Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of འཆར་སྐྱེམས་
[Clear Hits]


  
 expand section
  
  
collapse section
  
  
  
  
  
  
  
  
  
  
  
  
 
རབ་བྱུང་བཅུ་གཅིག་པའི་ལྕགས་གླང་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཆར་སྐྱེམས་
[Clear Hits]

 
previousརབ་བྱུང་བཅུ་གཅིག་པའི་ལྕགས་གླང་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext

རབ་བྱུང་བཅུ་གཅིག་པའི་ལྕགས་གླང་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག


GLG019_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་བཅུ་གཅིག་པའི་ལྕགས་གླང་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁག །(༡༢༩ན)


GLG019_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་གླང་ཕུག་པ་དཔལ་སེང་བའི་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོས་ལོ་གསར་ཕུལ་བའི་འཕྲིན་ལན་འཇིགས་མེད་སྨྲ་བའི་སྙན་གྲགས། ལ ཀྵྨཱི བི ཛ ཡ ནྟུ ཤཱི ནི གཱི ཏི མ དྷུ ར བ དྱ ཙ། ན ནྡཱ སུ ཁ ཤཱི ཀ རྞ ར ས ཤྲི ཏཱི ལེ ཁ ཝ རྞ དཱ། རྣམ་(སྡེབ་སྦྱོར་ཁ་སྒོ་ཕན་པ།)པར་རྒྱལ་བར་གྱུར་ཅིག་ཅེས། །ཕུན་ཚོགས་སྙན་ཚིག་རྒྱུད་མང་གླུ། །རྣ་བའི་བཅུད་དུ་དགའ་བདེའི་དཔལ། །སྟེར་བའི་འཕྲིན་ཡིག་རྟེན་ལྡན་དང་། །ལྷན་ཅིག་འབྱུང་བ་གསུམ་ལྡན་པའི། །ཤེལ་དཀར་གོས་ཀྱིས་ཀླུབས་པའི་གླུ། །ཀུན་དགའི་རང་ཞལ་ངོམ་པ་ཡི། །ཐོག་མའི་ལེགས་སྐྱེས་དང་བཅས་འབྱོར། །ངག་ལ་མི་འཇིགས་སྨྲ་བ་ཡི། །དབང་ཕྱུག་འཕགས་ཡུལ་སྙན་གྲགས་བཟང་། །གཉིས་པ་སཱ་ལའི་སྨན་ལྗོངས་འདིར། །རྒྱུ་བ་ཁྱོད་མིན་ལས་གཞན་སུ། །ལེགས་བྱས་བྱེ་བའི་རི་དབང་གིས། །བསྲུབས་པའི་ལང་ཚོ་ཀ་ལ་ཤ །ངེས་དོན་བདུད་རྩིའི་(༡༢༩བ)


GLG019_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་བཟང་པོས། །གཏམས་པ་གྲུབ་རིགས་འཆི་མེད་དཔལ། །རིག་པའི་གནས་ལྔ་སྲ་བའི་གཞུ། །བློ་གྲོས་རྒྱུད་ཀྱིས་འགུགས་ནུས་པའི། །གང་གི་རྣམ་དཔྱོད་རབ་ཡངས་པས། །སྲིད་སྒྲུབ་བསྙེམས་པའི་ངལ་བ་བཏང་། །ཟས་གཙང་སྲས་ཀྱི་ལུང་རྟོགས་བསྟན། །ཕན་བདེའི་གདུགས་དཀར་གྲིབ་བསིལ་ལ། །བདེ་བར་འཚོ་བའི་ཀློག་པ་པོ། །ལྷག་བསམ་ཟླ་བ་ལྟ་བུར་གསལ། །དཀར་མིན་འབྲས་བུའི་དྲི་མ་ཀུན། །དགེ་བའི་ཆབ་ཀྱིས་ཡོངས་བཀྲུས་པའི། །བགྲང་བྱའི་བཞིན་རས་ལེགས་འཛུམ་པས། །རྫོགས་ལྡན་གསར་པའི་མགྲོན་དེ་བསུ། །གཞོམ་དུ་མེད་པ་རྡོ་རྗེའི་རང་བཞིན་གྱི། །མི་འགྱུར་ཁྲི་ལ་རྟག་བརྟན་གཡུང་དྲུང་དུ། །གནས་པར་བདེན་པའི་ཚིག་གི་ཤིས་རྗོད་འཕྲེང་། །རེ་འབྲས་མཆོག་གསུམ་ཐུགས་རྗེས་ཅི་མི་འགྲུབ། །གསེར་རིའི་སྦུབས་ནས་ཉིན་མོར་བྱེད་པ་ཡི། །འཁོར་ལོ་ཟད་པ་མེད་པར་འཆར་བ་བཞིན། །བཀྲ་ཤིས་གནམ་ལོའི་སྙན་ཚིག་གངྒཱའི་རྒྱུན། །ལེགས་བྱས་སྐལ་ལྡན་ཤིང་རྟའི་འཕྲུལ་གྱིས་འདྲེན། ཁྱོད་ཀྱི་རྣམ་དཔྱོད་དྲོད་ལྡན་མངལ་ཡངས་པོར། །བདེན་གཉིས་ཆོས་ཀྱི་གསེར་སྒོང་ལེགས་སྦྲུམ་སྟེ། །ལེགས་བཤད་གདོང་བཞིའི་མཆེ་བ་ལས་འཁྲུངས་པའི། །བསྲིང་འོས་དབྱངས་ཅན་རྒྱུད་མང་ཅི་ཡང་འཁྲོལ། །ཉམས་དང་འགྱུར་བ་སྟོང་གི་རྣམ་རོལ་འདྲེན་བྱེད་ཡུལ་གྱི་དགའ་སྟོན་དུ། །ཚར་དུ་དངར་བའི་སྙན་འགྱུར་ཚིག་གི་མཐོ་རིས་ཀ་ཤི་མཛེས་དགའ་མ། །རབ་དཀར་དུ་ཀཱུ་ལ་ཡི་གོས་བཟང་ལྷབ་ལྷུབ་དང་བཅས་གཡོན་རུའི་ཆའི། །གྲྭ་ནང་ཕུན་ཚོགས་དགེ་བའི་ཡུལ་གྲུའི་དགའ་བའི་ཚལ་དུ་གར་གྱིས་རྩེན། །(༡༣༠ན)


GLG019_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་གླང་ལོ་གོང་ནས་དམར་སྒྱུར་རབ་འབྱམས་པ་དང་དང་གྱ་བླ་མས་གཙོས་པའི་གསེར་ཡིག་པ་མངགས་ཏེ་གནང་སྦྱིན་བཟང་པོ་དང་བཅས་བཀའ་ཤོག་ཕེབས་པའི་ལན་འབུལ་བར་ཧང་ཐོད་རབ་འབྱམས་པ་དང་རྟེན་འབུལ་དཔོན་ཆུང་གཉིས་བཏང་དུས་ཕུལ་བ་ཚེ་རིང་གནམ་གྱི་ཤིང་རྟ། ཙཀྲེཎཀཱཉྩ ནི ཀ ཨཱ ར ས ཧ སྲ དཱི རྒྷཱ ཡུཿ བུ ཥྐ རཻ ར། སུ ནཱ ཡ ཀ བྷཱུ མ ཧཱ ཙ། ས རྦྦ སྨི ནཻ ནྡྲི ཀ སུ ཝ རྟི མ ཧོ ཏྟ རཻ རྨཱུ ལེ པཱ ད དི གཱི ཛ ཡ ཧ ཎྜི བི བྷཱུ ཥ ཎ ཤྩ། ཚེ་(སྡེབ་སྦྱོར་དཔྱིད་ཀྱི་ཐིག་ལེ།)རིང་གནམ་གྱི་ཤིང་རྟས་ལེགས་དྲངས་པའི། །རྩིབས་སྟོང་གསེར་གྱི་འཁོར་ལོས་ས་ཆེན་པོ། །ཀུན་ལ་དབང་སྒྱུར་འཇམ་དབྱངས་གོང་མ་ཆེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཞབས་དྲུང་དུ། །དྲི་བྲལ་ཡིད་མཁར་ལྷ་ཁྱོད་ཞལ་གྱི་ཟླ། །ཤར་དང་ལྷན་ཅིག་གྲགས་སྙན་བསིལ་ཟེར་གྱིས། །སྤྲོ་དགའི་ཀུནྡ་བཞད་ཚེ་སྨྲ་བའི་སྒོའི། །མཆུ་སྒྲོས་འཛུམ་དང་ལྡན་པས་མཆིད་འདི་ཞུ། །གནམ་བསྐོས་རྟགས་ཀྱི་རི་མོས་ལེགས་སྤྲས་པ། །མཉེས་གཤིན་འཇེབས་པའི་བཀའ་(༡༣༠བ)


GLG019_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཐམ་སྐྱེས་དང་བཅས། །སོན་ཚེ་དྲང་སྲོང་བསམ་གཏན་གསུམ་པ་ལྟར། །ཡིད་ལ་དགའ་སྤྲོའི་ཀུན་རྟོག་ཅི་ཡང་འཕེལ། །ལུས་ཅན་ཀུན་གྱི་ཚངས་གནས་འདབ་བརྒྱ་པར། །རྗེས་ཆགས་ཞབས་སེན་ཉི་མ་འོད་པོ་ཆེ། །འཆར་ནུབ་སྤངས་ཏེ་ཟླ་མེད་གནམ་བསྐོས་ཁྲི། །རབ་བརྟན་འཛམ་གླིང་སྐྱེ་རྒུའི་བསོད་ནམས་དཔྱིད། །བྱམས་བརྩེའི་གྲིབ་མར་འགྲོ་རྣམས་ངལ་གསོ་བའི། །སྐུ་གསུམ་འབྲས་བུས་དུད་པའི་ཡོངས་འདུའི་ལྗོན། །ཟས་གཙང་སྲས་ཀྱི་རྗེས་ཞུགས་ཀློག་པ་མཁན། །ལྷག་བསམ་ཟླ་བའི་འོད་ལ་ཅོ་དྲིར་གནས། །རྩོད་ལྡན་སྡིག་ལྟའི་ལྷ་མིན་སྒྲ་གཅན་སྐེ། །དཔའ་མཛངས་དམ་བཅའི་འཁོར་ལོ་བཞི་ལྡན་གྱིས། །བཅད་ཚེ་ཚངས་པ་རྒན་པོ་ངལ་བའི་ཁུར། །ཆུང་ངུར་བྱས་ཏེ་ཟག་བཅས་གཉིད་ལ་ཡུར། །སྣ་མང་གཞན་ཟེར་སྒྱུ་མའི་རི་དྭགས་རྗེས། །འབྲང་མིན་ཟབ་ཅིང་བརླིང་བའི་འཕོངས་རྐྱེན་མངས། །མི་བསྲུན་ལང་ཀའི་གཙུག་ཏོར་སར་ལྷུང་ཚེ། །ཡབ་གཅིག་ར་གྷཱུའི་སྙིང་སྟོབས་ཕྲ་མོར་བྱས། །དཀར་ནག་རྒྱ་ཧོར་ཡངས་པའི་ཡུལ་གྲུ་ཡི། །ཆེར་རློམ་བསྙེམས་པའི་མཆེ་བ་ཉེར་ཕྱུང་སྟེ། ཁྲིམས་གཉིས་མདོངས་མཐའ་ཞོན་ནས་བག་ཡངས་སུ། །རྒྱུ་བའི་ཀརྟི་ཀ་དེ་ཁྱོད་མིན་སུ། །ཚུར་མཐོང་ཆུང་ངུའི་བློ་ཡི་མེ་ལོང་དུ། །གང་གི་ཡོན་ཏན་སྣང་བརྙན་དེ་ཙམ་སྟེ། །ལྷ་ཁྱོད་བསོད་ནམས་ཕུང་པོར་སྤུངས་པའི་ཚད། །ཀུན་མཁྱེན་གཟིགས་པའི་ཡུལ་ལས་གཞན་དུ་མིན། །ཆབ་འབངས་ཕན་བདེའི་ས་ཆེན་རྩོད་ལྡན་མཚོར། །བྱིང་ལས་འདེགས་པའི་སྙིང་སྟོབས་དཔལ་བེའུའི། །རི་མོ་ཚར་དུ་དངར་བ་ཁྱོད་ཉིད་ལས། །སྲིད་པའི་ཁོངས་འདིར་གཞན་ན་དམིགས་སུ་མེད། །དེའི་ཕྱིར་བྱམས་བརྩེའི་སྤྱན་དཀྱུས་རིང་པོ་ཡིས། །མགྲོན་དུ་བསུས་པའི་རྫོགས་ལྡན་གསར་པའི་གྲོགས། །ཕན་བདེའི་འདོད་པ་འཇོ་(༡༣༡ན)


GLG019_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསམ་འཕེལ་དབང་། །འབད་མེད་སྩོལ་དང་མི་རྗེ་ལྷ་ཡི་རྒྱལ། །གཞོམ་གཞིག་མེད་པ་ཚེ་ཡི་གཡུང་དྲུང་གི །ངོ་མཚར་དཔལ་གྱི་གཟི་འོད་རྣམ་འབར་བའི། །ལེགས་བྱས་འཆི་མེད་བདུད་རྩིའི་བཅུད་ལེན་གྱིས། །བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་གྱུར་ཅིག །བཀའ་མཆིད་ལྷ་ཡི་ཆུ་བོའི་རྒྱལ་མཚན་རྩེར། །ལུགས་བཟང་ཏོག་གིས་མཛེས་པའི་གཟི་བྱིན་གྱིས། །གཞན་སྡེར་འཚེ་མིན་རང་སྲིད་དགའ་སྟེན་དུ། །གསེར་ཡིག་ལམ་གསུམ་དག་ལས་ཚད་མེད་ཞུ། །འཇམ་མཉེན་ཤོག་བུའི་གཟིངས་ལ་རྟེན་བཅས་ནས། །སྙན་འགྱུར་འཇོ་སྒེག་ལྡན་པའི་དེད་དཔོན་ཆ། །དཀར་དམར་ཤལ་དང་འཇམ་ཕྲུག་བདོག་པའི་སྐྱེས། །བཅས་ཏེ་གནམ་སའི་དབང་ཕྱུག་མདུན་སར་སོང་། །རབ་དཀར་དུ་ཀཱུ་ལ་ཡི་གོས་ལྡན་པའི། ཁྱུ་མཆོག་བགྲང་བྱའི་ལང་ཚོ་དར་བབ་ཚེ། །བདེ་སྐྱིད་ཆུས་བཀྲུས་ལེགས་ལྡན་གསོས་ཀྱི་བཞིན། །ཉ་རྒྱས་རི་བོང་འཛིན་ལྟར་དཀར་ཚེ་ཕུལ། །ལྕགས་གླང་ཧོར་ཟླ་ལྔ་པའི་ཉེར་བརྒྱད་ལ་བསམ་ཡས་སུ་བསམ་དར་བསྟན་འཛིན་རྫོང་སྟ་བྱས་པའི་ས་ཕག་ཚུན་གྱི་དབང་དྲག་གི་འཕྲིན་ལས་རྣམས་ལྷུན་གྱིས་གྲུབ་པའི་གཏང་རག་དང་བཅས་འཕྲིན་དུ་གསོལ་བ་རྣམ་པར་རྒྱལ་བའི་དགའ་སྟོན། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེ། །ངོ་མཚར་པདྨའི་སྦུབས་སུ་སྒྱུར་བའི་གར། །སྲིད་གསུམ་ཟིལ་གྱིས་གནོན་པའི་བརྟུལ་ཞུགས་ཅན། །རྒྱལ་དབང་པདྨ་ཀ་རས་དགེ་ལེགས་སྩོལ། །མགོན་དེས་མཆིམས་ཕུ་གསུང་གི་ཡང་དབེན་དུ། །བདེ་གཤེགས་ཞི་ཁྲོ་འདུས་པའི་བཀའ་བརྒྱད་ཀྱི། །བཅོམ་ལྡན་དྲེགས་པ་ཀུན་འདུལ་དཀྱིལ་འཁོར་དུ། །ལེགས་བཅུག་པེ་ཀར་རྒྱལ་པོ་མངག་གཞུག་བཅས། ཁྱད་པར་རྒྱལ་པོ་སྡེ་ལྔའི་ཕོ་ཉ་བ། །སྲིད་གསུམ་སྲོག་ལ་དབང་སྒྱུར་ཙི་དམར་བ། །སྔོན་གྱི་དམ་བཅའ་གཡེལ་བར་གྱུར་མིན་ཡང་། །འཕྲིན་ལས་བསྒྲུབས་དང་སྒྲུབ་(༡༣༡བ)


GLG019_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཚིག་འདི་སོན། །སྒྱུར་བྱེད་ཅེས་པ་ས་མོ་ཕག་གིས་ལོ་ཉི་མ་ནུབ་ཕྱོགས་གཙང་ཉང་སྨད་ཀྱི་ཕྱོགས་སུ་དམ་ཉམས་མི་བསྲུན་པ་རྣམས་ཀྱི་སྒྱུ་འཕྲུལ་ལ་བརྟེན་གློ་བུར་དུ་དུས་ཀྱི་ཆད་པས་མི་བདེ་བའི་སྐབས། གནོད་སྦྱིན་ཆེན་པོ་ཉིད་ཀྱིས་མངོན་སྤྱོད་ཀྱི་འཕྲིན་ལས་བསྒྲུབ་པར་ཞལ་གྱིས་མཆེས་པ་ལྟར་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་སྤྲིན་དང་བཅས་འཕྲིན་ལས་བཅོལ་བའི་དོན་བཞིན། །རང་ཕྱོགས་སྲིད་སྡེར་བཅས་པའི་རྣམ་པར་རྒྱལ་བའི་རུ་མཚོན་མཁའ་ལ་བསྒྲེངས་ཤིང་། །ཕ་རོལ་མི་བསྲུན་པའི་སྐྱེ་བོ་ལ་ལ་ནི་ལྔ་པའི་གྲོང་ཁྱེར་དུ་སོང་། །ཕལ་ཆེར་ནི་སྟོབས་འབྱོར་ལོངས་སྤྱོད་དང་བྲལ་ཏེ་ལུས་སེམས་ལ་བརྣག་དཀའ་ཞིང་ལྕི་བའི་ཆད་པ་ཉམས་སུ་མྱོང་བ་སོགས་དྲག་པོའི་འཕྲིན་ལས་འགྲུབ་པའི་སྔར་བཅོལ་ལེགས་པའི་གཏང་རག་དང་། སླར་ཡང་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་དར་ཞིང་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་འདིར་བདེ་སྐྱིད་ཀྱི་དགའ་སྟོན་འཕེལ་བ་དང་། ཁྱད་པར་རིག་པ་འཛིན་པ་བདག་དང་། སྐྱབས་འོག་ཏུ་བཅུག་པའི་སློབ་བུ། ཡོན་བདག འབངས་འཁོར་རྣམས་ཀྱི་བར་ཆད་ཞི་ཞིང་འཕྲིན་ལས་སྒྲུབ་པའི་ད་འཆོལ་ལེགས་པའི་རྟེན་དུ་བཀྲ་ཤིས་པའི་སྙན་ཤལ་བཀྲས་བཏགས་ཆེ་བ། གསེར་སྐྱེམས་ཞོ་བཞི། བཟང་ཇ་ཟུར་མ་ཉམས་པ། སྨན་རྩེ་ཡུགགོས་ཡུག དར་ཡུག ཁྲབ་རྨོག འཁོར་གསུམ། རྟ། སྟག་ལྤགས། རས་ཡུག་དང་བཅས་ཧོར་ཟླ་ལྔ་པའི་བྲལ་ཚེས་ལ་དགེ །ལྕགས་གླང་ཧོར་ཟླ་ལྔ་པའི་ནང་དུ་ཚངས་པ་དུང་ཐོད་ཅན་ལ་རྒྱལ་ཁམས་བདེ་ཐབས་ཀྱི་བླང་དོར་སྤྱི་སྒོས་ཀྱི་རྒྱུ་མཚན་གསོལ་བར་བྱངགྲོང་པ་བཏང་སྐབས་གསོལ་བའི་འཕྲིན་ཡིག་གཟུགས་བརྙན་གསལ་བའི་མེ་ལོང་། ཕུན་ཚོགས་བསམ་པའི་རེ་བ་ཡོངས་སྐོང་བ། །ལྷ་ཆེན་ཚངས་དབང་དཔག་བསམ་ཡོངས་འདུའི་ལྗོན། །དུང་དཀར་གཡས་སུ་འཁྱིལ་བའི་འབྲས་བཟང་གི །ཅོད་པན་ཡོངས་སུ་དུད་པའི་སྒྲ་འཛིན་དུ། །(༡༣༢ན)


GLG019_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་ཚད་མས་གཞལ་བར་ནུས་མིན་པའི། །ལྐོག་གྱུར་བག་ལ་ཞ་བའི་གནས་ལུགས་ཀྱི། །བླང་དོར་ཐེ་ཚོམ་ཕྱོགས་ལ་འཆང་བ་རྣམས། །དྲི་ཚིག་འཕྲིན་གྱི་དབྱངས་སྙན་ཅུང་ཟད་འབྲོས། །སློབ་དཔོན་སངས་རྒྱས་གཉིས་པའི་ཟབ་གཏེར་གྱི། །ལུང་དུ་མ་འོངས་གསལ་བར་ལེགས་བསྟན་ཀྱང་། །ཚིག་བརླིང་རྟོགས་པར་དཀའ་བས་མངོན་སུམ་དུ། །མ་གྱུར་དེ་སྲིད་ཤེས་པའི་སྐལ་པ་ཕྲ། །ཀུན་རྟོག་རི་མོར་བྲིས་པའི་འཕྲུལ་སྣང་གི །ངོ་མཚར་བཀོད་པའི་སྣང་ཚུལ་འབྱམ་ཀླས་པ། །རང་བློ་རང་ལ་ལྐོག་ཏུ་གྱུར་མིན་ཡང་། །ཐེ་ཚོམ་དྲ་བར་ཚུད་དེ་དཔྱད་པར་དཀའ། །དེ་ཕྱིར་དུས་རྟགས་ལུང་བསྟན་སྣ་ཚོགས་པའི། །དོགས་གཅོད་ཐོ་ཆུང་ཕོ་ཉའི་ངག་གསལ་ལྟར། །མེ་ལོང་ནང་གི་བྱད་བཞིན་མངོན་སུམ་དུ། །སྟོན་ཅིག་བསྟན་སྲུང་དབང་པོ་དུང་ཐོད་ཅན། །བརྟུལ་ཞུགས་གྲུབ་པའི་དབང་པོ་ཐོད་འཕྲེང་རྩལ། །གངས་ཅན་ལྷ་གཅིག་སྲོང་བཙན་སྒམ་པོ་སོགས། །རིག་འཛིན་བརྒྱུད་པའི་དམ་ཚིག་ཉེར་དགོངས་ལ། །རབ་དཀར་དགྱེས་པའི་འཛུམ་ཞལ་ལྷུག་པར་སྟོན། །སྙན་ཤལ་གསེར་སྐྱེམས་ལ་སོགས་མངོན་སུམ་དུ། །ལེགས་བཤམས་ཚོགས་ཀྱི་འཁོར་ལོར་བཅས་པ་རྣམས། །ཡིད་སྤྲུལ་མཆོད་པའི་སྤྲིན་དང་ལྷན་ཅིག་ཏུ། །སྣོན་ཉའི་ཤེས་རབ་ཕྱོགས་ཀྱི་ཚེས་ལ་དགེ །ལྕགས་གླང་ཧོར་ཟླ་ལྔ་པར་གྲ་ཚོང་འདུས་སུ་རྒྱལ་ཁམས་བདེ་ཐབས་ཀྱི་དྲི་ཚིག་གསོལ་བར་བསམ་དར་བ་བཏང་སྐབས་ཀྱི་འཕྲིན་ཡིག་དོགས་སེལ་ཆུ་ནང་ཟླ་གཟུགས། མི་འགྱུར་བདེ་ཆེན་ཆོས་སྐུ་འོད་དཔག་མེད། །གདུག་པ་ཀུན་འདུས་ལོངས་སྐུ་རྟ་མཆོག་དཔལ། །མཚོ་ལས་སྐྱེས་པའི་སྤྲུལ་སྐུ་ཐོད་ཕྲེང་རྩལ། །སྐུ་གསུམ་དབྱེར་མེད་ཐུགས་རྗེའི་དགའ་སྟོན་སྩོལ། །ཤར་ཕྱོགས་སྐུ་ཡི་རྒྱལ་པོའི་ཕོ་ཉ་ཆེ། །སྟོང་གསུམ་སྐད་ཅིག་མྱུལ་(༡༣༢བ)


GLG019_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྫུ་འཕྲུལ་ཅན། །ལས་མཁན་བཤན་པ་བྱ་ཁྲིད་མིག་གཅིག་པའི། །རྡོ་རྗེའི་གསུང་གི་འཕྲིན་ཡིག་སུག་པར་སོན། །སྔ་སོར་བླང་དོར་གསལ་བར་བྱེད་པ་ཡི། །ལུང་བསྟན་གྱིས་བསྐུལ་རྣམ་དཀར་དགེ་བའི་ལས། །བསྒྲུབས་ཤིང་སླད་མར་བྱེད་དགོས་རིམ་པ་ཡང་། །མྱུར་དུ་སྐྲུན་པའི་བརྩོན་པ་མི་དམན་ཙམ། །ཨོ་རྒྱན་སངས་རྒྱས་གཉིས་པའི་དམ་ཚིག་གི །རྡོ་རྗེའི་རི་མོ་ཐོད་དུ་ལེགས་བཅིངས་ནས། །བཟང་ངན་གསལ་བར་སྟོན་པའི་གསང་བའི་ཚེ། །མ་སྦས་ལྷུག་པར་བསྟན་ལ་སྤྲོ་བ་འཕེལ། །བརྡ་ཡིས་བཅིངས་པའི་གོ་བར་དཀའ་བ་དང་། །ཐེ་ཚོམ་དབང་གིས་དཔྱོད་པར་མ་ཤེས་སོགས། །ཀུན་རྟོག་སེམས་ཀྱི་འཆར་སྒོའི་དྲི་ཚིག་འགའ། །ཐོ་ཆུང་དང་བཅས་ངག་ལམ་ནས་གསལ་བར། །གནོད་བྱེད་དགྲ་བགེགས་ཟློག་པའི་གཉེན་པོ་དང་། །མཐུན་རྐྱེན་ལེགས་ཚོགས་སྤེལ་བའི་ཐབས་ཚུལ་སོགས། །དོགས་སེལ་དྭངས་པའི་མཚོ་ལ་ཟླ་བའི་གཟུགས། ། འཆར་བ་ཇི་བཞིན་མ་སྦས་ལྷུག་པར་སྟོན། །སྙན་ཤལ་གསེར་སྐྱེམས ་རིན་ཅེན་ཕོར་པ་སོགས། །སྤྱན་གཟིགས་ཚོགས་འཁོར་མཐུན་པའི་དམ་རྫས་རྣམས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །མཁའ་འགྲོ་འདུ་བའི་ཚེས་ལ་སྤེལ་བ་དགེ །ལྕགས་གླང་ཧོར་ཟླ་ལྔ་པའི་ནང་དུ་རིགས་རྒྱུད་ཀྱི་ལྷ་ཐང་ཆེན་བཤན་པ་ལག་དམར་ལ་འཕྲིན་བཅོལ་སྤྱན་གཟིགས་འབུལ་བར་བུ་ཤུད་བློ་བཟང་དར་རྒྱས་འཁོར་ཞག་དང་བཅས་བཏང་བའི་འཕྲིན་ཡིག་འཕྲིན་ལས་རྒྱ་མཚོའི་རླབས་འཕྲེང་། རྒྱལ་ཀུན་མཐུ་སྟོབས་རྡོ་རྗེའི་རྣོན་པོའི་མཚོན། །བདུད་སྡེ་ཕྱེ་མར་འཐག་པའི་བརྟུལ་ཞུགས་ཀྱི། །དབང་ཕྱུག་སྲིད་གསུམ་བླ་མ་ཐོད་ཕྲེང་རྩལ། །མཚོ་ལས་སྐྱེས་པའི་རྡོ་རྗེས་དགེ་ལེགས་སྩོལ། །རྒྱ་མཚོའི་རླབས་བཞིན་དུས་ལས་མི་གཡེལ་བར། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་པ། །བསམ་པ་ཙམ་གྱིས་ཐོགས་མེད་སྒྲུབ་མཛད་པའི། །ལས་(༡༣༣ན)


GLG019_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་བཤན་པ་ལག་དམར་སྤྱན་སྔ་རུ། །སྟེང་ན་གཏོར་མའི་རི་བོ་མཁའ་ལ་སྙེག །འོག་ཏུ་རཀྟའི་རྒྱ་མཚོ་རྣམ་པར་འཁྱིལ། །བདུད་རྩིའི་བཏུང་བ་བཟའ་དང་བཅའ་བ་སོགས། །འདོད་ཡོན་ཚོགས་ཀྱི་འཁོར་ལོས་སྣ་དྲངས་ཏེ། །དར་ཟབ་གསེར་སྐྱེམས་མཐུན་པའི་དམ་རྫས་རྣམས། །ཏིང་འཛིན་བློ་ཡིས་བྱེ་བ་ཕྲག་བརྒྱའི་ཞིང་། །ཡོངས་སུ་བཀང་སྟེ་དགྱེས་པ་སྐྱེད་བྱེད་ན། །ཐུགས་དམ་གཉན་པོ་དབྱིངས་སུ་སྐོངས་གྱུར་ཅིག །རྩ་བརྒྱུད་བླ་མའི་དམ་ཚིག་གཉན་པོ་དང་། །རིགས་དང་བརྒྱུད་ལ་བསྟེན་ཅིང་འགྲོ་བའི་མཐུས། །སྔགས་འཆང་བདག་གིས་བཅོལ་བའི་འཕྲིན་ལས་རྣམས། །བསམ་པ་ཇི་བཞིན་ལྷུན་གྱིས་གྲུབ་པར་མཛོད། །གངས་ཅན་ལྗོངས་འདིར་བསྟན་དང་འགྲོ་བ་ལ། །ཉེ་བར་འཚེ་བའི་ནག་པོ་བདུད་ཀྱི་དཔུང་། །བཅོམ་སྟེ་དཀར་ཕྱོགས་རྒྱལ་བའི་རྫ་རྔ་ཆ། །སྲིད་པའི་རྩེ་མོའི་བར་དུ་སྒྲོག་པར་མཛོད། །ལྷ་ཆེན་སྙན་གྱི་དབང་པོར་ལེགས་གསོལ་ནས། །ཐུགས་དམ་སྐུལ་བར་བྱེད་པའི་འཕྲིན་ཡིག་ལ། །རབ་དཀར་ཐམ་ཁའི་རྒྱ་ཡིས་ལེགས་འཁྱུད་དེ། །དཔའ་བོ་དགའ་སྟོན་ཚེས་ལ་རྣམ་པར་དགེ །སྔོན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་སྤྲུལ་པའི་རྒྱལ་པོ་པེ་ཧ་རར་རྒྱལ་མཚན་ལྔའི་དབང་བསྐུར་བའི་གྲངས་དབྱིབས་དང་མཚུངས་པ་བསམ་ཡས་པེ་ཧར་ལྕོག་ཏུ་ཚུགས་ན་ལེགས་པའི་གནོད་སྦྱིན་ཙི་དམར་བའི་རྡོ་རྗེའི་གསུང་གི་འཕྲིན་ཡིག་བྱུང་བ་ལ་བརྟེན། ལྕགས་གླང་ཧོར་ཟླ་བདུན་པའི་ཚེས་བཅོ་ལྔ་ལ་རྒྱལ་མཚན་འཛུགས་པར་སྙེ་ཐང་དྲུང་ཆེན་ཤཱཀྱ་དབང་ཕྱུག་བཏང་སྐབས་གསོལ་བ་འཇིགས་མེད་གདོང་ལྔའི་སྒྲ་དབྱངས། སྲིད་ཞིའི་བརྟན་གཡོ་ཀུན་གྱི་སྤྱི་གཙུག་ནས། །ལེགས་བཏེག་ཞབས་སེན་ཉི་མའི་དངོས་པོ་བརྒྱའི། །འོད་ཀྱིས་འཇིག་རྟེན་སྣང་བྱེད་པདྨ་འབྱུང་། །ཨོ་རྒྱན་སངས་རྒྱས་གཉིས་པས་བྱིན་ཕོབ་ཅིག །མགོན་དེའི་(༡༣༣བ)


GLG019_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཉན་སྣང་སྲིད་དྲེགས་པའི་གཙོ། །དཔལ་ལྡན་གནོད་སྦྱིན་ཆེན་པོའི་ཙི་དམར་བས། །བསྟན་འགྲོའི་ཕན་བདེ་སྤེལ་བའི་བླང་དོར་གྱི། གདོང་ལྔའི་རྒྱུད་ལས་དྲངས་པའི་སྒྲ་དབྱངས་སོན། །མི་དགེའི་རླབས་འཁྲུག་ལེ་ལོའི་ཉལ་འགྲོ་ལས། །བརྩོན་འགྲུས་རླུང་གིས་བསྐྱོད་པའི་རྣམ་དཀར་གཟིངས། །ཕུན་ཚོགས་དགའ་སྟོན་རིན་ཅེན་གླིང་ཡངས་པོར། །བགྲོད་ཐབས་སྒྱུ་འཕྲུལ་དྲ་བའི་གར་གྱིས་བྲེལ། །སྤུ་སྡུག་རྣམ་བཀྲ་སྟོབས་ཆེན་དཔའ་གཏུམ་ཅན། །སྟག་གི་རྒྱལ་མཚན་སྲིད་པའི་རྩེར་སྒྲེངས་ལ། །གཅན་གཟན་དང་མཚུངས་མ་རུངས་དགྲ་བགེགས་དཔུང་། །ཐོག་མདས་བྲག་རི་བཅོམ་པ་བཞིན་དུ་མཛོད། །གློག་ལྟར་འཁྱུག་པའི་རྩལ་ཆེན་སྒྱུ་ཐབས་མཁན། །སྤྲེའུའི་རྒྱལ་མཚན་སྲིད་པའི་རྩེར་སྒྲེངས་ལ། །འབོད་གྲོགས་མཆེད་ཟླའི་ཁེངས་ལྡན་བརྣག་པའི་དགྲ །ཉི་མས་མུན་པ་འཇོམས་ལ་འགྲན་པར་མཛོད། །ལྷ་ལམ་མཐར་ཐུག་ནམ་འཕང་གིས་སྤྱོད་པ། །བྱ་རྒོད་རྒྱལ་མཚན་སྲིད་པའི་རྩེར་སྒྲེངས་ལ། །ངན་གཡོའི་འཕུར་ལྡིང་བྱེད་པའི་ནག་ཕྱོགས་སྡེ། །དོན་སྙིང་ཤུགས་ནས་བཏོན་ཏེ་ལྐོག་མར་དྲོངས། །དབང་སྔོན་མདངས་འཛིན་རྣོ་ངར་མཆེ་བ་གཙིགས། །སྤྱང་ཀིའི་རྒྱལ་མཚན་སྲིད་པའི་རྩེར་སྒྲེངས་ལ། །རི་དྭགས་བཞིན་དུ་ཚུལ་འཆོས་ཡིད་སྲུབས་ཚོགས། །ཞུགས་ཀྱིས་རྩ་ཕུང་སྲེག་པའི་རྗེས་འགྲོར་མཛོད། །རིན་ཅེན་རྟོག་ལྡན་འཇའ་ལྟར་རབ་བཀྲ་བ། །ཟ་འོག་རྒྱལ་མཚན་སྲིད་པའི་རྩེར་སྒྲེངས་ལ། །སྡེ་བཞིའི་ཡིད་བཞིན་དབང་གི་རྒྱལ་པོ་ལས། །འདོད་རྒུའི་ཆར་གྱིས་ཡིད་ཀྱི་རེ་སྐོང་མཛོད། །དར་མཚོན་སྣ་ལྔའི་སྙན་ཤལ་གསེར་སྐྱེམས་དང་། །ལྷན་ཅིག་ཚོགས་ཀྱི་འཁོར་ལོ་བཅས་འབུལ་ན། །འཕྲིན་ལས་བཞི་ལྡན་གངྒཱའི་ཆུ་བོའི་རྒྱུན། །ནམ་ཡང་ཆད་པ་མེད་པའི་དགའ་སྟོན་སྩོལ། །(༡༣༤ན)


GLG019_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་ཐོས་པའི་དཔྱོད་ལྡན་མངའ་རིས་རུ་ཐོག་དབང་པོ་ཕུན་ཚོགས་རྣམ་རྒྱལ་གྱིས་སྙན་ངག་གི་ལམ་ནས་དྲངས་པའི་འཕྲིན་ཡིག་བྱུང་བའི་ལན་ཚངས་རིགས་གྲུབ་པའི་རྣམ་དཔྱོད། བྲྀ ཏྟ ས ཧ སྲཻ རྣེ ཏྲེ ནྡྲེ ཎོ བ དྷ ར ཙ བཱ ཎཽ དཱི པ ར བེཿ དྲྀ ཥྚཱ གྲེ བི དྦྷུ ཏ ཝ བྲ ཥི ཏ ན ལ བྡྷ གུ རུ ཏ ཏྶ མྱཿ མཆོད་(ཛཱ་ཏིའི་སྡེབ་སྦྱོར་འཕགས་མ།)སྦྱིན་བརྒྱ་པས་འདྲེན་བྱེད་སྟོང་བགྲོད་དེ། །ཉི་ཟླའི་སྒྲོན་མེ་ལག་ཏུ་ཉེར་ཐོགས་ནས། །བལྟས་ཀྱང་ཁྱོད་ཀྱི་རྩེར་སོན་མཁས་པ་དང་། །མ་རྙེད་ཕུར་བུའི་སྤུན་ཟླ་དེར་སྤྲིངས་པ། །རང་བློ་ཡངས་པའི་དྲོད་ཀྱི་མངལ་ཁུར་དུ། །ལྔ་རིག་གསེར་གྱི་སྒོ་ང་ཡོངས་སྨིན་པ། །ཚངས་རིགས་གྲུབ་པའི་རྣམ་དཔྱོད་མཆེ་བ་ལས། །ལེགས་འོངས་སྙན་འགྱུར་དབྱངས་ཅན་རྒྱུད་མང་མགྲིན། །ཡི་གེའི་གཟུགས་ཀྱི་མཁའ་ལ་རབ་ཤར་བའི། །ལྷག་བསམ་ཟླ་དཀྱིལ་ཐུགས་ཀྱི་རི་དྭགས་(༡༣༤བ)


GLG019_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། །ལེགས་བཤད་འོད་དཀར་འཕྲོ་བའི་ལིའི་ཡོལ་གོའི། །སྐྱེས་བཟང་ག་བུར་ཟེགས་མ་ཅི་ཡང་འཐོར། །བསོད་ནམས་འཁྲིལ་ཤིང་རྩེར་དུད་དལ་བའི་རྟེན། །ལེགས་ལྡན་ཐར་པའི་དོན་ཆེན་སྨིན་པའི་འབྲས། །དུས་ཀྱི་ས་ལ་མ་ལྷུང་རྣམ་དཀར་དགེའི། །དབྱར་གྱི་ནམ་མཇུག་དེས་བསྐྱངས་དངོས་པོའི་གཤིས། །གཙུག་ལག་དྲི་མ་སྦྱོང་བའི་ཞབས་བསིལ་དུ། །མང་ཐོས་ཁྲུས་ཀྱི་མཁན་པོ་གངྒཱའི་རྒྱུན། །ཆད་མེད་ཁྱོད་བློའི་རྒྱ་མཚོར་རྟག་བབས་ཀྱང་། །དོག་མིན་ཟབ་ཅིང་ཡངས་པའི་ངང་ཚུལ་ཙམ། །རིགས་མེད་ཤེས་བྱར་སྦྱངས་སྟོབས་འབོད་སྐྱེན་མདས། །དྲེགས་རྨོངས་འབོད་གྲོགས་བསྙེམས་པའི་གཙུག་ཏོར་རྩེ། །ཞུམ་པའི་ས་ལ་ལྷུང་ཚེ་རཱ་མ་ཎ། །གངས་ཅན་རྭ་བ་དཀར་པོར་འོངས་པ་བཞིན། །མདོ་རྒྱུད་ཐ་སྙད་དཀའ་བའི་གནད་ཀྱི་མདུད། །འགྲོ་ལ་འཕགས་ཡུལ་པཎ་ཆེན་ཚོགས་རྣམས་དང་། །གང་གི་རིག་པའི་མཆོག་དམན་ཁྱད་པར་ནི། །ཇི་ཙམ་བརྟགས་ཀྱང་མ་ཤེས་འཕྱང་མོ་ཉུག །གཡོ་རྒྱུས་མ་བྲིད་གནའ་བོའི་སྤྱོད་ཚུལ་ལ། །ཐོས་བསམ་རོ་བརྒྱ་བདའ་བའི་གཡང་ཆགས་གང་། །མཐོང་ཚེ་སྲིད་འབྱོར་བུ་གར་སྲེད་པའི་མཇུག །ཐོགས་པའི་ཆོས་ལྟར་བཅོས་རྣམས་ཨེ་རཎྜ། །ཤེས་ལྡན་ཚོགས་བདག་ལང་ཚོ་ཉམས་བྱེད་པོ། །དུས་ཀྱི་སྐྱེ་རྒུའི་རྣམ་དཔྱོད་ན་ཕྲ་བའི། །བག་མེད་ཁྲུང་ཁྲུང་འཇོམས་དེས་བོད་གང་ཚེ། །ས་སྤྱོད་དབང་པོའི་གྲགས་སྙན་ཡིད་ཀྱི་གསོས། །རིགས་མཐོ་ཡར་སྲིད་བརྒྱུད་རློམ་བསྟན་འཛིན་གཟུགས། །ཆུ་དང་བེར་ཅན་ཚོགས་ཀྱིས་སྦངས་པའི་ཟས། །སྒྲ་ཚད་བཟོ་གསོ་ནང་རིག་འདབ་བརྒྱའི་བཅུད། །བཏུངས་པའི་སྐལ་བཟང་བུང་བ་འདི་ན་བདེ། །མི་ཡི་བདག་པོ་བགྲང་བྱའི་ཁུར་ལྕི་བར། །ལུས་འཁྲུགས་དུཿཁ་བཅིལ་ནས་རིང་པོའི་བར། །སྲོག་གི་འཚོ་བ་སྒྲུབ་བྱེད་འཆི་གསོས་སྨན། །དྲང་སྲོང་(༡༣༥ན)


GLG019_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་བཅུད་ལེན་བསྟེན་པར་རིགས། །མ་བརྟགས་ཟུག་རྔུ་ཡིད་ཀྱི་ཚེར་མའི་ནད། །བློ་འདས་བརྗོད་བྲལ་སེམས་ཉིད་གཅིག་པུའི་འཁྲུལ། །དཔྱད་ཚེ་འཁོར་འདས་དབྱེར་མེད་ལྟ་བའི་དབྱིངས། །བདེན་འཛིན་ཀུན་རྫོབ་ཆོས་ཀྱི་རྫུན་ཚང་རྡིབ། །ལྔ་ལྡན་སོར་མོས་ཟས་ཀྱི་བྱ་བ་ལ། །འཇུག་པའི་མགྲིན་པ་བཟང་པོས་ནོར་འཛིན་མངལ། །དོག་མོར་བྱས་མོད་ཤེས་ལྡན་ཉིན་སྐར་ཙམ། །བསམས་ཀྱིན་མཁས་ཁྱོད་འཚོ་བ་དོན་དང་ལྡན། །མི་ཟད་ཉེས་བརྒྱའི་རླབས་འཕྲེང་ཡོལ་མེད་དུག །དག་བྱེད་བསླུ་མེད་མཆོག་གསུམ་ཨ་གསྟྱའི། །ཀུན་ཁྱབ་ཐུགས་རྗེའི་ཡན་ལག་བརྒྱད་ལྡན་ཆུས། །གང་གི་དཀར་མིན་ལས་ཀུན་འཁྲུད་གྱུར་ཅིག །ཉམས་འགྱུར་ཡི་གེར་འཕོས་པའི་པི་ཝང་རྒྱུད། །དོན་བཟང་སོར་མོས་བརྡུངས་པའི་སྨིན་ལེགས་མ། །རྣམ་བཀྲ་ཟ་འོག་གོས་གྱོན་འཇོ་སྒེག་བཅས། །ཆུ་ལྷའི་ཕང་པར་དགའ་བའི་གར་གྱིས་སོང་། ལྕགས་གླང་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་བསམ་ཡས་སུ་སྤྱན་གཟིགས་འབུལ་ཞིང་བླང་དོར་གྱི་རྒྱུ་མཚན་འབུལ་བར་མཆོད་དཔོན་བློ་བཟང་མཐུ་སྟོབས་བཏང་སྐབས་གསོལ་བ་ནམ་མཁའ་མཛོད་ཀྱི་དགའ་སྟོན། དུས་གསུམ་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་གཟུགས། །སྲིད་པ་གསུམ་ན་ཆེ་བའི་རིག་སྔགས་ཀྱི། །བརྟུལ་ཞུགས་གྲུབ་པའི་སྒྱུ་འཕྲུལ་རོལ་གར་ཅན། །པདྨ་ཐོད་འཕྲེང་རྩལ་གྱིས་དགེ་ལེགས་སྩོལ། །སྔོན་ཚེ་ལྷ་ཡི་དགེ་སློང་ལེགས་ལྡན་དང་། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས། །དགྲ་ལྷ་ཁྱུང་ཆེན་འབར་དང་སྤུ་གྲི་འབར། །གསང་མཚན་བཏགས་ནས་དམ་ཚིག་གཉེར་དུ་གཏད། །མཚོ་སྐྱེས་རྡོ་རྗེས་གངས་ཅན་བསྟན་འགྲོ་ཡི། །བདེ་སྐྱིད་སྤེལ་བར་རྡོ་རྗེའི་དམ་བསྒྲགས་པ། །རིགས་ཀྱི་བདག་པོའི་ཚུལ་དུ་ཐོད་བཅིངས་པའི། །པེ་ཧར་རྡོ་རྗེའི་ཁྱུང་ཆེན་(༡༣༥བ)


GLG019_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་འབྲུག་འདུལ། །གང་དེའི་བཀའ་སྡོད་དྲེགས་པ་ཀུན་གྱི་གཙོ། །སྔོན་ཚེ་ལི་ཡི་ཡུལ་གྱི་རྗེ་བོའི་སྲས། །སྨོན་ལམ་དབང་གིས་ཁྲག་གི་སྒོ་ང་ལས། །བཙན་རྒོད་གནོད་སྦྱིན་ཆེན་པོ་ཙི་དམར་བ། །དཔལ་ཆེན་རྟ་མགྲིན་དབང་གི་རྒྱལ་པོ་དང་། །ཨོ་རྒྱན་སངས་རྒྱས་གཉིས་པ་པད་འབྱུང་གིས། །བཀའ་དང་དམ་ལ་བཏགས་པའི་སྲུང་མ་ཁྱོད། །སྒྲིབ་བྲལ་ལྷ་སྙན་གསོལ་པའི་ཚིག་འདི་གསོན། །ཞི་ཁྲོ་ཀུན་འདུས་གྲུབ་ཆེན་བཀའ་བརྒྱད་ལྷའི། །ནུབ་བྱང་ཕྱག་རྡོར་དྲེགས་འདུལ་དཀྱིལ་འཁོར་དུ། །དཔལ་ཆེན་ཁྲག་འཐུང་པདྨ་སམ་བྷ་ཝས། །དབང་བསྐུར་རིགས་འཛིན་དགྲ་ལྷར་ལྷ་ཁྱོད་བསྐོས། །རྗེ་འབངས་ཉེར་ལྔ་མངའ་བདག་མྱང་རལ་དང་། །ཆོས་དབང་རྒོད་ལྡེམ་པདྨ་དབང་རྒྱལ་སོགས། །བཀའ་གཏེར་རིག་འཛིན་བརྒྱུད་པའི་ཚོགས་རྣམས་ཀྱིས། །ཆད་མེད་ཡང་སྐྱོར་དམ་ཚིག་བསྒྲགས་པ་དགོངས། །ཟ་ཧོར་སྔགས་འཆང་བདག་གི་རིགས་བརྒྱུད་དང་། །ཚེ་རབས་དུ་མར་དམ་ཚིག་ལུ་གུ་རྒྱུད། །མི་ཕྱེད་ཕྱག་རྒྱས་བཅིངས་པ་ཉེར་དགོངས་ལ། །ལྐོག་གྱུར་སྟོན་པའི་ཕུང་བསྟན་སྒྲ་དབྱངས་སྒྲོགས། །གཏོར་མའི་རི་བོ་སྨན་རཀ་མཚོར་བསྐྱིལ་ནས། །རྟག་ཏུ་ལྷ་ཁྱོད་ཐུགས་དམ་སྐོང་བྱེད་ཀྱང་། །རྟེན་འབྲེལ་མཚོན་པའི་སྤྱན་གཟིགས་ཐོར་གསལ་བ། །ནམ་མཁའ་མཛོད་དུ་བྱིན་གྱིས་བརླབས་ཏེ་འབུལ། །མི་བསྲུན་གླགས་ལྟ་གཟུགས་ཅན་སྡང་བའི་དགྲ། །གཟུགས་མེད་གནོད་པར་བྱེད་པའི་བགེགས་ལ་སོགས། །ནག་པོའི་བདུད་སྡེ་དཔུང་དང་བཅས་པ་ཡི། །རུ་མཚོན་ས་འོག་སྙོལ་ལ་ཚར་ཆོད་ཅིག །བསྟན་འགྲོའི་ཕན་བདེ་དཀར་ཕྱོགས་ཟླ་ལྟར་སྤེལ། །ཕུན་ཚོགས་སྡེ་བཞིའི་འདོད་རྒུ་མ་ལུས་འཇོ། །རྣམ་པར་རྒྱལ་བའི་རྫ་རྔ་སྲིད་རྩེར་སྒྲོགས། །ཞི་རྒྱས་དབང་དྲག་ལས་ཀུན་སྒྲུབ་པར་མཛོད། །ཅུང་ཟད་ཕོ་ཉའི་གཡར་ལམ་ནས་(༡༣༦ན)
གསོལ་ལྟར། །བླང་དང་དོར་བྱའི་གནས་རྣམས་མ་ལུས་པར། །མེ་ལོང་ནང་གི་གཟུགས་བརྙན་ཇི་བཞིན་དུ། །གསལ་བར་སྟོན་ཅིག་བསྟན་སྲུང་གནོད་སྦྱིན་ཆེ། ཁྱུ་མཆོག་གོས་དཀར་གྱོན་པ་འཕར་བའི་ལོ། །ཟླ་བ་རྒྱུ་སྐར་རྒྱལ་གྱིས་ལེགས་ཉ་བའི། །དཀར་ཕྱོགས་དཔའ་བོ་དགའ་སྟོན་དུས་བཟང་པོར། །གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ནས་དགེ །


previousརབ་བྱུང་བཅུ་གཅིག་པའི་ལྕགས་གླང་ལོར་བྲིས་པའི་ཆབ་ཤོག་འཕྲིན་ཡིག་ཁགnext