན། སྔོན་པོ་གཞན་རྣམས་དེ་ལས་ཕྱི་རོལ་དུ་གྱུར་ནའང་ལྷ་གཅིག་མ་བྱིན་པར། ནུབ་ཅིག་གི་ཚེ་རྔ་བོ་ཆེ་བརྡུངས་བྱུང་བས། རྒྱལ་པོ་གཞན་རྣམས་ཀྱི་བློན་པོ་ཕོ་བྲང་དུ་སོང་(༢༢ན)


GLG019_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། མགར་གྱིས་རྔ་དེ་སྐྱོན་ཅན་དུ་གོ་ནས། རང་གི་གནས་ཀྱི་ཕྱི་སྒོའི་ཡ་ཐེམ་ལ་རྡོ་རྗེ་དང་། མ་ཐེམ་ལ་གཡུང་དྲུང་མཚལ་གྱིས་བྲིས། སྒོ་གཞན་རྣམས་ལ་ཡང་མཚན་མ་རེ་བཏབ་སྟེ་ཕོ་བྲང་དུ་ཕྱིན་པས། རྗེས་དོ་ནུབ་ལམ་མ་འཛོལ་བར་རང་ཁྱིམ་དུ་སུས་སླེབ་པར་སྟེར་ཟེར་བས། གཞན་རྣམས་ལམ་ནོར། མགར་གྱིས་སྒྲོན་མེ་བཏེག་ནས་སྔར་རྒྱབ་པའི་རྟགས་རྣམས་དང་བསྟུན་ནས་འོངས་པས་རང་ཁྱིམ་དུ་བདེ་བར་སླེབ། འོན་ཀྱང་རྒྱ་རྗེའི་ཞལ་ནས་སངས་ཉིན་ཐང་ལ་ཡིད་དུ་འོང་བའི་ན་ཆུང་སུམ་བརྒྱ་ཚོགས་པས། དེ་དུས་སུས་ངོ་ཤེས་པ་ལ་སྟེར་ཟེར་བས། མགར་གྱིས་སྔར་ནས་འདྲིས་པའི་རྒྱ་མོ་ཞིག་ཡོད་པར་གསེར་གྱི་རྔན་པ་བྱིན། རྒྱའི་རྩིས་ཁོག་ཏུ་མི་ཚུད་པའི་ཐབས་བྱས་ཏེ་དྲིས་པས། ཀོང་ཇོའི་སྐུ་དབྱིབས་དང་ཆ་ལུགས་རྣམས་ངེས་པར་བྱས་ནས། ནང་པར་བློན་པོ་གཞན་རྣམས་ཀྱིས་ཆས་དང་གཟུགས་ལ་བལྟས་ཏེ་བུ་མོ་འགའ་ཞིག་ཁྲིད་པའི་རྗེས་སུ། བོད་བློན་རྣམས་ཀྱིས་ལྷ་གཅིག་གི་གོས་ཀྱི་གོང་བ་ནས་མདའི་ལྷོང་གིས་བཟུང་སྟེ་ཁྲིད་པས། ལྷ་གཅིག་མི་དགའ་བའི་རྣམ་འགྱུར་བྱེད་པར། མགར་གྱིས་སྤྲོ་བ་བསྐྱེད་པའི་རམ་མཐོན་མི་དང་འབྲི་སེ་རུ་གུང་ཐུན་གཉིས་ཀྱིས་བཏེག་ནས། ཨེ་མ་ངོ་མཚར་ཆེ། ལྷ་གཅིག་ཀོང་ཇོ་ཁྱེད། །བདག་གི་ཚིག་ལ་གསོན། །བཀྲ་ཤིས་ཉམས་སུ་དགའ། །བོད་ཀྱི་རྒྱལ་ཁམས་ན། །རིན་ཅེན་སྣ་ལས་གྲུབ། །རྒྱལ་པོའི་ཕོ་བྲང་ན། །མི་རྗེ་ལྷ་ཡིས་མཛད། །སྲོང་བཙན་སྒམ་པོ་དེ། །རིགས་གཟུགས་དཔལ་གྱིས་བརྗིད། །མཐོང་ན་སེམས་ཡིད་འཕྲོག །ཐུགས་རྗེ་ཆེན་པོ་ལགས། །རྒྱལ་སྲིད་(༢༢བ)


GLG019_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཞིན་སྐྱོང་། །འབངས་རྣམས་བཀའ་ལ་ཉན། །རྒྱལ་བློན་འཁོར་འབངས་རྣམས། །དགའ་སྐྱིད་གླུ་རུ་ལེན། །ཆོས་ཀྱི་ཉི་མ་ཤར། །དཔལ་གྱི་སྒྲོན་མེ་བཏེག །རི་ལ་ཤིང་སྣ་ཚང་། །ས་གཞི་ཡངས་པ་ལ། །འབྲུ་སྣ་ལྔ་ཡི་ཚོགས། །གོ་མཚམས་མེད་པར་སྐྱེ། །གསེར་དངུལ་ཟངས་ལྕགས་སོགས། །རིན་ཅེན་དུ་མ་ཡོད། །གནག་རྟ་ལུག་གསུམ་རྒྱས། །དགའ་སྐྱིད་དེ་ལྟར་ཡོད། །ཨེ་མ་ངོ་མཚར་ཆེ། །ལྷ་གཅིག་ཀོང་ཇོ་གསོན། །ཞེས་སྙན་པའི་དབྱངས་སུ་བླངས་པས། ལྷ་གཅིག་གི་ཐུགས་བསོས། རྒྱལ་པོས་ལྷ་གཅིག་བཤུལ་དུ་ཞུགས་པའི་སྐྱེས་ཐུང་ལ་བྱོན་པའི་གྲལ་དུ། འབྲི་སེ་རུ་གུང་ཐུན་གྱིས་ཕྲག་དོག་གི་གཏམ་ལ་བརྟེན་ནས། རྒྱ་རྗེས་མགར་རྒྱ་ཡུལ་དུ་སྡོད་དགོས་པར་གསུངས་པ་ལ། འདོད་པ་ལྟར་བཅོས་ནས་བསྡད་པས། རྒྱ་རྣམས་བག་ཡངས་སུ་གྱུར་ཅིང་། བློན་པོ་རིག་པ་ཅན་གྱི་བརྒྱུད་པ་འབྱུང་བའི་ཆེད་དུ་མཚར་སྡུག་གི་ལང་ཚོ་ཅན་ཞིག་ཇོ་མོར་བྱིན་ཀྱང་ན་བ་ལྟར་བྱས་ཏེ་མ་འབྲེལ་བར་བློན་པོའི་ནད་ལ་ཕན་པའི་ལྟོ་བཅོས་སུ། དར་ཟབ་བསྲེགས་པའི་ཐལ་བ། ཙན་དན་བསྲེགས་པའི་སོལ་མདུད། ལུག་གི་མཚེར་ཁྲག་སོགས་མི་འགྲུབ་པ་བསྒྲུབ་ཏུ་བཅུག་པ་དང་། ནས་རྣམས་བརྔོས་ཏེ་ས་བོན་དུ་འདེབས་པ་སོགས་ཐབས་འཕྲུལ་དུ་མས་མ་ཧཱ་ཚི་ནའི་རྒྱལ་ཁམས་ཆམ་ལ་ཕབ་སྟེ་ཐབས་མཁས་ཀྱི་བོད་དུ་ཡོང་ཁར། དཱ་རི་དྲ་ཞིག་ལ། ཐག་རིང་གི་ར་ཕོ་རྒྱ་བོ་ལ་ངོ་ཤེས་མི་བྱའོ། ཁ་རོག་སྡོད་ལ་ཀུ་ཅོ་ཐོང་། །ནག་པོ་ལྕགས་མཁར་ཐུབ་ནས་ཡོད། །ལུང་པ་ཕུ་རྡུགས་མདའ་རྡུགས་སུ། །ཐུ་རུ་ཅོག་བྲག་ཁོང་ལ་བཞོག །(༢༣ན)


GLG019_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དར་དཀར་སྒྲིལ་ལ་དར་ནག་རྐྱོང་། །ཟླ་བས་ཉི་མའི་རྩེ་རུ་སླེབ། །ཅེས་རྒྱ་ཡུལ་དུ་ངན་བྱས་པ་དང་། ཁོང་རང་ཐབས་ཀྱིས་འོང་བ་སོགས་ཀྱི་ལོག་སྐད་ཀོང་ཇོ་དཔོན་གཡོག་ལ་སྤྲིངས་སོ། །དེ་ནས་མགར་གྱིས་ནད་འདི་བོད་ཀྱི་ལྷ་མ་དགའ་བར་འདུག་པས་ལྷ་གསོལ་བའི་ཆས། རྟ་མོག་དྲོ་མགོ་དམར་དང་། ཚྭ་ཆུ་བྱུགས་པའི་ཤ་སྐམ་སོགས་སྟ་གོན་བྱས་ནས་བོད་ཀྱི་རི་མཐོང་སར་གྱད་མི་བཞི་དང་བཅས་ཏེ་འོངས་པ་དང་། མགར་གྱིས་གྱད་མི་བཞི་ལ་ཤ་སྐམ་བྱིན་པས་སྐོམ་པའི་ནད་མི་བཟོད་པས་གདུངས་ཏེ། ཆང་གི་བཏུང་བ་མང་པོར་ལོངས་སྤྱད་པས། ར་རོ་བའི་བར་དུ་མགར་གྱིས་གྱད་ཀྱི་རྟའི་སུག་པོ་བྲེགས། མཚོན་ཆ་རྣམས་བཅག །རྟ་མོག་དྲོ་མགོ་དམར་དེ་ཞོན་ནས་འདི་སྐད་ཟེར་རོ། །དར་ཟབ་མེ་ལ་བསྲེགས་པའི་ཐལ་བ་དེ། །རྒྱལ་པོ་ཉེ་རིང་ཅན་དེའི་ན་བཟའ་མཛོད། །སྙེ་མ་འབྲུ་མེད་ཐལ་བ་ནག་པོ་དེ། །བཙུན་མོ་སེར་སྣ་ཅན་དེའི་བརྒྱགས་ཕྱེ་མཛོད། །ནགས་ལ་མེ་རྒྱབ་སོལ་བའི་མདུད་ཤིང་དེ། །རྒྱལ་བུ་ལུས་རྩལ་ཅན་དེའི་མདུང་ཤིང་མཛོད། །ལུག་ལ་མཚེར་ཁྲག་མེད་པར་བསད་པ་དེ། །ལྷ་ཡི་དྲུང་དུ་སྡིག་བཤགས་སྨོན་ལམ་བྱ། །ལུས་ལ་ནད་མེད་མལ་དུ་ཉལ་བ་ལ། །སྔས་མགོར་སྨན་པ་བོས་ནས་ཅི་ཞིག་བྱ། ཁོ་བོ་མི་སྡོད་རང་གི་ཡུལ་དུ་འགྲོ། །ཞེས་ཟེར་ནས་འོངས་པས། སྒོ་གདོང་སྒོ་མོའི་རྩར་ཀོང་ཇོ་དཔོན་གཡོག་གི་རྗེས་ཟིན་སྐད་དོ། །དེ་ལྟར་ཐབས་སྣ་ཚོགས་ཀྱིས་རྒྱ་མོ་བཟའ་ཀོང་སྔོ་བོད་རྒྱལ་པོའི་བཙུན་མོར་ཐོབ་པ་མཐོང་ངོ་། །སྨྲས་པ། ལེགས་ལམ་མཆོག་གི་མན་ཤེལ་གསར་པའི་གོས། །ཀླུབས་པའི་མི་བདག་ཐུགས་(༢༣བ)


GLG019_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ལྕགས་ཀྱུ་ཡིས། །རྒྱ་བལ་ཕུན་ཚོགས་དངོས་ཀུན་བསྡུས་པ་ན། །གསེར་མངལ་ཅན་ཡང་འདུད་སྙམ་འཕྱང་མོ་ཡུག །ངལ་བ་མེད་པར་མཁའ་དབྱིངས་ལུས་ཕྲ་མས། །བཞིན་ངོས་འཁོར་ལོས་སྒྱུར་ཐབས་སྨིན་མའི་གློག །ཀུན་གྱི་གཟིགས་མོར་མཚར་བའི་འཕྲེང་བ་འདིས། །རྒྱལ་ཐབས་རྡོ་རྗེའི་གཟེགས་མ་འཕྲོས་སྙམ་བྱེད། །ཨེ་མ་རི་དྭགས་མིག་ཅན་འབུམ་ཕྲག་གི །བྱེད་པོས་ལང་ཚོའི་ཚོགས་ཀུན་བསྡུས་པའི་དཔྱིད། །རིན་ཅེན་བཙུན་མོར་གྲུབ་པའི་ཕན་བདེའི་ནོར། །བོད་འབངས་ཡོལ་གོའི་ནང་དུ་འཕྱུར་བུར་གཏམས། །ཞེས་བྱ་བ་ནི་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་ཀོང་ཇོ་འཁོར་བཅས་རྣམས་ལྷ་སའི་ཕྱོགས་སོ་སོར་འཁོད་པའི་སྐྱེ་བོ་རྣམས་ལ་སྤྲུལ་པའི་དབང་གིས་མཐོང་སྣང་མི་འདྲ་བ་དུ་མ་བྱུང་ཡང་། དོན་དུ་བྱང་ཕྱོགས་ནས་བྱོན་ཏེ་ལྷ་གཅིག་རྩིས་ཀྱི་གཙུག་ལག་ལ་མཁས་པས། བོད་སྲིན་མོ་གན་རྐྱལ་དུ་འགྱེལ་བའི་དབྱིབས་སུ་གཟིགས། ཀླུའི་ཕོ་བྲང་གི་སྟེང་དུ་ཇོ་བོ་བཞུགས་ན་ནོན་པར་མཁྱེན་ནས། དེ་ཉིད་དུ་སྐུའི་ཕྱོགས་བཞིར་ཀ་བ་བཙུགས་ནས། དར་གྱི་ཡོལ་བས་མཐའ་བསྐོར་ཏེ། ཇོ་བོ་ཤཱཀྱ་མུ་ནི་ལ་མཆོད་པའི་རོལ་མོ་དྲི་ཟའི་རྒྱུད་མང་ལྟ་བུར་དཀྲོལ་བས། བལ་མོ་བཟས་ཅི་ཡིན་སྙམ་ནས་ཕོ་བྲང་གི་རྩེ་ནས་བལྟས་པས། ཀོང་ཇོ་དཔོན་གཡོག་བྱོན་པ་མཐོང་ནས། ཕྲག་དོག་སྟེ། རྒྱལ་པོ་དང་ཀོང་ཇོ་མཇལ་བའི་གེགས་བྱས་པར། བློན་པོ་མགར་གྱིས་ཁྲི་བཙུན་ལ། ཀོང་ཇོ་སྤོར་ཐང་གི་རྩིས་ལ་མཁས་པའི་དབང་གིས་གཙུག་ལག་ཁང་གི་དཔྱད་སོགས་འདྲི་དགོས་པས། རྒྱལ་པོ་དང་མཇལ་དུ་བཅུག་པ་འཐད་ཅེས་གྲོས་བཏབ་ནས། (༢༤ན)


GLG019_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་འཕྲད་ཀྱི་དགའ་སྟོན་འཆི་བ་མེད་པའི་དཔལ་ལ་འགྲན་པ་བྱས་པའི་དུས་སུ། བལ་བཟས། རྒྱ་མོ་འུན་ཤིང་ཀོ་ཇོ་ཁྱོད། །དཀའ་ལས་བྱས་ནས་སྙེ་བོས་བཀུག །བོད་ཀྱི་ཡུལ་དུ་བྱོན་ན་ཡང་། །ང་ནི་སྔ་བས་ཆེན་མ་ཡིན། །ཞེས་སོགས་སྨྲས་པར། ཀོང་ཇོས། འགྲན་པའི་འགྲན་སེམས་མེད་མོད་ཀྱང་། ཁྱོད་ཀྱིས་འགྲན་ནོ་ཞེས་སྨྲས་པས། །ཐེམ་པ་སྔ་བརྒལ་ཆེན་མ་ཁྱོད། །ལྷ་ཁང་རྒྱ་མཚོའི་སྟེངས་སུ་བཞེངས། །ཞེས་སོགས་ཀྱི་ལན་བརྗོད་པའི་ཆེན་ཆུན་གྱི་གཏམ་བྱུང་སྐད། དེ་ནས་ལྷ་གཅིག་ཁྲི་བཙུན་གྱིས་བཙན་པོ་ལ་ལྷ་ཁང་རྩིག་པའི་གྲོས་ཞུས་པས། ཁྱོད་རང་གང་ལེགས་སུ་བརྩིགས་ཤིག་གསུངས་པ་ལྟར། ལ་གདོང་གི་ནེའུ་ཁར་བརྩིགས་པར་མཚན་མོ་ལྷ་འདྲེས་བཤིག་པས། གཡོག་མོ་ཞིག་ལ་གསེར་ཕྱེ་བྲེ་གང་བསྐུར་ནས། ཀོང་ཇོ་ལ་རྩིས་བྱེད་པར་ཞུས་པས། སྤོར་ཐང་བརྒྱད་ཅུ་སྐོར་གྱི་སྟེང་ནས་བརྩིས་པས། ཁ་བ་ཅན་གྱི་ཡུལ་འདི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུར་འདུག་པ་ལས། འོ་ཐང་གི་མཚོ་འདི་སྲིན་མོའི་སྙིང་ཁྲག །དམར་ལྕགས་ཀྱི་རི་འདི་སྙིང་གི་རུས་པའི་རྣམ་པར་འདུག་ནའང་། མཚོའི་སྟེང་དུ་ཤཱཀྱ་མུ་ནི་བཞུགས་པ་དང་། རིའི་རྩེར་རྒྱལ་པོའི་ཕོ་བྲང་ཡོད་པས་ནོན་ཅིང་། དེ་དག་གི་མཐའ་སྐོར་ན་ས་དཔྱད་སྐྱོན་ཡོན་གཉིས་ལས། ཡོན་ཏན་ནི། ཤར་ན་མཆོད་སྡོང་བཙུགས་པ་འདྲ་བ། ལྷོ་ན་རིན་པོ་ཆེའི་མཆོད་རྟེན་འདྲ་བ། ནུབ་ན་མཉྫིའི་སྟེང་ན་དུང་ཕོར་བཞག་པ་འདྲ་བ། བྱང་ན་པདྨ་ཁ་ཕྱེ་བ་འདྲ་བ་སྟེ། ཁྱད་པར་དུ་འཕགས་པའི་རི་བཞི། དེའི་ནང་བསྐོར་དུ་ཉང་བྲན་འཕན་དཀར་གྱི་རི་ལ་གདུགས། མལ་གྲོང་གི་རི་ལ་ཉ། མདོངས་མཁར་གྱི་བྲག་(༢༤བ)


GLG019_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ལ་པདྨ། གྲིབ་ཀྱི་འཁྱགས་རུལ་ལ་དུང་། རྫོང་བཙན་གྱི་རི་ལ་བུམ་པ། ཡུག་པའི་རི་ལ་དཔལ་བེའུ། འཕན་དཀར་གྱི་རི་ལ་རྒྱལ་མཚན། བྲང་བུའི་སྲས་ལ་འཁོར་ལོ་སྟེ་བཀྲ་ཤིས་པའི་རྟགས་བརྒྱད། ལྕགས་ཁ་རི། ཤུག་པ་གདོང་། ར་ཁ་བྲག །ཇོ་མོ་ཟེ་རྣམས་ལ་གསེར་དངུལ་ཟངས་ལྕགས་ཀྱི་གཏེར་ཁ། ཤར་གྱི་སྟག་དགའ་གདོང་འོག་མ། ལྷོའི་གཡུ་འབྲུག་གཙང་ཆབ། ནུབ་ཀྱི་བྱ་རྟི་བུ་གདོང་། བྱང་གི་རུས་སྦལ་ཕ་བོང་ཁ། མདོར་ན་གནམ་ལ་འཁོར་ལོ་རྩིབས་བརྒྱད་དང་། ས་ལ་པདྨ་འདབ་བརྒྱད་དེ་གཙུག་ལག་ཁང་རྩིག་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོད་ལ། འོན་ཀྱང་སྐྱོན་ནི། ཤར་བྱེ་མའི་རི་ལ་སྲིན་མོ་འདོམས་བཟེད་པ་ལྟ་བུ། ལྷོ་ན་སྡིག་པ་གཟན་ལ་རུབ་པ་འདྲ་བ། ནུབ་ཤུན་གྱི་བྲག་ལ་བདུད་བྱ་ར་བྱེད་པ་ལྟ་བུ། བྱང་ཉང་དོགས་ཀྱི་བར་ན་གླང་པོ་ཆེ་གཡུལ་དུ་ཞུགས་པ་ལྟ་བུའི་རི། ཤར་ལྷོ་མཚམས་ན་བཙན་གྱི་རྒྱུ་ས། ལྷོ་ནུབ་མཚམས་ན་འདྲེའི་འདུ་ཕུང་། བྱང་ན་མ་མོའི་ཉལ་ས། གཞན་ཡང་སྐུམ་པ་རི་ལ་ཆུ་སྲིན་དྲེའུ་ཁྲིད་པ་འདྲ་བ། གནམ་སྒོ་བྱེ་བ་གནམ་རལ་གྲི་འདྲ་བ། ས་སྒོ་བྱེ་བ་ཕག་པའི་སྣ་འདྲ་བ་སོགས་ས་དཔྱད་ངན་པ་རྣམས་གནོན་པར་བྱེད་པའི་ཐབས་སུ། ཐོག་མར་རྒྱལ་པོ་ཡབ་ཡུམ་གསུམ་གྱིས་སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་སྒྲུབ་པ་མཛད་ནས། སྒྲུབ་པའི་རྟགས་ཐོན་པ་དང་། སྲིན་མོའི་ཡན་ལག་དང་སྲིན་ལག་གནོན་པར་བྱེད་པ་ལ། གཡོན་རུ་ཁྲ་འབྲུག །གཡས་རུ་གཙང་འགྲམ། སྦུས་རུ་བཀའ་ཚལ། རུ་ལག་གྲུམ་པ་རྒྱང་གི་ལྷ་ཁང་སྟེ། མཐའ་འདུལ་གྱི་ལྷ་ཁང་བཞི། ཀོང་པོ་བུ་ཆུ། ལྷོ་དྲག་མཁོ་མཐིང་། བྱམས་སྤྲིན་(༢༥ན)


GLG019_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྒྱས། བྱང་པྲ་དུམ་རྩེ་སྟེ། ཡང་འདུལ་གྱི་ལྷ་ཁང་བཞི། ཁམས་གློང་ཐང་སྒྲོལ་མ། སྤ་གྲོ་སྐྱེ་ཆུ། ཚལ་རིགས་ཤེས་རབ་སྒྲོལ་མ། ཚངས་པ་རླུང་གནོན་ཏེ། རུ་གནོན་གྱི་གཙུག་ལག་ཁང་རྣམས་བརྩེགས། སྔར་བཤད་པའི་ཉེ་སྐོར་གྱི་སའི་དགྲ་ངན་པ་རྣམས་ལ་མཆོད་རྟེན། རྡོའི་སེང་གེ །དབང་ཕྱུག་གི་རྟེན། བྱ་ཁྱུང་། དུང་དཀར་སོགས་ཀྱིས་བཅོས། དེ་རྗེས་མཚོ་བསུབས་པའི་སྟེང་དུ་གཙུག་ལག་ཁང་བརྩིགས་ཏེ་རྒྱ་བལ་གྱི་ལྷ་རྣམས་བཞུགས་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་། ཕྱིས་དབོན་སྲས་རྣམས་ཀྱི་རིང་ལའང་དགེ་འདུན་གྱི་སྡེ་དང་མདོ་རྒྱུད་ཀྱི་བཤད་སྒྲུབ་འཕེལ་རྒྱས་སུ་འབྱུང་བར་འདུག་གསུང་། གཡོག་མོས་འཕྲིན་སྔ་ཕྱི་རྣམས་ནོར་ཞིང་འགའ་ཞིག་འཚེབ་པས། ཁྲི་བཙུན་གྱིས་ར་ལ་ས་བཀལ་ནས་མཚོར་བླུགས་པས་རྙོག་མ་ལོང་དུ་སོང་ནས་ཟུབས་སུ་མ་འདོད་པས། རྒྱ་བཟས་ངན་བསླབས་པར་གོ་ནས། རྒྱལ་པོ་ལ་ཞུས་པས། དེ་མ་ཐག་ཙན་དན་གྱི་སྐུ་ལ་གསོལ་བཏབ་པ་དང་། སྤྱན་གཡས་ལས་འོད་ཟེར་བྱུང་ནས་མཚོ་ཐམས་ཅད་ཁེངས་པ་གཟིགས་པས། རྒྱལ་པོས། ཁྲི་བཙུན་ལྷན་ཅིག་ཏུ་མཚོ་འགྲམ་དུ་བྱོན་ནས་གསེར་གྱི་སོར་གདུབ་མཁའ་ལ་འཕངས་པ་གང་བབས་སུ་ལྷ་ཁང་གི་རྨང་འདིང་བར་དམོད་བོར་ཏེ་བསྐྱུར་བས། མཚོ་ནང་དུ་བབས་ཏེ་འོད་ཀྱི་དྲ་བས་གང་བར། རྒྱལ་པོའི་ཞལ་ནས་ལྷ་གཅིག་ཁྲི་བཙུན། བལ་པོ་རྡོ་བཟོ་བས་འོད་ཀྱི་དྲ་བའི་རྗེས་སུ་རྡོ་རྒྱོབ་ཅིག་གསུངས་པ་ལྟར་བྱས་པས། རྡོའི་སྤྲེའུ་མཆོད་རྟེན་ལྟ་བུ་ཞིག་བྱུང་བར། མེ་ཆུའི་གནོད་པ་མི་འབྱུང་ཆེད་དུ་རྡོ་རྗེའི་འཇིམ་པ་བྱུགས་པའི་ཤིང་རྣམས་ཀྱི་རྩེ་གཏད་(༢༥བ)


GLG019_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁར་ཁྲོ་ཆུའི་ཕ་གུ་བཀྲམ། སྲུབས་རྣམས་མཁར་བའི་ཆུས་བསྡམས་དེའི་སྟེང་དུ་བསོ་བག་དང་ས་བཟང་བ་རིམ་པས་གཏང་ནས་མཚོ་བསུབས་ཏེ། ཆོས་རྒྱལ་དགུང་ལོ་ཉེར་ལྔ་པ་ཆུ་མོ་གླང་གི་ལོ་ལ་འཕྲུལ་སྣང་གཙུག་ལག་ཁང་གི་རྨང་བཏིངས་ནས་བརྩིགས་ཀྱང་། སྔར་ཀོང་ཇོས་བརྩིས་པའི་བཅོས་ཐབས་རྣམས་མ་བྱུང་བར་བརྟེན། ལྷ་འདྲེས་བཤིག་པས་སླར་ཀོང་ཇོའི་རྩིས་རྣམས་ཞིབ་པར་རྒྱལ་པོའི་སྙན་དུ་གསན་ནས་ཤིན་ཏུ་དགྱེས་ཏེ་སྐྱིད་ཤོད་ཉང་བྲན་ཕ་བོང་ཁའི་བྲག་སྟེང་དུ་ས་ཕག་ཁྲོ་ཆུ་ལ་སྦྱར་ནས་མཁར་དགུ་ཐོག་ཡོད་པ་བརྩིགས་ནས་ཕྱོགས་བཞིར་ལྕགས་ཐག་བཏགས། བརྟན་པར་བྱས་ཏེ་སྒྲུབ་པ་མཛད་པས་ཞག་བདུན་ན་རིགས་གསུམ་མགོན་པོ་མཁའ་ལ་བྱོན་ནས། ཁྱོད་ཀྱིས་སྨོན་ལམ་རྒྱ་ཆེན་པོ་ཐོབ་ཅིག །ངེད་ཀྱིས་སྨོན་ལམ་མཐའ་དག་འབད་མེད་དུ་འགྲུབ་པའི་དཔང་པོ་བྱེད་པ་ཡིན་གསུངས་ནས་རྡོ་ལ་ཐིམ་པའི་རང་བྱོན་བལ་པོའི་ལྷ་བཟོ་བས་ཇི་བཞིན་བརྐོས་པ་དིང་སང་ཡང་ལུས་ཅན་ཀུན་གྱི་འདྲེན་བྱེད་དགའ་སྟོན་དུ་གསལ་བར་ཡོད་ཅིང་། དེ་ནས་བཙན་པོས་སྤྲུལ་པ་བཀྱེ་སྟེ། མི་འགྱུར་བའི་གཟེར་གྱི་གཙུག་ལག་ཁང་བཅུ་གཉིས་བརྩིགས། ལྷ་མ་སྲིན་གདུག་པ་ཅན་རྣམས་ཀྱི་དཔུང་རྣམས་བཟློག་པའི་ཕྱིར་དུ་རྒྱལ་པོ་རང་གི་སྐུ་ཚད་དང་མཉམ་པའི་ཐུགས་རྗེ་ཆེན་པོའི་སྐུ་ཞིག་བཞེང་བར་དགོངས་ཏེ། ཙན་དན་སྦྲུལ་གྱི་སྙིང་པོ་བདར་བའི་ཕྱེ་མ་དང་། གནས་ཆེན་བརྒྱད་ཀྱི་ས། ཆུ་བོ་ནཻ་རཉྫ་ནའི་བྱེ་མ་རྣམས་བ་དམར་མོའི་འོ་མས་སྤྲུས་པའི་འཇིམ་པ་རྣམས་སྟ་གོན་བྱས་ཏེ། བལ་པོའི་ལྷ་བཟོ་ཁྲོ་བ་ཞེས་བྱ་བར་བཞེང་བའི་བཀའ་གནང་བར་ནང་པར་སྤྱན་རས་གཟིགས་བཅུ་(༢༦ན)


GLG019_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཤལ་གྱི་སྐུར་གྲུབ་ནས་གདའ་བས། རྒྱལ་པོས་ལྷ་བཟོ་བ་ལ་སྐུ་འདི་ཤིན་ཏུ་ལེགས་ཏེ་ཙན་དན་གྱི་སྐུ་དང་མཆོད་སྡོང་ཐུགས་ཀར་བཞུགས་སྒྱུ་ཡིན་པ་ལ་གསུངས་པས། དེ་མ་ཐག་ཞབས་གཡོན་པའི་ཤམ་ཐབས་པུས་མོའི་གོང་དུ་བརྫེས་ཏེ་ཞབས་མཐིལ་ལས་བྱུང་བའི་འོད་ཟེར་གྱིས་དེ་རྣམས་དྲངས་ཏེ་ཐུགས་ཀར་ཐིམ་མོ། །དེ་ནས་ལྷ་ཁང་རྩིག་པར་མངོན་དུ་ཕྱོགས་པ་ན་ལྷོ་ནུབ་གླ་བའི་ཚལ་ན་ལྷ་མ་སྲིན་རྣམས་འཚོགས་ཏེ། འདྲེ་སྒང་པོ་བདུད་མི་ཟན་བྱ་བ་གཅིག་ན་རེ། བུདྡྷ་དྷརྨ་སཾ་གྷ་ཟེར་བ་རྣམས་ལ་སྐྱབས་སུ་འགྲོ་བའི་སྲོག་གཅོད། སྔར་བརྩིགས་པའི་ལྷ་ཁང་བཤིག །ཆོས་བྱེད་ཟེར་བ་ལ་རིམས་ནད་དང་། བོད་ཁམས་སུ་ལོ་ཉེས་གཏོང་བའི་མདུན་མ་བྱེད་པ་རྒྱལ་པོས་གཟིགས་ནས། རང་བྱོན་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པས། ཇོ་བོ་བཞད་པའི་ཞལ་ནས་འོད་ཟེར་བྱུང་བ་མེར་གྱུར། ཁྲོས་པའི་ཞལ་ནས་འོད་ཟེར་བྱུང་བ་རྟ་མགྲིན་དང་བདུད་རྩི་འཁྱིལ་བར་གྱུར། ཁྲོ་བོ་མེ་དང་བཅས་པ་སྐར་མདའ་འཕངས་པ་ལྟར་སོང་འདྲེའི་འདུ་ཕུང་བཤིག་ནས། དུས་མཐའི་རླུང་ངང་མའི་ཤུགས་ལ་འགོད་པར་ནུས་པའི་རྫུ་འཕྲུལ་གྱིས་གདུག་པ་ཅན་མཐའ་དག་ཕྱིའི་རྒྱ་མཚོའི་ཕ་རོལ་དུ་བསྐྲད། ཟླ་བ་ཚལ་གྱི་བྲག་ལ་སྣང་བ་མཐའ་ཡས། ཁ་སཪྤ་ཎི། རྟ་མགྲིན་གསུམ་རང་བྱོན་དུ་བྱོན་པ་ཇི་ལྟ་བ་བཞིན་བལ་པོའི་ལྷ་བཟོས་གསལ་བར་བརྐོས་སོ། །དེ་ནས་རྒྱལ་པོས་སྤྲུལ་པ་མཐའ་ཡས་པ་བསྟན་ཏེ་ཆར་ཟིམ་བུ་འབབ་པའི་ན་བུན་གྱི་འཕྲེང་བ་འཁྲིགས་པའི་ངང་དུ་གཙུག་ལག་ཁང་གི་འོག་ཁང་རྣམས་བརྩིགས་ནས། ནང་པར་སྤྲུལ་པ་རྣམས་ཀྱིས་ཤིང་(༢༦བ)


GLG019_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་བྱེད་པའི་སྐབས། ཁྲི་བཙུན་རང་གིས་ཞལ་སྐྱེམ་འདྲེན་དུ་བྱོན་པ་ལ། གཡོག་མོས་སྒོ་སྲུབས་ནས་བལྟས་པས། དར་ཐོད་ཅན་གཞན་ལས་ཆེ་བ་ཞིག་ལ་འདྲེན་གྱི་འདུག་པ་མཐོང་བས། སྤྲུལ་པ་ཁོ་ནར་འདུག་ཅེས་བགད་པས། རྒྱལ་པོ་སྤྱན་ཡེངས་ནས་སྟེའུ་ཁ་ཐལ་བས་སེང་གེ་བརྒྱའི་སྣ་བཅད། གཟོང་ཁ་ཐལ་བས་བུག་པ་བརྒྱ་ཕུབ། སོག་ལེ་ཁ་ཐལ་བས་ཀ་བ་བརྒྱའི་ཟུར་ཉམས་སྐད། དེའི་མཚན་འོག་ཁང་གི་ཐག་ཕུབ། དེ་ནས་ཁྲི་བཙུན་གྱིས་བལ་ཡུལ་ནས་བཟོ་བོ་མཁས་པ་དུ་མ་བོས་ནས། སྟེང་ཁང་རྣམས་བཞེངས་པ་དང་དུས་མཚུངས་པར་ཀོང་ཇོས་རྒྱའི་བཟོ་བོ་མཁས་པ་རྣམས་བཀུག་ནས་ར་མོ་ཆེའི་གཙུག་ལག་ཁང་བཞེངས་ཏེ། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ཡབ་ཡུམ་གྱི་ཡེ་ཤེས་སྒྱུ་མས་སྤྲུལ་པའི་གཙུག་ལག་ཁང་ཆེན་པོ་རྫོགས་པར་གྲུབ་ནས། ཇི་སྲིད་རྟ་བདུན་གྱི་དབང་པོས་གདུང་བྱེད་ཀྱི་ཡུལ་དེ་སྲིད་སྐྱེ་རྒུ་ཀུན་ལ་ཕན་པ་དང་བདེ་བ་བླ་ན་མེད་པ་འབྱུང་བའི་སྒོ་དམ་པ་མཛད་དོ། །དེ་ནས་རྒྱལ་པོས་འཕྲུལ་སྣང་གི་གཙང་ཁང་བྱང་ངོས་སུ་རང་བྱོན་ཐུགས་རྗེ་ཆེན་པོ་གཙོ་འཁོར་སྤྱན་འདྲེན་པའི་སྟ་གོན་མཛད་པས། མཚན་ཕྱེད་ལ་ཕོ་བྲང་གི་མཐོང་ཁོང་ནས་གཤེགས་ཏེ་གཙང་ཁང་བྱང་མར་ཕེབས། ནང་པར་རྒྱལ་པོ་འཁོར་བཅས་ཀྱིས་ལྷ་རྣམས་སྤྱན་འདྲེན་པའི་བྱ་བ་ལ་ཞུགས་པའི་ཚེ་སྐུ་རྣམས་མི་སྣང་བས་ཐེ་ཚོམ་དུ་གྱུར་པ་ན། སྤྲུལ་པའི་ནེ་ཙོ་ཞིག་གིས་སྔར་གྱི་རྒྱུ་མཚན་རྣམས་བརྗོད་པས་དོན་ལ་གནས་པར་གདའ་བས་རྒྱལ་པོ་དགྱེས་ཏེ། ལྷ་དང་མི་ལས་ཁྱད་པར་དུ་འཕགས་པའི་དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་ཆུ་འཛིན་གྱི་འཕྲེང་བ་མཐའ་ཀླས་པར་འཁྲིགས་པ་ལས་(༢༧ན)


GLG019_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་གྲུ་ཆར་མི་ཟད་པའི་བདག་ཉིད་ཅན་གྱི་ལེགས་བྱས་ཀྱི་མྱུ་གུ་སྐལ་བཟང་སྐྱེ་རྒུའི་དབྱིབ་དུ་སྨིན་པར་མཛད་དོ། །དེ་ནས་ར་སའི་གཙུག་ལག་ཁང་གི་གཙང་ཁང་དབུས་མར་དེ་བཞིན་གཤེགས་པ་མི་འཁྲུགས་པ་གཙོ་འཁོར་དགུ། གཙང་ཁང་གཡས་ལ་སངས་རྒྱས་སྣང་བ་མཐའ་ཡས་གཙོ་འཁོར་དགུ །གཙང་ཁང་གཡོན་དུ་བྱམས་པ་ཆོས་ཀྱི་འཁོར་ལོ་གདན་དྲངས་ཏེ་འཁོར་དུ་སྒྲོལ་མ་བརྒྱད། གཙང་ཁང་ལྷོ་ན་ཇོ་བོ་མི་བསྐྱོད་རྡོ་རྗེ་གདན་དྲངས་པའི་འཁོར་དུ་ཁྲོ་བོ་དང་གནོད་སྦྱིན་སྟོབས་ལྡན་གྱིས་བསྐོར་བ། གཙང་ཁང་བྱང་དུ་རང་བྱོན་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་གྱི་སྟེང་དུ་ཡི་གེ་དྲུག་པ། དོན་ཞགས། ཁ་སཪྤ་ཎི། འཇིག་རྟེན་དབང་ཕྱུག །རྟ་མགྲིན། བདུད་རྩིི་འཁྱིལ་བ་རྣམས་བཞེངས། ཀླུ་སྦྲུལ་མགོ་ཉི་ཤུ། དགའ་བོ། འཇོག་པོ། གནོད་སྦྱིན་ནཱ་ག་ཀུ་བེ་ར། དྲི་ཟ་ཟུར་ཕུད་ལྔ་པ། དཔལ་ལྷ་མོ་རྣམས་སོ་སོས་བསྐུལ་བ་བཞིན་བཞེངས། གཞན་ཡང་བོན་དང་སྒྲུང་གི་གཏམ་རྒྱུད་ལས་བྱུང་བའི་བཀོད་པ་མཐའ་ཡས་པ་ཡང་བྲི་བར་མཛད། ར་མོ་ཆེར་ཤཱཀྱ་མུ་ནི་གཙོ་འཁོར་རྣམས་བཞུགས་སུ་གསོལ་ཏེ། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་རྨད་དུ་བྱུང་བའི་ཞིང་ཁམས་དམ་པར་བདེ་བར་གཤེགས་པ་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཀུན་གསལ་བུ་མོའི་འགྲམ་པར་རླུང་གི་རྒྱལ་མཚན་གྱིས་འཁྱུད་པ་ལྟར་རྣམ་པར་བཀྲ་ཤིང་། མཛེས་སྡུག་རྣམ་བརྗིད་ཀྱི་རྣམ་འགྱུར་གྲངས་མེད་པ་འདྲེན་བྱེད་ཀྱི་ཡུལ་དུ་ཆོག་མི་ཤེས་པ་སྟོན་པར་མཛད་པའི་མཆོག་གསུམ་དམ་པའི་སྐུ་བརྙན་གྱིས་གང་བའི་ར་ས་འཕྲུལ་གྱི་གཙུག་(༢༧བ)


GLG019_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཁང་ཟུང་ལ་རབ་ཏུ་གནས་པའི་དགའ་སྟོན་གྱིས་མཆོད་པའི་ཡོ་བྱད་བཀོད་པས་ཁྱད་པར་དུ་འཕགས་པ་བཤམས་ནས། ཆོས་རྒྱལ་ཡབ་ཡུམ་བློན་འབངས་རྣམས་ཀྱིས་ཕྱག་ཏུ་མེ་ཏོག་གི་འཕྲེང་བ་བཟུང་བ་དང་བཅས་བདེན་ཚིག་གི་སྨོན་ལམ་རྒྱ་ཆེན་པོའི་རྟ་བདུན་གྱིས་དྲངས་པས། བདེ་སྟོང་གཉིས་མེད་ཟུང་དུ་འཇུག་པའི་འགྱུར་བ་མེད་པ་མཆོག་གི་དབྱིངས་ལས། རང་སྣང་ལྷུན་གྱིས་གྲུབ་པའི་གཞལ་མེད་ཁང་ཆེན་པོ་ནས། བདེ་བར་གཤེགས་པ་ཞི་ཁྲོ་རབ་འབྱམས་ཀྱི་ཉིན་བྱེད་དབང་པོ་འགོག་པ་མེད་པར་རྒྱུ་བས། མཐའ་འཁོབ་བསིལ་ལྡན་གྱི་ས་གཞི་ཀུན་ལ། རྒྱལ་བའི་བསྟན་པ་པདྨ་དཀར་པོའི་འདབ་བརྒྱ་རྣམ་པར་རྒོད་པས་བོད་འབངས་ར་ཡིག་གཉིས་པའི་ཚོགས་ཀུན་དགའི་གར་དང་སྙན་པའི་དབྱངས་ཀྱི་ང་རོ་སྲིད་རྩེའི་བར་དུ་སྒྲོགས་པར་གྱུར་ཏོ། །སྨྲས་པ། མ་སྨད་ལེགས་བྱས་མངལ་གྱིས་ལྕི་བའི་ཁུར། །ངོ་མཚར་སྙིང་པོ་ཡེ་ཤེས་སྒྱུ་མའི་གར། །ཕན་བདེ་ཟླ་ཤེལ་གསར་པའི་ག་བུར་ཐིགས། །འབུམ་ཕྲག་འཛག་པའི་རྣམ་པར་དཀར་བའི་རྒྱུན། །གཅིག་ཏུ་བསྡོམས་པའི་ཀེ་ལ་ཤ་ཡི་ཆུས། །སྲིད་འདིར་འཁོར་བའི་མ་རིག་དྲི་མའི་ཚོགས། །དྲུངས་ནས་བྱུང་བྱེད་ལྷ་ལྡན་ཡིད་བཞིན་དབང་། །བདེ་ལེགས་སྣང་བའི་གཟི་བྱིན་འོད་དུ་འབར། །དེ་ཕྱིར་རྣ་བ་བརྒྱད་པ་པད་དཀར་མིག །མགྲིན་སྔོན་མིག་སྟོང་ཅན་སོགས་འཆི་མེད་རྣམས། །སྙིམ་པར་རྨད་བྱུང་མཆོད་པའི་ཚོགས་རྣམས་ཀུན། །ཐོགས་ཏེ་ལྷ་ལམ་ཁྱོན་ཀུན་དོག་པོར་འགོད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་རྒྱ་བཟའ་དང་བལ་བཟའ་(༢༨ན)


GLG019_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་སྲས་མ་བྱུང་བར། རུ་ཡོང་བཟའ་དང་། ཞང་ཞུང་བཟའ། མོང་བཟའ་ཁྲི་ལྕམ་རྣམས་ཁབ་ཏུ་བཞེས་པར། སྔོན་མ་གཉིས་ལ་སྲས་མ་བྱུང་ཡང་། བྲག་ལྷ་དང་། ཐིམ་བུ་ལྐོག་གི་ལྷ་ཁང་བཞེངས། མོང་བཟའ་ལ་སྲས་གུང་རི་གུང་བཙན་འཁྲུངས། ཡུམ་སྲས་གཉིས་ཀྱི་རྟེན་སྐལ་དུ་འཕགས་མ་སྒྲོམ་མའི་དབྱིབས་ཅན་གྱི་རི། དཔལ་གྱི་ཡེར་བའི་ལྷ་ཁང་བཞེངས། ལོ་བཅུ་གསུམ་ལོན་ཚེ་རྒྱལ་སར་དབང་བསྐུར། བཙུན་མོ་འ་ཞ་བཟའ་ཁོ་འཇོ་མོང་རྗེ་ཁྲི་དཀར་ཏི་ཤགས་བྱ་བ་ཁབ་ཏུ་བཞེས་པས་སྲས་མང་སྲོང་མང་བཙན་འཁྲུངས། གུང་རི་གུང་བཙན་དགུང་ལོ་བཅོ་བརྒྱད་ལོན་ནས་གཤེགས། བང་སོ་དོན་མཁར་མདར་བརྩིགས། སླར་ཡབ་རྒྱལ་པོས་རྒྱལ་སྲིད་བཟུང་སྟེ། མི་བསྲུན་པའི་སྐྱེ་བོ་རྣམས་ཡང་དག་པའི་ཁྲིམས་ལ་འཇུག་པའི་སླད་དུ། མི་འགའ་ཞིག་གི་མིག་བཏོན་པ་དང་། མགོ་ལག་བྲེགས་པ་སོགས་ལྕགས་རིའི་ཁ་ན་རྒྱུན་མི་ཆད་པར་སྤྲུལ་པའི་དུས། ཐུགས་རྗེ་ཆེན་པོ་བོད་ཀྱི་རྒྱལ་པོར་ཡོད་པའི་ལུང་བསྟན་བྱུང་བ་ལ་བརྟེན་ནས། ཆེད་དུ་འོངས་པའི་ལི་ཡུལ་གྱི་དགེ་ཚུལ་གྱིས། ཁྲིམས་བཅད་པའི་མགོ་ལག་མཐོང་བས། ལོག་ལྟ་སྐྱེས་པ་བསལ་ཕྱིར་ཨ་མི་དེ་ཝ་བསྟན་ཅིང་དམ་པའི་ཆོས་ཀྱིས་ཚིམ་པར་མཛད་ནས། སྐད་ཅིག་ལ་ལི་ཡུལ་དུ་སླེབ་པའི་རྫུ་འཕྲུལ་མཛད་པ་དང་། ཁྲ་འབྲུག་གི་མཆོད་རྟེན་རྩེ་ལྔའི་དྲུང་ན་རབ་བྱུང་གི་རྟགས་ཅན་ཧྲུལ་པོ་ཞིག་ལ་ཕྱག་མཛད་ནས། ང་བོད་ཀྱི་རྒྱལ་པོ་ཞིག་གིས་བསྟན་པ་ལ་བསམས་ཏེ་ཁྱོད་ལ་ཕྱག་བཙལ་བ་ངོ་མཚར་རམ་གསུངས་པས། རབ་བྱུང་དེས་མཆོད་རྟེན་སོར་མོའི་རྩེ་ལ་བླངས་ཏེ་འདི་ངོ་(༢༨བ)


GLG019_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་རམ་ཟེར་བར། ལན་དུ་རྒྱལ་པོས་ཨ་མི་དེ་ཝ་བསྟན་པས། བཙུན་པས་གྲི་གུག་གིས་བྲང་ཁ་ཕྱེ་ནས་སངས་རྒྱས་སུམ་ཅུ་རྩ་ལྔ་བསྟན་པ་སོགས་དཔག་པར་དཀའ་བའི་རྫུ་འཕྲུལ་མཛད་ཅིང་། རྒྱལ་པོས་ཀྱང་ཀ་བ་ཤིང་ལོ་ཅན་ན་ཆོས་གཏེར། སེང་གེ་ལག་ཟན་དང་སྦྲུལ་མགོ་ཅན་ལ་དྲག་སྔགས། བུམ་བཙན་ལ་རིན་པོ་ཆེའི་གཏེར། ཀླུ་ཁང་ན་ཀླུ་གཏེར་དང་རིན་པོ་ཆེ་རཏྣ་དེ་ཝ། དཀྱིལ་འཁོར་འོག་ལ་རིན་པོ་ཆེ་སྟག་ཤ་ཆུ་དར་གྱིས་བསྒྲིལ། སྦྲུལ་ལྤགས་ཀྱིས་གཏུམས་པ། ཐེམ་པའི་ཉེ་སྐོར་ན་བཻ་ཌཱུརྱའི་ལྷུང་བཟེད་རྣམས་སྦས། སྐལ་ལྡན་རྣམས་ལ་ཐུགས་རྗེ་ཆེན་པོ། རྟ་མགྲིན། གཤིན་རྗེའི་གཤེད་སོགས་ཡི་དམ་གྱི་ལྷ་མང་པོའི་ཟབ་ཆོས་དང་། མ་འོངས་ལུང་བསྟན། རྗེ་འབངས་ཡོངས་ལ་ཞལ་གདམས་མཐའ་ཡས་པ་སྩལ་བ་ཕལ་ཆེར་ཡི་གེར་བཏབ་ནས། རྒྱལ་པོའི་བཀའ་བཞིན་བློན་པོ་རྣམས་ཀྱིས་གཏེར་དུ་དཀོར་མཛོད་དང་རྟ་མགྲིན་གྱི་ཞབས་འོག་ཏུ་སྦས་སོ། །དེ་ནས་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱིའི་ལོ་ལ་ལས་ཅན་འགའ་ཞིག་གི་སྣང་ངོར་ཆོས་རྒྱལ་ཡབ་ཡུམ་གསུམ་གཙང་ཁང་བྱང་མར་བྱོན་ནས་གསུམ་ག་འོད་ཀྱི་གོང་བུར་བྱས་ཏེ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་པར། མོང་བཟའ་ཁྲི་ལྕམ་གྱིས། རྒྱལ་པོ་ཡབ་ཡུམ་གསུམ་དེ་ལྟར་མཛད་ན། ངེད་བོད་འབངས་རྣམས་ཇི་ལྟར་བྱེད་ཅེས་སྨྲེ་སྔགས་བཏོན་པས། ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་རྒྱལ་པོ་དང་། ནུ་མ་གཉིས་ནས་ཁྲི་བཙུན་དང་ཀོང་ཇོས་དབུ་ཉུག་མཛད་དེ་ཞལ་གདམས་འགའ་ཞིག་གསུངས་སོ། །དེ་ནས་ད་ལྟའི་རབ་བྱུང་བཅུ་གཅིག་པའི་ཆུ་ལུག་འདི་ཡན་ལ་ལོ་དགུ་བརྒྱ་དང་སུམ་ཅུ་རྩ་གཉིས་སོང་། དེ་ནས་(༢༩ན)


GLG019_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་ཐུགས་ཀ་ལས་འོད་ཟེར་སྟོན་ཀའི་ཟླ་ལྟར་དཀར་བ་ཤར་ནས། གཙུག་ལག་ཁང་གི་ཕྱི་ནང་ཐམས་ཅད་གསལ་བར་བྱས་པས་བསྐུལ་ཏེ་རྟ་མགྲིན། སྒྲོལ་མ། སྨན་བླ། བྱམས་པ་ཆོས་རྗེ། ཇོ་བོ་མི་བསྐྱོད་པ། རྨེ་བ་བརྩེགས་པ། འོད་དཔག་མེད། མར་མེ་མཛད་རྣམས་ཀྱི་ཐུགས་ཀ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས་ཏེ། འཕྲུལ་སྣང་གི་བར་མཚམས་མེད་པར་ཁྱབ་པས་འོད་ཟེར་འཕྲོས་པའི་ལྷ་བརྒྱད་དུ་གྲགས་སོ། །དུས་དེར་བློན་པོ་སྣ་ཆེན་པོ་དང་ཁྲི་ལྕམ་གཉིས་མ་གཏོགས་མེད་པས། སླར་གཞན་རྣམས་འཕྲུལ་སྣང་དུ་འཚོགས་ཏེ་ཐེ་ཚོམ་དུ་གྱུར་པ་ན། སྔར་གྱི་བྱུང་ཚུལ་རྣམས་བཤད་པ་དང་། ཐོན་མིས་ལི་ཡུལ་གྱི་དགེ་ཚུལ་དང་། ཁྲ་འབྲུག་གི་སྤྲང་བན་ལ་རྒྱལ་པོས་སྤྲུལ་པ་བསྟན་པའི་ལོ་རྒྱུས་བཤད་པས་ངེས་ཤེས་སུ་གྱུར། འོན་ཀྱང་འབངས་བྱིངས་ཀྱི་སྣང་ངོར་བྲན་མོ་ཞིག་རིམས་ནད་ཀྱིས་བཏབ་པ་བལ་མོ་བཟའ་ལ་འགོས། དེ་ལས་ཆོས་རྒྱལ་དང་ཀོང་ཇོ་གཉིས་ལ་ཡང་མཆེད་དེ། ཡབ་ཡུམ་གསུམ་ཀ་འཕན་ཡུལ་ཟལ་མོའི་སྒང་དུ་གཤེགས་པའི་པུར་ཡར་ཀླུང་འཕྱོང་རྒྱས་སུ་སྤྱན་དྲངས་ཏེ་བང་སོ་བརྩིགས་སོ། །ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་རིང་ལ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་དང་བརྟེན་པའི་གཙུག་ལག་ཁང་བཞེང་བ། དམ་པའི་ཆོས་བསྒྱུར་བ་དང་། ཐོས་བསམ་སྒོམ་གསུམ་སོགས་ཀྱི་སྲོལ་ལེགས་པར་བཏོད་པས། རང་ཅག་གངས་ཅན་པ་རྣམས་ཀྱིས་ནི་འདི་ཉིད་ཀྱི་བཀའ་དྲིན་འཛིན་མའི་ཁྱོན་མཐའ་དག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་བཀང་ཡང་འཁོར་བའི་ཐབས་རྙེད་པ་མ་ཡིན་ནོ། །ཆོས་རྗེ་བསོད་ནམས་(༢༩བ)


GLG019_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པས། རྒྱལ་པོ་འདི་ཉིད་ཀྱི་རིང་ལ་བསྟན་པའི་དབུ་བརྙེས་པར་འཆད་པ་ནི་དེབ་ཐེར་ཡིག་ཚང་སོགས་ལ་ཞིབ་ཆ་དམན་ཞིང་། རྟོག་གེའི་རིག་པ་ཙམ་གྱིས་རང་བཟོ་ལ་ཐལ་བའི་སྐྱོན་ཡིན་ནོ། །དེ་ཡང་རྒྱལ་པོ་བཀའ་ཆེམས་དང་ལུང་བསྟན་མངས་པའི་ནང་དུ། བསྟན་པ་རིན་པོ་ཆེ་འཛིན་པ་དང་། ཁྱད་པར་འཕྲུལ་སྣང་གི་གཙུག་ལག་ཁང་འདི་ལ་ཕུད་དུད་མཛད་པའི་དམ་པ་རྣམས་ཀྱི་ལུང་བསྟན་མཐའ་ཡས་པ་ཡོད་པའི་ཁྲོད་ནས། དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པའི། །གསང་སྔགས་འཆང་ཞིང་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་ཅན་སྐྱེས་ཆེན་དམ་པས་ནི། །ཞལ་ཡང་བསྒྱུར་ཞིག་རྙེད་བཀུར་དམ་པ་མཛད། །ཅེས་པའི་དོན་ཤར་ཕྱོགས་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་ཤིང་འཇམ་དཔལ་སྙིང་པོའི་མཚན་ཅན་གྱིས་ཤཱཀྱ་མུ་ནི་སྤྲུལ་སྐུ་ལོངས་སྐུར་བསྒྱུར་ཞིང་། ཆོ་འཕྲུལ་གྱི་མཆོད་པ་རྒྱ་ཆེན་པོ་མཛད་ཚུལ་གྱི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་ལུང་བསྟན་མངོན་སུམ་གྱི་ཚད་མས་གྲུབ་པ་ལ། དཔའ་བོ་གཙུག་ལག་འཕྲེང་བས། བྱང་ཆུབ་སེམས་དཔའ་ཤར་ལྷོར་སྐུ་བལྟམས་པ། །ཞེས་བཅོས་བྱས་ནས། དྭགས་པོ་སྒོམ་ཚུལ་གྱི་ལུང་བསྟན་དུ་སྨྲ་བ་ནི། རང་ཉིད་ཆོས་བརྒྱད་ཀྱི་ཆང་གིས་བག་མེད་དུ་མྱོས་ཤིང་། བླང་དོར་ལ་བལྟ་བའི་མིག་ཕྱོགས་ལྷུང་དྲག་པོའི་རབ་རིབ་ཀྱིས་ལྡོངས་པས། རང་དང་རྗེས་སུ་ཞུགས་པ་མཐའ་དག་གཏམ་ཡ་མཚན་ཅན་དུ་འདོད་ཀྱང་། དོན་དུ་མཁས་པའི་དབང་པོ་འཇམ་མགོན་ས་སྐྱ་པཎྜི་ཏའི་གསུང་ལས། བློ་ངན་ལས་ལ་སྤྱོད་པ་ལ། །རང་གི་འབད་པས་ཐོབ་པར་སེམས། ཁྱི་རྒན་ཡ་རྐན་ཕུག་པའི་ཁྲག །རུས་པའི་བཅུད་དུ་བསྒོམས་ནས་འཆའ། །(༣༠ན)


GLG019_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟར་ཤེས་ལྡན་རྣམས་ཀྱིས་བརྟགས་ཚེ་བཞད་གད་ཀྱི་གནས་ཏེ། སྒམ་པོ་ཚུལ་ཁྲིམས་སྙིང་པོ་གཉལ་བོད་སྙིར་འཁྲུངས་པས། ལྷོ་རྒྱུད་གཉལ་ཞེས་ཀུན་ལ་གྲགས་ཤིང་། མཁས་པ་ཀུན་གྱིས་གླེང་བའི་ལུང་བསྟན་ལ་བཟོ་བཅོས་བྱེད་པ་ནི་བྱེད་པ་པོ་རང་ཉིད་བླུན་པོར་དངོས་སུ་བསྟན་པའི་ཕྱིར་ན་ཚིག་གཞན་རྣམས་ལ་ལེགས་ཉེས་ཀྱི་རྟོག་དཔྱོད་བྱ་མ་དགོས་སོ། །གཞན་ཡང་ཆོས་ཀྱི་རྒྱལ་པོ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་པའི་སྐོར་དེར་གཏམ་རྒྱུད་སྔོན་མ་འགའ་ཞིག་གི་ལུགས་བསྐྱར་བ་ལས། རང་ལུགས་དང་གཞན་ལུགས་ཀྱི་དབྱེ་བ་ཕྱེད་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་དཔྱད་པ་མེད་པའི་དགོས་མེད་ཀྱི་ཚིག་ཚོགས་སོགས་ཀྱིས་མཚོན་པ་ལ་རྨོངས་པ་རྣམས་ཡང་དག་པར་འདོད་སྲིད་ནའང་། བློ་ལྡན་དག་ཅིའི་ཕྱིར་རྗེས་སུ་འཇུག་སྟེ། མི་གཙང་བའི་ངན་སྐྱུགས་ཀྱི་ཕུང་པོ་ལ་ཁྱི་ཕག་སོགས་ཀྱིས་ལོངས་སྤྱོད་ནའང་། མིའི་འགྲོ་བ་སུ་ཞིག་གིས་ཟ་བར་མི་བྱེད་པ་བཞིན་ནོ། །དེ་ནས་དབོན་སྲས་མང་སྲོང་མང་བཙན་གྱིས་རྒྱལ་སྲིད་བཟུང་། དུས་དེར་རྒྱ་རྣམས་ཀྱིས་སྤྲུལ་པའི་རྒྱལ་པོ་མ་བཞུགས་པར་ཤེས་ནས་དམག་འོངས་པ་འཕྲུལ་སྣང་དུ་སླེབ་པ་དང་། རྨེ་བརྩེགས་ཀྱི་སྐུ་ལས་སྤྲུལ་པའི་དམག་བྱུང་བས་ཕྱིར་བྲོས། དེའི་ལན་དུ་མགར་གྱིས་བོད་དམག་འབུམ་ཚོ་ཁྲིད་ནས་རྒྱ་རྣམས་བཅོམ། མགར་ཡང་དམག་ཐོག་ཏུ་གྲོངས། དེ་ནས་སླར་རྒྱ་དམག་གི་སྐད་ཆེན་པོ་བྱུང་བས་ཇོ་བོ་ལྷོ་སྒོ་མེ་ལོང་ཅན་དུ་བཅུག །སྒོ་ལ་ཞལ་བ་བྱས་ནས་འཇམ་དབྱངས་ཀྱི་སྐུ་བྲིས། མི་རིང་བར་རྒྱ་དམག་རྣམས་ལྷགས་ཏེ་པོ་ཏ་ལའི་ཕོ་བྲང་མེ་ལ་བསྲེགས། ཇོ་བོ་ཤཱཀྱ་མུ་ནི་འཁྱེར་(༣༠བ)


GLG019_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐུབ་ཀྱང་མི་བསྐྱོད་རྡོ་རྗེ་སྔ་དྲོ་གཅིག་གི་སར་གདན་དྲངས་སོ། །མང་སྲོང་དགུང་ལོ་ཉི་ཤུ་རྩ་བདུན་ལ་གཙང་གི་བར་སྣང་སྒང་དུ་གཤེགས། བང་སོ་གུང་སྲོང་གི་གཡོན་དུ་བརྩིགས། རྗེ་དེ་ལ་འབྲོ་བཟའ་ཁྲ་བོ་ཁྲི་མ་ལོད་ཁབ་ཏུ་བཞེས་པའི་སྲས་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ཡབ་འདས་ནས་ཞག་འགའ་ཞིག་སོང་བ་དང་འཁྲུངས། འདིའི་རིང་ལ་རྔོག་རིང་ལ་ནག་པོས་གླང་པོ་ཆེའི་ཕྲུ་གུ་ཐེག་པ། རྔོག་གླིང་གམ་གྱིས་གཡག་གྲུས་པོ་ཆེ་ཐེག །གནོན་རྒྱལ་མཚན་གྱིས་མདའ་སྟེའུ་ཁ་མས་བྱ་ཁྲིའི་རྐེད་པ་གཅད། དབས་རྒོད་ལྡོངས་བཙན་གྱིས་མིག་རྒྱང་གསུམ་ལ་མདའ་རྒྱང་གིས་སླེབ། འགོས་གཡག་ཆུང་གིས་ཤ་བའི་རླིད་བུ་བྱེ་མས་བཀང་བ་ཀླད་ལ་བསྐོར། ཅོག་རོ་འབྲོང་ཤོར་གྱིས་འབྲོང་འཐུར་དུ་བརྒྱུགས་པ་གྱེན་ལ་འཐེན། གནོན་ཁྲི་བཙུན་གཡུ་སྦྱིན་གྱིས་རྟ་གཡང་ལ་མཆོངས་པ་གྱེན་ལ་འཐེན་ནུས་པ་སྟེ། རྩལ་པོ་ཆེ་བདུན་བྱུང་། བང་སོ་མང་སྲོང་གཡོན་དུ་བརྩིགས། རྗེ་དེ་དང་མཆིམས་བཟའ་བཙན་མོ་རྟོག་གེའི་སྲས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམས་ཕོ་བྲང་ལྡན་མཁར་དུ་འཁྲུངས། ཆོས་རྒྱལ་སྲོང་བཙན་སྒམ་པོས། ད་སྟེ་གདུང་རབས་ལྔ་ན་ངའི་དབོན་སྲས་རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ཆོས་འབྱུང་བའི་ལུང་བསྟན་ཟངས་ཀྱི་བྱང་བུ་ལ་བྲིས་པ་བརྙེད་པས། རང་ཉིད་དུ་གོ་སྟེ། གངས་ཏི་སེ་ནས་པཎྜི་ཏ་སངས་རྒྱས་གསང་བ་དང་སངས་རྒྱས་ཞི་བ་གཉིས་གདན་དྲངས་ཀྱང་མ་འདྲོངས། འོན་ཀྱང་ཕོ་ཉ་བས་ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བློ་ལ་བཟུང་ནས་འོངས་པས། གླེགས་བམ་ལྔ་པོ་བཞེངས་ཏེ། བཞུགས་ཁང་དུ་བྲག་དམར་མགྲིན་བཟང་། བྲག་དམར་ཀེ་རུ། གསང་མཁར་(༣༡ན)


GLG019_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བྲག །མཆིམ་པོ་སྣ་རལ། མ་ས་གོང་གི་ལྷ་ཁང་དང་ལྔ་བཞེངས། རྒྱ་ཡུལ་ཀིང་ཤི་ནས་གསེར་འོད་དམ་པ་དང་འདུལ་བ་ལས་རྣམ་པར་འབྱེད་པ་དང་། སྨན་དཔྱད་ཀྱི་རིགས་འགའ་ཞིག་བསྒྱུར། ལི་ཡུལ་ནས་རབ་ཏུ་བྱུང་བ་སྤྱན་དྲངས་ནས་གུས་པར་མཛད་ཀྱང་བོད་ཀྱི་མིས་རབ་ཏུ་བྱུང་བ་ནི་མ་བྱུང་། ཕྱིང་བ་སྟག་རྩེ་ནས་ནོར་ཁྱད་དུ་འཕགས་པ་གཡུ་ཞིག་རྙེད། འཇང་མོ་ཁྲི་བཙུན་ཁབ་ཏུ་བཞེས་པར་སྲས་མཇང་ཚ་ལྷ་དབོན་ཞེས་པ་ལྟ་བས་ཆོག་མི་ཤེས་པའི་མཛེས་སྡུག་ཅན་ཞིག་འཁྲུངས་པར་བོད་ན་དེའི་བཙུན་མོར་འོས་པའི་ན་ཆུང་མ་རྙེད་པས། རྒྱ་རྗེ་ཡག་འཇམ་ལི་ཁྲི་བཞེར་ལང་མའི་སྲས་མོ་ཀོང་ཇོ་བསུ་བའི་སྐྱེས་ཀྱི་དངོས་པོ་དང་ཕོ་ཉ་མངགས་པར་ལེགས་ཉེས་སྟོན་པའི་མེ་ལོང་ཞིག་ཡོད་པར་བལྟས་པས་ཡར་ཀླུངས་ཀྱི་ཡུལ་དགེ་བཅུའི་ཡོན་ཏན་ཡོངས་སུ་ཚང་ཞིང་། རྒྱལ་བུ་དེ་ལྷའི་ཁྱེའུ་ལྟར་མཛེས་པ་ཞིག་ཏུ་མཐོང་ནས་བྱོན་ནའང་། གཉགས་ཀྱི་བུ་མོ་མ་བླངས་པའི་འཁོན་གྱིས་གཉགས་ཁྲི་བཟང་ཡང་འདོན་གྱིས་རྒྱལ་བུ་བཀྲོངས། བང་སོ་མུ་ར་རི་ལ་བརྩིགས། དུས་དེར་ཀོང་ཇོས་མེ་ལོང་ལ་བལྟས་པས། རྒྱལ་བུ་བཞིན་མི་སྡུག་པ་ཞིག་ཏུ་མཐོང་བ་བཞིན་བོད་ནས་གཏམ་ངན་པ་སྐྱེལ་མི་བྱུང་ནའང་བྱོན། ཇོ་བོ་རྒྱལ་རབས་གསུམ་དུ་མུན་པར་བཞུགས་པ་ལྷོ་སྒོ་མེ་ལོང་ཅན་ནས་བཏོན་ཏེ་གཙང་ཁང་དབུས་མར་བཞུགས་སུ་གསོལ་ནས་མཆོད་པ་བཙུགས། མཆིམས་ཕུར་མེས་ཨག་ཚོམས་ཀྱི་བཙུན་མོར་མངའ་གསོལ་ལོ། །སྨྲས་པ། ལེགས་བྱས་ས་འཛིན་དབང་པོས་བསྲུབས་པའི་འཕགས་མཆོག་ཐུགས་རྗེའི་ཆུ་གཏེར་ལས། །མངོན་པར་འཐོན་པའི་སྲོང་བཙན་ཉིན་བྱེད་(༣༢བ)
ནུབ་ཕྱོགས་ཆུ་ལྷའི་ལྟོར་གཟིམས་ཀྱང་། །སླར་ཡང་ཁྲི་སྲོང་བསིལ་སྦྱིན་མཁན་པོ་དབང་ཕྱོགས་རི་བོའི་སྤོར་སོན་པས། །ཕན་དང་བདེ་བའི་ཀུན་ད་བཞད་དོ་ལུས་ཅན་གཉིས་སྐྱེས་གར་བྱོས་ཀྱེ། །བགྲོད་དགའི་ཡུལ་ཀུན་དལ་བ་བརྒྱ་ཕྲག་གིས། །དཱ་རི་དྲི་བཞིན་མྱུལ་བར་མ་ཕྱིན་ཀྱང་། །བརྟན་གཡོའི་ཆོས་ཀྱི་གནས་ཚུལ་ཀུན་འཆར་བ། །སྐྱེས་ཐོབ་ཤེས་རབ་མེ་ལོང་གསར་པའི་དྲིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་ཁྲི་ལྡེ་གཙུག་བརྟན་བར་གྱི་རྒྱལ་རབས་བརྗོད་པ།next