Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
འཕགས་བལ་བོད་དང་བོད་ཆེན་རྒྱ་ཧོར་སོག་པོས་མཚོན་མཆོག་དམན་བར་མ་མཐའ་དག་གི་སྤྱི་བྱེ་བྲག་ལེགས་ཉེས་འབྱེད་པའི་བཅའ་ཡིག་ལམ་ཡིག་སྐོ་འཇའ་སོགས་བཀོད་པ་ཁྲིམས་གཉིས་གསེར་ཤིང་ཕུན་ཚོགས་འདོད་འཇོ།
  expand section
  expand section
  expand section


 
previousའཕགས་བལ་བོད་དང་བོད་ཆེན་རྒྱ་ཧོར་སོག་པོས་མཚོན་མཆོག་དམན་བར་མ་མཐའ་དག་གི་སྤྱི་བྱེ་བྲག་ལེགས་ཉེས་འབྱེད་པའི་བཅའ་ཡིག་ལམ་ཡིག་སྐོ་འཇའ་སོགས་བཀོད་པ་ཁྲིམས་གཉིས་གསེར་ཤིང་ཕུན་ཚོགས་འདོད་འཇོ།next

འཕགས་བལ་བོད་དང་བོད་ཆེན་རྒྱ་ཧོར་སོག་པོས་མཚོན་མཆོག་དམན་བར་མ་མཐའ་དག་གི་སྤྱི་བྱེ་བྲག་ལེགས་ཉེས་འབྱེད་པའི་བཅའ་ཡིག་ལམ་ཡིག་སྐོ་འཇའ་སོགས་བཀོད་པ་ཁྲིམས་གཉིས་གསེར་ཤིང་ཕུན་ཚོགས་འདོད་འཇོ།


GLG020_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་བལ་བོད་དང་བོད་ཆེན་རྒྱ་ཧོར་སོག་པོས་མཚོན་མཆོག་དམན་བར་མ་མཐའ་དག་གི་སྤྱི་བྱེ་བྲག་ལེགས་ཉེས་འབྱེད་པའི་བཅའ་ཡིག་ལམ་ཡིག་སྐོ་འཇའ་སོགས་བཀོད་པ་ཁྲིམས་གཉིས་གསེར་ཤིང་ཕུན་ཚོགས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །

དཔལ་ལྡན་འབྲས་སྤུངས་ཀྱི་འདུས་ཚོགས་གྲྭ་རིགས་སྦྱིན་བདག་དང་བཅས་པས་གོ་བར་བྱེད་པའི་ཡི་གེ་དང་ལྷོ་རྒྱུད་དང་གཙང་རྒྱུད་ཀྱི་དགོན་ཁག་འགའི་བཅའ་ཚེ།


GLG020_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སྭ ར སྭ སྟི བ གི ཤྭ རེ ན ནེ མ ས རྦྦཱ སྨི མངྒ ལཾ ཤེ ཡ ཁྲ ཡ ཙྪ། དབྱངས་ཅན་ངག་གི་དབང་ཕྱུག་གིས་དུས་ཐམས་ཅད་ལ་བཀྲ་ཤིས་དགེ་ལེགས་སྩོལ། །བཻ ཌཱུ ཪྻ ལ ཀྵྨི ར ཛ ཀཱུ ཊ ཀ ལཱ པྲ པ ཉྩཾ ནཱ སཾ ཁྱ སཱུ ཪྻ མྲྀ ག ནཱ ཡ ནི ཀཱ ཙི ཏེ ན། ཕུན་ཚོགས་བཻཌཱུར་རྡུལ་བརྩེགས་སྒྱུ་རྩལ་སྤྲོས། །གྲངས་མེད་རྟ་ལྗང་རི་དྭགས་མིག་ཅན་གྱིས། །ཨཱ ལེ ངྒཱི ཏཱ ན མ བྷི ཡ སྱ ཙ ཀཱ ཡ ཀཱ ལྱ སྭ དྡྷོ པ ལ ཤ ས ན སཱུ ཪྻ ཙ བ ནྡྷུ རི ཀྵཾ། །མངོན་པར་འཁྱུད་པས་གང་སྐུའི་ཆ་ཤས་ལ། །འགྲན་པའི་དཔེར་བསྟན་ཉི་མའི་གཉེན་དེས་སྐྱོངས། །དཔལ་སྟུག་བསྟན་པ་རྣམ་རྒྱལ་ཁང་བཟང་དུ། །དཔག་དཀའ་བློ་གྲོས་དབྱུ་གུའི་འཕྲུལ་གྱི་(༢ན)


GLG020_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སྒོས། །མདོ་རྒྱུད་བཟང་པོའི་ལེགས་བཤད་འཆི་མེད་རྔའི། །གྲགས་པ་སྲིད་གསུམ་སྒེག་མོའི་ཐོས་འཛིན་རྒྱན། །མཁྱེན་རབ་བཀྲ་ཤིས་རྟགས་ཀྱི་སྒྱུ་ཐབས་ལས། །མཁས་གྲུབ་གསེར་གྱི་འདབ་ཅན་ཚོགས་རྣམས་ཀྱི། །གསུང་རབ་ལུས་སྟོབས་སྙེམས་པ་འཕྲོག་མཛད་པའི། །དཔལ་ལྡན་མི་ཡི་སེང་གེ་སྤྱི་བོས་མཆོད། །ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་འདུས་ཚོགས་གྲྭ་རིགས་སྦྱིན་བདག་བཅས་པ་མཐའ་དག་གིས་ངེས་རྒྱུར། སྒོ་མང་བཀའ་བཅུ་བ་ངག་དབང་རྒྱ་མཚོ་དང་། སྔགས་པ་དགེ་ལེགས་ཕུན་ཚོགས་གཉིས་འོས་འདུ་མཐུན་ནང་དུ་གྲུབ་པ་བྱུང་བ་བཞིན་ཆོས་ཁྲིམས་པར་བསྐོ་བཞག་བགྱིས་པ་ཡིན་པས། ཉི་མའི་གཉེན་གྱི་རིང་ལུགས་ཀྱི་སྙིང་པོ་འདུལ་བའི་སྡེ་སྣོད་ལས་ཇི་ལྟར་འབྱུང་བ་བཞིན། ཤཱཀྱའི་དགེ་སྦྱོང་རྣམས་ཀྱིས་སྤང་བླང་གི་གནས་རྣམས་སོ་སོར་མ་འདྲེས་པར་ཡང་དག་པར་བསྒྲུབ་པ་དང་། ཆོས་ཁྲིམས་པས་ཀྱང་རང་འདོད་ཕྱོགས་ལྷུང་དང་ཉེ་འགྱངས་སྤངས་པའི་སྒོ་ནས་བཅའ་ཁྲིམས་དག་ལ་འབད་རྩོལ་ལྷུར་ལེན་བགྱིད་པ་ཅི་ནར་གལ་ཆེ། ཞེས་འཕགས་པའི་ཡུལ་དུ་པྲ་མ་ཏི་ཞེས་བརྗོད་(༢བ)


GLG020_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། གངས་ཅན་གྱི་ལྗོངས་འདིར་མྱོས་ལྡན་དུ་འབོད་པ་ས་མོ་ཡོས་ཀྱི་ལོ་ཐོས་ལྡན་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོའི་ཚེས་ལ་བྲིས། །ཕུལ་བྱུང་བྱམས་བརྩེའི་ལེགས་བྲིས་དཔུང་ཚོགས་དག་གིས་ཆུ་སྲིན་རྒྱལ་མཚན་བཅུད་བྲལ་སྡེ་བཅས་རྣམས། །ལེགས་བཅོམ་ཐབས་མཁས་བསོད་ནམས་སྟོབས་བཅུའི་འཁོར་ལོས་ལྷ་ལམ་བདེ་ཆེན་ངོས་སུ་རྟག་རྒྱུ་བའི། །ཕྱོགས་བྲལ་འགྲོ་བ་འཆི་མེད་རྣམས་ཀྱི་ཕན་བདེའི་གཉེན་གྱུར་ཟས་གཙང་སྲས་པོ་མིག་སྟོང་ཅན། །འདྲེན་མཆོག་ཁྱོད་ཀྱིས་དུས་ཀུན་དགེ་ཚོགས་བདུད་རྩིའི་དཔལ་གྱི་དགའ་སྟོན་འདོད་འཇོ་རྒྱས་པར་མཛོད། །ཕུན་ཚོགས་གནམ་བསྐོས་དབང་ཕྱོགས་རྒྱལ་པོ་ཡི། །བཀའ་ཁྲིམས་བཟང་པོའི་ལུང་གིས་ལྷའི་བླ་མར། །རབ་གྲགས་ཉི་མའི་གཉེན་གྱི་འཕྲིན་ལས་པ། །ཚངས་སྲས་བཞད་པའི་རྡོ་རྗེ་གང་དེའི་གཏམ། །ཁྲིམས་ལྡན་འདུས་གླིང་དབྱིག་འཛིན་གྱི་སྤོ་ལས་མངོན་པར་འཕགས་པའི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་སློབ་དཔོན་གྲྭ་རིགས་སྦྱིན་བདག་དང་བཅས་པ་རྣམས་ལ་ཟློ་བ། ཆོས་ཁྲིམས་གསེར་གྱི་ཤིང་རྟ་ཁ་ལོ་མངོན་པར་སྒྱུར་བའི་བྱེད་པོར། བློ་གསལ་གླིང་ནས་དགེ་སློང་དོན་གྲུབ་རྒྱ་མཚོ་དང་། བདེ་ཡངས་ནས་དགེ་སློང་ངག་དབང་བསོད་ནམས་གཉིས་འོས་འདུ་སྤྱི་མཐུན་དུ་འདུག་པ་ལྟར་བསྐོ་གཞག་བྱས་ཡོད་པས། ཁྱོད་གོང་འཁོད་རྣམས་ཀྱིས་སྟོན་པ་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་རྗེ་བཙུན་འཇམ་དཔལ་སྙིང་པོའི་རིང་ལུགས་དྲི་མ་མེད་པ་ལས་ལེགས་པར་བྱུང་བའི་འཁོར་ལོ་གསུམ་གྱི་བྱ་བ་མཐའ་དག་ཡར་ལྡན་དུ་འགྱུར་བའི་བླང་དོར་གྱི་གནས་རྣམས་ལ་བརྩོན་པ་ལྷུར་ལེན་དུ་བགྱིད་པ་གལ་ཆེ། ཞེས་(༣ན)


GLG020_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་འགྱུར་འཆང་དུ་བཱི་ར་ཞེས་གྲགས་པ། བསིལ་བའི་ལྗོངས་འདིར་དཔའ་བོར་འབོད་ཅིང་། ཤར་ཕྱོགས་རྒྱ་ནག་གི་རྒྱལ་ཁམས་སུ་དབང་ཐང་དང་བསྟུན་པ་ལྕགས་འབྲུག་ཧོར་གྱི་ཟླ་བ་དྲུག་པའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་ལ།ལོ ཀེ ནྡྲདཱ ཥྚཱ ཤི བ ས ལི ཀ སུ ནཱ སཱི རཱ ཧཱི དྲྭེ མཱ ཏུ ཪྻ ཤྱ མ རུ པ ཀ ཙ ཀ རྟི ཀྱཾ ། འཇིག་རྟེན་དབང་པོ་རྣ་བ་བརྒྱད་པ་གཙུག་ན་ཟླ་བ་པད་དཀར་མིག །གྲགས་པའི་མུ་ཁྱུད་མ་གཉིས་པ་དང་སྔོ་བསངས་ལུས་ཅན་ཀཪྟིཀ །ཏྲཻ བྷཱ བ ཀྱཱ སྨིཾ བ ལ ཀ བ ཧུ ཤི རེ པ ཏ ན ཡ སྶཽ ཁྱི ཤྲཱི དཱ ཡཾ སུ ག ཏ ས ཀ ལ ཀཱ ལེ ཛི ཏྲ། སྲིད་གསུམ་འདི་ན་དྲེགས་ལྡན་ཀུན་གྱི་སྤྱི་བོར་བགྲོད་བྱེད་ཉེར་འགོད་པ། །ཕན་དང་བདེ་བའི་དཔལ་སྟེར་རྣམ་འདྲེན་ཟས་གཙང་སྲས་པོ་དུས་ཀུན་རྒྱལ། །ཆོས་རྒྱལ་མེས་དབོན་བཀའ་དྲིན་ནོར་འཛིན་དབུས། །མཁན་ཆེན་ཞི་འཚོའི་སོ་ཐར་དཔག་བསམ་ལྗོན། །མཚོ་སྐྱེས་ཐེག་མཆོག་གང་བུའི་གཡུར་ཟ་ལྡེམ། །བྱེད་པོ་ལོ་པཎ་རྒྱལ་བློན་ཕྱག་གི་ཡུལ། །ས་ཧོར་རིགས་ཀྱི་མཁའ་ལས(༣བ)


GLG020_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་རིག་པའི། །འོད་སྟོང་བཀའ་གདམས་བསྟན་པའི་པདྨའི་ཚལ། །རྒྱས་ཚེ་འབྲོམ་སྟོན་རྗེ་སོགས་བྷྲ་མ་རཿ། །ཐེག་ཆེན་གླུ་དབྱངས་འགྲོ་འདིའི་ཕན་བདེའི་དཔྱིད། །འཇམ་མགོན་བློ་བཟང་མཁྱེན་པའི་གདོང་དྲུག་གིས། །ལེགས་བཤད་འབྲུག་སྒྲ་མངལ་འཛིན་མངོན་གྱུར་ཚེ། །ཤེས་རློམ་གླང་གདོང་ཚིག་གི་མཆེ་བ་ཀུན། །ཕྱུང་བའི་གྲགས་པ་སྲིད་འདིའི་རྣ་བའི་རྒྱན། །ཕུལ་བྱུང་བསོད་ནམས་རི་སྐྱེས་འཁོར་ལོ་ཡིས། །འཇིགས་བྲལ་ཆོས་ཀྱི་གླིང་བཞིར་མངའ་སྒྱུར་བ། །འཕྲིན་ལས་རྒྱ་མཚོའི་མཐའ་ཡང་དོག་པོར་མཛད། །ཟླ་བྲལ་བརྒྱུད་པར་བཅས་པ་རྒྱལ་འགྱུར་ཅིག །ཅེས་ཤིས་པ་བརྗོད་པའི་ཚིག་གི་འཕྲེང་བ་སྔོན་དུ་བཏང་ནས། ཚེ་རིང་གནམ་གྱི་ཤེ་མོང་ལ་བརྟེན་ནས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་དབང་ཕྱོགས་གོང་མ་རྒྱལ་པོའི་ལུང་གིས་རྡོ་རྗེ་འཆང་ལྷའི་བླ་མར་འབོད་ཅིང་། གནམ་གྱི་བུ་བོ་དོན་ཆ་མུར་གན་གྱི་རིགས་བརྒྱུད་ལས་སོན་པ་ཇིང་གིར་ཧོར་གྱི་རྒྱལ་པོའི་མངའ་འོག་ཡངས་པའི་ཆར། ཏཱ་ལའི་བླ་མ་བཛྲ་དྷ་ར་ཞེས་མིང་ཡོངས་སུ་གྲགས་པའི་གཏམ། སྡེ་དྲུག་གིས་ཐོག་དྲངས་པའི་ལྷོ་ཕྱོགས་ཀྱི་རྒྱུད་དུ་འཁོད་པའི་ཁྲིམས་ལྡན་འདུས་པའི་ཚོགས་རྣམས་ལ་ཟློ་བ། གྲངས་མེད་པའི་ལུས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བའི་དྲི་བསུང་དམ་པ་ཡུན་དུ་གནས་པ། ཀུན་མཁྱེན་སྟོབས་བཅུ་མངའ་བའི་བསྟན་པ་དྲི་མ་མེད་པ་དཔག་བསམ་གྱི་ལྗོན་པ་ཆེན་པོ་ལ་རག་ལུས་ཤིང་། དེའང་འདུས་པའི་ཚོགས་རྣམས་ཀྱིས་བགྱིད་པར་འོས་པའི་གནས་འཁོར་ལོ་གསུམ་གྱི་བྱ་བ་ཡང་དག་པར་བསྒྲུབ་པ་ལ་རག་ལུས་པས། ཀེ་ལ་ཤ་ཡི་ར་བས་ཡོངས་སུ་བསྐོར་བའི་ལྗོངས་འདིར། ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམ་པ་གསུམ་དང་། མཁན་སློབ་གཉིས་ལ་སོགས་པའི་ལོ་པཎ་རྣམས་ཀྱི་གཞལ་དུ་མེད་པའི་བཀའ་དྲིན་ལས། (༤ན)


GLG020_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་དབྱར་དུས་ཀྱི་ཆུ་གཏེར་བཞིན་ཆེས་ཆེར་རྒྱས་པར་མཛད་ཅིང་། ཁྱད་པར་དུའང་རྒྱལ་བའི་གསུང་རབ་མཐའ་དག་ལ་ཕྱོགས་སུ་ལྷུང་བ་མི་མངའ་བར་མདོ་སྔགས་ཀྱི་བསྟན་པའི་སྲོལ་མཐའ་དག་སྤེལ་བར་མཛད་པ་ལ་གཅིག་ཏུ་གཞོལ་པའི་ཁམས་གསུམ་ཀྱི་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་རྣམ་དཀར་གྱི་མཛད་པ་མཐའ་ཡས་པ་ལས། ལྷོ་ཕྱོགས་ཀྱི་རྒྱུད་དུ་བསྟན་པ་རིན་པོ་ཆེའི་བཙས་སུ་ལུང་གྲྭ་ཞེས། ཐལ་འགྱུར་བ་དང་རང་རྒྱུད་པའི་གྲུབ་མཐའི་གཞུང་ལུགས་རྣམས་ལ་དངོས་སྟོབས་ཀྱིས་རིགས་པའི་སྒོ་ནས་ལེགས་པར་གཏན་ལ་འབེབས་པའི་སྲོལ་དེང་སང་གི་བར་དུ་གནས་པའི་ཚོགས་དཔོན་དུ་དབུས་འགྱུར་འཆང་སོགས་འཕགས་ཡུལ་གྱི་མཁས་པ་ཀུན་གྱི་ཅོད་པན། ཡོངས་རྫོགས་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་ཆོས་ཀྱི་གདན་ཁྲི་ལ་མངོན་པར་འཛེགས་པའི་མཁན་ཆེན་བློ་བཟང་དགེ་ལེགས་རྒྱལ་མཚན་པར་མངའ་གསོལ་ཡོད་པས། ཁྱོད་གོང་འཁོད་མཐའ་དག་གིས་རྗེས་སུ་འཇུག་པ་རྣམས་ཀྱིས་བགྱིད་པར་འོས་པའི་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་བྱ་བ་སོགས་བླང་དོར་གྱི་གནས་ཀུན་ལ་བཀའ་གདམས་གསར་རྙིང་གི་རྣམ་པར་ཐར་བའི་སྲོལ་ལས་མི་གཡེལ་བའི་སྤང་བླང་འཛོལ་མེད་ཉེ་བར་འཛིན་པ། ཆེན་པོའི་གསུང་བཞིན་གྱིས་ཞེས་གོ་བར་བྱ་བའི་ཡི་གེ་ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་གྱི་ལོའི་དབྱངས་འཆར་བ་ཉིན་མོར་བྱེད་པ་གླང་གི་ཁྱིམ་དུ་ཞུགས་པའི་ཕྱོགས་སྔ་མའི་དགའ་བ་དང་པོའི་ཚེས་ལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་ལུགས་ཟུང་མཐའ་དག་སྒོ་འཕར་ཅིག་ཅར་འབྱེད་པ་དགའ་ལྡན་ཕོ་བྲང་ནས་བྲིས། །(༤བ)


GLG020_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཨ ནུ ཏྟ ར ཛྙ ན རུ པ པྲ ཀྲྀ ཏྱ བྷཱ བ ས དྡྷ དཱ ཤཻ རྦ ལ བ ཙྩ ནཱ ཐི ཀ །བླ་ན་མེད་པའི་ཡེ་ཤེས་རང་བཞིན་ལུས། །སྲིད་འདིར་གྲུབ་པའི་སྟོབས་བཅུ་མངའ་བའི་མགོན། །ཤྲི ཡ ཉྩ ཤཽ དྡྷོ ད ན ཀཱི རྟི གྷོ ཥ ཤ བྡ ཏ དྷཱ ཏ ནཱུ ནཱ ཉྩ བ ས ནྟ པོ ཥ ཏུ། །དཔལ་ལྡན་ཟས་གཙང་སྲས་ཀྱི་གྲགས་པའི་དབྱངས། །སྒྲ་འཛིན་ལུས་ཕྲའི་དཔྱིད་དུ་རྒྱས་གྱུར་ཅིག །རླུང་གི་རྒྱལ་མཚན་རབ་བཀྲའི་ལྡིང་ཁང་ནས། མཚམས་སྤྲིན་མི་ཡི་སྲིད་པའི་ལང་མཚོ་ལ། རྗེས་ཆགས་མཚན་དཔེའི་སྣང་བ་མི་ཟད་པའི། །འཇམ་མགོན་བཙོང་ཁ་པ་དེས་དགེ་བར་མཛོད། །གཟུགས་སྐུའི་ཟླ་སྣང་ཆ་ཤས་ཡོངས་རྫོགས་པར། །མཛེས་སྡུག་རི་དྭགས་ངོ་མཚར་དྲ་བའི་གར། །གསེར་མངལ་མཆེ་བའི་པིར་གྱིས་རབ་བྲིས་པའི། །དབྱངས་ཅན་ཚངས་པའི་སྲས་ཀྱི་དགེ་ལེགས་སྩོལ། །ཞེས་དབྱངས་ཅན་བདུན་གྱི་རང་བཞིན་མི་ཟད་པའི་འདོད་པ་འཇོ་བའི་རྒྱུད་ལས་ཉེ་བར་དྲངས་པའི་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས་གནམ་(༥ན)


GLG020_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྐོས་ས་ལ་སྤྱོད་པའི་ཚངས་པ་མིའི་གཟུགས་ཅན། རྒྱ་ནག་གོང་མའི་ལུང་གིས་ཀྭདིང་གུ་ཤྲཱི་ཞེས་ཆོས་ཀྱི་རྒྱལ་པོ་རྒྱལ་ཁམས་ཐམས་ཅད་ཀྱི་འདྲེན་པར་དབང་བསྐུར་བ་གང་གི་ཡི་གེ །འཕགས་མཆོག་རིགས་གསུམ་གྱི་མགོན་པོའི་ཟློས་གར་བོད་རྒྱལ་པོར་ཤར་བ་རྣམས་ཀྱི་བཀས་རུ་བཞིར་གྲགས་པའི་གཡས་རུ་གཙང་གི་ཆར། བསྐལ་བ་བཟང་པོ་འདིའི་འདྲེན་པའི་དབང་ཕྱུག་རྒྱལ་བ་བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེའི་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་པའི་ངམ་རིང་ཆོས་སྡེའི་འདུས་པ། དགོན་ཕྲན། སྦྱིན་བདག སྣེ་སླེབས་དང་བཅས་པ་མཐའ་དག་ལ་ཟློ་བ། ཆོས་སྡེའི་ཁྲི་ཐོག་ཏུ་སྔོན་གྱི་འཇིག་རྟེན་གྱི་མིག་གཅིག་བུ་རྣམས་ཀྱི་རྗེས་སུ་ཞུགས་པ། ཐུབ་བསྟན་ཡོངས་སུ་རྫོགས་པའི་རབ་འབྱམས་སྨྲ་བ་ལོ་ཙཱ་བ་ཚེ་བརྟན་རྒྱལ་མཚན། བསྟན་འཛིན་ཆོས་ཀྱི་རྒྱལ་པོ་མཆོད་ཡོན་ནས་བསྐོ་བཞག་མཛད་སོང་བ། ཁྱོད་གོང་འཁོད་རྣམས་ཀྱིས། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་སོགས་རབ་ཏུ་བྱུང་བས་བགྱིད་པར་འོས་པའི་གནས་ཐམས་ཅད་དང་ཁྱད་པར་རབ་འབྱམས་ཀྱི་གྲྭ་སྐོར། བསྟན་པ་རིན་པོ་ཆེའི་མིག་རྐྱེན་དུ་གང་འགྱུར་དགོས་པ། །གང་སར་མཁན་པོས་ཇི་ལྟར་མནོས་པ་ལས་མི་གཡོ་བ་བྱེད་དགོས། ཞེས་འཕགས་ཡུལ་བ་བྷུ་པཱ་ལར་འབོད་པ། ཕྱོགས་འདིར་ས་སྐྱོང་དུ་གྲགས་ཤིང་། རྒྱ་ནག་པ་ཡི་ཡིའུར་བརྗོད་པ། ལྗོངས་འདིའི་སྐད་དུ་ཤིང་མོ་བྱ་ལོ། །ཧོར་གྱི་ཟླ་བ་དྲུག་པའི་དམར་ཕྱོགས་ཀྱི་དགའ་བ་དང་པོ། །དུས་འཁོར་བ་ཡ་ཎའི་དབྱངས་ལ་དང་གསལ་བྱེད་ཊཾ་འཆར་ཞིང་། ཁམས། ས། སྙིང་སྟོབས་ཀྱི་མུན་པ་འཇུག་པའི་ཆུང་ངུའི་བུ་མོ་དང་དབྱངས་འཆར་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ། །ཨཱ་དང་ཀ །ཁམས་ས་དང་འདོད་ཡོན་དྲིའི་ཆར་ཆེ་དགའ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ནས་བྲིས། །(༥བ)


GLG020_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

མེ ཡ ཛྙཱ ས རྦྦ ཨ ཀྵ ཡ ྉྥ ལ ཙཱ མ ཏ ཀཿ སུ ཁོ མ ཧཱ། །ཤེས་བྱ་ཐམས་ཅད་མཁྱེན་པའི་བདུད་རྩི་ལ། །སྤྱོད་པའི་མི་ཟད་འབྲས་བུ་བདེ་བ་ཆེ། །ད ཤ བ ལ ཀུ བུ ར སྐྲྀ ཏཿ ས དེ བེ ཀྚཱ ཀུ བ རཱ ཎ དེ ཤ ཧཱ། །སྟོབས་བཅུའི་འཆི་བ་མེད་པའི་འདུན་ས་སྟེ། །བུ་རམ་ཤིང་པ་མིག་སྟོང་ཅན་གྱི་ཡུལ། །ཤྭ ཪྻ པ དྨ ཧྲི ད ཡཾ ར སོ དྷ རྨཱ ཧཱ ཨ སྃ ཁྱ ཤྩ མ དྷ རྐ ར ཎྜ། མཚར་དུ་དངར་བའི་པདྨའི་སྙིང་པོའི་བཅུད། །གྲངས་མེད་ཆོས་ཕུང་སྦྲང་རྩིའི་ཟ་མ་ཏོག །གྷ རྦྷ པྲ པུ ཥྚི ཉྩ སུ ཁཱི ཡ ཛེ ཏཿ ཤཽ དྡྷཽ ད ནཤྲེ ཡ ཀུ རུ ཀོ རུཿ ཀ རོ ཧཱ། །འགྲོ་འདིའི་ཕན་བདེའི་དཔྱིད་དུ་རབ་རྒྱས་པའི། །བྱེད་པོ་ཟས་གཙང་སྲས་ཀྱིས་དགེ་ལེགས་མཛོད། །

ཆོས་འཁོར་རྒྱལ་གྱི་ཁྲིམས་ལྡན་འདུས་སྡེ་རྣམས་ཀྱི་ཁྲིམས་སུ་བཅའ་བའི་རིམ་པ།


GLG020_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བི མ ལ ཤི ལ བ ཀུ ལ བ ཀྟྲ སྟཱི ཤཽ ཙི ཀ མ ཏྱ ཨུ དྒྷ ཎ ན ། །དྲི་མེད་ཚུལ་ཁྲིམས་བ་ཀཱུ་ལ་ཡི་ཁ། །ཚངས་སྤྱོད་མཛེས་མའི་ཆང་གིས་ལེགས་ཕྱེ་བའི། །བྷོ ཊེ ཥ ཛི ཤཱ ས ར ཐ ཤི ར དྭི ཛི པཱ ད ཛྙ ས རྦྦ ཤ བ ར ཀྵི ཏ། །གངས་རིའི་ལྗོངས་འདིའི་ཐུབ་བསྟན་ཤིང་རྟ་པ། །ཀུན་མཁྱེན་ཞི་འཚོའི་ཞབས་ཟུང་གཙུག་ན་རྒྱལ། །དེ་ཡི་རིགས་ལས་སྡོམ་གསུམ་ལུས་སྟོབས་རྒྱས། །མང་ཐོས་རིན་ཆེན་གསེར་གྱི་རྒྱན་འཆང་ཞིང་། །མྱང་འདས་འགུགས་བྱེད་བྱང་ཆུབ་སེམས་ཀྱི་སྣ། །རིང་པོར་རྐྱོང་མཛད་དཱི་པཾ་ཀ་རར་འདུད། །རིང་མོ་ཉིད་ནས་གྲུབ་པའི་ཡོན་ཏན་མ་ལ་ཡ་ཡི་དྲི་བསུང་གིས། །རྨོངས་པའི་བློ་ངན་འཐིབས་པོ་ཀུན་འཇོམས་ཤེས་རབ་ཆེས་ཆེར་རབ་ཏུ་གསལ། །མཛད་བཟང་ལོོ་འདབ་སྟུག་པོའི་ཁུར་ལྡན་གྲགས་སྙན་སྲིད་འདིའི་རྣ་བར་མཛེས། །དུས་གསུམ་རྒྱལ་བ་བཙོང་ཁ་པ་ཞེས་ཀུན་གྱི་རལ་པའི་བླ་ན་མཐོ། །དགེ་ལེགས་གསེར་མངལ་ཅན་གྱི་ཐོད་ཡངས་ལས། །རྣམ་དཔྱོད་གངྒཱའི་ཆུ་ཀླུང་རྟག་འབབ་པ། །འཆད་རྩོད་རྩོམ་ལ་འདུན་པའི་བགྲོད་པ་ཡིས། །ལེགས་བཤད་རྒྱ་མཚོར་འཇུག་ལ་རིངས་པར་བྲེལ། །མཐའ་(༦བ)


GLG020_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཆོས་ཚུལ་མེས་པོའི་ཐོད་ཡངས་ལས། །བྱ་བ་ལས་ཀྱི་འཁོར་ལོའི་ཉལ་འགྲོ་ཡིས། །རྒྱལ་བསྟན་འཇུག་པ་བཅུ་པའི་ཞབས་བསིལ་དུ། །རྣམ་པར་སྦྲེང་བའི་ཁྲིམས་ལྡན་འདུས་པའི་སྡེ། །འཇུག་དང་འཇུག་བྱ་མ་ཡིན་ཕྲ་རགས་ཀྱི། །བླང་དང་དོར་བྱ་ཉམས་སུ་བསྟར་བའི་ཚུལ། །གསལ་བྱེད་ཡི་གེའི་འཕྲེང་བར་སྤེལ་བྱེད་ན། །ཀུན་གྱི་སྒྲ་འཛིན་ལུས་ཕྲའི་འགྲམ་པར་ཆོངས། །དེའང་བསྐལ་པ་བཟང་པོ་འདི་ཉིད་ལ་གྲགས་ཅན་གྱི་རྣམ་འདྲེན་སྟོང་བྱོན་པ་རྣམས་ཀྱི་ནང་ནས། །སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་མ་སྨད་པར་གྱོན་པའི་རྒྱལ་བ་ཟས་གཙང་གི་སྲས་པོའི་བསྟན་པ་ནི། །ཇི་ལྟར་རྫིང་བུ་བརྒྱ་ཕྲག་ལ་ཟླ་བའི་གཟུགས་བརྙན་སོ་སོར་འཆར་བ་བཞིན་འདུལ་བྱའི་ལས་དང་བསྐལ་བའི་དབང་གིས་མཐའ་ཀླས་ནའང་། །ཡོངས་སུ་གྲགས་པར་བོད་གངས་རིས་བསྐོར་བའི་ལྗོངས་འདིར་ཆོས་ཀྱི་རྒྱལ་པོ་མེས་དབོན་དང་མཁན་སློབ་སོགས་པཎ་གྲུབ་རིམ་པར་བྱོན་པ་རྣམས་ཀྱི་བཀའ་དྲིན་ལས། བསྟན་པ་རིན་པོ་ཆེ་སྔ་ཕྱིར་དར་ཞིང་། དེ་དག་གི་ཡང་སྙིང་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་དྲི་མ་མེད་པའི་རིང་ལུགས་ལ་ཕྱིའི་ཀུན་སྤྱོད་བསྟན་པའི་རྩ་བ་སོ་སོར་ཐར་པ་ཉིད་གཙོ་བོར་མཛད་པའི་ཕྱག་ལེན་མཆིས་པ་ལྟར། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དབྱངས་ཅན་བཞད་པའི་རྡོ་རྗེས། རྗེ་བླ་མའི་འཕྲིན་ལས་སྤེལ་བའི་ཆེད་དུ། དུས་གསུམ་མཁྱེན་པ་པདྨ་ཀ་ར་དང་། གླེགས་བམ་རིན་པོ་ཆེ་སོགས་ནས་ལུང་གིས་ཟིན་པའི་སྤྲུལ་པའི་གནས་ཆེན་སྦས་ཡུལ་དཀར་མོ་ལྗོངས་སུ་རྟེན་དང་བརྟེན་པར་བཅས་པའི་སྡེ་ཆེན་པོར་གནས་པའི་འཚངས་པར་སྤྱོད་པ་པོ་རྣམས་ཀྱིས་ལག་ཏུ་བླང་བར་བྱ་བ་འདི་ལྟར་རོ། །དེའང་ཡུལ་ཕྱོགས་གཞན་དུ་རབ་ཏུ་བྱུང་བའི་སྡོམ་པ་ནོས་ཟིན་པ་མིན་པ་རྣམས་འདིར་བཞུགས་ནས་ཟླ་བ་གཅིག་ལས་མི་འགྱང་པར་བར་མ་རབ་བྱུང་ཡན་ཇི་ལྟར་འོས་པ་སྒྲུབ་དགོས་ཤིང་། །དེ་གའི་དགེ་རྒན་ངོ་ཤེས་སོགས་ཁུར་འཁྲིས་ཀྱིས་རྟིང་སྐུལ་དང་། ཟླ་གཅིག་རྫོགས་པར་ཉེ་ཚེ་ལེགས་བཤད་གླིང་གི་ཆོས་ཁྲིམས་སོགས་ཀྱིས་རྒྱུ་མཚན་བསྐུལ་མ་བྱེད། །བསྐུལ་མ་བྱས་ནས་ཀྱང་ཟླ་དུས་ལས་འདས་ཚེ། གཙུག་ལག་ཁང་དུ་སྙན་དར་དཀར་མེ། སློབ་དཔོན་པར་སྣེལ་པོ་གསུམ་ཚན་(༧ན)


GLG020_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བསྣེལ་མོ་བསྣེལ་ཚན་ཐོབ་པ་རྣམས་ལ་དར་ཁ་རེ། ཚོགས་སུ་བརྒྱ་ཕྱག་འཚལ། རབ་འབྱུང་གི་ཉེར་སྤྱད་རྡུལ་གཟན་ཤམ་ཐབས་གདིང་བ་ལྷུང་བཟེད་སོགས་ཟླ་ཁོངས་སུ་མ་འགྲིག་པ་རྣམས་ཀྱིས་ཀྱང་གཡར་པོ་ཚུན་གྱིས་དགེ་འདུན་སྤྱི་མཚུངས་བྱེད་དགོས་ཤིང་རང་རང་གིས་བླངས་པའི་སྡོམ་པའི་ངོ་སྐལ་གྱི་སྤང་བྱ་ཕྲ་རགས་ཀུན་བློས་འཆུན་པ་རྣམས་ཀྱིས་བསླབ་བྱའི་ཡི་གེ་རྣམས་ལ་ཞིབ་ཏུ་བལྟ་ཞིང་། བློ་དམན་རྣམས་ཀྱིས་ཀྱང་གནས་ཀྱི་སློབ་དཔོན་བསྟན་པ་དང་རང་ལས་བསླབ་པ་རྒན་པའི་རབ་བྱུང་རྣམས་ཀྱིས་ཇི་ལྟར་བསླབ་པའི་ཚུལ་ལ་དཔེར་འཛིན། དགེ་འདུན་དུ་ལོངས་པ་ལ་ཆོས་གོས་གསུམ་དང་ལྷུང་བཟེད་ལྟ་བུའི་རྙེད་པ་སྤྱི་ལ་བྱུང་ན་ཡོ་བྱད་དེ་དག་མེད་ཅིང་བསྒྲུབ་པའི་ལོངས་སྤྱོད་དང་ལྡན་མི་ལྡན་བརྟགས་ནས་དགེ་སྐོས་ཀྱིས་སྟེར། དགེ་འདུན་རྣམས་ཀུན་དགའ་ར་བར་འདུ་བའི་བརྡ་གཎྜི་སོགས་དང་བསྟུན་ཏེ་གཞན་མི་དད་པའི་སྤྱོད་ལམ་སྤངས་ཏེ། དགེ་སློང་རྣམས་བླ་གོས་དང་། དེ་ཕྱིན་ཆད་ཀྱང་ཞྭ། ཟླ་གམ་གདིང་བ་སོགས་འཆང་དགོས་ཤིང་། ཚོགས་སུ་ལོང་གཏམ་སྨྲ་བ། གཉིད་ལོག་པ་མཆིལ་སྣབས་གོས་ཀྱིས་མ་བཀབ་པར་འདོར་བ། བཟའ་བཏུང་གི་ཚེ་ཅག་ཧུབ་ཀྱི་སྒྲ་འབྱིན་པ། ལྷུང་བཟེད་རྩི་མེད་དང་། ཇ་ཕོར་སྤྱི་དང་མི་མཐུན་པ་སོགས་མི་བྱེད། ཚར་དུས་མཆོད་འགྱེད་སོགས་སྦྱིན་བདག་དང་སྣེ་མོ་བས་འོས་མི་འོས་བལྟས་ནས་གཏོང་བ་ལས་དགོས་མེད་ཀྱི་རྩད་པ་མི་གཏོང་། རྒྱལ་གཉེར་པའི་ཟླ་བོ་དང་གཡོག་ནང་གཟན་གྱི་རིགས་དགོན་པར་རྒྱུན་སྡོད་ཡིན་ན་མ་གཏོགས་འོལ་དྭགས་སོགས་གཞིས་ཡས་མས་ལ་སྡོད་མི་ལ་མི་གཏོང་། རྒྱུན་སྡོད་བྱེད་མི་ཡིན་ཀྱང་ཕྱོགས་ལ་སོང་ན་སྐལ་བ་མི་གཏོང་། ཚོགས་སྐལ་ལེན་པར་དངོས་སུ་ཡོང་བ་རྣམས་ཀྱིས་རབ་བྱུང་གི་རྟགས་མ་ཚང་བ་དང་ཕུ་ཐུང་གྱོན་པ་སོགས་མི་བྱེད། སྒྲུབ་མཆོད་དུས་གཏོར་སོགས་ཀྱི་ནང་མཆོད་དང་། གཙུག་ལག་ཁང་སོགས་ཀྱི་ཞིག་གསོས་ཨར་པོའི་སྐབས་ལྟ་བུའི་དམིགས་བསལ་མ་གཏོགས། དགོན་པའི་ནང་དུ་ཆང་གི་འགྲིམ་འགྲུལ་མི་བྱེད་ཅིང་། གནས་མཇལ་བ་དང་དགེ་འདུན་ལ་བསྙེན་བཀུར་དུ་འོངས་པའི་བུད་མེད་ལ་ཞག་སྡོད་ཀྱི་གནང་བ་མི་སྟེར་ཞིང་། དེ་ལས་གཞན་པའི་བུད་མེད་དགོན་པའི་ནང་དུ་མི་གཏོང་། (༧བ)


GLG020_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པའི་ནང་དུ་འཐབ་རྩོད་ཀྱི་གྲི་བཏོན་ཚེ། ཚོགས་ཆེ་ཆུང་དང་བསྟུན་པའི་མང་ཇ། ཐུག་དར་ལྕོག །གཙུག་ལག་ཁང་དུ་དཀར་མེ། རྗེ་བཙུན་བྱམས་པ་ལ་སྙན་དར། དུང་དར། བླ་མ་ལ་སུམ་ཚན། སྣེ་མོ་བ་རྣམས་ལ་རྣམ་གཞག་བྱེད། དེས་མཚོན་ཏེ་རྩ་བ་བཞི་དང་འགལ་བའི་གནས་ནས་དབྱུང་གི་འོས་རྣམས་ལ་ཆད་ལས་གོང་ལྟར་དང་། དམིགས་བསལ་མ་རྩ་སྟོངས་པའི་ལོག་དགོས་རྣམས་ཀྱང་ཆད་པ་གོང་གི་སྟེང་དུ་ཚ་ར་གཏོང་། ཚོགས་འགྲིམ་རབ་བྱུང་གིས་ཨར་ཇག་རྡུང་འཕྲོག་བྱས་ན་ཆད་པ་གོང་ལྟར་རམ་གནས་དབྱུང་གང་འོས་བླ་མ་དགེ་སྐོས་སོགས་ཀྱིས་བྱེད། གླིང་ཁྲོད་དུ་དགོས་མེད་ཀྱི་ཀུ་ཅོ་སྐད་རྒྱང་འབོད་པ། རྒྱུ་མཚན་མེད་པར་རྟ་ཞོན་པ། གོས་སྐུ་འགྲེམ་པ་སོགས་ལ་རྩེད་མོའི་དབང་དུ་བཏང་ནས་འཐེན་སྐོར་ཆུད་ཟོས་བྱེད་པ། རབ་བྱུང་ཚོགས་འགྲིམ་ཡིན་བཞིན་དུ། ཁམས་མ་སྙོམས་པ་དང་དགོས་པ་དམིགས་བསལ་མེད་པར་འབོག་ཐོ་དང་ཕུ་ཐུང་གོན་པ། གཟན་ཤམ་མེད་པར་འགྲོ་བ་སོགས་དགེ་འདུན་སྤྱིའི་མིག་ལྟོས་བཤས་པ་བྱས་ན་གཙུག་ལག་ཁང་དུ་དཀར་མེ་སྙན་དར་འབུལ། ཐོ་བཙུན་དང་དད་བཙུན་སུ་ཡིན་ཡང་དགོན་པར་ཐོག་མར་བསྡད་པ་ནས་བཟུང་། ཟླ་བ་དྲུག་ཐོག་ལ་སྐྱབས་འགྲོ་ནས་བཟུང་སྟེ་ཆོས་སྤྱོད་ཚོགས་འདོན་གྱི་རྒྱུགས་དང་། དེ་ནས་རིམ་གྱིས་གསང་བདེ་འཇིགས་གསུམ་གྱི་མངོན་དཀྱིལ་བསྐང་གསོ་སོགས་གང་འཚམ་བལྟས་པའི་རྒྱུགས་ལེན་བྱེད། ཚོགས་འདོན་ལ་སྐྱབས་འགྲོ་སེམས་སྐྱེད། ལྟུང་བཤགས་གནས་བཅུ་ཕྱག་མཆོད། གཞུང་ཆེ་བ་གཉིས། ཇ་དང་པོ་སོང་ནས་ས་གསུམ་མ། ལམ་གཉིས། མཁན་བརྒྱུད་ཀྱི་གསོལ་འདེབས་སོགས་དང་། སྦྱིན་བདག་གི་རིམ་གྲོའི་མདོ་སྒྲུབ་ཚེེ་གཟུངས་སོགས་སྐབས་དང་སྦྱོར། གོང་གི་སྒྲིགས་འགལ་དང་ཆད་ལས་གནས་དབྱུང་སོགས་བྱེད་དགོས་ལ། གཞན་གྱིས་ངན་རྒྱབ་བྱས་པ་བྱུང་ན་ཅིག་ཤོས་ཀྱི་ཉེས་ཆད་གང་འཐོབ་དེ་ག་ཁུར་དགོས་ཤིང་། ངོས་མི་ལེན་ཚེ་ཚོགས་པའི་དབུས་སུ་དག་འདོན་བྱེད། བླ་མ་ཆོསཁྲིམས་སོགས་སྣེ་མོ་བས་ཉེ་འགྱང་སྤངས་པའི་ངོས་ནས་སྒྲིགས་མནན་པ་ལ། འཕྲལ་དུ་རྒྱབ་གཉེར་གང་དགོས་གཉེར་པས་བྱེད་དགོས་ཤིང་། མདོར་ན་བསྟན་སྲུང་ཆོས་སྐྱོང་རྣམས་ཀྱིས་གཡེལ་བ་མེད་པར་ལེགས་(༨ན)
ཉེས་སོ་སོར་འབྱེད་པར་མཛོད་ཅིག་ཅེས་ཆོས་འཁོར་རྒྱལ་གྱི་ཁྲིམས་ལྡན་འདུས་སྡེ་རྣམས་ཀྱི་ཁྲིམས་སུ་བཅའ་བ་ལག་ཏུ་བླང་བ་འདིའང་། ས་སྐྱོང་ཞེས་པ་ཤིང་བྱ་ཆུ་ཤེལ་གྱི་དབང་པོ་སྣོན་གྱི་ཉ་བའི་ཕྱོགས་སྔ་མའི་དགའ་བ་དང་པོའི་ཚེས་ལ་དགའ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ནས་བྲིས། །

རི་ཁྲོད་དགའ་ལྡན་པའི་སྤྱི་ཁྲིམས་ཀྱི་བཅའ་ཚེ་ཤེལ་དཀར་མེ་ལོང་།


GLG020_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ ཛ ཡ ཏྲི གུ བྷ དྷཱ ན བ ད ཧ ྈྐ ར ཎྜ དྷཱ ར། །རྒྱལ་བ་ཀུན་གྱི་གསང་གསུམ་ནོར། །མཁྱེན་པའི་ཟ་མ་ཏོག་འཆང་བའི། །བྷ དྲ དྷི ཡ ཤ སྱ གྷོ ཥ དཱ ཤ དི ཀྩ ལཱ ཡ ན མྱ།བློ་གྲོས་བཟང་པོའི་གྲགས་པའི་དབྱངས། །ཕྱོགས་བཅུར་གཡོ་བ་དེ་ལ་འདུད། །བསོད་ནམས་ཡེ་ཤེས་ཆུ་གཏེར་ཆེན་པོ་རླབས་ཆེན་སྤྱོད་པའི་ས་འཛིན་དབང་པོས་བསྲུབས་པ་ལས། །བླ་ན་མེད་པའི་ཡེ་ཤེས་ཉིན་བྱེད་བཟང་པོའི་བསྐལ་པ་དབང་ཕྱོགས་གྱེན་འཕྱུར་རྩེ་རུ་སོན་པས་སྲིད་འདིར་རྨོངས་པའི་མུན་པ་མ་ལུས་དྲུང་ནས་རབ་འབྱིན་ཕན་བདེའི་པད་ཚལ་ཡོངས་འཕེལ་ཞིང་། མངོན་མཐོ་ངེས་ལེགས་སྦྲང་རྩི་སྦྱིན་མཁས་ཟས་གཙང་སྲས་པོ་སྙན་པའི་གྲགས་འབར་གང་དེ་རྒྱལ། །མཐའ་གཉིས་ཡོངས་བྲལ་ཡང་དག་ལྟ་བ་ཀླུ་དབང་གཙུག་གི་ནོར་བུ་མཆོག །(༨བ)


GLG020_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་སྒྲུབ་མདའ་ལྟར་དྲང་པོར་བསྟན་པས་བདག་ཏུ་འཛིན་པའི་རྩ་བ་གཅོད། །འཕགས་ཆེན་རྒྱལ་སྲས་རྣམས་ཀྱི་སྤྱོད་ཚུལ་ཐོགས་པ་མེད་པར་གདུལ་བྱ་ལ། །བཤད་ལས་ཡང་དག་ལམ་ལ་བཀྲི་མཁས་ཤིང་རྟ་ཆེན་པོ་རྗེས་འབྲང་རྒྱལ། །ཞི་བ་མྱང་འདས་སྟོན་པའི་གསུང་རབ་སྡེ་སྣོད་གསུམ་གྱི་མཆོག་གྱུར་པ། །བསྟན་དང་པ་སྟོན་གཉིས་ཀ་ཀུན་འདུས་འདུལ་བའི་གཞུང་ལུགས་ཐུབ་བསྟན་སྲོག །འཚོ་མཛད་མཁན་ཆེན་སྙན་པའི་གྲགས་པ་གདུགས་དཀར་ནོར་བུའི་ཡུ་བ་ཅན། །སྲིད་རྩེའི་བར་དུ་ལན་བརྒྱར་འཁོར་བས་རྒྱལ་བསྟན་ལུས་ཕྲ་འཛུམ་གྱིས་བསུ། །ལེགས་བྱས་གཟུགས་བརྙན་སྟོང་ཕྲག་འཆར་བའི་རྒྱལ་བའི་ཆོས་ཚུལ་ཨཱ་དཪྴ། །ལོག་རྟོག་ར་རིའི་དྲི་མས་སྦགས་པ་ཀུན། ལེགས་པར་བསལ་བའི་བྱེད་པོ་མཆོག་ཨ་ཏི་ཤ་ཞེས་གནས་ལྔ་རིག་པ་ཀུན་གྱི་གཙུག་གྱུར་རིང་ལུགས་གང་། །འཛིན་མཁས་འབྲོམ་སྟོན་ཆོས་ཀྱི་རྒྱལ་པོ་བརྒྱུད་པར་བཅས་པའི་བཀའ་གདམས་རྒྱལ། །དབང་བརྟུལ་ཚོགས་པའི་གཏམ་གྱི་སྦྱོར་བས་རང་དང་རིས་མཐུན་དགའ་སྐྱེད་པར། །མཚར་དུ་འཛིན་པའི་སྤྱོད་ཚུལ་རིང་དོར་འཆད་བརྩོད་རྩོམ་པའི་སྲ་བའི་གཞུ། །འགུགས་མཁས་རིན་བཟང་རྔོག་ལོ་ས་པཎ་ཤོང་དཔང་བུ་དང་སྟག་ཚང་པ། །ཆོས་སྐྱོང་བཟང་སོགས་གྲགས་པ་དོན་ལྡན་མཁས་པའི་ཚོགས་རྣམས་ཕྱག་གི་ཡུལ། བུ་རམ་ཤིང་པའི་དྲི་མེད་རིང་ལུགས་ལུང་རྟོགས་ཁུར་གྱིས་རབ་ལྕི་བ། །སྔོན་རབས་རྒན་པོའི་ལོག་རྟོག་གཏམ་གྱི་རྒྱ་མཚོར་བྱིངས་ལ་མངོན་ཕྱོགས་ཚེ། །ཤེས་བྱ་ཐམས་ཅད་གཟིགས་པའི་རྣམ་དཔྱོད་རུས་སྦལ་ཁུར་གྱིས་འདེགས་མཛད་པ། །མཁས་གྲུབ་འཆི་མེད་ཡོངས་ཀྱི་ཁྱུ་མཆོག་བློ་བཟང་གྲགས་པ་པད་དཀར་མིག །སྟོབས་བཅུའི་ལང་ཚོ་བདེ་བའི་མཐོ་རིས་བདག་པོའི་ལྡིང་ཁང་ནས། །མ་སྨད་གཞན་ཕན་སྙིང་སྟོབས་དབང་པོའི་གཞུ་ཡི་ཐེམ་སྐས་ལས། །བདེ་བར་བབས་པའི་འཇམ་མགོན་མི་ཡི་སྲིད་པའི་གར་མཁན་ཅན། །ངག་གི་རྒྱལ་པོ་གྲུབ་པའི་དབང་ཕྱུག་ཀུན་མཁྱེན་བཙོང་ཁ་པ། སྡེ་སྣོད་ཀུན་འཆད་དེ་དོན་སྒྲུབ་པའི་ཚུལ། །ཚུལ་བཞིན་རྣམ་པར་དཔྱོད་པའི་བློ་གྲོས་མཆོག །མཆོག་ཏུ་རྒྱས་པའི་བསྐལ་བཟང་སྩོལ་མཛདཔ། །པ་སངས་ལྟ་བུར་དཀར་བའི་གྲགས་པ་གསལ། །འགྲིག་འགྲིག་མཁས་པས་བཤད་ཚེ་གོ་(༩ན)


GLG020_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སླ་ཡང་། །མང་མང་ཚིག་གིས་བླུན་པོ་མགོ་བོ་འཁོར། །སྙན་སྙན་མཁས་གྲུབ་འདོད་ཀྱང་སྐྱེ་བོ་ཀུན། །ཡང་ཡང་ཐོས་བསམ་སྒོམ་ལ་སྒྱིད་པ་བསྐྱུར། །ཚིག་གི་འཁར་བ་མེད་ན་ན་ཚོད་དག །མཐོན་པོར་ལོན་ཀྱང་དོན་མེད་མེད་མཐར་གྲོལ། །དལ་འབྱོར་སྙིང་པོ་འདོད་ན་ཚེ་སྟོད་ལ། །མང་དུ་ཐོས་པའི་རྣ་ལུང་ལུང་བཞིན་ལོང་། །མཐའ་མེད་ཤེས་བྱ་ལུས་ཕྲ་ཁེངས་ཅན་མ། །ཇི་ཙམ་རྟོགས་ཀྱང་ཚད་དུ་གཞལ་དཀའ་བ། །བློ་གྲོས་ཟུར་མིག་གཅིག་གིས་འགུགས་ནུས་པའི། །འཇམ་དཔལ་སྙིང་པོའི་རིང་ལུགས་འདི་རྨད་བྱུང་། །དྲི་བཞོན་བསེར་བུས་བསྐྱོད་ཚེ་མ་ལ་ཡའི། །རྐང་འཐུང་ལས་འོངས་ཚར་དུ་དངར་བའི་དྲི། །འདོད་ལྡན་སྐྱེ་བར་བདེ་བ་སྟེར་བ་ལ། །ངལ་བ་མེད་པར་རང་གི་ངང་ཚུལ་ཡིན། །ལས་ཉོན་ཐགས་སུ་་བྱས་པའི་ཟ་འོག་གོས། །འཕྲལ་རྐྱེན་མདངས་ཀྱིས་བསྒྱུར་བའི་སྣ་ཚོགས་མདོག །ཇི་ཙམ་ལོངས་སུ་སྤྱད་ཀྱང་མི་འཛད་པ། །སླུ་མེད་རྒྱུ་དང་འབྲས་བུའི་རང་བཞིན་མཚར། །ཐོས་བསམ་བསྒོམ་པར་བགྱིས་པའི་ས་བོན་ལས། །ཀུན་མཁྱེན་ཡེ་ཤེས་དབྱར་སྐྱེས་མྱུ་གུ་ཡིས། །དོན་གཉིས་འབྲས་བུ་སྟེར་བའི་ཐབས་ཚུལ་གྱི། །ལག་ཏུ་བླང་བདེའི་དེབ་ཐེར་འདི་ནའོ། །ཞེས་སྙན་ཚིག་གིས་ཤིས་པ་བརྗོད་པས་སྡུན་བསུས་ཏེ། སྐབས་སུ་གླེང་བར་འོས་པ་གཏམ་དུ་བྱ་བ་ནི། འོ་སྐོལ་གྱི་རྣམ་འདྲེན་དམ་པ། སྙིགས་མ་ལྔ་ཆེས་ཆེར་བདོ་བའི་ཚེ། སྙིང་སྟོབས་ཆེན་པོའི་གོ་ཆ་མ་སྨད་པར་གྱོན་པའི་རྒྱལ་པོ་ཟས་གཙང་གི་སྲས་པོ་ཞེས་པད་དཀར་ལྟ་བུར་བསྔགས་པའི་ཡུལ་དུ་གྱུར་བ་འདི་ཉིད་ཀྱི་བསྟན་པ་རིན་པོ་ཆེའི་ལུས་ཅན་ཡོངས་ཀྱི་ཕན་དང་བདེ་བའི་རྩ་ལག་ཡིན་ལ། །དེའང་མཁས་མཆོག་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར། མང་དུ་ཐོས་པར་བྱ་བ་ལུང་གི་བསྟན་པ་དང་། དེ་དོན་ཚུལ་བཞིན་ཉམས་སུ་བསྟར་བ་རྟོགས་པའི་བསྟན་པ་གཉིས་(༩བ)


GLG020_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཡང་དག་པའི་ལམ་རྒྱུད་ལ་སྐྱེ་བ་ལ་ཐོག་མར་དེ་སྟོན་བྱེད་ཀྱི་ལུང་སྡེ་སྣོད་གཙུག་ལག་གི་ཡོན་ཏན་ལ་དཔྱད་པ་གསུམ་གྱིས་དག་པའི་རིགས་པས་ངེས་པ་འདྲེན་ནུས་པ་ཞིག་དགོས་པས། མདོ་སྡེ་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། ཞེས་པ་ལྟར། གོ་རིམ་མ་འཁྲུལ་བ་ཞིག་གཙོ་བོར་གདའ་བས། གྲུབ་སྡེ་འདིར་སྡོད་མི་རྣམས་ཀྱང་། ཐོག་མར་གསུང་རབ་ལ་སྦྱངས་ཤིང་དོན་ཅུང་ཟད་བློ་ངེས་པ་ཞིག་མེད་དུ་མི་རུང་བའི་ཕྱིར་ཐོས་བསམ་གང་ཡང་མ་མྱོང་བའི་སྒོམ་པར་རློམ་པ་འགའ་བུག་སྒོ་འདམ་སྦྱར་བྱས་ཀྱང་འཕྱི་བ་དང་ཁྱད་མེད་ཅིང་། སྤྱིར་སྔོན་གྱི་མཁས་གྲུབ་མང་པོ་དང་། ཁྱད་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་བཙོང་ཁ་པའི་ལུགས་འདི་ལ། རིགས་པའི་དབང་ཕྱུག་གིས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བ། །རྗེས་སུ་དཔོག་པ་གང་ཡིན་པ། །ཞེས་པ་ལྟར། རྒྱུ་ཚང་བ་ལས་འབྲས་བུ་སྐྱེ་དགོས་པས། གཅིག་ཤེས་ཀུན་གྲོལ་དང་དཀར་པོ་ཚིག་ཐུབ་སོགས་མ་སྤྱངས་པར་ཤེས་པར་འདོད་པའི་ལུགས་ངན་རྒྱ་གར་མཁས་པ་ལ་མ་གྲགས་པའི་བླུན་བཅོས་བྱེད་སྲོལ་མེད་པས། མདོ་སྔགས་གང་གི་ལམ་ཉམས་སུ་ལེན་པ་ལ། དེ་སྟོན་པར་བྱེད་པའི་རྗོད་བྱེད་ཀྱི་ཚིག་ངེས་པར་བསྒྲུབས་པ་ཞིག་དགོས་ལ། དེ་ཙམ་གྱིས་ཀྱང་ཆོག་པ་མ་ཡིན་ཏེ་ཐོས་པའི་ཚོམས་ལས། གལ་ཏེ་ཐོས་པ་མང་གྱུར་ཀྱང་། །ཚུལ་ཁྲིམས་ལེགས་པར་མི་སྡོམ་ན། །དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང་། །དེ་ཡི་ཐོས་པ་ཕུན་ཚོགས་མིན། །ཞེས་དང་། ལུང་རྣམ་འབྱེད་ལས་གདུལ་བྱ་མ་ཐུལ་པ་ཡི་སྲ་བ་འདི་ཡིན་ཞེས་པ་ལྟར། ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ཡིན་ཅིང་། ཁྱད་པར་རྗེ་རྒྱལ་བ་གཉིས་པའི་རིང་ལུགས་འདི་ལ་རབ་ཏུ་བྱུང་བའི་བསླབ་པ་ལ་(༡༠ན)


GLG020_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ནན་ཏན་སྙིང་པོར་བྱེད་པའི་སྲོལ་མཆིས་པས། ཇོ་བོ་ཆེན་པོས། སོ་སོར་ཐར་པ་རིགས་བདུན་ནོ། །དེ་བཞིན་གཤེགས་པས་བཤད་པ་ལ། ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། །ཅེས་པ་ལྟར། རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ། ཐ་མའང་དགེ་འདུན་གྱི་སྡེ་ཡིན་པས། དགེ་ཚུལ་ཆོ་ག་ཚུལ་ལྡན་གྱི་སྒོ་ནས་བླངས་པ། རྩ་བཞི་ཆང་ལྔའི་མཐོང་ཐོས་དྭོགས་གསུམ་མེད་པ། སྡེ་གཞན་ནས་གནས་དབྱུང་སོགས་རས་མ་ཕོག་པ་གལ་ཆེ་བས་གསར་འཇུག་སྐབས་ཕྱི་ཁག་ནང་ཁག་དང་བཅས་པའི་གན་རྒྱ་གཟིམས་སྤྱིལ་བས་ལེན། དེའི་སྟེང་ནས་ཚེ་འདི་འབྱིད་ཐབས་ཙམ་མ་ཡིན་པར། དལ་བའི་རྟེན་གྱི་སྙིང་པོ་ལེན་འདོད་ཡོད་པ། དེའང་སྐྱེས་བུ་ཆུང་འབྲིང་ཙམ་གྱི་ལུགས་སུ་མ་སོང་བ་ཞིག་དགོས་པས། སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས། བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་པ་ལྟར་སྙིང་པོ་ལེན་ལུགས་ཀྱང་རང་གཅིག་པོ་ཞི་བདེ་དོན་དུ་མི་གཉེར་བར། རིས་མེད་ཀྱི་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་པའི་ཐེག་པ་ཆེན་པོའི་རིགས་སད་པ་ཞིག་སྒྲུབ་གྲལ་དུ་འཇུག་བྱ་ཡིན་ལ། དེ་ལྟ་བུའང་སྒྲུབ་གྲྭར་བསྡད་ནས་རང་མཉམས་ཀྱི་ཉམས་ལེན་གང་བདེར་སྐྱོད་པ་མ་ཡིན་པར། བླང་དོར་སྟོན་པའི་སློབ་དཔོན་བསྟེན་པ་གལ་ཆེ་བས། །མཛའ་བཤེས་ཀྱི་ཚོམས་ལས། །དམན་པ་བསྟེན་པས་མི་བདག་ཉམས་འགྱུར་ཞིང་། ཐད་ཀར་བབས་པ་བསྟེན་ན་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་འཐོབ་འགྱུར་བ། །དེ་ཕྱིར་བདག་ལས་གཙོར་གྱུར་བསྟེན་པར་བྱ། །ཞེས་པ་ལྟར། མཚན་ཉིད་དང་ལྡན་པའི་བླ་མར་གེགས་སེལ་བོགས་འདོན་སོགས་མདོར་ན་བླང་དོར་ཐམས་ཅད་མཐའ་(༡༠བ)


GLG020_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་པར་སྒྲོ་འདོགས་གཅོད་དགོས་ཤིང་། དེའང་ཐེག་པ་ཆེན་པོ་ལའང་མདོ་སྔགས་གཉིས་སུ་ཡོད་པ་ལས། མཆོག་ཏུ་གྱུར་པ་རྡོ་རྗེའི་ཐེག་པ་ཡིན་ཀྱང་། འདི་ཁེ་ཉེན་གཉིས་ཀ་ཆེ་བས། དུས་དབང་གི་སྐྱེ་བོའི་སྣང་ཚུལ་དང་བསྟུན་ནས། དཔལ་དཱི་བཾ་ཀ་རས་ཀྱང་། སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་སྒོ་ནས་གོ་རིམ་ལྟར་འཁྲིད་པར་མཛད་པ་དང་། འབྲོམ་ལ། ཆོས་ཟབ་མོའི་གྲགས་པ་སྔགས་ལ་འཁྲུལ། །ལས་འཁོར་བའི་གཏིང་རྡོ་བྱས་ཀྱི་དྭོགས། །ཞེས་ཐུན་མོང་བའི་ལམ་གྱིས་རྒྱུད་འབྱོངས་དང་གསང་སྔགས་པ་དང་། རྣལ་འབྱོར་པ་སྐད་དུ་བྱས་ནས། བག་མེད་ཀྱི་སྤྱོད་པས་རང་འཁོར་བའི་གཏིང་རྡོར་བསྒྱུར་བ་མང་བས་ན། ཐོག་མར་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་འདེབས་ཤིང་། འཇོག་སྒོམ་ཁོ་ན་སྒོམ་དུ་འཛིན་པའི་སྔ་རབས་རྒན་པོ་ལུགས་མི་བྱེད་པར། རིགས་དཔྱོད་པ་དང་། དེ་མཉམ་པར་འཇོག་པ་སོགས་ཟུང་འབྲེལ་གྱིས་བསྒོམ་དགོས་པས། རྗེ་བཙུན་མ་ཕམ་པས། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་མཁས་གྲུབ་ཚད་ལྡན་ལ་གྲགས་པ་ལྟར་ཉམས་སུ་ལེན། ཁྱད་པར་འཇུག་པ་ལས་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །ཞེས་པ་ལྟར། ཟབ་མོ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་འདི་མེད་དུ་མི་རུང་བས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་ལྟ་ཁྲིད་རྒྱས་བསྡུས་གང་རུང་ནས་ཁྲིད། དེ་ལ་མྱོང་བ་ཐོན་ནས། རྒྱལ་བ་བཙོང་ཁ་པས། སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེའི་ཐེག་ཅེས་པ་ལྟར། གསང་སྔགས་རྡོ་རྗེ་ཐེག་པ་ལ་འཇུག་དགོས་ཤིང་། དེ་ལའང་། དགོད་དང་ལྟ་དང་ལག་བཅང་དང་། གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱི་རྒྱུད་བཞིར་གསུངས། །ཞེས་པ་ལྟར། ཉོན་མོངས་ལམ་དུ་བྱེད་ཚུལ་མི་འདྲ་(༡༡ན)


GLG020_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིར་ཡོད་པ་ལས། མཆོག་གི་རྣལ་འབྱོར་བླ་མེད་ལ་འཇུག་དགོས་པས། གསང་བདེ་འཇིགས་གསུམ་དུས་འཁོར་སོགས་ཀྱི་ཁྲིད་འདེབས་ཤིང་གོ་ཡུལ་དུ་ལུས་པ་ཙམ་མ་ཡིན་པར་ཉམས་སུ་མྱོང་བ་བྱེད། ཐོག་མར་ཞུགས་འཕྲལ་ནས། ལོ་གསུམ་དཀར་ནག་གི་ཕྱོགས་རིང་མཚམས་ཀྱི་བྱེད་སྲོལ་དུས་འཁོར་བ་དང་བསྟུན་པའི་སྔར་ནས་ཡོད་འདུག་པར། སློབ་དཔོན་དཔའ་བོས། དགེ་དང་མི་དགེའི་ལས་རྣམས་གོམས་བྱས་པས། །མི་རྣམས་ལ་ནི་འདྲིས་པ་ཉིད་དུ་འགྱུར། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། དེ་ཡང་བྱས་ནས་རིག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོར་བར་་འགྱུར་བའང་མེད། ཅེས་པ་ལྟར། ལས་མ་བྱས་པ་དང་མི་འཕྲད། བྱས་པ་ཆུད་མི་འཛད་པས། རྗེས་སུ་ཁྲིད་རྣམས་རྒྱུད་ལ་སྐྱེ་བ་ལ་གསག་སྦྱང་གལ་ཆེ་བས། དེའི་རིང་ལ། སྐྱབས་འགྲོ། ཕྱག །ཡན་ལག་བདུན་པ། སྟོབས་བཞིའི་བཤགས་པ་སོགས་ཀྱི་སྒོ་ནས་སྔར་བསགས་ཀྱི་སྡིག་པ་སྦྱོང་བ་དང་། བསོད་ནམས་ཀྱི་ཚོགས་ཅི་སྐྱེ་བྱེད། སྣྲོན་ཟླ་བའི་དཀར་ཚེས་བཅོ་ལྔ་ནས་བཟུང་དབྱར་མཚམས་ཟླ་གསུམ། སྨིན་དྲུག་ཅན་གྱི་ཡར་ཚེས་ནས་བཟུང་དགུན་ཟླ་གསུམ་མཚམས་བྱེད། རྒྱུན་གྱི་ཚོགས་འདོན་ལ། སྐྱབས་འགྲོ་སེམས་བསྐྱེད། རྗེ་ས་པཎ་གྱི་བསྟོད་པ་ཆོས་རྒྱལ་མ། རྒྱལ་བ་བཙོང་ཁ་པའི་བསྟོད་པ་ས་གསུམ་མ། རྣམ་དག་གངས་རི་མ། ལམ་རིམ་གསོལ་འདེབས། ལམ་རིམ་བསྡུས་དོན། ཉི་བཞོན་(གཞོན་)


GLG020_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ཀ་མ། མཚམས་སྤྲིན་མ། ཐུབ་དབང་བསྟན་སྒྲོན་མ། རབ་དཀར་དགེ་ཚོགས་མ། ཕུན་ཚོགས་ཡོན་ཏན་མ། ཐུབ་དབང་ཞལ་པད་མ། བགྲང་ཡས་མ། ཕུན་ཚོགས་འདབ་སྟོང་མ། རབ་འབྱམས་སྐྱོབ་པ། ཇ་མཆོད། བདེ་བ་ཅན། དུས་འཁོར་སྨོན་ལམ་རྣམས་སྔ་སོར་ཚུགས་གྲུབ་འདུག་པ་དང་། སླར་འཇུག་དགོས། བསྟན་པའི་གཙོ་བོའི་བསྟོད་པ་སྐབས་གསུམ་པ། ཇོ་འབྲོམ་གྱི་བསྟོད་པ་སྣང་བ་མཐའ་ཡས་མ་དང་ལྷར་བཅས་མ། རྗེ་བླ་མ་མན་(༡༡བ)


GLG020_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལམ་རིམ་བཤད་རྒྱུད་ཀྱི་གསོལ་འདེབས། བཟང་སྤྱོད། བྱམས་སྨོན། ཚངས་ཅོད་མ། ཐོག་མཐའ་བར་གྱི་སྨོན་ལམ། ལྔ་མཆོད་ཆེན་མོའི་ཐོག་སྒྲུབ་མཆོད་དང་། སྦྱིན་བདག་གི་དོན་དུ་དཀྱིལ་འཁོར་ཞལ་འབྱེད་སོགས་གང་འོས་ལ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་བདེ་མཆོག་དྲིལ་བུ་ལྷ་ལྔ་མངོན་དཀྱིལ་དང་བཅས་པ་གཞི་གསུམ་གྱི་ཕྱག་ལེན་བྱེད། ཁྱི་དང་སློང་མོ་བ་སོགས་ནང་དུ་མི་གཏོང་བར་ཕྱི་རོལ་དུ་མཆོད་རོ་དང་བཟའ་བཏུང་གི་ལྷག་རྣམས་སྟེར། མང་པོ་ལྷན་ཅིག་ཏུ་འདུས་ནས་ལོང་གཏམ་སྨྲ་བ། ཀུ་ཅོའི་སྒྲ་སྒྲོག་པ། ཉོ་འཚོང་དང་། སྐྱེ་བོ་གཞན་དང་འདྲིས་བཤེས་ཧ་ཅང་ཆེ་བར་བྱེད་པ་སོགས་བསམ་གཏན་གྱི་ཚེར་མར་གྱུར་པའི་རྣམ་པར་གཡེང་བ་མཐའ་དག་མི་བྱེད། དབེན་པ་ཁོ་ན་གཙོ་བོར་འདོན་དགོས་པས། མདོ་སྡེ་དགོངས་འགྲེལ་ལས། དེ་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་བཞག་ནས་ཇི་ལྟར་ཡང་དག་བསམ་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་པའོ། །ཞེས་གསུངས་པ་ལྟར་ཡིན་ལ། ཚོགས་གྲལ་རྣམས་སུ་རྩེ་ཞྭ་དང་གྲ་ཞྭ་གང་རིས་ཀྱི་ཞྭ་སེར། ཟླ་གམ། འདིང་བ། ལྷུང་བཟེད་སོགས་ངེས་ཅན་དུ་འཁྱེར། སྒོམ་ཞྭ། འབར་ཞྭ། སྒོམ་ཐག །མ་ཎིའི་ལག་སྐོར་འཁྱེར་བ་རྣམས་མི་བྱེད། བཟའ་བཏུང་གི་ཚེ་ཅག་ཧུབ་ཀྱི་སྒྲ་འབྱིན་པ། རྩིག་པ་དང་ཀ་བ་ལ་སྙེ་བ། ཁ་གཏུམས་ནས་སྡོད་པ་སོགས་བག་ཡེངས་ཀྱི་སྤྱོད་པ་མི་བྱེད། མཚམས་རེས་མིན་པའི་སྐབས་སུའང་། ཁྲིམས་གྲོགས་མེད་པ་དང་། ཆོས་ཁྲིམས་བར་གནང་བ་མ་ཞུས་པར། བུད་མེད་ནང་མཐོ་བརྒལ་ནས་མི་ཡོང་། ཕྱི་མཚམས་བསྡམས་ནས་བཟུང་། སྒ་རུ་ལ་ཁ་མན་མི་འདའ། ནང་མཚམས་བསྡམས་ནས་བུག་སྒོ་འདག་སྦྱར་བྱེད། ན་ཁར་གཟིམས་སྤྱིལ་བའི་མཛོ་གསུམ་ཐོང་ལ། སྦྱིན་བདག་འོ་མ་མ་འབྱོར་བའི་རིས་ལ་འོ་མ་ཐོབ། དགེ་འདུན་སྤྱིའི་རྫས་འཕྲལ་སྤྱོད་བདེ་བ་རྣམས་ཀྱི་སྤྱི་འགྱེད་དང་། དེ་མིན་གཟིམས་སྤྱིལ་བ་དང་ཚོ་མི་གསུམ་པོས་ཐེལ་འབྱར་དང་། ཆོས་ཁྲིམས་པས་གཉེར་ཅག་བྱས་(༡༢ན)


GLG020_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འོས། བེད་སྤྱོད་དགོས་པར་ཤར་ན་གོང་གསལ་ལྔ་པོ་འཛོམ་ཐོག་ནས་བྱེད། ཉུང་ཇ་ཐོབ་དུས། དབུ་མཛད། ཆོས་ཁྲིམས། མཆོད་གཡོག །ཉེ་གནས། ཆུ་མ་གསུམ་མ་གཏོགས་གཞན་ལ་མི་གཏོང་། སྲུང་སྡོམ་པས་གནའ་གཡག་སོགས་སེམས་ཅན་ལ་གཞན་གྱིས་གནོད་པ་མི་ཡོང་བའི་དོ་དམ་བྱེད། དཀོན་གཉེར་དང་མེ་ཏོག་དོ་དམ་པ། ཆུ་མ་རྣམས་ཀྱིས་སོ་སོའི་བྱེད་དགོས་ཟིམ་ལུས་གསེང་ཤོར་དུ་མ་སོང་བ་བྱེད། གཞུང་ས་ནས་དམིགས་བསལ་བྱུང་ན་མ་གཏོགས། ལྕང་ཤོལ། གླ་བ། སེ་ནགས་ལ་གཅོད་འདྲེག་མི་བྱེད། སྦྱིན་བདག་གི་ཆེ་ར། མང་ཇ་བསྙེན་བཀུར་གྱི་རིས་ལ་མི་འོས་པའི་མང་ཉུང་གི་རྩོད་པ་མི་གཏོང་། ཁ་འཐབ་བྱས་པ་སོགས་སྒྲིགས་ཕྲན་རྣམས་དང་འགལ་བ་ལ། བླ་མ་ཆོས་ཁྲིམས་སོགས་སྣེ་མོ་བ་རྣམས་ཀྱིས་བརྒྱ་ཕྱག་མང་ཇ་སོགས་འོས་འགབ་བལྟས་པའི་ཆད་པ་འགེལ། རྩ་བཞིའི་མཐོང་ཐོས་དོགས་གསུམ་བྱུང་བ། རྨས་ཁྲག་ཐོན་པ། སྒྲིགས་རྣམས་ལ་རྒྱུན་དུ་རྩི་མེད་བྱས་པ་བྱུང་ན་གནས་ནས་དབྱུང་། བླ་མས་ཐོག་དྲངས་པའི་སྣེ་མོ་བ་རྣམས་ཀྱིས་ཀྱང་། སྒེར་དོན། ངོ་དགའ་ཟོལ་འཇོག་མི་བྱེད་གོང་ཤར་རྣམས་ཀྱིས་རྩ་འཛིན་ཁྲིམ་སྣོན་དགོས་པ་རྣམས་རྒྱལ་རྩེ་རྫོང་སྡོད་ཀྱིས་བྱེད་རྒྱུ་ཡིན་པས་སོ་སོ་ནས་གོ་བར་གྱིས། གཉིས་མེད་གསུང་བ་གང་གི་ལེགས་བཤད་བཤད་དང་སྒྲུབ་པའི་བསྟན་པ་ཞེས། ཉི་ཟླ་ལྟ་བུར་ཀུན་ཏུ་རབ་གྲགས་གྲགས་པ་དོན་ལྡན་ཕན་བདེའི་དཔལ། །འཇམ་དཔལ་སྙིང་པོའི་རིང་ལུགས་བཞིན་དུ་དུ་མར་སྤེལ་བའི་ལྷག་བསམ་གྱིས། །ཁྲིམས་སུ་བཅའ་བའི་ཡི་གེའི་སྤེལ་ལེགས་ལེགས་པར་འདོད་རྣམས་དང་དུ་ལོང་། །དུག་སྦྲུལ་ཁུང་བུར་གནས་ལ་བདེ་བའི་ཉམས། །འབྱུང་བ་ཇི་བཞིན་ལྟར་སྣང་ཆོས་ཚུལ་ལ། །ཚད་མར་བཟུང་སྟེ་འཇུག་པའི་བླུན་པོ་རྣམས། །ལུང་དང་རིགས་པས་སྐབས་འགར་བཟློག་པ་སྲིད། །ཅི་ཡང་ཡིད་ལ་མི་བྱེད་འགོག་པའི་མཐའ། །ཧ་ཤང་རྒན་པོའི་རིང་ལུགས་ཀ་མཱ་ལས། །བཀག་ཀྱང་གཟིག་ལྤགས་(༡༢བ)
གྱོན་པའི་མགྲིན་བཟང་ལྟར། །མི་མདོག་བསྒྱུར་བའི་སྒོམ་ཆེན་འགའ་མཆིས་ཀྱང་། །ཡིད་བཞིན་ནོར་དང་མཆིང་བུའི་རྣམ་དབྱེ་དག །མ་འདྲེས་འབྱེད་པའི་དེད་དཔོན་བློ་ལྡན་བཞིན། །སྐྱེས་ཐོབ་ཤེས་རབ་ཅན་གྱི་སྐྱེ་བོ་ཡིས། །ཡང་དག་ལྟར་སྣང་སོ་སོར་ཅིས་མི་འབྱེད། །མཁས་པས་རི་མོར་བྲིས་པའི་མར་མེའི་གཟུགས། །མ་བརྟགས་བྱིས་པ་འཁྲུལ་བའི་གནས་སྲིད་ཀྱང་། །ཞིབ་མོར་དཔྱད་ན་མུན་པ་སེལ་བའི་མཐུ། །མེད་པར་ཤེས་ལྡན་སུ་ཞིག་ཐེ་ཚོམ་བྲལ། །མང་དུ་ཐོས་པའི་བསྲེགས་བཅད་རབ་བརྡར་བའི། །ཚུལ་བཞིན་བསམ་པ་འཛམ་བུ་ཆུ་བོའི་གསེར། །དཔྱད་འཇོག་བསྒོམ་པའི་རྣ་རྒྱན་ལེགས་བསྒྲུབས་པ། །འདོད་ལྡན་སྐྱེ་བོའི་འགྲམ་པར་ཅིས་མི་མཛེས། །བརྗོད་པར་འོས་པའི་གཏམ་གྱི་དབྱངས་བདུན་གླུ། །མི་བཟད་མགྲིན་པའི་ལམ་ནས་བླངས་པ་ཡིས། །ཤེས་བྱ་ཐམས་ཅད་གཟིགས་པའི་གོ་འཕང་ཁྲིར། །རིས་མེད་ལུས་ཅན་མཐའ་དག་འཛེག་གྱུར་ཅིག །ཅེས་རི་ཁྲོད་དགའ་ལྡན་པའི་སྤྱི་ཁྲིམས་ཀྱི་བཅའ་ཚེ་ཤེལ་དཀར་མེ་ལོང་ཞེས་པ་འདིའང་རི་ཁྲོད་སྤྱི་ཚོགས་ནས་མཆོད་ཡོན་དུ་དགོས་ཚུལ་གླེང་འདུག་པ་ལྟར། ཤཱཀྱའི་རིང་ལུགས་པ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ། འཕགས་ཡུལ་དུ་ཨཀྵ་ཡ་ཞེས་པ་ཕྱོགས་འདིར་མི་ཟད་པ། རྒྱ་ནག་པ་བང་ཟུའི་དུ་བརྗོད་པ་མེ་ཕོ་ཁྱིའི་ལོ། འདུལ་མངོན་པའི་ལོའི་ཐོག་མ་སྨིན་དྲ྄ུག་གི་ཉ་བར། དུས་འཁོར་བའི་ལུགས་ཀྱི་སྙིང་སྟོབས་ཀྱི་མུན་པ་འཇུག་པ་ཆུང་ངུའི་མར་ངོ་། དབྱངས་ཨཱ། གསལ་བྱེད་ྈྐ། དབྱངས་འཆར་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ། དབྱངས་ཨཱ། གསལ་བྱེད་དྷ་། འབྱུང་བ་ས། འདོད་ཡོན་ནི། ཏཏྐ་ལག་ཞུའི་དུས་སྦྱོར་ལ། བོད་ཡུལ་གྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་དང་ཟུང་དུ་འབྲེལ་བའི་གཙུག་ལག་ལུགས་བརྒྱའི་སྒོ་འཕར་གཅིག་ཏུ་ནི་འབྱེད་པ་དགའ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕོ་བྲང་དུ་གྲུབ་པར་བགྱིས་པ་ཛ་ཡནྟཱུ། །

ཆོས་གྲྭ་ཆེན་པོ་དཔལ་སྣར་ཐང་གི་རབ་འབྱམས་ཀྱི་གྲྭ་སྐོར་གྱི་བཅའ་ཚེ་ཤེལ་དཀར་མེ་ལོང་།


GLG020_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དྭི བྷ ཨོཾ ཤྩ ས མུ དྲཱ སུ ཛ ཏ ཛྙཱ ས རྦྦཱ ཙ ནྡྲ ཙ། ཚོགས་གཉིས་ཟླ་བའི་མ་མ་ལས། །ལེགས་འཁྲུངས་ཀུན་མཁྱེན་ཆུ་ཤེལ་དབང་། །པུ ནྱཱ ཀུ མུ དྡ ཀ དྱ པྲ བྷ ཤཽ དྡྷོ ད ན པུ ཤྱ ཀྲྀ། །ཐུགས་རྗེའི་འོད་ཀྱིས་ལེགས་བྱས་ཚལ། །རྒྱས་པར་མཛོད་ཅིག་ཟས་གཙང་སྲས། །གང་ཞིག་ཆེས་བརླིང་རྒྱལ་བསྟན་གསེར་ལྡན་མ། །རྣམ་དཔྱོད་མཁྱེན་པའི་སྟོབས་ཀྱིས་འདེགས་པ་ལ། །བསྟན་འཛིན་སྐབས་གསུམ་གཞན་གྱིས་ཟླ་བྲལ་བའི། །རྒྱན་དྲུག་མཆོག་གཉིས་པད་དཀར་མིག་གང་རྒྱལ། །རྨོངས་པའི་ཚ་བས་གདུངས་པའི་གངས་ཅན་ཁྲོད། །ཐུབ་བསྟན་སྔ་ན་མེད་པའི་དྲི་བཞོན་གྱིས། །ཁྱབ་མཛད་ཆོས་རྒྱལ་མེས་དབོན་ལོ་པཎ་ཚོགས། །གཟུར་གནས་ཤེས་ལྡན་ཡོངས་ཀྱིས་ཕྱག་བྱའི་ཡུལ། །འཇམ་དབྱངས་རང་གཟུགས་མི་ཡི་སྲིད་པའི་གར། །འགྲོ་ལ་རྗེས་སུ་སྟོན་པའི་བཙོང་ཁ་པ། །ཁྱོད་ཀྱི་རྣམ་དཀར་མཛད་པའི་ཕུང་པོ་འདིའི། །སྣོད་དུ་ཚངས་པས་ཁམས་གསུམ་སྤྲུལ་པར་ངེས། །དགེ་ལེགས་རྣམ་བཀྲ་འཇའ་འདྲའི་གུར་ཁྱིམ་ནས། །ཕུན་ཚོགས་ཤིས་པ་བརྗོད་པའི་ཚིག་གི་གླུས། །(༡༣བ)


GLG020_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་རྒྱལ་བའི་རིང་ལུགས་རྒྱ་མཚོའི་སྡེར། །བརྗོད་པའི་དངོས་པོ་དོན་དང་ལྡན་འགྱུར་ཅིག །དགེ་བའི་རང་བཞིན་རྒྱས་པའི་ཀུ་མུ་ད། །ཡོན་ཏན་ཟླ་བར་འདུན་ཞིང་ཆགས་པའི་ཆུས། །འདབ་མ་མངོན་པར་གཡོ་བའི་གྲགས་པའི་དབྱངས། །རྒྱ་མཚོའི་གོས་ཅན་ཀུན་ཏུ་ཁྱབ་འདི་མཚར། །བློ་དམན་ཀུན་གྱིས་བལྟ་བའི་ཡུལ་བྲལ་ཞིང་། །བློ་ཆེན་རྣམས་ཀྱང་ཐེ་ཚོམ་ཁྱོགས་འཆང་བའི། །བློ་བཟང་རྒྱལ་བའི་ལུགས་སྲོལ་གཞུང་ཆེན་རྣམས། །བློ་ལྡན་སྐྱེ་བོས་ཐོས་བསམ་བགྱིས་པའི་འབྲས། །རབ་ཏུ་བརྗོད་བྲལ་ཀུན་གསལ་ཕ་མཐའ་ལྟར། །རབ་མང་ཤེས་བྱའི་གཙུག་ལག་མ་ལུས་པར། །རབ་ཏུ་བརྒལ་བརྟགས་དཔྱད་ནས་འབྱམས་ཀླས་པའི། །རབ་དཀར་རྣམ་སྨིན་དཀར་པོར་འཛག་པའི་རྔ། །ཚུལ་ལྡན་འཁྲུལ་མེད་སྲོལ་གྱི་དབྱུ་གུ་ཡིས། །མངོན་པར་བརྡུངས་ཚེ་རྒོལ་ངན་དཔུང་ཚོགས་ལས། །རྣམ་པར་རྒྱལ་བའི་ངོ་མཚར་གཏམ་གྱི་དཔྱིད། །འཁྲུལ་མེད་ཡི་གེའི་ལམ་དུ་དེང་འདིར་ཤར། །དེའང་འོ་སྐོལ་གྱི་སྟོན་པ་རྒྱལ་བ་ཉི་མའི་གཉེན་ཞེས། རིས་བྲལ་གྱི་འགྲོ་བ་མཐའ་དག་ལ་གཅིག་ཏུ་བརྩེ་ཆེན་ཐུགས་རྗེའི་བདག་ཉིད་ཅན་དེས་གསུངས་པའི་བཀའ་སྡེ་སྣོད་གསུམ་ལུང་དང་། དེ་དོན་ཉམས་སུ་བླངས་པ་ལས་ལམ་མངོན་རྟོགས་ཀྱི་རིམ་པ་སྟེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ནི། འཕགས་པའི་ཡུལ་ལས་ལྗོངས་འདིར། ས་སྤྱོད་དམ་པ་རྣམས་དང་། ལོ་པཎ་རྣམས་ཀྱི་དྲིན་ལས་ཆེས་དར་ཞིང་། ཁྱད་པར་གསུང་རབ་མཐའ་དག་དངོས་སྟོབས་ཀྱི་རིགས་པས་གཏན་ལ་འབེབས་པའི་མཚན་ཉིད་ཀྱི་སྡེ་ཞེས། ལོ་ཆེན་བློ་ལྡན་ཤེས་རབ་དང་། ཆ་གཙང་སོགས་མཁས་གྲུབ་རིམ་པར་བྱོན་པ་རྣམས་ལས་ཆེས་ཆེར་འཕེལ་བ་ལས་བློ་གསལ་རྣམས་ཀྱིས་ཐོས་བསམ་བགྱིས་པའི་འབྲས་རྟགས་དང་། བསྟན་པ་རིན་པོ་ཆེའི་མིག་རྐྱེན་དུ་རབ་འབྱམས་གྲ་སྐོར་ཞེས་པའི་སྲོལ། གོས་གྲྭ་ཆེན་པོ་རྩེས་ཐང་དུ་སྡེ་སྲིད་རིན་པོ་ཆེ་ཕག་མོ་གྲུ་པས་འཛུགས་པར་མཛད་པ་དང་། གཞན་ཡང་ཡུལ་གྲུ་དུ་མར་བྱུང་འདུག་པ་རྣམས་དང་ཆ་མཐུན་པར། ཆོས་ཀྱི་རྒྱལ་པོ་(༡༤ན)


GLG020_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བཙོང་ཁ་པ་ཆེན་པོའི་མཛད་པ། སྲིད་པ་འདི་ན་རྣམ་དཀར་གྱི་དགེ་བ་ལ་འགྲན་པའི་ཟླ་དང་བྲལ་བའི་ཆོས་འཕྲུལ་གྱི་དུས་སྟོན་ཆེན་པོ་འདི་ཉིད་ཀྱི་ཐོག་ཏུ་གྲྭ་སྐོར་གྱི་སྲོལ་འཛུགས་པ་འགབ་ཚུལ། གསུང་རབ་རྒྱ་མཚོའི་ཕ་རོལ་དུ་སོན་ཞིང་། འཆད་ཅིང་རྩོད་པ་ལ་སྨྲ་མཁས་ངག་གི་དབང་པོར་འགྲན་བཟོད་པའི་ཆོས་རྗེ་རིན་པོ་ཆེ་དཀོན་མཆོག་ཆོས་འཕེལ། མཁས་མང་བློ་གསལ་གླིང་གི་འཆད་ཉན་ལས་ཐོག་ཏུ་བཞུགས་པས་གཙོ་གནད་སློབ་དཔོན་རྣམས་གྲོས་བསྡུར་ཐོག་ནས། ཤིང་གླང་སྨོན་ལམ་དུས་གསར་འཛུགས་གྲུབ་འདུག་ནའང་། ཉི་མ་ཁ་གྲངས་ཉུང་ཞིང་གྲྭ་སྐོར་བ་མང་བས་ཅུང་ཟད་བྱེད་སླ་བ་དང་། སྨོན་ལམ་ཆེན་མོའི་དོ་དམ་གང་ཅི་འབྲས་སྤུངས་སྤྱི་སོ་ནས་མཛད་པའི་སྟབས་ཀྱིས་གྲྭ་སྐོར་བྱས་པ་དང་། འབྲས་སྤུངས་ཀྱི་གླིང་བསྲེ་བྱས་པར་ཁྱད་མེད་ཅིག་དགོས་རྒྱུར་འདུག་ཀྱང་། རྡོ་བཅལ་དུ་དམ་བཅའ་མ་བཞག་པར་གདོང་གྲལ་དུ་མི་ཆུད་པ་སོགས་བར་སྐབས་སུ། དགེ་སྐོས་ཅི་རིས་ཀྱིས་སྒེར་དོན་སྤྱི་འཁྱེར་གྱི་རྣམ་པའི་བཅོས་བསླད་སྣ་ཚོགས་འདུག་པར་བརྟེན། ད་ཆ་མེ་ཕག་སྨོན་ལམ་ཆེན་མོའི་ཐོག་ནས་བཟུང་འགྱུར་མེད་ལག་ཏུ་ལེན་དགོས་ཀྱི་དྲན་ཐོ་ནི། མདོ་ཕྱོགས་ཀྱི་གྲྭ་སྐོར་བ་བརྒྱད་ལས་མང་བ་མི་བྱེད། དེ་ཡང་ཉི་མ་བཅུ་གསུམ་ཙམ་ལ་མཚོན་ན། བཞི་པོ་ཤོས་དབྱེ་བའི་ཤོ་ཆེ་བས་རྣམ་འགྲེལ་ལེའུ་བཞི་པ་དང་། ཕར་ཕྱིན་སྐབས་དང་པོ་གཉིས་ལ་བཤད་ཆེན་ཉི་མ་རེ་རེ་དང་། བཤད་ཆུང་མཛོད་ལ་ཉིན་གཅིག་བྱེད། ཤོ་དེའི་འོག་མས་བཤད་ཆེན་ལེའུ་གསུམ་པ་དང་། སྐབས་གཉིས་པ། བཤད་ཆུང་མདོ་རྩ་བ། ཤོ་དེ་འོག་མས་བཤད་ཆེན་ལེའུ་གཉིས་པ་དང་། སྐབས་བཞི་པ། བཤད་ཆུང་དབུ་མ་འཇུག་པ། ཤོ་དེ་འོག་མས། བཤད་ཆེན་ལེའུ་དང་པོ་དང་། སྐབས་བརྒྱད་པ། བཤད་ཆུང་རང་ཕྱོགས་དགེ་ལུགས་པ་ཡིན་ན་བྱང་ཆུབ་ལམ་རིམ། དྲང་ངེས་རྣམ་འབྱེད་གཉིས་གང་འདོད་དང་། ས་ལུགས་པ་ཡིན་ན། སྡོམ་རིག་གཉིས་གང་འདོད་འདམ། བོ་དོང་། ཀར་འབྲུག་(༡༤བ)


GLG020_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་མ་ངེས་པའི་བྱུང་ཚེ། མངོན་པ་ཀུན་ལས་བཏུས་རྩ་ཤེ། རྒྱུད་བླ་མ་གསུམ་པོ་གང་རུང་འདམ་འཇུག །དམིགས་བསལ་སྔགས་རམས་པ་བྱུང་ན། གོང་གི་གྲངས་ལ་མི་ཐེ་ཞིང་། སྔ་ཕྱི་དང་གཞུང་ཡང་ཤོས་དབྱེ་མ་དགོས་པས། ཉི་མ་བཅུ་གསུམ་ལ་མཚོན་ན། མཚན་ཉིད་པ་བཞི་པོས་བཤད་ཆེན་ཉི་མ་ཕྱེད་གཉིས་རེ་དང་། བཤད་ཆུང་ཉི་མ་རེ་གྲུབ་པའི་དེ་ལྷག་གསུམ་པོ་ལ་སྔགས་རམས་པས་བཤད་པ་བྱེད་པ་དང་། དགེ་ལུགས་ལ། བཤད་ཆེན་གསང་འདུས་བཤད་ཆུང་དུས་འཁོར། ས་ལུགས་ལ་བཤད་ཆེན་བརྟག་གཉིས། བཤད་ཆུང་བདེ་མཆོག །རྙིང་ལུགས་ལ་བཤད་ཆེན་གསང་བ་སྙིང་པོ། བཤད་ཆུང་རྒྱུད་བཅུ་བདུན་གང་རེས། ཇོ་ཞལ། བོ་དོང་། ཀར་འབྲུག་རྣམས་བཤད་ཆེན་དུས་འཁོར། བཤད་ཆུང་སམྦྷུ་ཊར་བྱེད་སྦྱོར་འགོད་ནི། སྐས་གདང་དང་པོ་ནི། འགྲེལ་པ་དོན་གསལ་ལས། སྤྱོད་པའི་གཉེན་པོར་ཆོས་ཀྱི་འཁོར་ལོ་མ་ལུས་པ་རྣམ་པ་ཐམས་ཅད་སྐོར་བར་མཛད་པ། ཞེས་སོགས། མདོ་སྡེ་རྒྱན་ལས། དོན་ཤེས་དོན་སྟོན་རབ་ཏུ་འདུ་བྱེད་ངག་དང་ཚིག་རྣམས་དྲི་མེད་པས། ཞེས་སོགས། རྒྱུད་བླ་མས། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། ཞེས་སོགས། རྩ་ཤེ་ལས། གང་གི་རྟེན་ཅིང་འབྲེལ་པར་འབྱུང་། །ཞེས་སོགས། འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། ཞེས་སོགས། མངོན་པ་ཀུན་ལས་བཏུས་ལས། ཁམས་རྣམས་ནི་བཅོ་བརྒྱད་དོ། །ཞེས་སོགས། མཛོད་ལས། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། ཞེས་སོགས། ཚད་མ་ཀུན་ལས་བཏུས་ལས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། ཞེས་སོགས། རྣམ་འགྲེལ་ལས། རྟོག་པའི་དྲ་བ་རྣམས་བསལ་ཞིང་། ཞེས་སོགས། མདོ་རྩ་བ་ལས། ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་སོགས། སོ་ཐར་གྱི་མདོ་ལས། སྙན་པའི་བ་དན་འཇིག་རྟེན་གསུམ་ན་གྲགས། །ཞེས་སོགས། སྤྱོད་འཇུག་ལས། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཞེས་སོགས། ལམ་སྒྲོན་ལས། དུས་གསུམ་(༡༥ན)


GLG020_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཐམས་ཅད་དག་དང་དེ་ཡི་ཆོས། །ཞེས་སོགས། སྐས་གདང་གཉིས་པ་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་སོགས། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །ཞེས་སོགས། རྒྱུད་བླ་མར། ཇི་ལྟ་ཇི་སྙེད་ནང་གི་ནི། །ཞེས་སོགས། རྩ་ཤེ་ལས། གང་ཞིག་བདག་ལ་མི་ལྟ་བ། །ཞེས་སོགས། འཇུག་པ་ལས། རྒྱལ་བའི་སྲས་པོ་འདི་ཡི་སེམས་གང་འགྲོ་བ་རྣམས། །ཞེས་སོགས། མངོན་པ་ཀུན་ལས་བཏུས་ལས། ལུས་ཀྱི་རྣམ་པར་ཤེས་པ་གང་ཞེ་ན། ཞེས་སོགས། མཛོད་ལས། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་སོགས། ཚད་མ་ཀུན་ལས་བཏུས་ལས། མིང་དང་རིགས་སོགས་སྦྱོར་བ་ཡིས། །ཞེས་སོགས། རྣམ་འགྲེལ་ལས་གཏན་ཚིག་ཀྱི་ནི་ཚུལ་གསུམ་ལའང་། ཞེས་སོགས། སོ་ཐར་གྱི་མདོ་ལས། འདི་ནི་དམ་ཆོས་རྒྱལ་པོ་ཡིན། ཞེས་སོགས། མདོ་རྩར། དང་པོའི་མཁན་པོ་ཉིད་ཀྱིས་བར་ཆད་དྲིས་ནས། ཞེས་སོགས། སྤྱོད་འཇུག་ལས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཞེས་སོགས། ལམ་སྒྲོན་ལས། ཆུང་དང་འབྲིང་དང་མཆོག་གྱུར་པའི། །ཞེས་སོགས། སྐས་གདང་གསུམ་པ་ནི། མངོན་རྟོགས་རྒྱན་ལས། སེམས་མི་འགོང་བ་ཉིད་ལ་སོགས། །ཞེས་སོགས། མདོ་སྡེ་རྒྱན་ལས། རྒྱལ་སྲས་རྣམས་ཀྱིས་སེམས་བསྐྱེད་ནི། །ཞེས་སོགས། རྒྱུད་བླ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །ཞེས་སོགས། རྩ་ཤེ་ལས། ལྟ་དང་ཉན་དང་སྒོམ་པ་དང་། །ཞེས་སོགས། མངོན་པ་ཀུན་ལས་བཏུས་ལས། སའི་ཁམས་གང་ཞེ་ན། ཞེས་སོགས། མཛོད་ལས། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །ཞེས་སོགས་ཚད་མ་ཀུན་ལས་བཏུས་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཞེས་སོགས་འཇུག་པ་ལས། ཤེས་བྱའི་བུད་ཤིང་མ་ལུས་བསྲེག་པའི་མེ། །ཞེས་སོགས། མདོ་རྩ་བ་ལས། རང་གིས་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་ནས། ཞེས་སོགས། རྣམ་འགྲེལ་ལས། ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་སོགས། སྤྱོད་འཇུག་ལས། བྱང་ཆུབ་རྒྱུར་ནི་དགེ་བསགས་པ། །ཞེས་སོགས། བཞི་བརྒྱ་པ་ལས། ཚུལ་ཁྲིམས་ཀྱིས་(༡༥བ)


GLG020_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདེ་འགྲོར་འགྲོ། །ཞེས་སོགས། རིན་ཆེན་ཕྲེང་བ་ལས། དགེ་ལས་བདེ་འགྲོ་ཐམས་ཅད་དང་། །ཞེས་སོགས། སྐས་གདང་བཞི་པ་ནི། མདོ་སྡེ་རྒྱན་ལས། གནས་བརྩོམ་འབྲས་བུ་འབྱུང་བ་ཆོས་བདག་ཉིད། །ཅེས་སོགས་རྒྱུད་བླར། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །ཞེས་སོགས། རྩ་ཤེར། བསྟན་པ་དག་ནི་ཐམས་ཅད་དུ་ཞེས་སོགས། བཞི་བརྒྱ་བར། དེ་བཞིན་ཀུན་མཁྱེན་སྒྲ་འདི་ནི། །ཞེས་སོགས། མངོན་པ་ཀུན་ལས་བཏུས་ལས། ཅི་ཡིས་བསླབ་པར་བཏགས་ཤེ་ན། །ཞེས་སོགས། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །ཞེས་སོགས། ཚད་མ་ཀུན་ལས་བཏུས་ལས། གཞན་དོན་རྗེས་སུ་དཔག་པ་ནི། །ཞེས་སོགས། རྣམ་འགྲེལ་ལས། གཏན་ཚིགས་རབ་ཏུ་དབྱེ་བའི་དོན། །ཞེས་སོགས། འཇུག་པ་ལས། མངོན་དུ་ཕྱོགས་པ་མཉམ་གཞག་སེམས་གནས་ཏེ། །ཞེས་སོགས། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཞེས་སོགས། མདོ་རྩ་བ་ལས། དབྱར་གནས་པ་ཁས་བླང་བར་བྱའོ། །ཞེས་སོགས། ལམ་སྒྲོན་ལས། སེམས་ཅན་དམ་པ་འབྱུང་བ་མཆོག་ཅེས་སོགས་མངོན་རྟོག་རྒྱན་ལས་དེ་ན་འཁོར་བ་ཇི་སྲིད་པར། ཞེས་སོགས། བཤད་ཆེན་བཤད་ཆུང་གི་གཞུང་ཡོད་ཀྱང་སྦྱོར་འགོད་འཇོག་མི་དགོས། སྔགས་རམས་པས་སྦྱོར་འགོད་ཀྱི་ཚབ་ཏུ་བཤད་པ་བྱེད་ཅིང་། དམ་བཅའ་འཇོག་འདོད་ཡོད་ན་མ་གཏོགས་ཀ་དཔེ་མ་མི་བྱེད། སྤྱིར་གྲྭ་སྐོར་ལས་ཆོས་སུ་མི་འགྲོ་བའི་དོ་དམ་མཁན་སློབ་ཚང་མས་བྱེད་པ་དང་བྱེ་བྲག་མདོའི་གྲྭ་སྐོར་བ་རྣམས་ཀྱི་ཆོས་གྲྭ་སྨོན་ལམ་གྱི་དམ་བཅའ་ཡུན་མ་ཐུངས་པའི་ཆེད་གཞུང་ལས་པས་བྱེད་ཅིང་། གྲ་ཚང་ཁག་གི་གྲྭ་པ་རྣམས་དེར་འདུད་གོས་པའི་དོ་དམ་དགེ་སྐོས་ཀྱིས་བྱེད། གྲྭ་སྐོར་གྲུབ་ནས་གདོང་གྲལ་དུ་ཚུད་རྒྱུ་ཡིན། མེ་ཁྱི་ཧོར་ཟླ་དྲུག་པའི་ཚེས་བཅུ་གཅིག་ལ་དྲན་ཐོ་འདི་བཞིན་བཀོད་པ། སླར་རང་དྲན་གྱི་བཟོ་བཅོས་བཞིན་མི་བྱེད་པར་འདི་ག་སོར་གནས་བྱེད་དགོས་རྒྱུ་ཡིན། རྨད་བྱུང་བསོད་ནམས་དབྱར་སྐྱེས་ལྗོན་ཤིང་ཚོགས། ཀུན་མཁྱེན་འབྲས་བུའི་ཁུར་གྱིས་རབ་དུད་པའི། །བྱེད་པ་ཟས་གཙང་སྲས་ཀྱི་བསྟན་པ་འདི། །ཕྱོགས་(༡༦ན)
དུས་ཀུན་ཏུ་དར་ཤིང་རྒྱས་གྱུར་ཅིག །

ཆོས་གྲྭ་ཆེན་པོ་དཔལ་རྩེས་ཐང་གི་རབ་འབྱམས་གྲྭ་སྒོར་གྱི་བཅའ་ཚེ་ཤེལ་དཀར་མེ་ལོང་།


GLG020_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཛཱ ཡཻ ཤཱ ས ནྱ ནོ ག ནྡྷ དྷ རྨ སྱ སཱུ ཪྻོ བི ཙཱ ར ཏྲི པཱ ཀྵ ཎཱ ཤུ རྣ ཡ། རྒྱལ་བསྟན་དྲི་མེད་རིང་ལུགས་ཉིན་མོར་བྱེད། །རྣམ་དཔྱོད་དཔྱད་གསུམ་དྲི་བཞོན་གྱིས་འདྲེན་པའི། །ཧཱི མ ཧཱ རཱ ཐ ཀ སྱཱ ནུ ས རྣཱ བྷྱ ཀཾ མ དྷྱ དཻ ཀྤ ཉྩ སྠཱ བི བྱ མཱུ རྡྷཱ ངྐ ར། ཤིང་རྟ་ཆེན་པོ་རྗེས་འབྲང་ལྟེ་སྔོན་ཅན། །དབུས་འགྱུར་གནས་ལྔ་རིག་ཀུན་གཙུག་གི་རྒྱན། །བསིལ་ལྡན་ལྗོངས་ཀྱི་འདབ་གཤོག་ཡངས་པར་འཁོར་ལོ་གསུམ་གྱི་ཕུར་ལྡིང་གིས། །སྒྱུ་འཕྲུལ་དྲ་བའི་རོལ་གར་བྱེད་པོ་མཁན་སློབ་ཆོས་རྒྱལ་མར་མེ་མཛད། །རིན་རྔོགས་ལོ་ཤོང་དཔང་བུ་སོགས་མཁས་གྲུབ་གཉིས་སྐྱེས་ལུས་དཀར་ཅན། །རྨད་བྱུང་བཀའ་དྲིན་མཚུངས་པ་མེད་ཕྱིར་ཤེས་ལྡན་ཡོངས་ཀྱི་ཕྱག་གི་གནས། །ཚོགས་གཉིས་བྱེ་བའི་མན་ཤེལ་རྩེགས་པའི་ལྡིང་ཁང་ནས། །རླབས་ཆེན་སྨོན་ལམ་རིན་ཆེན་སྦྲེལ་བའི་ཐེམ་སྐས་ལས། །བོད་ཡུལ་ཚལ་འདིར་འོངས་པའི་འཇམ་དབྱངས་མིའི་ཟོལ་ཅན། །འགྲོ་བའི་བླ་མ་བཙོང་ཁ་པ་ལ་གུས་པས་འདུད། །ལེགས་བྱས་གསེར་གྱི་འཁོར་ལོས་རྫོགས་ལྡན་གྱི། །སྒོ་འཕར་བརྒྱ་ཕྲག་འབྱེད་ལ་མངའ་(༡༦བ)


GLG020_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་བའི། །དཔལ་ལྡན་ཕག་མོ་གྲུ་པའི་སྡེ་སྲིད་ཀྱི། །ལུགས་གཉིས་མཛད་པའི་ངོ་མཚར་རྒྱ་མཚོ་ལས། །མང་དུ་ཐོས་པའི་དཔྱིད་ཀྱི་དཔལ་མོའི་མངལ། །ཚུལ་བཞིན་བསམ་པའི་དྲི་བཞོན་གྱིས་སྦྲུམས་པས། །རབ་འབྱམས་ཤེས་བྱའི་དབྱར་དུས་དགའ་སྟོན་གྱི། །འགྱུར་མེད་ཅ་ཚེའི་རིམ་པ་སྤེལ་བར་སྤྲོ། །ཞེས་ཤིས་པ་བརྗོད་པས་སྔུན་བསུས་ཏེ། གནམ་སྐོས་རྒྱ་ནག་གོང་མ་ཝན་ལིའི་ལུང་གིས་ཀྭན་དིང་གུ་ཤྲི་ཞེས་ཆོས་ཀྱི་རྒྱལ་པོ་ལྷ་ཡི་ལྷར་དབང་བསྐུར་ཞིང་། ཀུན་མཁྱེན་བུ་རམ་ཤིང་པའི་རིང་ལུགས་པར་མིང་ཡོངས་སུ་གྲགས་པ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེའི་ཡི་གེ །བཟང་པོའི་བསྐལ་པ་འདིའི་སྟོབས་བཅུ་མངའ་བ་རྣམས་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་བརྙེས་པའི་གནས་འཕགས་ཡུལ་རྡོ་རྗེ་གདན་ནས་བཟུང་། ཆོས་རྒྱལ་རིགས་ལྡན་སུམ་ཅུ་རྩ་གསུམ་གྱི་གནས་ཤམ་བྷ་ལའི་གྲོང་ཁྱེར་ཚུན་གྱི་སར་འཁོད་པའི་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་བོད་ཁྲི་སྐོར་བཅུ་གསུམ་གྱི་སར་གནས་པའི་ལྷ་སྡེ་མི་སྡེ། རྒྱལ་པོ་རྒྱལ་རིགས། དཔོན་ཆེན་དཔོན་སྐྱ། རྫོང་སྡོད། ཞི་དྲག་སྣེ་མོར་མངགས་སླེབ། ལྷག་ཏུ་རྩེས་ཐང་གི་དྲུང་ཆེན་ལྷོ་བྱང་། གཞུང་ལས་རིགས་ལས། གྲྭ་སྐོར་བྱེད་མི་སོགས་མཐའ་དག་ལ་སྤྲིངས་པ། འོ་སྐོལ་གྱི་སྟོན་པ་ཐུགས་རྗེའི་དབང་ཕྱུག་བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེ་ནི། ཆོས་མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་པ་ལྟར། ལུང་རྟོགས་ཀྱི་བསྟན་པ་གཉིས་ཡོད་པ་ལས། བསླབ་པ་གསུམ་སོགས་རྟོགས་པའི་བསྟན་པ་གདུལ་བྱའི་རྒྱུད་ལ་སྐྱེད་པར་བྱེད་པ་ལ། དེ་བརྗོད་བྱར་བྱེད་པའི་ལུང་གི་བསྟན་པ་ལ་ཐོས་བསམ་སྔོན་དུ་འགྲོ་དགོས་པའི་རྒྱུ་མཚན་གྱིས། རྗེ་བཙུན་མི་ཕམ་པས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། ཚུལ་བཞིན་ཡིད་ལ་བྱེད་(༡༧ན)


GLG020_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། ཞེས་གསུངས་ལ་ཁྱད་པར་རང་ཅག་གངས་རིས་བསྐོར་བའི་ལྗོངས་འདིའི་སྐྱེ་འགྲོ་རྣམས་ལ་མཚུངས་པ་མེད་པའི་བཀའ་དྲིན། ཆོས་རྒྱལ་མེས་དབོན། མཁན་སློབ་ལོ་པཎ་རྣམས་ཀྱི་མཛད་པ་བཟང་པོས། མཐའ་འཁོབ་ཀྱི་ཡུལ་མཐའ་དག་དམ་པའི་ཆོས་ཀྱི་དགའ་སྟོན་རླབས་པོ་ཆེས། འགྲོ་བ་མཐའ་དག་གི་ལེགས་བྱས་རྒྱ་མཚོའི་སྒོ་འཕར་ཕྱེ་ཞིང་། བསྟན་པ་ཕྱི་དར་གྱི་དུས། མཉམ་མེད་ཇོ་བོ་ཡབ་སྲས། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ས་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན། མཁས་པའི་དབང་པོ་ཤོང་དཔང་། ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་རྗེ། མཉམ་མེད་ཆོས་ཀྱི་རྒྱལ་པོ་རྒྱལ་བ་བཙོང་ཁ་པ་ཡབ་སྲས་སོགས་མཁས་པའི་དབང་པོ་རྣམས་ཀྱིས་སྡེ་སྣོད་གསུམ་དང་། ཕྱི་ནང་གི་རིག་པའི་གནས་མཐའ་དག་ལུང་དང་རིགས་པའི་སྒོ་ནས་དཔྱད་པ་གསུམ་གྱིས་གཏན་ལ་ཕབ་པའི་སྐབས་ལས། དུས་ཀྱི་ཀྱང་ཆེར་མ་ཞུགས་པའི་ཚེ། གནམ་རིམ་པ་བཅུ་གསུམ་གྱི་མཐོངས་ནས་འཇིག་རྟེན་ཐམས་ཅད་ཀྱི་བྱེད་པོ་ཚངས་པས། རྩོད་པའི་དུས་སུ་སྟོབས་ཀྱི་འཁོར་ལོས་སྒྱུར་པར་དབང་བསྐུར་བ། སྡེ་སྲིད་ཕག་མོ་གྲུ་པ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དཔལ་བཟང་པོས། འཇིག་རྟེན་མི་ཆོས་ནས་དཔའ་མཛངས་རྟུལ་ཕོད་རྣམ་དཔྱོད་ཀྱིས། བོད་ཁྲི་སྐོར་བཅུ་གསུམ་མཐའ་དག་ལེགས་བྱས་ཀྱི་དཔུང་པས་རང་དབང་དུ་མཛད་ཅིང་། དམ་པ་ཆོས་ཀྱི་སྒོ་ནས། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་མཛད་པ་རྒྱ་མཚོ་ལྟ་བུ་ལས། མཐོ་རིས་ཀྱི་ཡོན་ཏན་བདུན་གྱི་དགེ་མཚན་མཐའ་དག་གཅིག་ཏུ་འདུ་བ་ཡར་ཀླུངས་ཀྱི་སའི་ཆར་ཆོས་གྲྭ་ཆེན་མོ་དཔལ་གྱི་རྩེས་ཐང་ཞེས། མདོ་སྔགས་ཟུང་དུ་འབྲེལ་བའི་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་ཉེ་བར་བསྐྲུན་པ་ནས་བཟུང་། འཇམ་དབྱངས་གུ་ཤྲི། དབང་གྲགས་པ་རྒྱལ་མཚན། ས་སྐྱོང་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་སོགས་སྡེ་བཞིའི་(༡༧བ)


GLG020_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཕུན་སུམ་ཚོགས་པས་མངོན་པར་མཐོ་བའི་གོང་མ་རིམ་པར་བྱོན་པ་རྣམས་ཀྱིས་ལེགས་པའི་སྲོལ་བཟང་པོ་ཡར་ལྡན་དུ་བཏོད་པ། ཞབས་དྲུང་གོང་མ་ཆེན་པོ་ངག་གི་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཀྭན་དིང་གུ་ཤྲི་ཧ་ཝང་གི་བར་དུ་྄སྲོལ་བཟང་ཉམས་པ་མེད་པར་གནས་ནའང་། བར་སྐབས་ཡུལ་གྲུ་སོ་སོར་རྒྱལ་ཕྲན་རང་ཉམས་ཀྱིས་བཟུང་བ་དང་། ས་ཀུན་ལ་དབང་སྒྱུར་བ་རྣམས་ཀྱིས་ཀྱང་། བསྟན་པའི་རྣམ་གཞག་གི་ཚུལ་ལ་དག་ཐེར། ལུགས་གཉིས་ཀྱི་ཁྲིམས་གནོན་སོགས་མ་བྱུང་བར་བརྟེན། གོང་སའི་བཅའ་ཡིག་དང་མི་མཐུན་པའི་བཤད་པ་གཞུང་བསྐྱར་སོགས་སླ་ཆོས་ཁོ་ན་ལ་ཡིད་བསྟད་པའི་ཡོན་ཏན་ཡོད་མེད་མཐའ་དག་ཆུ་དང་འོ་མ་ཆབས་གཅིག་ཏུ་འདྲེས་པའི་བསྟན་པ་རིན་པོ་ཆེར་རྨ་འབྱིན་པ་ཞིག་བྱུང་འདུག་པ། སྤྱིར་ཡང་རང་ཅག་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་དོན་དུ་གཉེར་བའི་སྐྱེ་བོ་རྣམས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པས། །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་པ། །དེ་ལས་ཕྱི་ནས་གང་གིས་སློང་བར་འགྱུར། ཞེས་པ་ལྟར། ཚེ་འདི་ཙམ་གྱི་ཆེད་དུ་མ་ཡིན་པར། །དལ་བའི་རྟེན་ལ་སྙིང་ཐག་པ་ནས་སྙིང་པོ་ལེན་འདོད་ཀྱི་བསམ་པས་ཀུན་ནས་བླངས་པ། དེའང་སློབ་སྤྲིང་ལས། །བདེ་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མི་འམ་ཅི་དང་ལྟོ་འཕྱེས་མིན། །ཞེས་པ་ལྟར། རིང་མོ་ཉིད་ནས་ཕན་པ་བརྒྱ་ཕྲག་བསྒྲུབས་པའི་མར་གྱུར་གྱི་སེམས་ཅན་རྣམས། རྣམ་པ་ཐམས་(༡༨ན)


GLG020_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པའི་སར་འགོད་འདོད་ཀྱི་ལྷག་པའི་བསམ་པ་དང་ལྡན་པ་ཞིག་མེད་དུ་མི་རུང་བ་ཡིན་ན། གནས་སྐབས་རང་ཉིད་ཐོས་བསམ་བྱས་པར་ཁས་འཆེ་ནས། བཀའ་པོད་ཀྱི་བཤད་པ་སོགས་རབ་འབྱམས་གྲྭ་སྐོར་བྱེད་པར་ཡོངས་གྲགས་ཀྱི་གཞུང་གོང་འོག་རྣམས་ལ་སྦྱངས་ཤིང་སྨྲ་བའི་རྣམ་དཔྱོད་ཀྱི་རྩལ་ཅུང་ཟད་ཀྱང་མེད་བཞིན་དུ། འདོད་པའི་ཆོམ་རྐུན་གྱིས་ངོ་ཚའི་ནོར་བརྐུས་པའི་ངང་ཚུལ་དུ་ལྷུར་ལེན་པ་ནི། སྐྱེ་བོ་མ་རབས་ཀྱི་རྣམ་ཐར་ལས་ཀྱང་དམན་པར་གྱུར་པ་ཤ་སྟག་ཏུ་འདུག་པ། དང་ཁྱད་པར་བསྒྱུར་གཞུང་སྔ་ཕྱི་རང་ཉིད་ཀྱི་འདོད་པ་ལྟར་ལོན་པ་སོགས་ཁ་དྲག་ཅན་གྱིས་དབང་དང་། ནོར་ལྡན་གྱིས་རྒྱུ་ངོམ་ལ་བརྟེན་པས་མཁས་གྲུབ་གོང་མའི་ཕྱག་སྲོལ་ཉམས་སུ་འཇུག་པ་ནི། རྒྱལ་བའི་བསྟན་པ་ལ་རྨ་འབྱིན་པ་ཁོ་ནར་ཟད་པས་ཇི་སྐད་དུ་རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་དུ་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་པའི་དོན་ཁོ་ན་ཐོག་ཏུ་འབབ་པས། ད་ཆ་ཚང་མ་ནས་སྤང་བླང་བྱེད་དགོས་ཀྱི་རིམ་པ། དངོས་གཞི་གོང་མ་ཆེན་པོ་ནས་གནང་བའི་བཅའ་ཡིག་སོར་གནས་ངོས། གྲྭ་སྐོར་བ་མང་ཉུང་སོགས་ཀྱི་ཁ་གྲངས་མེད་འདུག་པ། ཧ་ཅང་མང་ཚེ་དེ་ལུགས་ཀྱི་ཉི་མ་མང་པོར་འགྲོ་ཞིང་། ཡུན་རིངས་པའི་བཤད་པ་ཉན་པ་དང་རིགས་ལུང་བྱེད་མི་སོགས་ཀྱང་སྙུགས་བུད་པའི་ཉམས་ཀྱིས་ཚང་མ་ཉོག་པོར་འགྲོ་བ་ཞིག་ཡོད་(༡༨བ)


GLG020_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་ཆེ་བ་དང་། རིགས་ཇ་ཁ་གྲངས་མར་སོང་བའི་ཚོགས་ལང་ཀྱང་ལྡངས་མི་ལྡངས་སྣ་ཚོགས་བྱུང་དྭོགས་ནས་ད་ཆ་དབྱར་གྲྭ་སྐོར་བ་མང་མཐའ་དགུ །དགུན་བཅུ་བཞི་བྱེད་པ་དང་། དུས་ཚོད་ཀྱང་དབྱར་ཧོར་ཟླ་བདུན་པའི་ཚེས་བཞི་དང་། དགུན་ཧོར་ཟླ་བཅུ་པའི་ཚེས་བརྒྱད་ལ་ངེས་ཅན་དུ་འཛུགས། དབྱར་དགུན་གྱི་དུས་གཉིས་པོར་མ་སླེབ་ཕྱིན། ལོ་ཕྱི་མའི་དུས་སྒུག་པ་མ་གཏོགས་འཕར་མ་འཛུགས་པ་སོགས་གང་མོས་མི་བྱེད། བཤད་སྐོར་དེའི་ཡུན་ཚད་ཉི་གྲིབ་རྒྱུག་མཐོ་རེ་ལ་ཆ་འཇོག །བསྐྱུར་གཞུང་ངེས་མེད་ཡོད་འདུག་པ་དེ་བཞིན་ལས། གཞུང་ལས་དང་འགོས་ནས་ས་འོག་དར་འཐག་གི་དྲན་འཕྲུལ་མི་བྱེད། རྒྱུ། དབང་། མི། དཔུང་། ལྟ་གྲུབ་སོགས་ལ་བསྙད་པའི་དབང་ཆེ་ཤེད་ཆེ་མི་བྱེད། སྟོན་པ་བུ་རམ་ཤིང་པའི་རྗེས་སུ་ཞུགས་ཕྱིན་གྲུབ་མཐའི་ཕྱོགས་ལྷུང་གི་གཏོད་ལུགས་བྱུང་ན་མིག་རྐྱེན་དུ་ཕན་པ་ཞིག་མི་ཡོང་འདུག་པས། དགུ་དང་བཅུ་བཞི་ལས་མང་བ་བྱུང་ན་ཐོབ་མི་ཐོབ་ཀྱི་ས་མཚམས་ཤོས་དབྱེ། མ་ཐོབ་པ་སླར་བྱེད་འདོད་ཡོད་པ་རྣམས་གྲྭ་སྐོར་རྗེས་མའི་ཚེ་ཐོབ་པ་འོས་མེད་སྟེང་། གསར་པ་བྱུང་བས་སྣོན་མ་གང་དགོས་ཀྱང་ཤོ་བརྒྱག །གང་གི་གྲངས་བཅད་མཚན་ཉིད་པ་ཡིན་ཞིང་། སྔགས་རམས་པ་དེ་ལ་བརྩི་རྒྱུ་མིན་པས་གང་བྱུང་ཁ་གྲངས་འཕར་འགྲོ །དྲུང་ཆེན། གཞུང་ལས། རིགས་ལས་པ་སོགས་སྣེ་མོར་སླེབས་པ་རྣམས་ཀྱིས་ཀྱང་། གྲྭ་སྐོར་བྱེད་དཀའ་ཙམ་གྱིས་བཤད་གྲྭ་རྣམས་སློབ་གཉེར་ཤུགས་ཀྱིས་འཕེལ་ཞིང་། དེ་ལ་བརྟེན་ནས། རྒྱལ་བའི་བསྟན་པ་འཕེལ་རྒྱས་སུ་འབྱུང་བའི་ཚུལ་བསམ་པའི་སྒོ་ནས་རང་གཞན་ཉེ་རིང་། ཟ་འདོད་མི་བྱེད། ཇ་འདྲེན་སོགས་ཟང་ཟིང་གི་འདུ་ལོང་དགོས་པ་རྣམས་ལས་ཆེན་རང་ཐག་པར་དམ་ཆོས་རྒྱ་མཚོ། (༡༩ན)


GLG020_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལ་ཆ་གཞག་བྱེད། འདིའི་གང་ཅིའི་རྒྱབ་གཉེར་མཐའ་དག་ནོར་འཛིན་སྐྱོང་བའི་དབང་ཕྱུག་སྡེ་པ་རྒྱ་རི་ནས་ཀྱིས་མཛད་དགོས་རྒྱུ་ཡིན། རིང་ནས་བསྐྲུན་པའི་ཚོགས་གཉིས་ཟླ་བའི་མ་མ་ལས་འོངས་སྐུ་གསུམ་གོ་འཕང་བདུད་རྩིའི་བཅུད། འགྲོ་ལ་རྗེས་ཆགས་མཚན་དཔེའི་ལང་ཚོ་རྣམ་པར་རྒྱས་པའི་ཟ་མ་ཏོག་ཏུ་ལེགས་གཏམས་པས། མི་མཐུན་བདུད་བཞིའི་ལྔ་པའི་གྲོང་ཁྱེར་ཕ་མཐར་ཡོངས་བསྐྲད་འཆི་མེད་རྡོ་རྗེའི་སྐུ་བརྙེས་པ། །རིས་མེད་འགྲོ་ལ་གཅིག་ཏུ་སྨན་མཛད་ཉི་མའི་གཉེན་གྱི་མགུར་ལས་འོངས་པའི་གསུང་རབ་ཚོགས། །སྔོན་མེད་སྲོལ་བཏོད་ཤིང་རྟ་འདྲེན་མཁས་འདྲེན་པ་དམ་པ་ཀླུ་སྒྲུབ་རྗེ། །རྗེ་བཙུན་ཐོགས་མེད་ལ་སོགས་མཁས་དབང་མཁས་མང་འཕགས་ཡུལ་གཙུག་གི་དཔལ། །དཔལ་ལྡན་དགེ་བཅུ་ཚང་བའི་ས་འདིར་ས་རྔོག་བུ་སོགས་མཛངས་ཤིང་མཁས། །མཁས་མང་བྱེ་བས་ཐུབ་བསྟན་མ་ལུས་མ་སྨད་སྤེལ་ཕྱིར་དེ་དོན་འཆད། །འཆད་རྩོད་རྩོམ་ལ་འགྲན་ཟླ་ཀུན་བྲལ་ཀུན་མཁྱེན་གཉིས་པ་འཇམ་དཔལ་དབྱངས། །དབྱངས་བདུན་མགྲིན་པར་ལེན་ལ་རབ་མཁས་རབ་ཏུ་ཡངས་པའི་བློ་གྲོས་མཆོག །མཆོག་དམན་ཡོངས་ལ་སྩོལ་བའི་རྣམ་དཔྱོད་རྣམ་ཐར་བཟང་པོས་སཱ་ལའི་ཡུལ་གྲུ་ཀུན་ཏུ་སྤེལ་བའི་གྲགས་སྙན་གྲགས་པ་དོན་ལྡན་བཙོང་ཁ་པ། །རྣམ་གསུམ་མཁས་པའི་བྱ་བའི་རིན་ཆེན་གདུགས། །ལུགས་གཉིས་ནོར་བུའི་ཡུ་བས་རབ་བཏེག་ནས། །དོན་གཉིས་སྲིད་རྩེའི་བར་དུ་འཁོར་བྱེད་པའི། །ས་ཡི་ཚངས་པ་ཕག་མོ་གྲུ་པ་ཡི། །སྡེ་བཞིའི་འདོད་དགུའི་དཔལ་འཕྱུར་ས་ཡི་དཔྱིད། །སྨན་ལྗོངས་རྐང་འཐུང་འཁྲིགས་པའི་ཡར་ཀླུངས་ཀྱི། །བདེ་སྐྱིད་གར་དུ་རྩེ་བའི་ཐང་ཆེན་པོར། །མང་དུ་བཤད་ཅིང་ཉན་པའི་ཡང་དག་འབྲས། །རབ་ཏུ་རྟོགས་དཀའ་རྒྱལ་བའི་གཞུང་ལུགས་ཀུན། །བློ་གྲོས་གཅིག་གིས་འབྱམས་སུ་(༡༩བ)


GLG020_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཀླས་ནུས་པའི། །མཁས་པའི་གོ་སར་འགོད་པའི་རྣམ་གཞག་གི །འགྱུར་མེད་བཅའ་ཚེ་ཡི་གེའི་ཕྲེང་བར་སྤེལ། །མང་ཐོས་ལོ་འདབ་འབྲས་བུ་མ་ལྡན་པར། །རྙེད་གྲགས་འཁོར་་གྱི་སྡོང་བུ་ལྷུར་ལེན་པའི། །བླུན་པོ་བསྟན་འཛིན་གོ་སར་འགྱིངས་པ་ཡིས། །བོད་ཡུལ་གང་བས་མཁས་པའི་བྱ་བ་ཉམས། །མཛད་མེད་ནོར་ལ་སྤྱོད་པའི་གདེངས་ཅན་དབང་། །ཚེ་འཕོས་ཡི་དྭགས་གྲོང་དུ་སྐྱེས་པ་ལྟར། །མཁས་པའི་སྤྲུལ་པར་རློམ་ནས་ཅུང་ཟད་ཙམ། །མི་ཤེས་རྨོངས་པའི་མགོ་བོ་བསྐོར་འདི་ནོངས། །དེ་ལྟ་ན་ཡང་རྣམ་འདྲེན་ཐུབ་པའི་བསྟན། །ལྔ་ཕྲག་དྲུག་པའི་ནང་གི་དུས་ཡིན་ན། །ད་དུང་གང་གི་བསྟན་པ་མ་ཉམས་པས། །བློ་དང་ལྡན་རྣམས་ཐོས་ལ་འབད་པར་རིགས། །མི་དམན་ལྷག་བསམ་ཤིང་རྟ་ཡིས། །ཉེར་དྲངས་གཏམ་གྱི་ཡིད་བཞིན་ནོར། །ཐུབ་བསྟན་འདོད་དགུའི་གྲུབ་ཆར་གྱིས། །བློ་གསལ་དགའ་སྟོན་འཕེལ་གྱུར་ཅིག །ཅེས་ཆོས་གྲྭ་ཆེན་པོ་དཔལ་རྩེས་ཐང་གི་རབ་འབྱམས་ཀྱི་གྲྭ་སྐོར་གྱི་བཅའ་ཚེ་ཤེལ་དཀར་མེ་ལོང་འདིའང་། ལས་ཆེན་དཔལ་འབྱོར་རྒྱ་མཚོས་བསྐུལ་བར་བརྟན། ཟ་ཧོར་གྱི་བཙུན་པ་ཚངས་སྲས་བཞད་པའི་རྡོ་རྗེ་གདོང་དྲུག་དགའ་བའི་བཤེས་གཉེན་དུ་འབོད་པས། འཕགས་ཡུལ་པ་ཨཱ་ཇི་ཏ་ཞེས་པ་ཐམས་ཅད་འདུལ་དུ་གྲགས་ཤིང་། རྒྱ་ནག་པ་ཏིང་ཧ་ཞེས་པ་མེ་ཕག་ཆུ་ཤེལ་གྱི་དབང་པོ་དབོས་ཉ་བའི་དམར་ཕྱོགས་ཀྱི་བཟང་པོ་དང་པོ། གཡུལ་རྒྱལ་བའི་དབྱངས་ཨཱི་འཆར་བའི་ཏཏྤལ་སེང་གེའི་དུས་སྦྱོར་ལ་རྫོགས་ལྡན་གྱི་རྣམ་ཐར་བཞིའི་སྒོ་ཕྱེ་བ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ནས་བྲིས་པ་ཛ་ཡནྟུ། །

རྭ་སྒྲེང་དང་རི་བོ་བདེ་ཆེན་སོགས་ཆོས་སྡེ་ཆུང་རིགས་འགར་སྩལ་བའི་བཀའ་ཡིག་སོགས།


GLG020_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ བི ནཱ ཡ ཏ སྟི གུ པྟ ཙཱ ཏྨ ནྱོོ ཥ དྷེ ཀ རཱ ཛ གུ ཎཱ དཱ ཐ། རྣམ་འདྲེན་ཀུན་གྱི་གསང་བ་གསུམ། །བདག་ཉིད་སྨན་རྒྱལ་ཡོན་ཏན་མགོན། །ཀཱ ནུ ཎེ ར ནུ ཏྟ རཱི ཡ ཎཱ ནཱཾ སཽ ཁི ཀ ཤྩ ཧི ཏྱ སཱ དྷུ ཡ ཙྪ། བླ་ན་མེད་པའི་ཐུགས་རྗེ་ཡིས། །ཕན་དང་བདེ་བ་ལེགས་པར་སྩོལ། །འཛམ་བུ་ཆུ་བོའི་གསེར་སྦྱངས་ལས་གྲུབ་ཉིན་བྱེད་བྱེ་བས་རབ་འཁྱུད་པ། །བླ་ན་མེད་པའི་ས་འཛིན་དབང་པོ་མཚན་དཔེའི་ལང་ཚོ་རྒྱས་པས་ན། །རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་དབང་ཕྱུག་འགྲོ་བའི་དཔུང་གཉེན་སྨན་གྱི་བླ། །ཐུགས་རྗེའི་འོད་གཟིས་དུག་གསུམ་ནད་ཀྱི་མུན་པ་སེལ་བའི་བཀའ་དྲིན་སྩོལ། །གྲངས་མེད་སྐྱེ་རྒུའི་བསོད་ནམས་ཚོང་ཟོང་གིས། །ལན་བརྒྱར་བསྒྲུབ་པའི་ཡིད་བཞིན་དབང་གི་རྒྱལ། །གནས་རིགས་རྗེས་སྦྱངས་འགྲོ་བའི་གཉེན་གཅིག་པུ། །རྒྱ་བོད་གསོ་རིག་སྨྲ་བའི་ཚོགས་རྣམས་རྒྱལ། །ནད་ཀྱི་དྲི་མ་དྲུངས་ནས་རབ་འབྱིན་ཅིང་། །ཕན་དང་བདེ་བའི་རྒྱུན་ཆེན་རྟག་འབབ་པའི། །(༢༠བ)


GLG020_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་རིག་གཞུང་ལུགས་ཡན་ལག་བརྒྱད་ལྡན་ཆབ། །རིས་མེད་འགྲོ་བའི་ངལ་གསོ་འདི་རྨད་བྱུང་། །དགའ་སྐྱིད་དབྱར་གྱི་དཔལ་མོ་འབོད་བྱེད་པའི། །ལེགས་ལྡན་དཔྱིད་ཀྱི་ལུས་ཕྲའི་མངལ་གྱི་ཁུར། །ཡོངས་སུ་རྒྱས་པའི་ལུགས་གཉིས་ཕོ་བྲང་ཆེའི། །སྡེ་བཞིའི་སྒོ་འཕར་བརྒྱ་ཕྲག་ཕྱེ་བ་ལས། །རབ་འོངས་འགྲོ་བ་ཀུན་ལ་མཛད་མེད་ཀྱི། །འཇིགས་པ་མེད་པའི་སྐྱབས་ཀྱི་སྦྱིན་པའི་ནོར། །ཡིད་ཀྱི་རེ་བ་སྐོང་བའི་ཟ་མ་ཏོག །གསོ་རིག་འགྲོ་ཕན་གླིང་གི་བཅའ་ཚེ་བྲི། །དེའང་རང་ཅག་གི་སྟོན་པ་ཐུགས་རྗེའི་བདག་ཉིད་བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེར་འཇུག་པའི་སྒོ་ནི། མགོན་པོ་བྱམས་པས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན། །འཕགས་མཆོག་ཅི་སེམས་ཐམས་ཅད་མཁྱེན་ཉིད་འཐོབ་མི་འགྱུར། །ཞེས་གསུངས་པ་ལྟར། ལོག་སྨྲ་ཚར་གཅོད་པ་སྒྲ་དང་ཚད་མ། གཞན་རྗེས་སུ་འཛིན་པ་བཟོ་དང་གསོ་བ། རང་ཉིད་ཀུན་ཤེས་པར་བྱེད་པ་ནང་རིག་པ་དང་ལྔ་ལས། ཚེའི་རིག་བྱེད་སྨན་དཔྱད་ཀྱི་གཙུག་ལག་འདི་ཉིད་རྫོགས་ལྡན་གྱི་མཇུག་ཏུ། ཤེད་བུ་ཞེས་བྱ་བ་སའི་ཞག་མ་འཇུ་བའི་ནད་ཀྱིས་བཏབ་ཚེ། ཚངས་པས་ཆུ་སྐོལ་ལ་བརྟེན་ནས་གསོས་པས། སྨན་ལ་ལ་སྔ་པ་ཚངས་པ། སྨན་ལ་སྔ་བ་ཆུ་སྐོལ། ནད་པ་ལ་སྔ་བ་ཤེད་བུ། ནད་ལ་སྔ་བ་མ་འཇུ་བ། ཞེས་གྲགས་ཤིང་། རྟོགས་བརྗོད་རིན་པོ་ཆེ་ལས། བདུད་རྩིའི་ཆུ་གཏེར་མ་སྲུབས་ཤིང་། །ནོར་རྒྱས་ཐང་ཡངས་མ་བཅད་ལ། །རི་བོ་བསྒྲིལ་བ་མེད་པར་ཡང་། །གླང་པོ་འདི་དག་གང་ལས་བྱུང་། །ཞེས་པའི་གཏམ་རྒྱུད་ལྟར། །བདུད་རྩི་ལ་ཕན་ཚུན་བརྩོད་པ་ལ་བརྟེན་ནས་ཚངས་པས་ཚེའི་རིག་བྱེད་དྲན་པས། ལྷ་ཡུལ་དུ་དར་ཞིང་། འཕགས་ཡུལ་དུ་རྒྱལ་བ་རང་ཉིད་དང་(༢༡ན)


GLG020_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གསུམ་གྱི་མགོན་པོས་གསུངས་པ་ལ་བརྟེན་ནས། འཚོ་བྱེད་གཞོན་ནུ། དཔལ་ལྡན་དཔའ་བོ་སོགས་ཀྱིས་རྒྱ་ཆེར་བསྟན་ལ་ཁྱད་པར་རང་ཅག་གངས་ཅན་པ་རྣམས་ལ་བཀའ་དྲིན་མཚུངས་པ་མེད་པ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་གསོ་བ་རིག་པའི་དབུ་བརྙེས། སྲོལ་བཏོད། དར་རྒྱས་སུ་མཛད་པ་ལས། མཐའ་བཞིའི་གཞུང་ལུགས་སོགས་ཆེས་མང་ཡང་། ཉི་མའི་འོད་ཀྱིས་ཟླ་སྐར་ཟིལ་གནོན་བཞིན། །རྒྱུད་རྒྱལ་འདི་ཡིས་གསོ་རིག་ཀུན་ཟིལ་གནོན། །ཞེས་པ་ལྟར། སྨན་པའི་རྒྱལ་པོས་ལྟ་ན་སྡུག་གི་གྲོང་ཁྱེར་དུ་གསུངས་པའི་བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་འདི། བརྗོད་བྱེད་ཀྱི་ཚིག་ཉུང་ཞིང་བརྗོད་བྱའི་དོན་ཐམས་ཅད་འདུས་པས། རྒྱ་གར་ཡུལ་དུ་སྨན་གྱི་སྦྱོར་བ་གསུངས། རྒྱ་ནག་ཡུལ་དུ་མེ་བཙའ་རྩ་སྦྱོངས་གསུངས། །དོལ་བོའི་ཡུལ་དུ་གཏར་ཁ་གཙོ་བོར་བསྟན། བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟག་པ་བསྟན། །ལྷ་ཡི་འཁོར་ལ་གསོ་དཔྱད་འབུམ་པ་གསུངས། དྲང་སྲོང་འཁོར་ལ་ཙ་ར་ཀ་སྡེ་བརྒྱད། མུ་སྟེགས་འཁོར་ལ་དབང་ཕྱུག་ནག་པོའི་རྒྱུད། །ནང་པའི་འཁོར་ལ་རིགས་གསུམ་མགོན་པོའི་སྐོར། །གསོ་དཔྱད་རྒྱུད་འདིར་ཐམས་ཅད་འདུས་པར་བསྟན། །ཞེས་རྒྱ་ཆེར་བསྔགས་པའི་གླེགས་བམ་འདི་ཉིད་ཆོས་རྒྱལ་གྱི་དུས་སུ་ཟབ་མོའི་གཏེར་དུ་སྦས་པ་གྲྭ་པ་མངོན་ཤེས་ཀྱིས་སྤྱན་དྲངས་ཤིང་རྗེ་བཙུན་གཡུ་ཐོག་པ་སོགས་མཁས་གྲུབ་མང་པོས་རྒྱ་ཆེར་སྤེལ་བ་འདི་ཉིད་ཀྱི་འཆད་ཉན་ལྷག་པའི་བསམ་པས་གསར་དུ་བསྐྲུན་པའི་སློབ་དཔོན་དུ། རང་གི་གམ་དུ་ཉེ་བར་འཁོད་པའི་བླ་སྨན་དཔོན་ཚང་བྱང་ངོས་པ་བློ་བཟང་གཞན་ཕན་དབང་པོ་བསྐོས་པའི་སྤང་བླང་རིམ་པ་བློ་གསལ་བརྗེད་ཐོར་བཀོད་པ་ནི་(༢༡བ)


GLG020_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་སློབ་མ་གསར་འཇུག་གི་ཚེ་སྣོད་བརྟག་པ་གལ་ཆེ་བས། སྣོད་ངན་རྣམས་ཀྱིས་གདམས་པའི་བཅུད་མི་ཐུབ། །དཔེར་ན་སེང་གེ་དཀར་མོའི་འོ་མ་དེ། །རིན་ཆེན་མ་ཡིན་སྣོད་ངན་ཕལ་པར་བླུག །སྣོད་ཀྱང་འཆག་ལ་འོ་མའི་བཅུད་ཀྱང་འབོ། །དེ་ཕྱིར་གསང་བའི་སྣོད་ངན་འདི་ལྟ་བུ། །སློབ་དཔོན་གསང་ཞིང་རང་ཆེ་འབྱིན་པ་དང་། །ཐབས་ཀྱིས་བརྐུ་ཞིང་གཞོགས་སློང་བྱེད་པ་དང་། །དྲིན་མེད་ཁྱད་སོད་བྱེད་ལ་ཤོར་ར་རེ། །གཡོ་སྒྱུས་འགྲོ་བའི་ནོར་ལ་འཇབ་པ་དང་། །ང་རྒྱལ་དྲེགས་པས་བཅིངས་དང་སྙིང་རྗེ་མེད། །ཚེ་འདི་གཙོར་འཛིན་ལག་ཏུ་ཤོར་ར་རེ། །གསེར་གཡུ་རྟ་ཁྲབ་རིན་གྱིས་མི་བླུ་བར། ཁ་འཇམ་དྲེད་པོའི་ལག་ཏུ་ཤོར་ར་རེ། །དེ་ལྟར་སྐལ་མེད་སྣོད་དང་མི་ལྡན་ན། །ཆུ་སྲིན་གྲེ་བར་རིན་ཆེན་ཆུད་པ་བཞིན། །ཞེས་པ་ལྟར། སྣོད་དང་མི་ལྡན་ཞིང་སྔར་བཤད་ཀྱི་སྐྱོན་གྱིས་སྦགས་པ་ལ་མང་དུ་བསྟན་ཀྱང་གཞན་ལ་ཕན་པར་དཀའ་བས། གདམས་པ་ཐུབ་ཚད་སྤེལ་བས་མཁས་ཁྱད་མེད། །དུག་དང་འདྲེས་པས་ཀུན་ལ་ཕན་མི་ཐོགས། །ཁོང་དུ་རུལ་པས་གདམས་པའི་མགོ་མི་ཐོན། །དམ་ཚིག་ཉམས་པས་ཕྱི་མ་ངན་འགྲོར་ལྷུང་། །དེ་ཕྱིར་ཤིན་ཏུ་གསོངས་ཤིག་དྲང་སྲོང་རྣམས། །ཞེས་པའི་དོན་ཐོག་ཏུ་འབབ་ཅིང་སྣོད་དང་ལྡན་པ་ཞིག་དགོས་པས། རྒྱུད་འདི་གཏད་པར་བྱ་བའི་སྣོད་ལྡན་ནི། །དམ་ཚིག་ལྡན་པས་བླ་མ་སྤྱི་བོར་ཁུར། །ནོར་དང་སྲོག་ལ་འཕངས་མེད་གཏོང་ཕོད་ནས། །ཤེས་རབ་ཆེ་བས་ཚིག་དོན་འགལ་འགྲེལ་འབྱེད། །བྱང་སེམས་ཆེ་བས་གཞན་དོན་གཙོ་བོར་ལེན། །ཆོས་ལ་བྲང་གཏད་གཡོ་སྒྱུ་ཟོལ་ཟོག་མེད། །སྨན་པའི་རྒྱུ་དྲུག་ཚོགས་པའི་སྐལ་ལྡན་ལ། །དྲང་སྲོང་ཆེན་པོའི་རྒྱུད་འདི་གཏད་པར་གྱིས། །(༢༢ན)


GLG020_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་ཡོངས་སུ་ཚང་བ་དུས་དབང་གིས་དཀའང་། དེའི་རྗེས་སུ་མཐུན་པ་ཞིག་དགོས་ཤིང་། འཇུག་བྱའི་གང་ཟག་ཀྱང་། འཛིན་ཤེ་གཏན་ནས་མེད་པ་དང་། རིགས་ཤིན་ཏུ་དམའ་བའི་ཡ་བཤན་ལྟ་བུ་དང་ན་ཚོད་ཡོད་པ་དང་། ཤིན་ཏུ་གཞོན་སྐྱོན་གྱིས་སློབ་གཉེར་མི་ནུས་པ་མ་ཡིན་པའི་རིས་ལ། ལོ་ལྔ་དྲུག་ཚུན་སྡོད་པ་དང་། རྒྱུད་བཞི་ཡོངས་རྫོགས་འཛིན་ཅིང་། མ་འགྲེལ་བར་ལག་ལེན་མི་སྐྱོང་པའི་ཁས་ལེན་བསྐོར། ལོ་ལྟར་གྱི་ཧོར་ཟླ་གསུམ་པའི་ཚེས་གཅིག་ནས། བདུན་པའི་གནམ་གང་བར་ཆོས་ཚུགས་པའི་རིང་། ནམ་སེང་ནས་དཔེ་ཆའི་འཛིན་མཚམས་སྐྱོར་སྦྱང་བྱེད། དཔེ་ཆ་མཐོང་མཚམས་ནས་སོ་སོའི་སྡོད་སར་ཤུབ་བུར་ཟླ་བོའི་སྒྲ་མི་འཁྲོག་པ་བྱས་ནས་ཚ་རྟིང་ཁ་ཚུན་བློ་འཛིན་བྱེད། དེ་ནས་སྐྱབས་འགྲོ་སེམས་སྐྱེད། ས་གསུམ་མ། བློ་བཟང་རྒྱལ་བ་མ། རྒྱུད་བཞིའི་གསོལ་འདེབས། མཚན་བརྗོད་ཚར་གསུམ། སྨན་བླའི་མངོན་རྟོགས་གཟུངས་བརྒྱ་རྩ་དང་བཅས་པ་འདོན། གུང་ཡོལ་ནས་བཟུང་། སོ་སོར་གང་བདེར་དཔེ་ཆ་ཁྱེར་ནས་བཤད་སྦྱང་བྱེད། དགོངས་ཇའི་ཐོག །སློབ་དཔོན་གྱིས་བཤད་པ་ས་བཅད་གཏོང་། ཉེ་མཚམས་ནས་སྒྲོལ་མ་ཉི་ཤུ་རྩ་གཅིག །ཤེར་སྙིང་བཅུ་གཅིག །ཚེ་གཟུངས་བརྒྱ་རྩ། གཡུ་ཐོག་པའི་བསྟོད་པ་རྣམས་འདོན། སྒྲོལ་འདོན་གྲོལ་ནས་སྲོད་འཁོར་བར། གང་འོས་སུ་བསྡད་ནས་དཔེ་ཆ་སྐྱོར་སྦྱང་བྱེད། ཟླ་བ་ངོ་རེ་བཞིན་རྒྱུགས་ལེན། དགོན་གསེབ། ཞོལ་སོགས་ཉེ་སྐོར་ལ་ཞག་གཅིག་ཚུན་འགྲོ་དགོས་གཉེར་བར་འདྲི། དེ་ཕན་སློབ་དཔོན་ལ་འདྲི། བོད་སོག་ཧོར་གསུམ་སུ་འདྲ་ཞིག་ཡིན་ཀྱང་(༢༢བ)


GLG020_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ངོམ། མི་དཔུང་གྲ་སྡེབས། ཡུལ་ལུགས་ལ་བསྙད་པའི་ཤེད་ཆེ་མི་བྱེད། རྩེད་མོ་འཛིང་རྒྱག་སོགས་བག་མེད་ཀྱི་སྤྱོད་པ་བྱས་པར་བརྒྱ་ཕྱག་གནང་བ་མ་ཞུས་པར་ཕྱིན་པ་དང་། ཁ་འཐབ། ཁུ་ཚུར་བརྡེགས་པ་སོགས་ལག་འཐབ་ཕྲན་བུ་བྱས་པར་གཏོང་ཆ། རྨས་ཁྲག་བཏོན་པ་སློབ་གཉེར་བྱེད་རིང་ཉེ་སྐོར་དུ་ནག་ཆང་བྱས་པ་ལ་གནས་དབྱུང་བྱེད། ཟླ་བ་བརྒྱད་པའི་ཚེས་གཅིག་ནས། གཉིས་པའི་གནམ་གང་བར་སོ་སོར་དཔེ་མཚམས་གང་སྨར་བྱས་པའི་སླར་ཆོས་ཚུགས་སྐབས་རྒྱུགས་སྤྲོད་རྒྱུ་ཡོད་པ་བྱེད། ལག་ལེན། ངོས་འཛིན། བསྔོ་སྨན་སྐབས་ངོ་སྤྲོད་སོགས་གང་ཅིར་ཞིབ་ཏུ་དཔྱད་པའི་རྗེས་སོར་གཞན་ཕན་ཚུལ་ལྡན་ཡོང་བ་གལ་ཆེ། གོང་ཤར་གྱི་བཅའ་ཚེ་དང་། སློབ་དཔོན་གྱི་ངག་བཀོད་ལས་འགལ་བ་བྱུང་ཚེ་རྩད་གཅོད་ཡོང་བས་གོ་བར་གྱིས། དེ་ལྟར་ཚུལ་བཞིན་བསྒྲུབས་པའི་དགོས་པ། སྣོད་དང་ལྡན་པས་རྒྱུད་འདི་སུས་འཆང་བ། ཚེ་འདིར་བཙན་ཕྱུག་ཕན་དར་འཛོམ་པ་དང་། འགྲོ་བ་སྤྱིས་འཁར་དཔལ་གྲགས་འཐོབ་པ་དང་། །ཕྱི་མ་བྱང་ཆུབ་གོ་འཕང་འགྲུབ་པར་བསྔོ། །ཞེས་དང་། ཐམས་ཅད་འདུས་པའི་རྒྱུད་འདི་ཁྱུང་ལྡེང་འདྲ། །ནད་ཀྱི་གཡང་སར་ཉམ་ང་བག་ཚ་མེད། །ཡིད་དུ་འོང་བ་ཁུ་བྱུག་གསུང་སྙན་འདྲ། །འགྲོ་བ་གང་གིས་ཐོས་ཀྱང་སྤྲོ་བ་བསྐྱེད། །ཅེས་སོགས་ཕན་ཡོན་རྒྱ་ཆེར་གསུངས་པ་ལྟར་འབྱུང་བ་ཡིན་ནོ། ནད་ཀྱི་དགྲ་དཔུང་རིང་དུ་འཇོམས་ཤིང་ཕན་བདེའི་དངོས་པོ་ཀུན་སྟེར་བའི། རྒྱལ་བ་སྨན་བླ་དྲང་སྲོང་རིག་འཛིན་བརྒྱུད་པར་བཅས་པའི་ཚོགས་རྣམས་ཀྱི། །རྣམ་པར་དཀར་བའི་འཕྲིན་ལས་མ་སྨད་ནོར་བུ་དབང་གི་རྒྱལ་པོ་ཆེ། །སྲིད་མཐར་གནས་ཤིང་ཡིད་ཀྱི་རེ་བའི་འདོད་པ་འཇོ་བའི་དཔལ་གྱུར་ཅིག །ཅེས་པའང་ཟ་(༢༣ན)


GLG020_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་གྱི་བཙུན་པ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །ཀུན་མཁྱེན་ཟས་གཙང་སྲས་ཀྱི་འཕྲིན་ལས་པར་མིང་ཡོངས་སུ་གྲགས་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེའི་ཡི་གེ །བཀའ་གདམས་རིན་པོ་ཆེའི་ཆུ་འགོ ། གདན་ས་ར་སྒྲེང་རྒྱལ་བའི་དབེན་གནས་ཀྱི་གྲྭ་རིགས་སྦྱིན་བདག་སྣེ་མོར་མངགས་སླེབ་དང་བཅས་པ་མཐའ་དག་ལ་སྤྲིངས་པ། འོ་སྐོལ་གྱི་སྟོན་པ་བརྩེ་ཆེན་ཐུགས་རྗེའི་བདག་ཉིད་ཅན་རྒྱལ་བ་ཉི་མའི་གཉེན་གྱི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་འགྲོ་བ་ཀུན་གྱི་སྨན་ཡོན་དམ་པར་གྱུར་པ་འདི་ཉིད། སཱ་ལའི་ཡུལ་གྲུ་ཆེན་པོར་ཆོས་རྒྱལ་མེས་དབོན་རྣམས་ཀྱི་བཀའ་དྲིན་ལས་དར་བར་གྱུར་ནའང་། བར་སྐབས་སུ་འཕེལ་འགྲིབ་ཅུང་ཟད་བྱུང་བ་སླར་ཡང་མ་རྟོགས་པ་དང་ལོག་པར་བལྟ་བ་མཐའ་དག་དྲུངས་པར་བྱ་བའི་ཆེད་དུ། མགོན་པོ་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སྒྱུ་མ་རོལ་པའི་ཟློས་གར་ལས་དཔལ་དཱི་པཾ་ཀ་ར་ཤྲིཛྙ་ནས་ཤིང་རྟ་ཆེན་པོ་རྣམ་པ་གཉིས་ཀྱི་ལུགས་སྲོལ་དྲི་མ་མེད་པ་ལ་བརྟེན་ནས། གངས་ཅན་གྱི་ལྗོངས་ཐམས་ཅད་ལ་རྣམ་པར་ཁྱབ་པའི་བསྟན་པ་རིན་པོ་ཆེ། སྒྲོལ་མས་ལུང་བསྟན་པའི་སྲས་ཀྱི་ཐུ་བོ་པད་དཀར་འཛིན་པ་རྒྱལ་བའི་འབྱུང་གནས་ལ་ཉེ་བར་བཏད་པའི་ཡུལ་དུ་བྱུང་བའི་འབྲས་བུ་ཡོངས་སུ་གྲུབ་པའི་ལྷ་ཆོས་བདུན་ལྡན་གྱི་རྣམ་ཐར་གཙང་མའི་ཆོས་ཚུལ་མ་ལུས་པར་འབྱུང་བའི་སྒོ་གཅིག་པུ། རྟེན་དང་བརྟེན་པར་བཅས་པའི་འདུས་སྡེ་དམ་པ་ལེགས་པར་བསྐྲུན་པ་གང་འདི་བཀའ་གདམས་ཀྱི་བསྟན་པའི་བཙས་སུ་མི་ཉམས་ཤིང་འཕེལ་བར་བྱེད་པའི་སླད་དུ་མཁན་པོར་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས། བྱང་རྩེ་ཆོས་རྗེ་ངག་དབང་(༢༣བ)


GLG020_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བསྐོ་གཞག་བགྱིས་ཡོད་པ། སྤྱིར་ཡང་ཐར་པ་དོན་དུ་གཉེར་བ་མཐའ་དག་དང་ཁྱད་པར་བཀའ་གདམས་རིན་པོ་ཆེའི་རྗེས་སུ་ཞུགས་པ་རྣམས་ཀྱིས་ནན་ཏན་སྙིང་པོར་བསྒྲུབ་བྱ་བསྟན་པའི་རྩ་བ་ཚུལ་ཁྲིམས་རིན་པོ་ཆེ་རྣམ་པར་དག་པའི་གཞི་བཟུང་། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་ཚུལ་ལ་སྒོ་གསུམ་གྱི་འབད་པ་བསྟེན་པ་ཁོ་ནར་གདའ་བས། མཁན་པོས་ཀྱང་སྔར་སྲོལ་ནུབ་པ་རྣམས་གསར་དུ་གསོ་བ་དང་མ་ནུབ་པ་རྣམས་གོང་འཕེལ་དུ་འགྱུར་བའི་ཆོས་ཁྲིམས་བཅའ་བ་ལ། ཁྱོད་གོང་འཁོད་རྣམས་ཀྱི་ལྷག་པའི་བསམ་པས་ཡང་དག་པར་བསྒྲུབ་དགོས་རྒྱུ་ཡིན། འཕགས་ཡུལ་བ་ཨཱ་དྷ་རར་འབོད་པ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ་ཉིན་བྱེད་དབང་པོ་སེང་གེའི་ཁྱིམ་དུ་སྤྱོད་པ་དབྱངས་ཨེ་འཆར་བའི་ཚེས་ལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ནས་བྲིས། །ཀུན་མཁྱེན་ཟས་གཙང་སྲས་པོའི་འཕྲིན་ལས་པར་མིང་ཡོངས་སུ་གྲགས་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ། །མིང་གཞན་ཇིང་གིར་གནམ་གྱི་ཡུལ་དུ་ཏཱ་ལའི་བླ་མ་བཛྲ་དྷ་ར་ཞེས་པའི་གཏམ། དད་སྟོབས་ལྡན་པ་ཇ་སག་ཐུ་རྒྱལ་པོས་གཙོས་པའི་ཁལ་ཁའི་རྒྱལ་པོ་རྒྱལ་རིགས། དབང་ཐ་བུ་ན། མི་བཟང་སོགས་ལུགས་ཟུང་གི་བྱ་བའི་ཁ་ལོ་སྒྱུར་བ་མཐའ་དག་ལ་ཟློ་བ། འགྲོ་བ་ཀུན་ལ་གཅིག་ཏུ་སྨན་པར་མཛད་པ་ཕན་དང་བདེ་བའི་དཔུང་གཉེན་དམ་པ། རྒྱལ་བ་ཉི་མའི་གཉེན་གྱིས་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་རྒྱུ་སྒྲུབ་བྱེད་ཀྱི་ཐབས་སུ་གསུང་རབ་ཡན་ལག་བཅུ་གཉིས་བཀའ་སྩལ་བ་མཐའ་དག་བརྗོད་བྱའི་སྙིང་པོ་མི་དགེ་བ་བཅུ་སྤོང་ཞིང་། དགེ་བཅུ་སྒྲུབ་པར་གསུངས་པས། སྔོན་འཛམ་གླིང་ཡངས་པའི་རྒྱལ་ཁམས་སུ་བྱོན་པའི་ཆོས་ལྡན་རྒྱལ་(༢༤ན)


GLG020_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ཀྱིས་དགེ་བ་བཅུའི་ཁྲིམས་ལ་བརྟེན་པས་རང་གཞན་གྱི་དོན་རླབས་པོ་ཆེ་སྐྲུན་པ་ལྟར་སྐྱེ་རྒུ་ཀུན་གྱི་ཕན་བདེ་འབྱུང་བ་ནི། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་རག་ལུས་ཤིང་། དེའང་ལུགས་སོ་སོའི་ས་ཆེན་སྐྱོང་པ་རྣམས་ཀྱི་རྒྱལ་ཁྲིམས་ཆོས་བཞིན་དུ་སྤྱོད་པ་ལ་རག་ལུས་པས། སྔོན་ནས་རྒྱུ་མཚན་རིམ་པར་སོང་བ་ལྟར་ཕྱོགས་དེའི་ཕྱི་ནང་ཀུན་ཏུ་ཕན་ཚུན་མཐའ་དག་མཉེས་གཤིན་པའི་ངང་ཚུལ་ཅན་གྱིས། རང་རང་གི་མངའ་རིས་ལ་ཆོག་ཤེས་པ་དང་། སྡིག་སྤྱོད་ཀྱི་ཚུལ་ལ་ངོ་ཚ་ཤེས་ཤིང་། སྔོན་ནས་གཉེན་དང་མཛའ་གྲོགས་སུ་གྱུར་པའི་ཁྲེལ་ཡོད་ཡ་རབས་ཀྱི་སྤྱོད་ཚུལ་བགྱིས་པའི་གཞུང་བཟང་པོ་བདེ་འཇགས་ལྷག་བསམ་གྱི་ཁུར་ཆེན་པོ་དང་ལྡན་པ་དགོས་ཚུལ་ཞིབ་པ་ཨེར་ཏི་ན་ཆོས་རྗེའི་ངག་ནས་སྨྲེང་བ་ལྟར། བརྗོད་པའི་འབྲས་བུ་ཡང་དག་པར་སྨིན་པ་ནན་ཏར་གལ་ཆེ། ཚུལ་འདིར་བསམ་སྦྱོར་ངན་པའི་ཀུན་དཀྲིས་ཀྱིས་ལོག་པར་འཁུ་ན། དམ་ཅན་རྒྱ་མཚོའི་ཆད་པས་ལུས་སེམས་ལ་བརྣག་དཀའ་ཞིང་ལྕི་བར་མི་འགྱུར་རམ། །སྨྲས་པ་དོན་དང་ལྡན་པ་རྣམས་ལ་གནས་སྐབས་སུ་ལེགས་པའི་དོན་རྣམས་འགྲུབ་ཅིང་། མཐར་ཐུག་རྫོགས་པའི་བྱང་ཆུབ་ལ་རེག་པའི་བསྔོ་སྨོན་གྱིས་རྒྱས་འདེབས་ཡིད་ལ་འགྲོགས་པ་ཡིན། ཞེས་འཕགས་ཡུལ་པ་ཨཱ་དྷ་རར་འབོད་པ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ་ཆུ་ཤེལ་གྱི་དབང་པོ་གྲོ་བཞིན་གྱིས། ཉེ་བའི་ཡར་ཚེས་དགེ་བར་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ནས་བྲིས། །དབང་ཕྱོགས་རྒྱལ་པོ་ཝཱ་ན་ལིའི་ལུང་གིས་ཀཱན་དིང་ཏའི་གུ་ཤྲཱི་ཞེས་ཆོས་ཀྱི་རྒྱལ་པོ་རྒྱལ་ཁམས་ཀྱི་འདྲེན་པར་དབང་བསྒྱུར་ཞིང་། གནམ་གྱི་བུ་ཇིང་གིར་(༢༤བ)


GLG020_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་གྱི་རྒྱལ་ཁམས་སུ་ཏཱ་ལའི་བླ་མ་བཛྲ་དྡྷཱ་ར། མིང་གཞན་དེ་བཞིན་བཤེགས་པའི་འཕྲིན་ལས་པ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེའི་ཡི་གེ །ལུས་ཅན་ཀུན་གྱི་ལེགས་བྱས་རྒྱ་མཚོའི་དཔལ་གྱིས་ཉེ་བར་བསྒྲུབས་པའི་སྒྲོན་མེའི་བསྐལ་པ་རྣམས་ཀྱི་ནང་ནས་བླ་ལྷག་ཏུ་འགྱུར་པ་བཟང་པོའི་བསྐལ་པ་ཞེས་སྟོབས་བཅུ་མངའ་བ་སྟོང་གིས་ཡེ་ཤེས་མཆོག་གི་བདུད་རྩི་བརྙེད་པའི་གནས་ཨཱཪྻྻཻརྡེ་ཤ་བརྫྲཱ་ས་ན་ཞེས་འཕགས་ཡུལ་རྡོ་རྗེ་གདན་གྱིས་ཉེ་བར་མཛེས་པའི་འཛམ་གླིང་ཡངས་པའི་རྒྱལ་ཁམས་སྤྱི་དང་། བྱེ་བྲག་ལྷ་ལྡན་གཙུག་ལག་ཁང་ནས་བཟུང་། རི་བོ་ཆེ་ཚུན་གྱིས་ས་ལམ་དུ་འཁོད་པའི་ལྷ་སྡེ་མི་སྡེ་རྒྱལ་པོ་རྒྱལ་རིགས། དཔོན་ཆེན་དཔོན་སྐྱ། རྫོང་སྡོད་སྣེར་སླེབས་དམག་ཨར་ཇག་གི་འགྲིམ་འགྲུལ། ཀོ་གྲུ་ལྕགས་གསུམ་གྱི་མཉན་གཉེར། ལ་འཕྲང་སྲུང་མི་སོགས། བོད། སོག །ཧོར་གསུམ་གྱི་མཆོག་དམན་བར་མའི་སྐྱེ་འགྲོ་མཐའ་དག་ལ་བཟློ་བ། འགྲོ་བ་ཀུན་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་རྒྱལ་པོ་ཟས་གཙང་སྲས་པོའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ཕན་དང་བདེ་བའི་བདུད་རྩི་ཟད་མི་ཤེས་པའི་བདག་ཉིད་ཅན་གྱི་སྙིང་པོར་གྱུར་པ། ནང་དུ་ཡང་དག་པར་འཇོག་པའི་བསྒྲུབ་རྒྱུད་རྒྱ་མཚོའི་ཤིང་རྟ་པ་ཆེན་པོ། །ངེས་པའི་དོན་དུ་རྒྱལ་བ་ཉི་མའི་གཉེན་དང་ཐ་མི་དད་པར་ཞལ་གྱིས་འཆེས་ཤིང་། དབང་པོ་ཐ་མའི་གདུལ་བྱའི་ངོར་རིམ་གྱིས་སྦྱངས་(༢༥ན)


GLG020_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དཔལ་ཕག་མོ་གྲུབ་པ་རྡོ་རྗེ་རྒྱལ་པོ་གང་གི་རིང་ལུགས་གདུགས་དཀར་པོ་གཅིག་གིས་ནོར་འཛིན་གྱི་ཁྱོན་ཀུན་ཡོངས་སུ་ཁྱབ་པའི་འཕྲིན་ལས་ཀྱི་སྒོ་འཕར་ལས་གྲུབ་པའི་དཔལ་སྟག་ལུང་ཐང་པའི་བཀའ་རྒྱུད་ཅེས་གྲགས་ཤིང་། གོང་མའི་ལུང་དང་ལས་ཀས་བོད་གླིང་དགུའི་རྒྱལ་ཁམས་སུ་དབང་གིས་ཆེ་བའི་ལུགས་གཉིས་ནས་མངོན་པར་མཐོ་བ་གང་གི་རིགས་ཆོས་འཛིན་པའི་དབང་ཕྱུག་སྟག་ལུང་ནས་ཞབས་དྲུང་རིན་པོ་ཆེ་དཔོན་སློབ་ཆོས་སྲིད་ཀྱི་འཕྲིན་ལས་རྒྱ་ཆེན་པོ། ཤར་ཕྱོགས་ཉི་འོག་གི་རྒྱལ་ཁམས་སུ་རྒྱ་མཚོའི་རླབས་ལྟར་དུས་ལས་ཡོལ་བ་མེད་པར་འཇུག་པའི་སྒོར་རི་བོ་ཆེ་ཕྱོགས་སུ་ཕེབས་སོང་བར། དམ་པའི་སྐྱེས་བུ་རྣམས་འགྲོ་བའི་བསོད་ནམས་ཀྱི་ཞིང་རྨད་དུ་བྱུང་བར་རྒྱལ་དང་དེ་སྲས་རྣམས་ཀྱིས་བསྔགས་པར་མཛད་པ་འཁྲུལ་པ་མེད་པའི་ཕྱིར་ན། ཁྱོད་གོང་འཁོད་རྣམས་ཀྱིས་གུས་འདུད་ལྷུར་ལེན་གྱི་བཀུར་སྟེ་དང་རི་མོར་བགྱི་བ་མ་གཏོགས། ཐུགས་སུན་ཕྱུང་བའི་ལོག་སྒྲུབ་ཏུ་འགྲོ་བ་མ་བྱེད། ཡི་གེ་མཐོང་བཞིན་འགལ་ཆར་སོང་ན། དམ་ཅན་རྒྱ་མཚོ་དཔང་དུ་བཙུགས་ཏེ། ལུས་སེམས་ལ་བརྣག་དཀའ་ཞིང་ལྕི་བའི་ཆད་པ་འབེབས་པར་མི་འཇིགས་སམ། ཚུལ་བཞིན་བསྒྲུབས་པའི་དགེ་བ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་ཏིང་ངེ་འཛིན་གྱི་འཇུག་པ་ཡུན་དུ་བགྱིད་པ་ཡིན་ཞེས་ལེགས་སྦྱར་གྱི་སྐད་དུ་ཨཱ་དྷ་ར། ཀུན་འཛིན་གྱི་ལོ་ས་བྱི་ཧོར་ཟླ་བརྒྱད་པའི་དཀར་ཕྱོགས་ཀྱི་རྫོགས་པ་གཉིས་པའི་ཚེས་ལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ནས་བྲིས། །(༢༥བ)


GLG020_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཛི ནཻཿ ཤཽ དྷོ ད ན སྱ ཀ རེ ཡ ཡ བ རི ནཱ མེ བྷི ར ཡ ཡ ཤོ ཝ གཱི ཤྭ རཻཿ སུ དྲཻ ར བྷཱ ཡཻ ར ཝ ཉ རྨྨེ བྷ དྨུ ནི ཤཱ ས ན སྱ ཡུ བ ནཱ ནཱི སེ ནཱ ནཱ ངྐཱ དེཿ། རྒྱལ་བ་ཟས་གཙང་གི་སྲས་པོའི་འཕྲིན་ལས་པར་མིང་ཡོངས་སུ་གྲགས་པ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེའི་ཡི་གེ །འཕགས་མཆོག་ཕྱག་ན་པདྨས་འདུལ་བའི་ཞིང་ཁམས་གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་རུ་བཞིའི་རྒྱལ་ཁམས་སྤྱི་དང་། ཁྱད་པར་གཡོན་རུའི་སའི་ཆ། མཐོ་རིས་ཀྱི་དགེ་མཚན་རྒྱ་མཚོས་མངོན་པར་དཔའ་བའི་འཕྱིང་བར་སྟག་རྣམ་པར་རྩེན་པའི་རྒྱལ་ཁམས་ཀྱི་མངའ་རིས་སུ་གཏོགས་པའི་མཆོག་དམན་བར་མའི་སྐྱེ་རྒུ་མ་ལུས་པ་དང་། བྱེ་བྲག་རི་བོ་བདེ་ཆེན་གྱི་གྲྭ་རིས་སྣེར་སླེབ་དང་བཅས་པ་མཐའ་དག་ལ་སྤྲིངས་པ། སློབ་དཔོན་བློ་བཟང་བསྟན་འཕེལ་འདི་པ་མདོ་སྔགས་གཉིས་ཚོགས་ཀྱི་དགེ་བའི་བཤེས་གཉེན་ཐོས་བསམ་སྒོམ་པའི་འབྲས་བུ་གཡུར་དུ་ཟ་བས་གདུལ་བྱ་མཐའ་དག་རྗེས་སུ་འཛིན་པའི་མཁན་པོའི་ཡོན་ཏན་དང་ལྡན་པ་དང་། ཉེ་ཆར་སྤྱི་སོའི་མཐུན་གྲུབ་དང་བཅས། མཁན་ཐོག་ཏུ་བསྐོས་ཡོད་པས། ཁྱོད་གོང་འཁོད་རྣམས་ཀྱིས་ལུགས་གཉིས་ཐད་ནས་ཕུ་དུད་ཚུལ་བཞིན་བྱེད་པ་དང་། མཁན་པོས་ཀྱང་འཛིན་སྐྱོང་སྤེལ་གསུམ་ཐམས་ཅད་ཡར་ལྡན་དུ་དགོས་རྒྱུ་ཡིན། ཀུན་འཛིན་ཞེས་པ་ས་བྱི་ཧོར་ཟླ་བཅུ་པའི་ཡར་ཚེས་བཟང་པོ་ལ་ཆོས་སྡེ་(༢༦ན)
ཆེན་པོ་དཔལ་ལྡན་འབྲས་སྤུངས་ལ་བྲིས། །

ཆོས་འཁོར་རྒྱལ་གྱི་འདུས་སྡེའི་ཁྲིམས་སུ་བཅའ་བ་སྔར་ཤིང་བྱ་ལོར་བྲིས་པར་བཟོ་བཅོས་བགྱིས་པ་ཆུ་ཤེལ་དབང་པོ།


GLG020_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

མེ ཕ ཛྙ ས རྦྦ ཨ ཀྵ ཡ ཝ ལ ཙཱ མྲྀ ཏི ཀཿ སུ ཁོ མ ཧཱ། ཤེས་བྱ་ཐམས་ཅད་མཁྱེན་པའི་བདུད་རྩི་ལ། །སྤྱོད་པའི་མི་ཟད་འབྲས་བུ་བདེ་བ་ཆེ། །ཤ བ ལ ཀུ བུ ར སྐྲྀ ཏཿ ས དེ བེ ཀྭཱ ཀུ བ རཱ ཎ དེ ཤ ཧཱ། །སྟོབས་བཅུའི་འཆི་བ་མེད་པའི་འདུན་ས་དེ། །བུ་རམ་ཤིང་པ་མིག་སྟོང་ཅན་གྱི་ཡུལ། ཨ ཤྩ རྱ པ དྨ ཧྲི ད ཡཾ ར སོ དྷ རྨོ ཧཱ ཨ སཾ ཧྱ ཤྩ དྷོ ཀ རེ ཎྜཿ ཚར་དུ་དངར་བའི་པདྨའི་སྙིང་པོའི་བཅུད། །གྲངས་མེད་ཆོས་ཕུང་སྦྲང་རྩིའི་ཟ་མ་ཏོག །གྷ རྦྷ བྲ པུ ཥྚི ཉྩ སུ ཁཱི ཡ ཛེ ཏ ༔ ཤཽ དྷོ ན ཤྲི ཡ ཀུ རུཿ ཀ རོ ཧཱ། །འགྲོ་འདིའི་ཕན་བདེའི་དཔྱིད་དུ་རབ་རྒྱས་པའི། །བྱེད་པོ་ཟས་གཙང་སྲས་ཀྱིས་དགེ་ལེགས་མཛོད། །(༢༦བ)


GLG020_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བི མ ལ ཤི ལ བ ཀུ ལ བ ཀྟྲ སྟྲཱི ཤོ ཙི ཀ མ ཏྱ ཏ ཨུ བ ཧ ཏ ཎ ནཿ། དྲི་མེད་ཚུལ་ཁྲིམས་བ་ཀུ་ལ་ཡི་ཁ། །ཚངས་སྤྱོད་མཛེས་མའི་ཆང་གིས་ལེགས་ཕྱེ་བའི། །བྷོ ཏེ ཥ ཛི ཤཱ ས ར ཐ ཤི ར དྭི ཛི པཱ ར ཛྙ ས རྦྦ ཤི བ ར ཀྵི ཏ། །གངས་རིའི་ལྗོངས་འདིའི་ཐུབ་བསྟན་ཤིང་རྟ་པ། །ཀུན་མཁྱེན་ཞི་འཚོའི་ཞབས་ཟུང་གཙུག་ན་རྒྱལ། །དེ་ཡི་རིགས་ལས་སྡོམ་གསུམ་ལུས་སྟོབས་རྒྱས། །མང་ཐོས་རིན་ཆེན་གསེར་གྱི་རྒྱན་འཆང་ཞིང་། །མྱང་འདས་གུགས་བྱེད་བྱང་ཆུབ་སེམས་ཀྱི་རྣ། །རིང་པོར་སྐྱོང་མཛད་དཱིཔཾ་ཀ་རར་འདུད། །རིང་མོ་ཉིད་ནས་གྲུབ་པའི་ཡོན་ཏན་མ་ལ་པ་ཡི་དྲི་བསུང་གིས། །རྨོངས་པའི་བློ་ངན་ཐིབས་པོ་ཀུན་འཇོམས་ཤེས་རབ་ཆེས་ཆེར་རབ་ཏུ་གསལ། །མཛད་བཟང་ལོ་འདབ་སྟུག་པོའི་ཁུར་ལྡན་གྲགས་སྙན་སྲིད་འདིའི་རྣ་བར་མཛེས། །དུས་གསུམ་རྒྱལ་བ་བཙོང་ཁ་པ་ཞེས་ཀུན་གྱི་རལ་པའི་མཐོ། །དགེ་ལེགས་གསེར་མངལ་ཅན་གྱི་ཐོང་ཡངས་ལས། །(༢༧ན)


GLG020_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཔྱོད་གངྒཱའི་ཆུ་ཀླུང་རྟག་འབབ་པ། །འཆད་རྩོད་རྩོམ་ལ་འདུན་པའི་བགྲོད་པ་ཡིས། །ལེགས་བཤད་རྒྱ་མཚོར་འཇུག་ལ་རིངས་པར་བྲེལ། །མཐའ་བྲལ་ཆོས་ཚུལ་མེས་པོའི་ཐོད་ཡངས་ལས། །བྱ་བ་ལས་ཀྱི་འཁོར་ལོའི་ཉལ་འགྲོ་ཡིས། །རྒྱལ་བསྟན་འཇུག་པ་བཅུ་པའི་ཞབས་བསིལ་དུ། །རྣམ་པར་སྦྲེང་བའི་ཁྲིམས་ལྡན་འདུས་པའི་སྡེ། །འཇུག་དང་འཇུག་བྱ་མ་ཡིན་ཕྲ་རགས་ཀྱི། །བླང་དང་དོར་བྱ་ཉམས་སུ་བསྟར་བའི་ཚུལ། །གསལ་བྱེད་ཡི་གེའི་འཕྲེང་བ་སྤེལ་བྱེད་ན། །ཀུན་གྱི་སྒྲ་འཛིན་ལུས་ཕྲའི་འགྲམ་པར་ཆོངས། །དེའང་བསྐལ་པ་བཟང་པོ་འདི་ཉིད་ལ་གྲགས་པ་ཅན་གྱི་རྣམ་འདྲེན་སྟོང་བྱོན་པ་རྣམས་ཀྱི་ནང་ནས་སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་མ་སྨད་པར་གྱོན་པའི་རྒྱལ་བ་ཟས་གཙང་གི་སྲས་པོའི་བསྟན་པ་ནི་ཇི་ལྟར་རྫིང་བུ་བརྒྱ་ཕྲག་ཟླ་བའི་གཟུགས་བརྙན་སོ་སོར་འཆར་བ་བཞིན། །གདུལ་བྱའི་ལས་དང་སྐལ་བའི་དབང་གིས་མཐའ་ཀླས་ནའང་། ཡོངས་སུ་གྲགས་པར་བོད་གངས་རིས་བསྐོར་བའི་ལྗོངས་འདིར་ཆོས་ཀྱི་རྒྱལ་པོ་མེས་དབོན་དང་མཁན་སློབ་སོགས་པཎ་གྲུབ་རིམ་པར་བྱོན་པ་རྣམས་ཀྱི་བཀའ་དྲིན་ལས། བསྟན་པ་རིན་པོ་ཆེ་སྔ་ཕྱིར་དར་ཞིང་། དེ་དག་གི་ཡང་སྙིང་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་དྲི་མ་མེད་པའི་རིང་ལུགས་ལ། ཕྱིའི་ཀུན་སྤྱོད་བསྟན་པའི་རྩ་བ་སོ་སོར་ཐར་པ་ཉིད་གཙོ་བོར་མཛད་པའི་ཕྱག་ལེན་མཆིས་པ་ལྟར། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དབྱངས་ཅན་བཞད་པའི་རྡོ་རྗེས། རྗེ་བླ་མའི་འཕྲིན་ལས་སྤེལ་བའི་ཆེད་དུ། དུས་གསུམ་མཁྱེན་པ་པདྨཱ་ཀ་ར་དང་། གླེགས་བམ་རིན་པོ་ཆེ་སོགས་ནས་ལུང་གིས་ཟིན་པའི་སྤྲུལ་པའི་གནས་ཆེན་སྦས་ཡུལ་དཀར་མོ་ལྗོངས་སུ། རྟེན་དང་བརྟེན་པར་བཅས་(༢༧བ)


GLG020_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡེ་ཆེན་པོར་གནས་པའི་ཚངས་པར་སྤྱོད་པ་པོ་རྣམས་ཀྱིས་ལག་ཏུ་བླང་བར་བྱ་བ་འདི་ལྟར་རོ། །དེ་ཡང་ཡུལ་གཞན་ནས་སྡོམ་པ་ནོད་ཟིན་པ་མིན་པའི་འདི་གར་གསར་བུ་ཞུགས་པ་རྣམས་ན་ཚོད་ཕྲ་བ་སོགས་ཀྱིས་དམིགས་བསལ་བྱུང་ན་མ་གཏོགས། ཟླ་བ་གསུམ་ལས་མ་འགྱངས་པར་བར་མའམ་དགེ་ཚུལ་གང་རུང་བསྒྲུབ་དགོས་ཤིང་། དེ་གའི་རྟིང་བསྐུལ་དགེ་རྒན་ངོ་ཤེས་དང་། ལེགས་བཤད་གླིང་དང་ཆོས་ཁྲིམས་པས་དོ་དམ་བྱེད། བསྐུལ་བརྡ་བྱས་ནས་ཀྱང་དུས་ལས་འགྱངས་ཚེ་ཆད་པ་སྙན་དར། དུང་དར། དཀར་མེ། ལེགས་བཤད་གླིང་གིས་གཙོས་པའི་སྣེ་མོ་བ་སྣེ་ཚན་ཐོབ་པ་རྣམས་ལ་དར་ཁ་རེའི་རྩིས། ཚོགས་སུ་བརྒྱ་ཕྱག་འཚལ། རབ་བྱུང་སྤྱིའི་ཉེར་སྤྱད་རྡུལ་གཟན། ཤམ་ཐབས། གདིང་བ། ལྷུང་བཟེད། ཟླ་གམ། ཞྭ་སེར་རྣམས་རང་ཉིད་ལ་མེད་ཀྱང་གཡར་པོ་ཚུན་ཆད་བྱས་པས་གྲ་འགྲིག་པ་བྱེད། དེས་མཚོན་པའི་རབ་བྱུང་གི་བླང་དོར་གྱི་རིམ་པ་རྣམས་ཀྱང་། རང་ལས་བསླབ་པ་རྒན་པ་རྣམས་ཀྱི་ངང་ཚུལ་དཔེར་བཟུང་བས། སྡོམ་པའི་ངོ་སྐལ་གྱི་སྤང་བྱ་ཕྲ་རགས་ཀུན་ལ། དྲན་ཤེས་བཞིན་གྱིས་ཟིན་པའི་དམ་པའི་ཆོས་འདུལ་བའི་ཀུན་སྤྱོད་ལ་གནས་པར་བྱེད། དགེ་འདུན་དུ་ལོངས་པ་ལ་ཆོས་གོས་གསུམ་དང་ལྷུང་བཟེད་ལྟ་བུའི་རྙེད་པ་སྤྱི་ལ་བྱུང་ན། ཡོ་བྱད་དེ་དག་མེད་ཅིང་རྩོལ་སྒྲུབ་བྱེད་པའི་ནུས་པ་ཡོད་མེད་བརྟགས་ནས་དགེ་སྐོས་ཀྱིས་སྟེར་ལུགས་བྱེད། ཚོགས་ཀྱི་ཆ། དུང་དང་གཎྜི་ལྟ་བུའི་བརྡ་བྱུང་བ་དང་བསྟུན་ཏེ། གཞན་མི་དད་པའི་སྤྱོད་ལམ་སྤངས་ནས་ཐམས་ཅད་དུས་གཅིག་ཏུ་འདུ་བ་མ་གཏོགས། སྔ་ཕྱི་གང་འདོད་ལ་མི་འབྱོན། དགེ་སློང་རྣམས་བླ་གོས་གྱོན་ཞིང་། དེ་ཕྱིན་ཀྱང་ཞྭ་མོ་ཟླ་གམ་སོགས་(༢༨ན)


GLG020_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་སྤྱི་དང་མཐུན་པ་བྱེད། གྲལ་མཚེས་པ་ལ་ལོང་གཏམ་སྨྲ་བ། རྩིག་པ་དང་ཀ་བ་ལ་སྙེ་བ། མཆིལ་སྣབ་གོས་ཀྱིས་མ་གབ་པར་དོར་བ། གཉིད་ལོག་པ། བཟའ་བཏུང་གི་ཚེ་ཅག་ཧུབ་ཀྱི་སྒྲ་སྦྱིན་པ། ལྷུང་བཟེད་རྩི་མེད་དང་ཕོར་པ་ཚད་ལས་འདས་པ་དང་ཁམ་ཕོར་འཁྱེར་བ། དགེ་སྐོས་ཀྱིས་དགོས་པའི་དབང་གིས་བཏང་ན་མ་གཏོགས། རང་དྲན་གྱིས་ཚོགས་མ་གྲོལ་བར་འགྲོ་འདུག་རྣམས་མི་བྱེད། རྒྱུན་གཏན་དུ་ཚོགས་ལ་སྒྲིག་འཇུག་གི་ཞལ་འདོན་མཛད་དགོས། སྐྱབས་འགྲོ་སེམས་བསྐྱེད། དེ་རྗེས་རྒྱན་འཇུག་གདུགས་དཀར་གསུམ་པོ་གང་རུང་ནས་ཇ་དང་པོ་ལ་གང་འགྲོ་རེ་མོས་ཀྱིས་གཏོང་། ཇ་དང་པོ་སོང་རྗེས་ཤེར་སྙིང་ཚར་གཅིག་བདུད་བཟློག་དང་བཅས་པ། ས་ལམ་གསུམ་པོ་གང་རུང་གཅིག་ལ་གདངས་དང་གཉིས་ལ་འདུར་མ་སྐབས་སྦྱར་བྱེད། སྐབས་གསུམ་མ། ཐམས་ཅད་མཁྱེན་པས་མཛད་པའི་མཛད་བཅུ། གནས་བཅུ་ཕྱག་མཆོད། སྣང་བ་མཐའ་ཡས་མ་དང་འབྲོམ་གྱི་བསྟོད་པ་ལྷ་བཅས་མ་གཉིས། ཡོངས་རྫོགས་མ། ཐུབ་དབང་བསྟན་སྒྲོན་མ། ཐུགས་རྗེའི་བདག་ཉིད་མ། རབ་དཀར་དགེ་ཚོགས་མ། རྒྱལ་ཆེན་བསོད་ནམས་མ། ཕུན་ཚོགས་ཡོན་ཏན་མ། བློ་བཟང་རྒྱལ་བ་མ། གཏན་བཞུགས་མཐའ་ཡས་མ། རབ་འབྱམས་སྐྱོབ་པ་མ། བདེ་ཆེན་ལྷུན་གྲུབ་མ། བྱམས་པའི་སྐུ་གཟུགས་མ། ཚངས་པའི་ཅོད་པན་མ། མཚམས་སྤྲིན་མ། ཟབ་ཡངས་མ། བདེ་བ་ཅན་གྱི་(༢༨བ)


GLG020_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ། བཟང་སྤྱོད་སྨོན་ལམ། བྱམས་སྨོན། ཐོག་མཐའ་བར་གྱི་སྨོན་ལམ། གསང་འདུས་སྨོན་ལམ། དཔལ་ལྡན་དམག་ཟོར་མ། ཞལ་ལྕམ་སྲིང་དང་བཅས་པའི་གཏོར་འབུལ་རྣམས་བྱེད། སྦྱིན་བདག་གིས་དམིགས་བསལ་གྱི་སྐུ་རིམ་ལ་ཚེ་གཟུངས་དང་སྒྲོལ་མ་ལྟ་བུ་འདོན་དགོས་བྱུང་ན་སྐབས་དང་སྦྱོར། ཚྭ་ར་ཉིན་ཐུབ་ཡོད་ཚེ། གསང་འདུས་ཀྱི་བདག་འཇུག་སྟ་གོན་དང་སྒྲགས་པ་ཕྱག་ལེན་གཙང་བར་ལེན། ཚྭ་ར་དུས་མཆོད་འགྱེད་སོགས་ཀྱི་སྐབས་སྦྱིན་བདག་དང་སྣེ་མོ་བས་འོས་བབས་ཀྱིས་གཏོང་བ་ལས་དགོས་མེད་ཀྱི་སྐལ་བ་སོགས་ལ་རྩོད་པ་མི་གཏོང་། །བླ་བྲང་གཞུང་གི་ནང་ཟན་དང་། །གཉེར་པའི་གཡོག་མི་སྐྱའི་རིགས་ཀྱིས་ཚོགས་སྐལ་མི་ལེན། བཙུན་གཟུགས་རྣམས་ཀྱིས་ཚོགས་སྐལ་ལེན་ཚེ། དེའི་སྐབས་རབ་བྱུང་གི་རྟགས་མ་ཚང་བ་དང་ཕུ་དུང་གྱོན་པ་སོགས་མི་བྱེད། ཁྱད་པར་རྒྱལ་རང་དུ་བཙུན་པ་བྱས་པའི་རིགས་ནང་ཟན་དུ་བསྡད་པ་ཡིན་ན། ཚོགས་སྐལ་བླངས་ཕྱིན་དམིགས་བསལ་བྱུང་ན་མ་གཏོགས་སྒྲོལ་འདོན་ལ་ཡོང་། རབ་བྱུང་ཚོགས་འགྲིམ་ཡིན་བཞིན་དུ། འབོག་དོ་ཕུ་དུང་གྱོན་པ། གྲི་རིང་སྐྲ་རིང་། ཕོ་ཆིངས་བྱེད་པ། ཁུགས་མ་ཕོར་ཤུབས་གྲི་ཆུང་འདོགས་པ། གཟན་ཤམ་མེད་པར་འགྲོ་བ་སོགས། དགེ་འདུན་སྤྱིའི་མིག་ལྟོས་བཤས་པའི་རིགས་བྱས་པ་དང་། གྲི་བཏོན་པ་མ་ཡིན་པའི་ལག་འཐབ་བྱས་པ་བྱུང་ན། དཀར་མེ་དང་སྙན་དར་འབུལ། དེ་ལས་ཆེ་བའི་རྨས་ཁྲག་བཏོན་པ་ལ། མང་ཇ་ཐུག་དར་ལྕོག །དཀར་མེ་སྙན་དར།


GLG020_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་གླིང་དུ་སུམ་ཚན། སྣེ་མོ་བ་རྣམས་ལ་རྣམ་གཞག །ནད་པ་ལ་རྨས་འཇལ་སོགས་སྐབས་སྦྱར་གྱི་གཅོད་རྒྱ་བྱེད། དེ་མཚུངས་འོལ་དྭགས་འབྲོག་པ་སོགས་ཀྱི་བཙུན་པ་ཡུལ་ཆེན་སོ་སོའི་ཕྱོགས་སྡེབས་ཀྱིས་ཚོ་ལོངས་བྱས་པ་བྱུང་ན། སྤྱི་པའི་གོང་གི་ཆད་པ་འདབ་འཕར་དང་གཏེ་པོ་ངོ་མ་རྩད་ཆོད་ན་དེ་ལ་ཆད་པ་སྒེར་དུ་འགེལ། དེ་མཚུངས་རྐུ་འཕྲོག །ཨར་ཇག་སོགས་བྱས་པ་ལའང་ཉེས་པ་ཆེ་ཆུང་ལ་དཔགས་འགེལ། སྒྲུབ་མཆོད་དུས་གཏོར་གྱི་ནང་མཆོད་དང་། ནད་པའི་སྨན་རྟ། ཨར་པོའི་སྐབས་ལྟ་བུ་དམིགས་བསལ་དུ་ཆང་ལེན་དགོས་པ་བྱུང་ན་མ་གཏོགས། གཉེར་པས་གཙོས་པའི་བླ་བྲང་གཞུང་སྒེར་དང་གྲ་ཁང་སོགས་གང་དུ་ཡང་ཆང་གི་འགྲིམ་འགྲུལ་མི་བྱེད། མཆོད་ཁང་དང་འདུ་ཁང་སྟེང་ཤོད་སོགས་ཐག་ཉེ་ས་དང་མགོན་ཁང་དུ་ཐ་མ་ཁ་མི་འཐེན། རྙེད་བཀུར་ཞུ་མི་དང་གནས་མཇལ་བའི་བུད་མེད་ཡིན་ཀྱང་གནང་བ་བཞག་ཏུ་མི་སྟེར། གཞན་བུད་མེད་ཀྱི་རིགས་དགོན་པའི་ནང་དུ་མི་གཏོང་རྩ་བ་བཞི་ལ་རྟེན་པའི་བསླབ་པ་ལ་སྐྱོན་བྱུང་ན། བསླབ་པ་བསྐྱར་བའམ་ཡང་ན་ཚོགས་སུ་མང་ཇ་ཚྭ་ར། གཙུག་ལག་ཁང་དུ་དཀར་མེ་སྙན་དར། ཐུག་དར་ལྕོག་བརྗེ་བ། བླ་མ་གསུམ་ཆེན། སྣེ་མོ་བ་གཞན་རྣམས་ལ་སྣེ་གཏོར་སོགས་ཆད་པ་ཚུལ་ལྡན་བསྒྲུབ་ཚོགས་སུ་རབ་བྱུང་ཚུལ་ལྡན་གྱི་གྲལ་འགོར་སྡོད་པ་སོགས་ཀྱི་ཧམ་པ་མི་བྱེད། སྤྱི་སྒེར་སུས་ཀྱང་དགོན་པའི་ནང་དུ་གནག་ཕྱུགས་མི་གསོ། ཞོ་ཚུལ་དང་དཀར་མེ་རུ་བའི་སེམས་ཅན་ལ་བེད་སྤྱོད་མི་བྱེད། དགེ་སྐོས་དབུ་མཛད་སོགས་ལས་(༢༩བ)


GLG020_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སྣེའི་རིགས་ཀྱིས་བབ་ཐོག་ཡོད་པ་རྣམས་བབ་འབྲེལ་དང་བསྟུན་པའི་ཐོ་གང་གྲྭ་བཙུགས་ཀྱིས་བྱེད། མཚམས་མིན་པའི་ཚེ་རི་ཁྲོད་པ་རྣམས་ཚོགས་ལ་གང་རྟག་འབྱོན། རི་ཁྲོད་པ་ནས་སྤྱི་པའི་དབུ་མཛད་བསྐོས་ཚེ། དབུ་མཛད་མ་བཞག་པར་རི་ཁྲོད་ཀྱི་སྒྲིགས་མི་འགྲིམ། རི་ཁྲོད་ཡས་མས་གཉིས་ནས་ཚོགས་དཔོན་དགེ་སྐོས་དབུ་མཛད་འོས་པ་ཡོད་ཚེ་དགོངས་པ་མི་ཞུ། རི་ཁྲོད་དུ་སྡད་ཕྱིན་ཚོང་ཁེ་དཔོགས་མངོན་ཚན་ཅན་མི་བྱེད། འབྲོག་པ་ལྟ་བུ་རང་ཡུལ་དང་སྐྱ་རྩ་ཡོད་པའི་རིགས་མ་གཏོགས། གཞན་ལ་གནས་གཡར་བའི་རྟ་ཕྱུག་གསོ་འཕེལ་མི་བྱེད་ཕྱོགས་ནས་བྱོན་པའི་རི་ཁྲོད་པའི་རིགས་ལ་ཡུལ་པའི་རི་ཁྲོད་པ་རྣམས་ཀྱིས་ཡུལ་བསྒྲིགས་ལ་བརྟེན་པའི་ཟོས་མི་བདེར་འགྲོ་བ་མི་བྱེད། ལོ་སུམ་ཅུ་ལ་ལོན་པ་དང་མཐིལ་གྱི་ལས་སྣེ་མ་ཐོན་པར་རི་ཁྲོད་ལ་མི་འགྲོ། དབྱར་ཆོས་ཆེན་མོའི་སྐབས་གྲྭ་ཚང་རྣམས་ཀྱི་དགེ་སྐོས་དབུ་མཛད་ལངས་པ་སོགས་སྔར་སྲོལ་གང་ཡོད་བྱེད་དགོས་ནའང་། གཙོ་བོར་གཞིས་བའི་བླ་མ་དགེ་སྐོས་ཀྱིས་དགོན་པའི་སྒྲིགས་རྒྱུན་བསྡམས་པ་ལ་གཞི་བྱེས་ཚང་མས་ཉན་འཇོག་བྱེད་དགོས་ཤིང་། དབྱར་ཀའི་སྨོན་ལམ་གྱི་ཚོགས་ལ་གཞི་བྱེས་ཐམས་ཅད་ཚོགས་དགོས་ཤིང་དེའི་དོ་དམ་དང་རྟིང་བསྐུལ་སྤྱི་སྒེར་གྱི་དགེ་སྐོས་ཀྱིས་བྱེད། དབྱར་ཆོས་ཀྱི་དམ་བཅའ་འདོད་སྦྱར་གྱིས་འཇོག་པ་མ་གཏོགས་གྲྭ་ཚང་ཕྱོགས་འདོད་ཀྱི་བཀག་འགོག་མི་བྱེད། ནད་པ་མཚམས་པ་ཡིན་ན་མ་གཏོགས་དབྱར་ཞལ་གྱིས་བཞེས་པ་དང་གསོ་སྦྱོང་ལ་བྱོན། དབྱར་གྱི་ནང་དུ་འཐབ་རྩོད་སོགས་དབྱར་རལ་བའི་བྱ་བ་བྱས་པ་བྱུང་ན། གཞི་བྱེས་ཀྱི་སློབ་དཔོན་སོགས་གྲོས་ཐོག་ནས་ཆད་པ་གང་འོས་འགེལ། གཞན་ཡང་ཀུ་ཅོ་རྒྱང་སྐད་འབོད་པ། གླིང་ཁྲོད་དུ་རྟ་བཞོན་པ། གོས་སྐུ་འགྲེམ་པའི་ཚེ་འཐེན་སྐོར་ཆུད་ཟོས་སུ་འགྲོ་བ་རྣམས་མི་བྱེད། སྤྱི་(༣༠ན)


GLG020_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབུ་མཛད་སུས་བྱེད་ཀྱིས་སློབ་གྲའི་སློབ་དཔོན་བྱེད་དགོས་ཤིང་། སློབ་གཉེར་བྱེད་ལུགས་གོང་གསལ་རྒྱུན་འདོན་གྱིས་ཁྲོད་ནས་རྒྱན་འཇུག་གདུགས་དཀར་གསུམ་བཞགས་པའི་གཞན་མ་རྣམས་འཛིན། དེ་རྗེས་གསང་འདུས་སྟ་གོན་བདག་མདུན་དབང་ཆོག་དང་བཅས་པ་དང་། འཇིགས་བྱེད་ཀྱི་བདག་བསྐྱེད། མགོན་པོ་ཕྱག་དྲུག་པ། རྣམ་སྲས་ལས་གཤིན། དཔལ་ལྡན་ལྷ་མོ་དམག་ཟོར་མའི་གཏོར་ཆོག་རྙིང་པ་དང་། གུར་ཞལ་ལས་མཁན་པུ་ཏྲ་ལྕམ་སྲིང་དང་བཅས་པའི་གཏོར་ཆོག་དགའ་ཚལ་དུ་བྱེད་པ་དང་གོ་མཚུངས་པར་འཛིན། དེ་རྗེས་ཆོག་གྲ་སོ་སོར་ཉུང་མཐའ་བཅོ་ལྔ་ལ་ཆ་བཞག་པའི་གསང་འདུས་པ་རྣམས་ཀྱིས་ས་ཆོག །འཇིགས་བྱེད་པ་རྣམས་ཀྱིས་ས་ཆོག་སྟ་གོན་དབང་ཆོག །བདེ་མཆོག་པ་རྣམས་ཀྱིས་ས་ཆོག་ནས་བཟུང་ཡོངས་སུ་རྫོགས་པ། དུས་འཁོར་སྒྲུབ་མཆོད་སྔར་ཡོད་འདུག་པ་བར་སྐབས་སུ་ཆོ་ག་ལྗིས་པ་ལ་བརྟེན་པའི་ཆོ་ག་པ་ཡིན་འདུག་ཀྱང་། སླད་ནས་བསྟན་པའི་རྒྱུན་ལ་དམིགས་པས་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ཡིག་ཆ་འམ། དེ་ལ་གཞི་བྱས་པའི་ཅུང་ཟད་འཁྱེར་བདེ་ཞིང་གསལ་དུ་བཏང་བ་ཅི་འགྲུབ་བྱས་པ་ལྟ་བུ་གང་རུང་ཞིག་སླར་འཛུགས་རྩིས་དང་། དེ་བར་སྐུ་རིམ་ལ་དམིགས་པའི་རྣམ་རྒྱལ་སྒྲུབ་མཆོད་ཚུགས་པ་བྱེད་པས། སྔ་འགྲོས་རྣམ་རྒྱལ་མའི་ཆོ་ག་དང་། དུས་འཁོར་ཆོ་ག་ཚུགས་བསྟུན་དེ་གའི་སྐོར་རྣམས་འཛིན། དེ་རྣམས་གྲུབ་རྗེས་རྒྱན་འཇུག་གདུགས་དཀར་དང་། ཚེ་མདོ་ཚེ་གཟུངས་སྒྲོལ་མ། གཞན་ཡང་བློས་འཆུན་པ་རྣམས་ཀྱིས་གསང་སྔགས་ཀྱི་གཞུང་ཆེན་མོའི་བཤད་འགྲེལ་སོགས་ལ་ཐོས་བསམ་བྱས་པས་བསྟན་པའི་མིག་རྐྱེན་ལ་ཕན་པ་བྱེད། དབྱར་གྱི་སློབ་གྲ་ཉེར་བདུན་མཆོད་པའི་སྒྲུབ་མཆོད་གྲོལ་བ་དང་དབུ་བཙུགས། ལྔ་མཆོད་ཆེན་མོའི་གདོང་(༣༠བ)


GLG020_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཤེས་རབ་ཆེ་བ་རྣམས་ཀྱིས་ཁ་གྲས་ཚད་མ་ལྔ་བཅུ། འབྲིང་གིས་སུམ་ཅུ། ཆུང་བས་ཉི་ཤུ། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གཅིག་ནས་དགུན་གྱི་སློབ་གྲྭའི་དབུ་བཙུགས་པའི། བརྒྱད་མཆོད་ཆེན་མོའི་གདོང་དུ་ཤེས་རབ་ཆེ་འབྲིང་ཆུང་གསུམ་གྱིས་ཤོག་བུ་ཉི་ཤུ། བཅུ་བཞི། བདུན་རྣམས་ཀྱི་རྒྱུགས་སྤྲོད། རྒྱུགས་མ་འཕྲོད་ན་ཆད་པ་སློབ་གྲྭ་རང་དུ་མང་ཇ་དང་། སློབ་ཆུང་ལ་དར་ཁ་རེ་གཏོང་། སྒྲུབ་མཆོད་རྣམས་ཀྱི་རྗེས་སུ་སྤྱི་ཚོགས་རྣམས་ཀྱིས་བསྐང་གསོ་རྒྱས་པ་ཉི་མ་གསུམ་གཏོར་རྒྱག་དང་བཅས་པ་བྱེད། མགོན་ཁང་མཐིལ་གྱི་དུས་གཏོར། ཚེས་གསུམ། ལྔ། བརྒྱད། བཅུ། བཅུ་བཞི། བཅོ་ལྔ། ཉེར་གསུམ། ཉེར་ལྔ། ཉེར་དགུ་རྣམས་ལ་དུས་གཏོར་མགོན་ཁང་བར་གྱི་དཀོན་གཉེར་གྱིས་དོ་དམ་བྱས་པའི་མཐིལ་ནས་གྲ་པ་བརྒྱད་རེ་གཏོང་ཚེས་གཅིག་གི་གཏོར་ཆེན་ཡང་སྔར་རྒྱུན་བཞིན་ཆག་མེད་བྱེད། ལྷུན་གྲུབ་དགའ་བའི་ཚལ་དུ་དཀོན་གཉེར་རྒྱུན་ཚོགས་ཉི་ཤུ་ཙམ་བྱེད་རྒྱུ་ལ། དགེ་འདུན་སྤྱིའི་ཁྲིམས་གོང་དུ་སྨྲས་པ་རྣམས་ཀྱིས་འཐུས་ཤིང་། དམིགས་བསལ་དཔེ་འཛིན་གྱི་རིམ་པ། ནག་པོ་སྐོར་གསུམ། རྣམ་སྲས། དཔལ་ལྡན་ལྷ་མོ་དམག་ཟོར་མའི་བསྐང་གསོ་སྔར་གྱི་རྙིང་པ་དང་། གུར་ཞལ་ལས་མཁན་པུ་ཏྲ་བེག་ཙེ་གཉིས་དང་བཅས་པའི་བསྐང་གསོ་གཏོར་ཆོག་བསྟོད་བསྐུལ་དང་བཅས་པ་གསར་དུ་བསྒྲིགས་པ་སོར་གནས་མགོན་ཁང་པོ་ཏ་ལའི་ཆོས་སྐྱོང་ཕྱག་བཞི་པ། མ་ནིང་། དུར་ཁྲོད་བདག་པོ། རྣམ་སྲས་དྲགས་པོ། བེང་། ཞང་བློན། ཞིང་སྐྱོང་། གཟའ་གདོང་དམར་ནག །རཱ་ཧུ་ལ། རྒྱལ་པོ་པེ་ཧར། རྡོར་ལེགས་རྣམས་དང་། ཇོ་བོ་རྒྱལ་མཚན་པ་དང་རྟ་རྒོད་ཤེལ་ལྕགས་ཀྱི་གསོལ་མཆོད་སོགས་འཛིན། དེ་རྗེས་གོང་གསལ་ཆོས་སྤྱོད་དཀྱིལ་ཆོག་གཞན་(༣༡ན)


GLG020_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མ་སོགས་འཛིན་དགོས་དཀྱུས་ལྟར་དང་། ཟླ་བ་ངོ་རེ་བཞིན་དཀོན་གཉེར་གང་ཡོད་དེ་ཝི་ཀོ་ཊིར་འཚོགས་ནས་ཚེས་གསུམ་ལ་བསྟན་གསོལ། ལྔ་ལ་བསིལ་བ་ཚལ་དུ་བེག་ཙེའི་དུས་གཏོར་གཙོ་བོ་ཡིན་ཀྱང་ཆོ་ག་དཀྱུས་གཅིག་པའི་གུར་ཞལ་སྦྲགས་ནས་གཏོང་། ཚེས་བརྒྱད་དང་ཉེར་གསུམ་ལ་གུར་ཞལ་ལས་མཁན་གཉིས་དང་བཅས་པ་བསིལ་པ་ཚལ་དུ་གཏོང་། །ཚེས་བཅུ་བཅོ་ལྔ་ཉེར་ལྔ་རྣམས་ལ་དཔལ་ལྡན་དམག་ཟོར་མའི་དུས་གཏོར་དེ་ཝི་ཀོ་ཊིར་གཏོང་། ཚེས་དགུ་དང་བཅུ་དགུ་ལ་ཕྱག་བཞི་པ་ནས་རྟ་རྒོད་ཤེལ་ལྕགས་ཀྱི་བར་པོ་ཏ་ལར་གཏོང་། ཚེས་བཅུ་བཞི་དང་ཉེར་དགུ་ལ་མགོན་པོ་ཆོས་རྒྱལ་རྣམ་སྲས་སེར་ཆེན་རྣམས་ཀྱི་དུས་གཏོར་པོ་ཏ་ལར་གཏོང་རྒྱུའི་གཏོང་མཁན་མགོན་ཁང་གང་དུ་འཚོགས་ཀྱང་དཀོན་གཉེར་དཔོན་གྱིས་གཙོས་པའི་དཀོན་གཉེར་གང་ཡོད་འཚོགས་དེ་ཝཱི་ཀོ་ཊིར་ལོ་གསར་ཚེས་གཅིག་གི་གཏོར་ཆེན་དང་། ཧོར་ཟླ་གསུམ་པའི་ཚེས་བརྒྱད་ལ་བསིལ་བ་ཚལ་དུ་དཔལ་མགོན་གྱི་གཏོར་ཆེན་བྱེད། མཐིལ་གྱི་གཏོར་ཆེན་དུས་གཏོར་གཏོང་ལུགས་ཀྱང་དགའ་ཚལ་དུ་ཡོད་ལ་འདིར་མེད་པའི་དུས་གཏོར་ཟུར་པ་རྣམས་བཞག་ཕྱིན། གཞན་ཚེས་གྲངས་གང་ལ་ཆོས་སྐྱོང་གང་གཙོ་བོར་བྱེད་དགའ་ཚལ་དང་མཚུངས་པར་བྱེད། ཧོར་ཟླ་དགུ་པའི་ནང་དུ་མགོན་ཁང་ཡས་མས་ཚང་མར་ལོ་དུས་ཀྱི་གཏོར་མ་རྒྱས་པར་བརྗེ་བ་དང་། དེ་སྐབས་ཉི་མ་གསུམ་གྱི་རིང་། མགོན་ཁང་སོ་སོར་དཀོན་གཉེར་རྣམས་ཁ་ཕྲལ་ནས་བསྐང་གསོ་སོ་སོར་རྒྱས་པར་གཏོང་། ཉིན་ལྟར་གྱི་མགོན་ཁང་སོ་སོར་གཏོར་གསོ་བ་དང་གཏོར་འབུལ་མ་ཆག་པ་དང་། ཁ་ཆར་སོགས་དང་བཅས་མཆོད་ཁང་དུ་སྡོད་རྟག་ཅིང་འཛིན་སྤྲས་ཐོན་པ་དགུན་ཀ་མཚམས་རེ་མོས་སུ་བཅད་པའི་བསྙེན་སྒྲུབ་ལ་བརྩོན་པ་(༣༡བ)


GLG020_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་བཅུ་པའི་དགུ་གཏོར་ལ་ལྷ་མོའི་གཏོར་བཟློག་དང་བཅུ་གཉིས་པའི་དགུ་ཏོར་ལ་ལྕམ་སྲིང་གི་གཏོར་ཟློག་བྱེད། འདི་གའི་བསྐང་གསོ། ཐུགས་དམ། སློབ་གྲྭའི་དོ་དམ་དང་གཏོར་མ་འཕེན་པ་སོགས་དཀོན་གཉེར་དང་དཔོན་གྱིས་བྱེད་ཅིང་། མ་ཐུས་པ་བྱུང་ན་ཆད་པ་སོགས་གོང་དང་འདྲ། དུས་གཏོར་མིན་པའི་ཚེ་མང་ཇའི་ཚོགས་ལ་ཡོང་ཞིང་། དུས་གཏོར་གྱི་ཚེ་མང་ཇ་ཡར་ལེན། གསོ་སྤྱོང་དབྱར་གནས་སྒྲུབ་མཆོད་རྣམས་ལ་མཐིལ་དུ་ཡོང་། མགོན་ཁང་ཕན་ཚུན་གྱི་འཛིན་སྤྲས་སོགས་གང་ཅིའི་སྟབས་ནས། ཆོག་དཔོན་མ་གཏོགས་པའི་གཞན་མ་དགེ་སྐོས་དབུ་མཛད། བྱམས་སྨོན་སྤྱི་པ་སོགས་ལས་སྣེའི་རིགས་མི་བཀོད། ལོ་རེའི་ནང་དུ་སྒྲུབ་མཆོད་ཐེངས་གཉིས་རེ་ཚུགས་ན་བསྟན་པའི་མིག་རྐྱེན་དང་སྐུ་རིམ་ལ་ཕན་ཞིང་ཁྱད་པར་དཔེ་འཛིན་མི་བརྗེད་པ་སོགས་ཁྱད་ཆེ་བ་ཡོང་འདུག་པ་ནས། ཧོར་ཟླ་བརྒྱད་པའི་ཉེར་གསུམ་ནས་འགོ་བཙུགས་པའི་ཉེར་བདུན་མཆོད་པ་ཇི་ལྟ་བ་བཞིན་དུ་འཛུགས། གོང་གི་སྒྲུབ་མཆོད་དུས་གཏོར་རྒྱུན་གཏོར་སོགས་གཏོང་དགོས་ཁྲ་མ་ཟུར་དུ་ཡོད་པ་ལ་གཉེར་པས་སྐུ་རིམ་ལ་དམིགས་པའི་གཟེངས་བསྟོད་མ་གཏོགས་ཆུང་བཅད་མི་བྱེད། མཆོད་ཁང་དང་མགོན་ཁང་ཡས་མས་རྣམས་ལ་གཉེར་པས་ཟླ་རེ་བཞིན་རྟོག་པ་བཅུག་པའི་དཀོན་གཉེར་རྣམས་ཀྱིས་འཛིན་སྤྲས་སོགས་བྱུང་མ་བྱུང་ལྟ་བ་དང་། ཞིག་གསོས་དོ་དམ་དགོས་པའི་རིགས་ལ་ཟོམ་ལུས་སུ་མ་སོང་བ་འཁུར་ལེན་བྱེད་དགོས། གོང་གི་སྒྲིགས་འགལ་ཆད་ལས་གནས་དབྱུང་སོགས་བྱེད་དགོས་པར། གཞན་གྱིས་ངན་རྒྱབ་བྱས་པ་བྱུང་ན། དེ་གའི་ཉེས་ཆད་འཕར་མ་འཁུར། ངོས་མི་ལེན་ན་ཚོགས་ཀྱི་དབུས་སུ་དག་འདོན་བྱེད། ལེགས་བཤད་གླིང་དང་དགེ་སྐོས་སོགས་སྣེ་མོ་བ་རྣམས་རང་འདོད་ཕྱོགས་ཆ་ཉེ་རིང་དུ་མ་སོང་བས་སྒྲིགས་གནོན་དགོས་ཤིང་། (༣༢ན)
དེ་ཁའི་རྒྱབ་གཉེར་གང་དགོས་འཕྲལ་དུ་རྒྱལ་གཉེར་པས་བྱེད་པ་དང་། གཙོ་བོར་ཆོས་སྐྱོང་བསྲུང་མ་མཐུ་རྩལ་ཅན་གྱི་ལེགས་པ་ལ་བྱ་དགའ་དང་ཉེས་པ་ལ་ཚར་གཅོད་ཀྱིས་འཕྲིན་ལས་གཡེལ་བ་མེད་པར་མཛོད་ཅིག །ཅེས་ཆོས་འཁོར་རྒྱལ་གྱི་ཁྲིམས་ལྡན་འདུས་པའི་སྡེ་རྣམས་ཀྱི་ཁྲིམས་སུ་བཅའ་བ་ལག་ཏུ་བླང་བདེ་བ་འདི་ཡང་སྔར་ཤིང་བྱ་ལོ་བྲིས་པར་བཟོ་བཅོས་བགྱིས་ཏེ་ལྕགས་མོ་ཡོས་ལོ་ཆུ་ཤེལ་གྱི་དབང་པོ་སྨིན་དྲུག་གིས་ཉ་བའི་ཕྱོགས་སྔ་མའི་དགའ་བ་དང་པོའི་ཚེས་ལ་བྲིས།

ལྔ་པ་ཆེན་པོ་རྒྱ་ནག་ཏུ་ཞབས་སོར་བཏེག་པ་ནས་ཡར་གངས་ལྗོངས་སུ་མ་འབྱོར་གྱི་བར་སྒར་སྤྱི་སྒེར་མཐའ་དག་གིས་སྤང་བླང་དུ་བྱ་བའི་བཀའ་ཡིག


GLG020_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པཱ དཱ ཡུ ཀྵཱ ཙ ཀྲ ཙ སཱ རིཾ ཙ བིི ཙི ཏྲ བྷ བྟ ཤཱ ནྟ མཽ ལི མ ལཾ བཱ ད ཤ བ ལྱཱ། ཞབས་ཟུང་འཁོར་ལོའི་རི་མོ་རྣམ་བཀྲ་བ། །སྲིད་ཞིའི་ཅོད་པན་ལ་འཆང་སྟོབས་བཅུའི་རྩལ། །ཤྟཱ རཱ ཀྲ མྱཾ ར ཏ ནི རཱ བྷ ག ཙ དྷ རྨ ཤཱ ཀྱ སི དྷཱ ཙཱ བྷ ཡ བཱ རཾ ཀྲི ཛ ཡ ནྟུ། ལྷུན་གྲུབ་ཆོས་ཀྱི་འཇིགས་པ་མེད་པའི་སྒྲ། །སྒྲོག་མཛད་ཤཱཀྱ་སེང་གེ་རྒྱལ་གྱུར་ཅིག །མཚམས་སྤྲིན་ལང་ཚོ་དར་བའི་འཇོ་སྒེག་ལ། །ཤེས་(༣༢བ)


GLG020_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཐམས་ཅད་གཟིགས་མོར་ཚར་དངར་བའི། །འཇམ་དབྱངས་མཁྱེན་པའི་འོད་སྟོང་འདི་སྤྲོས་ཚེ། །མི་ཤེས་མུན་པའི་སྨག་རུམ་དེ་ག་རེ། །བཀའ་དང་བསྟན་བཅོས་གཞུང་ལུགས་གངྒཱའི་རྒྱུན། །ཉོན་མོངས་དྲི་མ་འཁྲུད་པའི་གདམས་ངག་ཏུ། །ལེགས་ཤར་ལྷ་ཆོས་བདུན་ལྡན་བཀའ་གདམས་པ། །སྔོན་མེད་སྐལ་ལྡན་ཤིང་རྟ་འདི་སུས་བསྐྲུན། །ཆོས་ཀུན་གཟིགས་པའི་བློ་གྲོས་མིག་སྟོང་ཅན། །སྐལ་བཟང་འཆི་མེད་རྣམས་ཀྱི་མགོན་གཅིག་པུ། །ཆོས་ཀྱི་རྒྱལ་པོ་གྲགས་པའི་མུ་ཁྱུད་ཅེས། །ས་གསུམ་འགྲོ་བའི་མཆོད་སྡོང་རྒྱལ་གྱུར་ཅིག །འདི་ན་བླང་དང་དོར་བྱའི་པད་དཀར་ཚལ། །ཚིག་དོན་ཉིན་མོར་བྱེད་པས་ལེགས་བསྐྱངས་པའི། །སྤང་བླང་འཛད་མེད་སྦྲང་རྩིའི་བཅུད་མྱངས་པས། །དོན་ལྡན་རྐང་དྲུག་གླུ་དབྱངས་དར་དིར་སྒྲོག །ཅེས་བཀྲ་ཤིས་པའི་ཚིག་གིས་སྔུན་བསུས་ཏེ། རྒྱ་གར་བ་རྣམས་ནནྡི་ཞེས་དགའ་བར་འབོད་ཅིང་། རྒྱ་ནག་དབང་ཐང་དང་བསྟུན་པ་བོད་སྐད་དུ་བསྒྱུར་བ་ཆུ་ཕོ་འབྲུག་གི་ལོར། གནམ་ཀྱིས་བསྐོས་པ་སའི་ཚངས་པ་འཇམ་དབྱངས་གོང་མ་རྒྱལ་པོའི་ཕོ་བྲང་ཆེན་པོར་བཏེག་པ་ནས་བཟུང་། ཡར་དབུས་གཙང་ནོར་འཛིན་གྱི་ཐིག་ལེར་མ་འབྱོར་གྱི་བར་དུ། སྒར་སྤྱི་སྒེར་མཐའ་དག་གིས་སྤང་བླང་དུ་བྱ་བ་དྲན་ཐོར་བཀོད་པ་ལ། མདོ་སྔགས་ཀྱི་གྲྭ་ཚང་སྡེ་ཚན་དུ་བཅད་པ་བདུན་པོ་རྣམས་ཡུལ་དུས་དང་བསྟུན་པའི་སྤྱིར་བཏང་དམིགས་བསལ་གྱི་བླང་དོར་དགོས་པ་བྱུང་ན་མ་གཏོགས། དངོས་གཞི་གྲྭ་ཚང་སོ་སོའི་སྔར་བབས་ཀྱི་སྒྲིག་ཀུན་སྤྱོད་དང་བསྟུན་པ་སྟར་ཆུག་མཛད་པས་འཐུས་ཤིང་། དྲུང་འཁོར་བླ་མ་སློབ་དཔོན་ནང་སོ་རྣམ་པ་དཀྱུས་མ་ལས་ཚན་ཡོད་མེད་རྣམས་དང་། དྲུང་འཁོར་དུ་མི་གཏོགས་པའི་གཞུང་སྒེར་གཡོག་གི་རིགས་བཙུན་གཟུགས། བན་མ་ཧོར་སྐྱ་བོ་སོགས་མཐའ་(༣༣ན)


GLG020_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་ཀྱང་སྤྱོད་ལམ་རང་དྲན་སྒར་གྱི་ཞབས་འདྲེན་དུ་མ་སོང་བ་ཞིག་དགོས་གལ་ཆེ་བ་ནས། དེའང་ཆོ་འཕྲུལ་ཆེན་པོའི་དུས་ཀྱི་སྨོན་ལམ་དང་། སྒར་བྱིངས་ལ་གཞན་གྱི་ཚོགས་གསོག་རྙེད་བཀུར་བྱུང་བའི་ཚེ་ཆོས་འཁོར་གླིང་པ། མངའ་དྭགས་གཉིས། ར་བ་སྟོད་པ་དང་བཅས་པའི་མཚན་ཉིད་ཀྱི་གྲྭ་ཚང་བཞི་པོ་ཚོགས་པའི་མཇུག་ཏུ་གྲལ་མཚམས་བཞག་པའི་ངོས། དྲུང་འཁོར་མ་ཡིན་པའི་གཞུང་སྒེར་གྱི་སྐྱ་སེར་མཐའ་དག་ཚོགས་གྲལ་དུ་སྒྲིག །གྲྭ་ཚང་རྣམས་ལ་འཇུག་སྔ་ཕྱི་སྣ་ཚོགས་འདུག་ནའང་། ད་ལམ་ཁག་བཞི་ཀ་ཉུང་བསྡུས་ལས་ཡོངས་རྫོགས་མིན་ཅིང་། དེ་ཁྲོད་ནས་ལེགས་བཤད་ཆོས་འཁོར་གླིང་པ་གྲ་ཚོགས་ཆེ་བ་འདུག་པའི་སྟབས་ཀྱིས་དབུ་མཛད་དུང་མཁན་ཆོས་འཁོར་གླིང་པས་བྱེད། དགེ་སྐོས་ཀྱི་ཚབ་ཀྱི་སྒྲིགས་གནོན་ཁྲིམས་པ་གཉིས་ཀྱིས་བྱེད། འདིའི་སྐབས་ཚོགས་དབུར་བསྔོ་བ་བླ་མ་དགོས་པ་བྱུང་ན་ཁྲིམས་པ་རྒན་པ་འདུལ་བ་ཆོས་རྗེས་བྱེད། རྣམ་གཞག་གཏོང་་དགོས་ཁྲིམས་པ་གཉིས། དབུ་མཛད། དུང་མཁན་རྣམས་དང་། ཁྲིམས་པ་གཞོན་པ་གཉིས་སུ་ཐུན་མོང་དུ་རྣམ་གཞག་གཅིག་གཏོང་། གྲྭ་ཚང་བཞི་རང་ཚོགས་པའི་དུས་སུ་ཆོས་འཁོར་གླིང་པས་གྲལ་དབུ་་དང་། དགེ་དབུ་མཛད་དུང་མཁན་ཇ་མ་རྣམས་བྱེད། དྲུང་འཁོར་གང་ཡིན་ཡོལ་སྐོར་འགག་ཏུ་ཚོགས་པར་མང་འགྱེད་ཀྱི་སྐལ་བ་གཏོང་། དེ་མཚུངས་ཕན་བདེ་ལེགས་བཤད་གླིང་པ་རྣམས་རྒྱུན་གྱི་བསྐང་གསོ་རྣམ་གྲངས་མང་བ་དང་རྒྱུད་པ་ཁག་གཉིས་ཀྱང་གསང་འདུས་གསུང་པ་སྦྱིན་བདག་ཚོགས་རྫོགས་པར་འདུག་པས་སྔགས་གྲ་ཁག་རྣམས་ལ་ཡང་སྐལ་བ་གོང་མཚུངས་སུ་སྐྱེལ། གཞུང་གི་ཐབ་ཏུ་སྐོལ་བའི་ཇ་རྣམས་གཏོང་བའི་དོ་དམ་པ་ཁྲིམས་པས་བྱེད། སྨོན་ལམ་སྐབས་ཀྱི་མཆོད་དབྱངས་པ་མཚན་(༣༣བ)


GLG020_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གྲྭ་ཚང་ཁག་བཞི་ནས་རེ་རེ་བྱེད། དགོངས་མོ་སྨོན་ལམ་གྱི་སྐབས་མདོ་སྔགས་ཀྱི་གྲྭ་ཚང་ཐམས་ཅད་བསྲེས་ནས་འཚོག །དྲུང་འཁོར་རྣམས་ཚོགས་པའི་དུས་སུ་སྐྱབས་འགྲོ་སེམས་བསྐྱེད། སྐབས་གསུམ་མ། ས་གསུམ་མ། སྐུ་སྟོད་ལྔ། བརྟན་བཞུགས་སྨོན་ལམ་ལྔ། ཟ་མདོ། སྒྲོལ་མ་ཤེས་རྙིང་རྣམས་འདོན། ་འགྲུལ་གྱི་སྐབས་སྒར་གྲོལ་མེད་པའི་སྔ་ཕྱི་སྣ་ཚོགས་ཡོད་པ་དང་། ཆར་ཆེན་པོ་བབས་པ་སོགས་ཀྱི་་དུས་མ་ཡིན་པའི་ཚེ། དགོངས་མོ་འཁར་རྔའི་བརྡ་དང་བསྟུན་ཉེར་ལེན་བྱེད་དགོས་ཀྱི་རིགས་མ་ཡིན་པའི་དྲུང་འཁོར་བྱིངས་ཚོགས་ཡུལ་ཁྲིམས་པའི་ངག་བཀོད་ལྟར་ཚོགས་པའི་སྒྲོལ་འདོན་རྒྱས་བསྡུས་སྐབས་སྦྱར་བྱེད། དལ་ཚོགས་སྐབས། གཞོགས་སྙེས། རྐང་པ་རྐྱོང་པ། ངན་མཚང་འདྲུ་བ། གཏམ་ཆོལ་མི་མཛེས་པ་སྣ་ཚོགས་སྨྲ་བ། ཤགས་ཧ་གད་ཆེན་པོ་སོགས་མི་བྱེད། གུར་གྲལ་གྱི་ནང་སྒྲིབ་གཡོགས་ཀྱིས་སྐྱོར་བ་མེད་པར་རྐྱང་ཉལ་རྐང་པ་རྐྱོང་བ། ཀོ་བ་མཉེད་པ། རྡོག་པ་རྒྱག་པ། ཐག་སྐུད་ཡོག་པ། འཛིང་རྒྱག །སྐད་རྒྱང་གཏོང་བ། ཀུ་དང་བཤུ་རྒྱག་པ། གོས་གཟན་ཕུད་ནས་གཅེར་བུར་སྡོད་པ་སོགས་སྤྱོད་ལམ་མི་མཛེས་པའི་རིགས་མི་བྱེད། ཐ་མ་ཁ་འདི་མྱོས་འགྱུར་དྲི་ངན་གྱི་རིགས་སུ་འདུག་པས་སྒར་ཕྱི་ནང་གང་དུ་སྐྱ་སེར་སུས་ཀྱང་མ་འཐེན་གལ་སྲིད་འཐེན་པ་མཐོང་ཐོས་བྱུང་བ་རྣམས་ཀྱིས་ཁྲིམས་པར་བབས་པའི་ཆད་པ་གནྡྷོ་ལའི་དྲུང་དུ་མར་ཁལ་གཉིས་ཀྱི་དཀར་མེ་དང་། ཡོལ་སྐོར་འགག་ནས་བརྒྱ་ཕྱག་འབུལ། མཐོང་ཐོས་བྱུང་བ་ལ་སྦས་གསང་བྱས་ཀྱང་ཆད་པ་གོང་ལྟར་སྒྲུབ། སྒར་པ་མ་ཡིན་པའི་བོད་སོག་གི་རིགས་ལ་སྒར་གྲལ་ནང་དུ་འཐེན་ས་མེད་པའི་བརྡ་སྦྱོར། སྒར་སྒོ་གསུམ་པོ་མ་གཏོགས་གུར་སོ་སོའི་བར་ནས་ཕྱི་མའི་རྒྱུ་(༣༤ན)


GLG020_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུལ་བྱེད་དུ་མི་འཇུག །གུར་གྲལ་ནང་དུ་རྟ་དྲེལ་གློད་ནས་འཇོག་པ། རྟ་བཞོན་པ། གནག་ལུག་བསྟེན་པ་སོགས་མི་བྱེད། མཇལ་ཁ་ཞུ་མི་མང་བའི་སྟབས་ནག་ཁྲིམས་ལ་གནང་བ་འཕྲལ་ལེན་པ་ཞིག་མི་ཡོང་འདུག་པས་ཞོགས་པ་ཉི་མ་ཁ་དྲོས་ནས་བཏང་། དགོང་མོ་ཉི་མ་བཞུད་པ་དང་གཅོད་མཚམས་བྱེད། དཀྱིལ་སྒར་སྐོར་ལམ། མགྲོན་གུར་མ་གཏོགས་གཞན་མ་ཕྱག་མཛོད་གཉེར་ཚང་གིས་གཙོས་སོ་སོའི་གུར་ལ་རྒྱུ་འགྲུལ་མི་བྱེད་ཅིང་། གལ་སྲིད་ཁ་ཏ་ངོ་ཤེས་ལྟ་བུའི་འགྲོ་དགོས་བྱུང་ན་ཁྲིམས་པ་ལ་གནང་བ་བཞུ། གཞུང་སྒེར་ཐམས་ཅད་ནས་བུད་མེད་ཀྱི་རིགས་སྒར་དུ་བཟོ་ཚེམ་ལ་མི་འབད། ནང་མཆོད་དང་སྨན་རྟ། བུར་ཆང་ཕྲན་དུ་ལེན་དགོས་བྱུང་ན་ཁྲིམས་པར་གནང་བ་ཞུ་ཞིང་གཞན་མ་ཆང་གི་འགྲིམ་འགྲུལ་མི་བྱེད། སྒར་གྲ་སྒྲིག་ལུགས་སྒར་ཐོའི་ནང་བཞིན་བྱེད། ཅ་པོ་གནངས་ཆེ་ཆུང་གང་འདྲ་ཞིག་རྙེད་ཀྱང་ཁྲིམས་པ་ལ་བརྡ་སྤྱར་བའི་སྤྲོད་ལུགས་མ་གཏོགས་སྦས་བསྐུམས་མི་བྱེད། རྟ་དྲེེལ། སྒྲོག་རྐེ་ཐིག །མཐུར་མགོ་སོགས་གང་ལ་ཡང་བསམ་ལོག་གི་རྐུན་མ་མི་བྱེད། སྒར་འདེགས་པའི་དུས་ཅ་ག་ཐག་པ་གཙོ་བོར་བཏོན་པའི་རང་གང་དྲན་བྱེད་ས་མེད་པས་རོལ་ཆ་དང་པོ་ལ་གཡས་སྒར། གཉིས་པ་ལ་དཀྱིལ་སྒར། གསུམ་པ་ལ་གཡོན་སྒར་རྣམས་རིམ་གྱིས་འགྲིམ། ཉིན་རྗེས་མ་ལ་གཡས་གཡོན་གོ་བརྗེས་རི་མོས་ཀྱིས་འགྲིམ། ལམ་འཕྲང་དོག་སར་ལྔ་རིམ་གྱིས་འགྲོ་བ་མ་གཏོགས་ཤེད་ཁྱེར་དང་མི་དཔུང་གྲ་སྡེབ་ས་ཀྱིས་སྔ་མ་ལ་སྦུད་དང་འཚང་ཀ་མི་བྱེད། སྒེར་གྱི་ཕོགས་ལེན་ཡིན་ཕྱིན་མི་ནག་པ་ཡིན་ཀྱང་གྲི་རིང་དང་སག་ཐག་འདེགས་པ། མེ་མདའ་འཁྱེར་བ། རི་དྭགས་ལ་གནོད་(༣༤བ)


GLG020_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་སོགས་མི་བྱེད། སྒར་དང་ཆིབས་རགས་ཀྱི་ཉེ་སྐོར་ལ་སོག་པོས་ཀྱང་རི་དྭགས་མི་གསོད་པའི་བརྡ་་སྦྱོར། གལ་སྲིད་བྱས་པ་བྱུང་ན་འོག་རྟ་ལེན། དཔྱད་དངོས་ཁྲག་ཆགས་སོགས་སྦས་བསྐུམས་བྱས་པ་བྱུང་ན་རྩད་གཅོད་དོས་དྲག་བྱས་ངོས། ངོ་བོ་ལ་དེ་གའི་རྩིས་ཀྱི་ཆད་པ་དང་། བདག་པོ་ལ་ངོ་བོ་ཐེ་བའི་སུམ་འཇལ་བསྒྲུབ། ཡོལ་སྐོར་ནང་དུ་སྡོད་འོས་མི་འོས་ཀྱི་བཀག་སྡོམ་མགྲོན་གཉེར་དང་སྡོམ་གཅོད་པས་བྱེད། གྲལ་སྒྲིག་པའི་དོ་དམ་མགྲོན་གཉེར་གྱིས་གྲལ་ཡིག་ཟུར་གསལ་ལྟར་བྱེད་དགོས་ལ། མགྲོན་གཉེར་ཆུང་བས་གོ་རིམ་མ་ལོག་པ་བཏང་ངོས། མགྲོན་གཉེར་ཆེ་བ་རྣམས་ཀྱིས་རིམ་སྒྲིག་བྱེད་ཅིང་། སྔ་སླེབ་དང་འཚང་ཁ་མི་བྱེད། གྲྭ་ཚང་གཉིས་པོའི་སློབ་དཔོན་པའི་གྲལ་མགོར་གྲྭ་ཚང་གསར་པའི་སློབ་དཔོན་པ་དང་དགོན་ཆུང་གི་བླ་མའི་རིགས་བསླབ་པ་རྒན་ཡང་མི་སྐྱིལ། ཆོས་རྗེ། མཁན་པོ། སྤྲུལ་སྐུའི་རིགས་ལ་གདན་ཐོག །བདག་རྐྱེན་རྟོག་པ་བཅུག་ནས་བྱེད། བླ་མ་དྲག་རིགས་དང་ནང་སོ་རྣམ་པའི་གཡོག་མི་བབས་གོན་པ། རྟ་སྒ་ཆོས་སོགས་ནས་འགྲེ་ངེས་ཤེས་པ་གྲངས་བཅད་ཆིབས་རགས་ལ་ཕྱིན་ཆོག །དེ་ཕྱིན་སྒེར་གཡོག་གི་རིགས་ཆིབས་རགས་དང་དྲུང་སྒོར་གྱི་ཁྲོད་དུ་མི་བསྲེ། ཕྱག་མཛོད་དང་གཉེར་ཚང་སྐོར་གྱི་རྟ་བཞོན་དྲུང་འཁོར་མིན་པ་རྣམས་ཆིབས་རགས་ལས་རྒྱང་བཅད་ནས་འགྲོ། བྱང་ལམ་འགོལ་སར་ཆིབས་རགས་ཀ་དཔེ་མ་མི་སྒྲིག །གལ་ཆེ་སར་མགྲོན་གཉེར་གྱིས་ཆིབས་རགས་སྒྲིག་པའི་བརྡ་བྱུང་བསྟུན་གོ་རིམ་མ་འཁྲུལ་བར་ཆིག་སྦྲེངས་མ་གཏོགས་ཉིས་གཤིབས་སོགས་སྣ་ཚོགས་མི་བྱེད། མགྲོན་གཉེར་རྣམས་ཀྱིས་མཇལ་ཁ་ཞུ་མི་འདི་བཞིན་ཡོད་ཚུལ་མ་བྱུང་ན་གལ་ཆེ་ཆུང་དང་བདག་རྐྱེན་གདན་བཟོས་ཟོམ་(༣༥ན)


GLG020_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཡོད་འདུག་པ་ནས། མགྲོན་གཉེར་ཆུང་བ་རྣམས་ཀྱིས་འཕྲལ་་འཕྲལ་ཉེ་ལེན་རྟོག་འཇུག་བྱས་པའི་མི་རིགས་དང་ཁ་གྲངས་འདི་ཙམ་འདུག་མགྲོན་གཉེར་ཆེ་བ་བརྒྱུད་པའི་གཞོགས་སུ་གཏུག་དགོས་དང་སྐུ་ཚབ་ཚོར་འཕྲོས་གཏོང་དགོས་གོ་རིམ་མ་ལོག་པ་བྱེད། མགྲོན་གཉེར་ཆེ་ཁ་ལ་འཕྲོས་མ་བཏང་བར་མགྲོན་གཉེེར་ཆུང་བས་རྐང་མགྱོགས་སྟབ་འགྲོས་མ་བྱེད། མགྲོན་གཉེར་ཆེ་བ་རྣམས་ཀྱིས་མཇལ་མི་འདི་ཙམ་ཡོད་རིམ་གཏོང་གིས་ཟེར་བའི་བཀོད་པ་སྡོམ་གཅོད་པར་བྱས་པ་བཞིན་སོར་གནས་བྱེད། ཉུང་ཇ་ཁང་དུ་ལས་བྱེད་བརྒྱད་དང་དམིགས་བསལ་མ་གཏོགས་དྲག་ཞན་སུས་ཀྱང་འགྲིམ་འགྲུལ་མི་བྱེད། དེའི་སྐྱོན་གནོན་དགོས་པ་ནོར་བུས་བྱེད། གཞུང་གིས་འདོགས་ཁྱི་གྲངས་བཅད་མ་གཏོགས་སུས་ཀྱང་ཁྱི་མི་གསོས། བཙུན་གཟུགས་ཡིན་ཕྱིན་གྲི་རིང་སྐྲ་རིང་མི་བྱེད། གུར་གཡབས་ཀྱི་ཀ་ཚབས་ལ་མདུང་དང་ཀྲིང་རྐང་མི་རྒྱག །ཤ་པགས་གུར་ཐག་དང་ཤིང་སྒྲོམས་ལ་མི་འགེལ། སེར་མོ་བ་རྣམས་ཀྱིས་གྲང་ངེས་ཤེས་པའི་དུས་མ་གཏོགས་ཕྱུ་པ་དང་རྩག་པ་མི་གོན་ཞིང་བོད་ལུགས་ཀྱི་བཙུན་ཆས་བག་དང་ལྡན་པ་བྱེད། གདན་གུང་མ་འཐེན་རིང་དང་དགོངས་མོ་ངག་འདོན་ལ་ཚུགས་ནས་དྲུང་འཁོར་ནང་ལ་ཡོང་བཞིན་པ་རྣམས་མ་གཏོགས་ཡོལ་སྐོར་ནང་ལ་མི་ཡོང་། རོལ་ཆ་བ་རྣམས་རོལ་མོ་བསླབ་སྦྱང་བྱེད་པ་ལས་གཞན་སུས་ཀྱང་པི་ཝང་སྒྲ་སྙན་རྩེད་མོ་བག་ཡངས། དཀྲུག་སྡེབ་གྲོས་ངན་ཕྱར་ཀ་འདོགས་པ་སོགས་མི་བྱེད། ཕན་ཚུན་འབོད་ཕྱོགས་ཀྱང་དྲག་ཞན་སོ་སོའི་ཐོབ་ཐང་་དང་བསྟུན་པ་སྙན་ཕྱོགས་ནས་འབོད་པ་མ་གཏོགས་མིང་ངན་དང་བརྗོད་བྱ་མི་ལེགས་པའི་རིགས་ནས་མི་འབོད། ཕན་བདེ་ལེགས་བཤད་གླིང་པ། རྒྱུད་པ་ཁག་གཉིས་མ་གཏོགས་གཞན་མ་དམིགས་བསལ་མེད་པར་སྒར་(༣༥བ)


GLG020_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་རྔ་ཆིངས་མི་བྱེད། མཚེར་ས་ས་མཁན་རྒྱུས་ཡོད་ཀྱིས་བྱས་པའི་རྩ་གང་བཟང་དང་བ་ཚྭ་ཆུ་འཁྱིལ་ཆུ་སོགས་མ་ཡིན་པའི་ཆུ་གང་བཟང་དུ་བབ་པ་མ་གཏོགས་གུར་པ་སོགས་ཀྱིས་འོས་མེད་རིག་དཔྱད་མི་བྱེད། ངེད་རང་ནས་ལས་ཚན་སོ་སོར་བསླབ་སྟོན་བྱས་པའི་རིགས་ལ་སྐུ་ཚབ་རྣམས་ཀྱིས་དྲི་བ་མ་བྱས་པར་སྒྱུར་བཀོད་མི་བྱེད། ཁྲིམས་པས་ཉེ་འགྱང་ཕྱོགས་ལྷུང་སྤང་ཞིང་། སྐུ་ཚབ་གསུམ་གྱིས་གཙོས་པའི་དྲག་ཞན་སུ་ལའང་མཛེས་ལམ་དུ་མ་སོང་བའི་སྒྲིགས་དྲང་འཐད་གནོན། དེའི་རྒྱབ་གཉེར་་དང་སྒྲིགས་ལ་བཟོས་འཇོག་བྱེད་མི་བྱེད་གྱི་རྟོག་འཇུག་སྐུ་ཚབ་རྣམས་ཀྱིས་བྱེད། ཕོགས་འགྱེད་སྟོན་མོ་སོགས་ལེན་སྐབས་ཐོ་ཐོག་ནས་མིང་རིམ་མཐོན་བཞིན་དུ་ཀུན་སྤྱོད་གང་ལེགས་ཀྱིས་ཡོངས་པའི་སྐལ་བ་ལེན་པ་ལས་འཚང་ཁ་ཤེད་སྤྱོད། སྐད་ཤུགས་ཁྲམས་གཉེར་གྱི་ངག་ལས་འགལ་བ་མི་བྱེད། ཐོ་གསལ་མེད་པར་ཁྲིམས་མགྲོན་སྡོམ་གཅོད་ཆིབས་འཆང་པ་སོགས་ལས་ཚན་སུས་ཀྱང་སྐལ་འཕར་མི་ལེན། དྲག་ཞན་ཐམས་ཅད་ཀྱིས་ཉིས་ལེན་མི་བྱེད། བཅའ་ཡིག་གི་འབྲུ་དོན་ལས་འགལ་བར་ཁྲིམས་པས་སྒྱུར་སྦྱང་ལང་ཕྱོགས་དྲག་ཞན་སུ་འདྲ་ཞིག་ལ་བྱེད་དགོས་བྱུང་ཡང་ཁ་ལན་ལག་ལེན་མི་སློག །སེར་མོ་བ་ཡིན་ཕྱིན་གོས་དཀར་གྱི་རིགས་དང་གོས་ཐུང་མི་གོན། གཉེར་ཚང་ཕྱག་མཛོད་སོགས་གཞུང་གི་ལས་ཚན་རྣམས་ཀྱིས་ཀྱང་སོ་སོའི་སྡེ་ཚན་དུ་གཏོགས་པར་ངན་རྒྱབ་ཁུ་འཛིན་བྱེད་པ་དང་། ཤེད་ཁྱེར་ལ་བརྟེན་པའི་སྣེ་མོ་བ་རྣམས་བྱེད་མི་བདེ་བའི་རིགས་མི་བྱེད། གྲྭ་ཚང་ཁག་བདུན་པོས་ཀྱང་གཞན་དག་་དང་བ་འདྲེན་པའི་ཆོས་མཐུན་གཙོ་བོར་མཛད་པ་ལས། སྒེར་གཞུང་གི་སྣེ་མོ་བ་རྣམས་ལ་རྩི་མེད་སོགས་ཨར་ཤེད་རྩིང་ཧྲལ་དུ་འགྲོ་བ་མི་བྱེད། གྲྭ་ཚང་ནང་ཁུལ་དུ་རྩོད་འགྲས་བྱུང་ན་སོ་སོའི་བཅའ་ཁྲིམས་(༣༦ན)


GLG020_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་ལྟར་བྱེད། ནང་ཚན་མ་ཡིན་པའི་ཟློས་པའི་རིགས་དང་། ཕྱོགས་ལངས་དཔུང་གྲ་སྡེབས་བྱས་པ་བྱུང་ན་ཉེས་བྱས་མི་གྲངས་དང་བསྟུན་ཆད་པ་རྟ་ཉི་ཤུ་ནས་གསུམ་གྱི་བར་སྐབས་སྦྱར་སྒྲུབ། ཕྱོགས་འགྲིལ་མ་ཡིན་པའི་སྨས་པ་ལ་སྨ་ཚབས་དང་བསྟུན་པའི་རྟ་གསུམ་བཞི་ནས་ནོར་ལུག་སོགས་སྐབས་སྦྱར། གྲི་བཏོན་པར་རྟ་ནོར་ལུག་གསུམ་གྱི་བར་སྐབས་སྦྱར། བསམས་བཞིན་དུ་རྟ་ཕྱུགས་ལ་བརྒྱབ་ནས་མིག་བཅར་བ། རྐང་ལག་བཅག་པའི་རིགས་ལ་ངོ་བོ་བཟང་ངན་དང་བསྟུན་པའི་རྟ་ནོར་གྱི་ཆད་པ་དང་ཚབ་ལོ་བ་སྤྲོད། སེམས་སྐྱོན་མ་ཆགས་པར་བྱ་རྡོ་ལམ་འཕྲད་ལྟ་བུའི་སྐྱོན་བྱུང་ན་ངོ་བོ་དང་མི་བབས་བསྟུན་པའི་སེམས་སྐྱོན་ཆགས་རིའི་དག་བསྐྱལ་རྗེས་ངོ་བོ་དེ་ཀའི་བཞི་ཟུར་སྤྲོད། སྐུ་ཚབ་གསུམ་དང་ལས་ཆན་སོ་སོས་གཞུང་དོན་དྲང་པོར་བསྲངས་པའི་བྱ་བ་བྱེད་དགོས་ཤིང་ལས་ཚན་སོ་སོའི་འོག་ཏུ་ཡོད་པ་རྣམས་ཀྱིས་འགོ་མིས་གང་ཟེར་ལ་ཉན་པ་ལས་འགོ་འོག་ཏུ་ལུས་མི་ཆུར་བའི་བྱ་བ་མི་བྱེད། སྐུ་ཚབ་གསུམ་གྱིས་གཞུང་དོན་དྲང་པོར་བསྲངས་པའི་བསླབ་བྱ་བྱས་པར་དྲག་ཞན་ཚང་མས་ཉན་འཇོག་བྱེད་དགོས་པ་སོགས་གན་རྒྱ་ཟུར་གསལ་ལྟར་སྤང་བླང་བྱེད། འདི་ནང་དུ་མ་འཐུས་པའི་གསར་སྐྱེས་ཀྱི་རིགས་བྱུང་ན་སླར་བཀོད་པ་སོ་སོ་ནས་ངེས་པ་གྱིས། ལེགས་བྱས་གསེར་ལྡན་ལྟེ་བར་གཡུར་ཟ་བའི། །རྣམ་སྨིན་དཀར་པོར་འཛག་པའི་ཨ་ཤཱཏྠ། །ཕན་བདེའི་ཡལ་འདབས་རྒྱས་པའི་གྲིབ་བསིལ་ལ། །ལུས་ཅན་ཀུན་གྱི་ངལ་གསོའི་གཞིར་གྱུར་ཅིག །ཅེས་ཆུ་ཕོ་འབྲུག་ལོ་ཉིན་ཕྱེད་དབང་པོ་འཁྲིག་པའི་ཁྱིམ་དུ་སྤྱོད་པའི་ཕྱོགས་སྔ་མའི་དབྱངས་ཨོ་འཆར་བའི་ཚེས་ལ་མཚོ་མོ་ར་བ་བཀྲ་ཤིས་སུམ་མདོར་སྒར་འབྱོར་ཐོག་བྲིས་པ་ཤྲེ་ཡནྟུ། །

སྐུ་འབུམ་བྱམས་པ་གླིང་གི་བཅའ་ཡིག་ཉུང་ངུ་རྣམ་གསལ་སོགས།


GLG020_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པ ངྐ སྭ བྷཱ བ མ དྷུ ར སྭ ར བཱི ཎ དྷ རྨྨཱིཿ སྐ ནྡ པྲ ཀུ ཎྜ ལ བ ར ཎྜ ཙ ཨ དྡྷུ ཏཱ གོ །ཆོས་ཕུང་རྒྱ་མཚོའི་རང་བཞིན་དབྱངས་སྙན་རྒྱུད། །རྨད་བྱུང་ངག་གི་ཡོལ་གོར་རབ་འཁྱིལ་བའི། །གྲི ཝྱ སྱ སཱ ར སི ཏི ཥཱ ཡ ས མྱ ད ཡ ཛྙ ཤྭ རྱ དེ བ སི ཏ ཡཙྪ ཙ མ ངྒ ལི ཀྱ། །མཚུངས་མེད་མཁྱེན་བརྩེའི་དབང་ཕྱུག་དབྱངས་ཅན་ལྷ། །མགྲིན་པའི་པདྨར་བཞུགས་ལ་ཤིས་པ་སྩོལ། །སྒྲིབ་གཉིས་ཚང་ཚིང་འཁྲིགས་པའི་ནགས་ཀྱི་ཀླུང་། །ཚོགས་གཉིས་བྱིན་ཟའི་ཕུང་པོས་རབ་བསྲེགས་པའི། །རྣམ་འདྲེན་དེའི་གསུང་དགེ་འདུན་བཅས་པ་རྣམས། །བྱང་ཆུབ་སྙིང་པོའི་བར་དུ་ཕྱག་གི་ཡུལ། །རྒྱལ་བའི་ཡབ་ཅིག་འཇམ་མགོན་བཙོང་ཁ་པ། །བསམས་བཞིན་མི་ཡི་སྲིད་པ་བཟུང་བའི་སར། །རྣམ་གསུམ་འཁོར་ལོའི་བྱ་བས་རབ་མཛེས་པའི། །འདུས་པའི་སྡེ་འདི་སྐྱེ་རྒུའི་བསོད་ནམས་ཞིང་། །འོག་མིན་དག་པའི་རིན་ཆེན་ཐེམ་སྐས་ལས། །ཉེར་བབས་སྤྲུལ་སྐུའི་སྒྱུ་འཕྲུལ་དྲ་བའི་གར། །བསྟན་ཚེ་(༣༧ན)


GLG020_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་འགྱུར་འཆང་གི་ལུཾ་བིའི་ཚལ། །མདོ་སྨད་བཙོང་ཁའི་ཡུལ་དུ་འཕོས་པ་བཞིན། །རྒྱལ་ཀུན་མཁྱེན་པའི་འདབ་མ་རབ་རྒྱས་པར། །བརྩེ་བའི་འཛུམ་གྱིས་ཕན་བདེའི་བྷྲམ་རཿ། །བསུ་བའི་སྔོན་མེད་པད་དཀར་ཆུན་པོ་འདིས། །ཆུ་སྐྱེས་གཞན་ལ་གདུང་བའི་མདུད་པ་གྲོལ། །ཆེས་ཕྲའི་ན་ཚོད་སྒོ་ངའི་སྦུབས་རྒྱ་ནས། །གསང་གསུམ་མི་ཟད་འཁོར་ལོའི་སྐད་སྙན་ཅན། །ཀུན་མཁྱེན་ཀ་ལ་པིངྐ་འདི་མཐོང་ཚེ། །དམ་པར་རློམ་པ་ཕལ་ཆེར་ངུར་པའི་ཁྱུ། །སྲིད་ཞིའི་རྒུད་པ་རྨོངས་ཆེན་མུན་པའི་དཔུང་། །མཐར་བྱེད་དམ་ཆོས་སྣང་བའི་སྐྱ་རེངས་མ། །དཀར་མིན་འབྲས་བུའི་ཐུན་གསུམ་རྫོགས་པའི་མཐར། །འཆར་བའི་བྱེད་པོ་ཉིན་བྱེད་འདི་སུས་བསྐྲུན། །ཞིང་འདིར་མགོན་ཁྱོད་འཁྲུངས་པའི་ངོ་མཚར་གཏམ། །ཕུར་བུས་ཚིག་གི་འཕྲེང་བར་རབ་བསྒྲིགས་ཞིང་། །ཚངས་པས་ལོ་རྒྱུས་སྨྲ་བའི་དཀའ་ཐུབ་ལ། །བསྐལ་བརྒྱར་འབད་ཀྱང་རྫོགས་པའི་ཕ་མཐའ་ཅི། །དེ་ཕྱིར་བདག་བློའི་བུང་བའི་གཤོག་པ་ཡིས། །ལེགས་བཤད་གདེངས་ཅན་སྟོན་པར་ནུས་མིན་ཕྱིར། །དངོས་དོན་སྐུ་འབུམ་བྱམས་གླིང་འདུས་ཚོགས་ཀྱི། །ཆོས་ལྡན་ཁྲིམས་སུ་བཅའ་བའི་རིམ་པ་འདྲི། །ཞེས་ཤིས་བརྗོད་ཕྱག་བྱ་དངོས་པོ་ངེས་བསྟན་གྱི་ཚིག་སྙན་པོས་མདུན་བསུས་ཏེ་གླེང་བར་བྱ་བ་ལ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། ཞེས་གསུངས་པ་ལྟར། སྲིད་པ་དང་ཞི་བའི་ལེགས་ཚོགས་ཐམས་ཅད་ཀྱི་(༣༧བ)


GLG020_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པོ་ནི་ཐུབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་རག་ལུས་ཤིང་། སངས་རྒྱས་རྣམས་ཀྱིས་འགྲོ་བ་འདྲེན་པའང་ལེགས་པར་གསུངས་པའི་བརྗོད་བྱ་ལུང་གི་བསྟན་པ་ཐོས་བསམ་གྱིས་གཏན་ལ་ཕབ། བརྗོད་དོན་རྟོགས་པའི་བསྟན་པ་ཉམས་སུ་ལེན་དགོས་བཞིན་དེ་ཚུལ་བཞིན་དུ་འཛིན་པ་དགེ་འདུན་གྱི་སྡེ་རྣམ་པར་དག་པ་ལ་བརྟེན་ནས་འབྱུང་བས། དེའང་སྔོན་ལྷ་བཙན་པོ་མེས་དབོན་རྣམ་གསུམ་སོགས་ཀྱི་འབངས་བོད་ཆེན་པོའི་རྒྱལ་ཁམས་སུ་གཏོགས་པ་ཤར་བཙོང་ཁའི་ཡུལ་གྲུར། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པའི་དཔལ། བསྟན་དང་འགྲོ་བའི་སྨན་ཡོན་དུ་སྤྲུལ་པའི་ཟློས་གར་བསྟན་པའི་ནོར་འཛིན་གྱི་གཞིར་ཙནྡན་གྱི་ལྗོན་པ་ལོ་འདབ་གཡུར་དུ་ཟ་བའི་སྟེང་དུ་དེ་བཞིན་གཤེགས་པ་སེང་གེའི་ང་རོའི་སྐུའི་སྣང་བརྙན་འབུམ་ཤར་བ་ལས་དད་ལྡན་གྱི་སྐྱེ་བོ་དུ་མས་མཐོང་བའི་གནས་དེར། ཆོས་སྡེ་ཞིག་ཚུགས་ན་ཤར་ཕྱོགས་རྒྱ་མཚོ་ཆེན་པོའི་མཐས་གཏུགས་པའི་བར་དུ་རྒྱལ་བ་བཙོང་ཁ་པ་ཆེན་པོའི་བསྟན་པ་འཕེལ་རྒྱས་འབྱུང་བའི་རྟེན་འབྲེལ་དུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་ཞབས་ཀྱིས་བཅགས་ཤིང་གསུང་གི་སྣང་བ་བསྩལ་བར་བརྟེན་གསར་དུ་བསྐྲུན་པའི་སྐུ་འབུམ་བྱམས་པ་གླིང་གི་བཅའ་ཁྲིམས་ནི། དགེ་འདུན་སྤྱི་ལ་དགོས་པའི་ཁྲིམས་ཀྱི་རིམ་པ་རྒྱལ་བ་བཙོང་ཁ་པའི་བཀའ་འབུམ་ཐོར་བུར་བཞུགས་པའི་ཡི་གེ་གཞིར་བཞག །བྱེ་བྲག་དམིགས་ཀྱི་བསལ་བ། བླ་མ་ལས་ཐོག་པས་སྒྲིགས་བསྡམ་པ་སོགས་ཆོས་ལྡན་གྱི་བྱ་བའི་རིས་ལ་ཉན་འཇོག་མཐུན་རྐྱེན་དུ་འགྲོ་བ་མ་གཏོགས་ལོག་སྒྲུབ་མི་བྱེད། ནང་མཆོད་དང་སྨན་རྟ་མ་གཏོགས་དགོན་པའི་ནང་དུ་ཆང་མི་ལེན། གནང་(༣༨ན)


GLG020_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ཞུས་པར་བུད་མེད་མི་གཏོང་ཞིང་ཞག་ཏུ་མི་འཇོག །དགོན་པའི་སྒྲིགས་འགྲིམ་ཡིན་ཕྱིན་གཞི་བྱེས་ཚང་མར་ཕུ་ཐུང་དང་སྐྲ་རིང་གྲི་རིང་གློ་ཆ་འདོགས་པ་སོགས་འབགས་རེངས་ཀྱི་ཆས་སྤྲོས་པ་དང་། ཞྭ་སེར་མ་གཏོགས་ཞྭ་རིས་མ་གཅིག་པ་མི་གྱོན། ཚོགས་སུ་ལོང་གཏམ་སྨྲ་བ། བག་མེད་ཀྱི་སྤྱོད་པ་བྱེད་པ། གནང་བ་མ་ཞུས་པར་ཚོགས་སུ་མི་ཡོང་བ་མི་བྱེད། དཔོན་པོ་ཡུལ་ཚན་མཐུ་སྡེབས་སོགས་ལ་བརྟེན་པའི་ཆགས་སྡང་གིས་དཀྲུག་ཤིང་མི་བྱེད། དགོན་སྤྱིར་གནོད་པའི་ནང་གཏམ་ཕྱིར་བསྐྱེལ་མི་བྱེད། སོ་ནམ་སོགས་འཇིག་རྟེན་པའི་བྱ་བས་དམ་པའི་ཆོས་འདུལ་པ་སུན་དབྱུང་བ་མི་བྱེད། སྒྲིགས་དང་འགལ་བའི་རིས་ལ་བླ་མ་དགེ་སྐོས་སོགས་ཀྱིས་ཉེ་འགྱང་སྤངས་པའི་ཆད་ལས་བྱས་པ་ཚུལ་བཞིན་བསྒྲུབས་དགོས་ཤིང་། དེ་ལྟར་མི་སྒྲུབ་པ་དང་ངན་རྒྱབ་བྱས་པ་སོགས་ཆོས་སྡེའི་བསྟན་བཤིག་ཆེན་པོར་འགྲོ་བའི་རིས་ལ་གནས་དབྱུང་སོགས་ཆེ་ཆུང་བབ་ཐོབ་ཀྱི་ཆད་པ་འགེལ་ཞིང་། དེར་མ་བརྩིས་པ་བྱུང་ན་རྒྱབ་གཉེར་རྒྱ་སོག་ཀྱི་དཔོན་པོ་སུ་འོས་ཀྱིས་གྱིས། མདོར་ན་ཆོས་སྡེའི་སྒྲིགས་ཚུལ་ལྡན་དུ་བགྱིས་པ་དང་མ་བགྱིས་པའི་དཔང་པོ་དམ་ཅན་སྲུང་མ་རྣམས་ཀྱིས་མཛད་དེ་ཚར་གཅོད་རྗེས་འཛིན་གྱི་འཕྲིན་ལས་ཀྱི་སྒོ་ནས། ཆོས་སྡེ་ཆེན་པོ་འདི་ཉིད་ཇི་སྲིད་ཉི་ཟླའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་དེ་སྲིད་དུ་གནས་ཞིང་རྒྱས་པའི་མཐུན་དང་ལྡན་པར་གྱུར་ཅིག །ཕུན་ཚོགས་རྣམ་པར་དགེ་བའི་གྲུ་རྫིངས་ལ། །བརྟེན་ནས་ཀུན་མཁྱེན་ནོར་བུའི་གླིང་ཆེན་པོར། །རབ་བགོད་དོན་གཉིས་འདོད་དགུའི་དཔལ་འབྱོར་ལ། །(༣༨བ)


GLG020_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་མཐའ་དག་ལོངས་སུ་སྤྱོད་གྱུར་ཅིག །ཅེས་སྐུ་འབུམ་བྱམས་པ་གླིང་གི་བཅའ་ཡིག་ཉུང་ངུ་རྣམས་གསལ་འདི་ནི། སྐུ་འབུམ་ཆོས་རྗེ་གྲྭ་བུ་སློབ་དང་བཅས་པས་བསྐུལ་བའི་ངོར་འཇམ་དབྱངས་གོང་མ་རྒྱལ་བའི་ལུང་གིས། ཟཱི་ཐེན་ཏཱ་བཞིན། ཙི་ཙིའི་ཕཱོ། ཤཱི་ཝུའི་ཐེན་ཞཱ། ཤི་ཀྱིའུ། ཡི་ཐུང་བི་ཞི། ལྦཱཏ་ལཱ། ཏཱ་ལའི་བླ་མ་ཞེས། ནུབ་ཀྱི་ལྷ་གནས། ཆེས་དགེ་བ། བདེ་བར་གནས་པའི་སངས་རྒྱས། བཀའ་ལུང་གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོ་བླ་མར་གྲགས་ཤིང་། མིང་གཞན་ཟ་ཧོར་གྱི་རིགས་ལས་ཨ་ཝ་དྷཱུ་ཏཱི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེར་འབོད་པའི་ལྡུམ་བུ་པས། རྣམ་རྒྱལ་ཞེས་པ་ཆུ་སྦྲུལ་གྲོ་བཞིན་ཟླ་བའི་ཕྱོགས་ཕྱི་མའི་དགའ་བ་གཉིས་པའི་ཚེས་ལ། གནམ་སྔོན་ཞུན་མར་འཁྱིལ་འདྲའི་མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་ནས་བྲིས་པ་ཛཡནྟུ།དབང་དྲག་པདྨ་དྲག་པོ་ཧེ་རུ་ཀའི། །སྣང་བ་སྒྱུ་འཕྲུལ་དྲ་བའི་རོལ་གར་ལ། །ཞེན་པའི་ང་རྒྱལ་དཔའ་གདེངས་རབ་འཆང་བ། །གང་ཤར་རང་གྲོལ་དྲག་རྩལ་རྡོ་རྗེ་ཡིས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས། །ཁྱད་པར་རྟ་ར་ཤག་ཆེན་ཁང་པའི་ནང་། །གནས་པའི་འདྲེ་དང་ཕྱི་ནས་རྒྱུ་བྱེད་པའི། །ལུས་མེད་རྣམས་ལ་རྡོ་རྗེའི་འཕྲིན་འདི་སྤྲིངས། །སྐྱེ་བར་ཕན་བཏགས་ཕ་མར་མ་གྱུར་པའི། །འགྲོ་བ་མེད་ཕྱིར་གནོད་བྱའི་ཡུལ་མ་(༣༩ན)


GLG020_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཀུན་རྫོབ་འཁྲུལ་ངོར་གནོད་བྱ་གནོད་བྱེད་ཀུན། །དོན་དམ་སྟོང་པའི་དབྱིངས་སུ་སྒྲུབ་པ་མེད། །ཁྱེད་རྣམས་སྔོན་ཚེ་ཞེ་སྡང་རང་རྒྱུད་ཀྱི། །དབང་བསྒྱུར་གཞན་གནོད་འཚེ་བ་མང་བྱས་པས། །འབྲས་བུ་མི་བསྲུན་འབྱུང་པོའི་ལུས་ཐོབ་པའི། །ཚུལ་འདི་སོམས་ལ་སྡིག་སྤོང་དགེ་བ་སྒྲུབས། །ཁྱད་པར་གནང་རིགས་རྗེས་སྦྱངས་འགྲོ་བའི་གཉེན། གསོ་རིག་གཞུང་ལུགས་འཛིན་པའི་བྱང་ངོས་པ། །ནང་སོ་དར་རྒྱས་མི་ནོར་འཁོར་བཅས་ལ། །བར་ཆད་གནོད་ཅིང་འཚེ་བའི་རིགས་མི་བྱེད། །གལ་སྟེ་བསམ་ངན་སྦྱོར་བ་རྩུབ་གྱུར་ན། །རྫས་ཀྱི་མདའ་ལ་སྔགས་ཀྱི་དར་བཏགས་བཞིན། །ཏིང་འཛིན་ཡེ་ཤེས་འབར་བའི་རྡོ་རྗེ་ཡིས། །མགོ་ལུས་ཚལ་པ་བརྒྱར་ནི་འགས་པ་དང་། །ཡེ་ཤེས་སྡིག་པ་ནག་པོ་མགོ་དགུ་པ། །བཅོ་བརྒྱད་རྭ་དང་ལྡན་པས་ཁྱོད་རྣམས་ཀྱི། །སྙིང་ཁྲག་ཧུབ་ཀྱིས་འཐུང་བ་པདྨའི་བཀའ། །དམ་ཚིག་འགྱུར་མེད་ཐོག་ལྟར་བབ་ཏཱ་རེ། །དེ་སྐད་མེ་སྤྲེལ་ཧོར་ཟླ་བཅུ་གཅིག་པར། །ཡོངས་སུ་གྲགས་པ་དགའ་ལྡན་ཕོ་བྲང་ཞེས། །རིག་སྔགས་གྲུབ་པའི་བརྟུལ་ཞུགས་འཆར་བའི་གནས། །དབང་དྲག་འབར་བའི་གཞལ་ཡས་ཁང་ནས་བྲིས། །རང་སེམས་འཁྲུལ་པའི་དུག་གསུམ་ལས་སྐྱེས་པའི། །སྒྱུ་མའི་སེང་གེ་ཁྲོས་འདྲའི་ལྷ་མ་སྲིན། །སྡེ་བརྒྱད་བྲན་འཁོར་མངག་གཞུག་བཅས་པ་རྣམས། །སྔགས་འཆང་བཞད་པ་རྩལ་གྱི་གཏམ་འདི་ཉོན། །ཨ་ཆི་ཐུ་ཞེས་བྱ་བ་འདི་དག་གི །མི་ནོར་གཡོག་འཁོར་ཕྱུག་དང་བཅས་པ་ལ། །གནོད་འཚེ་སྤོངས་ལ་མཐུན་རྐྱེན་སྒྲུབ་པར་གྱིས། །དགེ་བ་བླ་མེད་བྱང་ཆུབ་མཆོག་ཏུ་བསྔོ། །གུ་ཧྱེ་ས་མ་ཡ། །

གོང་ར་ངེས་གསང་རྡོ་རྗེ་གླིང་གི་ཁྲིམས་སུ་བཅའ་བའི་རིམ་པ།


GLG020_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ ཤ ངྻཱུ ཏི པྲ བྷུ ཁ བི དྨ མ བ ཛྲ ཧྲྀ ནྡེ རཱ དྷོ ག རུ དྲ ཤི བ ལ ཀྱ མ ཡ སྱ ནི རྟི། མཁའ་ཁྱབ་འོད་གསལ་རང་རིག་རྡོ་རྗེ་སེམས། །ལྷུན་གྲུབ་འཇའ་ཟེར་ཞི་ཁྲོ་སྒྱུ་དྲའི་དགར། བཻ ལཱལི ཏཱ ཀ རུ ཎ ཨ དྡྷུ ཏ ཙི ཏྟམ དྷྱཱ བ དྨཱ ཀ རཱ དྱ ན ང ག ཏྱ ཡཱ ཙ དཱ ལ། །མ་སྨད་ཐུགས་རྗེའི་རྣམ་རོལ་པདྨ་འབྱུང་། །སྙིང་དབུས་ཡེ་ནས་འབྲལ་བ་མེད་དེས་སྐྱོངས། །དཔལ་ལྡན་ཀུན་བཟང་མ་དྲོས་མཚོ་ཆེན་ལས། །ཐེག་མཆོག་ཆུ་བོ་ཀུན་འབབ་འཁྱིལ་བའི་གཞི། །རྣམ་གསུམ་ཡོ་གའི་བཀའ་བབས་རིག་འཛིན་དང་། །བོད་ཡུལ་གྲུབ་བརྙེས་རྗེ་འབངས་ཉེར་ལྔ་རྒྱལ། །མདོ་སྒྱུ་སེམས་ཕྱོགས་སྲོལ་འཛིན་སོ་ཟུར་གནུབས། །ཆེས་དངར་མཁའ་འགྲོའི་ཁ་རླངས་འཐུལ་བའི་གཏེར། །སྤེལ་མཛད་ཉང་རལ་ཆོས་ཀྱི་དབང་ཕྱུག་སོགས། །སྔ་འགྱུར་བསྟན་པའི་ཉིན་བྱེད་རྣམས་ལ་འདུད། །སྒྲིབ་གཉིས་སྲོག་རྩ་བཅད་པའི་ཁྲག་རྒྱུན་གྱིས། །རབ་མྱོས་ཞི་ཁྲོ་ཀུན་འདུས་བཀའ་བརྒྱད་ལྷ། །(༤༠ན)


GLG020_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་གཏེར་སྙིང་པོའི་བསྟན་སྐྱོང་རལ་གཅིག་སོགས། །བཀའ་སྲུང་དམ་ཅན་རྒྱ་མཚོས་ལས་ཀུན་སྒྲུབས། །ངེས་དོན་ཟབ་གསང་རྡོ་རྗེ་སྙིང་པོའི་ལམ། །ཐེག་ཀུན་རྩེར་བགྲོད་ཨ་ཏིའི་རྣལ་འབྱོར་མཆོག །བསྒྲུབ་པའི་རིག་འཛིན་གླིང་གི་བླང་དོར་གྱི། །ཁྲིམས་སུ་བཅའ་བའི་རིམ་པ་འདི་ལྟར་རོ། །ཞེས་ཤིས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ་ལྷ་རྣམས་ཀྱིས་ཆེད་དུ་བརྗོད་པའི་གྲགས་ཅན་གྱི་བསྐལ་པ་བཟང་པོ་འདི་ལ་སྐྱེ་དགུ་རྣམས་ཀྱིས་ལས་ཀྱི་མཐུས་དུས་བཞིར་བྱུང་བའི་ནང་ཚན་རྩོད་ལྡན་གྱི་དུས་ཆེས་ཆེར་འདུལ་བར་དཀའ་བའི་གདུལ་བྱ་རྣམས་འདུལ་བའི་དོན་དུ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཞེས་ཡོངས་སུ་མཁྱེན་པ། མ་ལུས་པ་སྤངས་པ། ཚུལ་བཞིན་བསྒོམ་པ། ལེགས་པར་མངོན་དུ་མཛད་པ་གང་གི་བསྟན་པ་རིན་པོ་ཆེ་ནི་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གིས་བསོད་ནམས་རྒྱ་མཚོའི་ཞིང་མཆོག་བླ་ན་མ་མཆིས་པ་ཡིན་ཅིང་། བསྟན་པ་དེ་ཡང་། མདོ་དགོངས་པ་འདུས་པ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུང་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་བུ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། དབང་རྟུལ་རྒྱུ་ལམ་དུ་བྱེད་པར་མོས་པ་རྣམས་ལ་མཚན་ཉིད་ཀྱི་ཐེག་པ་དང་། དབང་རྣོན་འབྲས་བུ་ལམ་བྱེད་ལ་མོས་པའི་ངོར་གསང་སྔགས་ཀྱི་ཐེག་པ་གཉིས་སུ་བསྟན་པའི་ནང་ནས་མཆོག་ཏུ་གྱུར་པ་གསང་(༤༠བ)


GLG020_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྡོ་རྗེ་ཐེག་པ་ལ་འཕགས་པའི་ཡུལ་དུ་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་བཀའ་བབས་ཀྱི་བྱུང་ཚུལ་རྣམ་གྲངས་ཆེས་མང་ན་ཡང་། ཡོ་ག་རྣམ་པ་གསུམ་གྱི་ལུགས་ལ་འོག་མིན་གྱི་གནས་སུ་ཐོག་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་དགོངས་པ་ལས་ཉེ་བར་བརྒྱུད་དེ་རྡོ་རྗེ་སེམས་དཔས་དགའ་རབ་རྡོ་རྗེ་ལ་ཨ་ཏི་ཡོ་གའི་སྐོར་ཐབས་དང་བརྡ་ལ་བརྟེན་གསུངས་ཤིང་། ལྷ་ཀླུ་མིའི་རིག་འཛིན་ལ་བརྒྱུད་ནས་རྒྱལ་པོ་ཛའི་ཁང་སྟེང་དུ་ཏནྟྲ་ཆེན་པོ་སྟེ་བཅོ་བརྒྱད་བབས་པ་ལ་བརྟེན་ནས་མ་ཧཱ་དང་ཨ་ནུའི་ཐེག་པ་རྣམས་བྱོན་པ་བསིལ་ལྡན་བོད་ཀྱི་རྒྱལ་ཁམས་འདིར་མཁན་སློབ་ཆོས་གསུམ་བི་མ་ལ་མི་ཏྲ་སོགས་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་གསང་སྔགས་སྔ་འགྱུར་ཞེས་ཉི་ཟླ་ལྟ་བུར་གསལ་བའི་ཐེག་པ་མཆོག་གི་བསྟན་པ་འདི་ལ། ཐང་ཡིག་ལས། སློབ་འཆད་གྲྭ་ལ་རྗེ་ཡིས་མཐུན་རྐྱེན་སྦྱོར༔ བོད་ཀྱི་བན་སྔགས་དབུ་ཟླུམ་ལྕང་ལོ་ཅན། ཞེས་མཆོད་གནས་སྡེ་གཉིས་སུ་གསུངས་པས། གནུབས་ཆེན་སངས་རྒྱས་ཡེ་ཤེས་ནས་ཉེ་བར་བཟུང་སྟེ་སོ་ཟུར་གནུབས་གསུམ་སོགས་སྔགས་སྡེ་ཕལ་ཆེར་གོས་དཀར་ལྕང་ལོའི་འཕྲེང་བ་འཛིན་པ་ཤ་སྟག་ཏུ་བྱོན་ཅིང་། འདུལ་བའི་སྐབས་རབ་ཏུ་བྱུང་བའི་རྟགས་རྣམས་མཁན་པོས་གནང་ཞིང་བསྐོན་པ་ཞིག་དགོས་པར་བཤད་པས་ཁྱིམ་པ་རྣམས་ཀྱིས་རབ་བྱུང་གི་ཆ་ལུགས་འཛིན་མི་འོས་པ་ཤུགས་ལས་བྱུང་ཡང་། ཐེག་པ་ཆེན་པོའི་སྡེ་སྣོད་དུ་ཡན་ལག་བརྒྱད་པའི་གསོ་སྦྱོང་བླངས་ཀྱང་། མཐའ་གཅིག་ཏུ་ཚངས་པར་སྤྱོད་པའི་ངེས་པ་མེད་ཅིང་སྒྲིབ་པར་མི་འགྱུར་བའི་སྐབས་མང་དུ་བཤད་ཅིང་། སྒྱུ་འཕྲུལ་ལས། སེམས་ཉིད་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །པདྨ་ལ་ནི་འདམ་བཞིན་ཏེ། །བྱས་ལ་(༤༡ན)


GLG020_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མི་གསོག་སྡོམ་པའང་རྫོགས། །ཞེས་དང་། སློབ་དཔོན་སྒེག་པའི་རྡོ་རྗེས། ཐེག་ཆེན་དམ་ཚིག་ལ་གནས་ན། །འོག་མའི་འདུལ་སྡོམ་དམ་ཚིག་ཀུན། །བསྲུངས་པ་མེད་པར་ཐུབ་པས་ན། །དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་དབང་ཕྱུག་ཅེས་བྱའོ། །ཞེས་པ་ལྟར་ཐེག་པ་མཆོག་གི་རྣལ་འབྱོར་དང་ལྡན་པ་རྣམས་ཐེག་དམན་གྱིས་གཞལ་བའི་ཡུལ་ལས་འདས་པས་ངོ་བོ་དགེ་བསྙེན་ལ་རྣམ་པ་རབ་བྱུང་གི་ཆ་ལུགས་ཅན་ཡང་སྔགས་རྙིང་མའི་ཕྱོགས་སུ་མང་དུ་བྱུང་བས་སོ། །དེ་ཡང་ཇི་སྐད་དུ། དགེ་སློང་མཆོག་ཡིན་དགེ་ཚུལ་འབྲིང་། །ཁྱིམ་ན་གནས་པ་ཐ་མ་ཡིན། །ཞེས་གསུངས་པའི་གསང་སྔགས་སྒྲུབ་པའི་རྟེན་ལ་རིགས་གསུམ་དུ་བཤད་པའང་། བསླབ་པའི་གནས་ལ་མཆོག་དམན་ཡོད་པའི་དབང་གིས་ཡིན་ལ། དེའི་ཚུལ་ནི། རྡོ་རྗེ་སྙིང་འགྲེལ་ལས། མི་དགེ་བཅུ་པོ་ཡོངས་སྤོང་བར། །བྱེད་པ་དེ་ནི་དགེ་བསྙེན་ཏེ། །བསླབ་པའི་གནས་བཅུ་རབ་སྦྱིན་པ། །སྲུང་བྱེད་དེ་ནི་དགེ་ཚུལ་ཡིན། །བསླབ་པ་བྱེ་བའི་གནས་བྱིན་ནས། །བརྟུལ་ཞུགས་བྱེད་པ་དགེ་སློང་ངོ་། །ཞེས་བྱུང་བའི་ཕྱིར། གོང་གི་ནང་ཚན་གསུམ་ལས་ཁྱིམ་པའི་སྔགས་སྡེ་ལུགས་བཞིན་བྱེད་ན་སྔར་བཤད་པ་དེས་ཁྱབ་ལ། རབ་ཏུ་བྱུང་བའི་རྟེན་ལ་གསང་སྔགས་བསྒྲུབ་པའི་ལུགས་སྲོལ་ལྟར་སྤྲོ་ཚེ་ངེས་པར་རབ་དགེ་སློང་། འབྲིང་དགེ་ཚུལ། ཐ་མའང་བར་མའི་ཚུལ་ཁྲིམས་ཙམ་ཞིག་བླངས་པ་དགོས་པར་སྔོན་ཆད་གོང་ར་རྙིང་པ་བ་རྣམས་སྡོམ་པ་སྣ་གཅིག་ཀྱང་མ་བླངས་བར་རབ་ཏུ་བྱུང་བར་རློམ་པའི་ཕྱི་དྲོའི་ཁ་ཟས་སོགས་འབད་པས་བཀག་པའི་སྲོལ་ཡོད་འདུག་པ་ནི་མུ་སྟེགས་བྱེད་ཀྱི་ཟས་གཅོད་པ་དང་མེ་ལྔ་བསྟེན་པའི་བརྟུལ་ཞུགས་ལྟར་ངལ་བ་འབྲས་བུ་མེད་པའི་འཁོར་(༤༡བ)


GLG020_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བསྐོར་བར་ཟད་པའི་ཕྱིར། ཐུབ་པའི་རང་ལུགས་དང་མི་མཐུན་པ་ལུང་དུ་མ་བསྟན་པའི་སྤྱོད་པ་ནི་བླུན་པོའི་རང་མཚང་ཙམ་དུ་ཟད་ལ། སྐབས་དོན་རྫུས་གཏེར་རང་བཟོའི་དྲི་མ་ཅན་རྣམས་སྤངས་ཏེ་དགེ་ལུགས་བསྟན་སྲིད་ལ་ལོག་སྒྲུབ་ཏུ་མི་འགྲོ་བ་དགོས་ཚུལ་ས་སྐྱོང་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་བཀོད་འདོམས་དང་བཅས་ཁྲ་ཚང་པ་མཁས་གྲུབ་ཆེན་པོ་བློ་གྲོས་མཆོག་གི་རྡོ་རྗེ་བླ་མར་བསྐོས་ཀྱང་སྔར་སྲོལ་ལུགས་ངན་ལ་ཞེན་པ་རྣམས་ཀྱིས་ཚུལ་ལྡན་མ་བྱས་པར་བརྟེན། གྲུབ་མཐས་བསླད་པའི་ཆོས་དང་གང་ཟག་རྣམས་དབྱུང་སྟེ་བསྟན་པ་སྤྱི་རིམ་དང་སྒེར་གཞུང་གི་རིམ་གྲོ་སོགས་སྒྲུབ་པའི་ཆེད་གསར་དུ་སྤེལ་པའི་གོང་ར་ངེས་གསང་རྡོ་རྗེ་གླིང་གི་སྡེ་འདིར་སྤང་བླང་གི་རིམས་པ་ནི། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་བསྲུང་། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་པ་ལྟར། རབ་ཏུ་བྱུང་བའི་སྔགས་སྡེ་མཚན་ཉིད་དང་ལྡན་པ་བྱེད་པ་ལ་ཐོག་མར་གསར་བུ་བ་རྣམས་བར་ཆད་དང་ལྡན་མི་ལྡན་ལེགས་པར་བརྟགས་ཏེ་རབ་ཏུ་བྱུང་བའི་ཆ་ལུགས་རང་ཉིད་དབང་བ་འམ། མ་མཐའ་བརྙན་པོ་ཚུན་ཆད་ཀྱིས་ཚང་བར་བྱས་ལ་བར་མའི་ཚུལ་ཁྲིམས་དང་དགེ་ཚུལ་གྱི་སྡོམ་པ་གང་རུང་ན་རྒན་གཞོན་དང་བསྟུན་པའི་བསྒྲུབ་ཏུ་འཇུག ལོ་ཚེགས་སུ་སླེབ་ཅིང་བསྙེན་པར་རྫོགས་འདོད་ཡོད་པ་རྣམས་ཀྱང་བར་མའི་སྐབས་ལྟར་སྤྱིར་བཏང་དམིགས་བསལ་གྱི་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བ་འདུག་ན་བསྒྲུབ་ཏུ་འཇུག །རྩ་བཞི་གཙོ་བོར་གྱུར་པའི་བསླབ་ཁྲིམས་རྣམས་དགེ་འདུན་སྤྱི་ཁྲིམས་ལ་མི་གནོད་པའི་ལེགས་པར་བསྲུང་། དེའང་སོ་ཐར་གྱི་མདོ་ལས། སེམས་རྟ་ཁ་བསླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱབ་པ་ཡི། །སྲབ་ནི་སོ་སོར་ཐར་པ་ཡིན། །ཞེས་བསྟན་པའི་རྩ་བ། (༤༢ན)


GLG020_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཐར་གྱི་ཁྲིམས་ལ་བརྟེན་ནས་རང་རྒྱུད་འདུལ་བའི་ཐབས་ཀྱིས་གཞི་བཟུང་། གཙོ་བོར་ཐོས་བསམ་དུ་བྱ་བ་ན། འཁྲུལ་མེད་གླིང་པའི་ནང་ཚན་རིག་འཛིན་ཆེན་པོ་རཏྣ་གླིང་པས་གནམ་སྐས་བྲག་ནས་སྤྱན་དྲངས་པའི་དབང་ཆེན་འདུས་པའི་ཆོས་སྡེ་ཞལ་གདམས་གསལ་བའི་སྒྲོན་མེ་ལས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས། སྤྱིར་ཡང་བོད་རྣམས་སར་ངས་ཆེ་བ་དང་། སྙིགས་མའི་འགྲོ་བ་ལྷག་པར་སྙིང་རྗེ་བསཿ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞགཿ ལས་ཅན་བུ་དང་ཕྲད་པའི་སྨོན་ལམ་བཏབ། །མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན། །སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེད་ཅན། །རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང་། །སྙིགས་མའི་ཆོས་བྱེད་ཕལ་ཅིག་གཏེར་གྱི་འདྲེན། །ཟབ་ལ་ཁ་ཚར་མ་བསྒྲིབས་མཐའ་རྒྱས་ཤིང་། །གདམས་པ་སྣ་རིས་གང་ཟག་གྲོལ་བར་ངེས༔ །དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན། འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོང་། །ཚེ་གཅིག་ཐར་ལམ་འཐོབ་བོ་རྗེས་འཇུག་རྣམས༔ སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་རྣམས། །དེང་སང་གྷུ་རུའི་ཞལ་མཐོང་སྨོམ་ལམ་ཐོབ། །ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས། །ཞེས་པ་ལྟར་གཏེར་ཁ་གོང་འོག་ལྷ་བྲག་གི་གཏེར་གསུམ་གཙོ་བོར་གྱུར་པའི་གཏེར་ཁ་གསར་རྙིང་གི་འཕྲིན་ལས་སྒྲུབ་བསྐོར་གྱིས་ཐོག་དྲངས་གསོལ་འདེབས་སྨོན་ལམ་སོགས་ཀྱིས་མཐའ་བརྟེན་པའི་ཚོགས་འདོན་འོག་ཏུ་གསལ་བ་རྣམས་ཀྱི་སློབ་དཔོན་སོགས་ལ་བརྟེན་ནས་སློབ་སྦྱང་ལ་བརྩོན་པར་བྱས་ངོས། ཤེས་རབ་དང་བསྟུན་པའི་ཟླ་གྲངས་ལོ་གཅིག་(༤༢བ)


GLG020_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་ཙམ་དང་། མང་མཐའ་འང་ལོ་གསུམ་ཚུན་ལ་ཁོང་དུ་ཆུད་པར་བྱེད། རབ་ཚེས་བཅུའི་འཆམས་དང་གལ་ཏེ་མ་འགྲུབ་ཀྱང་བཀའ་བརྒྱད་ཟོར་འཆམས། གར་ཐིག་དབྱངས་གསུམ། བྲིས་འབུར། བདེ་ཡིག་གཟབ་ཤུར། བརྡ་དག །རྩིས་སྐར་ནག་གཏོར་མདོས་སོགས་ལུས་ངག་གི་ཡོན་ཏན་ལ་སྦྱང་བདར་བྱེད། གོང་གསལ་གྱི་བསླབ་སྦྱང་རྣམས་གྲུབ་རྗེས་སྒྱུ་འཕྲུལ་གསང་སྙིང་རྩ་བཤད། རོང་ཟོམ་ཆོས་བཟང་། སྨན་ལུང་ཤཱཀྱ་འོད། ཚོང་འདུས་པ་གཡུང་སྟོན་རྣམས་ཀྱིས་མཛད་པའི་འགྲེལ་པ་སོགས་གཞུང་ཆེན་པོ་རྣམས་བསླབ་སྦྱང་གིས་མཚོན་པའི་མང་དུ་ཐོས་པ་འཚོལ། འོན་ཏེ་ལེགས་སྦྱར་ལ་སྦྱངས་ན་གནས་ལྔའི་ཕ་རོལ་དུ་སོན་ཐབས་སུ་འགྱུར་ཞིང་དེ་ལྟའི་དཔྱོད་ལྡན་རྣམས་ལ་གཙུག་ལག་ཀུན་གཅིག་གྲོགས་སུ་གཅིག་འགྲོ་ནའང་། ཅུང་ཟད་ཐོས་རློམ་གྱི་བློ་ཆུང་ཕལ་ཆེར་རྙིང་མའི་སྔགས་ཟུར་ཆག་མི་མ་ཡིན་དང་འགྲོ་ལྡིང་སྐད་སོགས་ལ་སོམ་ཉི་དང་། ཀློག་ཐབས་ཀྱང་རང་ལུགས་དོར་ཏེ་སྒྲ་པ་ལྟར་བཀླགས་པས་སྔགས་ནུས་ཉམས་ཏེ་ཇི་ཙམ་བཟླས་ཀྱང་འབྲས་བུ་ནམ་མཁའི་དབྱིངས་སུ་དེང་པར་བྱེད་པའི་ཉེས་དམིགས་ཡོད་པས་ཀ་ཙན་སོགས་སྒྲ་རིག་མི་བསླབ། མི་བསད་པ། རིན་ཐང་ཚང་བའི་དངོས་པོ་བརྐུ་འཕྲོག །དགེ་འདུན་སྤྱི་རྫས་ལ་སྦས་ཤུབས། མི་ཚངས་སྤྱོད་ཀྱི་སྐྱོན། ཐ་མི་ཁའི་དུ་བ་རྔུབ་པ། མཚོན་སོགས་བརྡེགས་པ་ལ་བརྟན་པའི་རྨས་འགྲམ་ཚབས་ཆེན་བཟོས་པ་བྱུང་ན་གནས་དབྱུང་། སྨན་རྟ་མ་གཏོགས་ཆང་བཏུངས་པ། རྨས་ཕྲན་བུ་ཙམ་གྱི་ལག་འདྲེས་པའི་འཐབ་རྩོད། །སྤྱི་དོན་ལ་སྒེར་གྱི་འཁོན་ཞེ་བཞག་གི་ངན་ལེན་ལེན་པ། །ཕན་ཚུན་དཀྲུག་རྐྱེན་གྱི་ཕྲ་མ་བྱེད་པ་ལ་མངོན་ཚན་དང་ཚབས་ཆེ་ཆུང་ལ་གཞིགས་པའི་ཚབས་(༤༣ན)


GLG020_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་རིས་ལ་མང་ཇ། ཚ་ར། ཐུག་དར་ལྕོག །དཀར་མེ་སྙན་དར། བླ་མར་བདུན་ཚན། སྣེ་མོ་བ་རྣམས་ལ་རྣམ་གཞག་གཏོང་། །རྨ་གསོས་གཏོང་ཆ་སོགས་ཚད་ལྡན་དང་། ཆུང་བའི་རིས་ལ་མང་ཇ་སྙན་དར། བླ་མར་འབུལ་བ་སུམ་ཚན། སྣེ་མོ་བར་རྣམ་གཞག་སོགས་རྒྱས་བསྡུས་རིམ་འགྲོས་ཀྱིས་འགེལ། ཡུལ་དང་ཐབ་གྲོགས་སོགས་བདེ་ཚན་དུ་བཅད་པའི་མི་དཔུང་དགྲ་སྡེབས་ལ་བརྟེན་པའི་ངན་རྒྱབ་ཁ་འཛིན་བྱས་པ། བླ་མ་དབུ་ཆོས་སོགས་ཀྱི་སྒྲིགས་མནན་པར་མི་བརྩི་བའི་ལོག་སྒྲུབ་ཚན་ཆེན་བྱས་པ་བྱུང་ན་སྟེ་པོ་ངོ་བོ་གནས་དབྱུང་། ཚན་ཆུང་བའི་རིས་གོང་གསལ་མང་ཇ་ཚ་ར་སོགས་ཀྱི་ཆད་ལས་འགེལ། ཚོང་འདུས་སོགས་ཚོང་རའི་སར་ཡོ་བྱད་བསྒྲུབ་པར་འགྲོ་མི་རྣམས་ཀྱིས་སྔོན་མས་ཚོང་ཐག་མ་ཆོད་པར་ཕྱི་མས་ཧབ་ཐོབ་དང་དོག་འཚངས་མི་བྱེད། བྱས་ཚེ་སྙན་དར་འགེལ། གོང་ར་དང་ཆུ་བོ་རིའི་ཟོ་བོ་འཆི་མེད་བཀོད་པ་སོགས་གཙང་དགོན་གྱི་རིས་སུ་གནས་མཇལ། ཆོས་ཞུ་རྙེད་བཀུར་བྱེད་མི་དམིགས་བསལ་གནང་བ་ཞུས་པ་མ་གཏོགས་གླིང་གསེབ་ཏུ་བུད་མེད་མི་གཏོང་། རི་ལུང་སྦུག་ལྟ་བུའི་སེར་ཁྱིམ་དགོན་རྣམས་སུ་གྲྭ་དམངས་ཆོས་ཐོག་བཏེག་ཚེ་བླ་བྲང་གི་ནག་མཐོ་ཚུན་ལ་ནག་ཁྲིམས་གོང་བཞིན་བྱེད། གཏང་ན་གཏོང་མཁན་སུ་ཡིན་ལ་མང་ཇ་དང་སྙན་དར་འགེལ། ནང་མཆོད་གསེར་སྐྱེམས་ཚོགས་ཆང་དམ་ཚིག་གི་རྫས་སུ་ཉུང་ངུ་མ་གཏོགས་ཆང་གི་རིས་མི་ལེན། ནད་པའི་སྨན་རྟ་དང་མཁར་ལས་སོགས་ལ་དམིགས་བསལ་གྱིས་ལེན་དགོས་བྱུང་ན་གནང་བ་ཞུ། མ་ཞུས་པར་བླངས་ཚེ་མང་ཇ་འགེལ། བསམ་གཏན་གྱི་ཚེར་མར་འགྲོ་བའི་གླིང་གསེབ་ནས་སྐད་རྒྱང་གཏོང་བ། ཀུ་ཅོ་འདོན་པ། གཞིས་བྱེས་(༤༣བ)


GLG020_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གང་འདུའང་མཆོངས་བརྒྱག་པ། མདའ། འུར་རྡོ། རྡོ་སྒོར་བརྒྱག་པ་སོགས་མི་བྱེད། གལ་སྟེ་བྱས་ན་མང་ཇ་བསྙན་དར་འགེལ། གོས་ཕུ་ཐུང་མ། ཁ་དོག་མ་འགྱུར་བའི་དཀར་པོ། སྐ་རགས་ཕུ་གུ་ཅན། ཕོར་ཤུབས་འདོགས་པ། སྒོམ་ཐག་དྲ་ཕད། གྲི་རིང་། སྐྲ་རིང་། སུག་རྩ། ཟོམ་པ་གྱོན་པ་སོགས་མི་བྱེད། བྱས་ཚེ་དངོས་པོ་ངོ་བོ་འཕྲོག་ཅིང་སྙན་དར་འགེལ། ཨོ་རྒྱན་པཎ་ཞྭ་མ་གཏོགས། རྩེ་ཞྭ། པཎ་ཞྭ། སྒོམ་ཞྭ། འབར་ཞྭ། པགས་ཞྭ་སོགས་ཞ་རིས་སྣ་ཚོགས་མི་གྱོན། གྱོན་པ་བྱུང་ན་ཆད་ལས་གོང་བཞིན་བྱེད། ཚོགས་ལ་ཆོས་གོས་ཞེ་གཅིག་བྱུང་ན་ལེགས་ཤིང་མ་བྱུང་ཀྱང་གདིང་བ་ངེས་པར་བསྒྲིག །ཞིང་སྔོ་ཐོག་ལ་ལམ་པོ་མི་བྱ་ཞིང་དུད་འགྲོ་ཟར་མི་འཇུག །བྱུང་ན་དེའི་གུན་ཡོང་ངེས་ཞིང་བདག་ལ་སྤྲོད། ཤེས་བདག་ལ་གྲ་པ་འགྲོ་མི་བླ་བྲང་ནས་ཐོག་གང་བཙུགས་འགྲོ་ཞིང་། དེ་ལ་བསོད་སྙོམས་འགྱེད། ཚ་ར་སོགས་གང་བྱུང་གི་སྐལ་པ་མ་ཆད་པ་གཏོང་། སྤྱི་སྒེར་གྱི་དོན་ལ་གྲོང་གསེབ་སོགས་སུ་སོང་བ་རྣམས་ཉེ་དུ་མ་ཡིན་པའི་བུད་མེད་དང་གནས་ཁང་གཅིག་ཏུ་ཞག་པོར་ཉལ་པ་སོགས་དོགས་གནས་ཀྱི་གཞི་ཆེན་པོ་ཡོད་པ་མི་བྱེད་ཅིང་། གལ་ཏེ་བྱས་པ་བྱུང་ན་བསླབ་སྐྱོན་མེད་པ་ལག་འདོགས་ཚད་ལྡན་དང་བཅས་པས་དག་པས་བཀྲུས་ན་མ་གཏོགས་སླར་གྲྭ་ཁྱུར་མི་འཇུག །སྒེར་གཞུང་དྲག་ཞན་གང་གི་རིམ་གྲོ་སོགས་གྲོང་ཆོག་གི་རིས་ལའང་བག་ཡོད་ཅིང་ཆོ་ག་ཕྱག་ལེན་སོགས་མཚན་ཉིད་དང་ལྡན་པའི་གང་རྒྱས་མ་གཏོགས་སྦྱིན་བདག་དད་པ་ལོག་རྐྱེན་དུ་འགྲོ་བ་མི་བྱེད། གླིང་གསེབ་ཀྱི་སྤྱིལ་པོ་འཚོང་ན་བླ་མ་དང་དགེ་སྐོས་ལ་འདྲི། གླིང་གི་སྤྱིལ་པོ་བཤིག་ནས་བསྒྲིལ་བ་སོགས་མི་བྱེད། རྟེན་གསུམ། རོལ་མོ། སྙན་(༤༤ན)


GLG020_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དར། འབག་ཕོད། རུས་རྒྱན། ཕྱག་མཚན་སོགས་བཅག་གྲུམ་ཆུད་ཟོས་ལ་བཏང་བ་བྱུང་ན་སྐྱིན་ཚབ་བསྒྲིག །བྱེད་མི་རྩད་མ་ཆོད་ཅིང་ངོས་མི་ལེན་ན་མདོ་སྒྲུབ་ཀྱིས་མཚམས་གཅོད། གོང་རའི་གྲ་རྙིང་སྣང་སོགས་གོམས་གསུམ་གྱི་ལྟ་གྲུབ་ལ་ཞེན་པའི་མ་རུངས་པའི་རིས་ལ། གནས་ཚང་གཏོང་བ་དང་སྟེན་སྐྱོབ་འདྲིས་ཆེན་བྱས་ཚེ་སྦལ་པ་རྨ་ཅན་གྱི་དཔེ་བཞིན་གྲ་པ་གསར་པ་སྐྱོན་མེད་རྣམས་ཀྱང་ལྷད་ཅན་དུ་འགྲོ་བའི་ཉེན་འདུག་པས་མི་བྱེད་ཅིང་། བྱས་པ་བྱུང་ན་ཚོགས་སུ་མང་ཇ་ཚ་ར་། བླ་མར་ལྔ་ཚན། སྣེ་མོ་བ་རྣམས་ལ་སྣེལ་གཏོང་བྱེད། ཉེ་སྐོར་གྱི་སྤྱི་ལ་སྟོང་དང་ཕུག་པ་ཚོར་སྡད་མ་སྡད་དགེ་སྐོས་ཀྱིས་གསང་བདར་བྱེད་ཅིང་། གཞན་གྱིས་ཚོར་བ་བྱུང་ཀྱང་སྤྱི་སོར་འཕྲོས་བཏང་བའི་འཕྲལ་དུ་དབྱུང་ཞིང་མདོ་སྒྲུབ་ཀྱིས་མཚམས་གཅོད་ཤེས་བཞིན་དུ་འཕྲོས་མ་བཏང་ན་སྙན་དར་འགེལ། ཕྱི་ནང་སྐྱ་སེར་གང་གི་དངོས་དཔྱད་བོར་བ་རྙེད་ན་བདག་པོ་ངོ་ཤེས་ན་དང་མ་ཤེས་ན་དགེ་སྐོས་ལ་སྤྲོད། གླིང་གི་ལམ་སྲང་དང་ཆུ་འགོ་སོགས་སུ་བཤང་གཅི་མི་འདོར། འདུ་ཁང་གི་རྩིག་པ་ཀ་བ་སོགས་ལ་མཆིལ་སྣབས་མི་འདོར། གྲྭ་རིས་ཡོ་བྱད་མེད་པའི་ནད་པ་བྱུང་ཚེ་དཀོན་མཆོག་དང་དགེ་འདུན་གྱི་རྫས་ཀྱི་སྟེང་ནསས་རིམ་གྲོ་བྱེད། ནད་སོས་ནས་དངོས་པོ་འབྱོར་བ་ཡོད་ན་གུན་བསབ། སྡེ་འདིར་མི་གསོགས་པའི་ནད་པ་ཉམ་ཐགས་པ་བྱུང་ཡང་ཟས་གོས་སྨན་དཔྱད་གདམས་ངག་སོགས་ཀྱིས་ཕན་འདོགས། གཞན་གྱི་ཁྲིམས་ལས་འགལ་བའི་ནག་ཆེན་ཞུ་བ་བྱུང་ཚེ་ཕན་པ་བསྒྲུབ། དགོན་པ་ནས་རྒྱང་གྲགས་གཅིག་ཚུན་གྱི་རི་དྭགས་དང་ཉ་གཤོར་མི་བྱུང་ཚེ་བསྲུང་སྡོམ་བྱེད། ཚོགས་སུ་འདུ་བའི་ཚེ་དུང་འཁར་རྔ་སོགས་ཀྱི་བརྡ་དང་བསྟུན་སྤྱོད་ལམ་མཛེས་(༤༤བ)


GLG020_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདུ་ཞིང་བསླབ་གྲལ། སྐད་གྲལ། སྔགས་བརྒྱུད་ཁུངས་བཙུན་གྱི་རིགས་ལ་ཆེ་གྲལ་དང་བཅས་ཏེ་གྲལ་མ་འཁྲུགས་པར་བྱེད། དུང་མཇུག་རྫོགས་མཚམས་ཚོགས་སུ་མ་འབྱོར་ཚེ་བརྒྱ་ཕྱག་འགེལ། ཚོགས་འདོན་གྱི་ཚེ་གཉིད་ལོག་པ། ལོང་གཏམ་སྨྲ་བ། བཞད་གད་བྱ་ཞིང་སློང་བ། རྩིག་པ་དང་ཀ་བ་ལ་སྙེ་བ་སོགས་སྤངས་ཏེ་འཕྲིན་ལས་སྒྲུབ་ཐབས་ངག་ནས་བརྗོད་པ་དང་བསྟུན་སོ་སོའི་ཏིང་ངེ་འཛིན་གྱི་དམིགས་རིས་དང་བཅས་ཏེ་གསང་སྔགས་ཀྱི་རྣལ་འབྱོར་མིང་དང་དོན་མཐུན་པར་བྱེད་པས་མཚོན་ཆོས་སྤྱོད་ཀྱི་རབ་འདེགས། གྲོང་ཆོག་སོགས་ལ་ཕྱིན་པའི་ཡོན་གྱི་རིས་གང་བྱུང་རྣམས་གྲྭ་ཚང་སྤྱི་ཐོག་ཏུ་འཇོག་པ་མ་གཏོགས་སོ་སོས་མི་འཁྱེར། དགེ་འདུན་སྤྱི་ལ་འབུལ་བ་བྱུང་ན་སྤྱི་རྫས་ཀྱི་ཐེབས་སུ་འཇོག །ལག་གཏོད་ཀྱི་འགྱེད་རྣམས་སོ་སོ་དབང་ཞིང་དམིགས་བསལ་མཆོད་རྫས་སོགས་སྤྱིའི་དགོས་བྱེད་ལ་དགོས་ངེས་བྱུང་ཚེ་སྤྱི་འབུལ་གྱི་ཁོངས་སུ་བསྡུ། ཟླ་རེ་བཞིན་དུ་ཚེས་བརྒྱད་ལ་འབྲས་ཤངས་ལྷ་རི་རིན་ཆེན་སྙིང་པོ་ནས་རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ་ལྷན་སྤྱན་དྲངས་པའི་ཚེ་སྒྲུབ་བདུད་རྩི་འཁྱིལ་བའི་ལས་བྱང་སྔོན་འགྲོ་གཉིས་བསྙེན་སྒྲུབ་ཀྱི་གཟུང་སྔགས་དང་བཅས་པའི་རྗེས་སུ་བརྟན་བཞུགས་བརྩེ་ལྡན་མ་དང་བྱེ་བ་ཕྲག་བརྒྱ་མ། ཟློག་རིམ་ཤིས་བརྗོད་དང་བཅས་པ། ཚེས་བཅུ་ལ་གཏེར་ཁ་འོག་མའི་ཀླུ་བདུད་གཙུག་གི་ཟབ་གཏེར་བླ་མ་གསང་འདུས་ཀྱི་སྒྲུབ་གཞུང་ལྷན་ཐབས། གསོལ་འདེབས་ལེའུ་བདུན་མ་བརྒྱུད་འདེབས་རྣམས་དང་བཅས་པ། རིག་འཛིན་ཆེན་པོས་བསམ་ཡས་ཀྱི་རྣམ་སྣང་གི་ཐུགས་ཀ་ནས་གདན་དྲངས་པའི་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་ལས་བྱང་། གཏེར་སྲུང་མཆོད་པ། སློབ་དཔོན་ཆེན་པོའི་ཐུགས་ཀྱི་ཉིང་ཁུ་གཏེར་ཁ་(༤༥ན)


GLG020_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མའི་ཕུར་པ་ཡང་གསང་སྤུ་གྲིའི་བཀའ་སྲུང་རྣམས་ཀྱི་མཆོད་གཏོར་དང་བཅས་པ། བཅུ་བཞི་ལ་དུས་གཏོར་བདག་བསྐྱེད་དུ་བྱང་གཏེར་གྱི་དབུས་སྙིང་མཛོད་སྨུག་པོ་ནས་སྤྱན་དྲངས་པའི་ཞི་བ་རིག་འཛིན་གདུང་སྒྲུབ་ལས་བྱང་སྔོན་འགྲོ་གཟེར་ལྔ་སོགས། ཆོག་སྒྲིགས་པར་མ་ལྟར་དང་། དུས་གཏོར་ཚོར་མདོ་མགོན་རྒྱུད་མགོན་གཉིས་བཀའ་མ། ལྡང་མ་ལྷུན་རྒྱལ་གྱི་གཏེར་མའི་སྔགས་སྲུང་། གཏེར་ཁ་གོང་མའི་འབར་མ། སྟག་བཞོན། དྲག་པོ་བདེ་འདུས་ཀྱི་གཞི་བདག་གཏོར་མ། འོག་མའི་མ་ནིང་། བདུད་འདུལ་རེ་མ་ཏཱི། རྣམ་སྲས། སྡེ་དཔོན་སུམ་ཅུ། ཐག་སྟོན་པདྨའི་གཏེར་མ་སྲོག་སྒྲུབ་རེ་མ་ཏཱི། བྱང་གཏེར་གྱི་བཀའ་སྲུང་བརྒྱད་མཆོད་དེ་ཆོས་སྐྱོང་གཏེར་སྲུང་རྣམས། བཅོ་ལྔ་ལ་ལྟུང་བཤགས། བཟང་སྤྱོད། མཚན་བརྗོད། ངན་སོང་དོང་སྤྲུག་རྒྱས་པ། ཉེར་གསུམ་ལ་མང་ཇ་འགྲུབ་ན་དུས་གཏོར་གང་འགྲོ་གཏོང་། ཉེར་ལྔ་ལ་སྒྱུ་འཕྲུལ་བཀའ་མ་རྒྱས་བསྡུས་གང་འགྲུབ་དང་། རྣམ་ཐར་དྲི་མེད་མ། སངས་རྒྱས་དྭགས་སྟོན་གྱི་མཛད་པའི་རྫོགས་ཆེན་བརྒྱུད་འདེབས། བཀའ་བརྒྱད་བརྒྱུད་འདེབས་འོག་མིན་ཆོས་དབྱིངས་མ། རྗེ་འབངས་ཉེར་ལྔའི་གསོལ་འདེབས་སྨིན་བྱེད་དབང་གི་ཆུ་རྒྱུན། དཔལ་ལྡན་ས་གསུམ་མ། བློ་བཟང་རྒྱལ་བ་མ། རི་བོ་ཆེའི་ཁྲོ་རོལ་ཆེན་མོའི་ཕྱག་ལེན་སོགས་ལ་ཕན་ཁྱད་ཀྱིས་ཉེར་དགུ་ལ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ལས་བྱང་ལྷན་ཐབས་དང་བཅས་པའི་ཆ་ཚང་། སྒྱུ་འཕྲུལ་སྐོང་བཤགས། བཀའ་བརྒྱད་མདངས་སྐོང་། ཆོས་སྐྱོང་སྐོར་ཆ་ཚང་། སྨད་ལས་རྒྱས་པ་སྤྱི་བསྐུལ། དམོད་བྱང་། གསེར་སྐྱེམས། གཟུ་དཔང་། ཚོགས་ཐ་མའི་བསྒྲལ་(༤༥བ)


GLG020_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྟོབས་པ། དམར་སྦྲེང་། གཏོར་དྲིལ། གཏོར་ཟོར། ཕྱིར་ཟློག །ཚེ་འགུགས་སོགས་མཐའ་རྒྱས་ཤིས་བརྗོད་དང་བཅས་པ། གདངས་དབྱངས། རྔ་ཆིངས། རྐང་གླིང་། དུང་ཆེན་སོགས་སྤྲོས་བཅས་དོན་དང་འབྲེལ་བ། གནམ་གང་ལ་བརྩམས་བཅོས་མིན་པའི་གཏེར་གཞུང་གང་འོས་ཀྱི་ལྷ་བསངས་བརྒྱགས་རྔན། རྒྱུན་དུ་པར་བགབ་མེད་ཀྱང་འཆར་ཀ་གནམ་སྐས་མ། ཀིངྐར་དམར་ནག་སོགས་ཀྱང་གཞུང་སྒེར་གྱི་སྐུ་རིམ་ལ་ཡོང་བ་བྱུང་ཚེ་ཐོགས་མེད་ཡོད་པའི་ལག་ལེན་དཔེ་ཆ་སོགས་ལ་དོ་དམ་བྱེད། ནར་མའི་དགེ་སྦྱོར་ཐུན་རྔ་བཏང་བ་དང་བསྟུན་ཐུན་དྲུག་ལ་གསོལ་འདེབས་ལེའུ་བདུན་མ་རྟེན་བསྐྱེད་དང་བླ་མ་སྐུ་གསུམ་མ་སྔོན་དུ་འགྲོ་བའི་སྐབས་ཐོབ་སོ་སོའི་གསོལ་འདེབས་མཇུག་སྡུད་དང་བཅས་པ། གཞན་ཡང་རྒྱུན་གྱི་ཉམས་ལེན་ལ་སོ་སོའི་བློ་དང་བསྟུན་ཏེ་བསྟོད་ཚོགས་བརྒྱུད་འདེབས་དང་། ཐུགས་རྗེ་ཆེན་པོའི་རྣལ་འབྱོར་དང་འབྲེལ་བའི་མ་ཎི་གང་འགྲོའམ། རང་རང་གི་ཡི་དམ་ཟུར་གསལ་ཆག་མེད་ཡོད་ན་དེ་བཞིན་བྱེད། གཤིན་དོན་ལ་ངན་སོང་དོང་སྐྲུག །སྨོན་ལམ་རྣམ་གསུམ་སོགས་དང་། སྦྱིན་བདག་གི་སྐུ་རིམ་ལ་སོ་སོའི་དམིགས་བསལ་མེད་ཚེ། སྐྱབས་སེམས་ཡན་ལག་བཅུ་པ། བརྒྱུད་འདེབས། ཇ་མཆོད་འདྲེན་པ་མཉམ་མེད་དང་ལེགས་བྱས་མ་གཉིས། མཚན་བརྗོད། གསོལ་འདེབས་ཚེ་འཛབ། ཚེ་གཟུངས། ཚེ་འགུགས། ཤེར་སྙིང་། འཇོམས་བྱེད་བྱོལ་ཟློག །ནན་དགུ་མ། ཡང་ཟློག །བདེ་ལེགས་སུ་བྱེད་པའི་ཚིགས་སུ་བཅད་པ་རྣམས་བྱ། ཚེས་བཅུ་ཆེན་མོའི་དུས་ཆེན་ཚད་ལྡན་ནམ་མཐོངས་ཕྱི་མ་ཡིན་ཀྱང་། རྙེད་པ་ཚོལ་སླ་ཁྱད་ཀྱིས་གོང་རར་ཧོར་ཟླ་དྲུག་པར་བྱེད་རྒྱུན་ཡོད་འདུག་པ་འབྲེལ་མི་ཆེའང་སྐྱོན་ཆུང་བའི་དབང་དུ་བྱས་སྔར་(༤༦ན)


GLG020_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བབས་སུ་བཞག་པའི་ཚེས་བརྒྱད་ནས་བཅུ་གཉིས་བར་རྡུལ་ཚོན་གྱི་དཀྱིལ་འཁོར་གསུམ་སོ་སོར་ཞེངས་ནས། བླ་མ་གསང་འདུས། བཀའ་བརྒྱད་གསང་རྫོགས། ཕུར་པ་སྤུ་གྲི་གསུམ་གང་རྒྱས་གཏོང་། ཆོ་འཕྲུལ་མཆོད་པ་ཞག་བཅོ་ལྔ་དང་། ནམ་མཐོངས་སྔོན་མར་ཞག་བཅོ་ལྔའི་རིང་ཆུ་བོ་རི་འཆི་མེད་བཀོད་པར་གོང་དཀར་རྫོང་ནས་མཐུན་རྐྱེན་སྟར་ཆུག་བཞིན་ཚེ་སྒྲུབ་བདུད་རྩི་འཁྱིལ་པ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་ཆོག་གང་རྒྱས་བྱེད། ཧོར་ཟླ་བརྒྱད་པའི་ཉེར་དགུ་ལ་མགོན་པོ་ལེགས་ལྡན་གྱི་མདོས་གཏོང་། ཕུང་པོ་རི་བོ་ཆེར་ཧོར་ཟླ་བཅུ་པ་སྔགས་པ་ཟོར་མདོས་ཀྱི་ཟླ་བ་ལ་བསྟན་པ་སྤྱི་རིམ་ཁྲོ་བོ་རོལ་པ་རང་བྱུང་རང་ཤར་ཐུགས་ཀྱི་མེ་ལོང་སོགས་མ་བསླད་པའི་བདེ་འདུས་སོར་བཞག་གི་ཚིག་དོན། འཁོར་ལོ། གཏོར་མ། རྫས། བསྙེན་སྒྲུབ། ཕྱག་ལེན་རྣམས་སླ་བཅོས་སུ་མ་སོང་བའི་འཕྱུག་མེད་དང་། ཧོར་ཟླ་བཅུ་གཅིག་པའི་ནང་དུ་འཁོར་ལོ་གོང་ལྟར་གཏོང་། གྲྭ་ཚང་རང་ནས་དུས་མཆོད་གཏོང་དགོས་སོགས་ཆད་འཁུམས་མེད་པ་དེབ་ནང་བཞིན་གཏོང་། གོང་གསལ་གྱི་འཕྲིན་ལས་སྒྲུབ་ཐབས་སོགས་ཉམས་སུ་ལེན་པ་ལའང་སྨིན་བྱེད་ཀྱི་དབང་གྲོལ་བྱེད་ཀྱི་འཁྲིད་རྒྱབ་རྟེན་གྱི་ལུང་སོགས་དགོས་པས་དབང་རིག་གཏད། འཁྲིད་ལུང་མན་ངག་ཕྱག་བཞེས་སོགས་འབད་པ་ཆེན་པོས་ཐོས་ཤིང་ཞུན་ཐར་གཅོད། ལྷོ་བྱང་གི་གཏེར་ཁ་གང་ཡང་རུང་བའི་རིག་འཛིན་བླ་མ་དང་བཀའ་བརྒྱད་ཕུར་པ་གཤིན་རྗེ་སོགས་རང་གང་མོས་ཀྱི་ཡི་དམ་ལ་བསྙེན་སྒྲུབ་ཚད་དུ་ཐོངས་པ་བྱེད། ཚོགས་འདོན་གོང་གསལ་རྣམས་མང་ཉུང་འཚམ་པར་མངོན་ཞིང་ཡང་སྦྱིན་བདག་སོགས་ཀྱི་མཐུན་རྐྱེན་ལ་བརྟེན་གསར་འཕར་འཛུགས་པའི་དཔྱད་གཞི་ཤར་ཚེ་གཏེར་(༤༦བ)


GLG020_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་འདོད་ན། སྤྲུལ་སྐུ་རྒྱ་ཞང་ཁྲོམ། ཚེ་བརྟན་རྒྱལ་མཚན། མུང་པོ་བྱང་ཆུབ་གླིང་པ། རཏྣ་གླིང་པ་སོགས་གླིང་པ་བཅུ་གཅིག །དྲི་མེད་གསུམ་གྱིས་མཚོན་པའི་རིས་དང་། གཏེར་གསར་བྱེད་པར་སྤྲོ་ན་མངའ་རིས་པཎ་ཆེན་དང་། འབྲི་གུང་ཟུར་པ་རིན་པོ་ཆེ། འཕྲང་འགོ་གཏེར་སྟོན། བྱང་བདག་རིག་སྔགས་འཆང་བ་ཆེན་པོ་རྣམས་ཀྱི་གཏེར་ཁ་གང་འོས་ལས་གཏེར་གསར་གྱི་མིང་ཐོགས་ཚད་མི་བྱ་ཞིང་། ཁྱད་པར་སྣང་སོགས་གོང་གསུང་གྱི་གཏེར་ཆོས་བརྩམས་ཆོས་ལྟ་ཅི་སྨོས། དེ་དག་བརྒྱུད་པར་ཡོད་པའི་ཆོས་ཀྱང་སྤངས་ནས་མཁའ་འགྲོའི་ཁ་རླངས་མ་ཉམས་པའི་ཟབ་གཏེར་འཁྲུལ་མེད་རྣམས་ཉམས་སུ་བླངས་ཏེ་མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པར་རིགས་སོ། །དེ་ལྟར་ཐོས་བསམ་གྱི་རིམ་པ་བླང་དོར་གོ་ལྡོག་པ་སོགས་བྱུང་ན་བླ་མ་དབུ་ཆོས་སོགས་ཀྱིས་ཐོག་མར་ངག་བཤད་སྡིག་བཀྲོལ་གྱི་བརྡ་སྤྲོད། དེ་ལའང་ལྐོག་ཏུ་གྱུར་ཚུལ་གྱིས་བསྒོ་བ་རྣར་མི་གཟོན་པ་རྣམས་ལ་ཆད་ལས་སོགས་ཀྱིས་ནན་ཏུར་བྱ། དེས་ཀྱང་མ་ལྡོག་ན་གནས་ནས་དབྱུང་སྟེ་རྗེས་ཀྱི་མིག་བལྟོས་ལ་མི་གནོད་ཅིང་འདུས་སྡེ་ཡུན་རིང་དུ་གནས་པའི་ཐབས་ཚུལ་ལ་འབད་པར་བྱའོ། །ཐུབ་བསྟན་ཟླ་བའི་མ་མའི་ཡང་སྙིང་ནོར། །པད་འབྱུང་རིང་ལུགས་ཉིན་མོར་བྱེད་པ་ཡི། །འཕྲིན་ལས་འོད་ཀྱིས་གངས་ཅན་རྒུད་པའི་མུན། །རབ་བཅིལ་ཕན་བདེའི་སྣང་བ་རྒྱས་གྱུར་ཅིག །ངེས་ལེགས་ཟུང་འཇུག་སར་བགྲོད་གསང་བའི་ལམ། །རྡོ་རྗེའི་ཐེག་ཀུན་རྩེར་སོན་རྫོགས་པ་ཆེ། །ཆོས་སྐུའི་རང་ཞལ་མངོན་སུམ་མཇལ་ནུས་གླིང་། །ཉི་ཟླས་མུན་སེལ་དེ་སྲིད་རྒྱས་གྱུར་ཅིག །ཚེ་དབང་རིགས་འཛིན་ལུས་ཀྱི་དཀྱིལ་འཁོར་དུ། །སྒྲུབ་པ་སྡེ་བརྒྱད་སྲུང་མར་བཅས་པ་རྣམས། །གདོད་ནས་རང་ཞལ་མཐུ་ཡིས་བསྟན་(༤༧ན)
པ་དང་། །དེ་འཛིན་གཡོ་མེད་དུས་ཀུན་རྒྱས་གྱུར་ཅིག །ཅེས་གོང་ར་ངེས་གསང་རྡོ་རྗེ་གླིང་གི་ཁྲིམས་སུ་བཅའ་བའི་རིམ་པ་ཞིག་དགོས་ཞེས་རྡོ་རྗེ་སློབ་དཔོན་ཆེན་པོ་གཙོ་བོར་གྱུར་པའི་སྤྱི་ཚོགས་ཀྱིས་འབད་རྩོལ་ལ་བརྟེན་ནས་བཅའ་ཡིག་དྲང་སྲོང་རྀ་ཥིའི་དཀྱིལ་འཁོར་ཞེས་བགྱི་བ་འདི་ནི་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གྱི་ལོ་ཁྲུམས་ཀྱི་ཟླ་བའི་ཚེས་ལྔ་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་ཐོག་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་ཀྱིས་བགྱིས་པ་སུ་སིདྡྷིརསྟུ།

དགའ་ལྡན་ཐུབ་བསྟན་རབ་རྒྱས་ཀྱི་དགེ་འདུན་སྤྱིའི་ཁྲིམས་སུ་བཅའ་བ་དྲན་པའི་ལྕགས་ཀྱུ།


GLG020_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ས ཀ ལྤེ དྷཱ ཏུ རྒ ཏ ན ཛ ག རི ཛྙཱ ན ཙ ཀྵཱུ པ པཱཿ ཤྱཱ བཱ རོ ཀྵོ པཱ ཡཱེ༔ པ ཏུ ན ར ཛ ཙཱ བི ཤཱ མཱ ཧཱ ཀ རུ ཎྱ ། །རྒྱུ་དང་མི་རྒྱུའི་སེམས་ཅན་རྣམས་ཀྱི་ཁམས་དང་བསམ་པ་བག་ལ་ཉལ། །རྡུལ་བྲལ་ཡེ་ཤེས་སྤྱན་གྱིས་ཉེར་གཟིགས་སྣ་ཚོགས་ཐབས་མཁས་ཐུགས་རྗེ་ཆེ། །བྷཱུ ཡོ གཱ མ ཀྵཿ སུ ཁ ག ཏ ཙ ཏུ རླ ཀ ནཱ ཐཱ སུ ཀ ལྤཱ ནཱ མ པྲ ཛྭ ལྱཱ གྲ བྷ བ ཡ ཤ ཙཱ ཤཱ ཀྱ སི དྷཱ ཛ ཡ ནྟུ། མངོན་པར་མཐོ་དང་ངེས་ལེགས་སར་སྦྱོར་བསྐལ་བཟང་རྣམ་འདྲེན་(༤༧བ)


GLG020_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་མཚན། །གྲགས་སྙན་སྲིད་པའི་རྩེ་མོར་རབ་འབར་ཟས་གཙང་སྲས་པོ་རྒྱལ་གྱུར་ཅིག །རྒྱལ་ཀུན་ཡབ་ཏུ་ཟུར་ཕུད་ལྔ་ལྡན་པ། །གནག་སྣུམ་ལྕང་ལོའི་ཐོར་ཚུགས་ཆེར་ལྡེམ་ཡང་། །ལྗོངས་འདིར་ངུར་སྨྲིིག་གར་གྱིས་ཐུབ་པའི་བསྟན། །རྒྱས་མཛད་བློ་བཟང་གྲགས་པའི་དཔལ་དེས་སྐྱོངས། །རབ་དཀར་འདུས་སྡེའི་པད་ཚལ་རྙོག་བྱེད་པ། །ཉོན་མོངས་བརླང་པོར་སྤྱོད་པ་གཉིས་འཐུང་སྣར། །བག་ཡོད་ཁྲིམས་སུ་བཅའ་བའི་ལྕགས་ཀྱུ་ཡིས། །དུལ་བའི་རྣམ་ཐར་གཙང་བྱེད་འདི་ནའོ། །ཞེས་ཤེས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ། །འོ་སྐོལ་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཞེས་མཚན་གྱི་སྒྲ་དབྱངས་རྣ་བར་ཐོས་པ་ཙམ་གྱིས་ཀྱང་སྲིད་ཞིའི་གདུང་བ་མ་ལུས་པ་སེལ་བར་ནུས་པ་གང་དེས། ཚོགས་གཉིས་ཀྱི་མཐུ་ཕུལ་དུ་བྱུང་བ་བསགས་ནས་འོག་མིན་དུ་བླ་མེད་ཡེ་ཤེས་མཆོག་གི་གོ་འཕང་མངོན་དུ་མཛད་དེ། དབུས་འགྱུར་འཆང་རྡོ་རྗེས་སྤ་བའི་བསྟན་ལ་མཆོག་གི་སྤྲུལ་པའི་སྐུར་འཚང་རྒྱ་བའི་ཚུལ་བསྟན་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ལ། འཕགས་པའི་ཉན་ཐོས་ཆེན་པོ་རྣམས་ཀྱིས་བཀའ་བསྡུ་བ་རིམ་པ་གསུམ་དུ་མཛད་ཅིང་། ཤིང་རྟ་ཆེན་པོ་གཉིས་ལ་སོགས་པའི་པཎ་གྲུབ་དམ་པ་རྣམས་ཀྱིས་བསྟན་པ་ཉི་ཟླ་ལྟར་གསལ་བར་མཛད་པའི་རྒྱུན་མ་ཉམས་པ་བོད་གངས་ཀྱི་ར་བས་བསྐོར་བའི་རྒྱལ་ཁམས་སུ་ཆོས་རྒྱལ་མེས་དབོན་བླ་མཆོད་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལ་ཐུབ་པའི་རིང་ལུགས་དབྱར་མཚོ་ལྟར་འཕེལ་བར་གྱུར་པའི་ཐེག་པའི་ཚུལ་ལ་མཆོག་དམན་བར་པ་མཐའ་ཀླས་ཀྱང་། འཇིག་རྟེན་ན་ཡོངས་སུ་གྲགས་པའི་སངས་རྒྱས་ཀྱི་བསྟན་པ་ནི་དམ་པའི་ཆོས་འདུལ་བ་ལ་བྱེད་དགོས་པའི་རྒྱུ་མཚན་གྱིས། གླེང་བཞི་ལས། (༤༨ན)


GLG020_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་ཇི་ཙམ་གྱིས་ན་དམ་པའི་ཆོས་མཆིས་པ་ཞེས་བགྱི། ཇི་ཙམ་གྱིས་ན་ཞིག་པ་ཞེས་བགྱི། ཨུ་པ་ལི་ཇི་སྲིད་དུ་ལས་བྱེད་ཅིང་ནན་ཏན་བྱེད་པའང་ཡོད་པའི་བར་དུ་སྟེ། ལས་བྱེད་ལ་ནན་ཏན་བྱེད་པའང་ཡོད་པའི་དམ་པའི་ཆོས་ཡོད་པ་ཞེས་བྱའོ། །ལས་ཀྱང་མི་བྱེད་ལ་ནན་ཏན་བྱེད་པ་དག་ཀྱང་མེད་ན་དེ་ནི་དམ་པའི་ཆོས་ཞིག་པ་ཞེས་བྱའོ། ཞེས་པའི་དོན་ལ་དགོངས་ནས། འགོས་ལོ་ཐམས་ཅད་མཁྱེན་པ་ཡིད་བཟང་རྩེ་བས། དེ་ལྟར་བོད་ཡུལ་འདིར་འདུལ་བའི་བསྟན་པ་ལ་འཕེལ་འགྲིབ་ཆེར་བྱུང་མོད་ཀྱི། ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་ནི། དེང་སང་གི་བར་དུ་ནུབ་མ་མྱོང་ཞིང་། ཞེས་གསུངས་ལ། འབྲོག་མི་ལོ་ཆེན་དང་སྟག་ལོ་གཉིས་རྒྱ་གར་དུ་རྫོང་བའི་དུས། མཁན་སློབ་གཉིས་ཀྱི་ཞལ་བཀོད་ལ། བསྟན་པའི་གཞི་མ་ཡིན་པས་འདུལ་བ་ཉོན། །བསྟན་པའི་སྙིང་པོ་ཡིན་པས་ཤེར་ཕྱིན་ཉོན། །བསྟན་པའི་ཉིང་ཁུ་ཡིན་པས་གསང་སྔགས་ཉོན། །ཞེས་འབྱུང་བས། ཇི་སྐད་དུ། ཇི་ལྟར་འདིར་ན་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི། །དེ་བཞིན་དམ་ཆོས་ཚོགས་རྣམས་ཐམས་ཅད་ཀྱི། །གཞི་དང་རྩ་བ་འདུལ་བ་ཡིན་པར་གསུངས། །ཞེས་ལྗོན་ཤིང་གི་རྩ་བ་ཉམས་པར་གྱུར་ན་ལོ་འབྲས་མཐའ་དག་བསྐམས་པར་འགྱུར་པ་ལྟར། འདུལ་བའི་སྡེ་སྣོད་ནི་ཐེག་པ་ཆེ་ཆུང་གི་ཆོས་གཞན་མཐའ་དག་གི་རྩ་བ་ཡིན་པའི་ཕྱིར་ན། སངས་རྒྱས་ཀྱི་བསྟན་པ་དེ་འཛིན་པའི་དགེ་འདུན་ལ་རག་ལུས་ཤིང་། དགེ་འདུན་གྱི་སྡེ་རྣམས་ཁྲིམས་གཙང་མི་གཙང་གི་རྗེས་སུ་འགྲོ་ལྡོག་བྱེད་པར་མ་(༤༨བ)


GLG020_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཟད། ཁྱད་པར་དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ལ་བསྟན་པའི་རྩ་བ་སོ་སོར་ཐར་པ་ལ་གཙོ་བོར་འདོན་པ་རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་གཙོ་བོ་ཡིན་པས། ཐུབ་བསྟན་ཡོངས་སུ་རྫོགས་པའི་སྤྱི་མེས་ཆེན་པོ་རྗེ་ཡིད་བཟང་རྩེ་པས། དུས་ཀྱི་དབང་གིས་དགེ་སློང་ལྷོད་པའང་མང་རབ་བྱུང་བ་ནི། རྗེ་བཙུན་དམ་པ་བློ་བཟང་གྲགས་པའི་དཔལ་གྱིས་དང་པོར་སྐྱོར་མོ་ལུང་དུ་མཁྱེན་ཆེན་བློ་གསལ་བ་ལས་འདུལ་བ་ལེགས་པར་བླངས། ཕྱིས་དབེན་པའི་གནས་རྣམས་སུ་སྒྲུབ་པ་སྙིང་པོར་མཛད་པའང་འདུལ་བའི་ཀུན་ཏུ་སྤྱོད་པ་ལས་མ་འདས། ཕྱིས་འཁོར་སྐྱོང་བའི་ཚེ་འང་དྲུང་ན་འཁོད་པ་ཐམས་ཅད་འདུལ་བ་ནས་ཇི་སྐད་བཤད་པའི་ཆོས་གོས་གསུམ་གདིང་བ་དང་ལྷུང་བཟེད་ལ་སོགས་པ་མཁོ་བའི་ཡོ་བྱད་རྣམས་འཛིན་དུ་བཅུག་ཇོ་བོ་ཆེན་པོ་ལྷ་གཅིག་གི་མན་ངག་ལ་བརྟེན་ནས་སྐྱེས་བུ་གསུམ་ལ་བློ་སྦྱངས་ནས་འཁོར་བ་མཐའ་དག་ལས་ཡིད་འབྱུང་བའི་བློས་སྡོམ་པ་ཐམས་ཅད་སོ་སོ་ཐར་པ་མཚན་ཉིད་པ་ལ་བཀོད། དེ་དག་གི་སྤྱན་ལྟོས་ལ་བརྟེན་ནས་བོད་ཀྱི་ཁམས་འདིར་འདུལ་བའི་བསྟན་པ་ཉི་མ་ཤར་བ་ལྟར་གྱུར་པ་ཡིན་ནོ། །ཞེས་བསྔགས་བརྗོད་མཛད་པ་ལྟར་སྔོན་བྱུང་གི་རྣམ་ཐར་ལ་རྗེས་འཇུག་གིས་ཉམས་སུ་ལེན་པ་ཞིག་དགོས་པས། མཁའ་འགྲོ་བློ་བཟང་བསྟན་སྐྱོང་གིས་བསྟན་པའི་ཞབས་འདེགས་དང་ཚོགས་གསོག་གི་ཆེད་དུ་གསར་དུ་བཙུགས་པའི་དགའ་ལྡན་ཐུབ་བསྟན་རབ་རྒྱས་སུ་གྲགས་པའི་འདུས་སྡེ་འདི་ཉིད་ཀྱི་ཁྲིམས་སུ་བཅའ་བའི་རིམ་པ། གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་བྱམས་པ་གླིང་དུ་ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོས་འདུལ་ཁྲིམས་གཙོ་བོར་བཏོན་(༤༩ན)


GLG020_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཅའ་ཡིག་ཆེ་ཆུང་གནང་འདུག་པ་ལ་གཞི་བྱས། ཡུལ་དུས་གནས་སྐབས་སུ་དགོས་པའི་དམིགས་བསལ་གྱིས་བརྒྱན་ཏེ་བཀོད་པ་ལ། དེ་ཡང་ཐར་པ་དོན་དུ་གཉེར་བའི་གང་ཟག་རྣམས་ཀྱི་ལྷག་པའི་བསླབ་པ་གསུམ་ཉམས་སུ་བླང་དགོས་པའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་གཞི་རྟེན་ཚུལ་ཁྲིམས་ཀྱི་བསླབ་པ་ཉམས་སུ་ལེན་པ་ལ། ཐོག་མར་གསར་བུ་འོངས་པ་རྣམས་ཀྱིས་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་དགོས་པས། བར་ཆད་ཅན་རབ་ཏུ་བྱུང་ན་མཁན་སློབ་དགེ་འདུན་གྱི་སྡེ་སོགས་ལ་གནོད་པས་བར་ཆད་ཡོད་མེད་ལེགས་པར་བརྟག །མེད་པར་ངེས་པ་རྣམས་ལ་བླ་གོས་མཐང་གོས་གདིང་བ་ཆུ་ཚགས་སོགས་རང་ཉིད་ཀྱི་འམ་ཐ་ནའང་བརྙན་པོ་ཚུན་ཆད་ཀྱིས་ཚང་བར་བྱས་ཤིང་། ལོ་ཚིགས་སུ་མ་སླེབ་པ་དང་བསྲུང་བའི་མཚམས་མི་ཟིན་པ་མ་ཡིན་པ་རྣམས་རབ་ཏུ་བྱུང་བ་བསྒྲུབ་ཏུ་གཞུག་ཅིང་གོང་གི་དགག་བྱ་དང་ལྡན་པ་རྣམས་མི་འཇུག །རྟགས་ཆ་ལུགས་རྣམས་བདག་གིར་བྱར་རུང་བ་ཟླ་བ་གསུམ་ཚུན་ལ་ངེས་པར་ཤོམས་པ་བྱེད། སྡོམ་པ་མ་བླངས་པ་དང་། བླངས་ཀྱང་རྟགས་ཆ་ལུགས་མི་ཚང་བ་ཚོགས་སུ་མི་འཇུག །རབ་ཏུ་བྱུང་ཟིན་པ་ཕྱོགས་ནས་འོངས་པའི་རིས་གསར་དུ་འཇུག་པ་དག་བྱུང་ན། སྡེ་གཞན་ནས་དབྱུང་བ་དང་བསླབ་པ་ཉམས་མ་ཉམས་སོགས་བརྟག །བསྙེན་པར་རྫོགས་འདོད་པ་རྣམས་ཀྱང་བར་ཆད་དང་མི་ལྡན་ཞིང་མཐུན་རྐྱེན་རྣམས་ཚང་དགོས་པ་སྔར་དང་འདྲ། གྲྭ་སར་ཞུགས་མ་ཐག་པ་ནས་བཟུང་ཟླ་བ་གཅིག་གཉིས་སོགས་ཡུན་རིང་ཐུང་སོ་སོའི་བློ་མཆོག་དམན་དང་བསྟུན་གནས་ཀྱི་སློབ་དཔོན་བསྟེན་ནས་ལུང་རྣམ་འབྱེད་ལས་གསུངས་པའི་སྡོམ་གྱིས་བསྡུས་(༤༩བ)


GLG020_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསླབ་ཁྲིམས་དང་། ལུང་གཞི་དང་ཕྲན་ཚེགས་སྐབས་ཀྱི་འབྱུང་ཉེ་བའི་བླང་དོར་རགས་པ་རྣམས་ལ་སྦྱངས་ཏེ། རབ་ཏུ་བྱུང་བ་རྙིང་པ་རྣམས་དང་སྤྱོད་ལམ་མཐུན་པར་བྱེད། དགེ་འདུན་སྤྱིའི་ཆོས་སྤྱོད་ཀྱི་རིམ་པ་རྣམས་ཀྱང་སྔར་གྱི་སློབ་དཔོན་དེ་ག་འམ་ཡང་སྔགས་ཀྱི་ཆོ་ག་སོགས་ལ་མཁས་པ་གཞན་དག་ཡོད་ནའང་ཇི་ལྟར་འོས་པ་བསྟེན་པའི་བཤར་སྦྱང་ལ་བརྩོན་པར་བྱས་ནས་རང་རང་གི་ཤེས་རབ་དང་བསྟུན་ངོས་ལོ་གསུམ་ལ་མ་མཐའ་བྱས་པའི་ཁོང་དུ་ཆུད་པར་བྱེད། རྩ་བ་བཞི་ལས་འདས་ན་འཆབ་མེད་རྣམས་སླར་བསྐྱར་ཞིང་འཆབ་ཅན་རྣམས་གནས་ནས་དབྱུང་། དགེ་འདུན་ལྷག་མའི་ལྟུང་བ་ལ་སྤོ་མགུ་དབྱུང་གསུམ་དང་སྦོམ་པོ་ལྟུང་བྱེད་ཉེས་བྱས་སོགས་ཆེ་ཆུང་དང་བསྟུན་པའི་དགེ་འདུན་དང་གང་ཟག་ལ་སོ་སོར་བཤགས་པ་སྐབས་སུ་གང་བབ་བྱེད། མཁན་སློབ་སོགས་ཀྱི་གནང་བར་མ་ཁྲོལ་བར་གྲྭ་ས་གཞན་དུ་འགྲོ་བ། དགེ་འདུན་ནང་མི་མཐུན་པའི་རྐྱེན་ཞེ་ངན་འཛིན་པ། ངན་ལན་ལེན་པ། ཕུང་དཀྲུག་ཁྲོ་བ་སོགས་སྤངས་ནས་གཞན་དུ་ངོ་བསྲུང་། ཕན་ཚུན་ལག་འདྲེས་པའི་འཐབ་རྩོད། དེས་མཚོན་པའི་ཕྱི་རོལ་གྱི་དཔོན་སྐྱ། བཟའ་པ། སྐྱ་བཙུན་གྱི་རིས་བཟང་ངན་གང་དང་ཡང་འཐབ་རྩོད་དང་བྱེད་མཁན་གྱི་རྒྱབ་དཔུང་ཁ་འཛིན་མི་བྱེད། བྲེ་སྲང་སོགས་སྤྱོད་འོས་པ་རྣམས་མ་གཏོགས་དགེ་འདུན་སྤྱིའི་རྫས་ལ་གང་ཟག་གིས་ལོངས་མི་སྤྱོད། བྲེ་སྲང་སོགས་ཀྱང་ལོངས་སྤྱོད་འཕྲལ་ལ་སྤྱི་སར་སྐྱེལ། འཕྲལ་གྱི་ཉེར་མཁོའི་ཡོ་བྱད་མ་གཏོགས་ཟོང་ཕན་ཚུན་དུ་བསྲུང་བའི་ཁེ་ཚོང་བུན་སྐྱེད། སོ་ནམ་ཞིང་ལས། དུད་འགྲོ་འཚོ་སྐྱོང་མི་བྱེད། ཚོང་མི་བྱེད་པར་ཚོང་རར་འགྲོ་བ། སྔ་མས་ཚོང་ཐག་མ་བཅད་པར་ཕྱི་(༥༠ན)


GLG020_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཧབ་ཐོབ་དང་དོག་འཚང་མི་བྱེད། གླུ་གར་བྲོ་གཞས་ཀྱིས་མཚོན་པའི་འདུས་པ་ལ་བལྟ་བ། ཀོ་གྲུའི་བཙས་མི་སྟེར་བ་སོགས་མི་བྱེད། བླ་མས་དབྱར་བསེ་ཐེབ་ཕྱིང་དམར། དགུན་བེར་ཟླམ་རྩེ་ཞྭའམ་པཎ་དོམ་གྲྭ་པ་རྣམས་ཀྱིས་རྩེ་ཞྭ་མ་གཏོགས་པ་པན་ཞྭ། སྒོམ་ཞྭ། འབར་ཞྭ། པགས་ཞྭ་སོགས་ཞྭ་རིགས་སྣ་ཚོགས་མི་གྱོན། སླེའུ། ཕྱིང་པ། གོས་ཕུ་ཐུང་མ། གོས་ཁ་དོག་མ་བསྒྱུར་བའི་དཀར་པོ། སྐ་རགས་ཕུ་གུ་ཅན། ཕོར་ཤུབ་འདོགས་པ། སྒོམ་ཐག །དྲ་ཕད། གྲི་རིང་། སྐྲ་རིང་། ཁ་ཤའི་ལྷམ། སུག་རྩ། ཟོམ་པ། ཐུལ་པ། ཀོ་པགས་ཀྱི་སྣོད་སོགས་ལ་མི་སྤྱོད། གླིང་གི་ཉེ་སྐོར་དང་ཆུ་འགོའི་ལམ་སྲང་སོགས་སུ་བཤང་གཅི་མི་འདོར། དགེ་འདུན་གྱི་འདུ་ཁང་གི་ཀ་བ་དང་རྩིག་པ་སོགས་ལ་མཆིལ་སྣབས་མི་འདོར། བྲེ་སྲང་ལོག་པ་མི་བཟོ། གཞན་གྱི་ཀ་ཅ་བོར་བ་རྙེད་པ་བདག་པོ་ངོ་ཤེས་ན་དང་མ་ཤེས་ན་དགེ་སྐོས་ལ་གཏོད། ཉེ་དུ་མ་ཡིན་པའི་བུད་མེད་དང་ལྷན་ཅིག་ཞག་ཏུ་སྡོད་པ། ཚུལ་འཆལ་དང་གནས་གཅིག་ཏུ་སྡོད་ཅིང་འགྲོགས་པ། གནང་བ་མ་ཞུས་པར་གྲོང་གསེབ་དང་གྲོང་ཆོག་ལ་མི་འགྲོ། དམིགས་བསལ་གྱི་དགོས་པ་ཡོད་ན་མ་གཏོགས་གླིང་གསེབ་ཏུ་བུད་མེད་མི་གཏོང་། གླིང་ཁོངས་སུ་རྟ་མི་བཞོན། དུད་འགྲོ་ཞག་ཏུ་མི་བསྲེལ། ཆོས་ཞུ་བར་བསྙེན་བཀུར་བྱེད་ན་མ་གཏོགས་མི་སྐྱའི་རིས་ཀྱང་ཞག་མང་གླིང་གསེབ་ཏུ་མི་སྡོད། སྐད་རྒྱང་གཏང་བ། ཀུ་ཅོ་འདོན་པ། མཆོངས་རྒྱག་པ། མདའ། འུར་རྡོ། རྡོ་སྒོར་འཕེན་པ། རྒྱན་པོ་འགྱེད་པ། མི་དམངས་ཚོགས་སར་ལོང་(༥༠བ)


GLG020_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་དང་འདུ་འཛིའི་གཏམ་སྨྲ་བ། གཞན་གྱི་སྐྱོན་བརྗོད་ཅིང་མཚང་ནས་འདྲུ་བ། སྡེ་ཕན་ཚུན་གྱི་ཕྱོགས་རིས་བཟུང་བའི་ངན་གཤགས། ཆོས་ཀྱི་འགྲོ་བ་ལ་བསྙད་པའི་གཞན་དག་དམའ་འབེབས་པའི་བཞད་གད་ཚིག་ངན་སོགས་ཀྱི་སྒོ་ནས་གྲོགས་ཚངས་པར་མཚུངས་པ་རྣམས་སུན་མི་དབྱུང་། ཁྱི་དང་སྤྲང་པོ་གླིང་གསེབ་ཏུ་མི་གཏོང་ཞིང་གང་ཟག་གི་བཟའ་བཏུང་ཕྱི་རོལ་དུ་སྟེར། ཞིང་སྔོ་ཐོག་ལ་ལམ་མི་བྱ་ཞིང་དུད་འགྲོ་ཞིང་བཟས་ན་དེའི་གུན་བསབ་དེ་ཞིང་བདག་ལ་སྤྲོད། སྡེ་འདིའི་སྒྲིགས་ཁོང་དུ་ཞུགས་ཟིན་ནས་གཞན་དུ་སོང་པའི་ཚེ་རྩ་བཞི་སོགས་གནས་ནས་དབྱུང་བར་འོས་པའི་རྒྱུ་དངོས་བསྟན་དང་། གཞན་ཡང་ཆང་དང་ཕྱི་དྲོའི་ཁ་ཟས་སོགས་འཛེམ་མེད་དུ་སྤྱད་པ། འཁྲུགས་སེབ་ཏུ་ཞུགས་པ། ཁྲིམས་གྲོགས་མེད་པར་ཉེ་དུ་མ་ཡིན་པའི་བུད་མེད་དང་གནས་གཅིག་ཏུ་ཞག་ཏུ་ཉལ་བ་རྣམས་བྱུང་ན་སླར་གྲྭ་ས་འདིར་མི་འཇུག །གློ་བུར་དུ་ལྷག་པས་རབ་ཏུ་བྱུང་བ་ལ་དག་སྣང་སྦྱོང་ཞིང་གནས་མལ་དང་སྟན་གོས་གཡོར། རབ་ཏུ་བྱུང་བ་ལ་ཕྱི་དྲོའི་ཁ་ཟས་དང་ཁྱིམ་པ་ལ་ཆང་དང་ཆང་རིན་མི་སྟེར། གླིང་གི་སྤྱིལ་པུ་འཚོང་ན་དགེ་སྐོས་ལ་དྲི། གཞན་གྱི་སྤྱིལ་བུ་བཤིག་ནས་བསྒྲིལ་བ་སོགས་མི་བྱེད། ཆོས་གོས་གསུམ་གདིང་བ་རྡུལ་གཟན་སོགས་རུང་བ་ཚད་དང་ལྡན་པ་ལས་ཚད་མ་ལོངས་པའི་ངན་ངོན་དང་། ཚད་ལས་ལྷག་ཅིང་ཁ་དོག་བཟང་པོར་བྱེད་པའི་མཆོར་ཆས་མི་བྱེད། མཐང་ཤམ་རྡུལ་གཟན་མེད་པར་ལམ་སྲང་དང་ཕྱི་རོལ་དུ་མི་འགྲོ། ཚོགས་སུ་འདུ་བའི་ཚེ། དུང་གཎྜི་འཁར་རྔ་སོགས་བརྡ་བྱུང་བ་དང་བསྟུན་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ཀྱིས་མཛེས་ཤིང་། སྤྱོད་ལམ་བག་དང་ལྡན་པས་མྱུར་དུ་འདུ་ཞིང་བསླབ་གྲལ་(༥༡ན)


GLG020_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཁྲུག་པར་བྱེད། གྲལ་མཚེས་དང་ལོང་གཏམ་སྨྲ་བ། རྩིག་པ་དང་ཀ་བ་ལ་སྙེ་བ། བཞད་གད་བྱ་ཞིང་སློང་བ། གཉིད་ལོག་པ་སོགས་མི་བྱེད་ཅིང་ཚོགས་པའི་ཆོས་སྤྱོད་ཀྱི་རམ་འདེགས། ཟས་ཀྱི་ཚེ་ཅག་ཅག་དང་ཧུ་ཧུ་དང་ལྕེས་བལྡག་པ་སོགས་འདུལ་བ་དང་འགལ་བ་རྣམས་མི་བྱེད། བྱ་བ་གློ་བུར་བ་བྱུང་ན་མ་གཏོགས་བསྔོ་བ་མ་ཚར་བར་མི་འགྲོ། འགྱེས་པའི་ཚེའང་གཞན་དག་མི་དད་པའི་སྤྱོད་ཚུལ་མི་བྱ། དགེ་འདུན་གྱི་ཕམ་ཕབ་དང་རྙེད་པ་ཁྱིམ་པ་དང་སྤྲང་པོ་ཁྱི་སོགས་ལ་མི་སྟེར། གལ་ཏེ་དམིགས་བསལ་གྱི་དགོས་པ་བྱུང་ན་དགེ་འདུན་ལ་གནང་བ་ཞུ། ནད་པ་དང་མཚམས་པ་ལ་སྦྱིན་བདག་རང་གོས་སྒོས་སུ་སྟེར་བ་ཡིན་ན་མ་གཏོགས་མ་ཚོགས་པ་རྣམས་ལ་སྐལ་བ་མི་སྟེར། དགོས་པའི་དབང་གིས་སྔོན་དུ་འགྲོ་བར་འོས་པའི་རིས་མ་གཏོགས་སྤྱིའི་ཟས་ཀྱི་སྔོན་རོལ་དུ་སྐལ་བ་མི་ལེན། དགེ་འདུན་བཞིར་ལོངས་པ་ལ་ཕུལ་བའི་ཆོས་གོས་གསུམ་དང་ལྷུང་བཟེད་ཡོ་བྱད་དེ་དག་མེད་ཅིང་སྒྲུབ་མི་ནུས་པའི་རིས་ལ་རྒན་རིམ་བཞིན་དགེ་སྐོས་ཀྱིས་སྦྱིན། དགེ་འདུན་བཅུར་ལོངས་པ་ཡན་ཆད་ལ་དར་རས་སྣམ་བུ་སོགས་སྣམ་སྦྱར་དང་རས་ཆེན་གྱི་རྒྱུར་རུང་བ་བྱུང་ན་མི་བགོ་བར་སྔར་ལྟར་སྦྱིན། དགེ་འདུན་སྤྱིར་འབུལ་བ་བྱུང་ཚེ་བསྙེན་པར་རྫོགས་མ་རྫོགས་ཀྱི་རྙེད་པ་མཉམ་པོར་ཐོབ་མི་ཐོབ་འདུལ་བའི་གཞུང་བཞིན་བྱེད། ཆང་དང་ཕྱི་དྲོའི་ཁ་ཟས་གཏན་ནས་སྤོང་མི་ནུས་པ་ཚོགས་སུ་མི་འཇུག །སྒོག་ཙོང་སོགས་དྲི་ངན་པའི་རིས་ལུས་ལ་གོས་པར་བྱས་ནས་དཀོན་མཆོག་གསུམ་གྱི་རྟེན་གྱི་དྲུང་དང་དགེ་འདུན་གྱི་ཀུན་དགའ་ར་བར་མི་འགྲོ། ནང་མཆོད་དང་སྨན་རྟ་མཁར་ལས་ཀྱི་དུས་སོགས་མ་གཏོགས་ཆང་གི་འགྲིམ་(༥༡བ)


GLG020_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུལ་མི་བྱེད། ནད་པ་བྱུང་ན་ཡོ་བྱད་མེད་ཚེ་དགེ་འདུན་དང་དཀོན་མཆོག་གི་རྫས་ཀྱི་སྟེང་ནས་དེ་ལ་རིམ་གྲོ་བྱེད། ནད་སོས་ནས་རང་ཡུལ་ལྟ་བུ་ནས་རྫས་ལོན་རྒྱུ་ཡོད་ན་དཀོན་མཆོག་གི་རྫས་ལ་འབགས་ཚེ་གུན་བསབ། མེད་ཀྱང་ནད་པ་ཡུལ་གཉེན་པ་ཉེས་པར་མི་འགྱུར། སྡེ་འདིར་མི་གཏོགས་པའི་སྐྱ་བཙུན་ནད་པའི་རིས་ཉེ་འཁོར་དུ་བྱུང་ན་ནད་གཡོག་ཟས་གོས་སྨན་སོགས་ཀྱིས་ཕན་གདགས། ནད་རིམས་ཡོད་སར་ཕྱིན་ན་དགེ་འདུན་སྤྱི་ལ་གནོད་པས་མི་འགྲོ། གཞན་གྱི་ཁྲིམས་ལ་ཐུག་པའི་ནག་ཆེན་སྐྱབས་ཞུ་བར་བྱུང་ན་མི་འཇིགས་པའི་སྦྱིན་པ་བྱེད། དགོན་པ་ནས་རྒྱང་གྲགས་གཅིག་གི་ཚུན་གྱི་རི་ཀླུངས་སུ་རི་དྭགས་དང་ཉ་གཤོར་བ་སོགས་བྱུང་ན་དགག་པའི་རི་རྒྱ་ཀླུངས་རྒྱ་བྱེད། དབྱར་གནས་དགག་དབྱེ་གསོ་སྦྱོང་རྣམས་མ་ཆག་པ་དང་། གཙོ་བོར་རྒྱུད་ལུགས་ཀྱི་རྗེས་སུ་འབྲངས་པའི་སྔགས་དགོན་ཡིན་འདུག་པས། རྒྱལ་བ་བཙོང་ཁ་པ་ཆེན་པོས་མཛད་པའི་གསང་བདེ་འཇིགས་གསུམ་གྱི་མངོན་དཀྱིལ། རྗེ་བླ་མའི་གསུང་བཞིན་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཀུན་རིག་དང་། ཚེ་དཔག་མེད་ལྷ་དགུའི་མངོན་དཀྱིལ། མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་ཀྱི་རྒྱལ་པོ། དཔལ་ལྡན་དམག་ཟོར་མ་གསུམ་གྱི་བསྐང་བཤགས་བསྟོད་བསྐུལ། ས་ལམ་སོགས་ཆོས་སྤྱོད་རགས་བསྡུས། སྨོན་ལམ་ལྔ། མཚན་བརྗོད། གདུགས་དཀར་སོགས་ཚུལ་དུས་མཆོད་ཀྱི་རིས་པར་བཀབ་དང་། གློ་བུར་བ་སྦྱིན་བདག་གི་རིམ་གྲོ་དགེ་ལས་སོགས་ལ་བྱེད་དགོས་པ་རྣམས་སྐབས་དང་བསྟུན། འཛིན་ཆོས་གསང་འདུས་རྩ་རྒྱུད་ཀྱི་ཊཱིཀྐ། མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པའི་གསང་འདུས་བསྐྱེད་རྫོགས། ཐམས་ཅད་མཁྱེན(༥༢ན)


GLG020_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགེ་འདུན་རྒྱ་མཚོས་མཛད་པའི་བདེ་མཆོག་གི་བསྐྱེད་རྫོགས། འཇིགས་བྱེད་ཀྱི་སྐྱེད་རིམ། ཉན་ཆོས། འགྲེལ་བ་བཞི་སྦྲགས། རིམ་ལྔ་གསལ་སྒྲོན། ལམ་རིམ་ཆེ་ཆུང་། བཀའ་གདམས་ཀྱི་གླེགས་བམ་སོགས་སྐབས་དང་སྦྱར། དེ་ཡང་རྩ་བ་བཞི་ལ་མཐོང་ཐོས་དྭོགས་གསུམ་བྱུང་བ་སོགས་གནས་ནས་དབྱུང་བར་འོས་པ་རྣམས་དབྱུང་། དེ་ལས་ཉེས་པ་ཆུང་བར་ཚ་ར། མང་ཇ། ཐུག་དར་ལྕོག་བརྗེ་བ། དཀར་མེ་སྙན་དར། བརྒྱ་ཕྱག་སོགས་ཉེས་པ་ཆེ་ཆུང་དང་བསྟུན་པའི་ཆད་ལས་བརྒྱག །དེ་ལྟར་བསླབ་པར་བྱ་བའི་གནས་རྣམས་དྲན་ཤེས་ཀྱི་བག་དང་ལྡན་པར་བྱས་ནས་འཁོར་ལོ་གསུམ་གྱི་བྱ་བ་ལ་བརྩོན་པར་བྱས་པས། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་བ་ཡིན་ནོ། །མཐའ་དང་ཚད་དུ་གཞལ་དཀའི་འགྲོ་རྣམས་ཀྱི། །ཕན་དང་བདེ་བའི་འབྱུང་གནས་རྒྱལ་བའི་བསྟན། །དེ་འཛིན་སྤེལ་བའི་ཁྲིམས་ལྡན་དགེ་འདུན་གྱིས། །ཡངས་པའི་ནོར་འཛིན་ཁྱོན་ཀུན་ཁྱབ་གྱུར་ཅིག །དཀོན་མཆོག་གསུམ་ལ་བླ་མར་འཛིན་བྱེད་ཅིང་། །ཕུ་དུད་སྲི་ཞུར་བྱེད་པའི་སྦྱིན་པའི་བདག །གཟུགས་ཅན་སྙིང་པོའི་ངང་ཚུལ་ཉེར་འཛིན་པའི། །རྗེ་འབངས་ཚོགས་རྣམས་དར་ཞིང་རྒྱས་རྒྱུར་ཅིག །ཞྭ་སེར་ཅོད་པན་འཆང་བའི་ཆོས་སྲིད་བསྟན། །ལྷ་བཅས་སྐྱེ་རྒུའི་གཙུག་གི་མཛེས་རྒྱན་དུ། །བདེ་འབྱུང་རལ་པའི་རྩེ་མོའི་ཟླ་བ་བཞིན། །རྟག་ཏུ་གཡོ་བ་མེད་པར་འཆར་གྱུར་ཅིག །ཅེས་དགའ་ལྡན་ཐུབ་བསྟན་རབ་རྒྱས་ཀྱི་དགེ་འདུན་སྤྱིའི་ཁྲིམས་སུ་བཅའ་བ་ཞིག་དགོས་ཞེས(༥༢བ)
མཁའ་འགྲོ་བསྟན་སྐྱོང་གིས་བསྐུལ་བར་རྟེན་ནས། ལུང་སྦྱོར་དང་རྒྱུ་མཚན་སོགས་མངས་ན་ཡི་གེའི་ཚོགས་ཀྱིས་འཇིགས་ཏེ། ཚིག་ཉུར་ངུར་བྱས་པའི་བཅའ་ཚེ་དྲན་པའི་ལྕགས་ཀྱུ་ཞེས་པ་འདི་ནི་ཁྲོ་མོ་ཞེས་པ་ཤིང་འབྲུག་ཆུ་སྟོད་ཟླ་བའི་ཕྱོགས་སྔ་མའི་རྫོགས་པ་དང་པོའི་ཚེས་ལ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ངག་དབང་འཕྲིན་ལས་ཀྱིས་བགྱིས་པ་སརྦ་ཛཡནྟུ། །

ལི་ཐང་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེའི་ཁྲིམས་སུ་བཅའ་བའི་སྐོར།


GLG020_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཙི ཏྟོ ནྡ དྱོ རྨཾ པྲ ཀ ཙ ལི མ ཧཱ སཱ ར མཱ ལ མྦྷ ཀཱ ནཱཾ བཻ ཪྻཾ ཥྛ པུ ཥྚཻ རྦ སུ བ དྷ ཏུ བྷཱ བྷཱ བྷཱུ ར བྷཱ དྷཱ བྱ བེ བྷྱཿ དམིགས་པ་མེད་པའི་ཐུགས་བསྐྱེད་རླབས་འཕྲེང་ནམ་ཡང་ཡོལ་མིན་ཆུ་གཏེར་ཆེ། །མ་སྨད་བརྩོན་པའི་ནོར་རྒྱས་ཀྱིས་བཅིངས་ཚོགས་གཉིས་ས་འཛིན་བསྒྲིལ་བ་ལས། །བི ཛྙཱ ཡཱ ས རྦཾ ཀ ར ས ནུ པརཾ ཛྙཱ ན ཏོ ྅ མྲྀ ཏྱ རཱ སྱཾ ཛཱ ག ནྟོ པྲཱ ཎཻ རྫི བ སུ ཁཧི ཏཾ ཤཱ ཀྱ མུ ནྱོ ཛ ཡ ནྟུ། །རྣམ་པ་ཐམས་ཅད་མཁྱེན་པར་བྱེད་པའི་བླ་མེད་(༥༣ན)


GLG020_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཤེས་བདུད་རྩིའི་བཅུད། །ལུས་ཅན་ཡོངས་ཀྱི་ཕན་བདེའི་སྲོག་འཚོ་བུ་རམ་ཤིང་པ་རྒྱས་གྱུར་ཅིག །ཁྱོད་བསྟན་གསེར་རིའི་ངོགས་གནས་དེ་འཛིན་བྱ། །ལུང་རྟོག་འོད་ཀྱིས་གཅིག་ཏུ་སེར་ན་ཡང་། །ལྷག་བསམ་ཛམྦྷུ་ས་ཟླའི་མཆེད་གྱུར་པ། །མར་མེ་མཛད་དཔལ་རྣམ་པར་ཐར་ལ་དད། །སྐྱེ་བར་གནས་ལྔ་རིག་པའི་བག་ཆགས་ཀྱིས། །སྨྲ་བའི་སྤོབས་མཐོ་རི་མོ་གཡས་འཁྱིལ་ལས། །རྟེན་འབྱུང་ཟབ་མོའི་སྒྲ་འབྱིན་བཙོང་ཁ་པ། །སངས་རྒྱས་ཀུན་གྱི་ཡབ་གཅིག་གཙུག་ན་མཛེས། །བསོད་ནམས་བྱས་པའི་རྒྱ་ཆེན་འགྲོ་བློའི་མཚོར། །འཕྲིན་ལས་ཟླ་གཟུགས་འཇུག་བྱེད་གཞན་དོན་དུ། །མི་སྐྱོའི་དྲི་བཞོན་རྒྱལ་རྣམས་གང་བཞེད་ཁྱིམ། །འགེང་བར་སྒང་གཤོངས་ཀུན་ཏུ་ཁྱབ་དེ་བསྔགས། །ཐུབ་བསྟན་སྤེལ་ལ་འཁུ་བའི་ཡིད་སྲུབས་མུན། །བྱམས་ཆེན་འོད་ཀྱིས་ཕྱོགས་མཚམས་ཐམས་ཅད་ལས། །རྣམ་པར་རྒྱལ་བའི་ཆོས་སྡེའི་འདུས་པ་རྣམས། །བླང་དོར་བཞིན་མཐོང་ཨཱ་དརྵ་འདི་ལྟོས། །ཞེས་ཡུལ་ཁྱད་པར་ཅན་ལ་ཤིས་པ་བརྗོད་པ་དང་ཕྱག་བྱ་བ་སྔོན་དུ་འགྲོ་བའི་དངོས་པོ་ངེས་བསྟན་གྱི་སྙན་འགྱུར་ཕང་འགྲོའི་སྒྲ་ལས་ཉེར་བར་དྲངས་ཏེ། ཇི་སྐད་དུ་ཕལ་ཆེན་ལས། འདྲེན་པ་ལ་ནི་མཐར་ཐུག་མེད། །དེ་དག་སྐུ་ནི་གཅིག་ཏུ་སྣང་། །སྐུ་གཉིས་དེ་དག་བསམ་མི་ཁྱབ། །འཇིག་རྟེན་ཁམས་སུ་སྣང་གྱུར་ཀྱང་། །སྐུ་ལ་གཉིས་སུ་གྱུར་བ་མེད། །ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང་། །ཟླ་བ་གཉིས་སུ་གྱུར་བ་མེད། །(༥༣བ)


GLG020_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་འོག་མིན་གྱི་ཞིང་དུ་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ལས། གཡོ་བ་མེད་ནའང་གདུལ་བྱའི་དབང་གིས་གང་ལ་གང་འཚམ་གྱི་སྤྲུལ་པ་སྣ་ཚོགས་སུ་སྟོན་པ་ནི། བདེ་བར་གཤེགས་པ་རྣམས་ཀྱི་ཆོས་ཉིད་ཡིན་ལ། དེའང་བཟང་པོའི་བསྐལ་པ་འདི་ལ་ཡུལ་དབུས་འགྱུར་འཆང་དུ་རྣམ་འདྲེན་སྟོང་འབྱོན་པར་བཤད་པའི་ནང་ཚན་སངས་རྒྱས་བཞི་པ་ཟས་གཙང་གི་སྲས་པོ་དོན་ཀུན་ཡོངས་སུ་གྲུབ་པའི་སྙིང་སྟོབས་མཆོག་གི་གོ་ཆ་བཙན་པོ་དང་ལྡན་པ་གང་འདིས་སྙིགས་མ་རྣམས་ལས་ཀྱང་ཆེས་ཆེར་སྙིགས་པ་རང་ཅག་གདུལ་དཀའི་འགྲོ་བ་རྣམས་ཀྱི་དོན་དུ་མཆོག་གི་སྤྲུལ་པའི་སྐུར་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྟན་པ་རིན་པོ་ཆེ་ནི་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གི་ཕན་བདེ་མ་ལུས་པ་འབྱུང་བའི་སྒོོ་གཅིག་པུ་ཡིན་ལ། ལུང་རྟོགས་ཀྱི་བསྟན་པ་འཛིན་པར་བྱེད་པའང་དགེ་འདུན་གྱི་སྡེ་ལ་རག་ལུས་ཤིང་། དེའང་ཐེག་པ་ཆེ་ཆུང་གི་དགེ་འདུན་ངོས་འཛིན་ལུགས་སོ་སོར་ཡོད་ནའང་གཙོ་བོ་ནི་མཁས་མཆོག་དབྱིག་གཉེན་གྱིས། དམ་པའི་ཆོས་ནུབ་པ་ན་ལས་ཀྱི་མཐའ་རྣམས་མེད་པའི་ཕྱིར་བླངས་ཀྱང་མི་སྐྱེ་བར་བཤད་པས་སོ། །ཞེས་སོ་སོར་ཐར་པའི་ཆོ་ག་མ་ཉམས་པ་ལ་བརྟེན་ནས་སྡོམ་པ་བླང་བ་དང་། ནན་ཏན་དུ་བྱེད་པ་ཡོད་ན་དམ་པའི་ཆོས་མ་ནུབ་པ་དང་། དེ་ལས་ལྡོག་ན་དམ་པའི་ཆོས་ནུབ་པར་བཤད་པས། སངས་རྒྱས་ཀྱི་བསྟན་པ་ཞེས་ངོས་འཛིན་རྒྱུ་ནི་རབ་ཏུ་བྱུང་བའི་སྡེ་ལ་རག་ལས་པས་བསྟན་པ་སྔ་དར་ལ་རྗེ་བཙད་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོ་སྤྱན་དྲངས། སྲད་མི་མི་(༥༤ན)


GLG020_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་རབ་ཏུ་བྱུང་བ་ནས་བཟུང་སྟེ་དགེ་འདུན་གྱི་སྡེ་དབྱར་མཚོ་ལྟར་འཕེལ། ཕྱི་དར་ལ་བླ་ཆེན་པོ་དང་། སྟོད་ཀྱི་པཱ་ལ་རྣམ་པ་གསུམ་ལ་བརྟེན་ནས་འདུལ་བའི་བསྟན་པ་དར་ཞིང་། ཁྱད་པར་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱིས་སྡོམ་རྒྱུན་རྒྱ་ཆེར་སྤེལ་ཏེ། རང་རྒྱུད་འདུལ་བར་བྱེད་པའི་སྡེ་སྣོད་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པས། བོད་གླིང་དགུའི་རྒྱལ་ཁམས་ཐམས་ཅད་དགེ་འདུན་གྱི་སྡེས་ཁྱབ་ཅིང་། སྐབས་དོན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོའི་འཕྲིན་ལས་ཀྱི་འཇུག་པ་དུས་ལ་ཡོལ་བ་མེད་པས་གསེར་གྱི་རྒྱལ་པོའི་ལུང་གིས་ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ་གདན་དྲངས་པའི་ཚེ་བསྟན་པ་སྤྱི་དང་ཁྱད་པར་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་བསྟན་པ་མདོ་ཁམས་ཀྱི་ཆར་འཕེལ་རྒྱས་ཀྱི་སླད་དུ་ལི་ཐང་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་པའི་ཆོས་སྡེ་འདི་ཉིད་གསར་དུ་བསྐྲུན་པར་མཛད་པ་བར་སྐབས་སུ་སྡིག་ཅན་གྱི་ལྷོངས་ལ་བརྟེན་པའི་བསྟན་པའི་འཕེལ་འགྲིབ་སྣ་ཚོགས་སུ་གྱུར་ནའང་། སླར་རྩོད་པའི་དུས་སུ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་བསོད་ནམས་ཆེན་པོའི་དཔུང་གིས་མདོ་ཁམས་སྒང་དྲུག་མཐའ་དག་འབངས་སུ་བསྡུས་པའི་ཚེ་བསྟན་པའི་མེ་རོ་བསོས་ཏེ་རིམ་གྱིས་འཕེལ་བའི་འདུས་སྡེ་འདི་ཉིད་ཀྱི་ཁྲིམས་སུ་བཅའ་བའི་རིམ་པ་ནི། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། འོད་སྲུངས་དེ་ལྟར་ཚུལ་ཁྲིམས་ཉམས་ཤིང་ཆོས་མི་བསྲུང་བ་ནི་ཁྱིམ་བདག་མགོ་རེག་ཅེས་བྱ་ཡི་ཚུལ་་ཁྲིམས་(༥༤བ)


GLG020_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ་ནི་མ་ཡིན་ནོ། །ཞེས་རབ་ཏུ་བྱུང་བའི་མིང་དང་རྟགས་ཙམ་ལྷུར་ལེན་པ་ལས་ནན་ཏན་ཏུ་མི་བྱེད་པ་དག་ཡང་དག་པའི་བསྟན་པ་མ་ཡིན་ཞིང་། ཁྱད་པར་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་གྱི་བསྟན་པ་འདི་ལ་ངེས་པར་བསླབ་པའི་གནས་རྣམས་ལ་ནན་ཏན་དུ་བྱེད་པའི་སྲོལ་འདི་གཙོ་བོར་གྱུར་པས་ཀུན་མཁྱེན་ཡིད་བཟང་རྩེ་བའི་གསུང་ལས་དུས་ཀྱི་དབང་གིས་དགེ་སློང་ལྷོད་པའང་མང་རབ་བྱུང་བ་ན། རྗེ་བཙུན་དམ་པ་བློ་བཟང་གྲགས་པའི་དཔལ་གྱིས། དང་པོར་སྐྱོར་མོ་ལུང་དུ་མཁན་ཆེན་བློ་གསལ་བ་ལས་འདུལ་པ་ལེགས་པར་བླངས། ཕྱིས་དབེན་པའི་གནས་རྣམས་སུ་སྒྲུབ་པ་སྙིང་པོར་མཛད་པ་ནའང་འདུལ་བའི་ཀུན་ཏུ་སྤྱོད་པ་ལས་མ་འདས། ཕྱིས་འཁོར་སྐྱོང་པའི་ཚེ་ནའང་དྲུང་ན་འཁོད་པ་ཐམས་ཅད་འདུལ་བ་ནས་ཇི་སྐད་བཤད་པའི་ཆོས་གོས་གསུམ་གདིང་བ་དང་ལྷུང་བཟེད་ལ་སོགས་པ་མཁོ་བའི་ཡོ་བྱད་རྣམས་འཛིན་དུ་བཅུག །ཅེས་བསྔགས་པ་ཆེས་ཆེར་བརྗོད་པ་ལྟར། རྗེས་འཇུག་རྣམས་ཀྱིས་ཀྱང་སྔོན་བྱུང་གི་རྣམ་ཐར་རིས་སུ་མ་བོར་བའི་ཉམས་ལེན་ཞིག་མེད་ན། ཏིང་འཛིན་རྒྱལ་པོ་ལས། དེ་བཞིན་རྣལ་འབྱོར་མི་བརྩོན་པ། །ཚུལ་ཁྲིམས་བསྔགས་པས་འཚོ་བ་དག །ཕྱི་མའི་དུས་ལ་བྱུང་འགྱུར་ཏེ། །དེ་དག་ལ་ནི་ཚུལ་ཁྲིམས་མེད། །ཅེས་ནེ་ཙོའི་ཁ་ཏོན་ལྟ་བུ་སྤངས་ཏེ་ཉམས་སུ་བསྟར་བ་ལ། ཐོག་མར་གསར་དུ་གྲྭར་ཞུགས་པའི་སྡོམ་པ་མ་ཐོབ་པ་དག་ཐོབ་པར་མ་བྱས་པར་རྟགས་ཙམ་བཟུང་ནས་ཡུན་རིང་པོར་དགེ་འདུན་གྱི་རྫས་ལ་ལོངས་སྤྱད་ན། ལུང་རྣམ་འབྱེད་(༥༥ན)


GLG020_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ལྕགས་གོང་མེ་ལྕེ་འདྲ་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པ། །ལུས་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་རང་ཉིད་རྣམ་སྨིན་ལྕི་ཞིང་ཚོགས་ཀྱང་འབགས་པར་འགྱུར་བས་རབ་ཏུ་བྱུང་དགོས་ཤིང་། དེ་ལའང་བར་གཅོད་དང་ལྡན་ན་སྡོམ་པ་མི་སྐྱེ་བའམ་སྐྱེས་ཀྱང་རིང་པོར་མི་གནས་པ་སོགས་ཀྱི་ཉེས་པ་ཡོད་པས་ལེགས་པར་བརྟག །མེད་པ་རྣམས་ལ་བླ་གོས། མཐང་གོས། གདིང་བ། ལྷུང་བཟེད་། ཆུ་ཚགས་སོགས་རབ་བྱུང་གི་རྟགས་རྣམས་བརྙན་པོ་ཚུན་གྱིས་ཚང་བར་བྱས་ཤིང་། ལོ་ཚིགས་སུ་མ་སླེབ་པ་དང་བསྲུང་མཚམས་མི་ཟིན་པའི་དགག་བྱ་དང་ལྡན་པ་རྣམས་མི་འཇུག །ཐོག་མར་གཞན་དག་ལས་མཁོ་བའི་ཡོ་བྱད་གཡར་དགོས་བྱུང་ཡང་། དེ་ནས་བཟུང་སྟེ་ཟླ་བ་གསུམ་ཚུན་ལ་རང་ཉིད་དབང་བའི་རབ་བྱུང་གི་རྟགས་འགྲིག་པར་བྱེད། སྡོམ་པ་དང་མི་ལྡན་པའམ། ལྡན་ཀྱང་རྟགས་ཆ་ལུགས་མ་ཚང་བ་ཚོགས་སུ་མི་འཇུག །སྔོན་ནས་རབ་ཏུ་བྱུང་ཟིན་པ་ཡུལ་ཕྱོགས་གཞན་དག་ནས་འོངས་པ་གསར་དུ་འཇུག་ན། དེ་གཞན་དུ་བསླབ་སྐྱོན་གནས་དབྱུང་སོགས་རས་ཕོག་མ་ཕོག་ལེགས་པར་བརྟག །བསྙེན་པར་རྫོགས་འདོད་པ་རྣམས་ཀྱང་བར་གཅོད་བརྟགས་པ་སོགས་རབ་བྱུང་གི་སྐབས་དང་མཚུངས། དེའང་གནས་བརྟན་རྣམས་དང་གསར་བུ་བ་རྣམས་ཚུལ་ཁྲིམས་མཉམ་པར་གྱུར་པ་ལ་ངེས་པར་སྦྱོར་དགོས་པས་དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་། དེས་(༥༥བ)


GLG020_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་གང་བསླབ་པ་དེ་ལ་བསླབ་དགོས་པར་བསྟན་པའི་ཤུགས་ལ། དགེ་ཚུལ་བར་མ་སོགས་ལའང་འདྲ་བས་གྲྭ་སར་ཞུགས་ནས་གནས་ཀྱི་སློབ་དཔོན་བསྟེན་ཏེ། ཤེས་རབ་ཆེ་ཆུང་དང་བསྟེན་པའི་ཟླ་གྲངས་ཇི་ལྟར་འོས་པའི་ཁོངས་སུ། ལུང་རྣམ་འབྱེད་ལས་གསུངས་པའི་སྡོམ་གྱིས་བསྡུས་པའི་བསླབ་ཁྲིམས་དང་། ལུང་གཞི་དང་ཕྲན་ཚེགས་སྐབས་ཀྱི་འབྱུང་ཉེ་བའི་བླང་དོར་རགས་པ་རྣམས་ལ་བསླབས་ཏེ་གསར་རྙིང་ཐམས་ཅད་ཀུན་སྤྱོད་མཐུན་པར་བྱེད། སྡོམ་པ་ཐོབ་ཟིན་མི་ཉམས་པར་བསྲུང་བ་དང་ཉམས་ན་ཕྱིར་འཆོས་པ་གཉིས་མེད་ན་རབ་བྱུང་གི་སྡོམ་པ་ལེན་པ་ལ་དགའ་བ་ཙམ་དུ་ཟད་པས་རྩ་བ་བཞི་ལ་སྐྱོན་བྱུང་ན་འཆབ་མེད་རྣམས་སླར་སྡོམ་པ་ལེན་ཅིང་འཚབ་ཅན་གྱི་རིས་གནས་ནས་དབྱུང་། དགེ་འདུན་ལྷག་མའི་ལྟུང་བ་ལ་སྤོ་མགུ་དབྱུང་གསུམ་དང་། སྦོམ་པོ་ལྟུང་བྱེད་ཉེས་བྱས་སོགས་ལ་དགེ་འདུན་དང་གང་ཟག་སོ་སོར་ཤགས་སྡོམ་གཞུང་བཞིན་བྱེད། ཡུལ་ཚན་མི་ཚན་དུ་བཅད་དེ་མི་དཔུང་དགྲ་སྡེབས་ཀྱི་འཐབ་རྩོད་སོགས་དགེ་འདུན་གྱི་དབྱེན་ཆེན་པོར་འགྲོ་བ་བྱུང་ན་ལན་ཅིག་མ་ཡིན་པར་དཀྲུག་རྐྱེན་སེལ་འཇུག་གི་རྩ་བ་སུ་ཡིན་དེ་གནས་དབྱུང་དང་། དེ་མིན་སྟེ་པོའི་རིས་ལ་མང་ཇ། ཚ་ར། ཐུག་དར་ལྕོག་བརྗེ་བ། བླ་མར་ཇ་འཁོར་གསུམ་གྱིས་གཙོས་པའི་དགུ་ཚན། སྙན་དར། གང་འཚམ་གྱི་རྣམ་གཞག །དུང་དར་འགེལ། རམ་འདེགས་པ་རྣམས་ལ་སྤྱི་ཐོག་ཏུ་མང་ཇ་སྦྱོར་སྦྲེལ། བླ་མར་ཇ་བར་ཁག་གིས་གཙོས་པའི་བདུན་ཚན། རྣམ་གཞག་(༥༦ན)


GLG020_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་དར་སོགས་གོང་འདྲ་འགེལ། གྲྭ་པ་རེ་གཉིས་ནས་ཞེ་ངན་གྱིས་འཇིངས་ནས་ལག་འདྲེས་པའི་འཐབ་རྩོད། ངན་ལན་ལེན་པ་སོགས་ལ་བརྟེན་པའི་རྨས་འགྲམ་སོགས་ཆེ་བར་བྱུང་ན་མང་ཇ། བླ་མར་འབུལ་བ། སྙན་དར། རྣམ་གཞག །རྨ་གསོས་འཇལ་གཅོད་སོགས་ཚད་ལྡན་བྱེད། རྨས་འགྲམ་མ་ཡིན་པའི་འཐབ་མོའི་རིས་ལ་སྙན་དར། བརྒྱ་ཕྱག །དཀར་མེ་སོགས་སྐབས་སུ་གང་བབ་འགེལ། རབ་ཏུ་བྱུང་བ་ནི་དགེ་སྦྱོང་གི་ཆོས་བཞི་གཙོ་བོར་བྱེད་དགོས་པས་འཕུང་དཀྲུག །ཁྲོ་རྡེག་གཤེ་བ། མཚང་འདྲུ་སོགས་སྤངས་ཏེ་གཞན་ངོ་བསྲུང་། དགེ་འདུན་གྱི་ནང་དུ་མ་ཟད་ཕྱི་རོལ་དུ་དཔོན་སྐྱ། བཟའ་བ། སྐྱ་བཙུན་གྱི་རིས་མཆོག་དམན་གང་དང་ཡང་འཐབ་རྩོད་མི་བྱེད་ཅིང་གཞན་དག་རྩོད་པའི་ཁ་འཛིན་དང་རྒྱབ་དཔུང་མི་བྱེད། བྱས་ན་ཚབས་ཆེ་ཆུང་ལ་དཔགས་པའི་ཉེས་ཆད་གོང་གི་རིམ་འགྲོས་ཀྱིས་འགེལ། ཚོང་སོགས་བྱེད་མི་དགོས་པར་ཚོང་རར་འགྲོ་བ། སྔོན་མས་ཚོང་ཐག་མ་བཅད་པར་རྗེས་མས་དོག་འཚང་ཀྱི་ཧབ་ཐོབ་བྱེད་པ། འདུམས་བྱེད་པ་སོགས་མིན་པར་དམག་གསེབ་ཏུ་འདུག་པ་དང་བལྟ་བ། གླུ་གར་བྲོ་གཞས་ཀྱིས་མཚོན་པའི་འདུས་པ་ལ་བལྟ་བ། གླིང་གསེབ་ཏུ་སྐད་རྒྱངས་གཏོང་བ། མཆོངས་བརྒྱག་པ། ཀུ་ཅོ་འདོན་པ། རྒྱན་པོ་འགྱེད་པ། མདའ་འུར་རྡོ། རྡོ་སྐོར་འཕེན་པ། མང་པོའི་ཚོགས་སུ་འདུ་འཛི་དང་ལོང་གཏམ་སྨྲ་བ། ཚིག་ངན་སོགས་ཀྱི་སྒོ་ནས་གྲོགས་ཚངས་པར་སྤྱོད་པ་སུན་དབྱུང་བ། སྡེ་ཕན་(༥༦བ)


GLG020_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་གྱི་ཕྱོགས་རིས་བཟུང་བའི་ངན་གཤགས། ཆོས་ཀྱི་འགྲོ་བ་ལབ་སྙད་པའི་གཞན་དག་དམའ་དབབ་པ། གཞན་སྐྱོན་བརྗོད་ཅིང་མཚང་འདྲུ་བ། འཕྲལ་གྱི་ཉེར་མཁོའི་མཐུན་རྐྱེན་མ་གཏོགས་ཁེ་ཚོང་འབུན་སྐྱེད། སོ་ནམ་ཞིང་ལས། དུད་འགྲོ་འཚོ་སྐྱོང་སོགས་མི་བྱེད། བླ་མས་དབྱར་བསེ་ཐེབ་ཕྱིང་དམར། དགུན་བེར་ཟླུམ་རྩེ་ཞྭ་འམ། པཎ་དོམ། གྲྭ་པ་རྣམས་ཀྱིས་རྩེ་ཞྭ་ཞེ་གཅིག་གྱོན། དེ་ལས་གཞན་དུ་པཎ་ཞྭ། འབར་ཞྭ། སྒོམ་ཞྭ། པགས་ཞྭ་སོགས་ཞྭ་རིས་སྣ་ཚོགས། པགས་ཐུལ། གོས་ཕུ་ཐུང་མ། སླེའུ། ཕྱིང་པ། གོས་ཁ་དོག་མ་འགྱུར་བའི་དཀར་པོ། །ཁ་ཤའི་ལྷམ། སུག་རྩ། ཟོམ་པ། སྐ་རགས་ཕུ་གུ་ཅན། ཕོར་ཤུབས། སྒོམ་ཐག །དྲ་ཕད། སྐྲ་རིང་། གྲི་རིང་། ཀོ་པགས་ཀྱི་སྣོད་སོགས་ལ་ལོངས་མི་སྤྱོད། གལ་ཏེ་སྤྱད་ན་དངོས་པོ་ངོ་བོ་འཕྲོག་ཅིང་། སླར་ཡང་བྱས་པ་བྱུང་ན་སྙན་དར། བརྒྱ་ཕྱག །དཀར་མེ་འགེལ། ཞིང་གི་སྔོ་ཐོག་ལ་ལམ་མི་བྱ་ཞིང་། བྱས་ན་དཀར་མེ་དང་། དུད་འགྲོས་ལོ་ཏོག་ཟོས་པ་བྱུང་ན་དེའི་གུན་བསབ་ཀྱི་དངོས་པོ་ཞིང་བདག་ལ་སྤྲོད། བྲེ་སྲང་སོགས་བརྙན་པོར་འོས་པ་རྣམས་མ་གཏོགས་དགེ་འདུན་སྤྱིའི་རྫས་ལ་ལོངས་མི་སྤྱོད། བྲེ་སྲང་སོགས་ཀྱང་འདེགས་འཇལ་གྲུབ་འཕྲལ་སྤྱི་སར་སྐྱེལ། གླིང་ཁྲོད་དུ་ཀ་ཅ་བརླག་དོར་རྙེད་ན་དགེ་སྐོས་ལ་སྤྲོད། ལྕགས་རིའི་ནང་དུ་བླ་མ་སློབ་དཔོན་སོགས་གྲྭ་རིས་དམིགས་བསལ་མ་གཏོགས་རྟ་མི་ཞོན། བཞོན། ཁྱི་དང་སྤྲང་པོ་གླིང་གསེབ་ཏུ་མི་གཏོང་ཞིང་ལས་བྱེད་ཀྱིས་བཟའ་བཏུང་(༥༧ན)


GLG020_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་དུ་སྟེར། གློ་བུར་དུ་ལྷགས་པའི་རབ་ཏུ་བྱུང་བ་ལ་དག་སྣང་སྦྱོང་ཞིང་གནས་མལ་དང་གོས་སྟན་གཡོར། རབ་བྱུང་ལ་ཕྱི་དྲོའི་ཁ་ཟས་དང་ཁྱིམ་པ་ལ་ཆང་རིན་མི་སྟེར། དགོན་པའི་སྤྱིལ་པོ་བཤིག་ནས་བསྒྲིལ་བ་དང་ཤིང་ཆ་འཚོང་བ་སོགས་མི་བྱེད། བྱས་པ་བྱུང་ན་ཁང་པ་རྙིང་པར་ཆ་བཞག་སྒྲུབ་འཇུག །རབ་བྱུང་གི་རྟགས་ཆ་ལུགས་རྣམས་རུང་བ་ཚད་ལྡན་མ་གཏོགས་རྒྱགས་པ་དང་དྲེགས་པ་འཕེལ་བའི་ཁ་དོག་བཟང་པོ་དང་ཚད་ལས་ལྷག་པའི་མཆོར་ཆས་མི་བྱེད། མཐང་ཤམ་རྔུལ་གཟན་མེད་པར་ལམ་སྲང་དང་ཕྱི་རོལ་དུ་མི་འགྲོ། བྱེས་བགྲོད་ལྟ་བུའི་ཚེ་ཆང་དང་ཕྱི་དྲོའི་ཁ་ཟས་འཛེམ་མེད་དུ་སྤྱོད་པ། འཁྲུག་གྲལ་དུ་གོ་གྱོན་མཚོན་ཐོགས་པ། ཁྲིམས་གྲོགས་མེད་པར་ཉེ་དུ་མིན་པའི་བུད་མེད་དང་གནས་དབེན་པ་སྐྱབས་ཡོད་པར་ཞག་ཏུ་ལྷན་ཅིག་ཉལ་བ་བྱུང་ན་སླར་གྲྭ་ས་འདིར་མི་འཇུག་པ་འམ། ཡང་ན་ཆང་ཕྱི་དྲོའི་ཁ་ཟས་འཁྲུག་པ་གསུམ་ལ་མང་ཇ་ཚ་ར་འབུལ་ཚན་སོགས་ཀྱི་ཆད་པ་དང་། ཕྱི་མ་ལ་མི་ཚངས་སྤྱོད་ཀྱི་སྐྱོན་ཡོད་མེད་ཀྱི་ཆར་ལག་འདོགས་ཀྱི་དག་པ་བྱས་ནས་སྤྱོད་ལམ་མ་བཟོ་བའི་ཆད་པ་གོང་བཞིན་བསྒྲུབ། སྤྱི་སོའི་འདུ་ཁང་དུ་སྡེ་གཉིས་ཀ་ཚོགས་པའི་ཚེ་ཆབ་སྐད་དང་དུང་གཏོང་ལུགས་སོགས་དཔལ་ལྡན་འབྲས་སྤུངས་དང་དབྱིབས་མཐུན་པར་བྱེད། དགེ་འདུན་རྣམས་བག་མེད་པའི་སྤྱོད་ལམ་སྤངས་ཏེ་གཞན་དག་དང་བ་འདྲེན་པའི་ཚུལ་ལྡན་གྱི་སྒོ་ནས་འདུ་ཞིང་བསླབ་གྲལ་མ་འཁྲུགས་པར་བྱེད། གྲལ་མཚེས་དང་ལོང་གཏམ་སྨྲ་བ། གཉིད་ལོག་པ། བཞད་གད། རྩིག་པ་དང་ཀ་བར་བསྙེ་བ། དེ་དག་ལ་མཆིལ་(༥༧བ)


GLG020_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྣབ་འདོར་བ་སོགས་བདུད་ལས་རྣམས་སྤངས་ཏེ་མ་ཡེངས་པར་ཆོས་སྤྱོད་ཀྱི་རམ་འདེགས། བསྙེན་བཀུར་ལ་སྤྱོད་པའི་ཚེ་ཅག་ཅག་ཧུ་ཧུ་དང་ལྕེས་བལྡག་པ་སོགས་ཆོས་འདུལ་བ་ནས་བཀག་པ་རྣམས་མི་བྱེད། གཤོལ་དུ་མི་བཏུབ་པའི་རིས་མི་བྱུང་བར་བསྔོ་བ་མ་ཚར་གོང་ནས་འགྲོ་བ། ཚོགས་གྱེས་པའི་ཚེ་གཞན་དག་གིས་འཕྱ་སྨོད་ཀྱི་གནས་སུ་འགྲོ་བར་མི་བྱེད། དགེ་འདུན་གྱིས་ཕམ་ཕབ་དང་རྙེད་པ་ཁྱི་དང་སྤྲང་པོ་སོགས་ལ་སྦྱིན་ན་ཡུལ་དེར་གནོད་པས་མི་སྦྱིན། གལ་ཏེ་དམིགས་བསལ་བྱུང་ན་དགེ་འདུན་ལ་གནང་བ་ཞུ། ནད་པ། མཚམས་པ། སྤྱི་པའི་ལས་བྱེད་སོགས་དམིགས་བསལ་མ་གཏོགས་ངོས་ལེན་མེད་པར་ཚོགས་སྐལ་མི་སྟེར། དགེ་འདུན་སྤྱིའི་བྱ་བ་སྒྲུབ་པ་སོགས་ལ་དུས་ཀྱིས་གཏུགས་ཏེ་སྔོན་དུ་འགྲོ་དགོས་མ་ཡིན་པར་སྤྱི་ཟས་ཀྱི་སྔོན་རོལ་དུ་སྐལ་བ་མི་ལེན། ཚོགས་ཀྱི་ཞལ་འདོན་དཔེར་ན། གདུགས་དཀར་རྫོགས་མཚམས་ནས་ཇ་དང་པོ་གཏོང་བ་དུས་མཚུངས། དེས་གཞན་དག་ལ་ཡང་མང་ཉུང་གི་རིགས་འགྲེ་ཞིང་ཇ་དང་པོའི་རྗེས་སུ་བསྟན་པ་སྤྱི་སྒོས་ལ་ཉེ་བར་འཚེ་བའི་རིགས་དང་ཆོས་སྡེ་རང་གི་ཕྱི་ནང་དུ་དཀྲུགས་ཤིང་བསྟན་པའི་སེལ་འཇུག །ནག་ཆང་སོགས་ལ་དམིགས་པའི་མདོ་སྒྲུབ་ཚར་གཅིག་བྱེད། སྐྱབས་སེམས་རྗེས་སུ་ས་ལམ་གསང་བའི་རྣམ་ཐར་སོགས་ཆོས་སྤྱོད་རགས་བསྡུས། སྨོན་ལམ་ལྔ། སྒྲོལ་མ། ཤེར་སྙིང་། གདུགས་དཀར། ཚེ་གཟུང་། འདོད་ཁམས་བདག་མོའི་གཏོར་བསྔོ།(༥༨ན)


GLG020_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འབར་མས་མཐའ་བརྟེན་པ་ལས་ཞལ་འདོན་མང་ཉུང་གདངས་འདུར་སོགས་སྦྱིན་བདག་གི་གཤིན་གསོན་གྱི་དོན་གང་ཡིན་དང་མང་ཇ་མང་ཉུང་སོགས་ལ་ཡང་སྐབས་དང་བསྟུན། ཆོ་འཕྲུལ་གྱི་ཟླ་བར་མཉན་ཡོད་མཆོད་པའི་ཕྱག་ལེན་ལྷ་ས་སྨོན་ལམ་ཆེན་མོ་སོར་གནས་དང་། ཚོགས་དབུ་སྤྱི་པར་མཁན་པོ་མེད་ཕྱིན་གྲྭ་ཚང་གཉིས་ཀྱི་བླ་མ་བསླབ་པ་སུ་རྒན་གྱིས་བྱེད། གཞི་གསུམ་གྱི་ཕྱག་ལེན་འཆག་མེད་དང་། སློབ་དཔོན་རྣམས་གཉིས་མ་བྱུང་བའི་དུས་བསླབ་པ་རྒན་པ་ཞིག་གིས་མདོ་འདོན། དགེ་སྐོས། ཞལ་ཏ། ཆབ་རིལ་བ་རྣམས་སྤྱི་སོ་གྲོས་ཐོག་ནས་རང་འདོད་ཁ་འཚངས་སུ་མ་སོང་བའི་དགོན་པར་ཁེབས་གང་ཆེ་འོས་འདུ་བསྡུས། འབའ་རྫོང་སྡོད་ལ་བསྡུར་བའི་ཁོག་ནས་གཙོ་བོར་ལྷ་མོ་དོན་གྲུབ་མའི་སྐུ་བརྙན་གྱི་མདུན་དུ་ཟན་རིལ་གང་བབས་ཀྱིས་ལོ་གསུམ་རེའི་བར་བྱེད། དབུ་མཛད་སྐད་དང་གདངས་ངེས་པ་གལ་ཆེ་བས་དངོས་ཡོན་གང་འདུག་གཙོ་བོར་བྱེད་ཅིང་ལོ་གྲངས་ཀྱི་ངེས་པ་མེད། མང་ཇའི་བསྔོ་རྟེན་སློབ་དཔོན་གཉིས་སོ་སོར་རྣམ་གཞག་དང་། སློབ་དཔོན་དབུ་མཛད་པར་བསྔོ་རྟེན་བྱང་འདྲེན་དགེ་སྐོས་ཞལ་ཏ་བ་གསུམ་སོ་སོ་དང་། དུང་མཁན་གཉིས་དང་ཆབ་རིལ་བ་ཐུན་མོང་དུ་རྣམ་གཞག་གཅིག །ལྷ་མོ་དོན་གྲུབ་མར་སྙན་དར་རྣམས་འབུལ། དགེ་འདུན་བཞིར་ལོངས་པ་ལ་ཕུལ་བའི་རབ་བྱུང་གི་རྟགས་ཆ་ལུགས་སོགས་ཀྱི་དངོས་པོ་དགེ་སྐོས་ལ་གཏད་པའི་ཡོ་བྱད་དེ་དག་སྒྲུབ་མི་ནུས་པའི་རྒན་རིམ་ལ་སྟེར། དགེ་འདུན་བཅུར་ལོངས་བ་ཡན་ཆད་ལ་སྣམ་སྦྱར་དང་རས་ཆེན་ཀྱི་རྒྱུར་འོས་(༥༨བ)


GLG020_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དར་རས་སྣམ་བུ་སོགས་བྱུང་ན་མ་བགོད་པར་སྔར་ལྟར་སྟེར། དགེ་འདུན་སྤྱིར་ཕུལ་བ་བསྙེན་པར་རྫོགས་མ་རྫོགས་ཀྱི་རྙེད་པ་མཉམ་པོར་ཐོབ་མི་ཐོབ་འདུལ་བའི་སྡེ་སྣོད་ནས་བཤད་པ་བཞིན་བྱེད། སྒོག་བཙོང་སོགས་དྲི་ངན་པས་གོས་པར་བྱས་ནས་དྲི་གཙང་ཁང་དང་དགེ་འདུན་གྱི་ཀུན་དགའ་ར་བ་སོགས་སུ་མི་འགྲོ། ནང་མཆོད་སྨོན་རྟ་མཁར་ལས། དགེ་འདུན་སྤྱིའི་ཆེད་དུ་བཟོ་རིས་པ་འོངས་པའི་སྐབས་དམིགས་བསལ་མ་གཏོགས་ཆང་གི་འགྲིམ་འགྲུལ་མི་བྱེད། ཡོ་བྱད་ཀྱིས་དབུལ་བའི་ནད་པ་ལ་དགེ་འདུན་དང་དཀོན་མཆོག་གི་རྫས་ཀྱི་སྟེང་ནས་ཕན་པ་བསྒྲུབ་ཅིང་སླར་དེ་ལ་གུན་བསབ་མེད་ཀྱང་ཡུལ་གཉན་པས་ཉེས་པར་མི་འགྱུར། གལ་ཏེ་རང་ཡུལ་ལྟ་བུ་ནས་དངོས་པོ་ལེན་རྒྱུ་ཡོད་ན་གུན་བསབ། འདུས་སྡེ་འདིའི་ཁོངས་སུ་མི་གཏོགས་པའི་ནད་པ་སོགས་ཉམ་ཐག་པའི་ཡུལ་རྣམས་ལ་ཟས་གོས། སྨན། ནད་གཡོག་སོགས་རིམ་གྲོ་བྱེད། ནད་རིམས་ཡོད་སར་ཕྱིན་ན་དགེ་འདུན་སྤྱི་འབགས་པའི་ཉེན་ཡོད་པས་མི་འགྲོ། སྲོག་ལ་རྒོལ་བར་ཐུག་པའི་ནག་ཆེན་སྐྱབས་འཚོལ་བར་བྱུང་ན་བསྟེན་ཅིང་། རྒྱང་གྲགས་གཅིག་ཚུན་གྱི་རི་ཀླུངས་སུ་སེམས་ཅན་རྔོན་པ་བསྲུངས་ཏེ་མི་འཇིག་པའི་སྦྱིན་པ་སྟེར། བྱེ་བྲག་གྲྭ་ཚང་གཉིས་སུ་ཕྱེ་བའི་སྔགས་གྲྭ་བ་རྣམས་ཀྱིས་མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པའི་གསང་འདུས་བསྐྱེད་རྫོགས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་བདེ་མཆོག་གི་བསྐྱེད་རྫོགས། དེས་མཛད་པའི་འཇིགས་བྱེད་ཀྱི་བསྐྱེད་རིམ་རྣམས་ཀྱི་འཆད་ཉན། རྒྱལ་བ་བཙོང་ཁ་པས་མཛད་པའི་གསང་བདེ་འཇིགས་གསུམ་(༥༩ན)


GLG020_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་འཛིན་པའི་ཀུན་རིག་རྣམས་ཀྱི་མངོན་དཀྱིལ། རྒྱུད་གཞུང་། ཕྱག་དྲུག་པ། ལས་གཤིན། དམག་ཟོར་མ། རྣམ་སྲས། ཨ་ཕྱི། པེ་ཧར། བསེ་ཁྲབ་པ་རྣམས་ཀྱི་བསྐང་གསོ་སོགས་ཚོགས་འདོན་སྔོན་ནས་ཚུགས་ཟིན་པ་རྣམས་ལ་དོ་དམ་གང་ཆེ་ལས་གསར་འཛུགས་མང་པོ་མི་བྱེད། ཧོར་ཟླ་དྲུག་པའི་ནང་དུ། གསང་བདེ་འཇིགས་གསུམ་དང་། ཀུན་རིག་གི་དཀྱིལ་འཁོར་སྒྲུབ་མཆོད། ལོ་མཇུག་སྐུ་རིམ་སོགས་གྲ་གང་འགྲིག་བྱེད། མདོ་གྲྭ་བ་རྣམས་ཀྱིས་དབུ་ཕར་མཛོད་གསུམ་ཡིག་ཆ་གསར་པ་དང་། འདུལ་བར་ཡིག་ཆ་གང་འོས། རྣམ་འགྲེལ་ར་བ་སྟོད་པའི་ལུགས་སོར་གནས། གཙོ་བོའི་རྩིས་གཤག་བགྲོ་གླེང་ལ་རྩོལ་འདོན་དང་། དེ་འོག་ནས་ཆོས་སྤྱོད་སྨོན་ལམ། གདུགས་དཀར། ཤེར་སྙིང་། སྒྲོལ་མ། ཚེ་གཟུངས་སོགས་ཀྱི་འཛིན་སྦྱོང་། གདངས་སོགས་རྩོལ་འདོན་ལས་སྔགས་ཕྱོགས་སུ་གཏོགས་པ་དམག་ཟོར་མའི་གཏོར་འབུལ་ཙམ་མ་གཏོགས་མི་བྱེད། ཆོས་ཐོག་བརྒྱད་ཀྱི་ཕོགས་ཇ་ཚུལ། སྨོན་ལམ། ལྔ་མཆོད། ཉེར་བདུན་སོགས་སྔར་རྒྱུན་གྱི་གཏོང་སྒོ་དང་། དེ་གའི་ཡོང་དེབ་ཀྱི་ཆོས་གཞིས་སོགས་ཡོད་འདུག་པ་རྣམས་སྒོ་བསྟུན་ལས་ཚན་རྣམས་ཁུར་བསམ་གང་ཆེའི་ངོས། གཙོ་བོར་ཆོས་ཕྱོགས་ཀྱི་འགན་འཁུར་སློབ་དཔོན་གཉིས་དང་འཇིག་རྟེན་གྱི་ལ་རྒྱའི་ཁུར་ལེན་འབའ་ལྷུན་གྲུབ་རབ་བརྟན་གྱི་རྫོང་སྡོད་ནས་བྱས་པའི་ཆོས་སྡེ་ཆེན་པོ་འདི་འཁོར་ལོ་གསུམ་གྱི་སྒོ་ནས་ཡར་ལྡན་དུ་(༥༩བ)


GLG020_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དམན་སྐྱ་སེར་ཀུན་གྱིས་བསྒྲུབས་ན་འདི་ཕྱིའི་དོན་ཆེན་སྤེལ་བའི་ཐབས་བླ་ན་མེད་པའི། ཐུགས་རྗེའི་སྐྱ་རེངས་དང་པོ་ཤར་ཙམ་གྱིས། །འགྲོ་ཀུན་མ་རིག་གཉིད་ལས་ཉེར་སློང་བའི། །རྣམ་འདྲེན་ཉིན་མོར་བྱེད་པ་ཤཱཀྱའི་གཙོ། །ཁྱོད་བསྟན་སྐྱེ་རྒུ་ཀུན་གྱི་ཆོས་དཀར་ཡུལ། །དེ་ཚུལ་འཛིན་པའི་རྣམ་དག་གྲུབ་མཐའ་བཞི། །ལུགས་སྲོལ་རབ་དཀར་འོ་མཚོ་གངས་ལྗོངས་འདིར། །འཁྱིལ་ཡང་ལོག་བཤད་རྙོག་མས་ཆེར་སྦགས་པ། །དྲུངས་བྱེད་མཁས་རྣམས་རིང་མོ་ཞིག་ནས་ནོངས། །འོན་ཏེ་ཆ་ཤས་ཡོངས་གང་བསིལ་ཟེར་ཅན། །སྨག་རུམ་མུན་པའི་ཁྲོད་དུ་ཤར་བ་བཞིན། །ཀུན་མཁྱེན་འཇམ་དཔལ་སྙིང་པོའི་མཁྱེན་དཔྱོད་ཀྱིས། །རྒྱལ་བའི་རིང་ལུགས་དྲི་མ་ལན་བརྒྱར་བཀྲུས། །གང་གི་གསུང་རབ་གངྒཱའི་ཡབ་ཅིག་ལས། །སྙིང་པོ་ཁྲིམས་སུ་བཅའ་བའི་ཉལ་འགྲོའི་རྒྱུན། །སྤྱི་དང་ཁྱད་པར་བསྟན་པའི་རྒྱ་མཚོ་ཆེར། །འབབ་བྱེད་ཁོ་བོའི་བློ་གྲོས་ཉི་གཞོན་བཞིན། །དཀོན་མཆོག་ཐུགས་རྗེ་རྟེན་འབྲེལ་སླུ་བ་མེད། །བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །ཐུབ་བསྟན་བྱམས་ཆེན་ཆོས་ཀྱི་སྡེ་ཆེན་པོ། །སྲིད་མཐའི་བར་དུ་དར་ཞིང་རྒྱས་གྱུར་ཅིག །ཅེས་ལི་ཐང་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེའི་ཁྲིམས་སུ་བཅའ་བའི་རིམ་པ་བླང་དོར་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ནི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་སྦྱར་པའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་ཀྱིས་བགྱིས་པ་སརྦདིགྻུརཡནྟུ། །

འབའ་དགའ་ལྡན་ཕན་བདེ་གླིང་པའི་ཁྲིམས་སུ་བཅའ་བའི་རིམ་པ་བླང་དོར་གསལ་བའི་ཟླ་བ་སོགས།


GLG020_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཛྙེ ཡ ཏཱ ཡ ཐཱ བ ཏཱ བྷི བྷཱ བ དཱེ ཤ ཙ ཀྵུ ནཱ ཙ།ཇི་ལྟ་ཇི་སྙེད་ཤེས་བྱའི་ཁྱོན། །མངོན་སུམ་གཟིགས་པའི་སྤྱན་རས་ཀྱིས། །ཀཱུ ལ མཱ ཛ གོ པ དྲྀ ཀ ན ཤེ ཥ ཨཱ ཪྠ ས དྷ ན མྱ།རིས་མེད་འགྲོ་ལ་ཉེར་བཙའ་བ། །དོན་ཀུན་མ་ལུས་གྲུབ་དེར་འདུད། །གང་གི་རིང་ལུགས་ཀུན་བཟང་མའི། །རྒྱན་དུ་ལེགས་བཤད་ནོར་བུའི་འཕྲེང་། །རྣམ་དཔྱོད་སྲད་བུར་བརྒྱུད་མཁས་པ། །འཇམ་དཔལ་སྙིང་པོས་དགེ་ལེགས་སྩོལ། །དགའ་བའི་དཔལ་ལྡན་ཆོས་ཀྱི་སྒྲ། །ཕན་དང་བདེ་བའི་འབྱུང་གནས་མཆོག །སྡོམ་སྩོན་གླིང་གི་བླང་དོར་རྣམས། །གསལ་བྱེད་རི་བོང་འཛིན་འདི་ཤར། །ཚིགས་སུ་བཅད་པའི་པི་ཝང་གི་རྒྱུད་ལས་དྲངས་ཏེ་ཤིས་པར་བརྗོད་ནས། དེའང་བསྐལ་བཟང་གི་འདྲེན་པ་བཞི་པ་རྣམ་འདྲེན་ཉི་མའི་གཉེན་གྱི་བསྟན་པ་རིན་པོ་ཆེ་ས་གསུམ་གྱི་འགྲོ་བ་མ་ལུས་པའི་ཀུན་རྨོངས་ཀྱི་སྨག་རུམ་མཐའ་དག་སེལ་(༦༠བ)


GLG020_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའི་སྒྲོན་མེ་ཡིན་ལ། ཐུབ་པའི་བསྟན་པའི་སློབ་དཔོན་དབྱིག་གཉེན་གྱིས། །སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་ལུང་རྟོགས་ཀྱི་ཆོས་གཉིས་སུ་གསུངས་པའི་ཐོག་མར་ལུང་གི་ཆོས་དཀོན་མཆོག་རྣམས་ཚུལ་བཞིན་ཐོས་བསམ་གྱིས་གཏན་ལ་ཕབ་པ་ལ་བརྟེན་ནས་མངོན་པར་རྟོགས་པའི་ཡོན་ཏན་གྱི་ཚོགས་རྒྱུད་ལ་སྐྱེ་བར་འགྱུར་བས་ན། །མདོ་སྡེ་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་ཐོས་བསམ་སྒོམ་གསུམ་ཕྱིན་ཅི་མ་ལོག་པ་ཞིག་བྱུང་ན་གནས་སྐབས་དང་མཐར་ཐུག་དོན་རྒྱ་ཆེན་པ་འགྲུབ་པའི་རྒྱུ་ཡིན་པས། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །བརྒྱ་བྱིན་ཚངས་པ་དེ་བཞིན་འཇིག་རྟེན་སྐྱོང་། །འཁོར་ལོས་སྒྱུར་དང་མི་ཡི་རྒྱལ་པོར་འགྱུར། །བདེ་དང་ཡང་བདེ་བྱང་ཆུབ་དེ་འཚང་རྒྱ། །ཞེས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་ལ། དེ་ལྟ་བུའི་འཇུག་བྱ་རྒྱལ་བའི་བསྟན་པ་ལ་འཇུག་བྱེད་ཀྱི་ཐབས་ཐེག་པ་ཆེ་ཆུང་གི་ཆོས་ཚུལ་མཐའ་ཀླས་ནའང་། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞིས་རྟེན་ལགས་པར་གསུངས། །ཞེས་ས་ཆེན་པོ་ལྟར་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་རག་ལུས་པར་གསུངས་ཤིང་། ཁྱད་པར་ཞྭ་སེར་ཅོད་པན་འཆང་པའི་སྡེ་མཐའ་དག་ཐམས་ཅད་མཁྱེན་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་ཕྱག་ལེན་ལྟར་མདོ་སྔགས་ཀྱི་སྡེ་གང་ཡིན་ཡང་འདུལ་ཁྲིམས་ལ་གཙོ་བོར་མཛད་པ་ཡིན་པས་འབའ་དགའ་ལྡན་(༦༡ན)


GLG020_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེ་གླིང་དུ་གྲགས་པའི་འདུས་སྡེ་འདིའི་ཁྲིམས་སུ་བཅའ་བའི་རིམ་པ་ལ། ཐོག་མར་གསར་བུ་བ་རྣམས་རབ་ཏུ་བྱུང་བའི་ལོ་ཚིགས་སླེབསས་མ་སླེབ་སོགས་བར་གཅོད་ཡོད་མེད་བརྟགས་ཏེ་འགལ་རྐྱེན་དང་མི་ལྡན་པ་རྣམས་ལ་ཆོས་གོས་གསུམ། ལྷུང་བཟེད། ཆུ་ཚགས། རྡུལ་བཟན་རྣམས་མ་མཐའ་བརྙན་པོ་ཚུན་གྱིས་ཚང་བར་བྱས་ཏེ་རབ་བྱུང་བསྒྲུབ། ཟླ་བ་གསུམ་མམ་ལྔ་ལས་མི་འགྱངས་པར་རུང་མཐུན་གྱི་གོས་སོགས་ཡོ་བྱད་རྣམས་རང་ཉིད་བདག་གིར་བྱར་རུང་བ་གཤོམ་པར་བྱེད། རབ་ཏུ་བྱུང་བ་དང་དེའི་རྟགས་དང་མི་ལྡན་པ་ཚོགས་སུ་མི་གཞུག །གཞན་དག་ནས་འོངས་པའི་གྲྭ་རྙིང་གི་རིས་འཇུག་པ་བྱུང་ན་གཡུང་བོ་དང་རྩ་བ་ཉམས་པ་ཡིན་མིན་བརྟག །བསྙེན་པར་རྫོགས་འདོད་རྣམས་ཀྱང་བར་མའི་སྐབས་བཞིན་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་ཡོད་མེད་བརྟག་པ་སོགས་ཀྱི་སྒོ་ནས་བསྒྲུབ། གནས་ཀྱི་སློབ་དཔོན་བསྟེན་ནས་རྣམ་འབྱེད་དང་འཕྲན་ཚེགས་བྱུང་བའི་བསླབ་བྱ་རག་རིམ་ཁོང་དུ་ཆུད་པར་བྱས་ཏེ་རབ་ཏུ་བྱུང་ནས་རིང་པོར་ལོན་པ་རྣམས་ཀྱིས་བསླབ་པ་གང་ལ་བསླབ་དང་མཚུངས་པར་སློབ། འོག་ནས་བྱུང་བའི་ཐོས་བསམ་བྱ་བར་འོས་པ་རྣམས་ཀྱང་བློ་ནུས་དང་བསྟུན་པའི་བསླབ་སྦྱང་ལ་བརྩོན་པར་བྱ། རྩ་བ་ལས་ཉམས་ན་གནས་ནས་དབྱུང་ཞིང་། ལྷག་མ་སོགས་དགེ་འདུན་དང་གང་ཟག་སོ་སོར་བཤགས་པ་གཞུང་བཞིན་བྱེད། ཡུལ་ཚན་སོགས་སྡེ་རིས་སུ་བཅད་དེ་དགེ་འདུན་གྱི་དབྱེན་ཆེན་པོ་བྱས་ན་སྟེ་པོ་སུ་ཡིན་དབྱུང་ཞིང་། གཞན་རྣམས་ལ་སྤྱི་ཐོག་ཏུ་མང་ཇ། ཚ་ར། ཐུག་དར་ལྕོག །སྙན་དར། བླ་མར་ཇ་ཁག་ཡས་གཙོས་པའི་བདུན་ཚན། སྣེ་མོ་བ་སོ་སོར་རྣམ་གཞག་གཏོང་། རེ་གཉིས་(༦༡བ)


GLG020_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཐབ་རྩོད་ཀྱི་་འགྲམ་ལྟ་བུ་བྱུང་ན་རྨསཆེ་ཆུང་ལ་དཔགས་པའི་གོང་གི་ཆད་པ་རིམ་འགྲོས། རྨ་སོགས་འཇལ་སྤྱོད་སོགས་ཚུལ་ལྡན་བསྒྲུབ། དེ་མིན་ལག་འཐབ་སོགས་ལ་དཀར་མེ་སྙན་དར། གྲྭ་ཇ་བརྒྱ་ཕྱག་སོགས་ཆེ་ཆུང་ཉེས་བྱས་དང་བསྟུན་པ་འགེལ། དགེ་འདུན་སྤྱིའི་རྫས་ལ་གང་ཟག་གིས་ལོངས་མི་སྤྱོད། སྤྱོད་པར་འོས་པའི་བྲེ་སྲང་སོགས་ཀྱང་སྤྱི་སར་སྐྱེལ། ཁེ་ཚོང་སོ་ནམ་ཞིང་ལས་བུན་སྐྱེད། དུད་འགྲོ་བསྲེལ་བ། རྒྱན་པོ་འགྱེད་པ། འདུས་ལ་བལྟ་བ་སོགས་སྤོང་། བླ་མས་བེར་ཟླམ། ཕྱིང་དམར། བསེ་ཞུ། རྩེ་ཞྭ། པཎ་དོམ་ལས་ལུང་མ་བསྟན་གྱི་ཞྭ་གོས་མི་གྱོན། གྲྭ་པ་རྣམས་ཀྱིས་རྩེ་ཞྭ་ཟླ་གམ་ཞེ་མཚུངས་ལས། པཎ་ཞྭ། པགས་ཞྭ། སྒོམ་ཞྭ། འབར་ཞྭ། སླེའུ། ཕྱིང་པ། གོས་དཀར་པོ། ཕུ་ཐུང་དང་། ཕུ་གུ་ཅན་གྱི་སྐ་རགས། ཕོར་ཤུབས། སྒོམ་ཐག །དྲ་ཕད། སུག་རྩ། ཟོམ་པ། པགས་ཐུལ་སོགས་ལ་མི་སྤྱོད་ཅིང་། སྤྱད་ན་དངོས་པོ་ངོ་བོ་འཕྲོག །གླིང་གསེབ་སྐད་རྒྱངས། ཀུ་ཅོ། མཆོངས། རྡོ་སྐོར། འུར་རྡོ་འཕེན་པ། ཞིང་སྔོ་ཐོག་ལམ་བྱེད་པ། མཐང་ཤམ། རྡུལ་གཟན་མེད་པར་ལམ་སྲང་དང་ཕྱི་རོལ་སོགས་སུ་མི་འགྲོ། ཚོགས་དང་ཆོས་རར་འདུ་བའི་ཚེ་དུང་དང་གཎྜི་འཁར་རྔའི་བརྡ་དང་བསྟུན་སྤྱོད་ལམ་བག་དང་ལྡན་པས་འདུ་ཞིང་བསླབ་གྲལ་སོགས་མ་འཁྲུག་པར་བྱེད། གཉིད་ལོག་པ། ལོང་གཏམ། བཞད་གད། རྩིག་པ་དང་ཀ་བར་སྙེ་བ་དང་། བཟའ་བཏུང་ལ་སྤྱོད་པའི་ཚེ་ཅག་ཅག །ཧུ་ཧུ། ལྕེ་བལྡག་པ་སོགས་སྤོང་། (༦༢ན)


GLG020_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པ། མཚམས་པ། སྤྱི་པའི་ལས་བྱེད་དུ་འཁོད་པ་མིན་ཕྱིན་ཚོགས་སུ་མ་ཡོངས་པར་སྐལ་པ་མ་སྟེར། ནང་མཆོད། སྨན་རྟ། མཁར་ལས་སོགས་དམིགས་བསལ་ལ་དགོས་པ་བྱུང་ན་མ་གཏོགས་ཆང་མི་ལེན། ནད་པ་ཉམ་ཆུང་གི་རིས་ལ་དགེ་འདུན་དཀོན་མཆོག་གི་རྫས་ཀྱི་སྟེང་ནས་རིམ་གྲོ་བྱེད། ནག་ཆེན་གྱི་སྲོག་སྐྱོབ་དང་། རྒྱང་གྲགས་གཅིག་ཚུན་གྱི་བྱ་རི་དྭགས་བསྲུང་བ་སོགས་མི་འཇིགས་པའི་སྦྱིན་པ་བྱིན། དབྱར་གནས་འགག་དབྱེ་གསོ་སྦྱོང་རྣམས་འཆག་མེད་དང་། ཚོགས་འདོན་གྱི་ཆོས་སྤྱོད་སྐོར་འབྲས་སྤུངས་ཚོགས་ཆེན་སོར་གནས་ཀྱི་སྟེང་སྨན་བླ་ཆེན་མོ་འཛུགས། མདོ་ཕྱོགས་ལ་ཤེས་འདོད་ཡོད་པ་དང་འཆར་སྒོ་ཡོང་བའི་གཞོན་གྲྭ་རྣམས་ལ་དབུ་ཕར་སོགས་ཀྱི་འཆད་ཉན་བྱེད། མཚན་ཉིད་པ་རྣམས་ཀྱིས་ཆོ་ག་བསྐང་བ་སོགས་ལ་མི་བལྟ། ཡོན་ཏན་གྱི་གཞི་ཐིངས་ནས་གྲྭ་ས་ཕན་ཚུན་དུ་པོ་ཏི་ཕྱི་མའི་སློབ་སྦྱང་ལ་གཏོང་། རྒན་གྲྭ་མདོ་ཕྱོགས་ལ་ཤེས་འདོད་ཆུང་བ་རྣམས་གསང་འདུས། འཇིགས་བྱེད། ཀུན་རིག་ཆེན་མོ། མི་འཁྲུགས་པ། མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ། དམག་ཟོར་མའི་བསྐང་བ་རྣམས་འཛིན་བཤར་བྱེད་ཅིང་། དེ་རྣམས་ཟུར་དུ་ཚོགས་པའི་ཚེས་བརྒྱད་ལ་མི་འཁྲུགས་པ། བཅོ་ལྔ་ལ་ཀུན་རིག །ཉེར་ལྔ་ལ་གསང་འདུས། ཉེར་དགུ་ལ་བསྐང་བ་བྱེད། གྲྭ་ཇ་ལ་ཐམས་ཅད་ལྷན་དུ་འཚོག་ཅིང་ཆོས་སྤྱོད་སྨན་བླ་སྡེབས་སུ་འདོན། ལྔ་མཆོད་སོགས་དུས་མཆོད་ཀྱི་རིས་གང་ཡོད་ལ་ལྷན་དུ་ཚོགས་ན་སྨན་བླ་དང་། མདོ་ཕྱོགས་མི་བྱེད་པ་རྣམས་ཟུར་དུ་འཚོག་ན་དེ་རྣམས་ཀྱིས་གསང་འདུས་མི་འཁྲུགས་པ་སོགས་གང་(༦༢བ)


GLG020_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རིས་གཏོང་། ཆོ་ག་བསྐང་གསོ་སོགས་ཀྱི་རྩི་ཞག་ཆོས་རར་བཏང་ཀྱང་འགལ་བ་མེད། ཆོས་ཐོགས་གི་དུས་གུང་ཚོགས་གྲོལ་ནས་ལམ་རིམ་ཆེ་ཆུང་། བཀའ་གདམས་གླེགས་བམ། བཀའ་གདམས་ཐོར་བུ། བློ་སྦྱོང་སོགས་སྤྱི་ཆོས་གྲྭ་པ་ཚང་མར་འཆད། སྔ་དྲོ་འབུམ་ཚར་རེ་སྒྲོག་པ་སོགས་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་ཀྱི་རྒྱུར་འགྲོ་བའི་འཁོར་ལོ་གསུམ་གྱི་རིམ་པ་རྣམས་བླ་མ་རྫོང་སྡོད་ལས་འཛིན་རྣམས་ཀྱིས་འབད་པས་བསྒྲུབ་པ་ནི་ལེགས་བྱས་རྒྱ་མཚོ་འཕེལ་བའི་གཞི་དམ་པའོ། །དེ་ལྟར་ཁྲིམས་སུ་བཅའ་བའི་ཟླ་ཟེར་གྱིས། །དགའ་ལྡན་ཕན་བདེ་གླིང་གི་ཀུནྡའི་ཚལ། །རབ་བཞད་ལེགས་བྱས་ཨུཏྤལ་བྱང་ཆུབ་ཆེའི། །རྣ་གོང་མཛེས་མིན་དེ་སྲིད་རྙིང་མེད་ཤོག །སེམས་ཅན་རྣམས་ཀྱི་མཐའ་དང་མཉམ་འཇུག་པ། །སྲས་བཅས་རྒྱལ་བའི་འཕྲིན་ལས་རྒྱུན་མི་ཆད། །གསར་པའི་མཐོ་རིས་ཆུ་བོས་བདག་གཞན་གྱི། །སྡིག་ཆོས་དྲི་མ་མ་ལུས་བཀྲུ་བར་ཤོག །ཕུན་ཚོགས་འདོད་འཇོ་ནོར་འཛིན་ཡངས་པའི་མངལ། །གསེར་སྦྱངས་ཅོད་པན་འབར་བའི་གཟི་བྱིན་གྱིས། །ལེགས་ཁྱབ་ཀུན་ཏུ་དགའ་བའི་ཟློས་གར་གཟུགས། །མངོན་སུམ་མཐོང་བའི་སྣང་བ་ཆེས་དཀར་ཤོག །ཅེས་འབའ་དགའ་ལྡན་ཕན་བདེ་གླིང་པའི་ཁྲིམས་སུ་བཅའ་བའི་རིམ་པ་བླང་དོར་གསལ་བའི་ཟླ་བར་གྲགས་པ་འདི་ནི་འབའ་ལྷུན་གྲུབ་རབ་བརྟན་གྱི་རྫོང་སྡོད་དར་རྒན་དཀའ་བཅུ་པས་བསྐུལ་བ་ལྟར་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་གྱིས་བགྱིས་པ་ཛ་ཡནྟུ། །སྣང་བ་རིག་པའི་རྩལ་དུ་ཤར་བའི་འཕྲུལ། །ཟིལ་གནོན་དབང་དྲག་གྲུབ་པའི་(༦༣ན)


GLG020_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་ཀྱི། །སེང་གེའི་རྒྱུད་ཀྱི་ང་རོའི་གཏམ་འདི་ལ། །སྣང་སྲིད་ལྷ་འདྲེ་མི་གསུམ་རྣ་བ་ལྷོག །ཆོས་སྐྱབས་ཐ་ཡང་ཆི་ཡི་མིང་འཛིན་པ། །ཚུལ་གནས་ཐོས་བསམ་སྒོམ་པར་བྱེད་པ་ལ། །བསམ་སྦྱོར་ངན་པའི་འཚེ་བ་རབ་སྤངས་ཏེ། །འདོད་དགུ་ཡིད་བཞིན་འགྲུབ་པའི་མཐུན་རྐྱེན་སྦྱོར། །འགལ་ཚེ་མ་རིག་འཁྲུལ་སྣང་སྡིག་པའི་གཟུགས། །གཏུམ་དྲག་རྔམས་པས་སྙིང་གི་ཁྲག་དྲོན་འཇིབ། །ལེགས་པར་བྱས་རྣམས་སྲིད་ཞིའི་ཕུན་ཚོགས་ལ། །སྤྱོད་བའི་བདེན་ཚིགས་བརྗོད་པར་ཡི་རང་བྱོས། །དགའ་ལྡན་ཡིད་དགའ་ཆོས་འཛིན་དང་མཚུངས་པ། །དམ་པའི་ཆོས་ཀྱི་སྐྱེད་མོས་ཚལ་ཆེན་པོ། །སྟག་ལུང་སྐུ་སྐྱེས་འབད་པས་ཉེར་བསྐྲུན་པའི། །རྨད་བྱུང་ཁྲིམས་ལྡན་འདུ་བའི་ཆོས་སྡེ་འདི། །ལེགས་ལྡན་ནག་པོ་དཔལ་ལྡན་ཕྱག་དྲུག་པ། །མ་ཧེའི་གདོང་ཅན་ལྷ་ཆེན་ཉི་མའི་བུར། །གཉེར་དུ་གཏད་ན་ཐོས་བསམ་སྒོམ་པ་དང་། །བྱ་བ་ལས་ཀྱི་འཁོར་ལོ་མ་ལུས་པ། །ཡར་ངོའི་ཟླ་བ་ལྟ་བུར་འཕེལ་བར་མཛོད། །ཅེས་ཧན་སྟག་ལུང་སྐུ་སྐྱེས་ཤ་སྦྲང་དུ་འདུས་སྡེ་གསར་དུ་བཙུགས་པའི་མིང་དང་ཆོས་སྐྱོང་ལ་གཉེར་གཏད་དགོས་ཚུལ་བྱུང་བ་ལྟར་དགོན་པའི་མིང་དགའ་ལྡན་སྐྱེད་ཚལ་དང་ཆོས་སྐྱོང་ཕྱག་དྲུག་པ་དང་ལས་གཤིན་ལ་གཉེར་དུ་གཏད་པའི་ཚིགས་བཅད་འདིའང་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ཆུ་གླང་དགའ་ལྡན་ཧུང་ཐའི་ཇིས་མི་མ་ཡིན་གྱི་འཚེ་བ་ལས་སྐྱོབ་པའི་སྲོང་ཡིག་ཅིག་དགོས་ཚུལ་བྱུང་བ་ལྟར་བྲིས་པ་དཀོན་ཅོག་མཐུ་སྦྱིན་ནོ། །ན་མོ་ཏྣ་ཏྲ་ཡཱ་ཡ། སླུ་མེད་མཆོག་གསུམ་ཐུགས་རྗེའི་བྱིན་རླབས་དང་། །ཆོས་ཉིད་གདོད་ནས་འགྱུར་བ་མེད་ཅིང་དག(༦༣བ)


GLG020_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

།ཆོས་ཅན་རྒྱུ་ལས་འབྲས་བུ་ལྷུན་གྲུབ་པའི། །རྟེན་ཅིང་འབྲེལ་པར་འབྱུང་བའི་མཐུ་ཆེན་པོས། །བསྟན་པའི་སྦྱིན་བདག་ས་ཆེན་རབ་སྐྱོང་འདིའི། །ལུས་ངག་ཡིད་གསུམ་ཚེ་སྲོག་སྟོབས་འབྱོར་ལ། །གནོད་ཅིང་འཚེ་བ་གླགས་ལྟའི་བསམ་པ་དང་། །སྦྱོར་བ་ངན་པ་མ་བྱེད་རཀྵ་ཡ། །རྩ་བརྒྱུད་བླ་མ་ཡི་དམ་ཆོས་སྲུང་གིས། །རྟག་ཏུ་བྱིན་རློབས་ལེགས་ཚོགས་ཡོན་ཏན་ཀུན། །ཡར་ངོའི་ཟླ་བ་ལྟ་བུར་རབ་འཕེལ་ཏེ། །བསམ་དོན་ནི་ཌཱ་བྷོ་ག་ཀུ་རུ་ཧོ། གུ་རུ་དེ་ཝཌཱཀི་ར་ཀྵི་ཏཻ་རེ་ཁཱདྷརཀཱཡ་ཝཀྩི་ཏྟབཛྲར་ཀྵ། །པར་མགུ་རུ་ཤྩཡ་མཱ་རི་དཻ་ཝི་རཱ་དྷི་ཥྛི་ཏེ་སྭཧཱ། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་གིས་གསུངས་པའི་གཤེད་གྱི་རྒྱུད་ལ་བརྟེན་ནས་མཁས་ཤིང་གྲུབ་བརྙེས་ལཱ་ལི་ཏ་དང་། བིརྦྦ་པ་དཔལ་འཛིན་སོགས་འཕགས་ཡུལ་གྱི་པཎ་གྲུབ། ར་སྐྱོ་མལ་ཞང་གཉོས་ཏེ་ཕྱོགས་འདིའི་སྲོལ་འབྱེད་འཇིག་རྟེན་གྱི་མིག་གཅིག་པུ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ཡབ་སྲས་སོགས་རྩ་རྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་བཀའ། བདུད་སྡེའི་གཤེད་དུ་འཇམ་དཔལ་དྲག་པོར་ཁྲོས་པས་འཇིགས་མཛད་རྡོ་རྗེའི་ལུང་། གོང་མའི་ལུང་གིས་དེའི་ཆིང་ཀྱིང་གང་ཞེས་སྲིད་ཞིའི་གཙུག་རྒྱན་དུ་དབང་བསྐུར་ཞིང་། འཁོར་འདས་ཕྱག་རྒྱ་ཟིལ་གནོན་འཇམ་དཔལ་དུས་དགྲའི་སྔགས་འཆང་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གཏམ། ཁམས་གསུམ་ན་མངོན་པར་རྒྱུ་བའི་གཟུགས་མེད་སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད། གཟུགས་ཅན་གྱི་སྐྱེ་དགུ་སྤྱི་དང་། བྱེ་བྲག་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་ཁྲི་སྐོར་བཅུ་གསུམ། སྨད་མདོ་ཁམས་ཀྱི་འཛིན་མར་འཁོད་པའི་ལྷ་སྡེ་མི་སྡེ་བླ་མ་ཆེ་ཕྲ། ས་སྐྱོང་བའི་མིའི་རྗེ་(༦༤ན)


GLG020_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བོ། དཔོན་ཆེན། དཔོན་སྐྱ། རྫོང་སྡོད། གཉེར་ལས་འཛིན། དམག་ཨར་ཇག་གི་འགྲིམ་འགྲུལ། ཀོ་གྲུ་ལྕགས་གསུམ་གྱི་མཉན་གཉེར། ལམ་འཕྲང་སྲུང་མི་སོགས་མཆོག་དམན་བར་པའི་སྐྱེ་དགུ་མཐའ་དག་ལ་སྤྲིངས་པ། མ་བྱོན་སངས་རྒྱས་གསུམ་པ་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་དང་གསང་ཆེན་རྙིང་མའི་སྔགས་ཆང་གོས་དཀར་ལྕང་ལོའི་ཕྲེང་ཅན་མཐུ་ཆེན་གཡུང་སྟན་རྡོ་རྗེ་དཔལ་བ་གཉིས་ཀྱིས་ཡོས་ལོ་ཧོར་ཟླ་བཅུ་གཉིས་པའི་ནང་དུ་འཆི་བདག་གཤིན་རྗེའི་གྲོང་ཁྱེར་ཐོད་པ་ལྕགས་ཀྱི་ཁང་པ་ནས་ལས་ཀྱི་གཤིན་རྗེ་འཁོར་སྡེ་བརྒྱད་དྲེགས་པའི་དམག་ཚོགས་དང་བཅས་པ། མངོན་འབྱོར་ཆོས་སུ་ཞུགས་པའི་སྟང་སྟོབས་དང་། ངོ་བོ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱིས་བཀུག་པའི་ཆོས་སྲུང་སོགས་སྐྱེ་ཕལ་གྱི་མིག་གི་ཡུལ་དུ་མ་གྱུར་པས་གཞི་བར་སྣང་གི་ཁྱོན་གང་བ་སྤྱན་དྲངས་ཏེ། དམ་རྫས་གཏོར་མའི་རི་བོ་དང་། དམར་ཆེན་ཁྲག་གི་རྒྱ་མཚོ་བསྐྱིལ་བ་སོགས། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་ཅིང་ཐུགས་དམ་བསྐང་། སྤྱི་བོར་རྡོ་རྗེ་བཞག །ལྕེ་ཐོག་ཏུ་ཨ་མྲི་ཏ་བླུག་སྟེ་བསྟན་འགྲོའི་ཕན་བདེ་འཇོམས་པའི་དགྲ་བགེགས་ཚར་གཅོད་པའི་དམ་ཚིག་བསྒྲགས་ཤིང་འཕྲིན་ལས་གཉེར་དུ་གཏད། དབྱུ་གུ་དྲུག་ཅུ་རྩ་བཞི་དང་འབྲེལ་བའི་དམར་ཆེན་གཏོར་མ་འཕེན་པའི་སྲོལ་གཏོད་པར་མཛད་པའི་རྒྱུན་དིང་སང་གི་བར་དུ་མ་ཉམས་པར་འདུག་པ་ནས། རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ཧོར་ཟླ་བཅུ་གཅིག་པའི་ནང་དུ་མ་ཧེའི་མཆོད་པ་འཛུགས་རྒྱུར་སྐྱེ་དགུ་རྣམས་ངོ་མཚར་གྱི་ལྟད་མོའི་དགའ་སྟོན་དང་། ལྷ་སྲིན་སྡེ་བརྒྱད་རྣམས་དགྲ་བགེགས་ཀྱི་ཤ་ཁྲག་ཚོགས་སུ་རོལ་པའི་མགྲོན་ལ་ཤོག་ཅིག་བརྡ་འགྲེམས་པ་རླུང་སེམས་ལ་ནང་བྱན་ཆུད་པའི་རྣལ་འབྱོར་བརྟུལ་ཞུགས་སྤྱོད་པ་འདི་(༦༤བ)
བཞིན་སོང་བ། ཁྱོད་གོང་འཁོད་རྣམས་ཀྱིས་གཞི་ལམ་བྱེས་གསུམ་ཐམས་ཅད་དུ་ཞག་བབས་སུ་གནས་མལ་གཏོང་ཞིང་བཟའ་བཏུང་མཁོ་དགུའི་ལོངས་སྤྱོད་ཀྱིས་བསྟེན་པ་དང་། ཀོ་གྲུའི་གཉེན་པས་ཀྱང་འཕྲལ་སྒྲོལ་གྱིས། གལ་ཏེ་གནོད་འགལ་དུ་འགྲོ་བ་བྱུང་ན་ཡུལ་གྲུའི་དཔོན་ཆེ་ཆུང་དང་། རྫོང་སྡོད་སོ་སོའི་ཁྲིམས་ཀྱི་བདའ་དེད་བཏང་ན་མི་འཇིགས་སམ། གོ་བར་བྱེད་པའི་ཡི་གེ་ཤིང་སྟག་སྨིན་དྲུག་ཟླ་བའི་གྲལ་ཚེས་དགེ་བར་གཙུག་ལག་ལུགས་བརྒྱའི་འདུན་ས་ཕོ་བྲང་ཆེན་པོ་པོ་ཏ་ལ་ནས་བྲིས་སོ། །

ལྷ་ས་སྨོན་ལམ་ཆེན་མོའི་ཚེ་དགེ་འདུན་རྣམས་ཀྱི་ཁྲིམས་སུ་བཅའ་བའི་རིམ་པ་སོགས།


GLG020_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པུ རྦ ཏྭ བུ དྡྷོ ཏྤ ད ཛ མྦུ དཱ རོ ྉྥ ལ དྭི གཱ ཎ སྱ ས རོ ཏྨ པཱ ཀྱཿ སྔོན་གོམས་ཐུགས་བསྐྱེད་འཛམ་བུའི་ཤིང་གི་འབྲས། །ཚོགས་གཉིས་ཆུ་གཏེར་ཀློང་དུ་ཡོངས་སྨིན་པའི། །ནེ མི ཏྟྱ དཱ ཧཱ ར ར མ ཉྫུ རི མྦྷུ རི ཤྱོ མུ ནེ མ ངྒ ལ མཱུ ཁ བྷ ངཿ མཚན་དཔེ་གསེར་གྱི་སྙེ་མ་གཡུར་ཟ་མཁན། །ཟས་གཙང་སྲས་ཀྱི་བཀྲ་ཤིས་སྒོ་འཕར་ཕྱེ། །ལུང་རྟོགས་ཐེག་(༦༥ན)


GLG020_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་མཆོག་མར་ཆགས་པའི་གདོང་། །རིག་བྱེད་ཆོས་ཕུང་བརྗོད་པ་རྣམ་དག་ཁུངས། །སྔོན་མེད་དགའ་བ་བརྒྱ་བ་བཙོང་ཁ་པའི། །ཞབས་སེན་ཟླ་བ་གཙུག་ཏོར་རྩེ་མོར་ཚེས། ཤཱཀ་སེང་རྒྱུད་སྒྲས་མུ་སྟེགས་རི་དྭགས་ཀླད། །འགེམས་པའི་མཉན་ཡོད་དུས་སྟོན་འཕགས་ཡུལ་དངོས། །ཡོངས་འཕོས་འཇམ་དཔལ་སྙིང་པོའི་མཛད་ཆེན་རྗེས། །འཇུག་རྣམས་བླང་དོར་མེ་ལོང་འདི་ལ་གཟིགས། །དེའང་སྒྲོན་མའི་བསྐལ་པ་བཟང་པོ་འདི་ལ་འོ་སྐོལ་གྱི་སྟོན་པ་ས་གསུམ་གྱི་སྒྲོན་མེ་གཅིག་པུ་པ་རྣམ་འདྲེན་བུ་རམ་ཤིང་པའི་བསྟན་པ་རིན་པོ་ཆེ་ནི། སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐངས་འགའ་འབྱུང་། །ཞེས་དངོས་བསྟན་མུན་པ་དང་གློག་མི་ཁོམ་པ་དང་དལ་འབྱོར་གྱི་དཔེར་བཟུང་ནས་བརྒྱ་ལམ་ཙམ་དུ་རྙེད་དཀའ་བའི་དལ་འབྱོར་གྱི་རྟེན་བསོད་ནམས་ཀྱི་འབྲས་བུ་སངས་རྒྱས་ཀྱི་མཐུ་ལ་བརྟེན་ནས་ཐངས་འགའ་རེ་ཙམ་འབྱུང་བར་བཤད་པའི་ཤུགས་ལ་མུན་པའི་སྨག་ཆེན་པོའི་ནང་དུ་གློག་འཁྱུག་པ་སྲིད་པ་བཞིན་དུ་མུན་བསྐལ་མཐའ་ཀླས་པའི་བར་མཚམས་སུ་སྒྲོན་མེའི་བསྐལ་པ་ལ་དེ་བཞིན་གཤེགས་པ་བྱོན་པའི་བསྟན་པ་རིན་པོ་ཆེ་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་རྨད་པོ་ཆེ་ཡིན་པ་ནི། བདེ་བར་གཤེགས་པའི་གསུང་རབ་ལས་བྱུང་བའི་དཀར་ནག་གི་ལས་འབྲས་ཇི་བཞིན་བསམས་པའི་བླང་དོར་ལ་བརྟེན་ནས་འདི་ཕྱི་ཀུན་གྱི་བདེ་སྐྱིད་དཔྱིད་ཀ་ས་བོན་གང་བཏབ་ཀྱི་འབྲས་བུ་སྟོན་གྱི་དུས་སུ་མི་འཚོལ་བར་འབྱུང་བའི་ཕྱིར། དབུ་མ་(༦༥བ)


GLG020_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་ལ། དེ་ཡང་། སངས་རྒྱས་ཕལ་པོ་ཆེ་ལས་འདྲེན་པ་ལ་ནི་མཐར་ཐུག་མེད། །དེ་དག་སྐུ་ནི་གཅིག་ཏུ་སྣང་། །སྐུ་གཉིས་དེ་དག་བསམ་མི་ཁྱབ། །འཇིག་རྟེན་ཁམས་སུ་སྣང་གྱུར་ཀྱང་། །སྐུ་ལ་གཉིས་སུ་གྱུར་པ་མེད། །ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་འགྱུར་ཡང་། །ཟླ་བ་གཉིས་སུ་གྱུར་པ་མེད། །ཅེས་བདེ་བར་གཤེགས་པ་རྣམས་ཀྱི་འགྲོ་བའི་དབང་པོ་དང་འཚམ་པར་སྐུ་གསུང་ཐུགས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཞིག་སྟོན་པས་ན་འདྲེན་པ་ཉི་མའི་གཉེན་ནི་ངེས་པའི་དོན་དུ་འོག་མིན་སྟུག་པོ་བཀོད་པར་སངས་རྒྱས་ཟིན་ཀྱང་འཛམ་བུའི་གླིང་དུ་མཆོག་གི་སྤྲུལ་པའི་སྐུའི་སྣང་བརྙན་བཟུང་བའི་འགྲོ་བློའི་དྭངས་མཚོར་ཟླ་གཟུགས་བཞིན་ཤར་བ་ཐེག་པ་ཆེ་ཆུང་གི་བཤད་ཚུལ་མཐའ་ཀླས་ཤིང་། བྱེ་བྲག་མཉན་ཡོད་དུ་སྟོན་པ་དྲུག་སོགས་བཏུལ་བའི་ཆོ་འཕྲུལ་གྱི་མཆོད་པ་ཡང་མདོ་སྡེ་མཛངས་བླུན་སོགས་སུ་ཚེས་གཅིག་ནས་བཅོ་ལྔའི་བར་དུ་བསྟན་པ་དང་འདུལ་བ་ལུང་དུ་ཚེས་བརྒྱད་ཀྱི་ཆོ་འཕྲུལ་ལས་ཉི་མ་གཞན་རྣམས་མི་གསལ་ཞིང་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་དུའང་ཐེག་དམན་གྱི་རྗེས་སུ་འབྲངས་པའི་བཤད་ཚུལ་བྱུང་ནའང་དོན་ཆོ་འཕྲུལ་གྱི་མཛད་པ་བསྟན་པར་མཚུངས་ཤིང་འཕགས་ཡུལ་དུ་དར་བའི་རྒྱུན་བཟང་པོ་གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་ལྗོངས་འདིར་སོ་སོའི་བསྟི་གནས་སུ་དུས་མཆོད་མཛད་པ་མང་དག་བྱུང་མོད། གཙོ་བོར། འཇམ་དཔལ་རྩ་བའི་རྒྱུད་ལས། དེ་བཞིན་གཤེགས་(༦༦ན)


GLG020_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བཱི་རྣམས་རིགས་སུ་འབྱུང་། །དེ་ཡང་སྔགས་ཀྱི་དོན་སྒྲུབ་སྟེ། །ལོངས་སྤྱོད་ཆེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །མི་ཡི་བདག་པོས་དེ་ཡང་འགྲུབ། །ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱ། །དེས་ན་རྐུན་མ་རྣམས་པར་སྤངས། །རྒྱལ་པོ་དེས་ནི་སྲོག་སྤངས་ནས། །དེ་ཡང་སྔགས་ནི་མྱུར་འགྲུབ་སྟེ། །ཞི་དང་རྒྱས་དང་བསིལ་བྱེད་པའི། །འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་མོ་དང་ནི། །དཀར་མོ་ཆེན་མོ་གཞན་ཕན་བཙོན། །རྟག་ཏུ་ཡིད་ནི་མི་སྐྱོ་བའོ། །དེ་ལ་སོགས་པ་གསུངས་པ་ཡི། །དེ་བཞིན་རྒྱལ་པོ་མང་པོ་ནི། །རྣམ་པ་དུ་མ་མང་པོ་དག །ཁ་དོག་སྣ་ཚོགས་སྣ་ཚོགས་གཟུགས། །ཁ་བ་ཅན་ན་ཀླ་ཀློའི་རྒྱལ། །དེ་ཡང་སྟོན་པ་མཆོད་བྱེད་པའོ། །ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང་། །ས་འོད་དེ་བཞིན་ས་འོད་བཟང་། །དེ་བཞིན་ཕ་རོལ་གནོན་ཉིད་དང་། །རྐང་པའི་འགྲོས་ཤེས་ལྡན་པ་ཡིན། །ས་སྲུངས་དང་ནི་བེའུ་དང་། །འོད་ལྡན་ཉིད་ནི་ཕྱི་མ་ཡིན། །ཐ་མར་འཆར་རྒྱལ་ངང་ཚུལ་ཏེ། །ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན། །དེ་འོག་ལུགས་ནི་རྣམ་ཞིག་ཅིང་། །ཕྱི་རོལ་སྐྱེ་དགུས་ཉེ་བར་སྤྱོད། །ཅེས་བསྟན་པའི་ནང་ཚན་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ལྷ་མོ་རྣམ་གསུམ་གྱི་སྤྲུལ་པ་ཁྲི་བཙུན། ཀོང་ཇོ། འབྲི་(༦༦བ)


GLG020_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་ཐོད་དཀར་རྣམས་གཏང་དཔྱལ་གྱི་ཚུལ་བཟུང་ཞིང་བཙུན་མོ་སྔ་མ་གཉིས་ཀྱི་སངས་རྒྱས་དངོས་དང་དབྱེར་མ་མཆིས་པའི་ཇོ་ཤཱཀྱ་རྣམ་གཉིས་སོགས་གདན་དྲངས། རྒྱལ་པོ་ཡབ་ཡུམ་གསུམ་གྱིས་ཕོ་བྲང་མ་རུར་སྒྲུབ་པ་མཛད་པའི་ཚེ་རིགས་གསུམ་མགོན་པོའི་ལུང་བསྟན་བཞིན་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་ལྷ་ཁང་རྣམས་བོད་སྲིན་མོ་གན་རྐྱལ་དུ་བསྒྱེལ་བ་འདྲ་བའི་སའི་མེ་བཙའ་གནོན་པའི་ཚུལ་དུ་བཞེངས་པའི་མཐར་འཕྲུལ་སྣང་དང་ར་མོ་ཆེའི་གཙུག་ལག་ཁང་ལེགས་པར་བསྐྲུན་ནས་བསྟན་པའི་རིན་པོ་ཆེ་སྲོལ་བཏོད་པར་མཛད་པའི་གཞི་མ་རྟེན་དང་བརྟེན་པའི་འཁོར་ལོ་སྲིད་པ་གསུམ་ན་ཟླ་མ་མཆིས་པ་འདི་ཉིད་དུ་ཆོ་འཕྲུལ་གྱི་མཆོད་པའི་སྲོལ་བཏོད་ཅིང་ཉམས་པ་མེད་པར་གནས་པའི་མཛད་པ་པོ་ནི། རྒྱལ་རབས་བཀའ་ཁོལ་མར། དེ་ནས་ཁྱད་པར་བསྙེན་བཀུར་ཆེར་མཛད་པ། །དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པ། །གསང་སྔགས་འཆང་ཞིང་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་ཅན་སྐྱེས་ཆེན་དམ་པས་ནི། །ཞལ་ཡང་བསྒྱུར་ཞིང་བསྙེན་བཀུར་དམ་པ་མཛད། །དེ་ལ་བསྙེན་བཀུར་ཆེར་བྱེད་དེ་དག་ནི། །འཕགས་པའི་གང་ཟག་དགེ་སྦྱོང་ཤ་སྟག་གོ །ཞེས་ཤར་ཕྱོགས་བཙོང་ཁའི་ཡུལ་དུ་སྐུ་བལྟམས་ཤིང་དགེ་སློང་གི་རྟེན་ལ་ངེས་གསང་རྡོ་རྗེ་ཐེག་པའི་རྟོགས་པ་མངོན་དུ་གྱུར་པ་འཇམ་དཔལ་སྙིང་པོའི་མཚན་དང་ལྡན་པ་གང་དེས་འོག་མིན་ཞིང་གི་གཙོ་བོ་ལོངས་སྤྱོད་རྫོགས་པའི་སྐུ་ངེས་པ་ལྔ་དང་ལྡན་པའི་རྟེན་འབྲེལ་གྱིས་གསེར་གྱི་ཤཱཀྱ་མུ་ནི་ལ་རིན་པོ་ཆེའི་དབུ་རྒྱན་སྒྲོན་ཏེ་ལོངས་སྐུའི་རྣམ་པར་ཞལ་བསྒྱུར་ཞིང་སྲི་ཞུ་རྒྱ་ཆེར་མཛད་པ་ལུང་དོན་དང་ཤིན་ཏུ་འབྱོར་བའི་ཕྱིར་རྗེ་བདག་ཉིད་ཆེན་པོའི་མཛད་ཆེན་བཞིའི་ནང་ཚན་ལྷ་སའི་སྨོན་ལམ་ཆེན་མོར་གྲགས་པ། (༦༧ན)


GLG020_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་དགུང་ལོ་ང་གསུམ་པ་ས་མོ་གླང་གི་ལོའི་ཚེས་གཅིག་ནས་བཅོ་ལྔའི་བར་ལྷ་མཆོད་མི་མཆོད་ཤིན་ཏུ་རྒྱ་ཆེ་བ་དངོས་བཤམས་ཡིད་སྤྲུལ་གྱི་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བ་ཡིད་ཅན་རྣམས་ཀྱི་བློའི་ར་བ་ལས་འགོང་བར་མཛད། གཙོ་བོར་རྗེ་བཙུན་ཉིད་ནམ་མཁའ་མཛོད་ལ་མངའ་བརྙེས་པའི་འཕྲིན་ལས་ཀྱི་ཆ་ཤས་ལས་བྱུང་བ་ཡིན་མོད། གནས་སྐབས་ཀྱི་བྱེད་རྐྱེན་སྡེ་སྲིད་ཕག་མོ་གྲུ་པ་གོང་མ་ཆོས་རྒྱལ་ཆེན་པོ་ཀྭ་ཏིང་ཏའི་གུ་ཤྲི་ཧོ་ཝང་གི་ལུང་ལ་བརྟེན་ནས་སྣེའུ་རྫོང་པ་ནང་སོ་ནམ་མཁའ་བཟང་པོས་སྦྱིན་བདག་གི་མཐིལ་མཛད་ཅིང་དེ་རྗེས་མེ་ཕོ་སྤྲེའུའི་ལོ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་དང་སྣེའུ་རྫོང་པ་ཡོན་མཆོད་བཀའ་བགྲོས་ཏེ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་བཏབ། དེ་ནས་བཟུང་རྗེ་བདག་ཉིད་ཆེན་པོས་བཀའ་གནང་བ་དང་། སྣེའུ་རྫོང་པ་དུ་དབེན་ཤ་ནམ་མཁའ་བཟང་པོའི་བཞེད་པ་སྐོང་སླད། ལྷ་ས་སྨོན་ལམ་ཆེན་མོའི་མཁན་པོས་ཐོག་དྲངས། ཞལ་ཏ་དང་ཆབ་རིལ་བས་མཐའ་བརྟེན་པ་ཡན་འབྲས་སྤུངས་པས་མཛད། ཚོགས་པ་སེར་འབྲས་གཉིས་གཙོ་བོར་གྱུར་པའི་མདོར་ན་རབ་བྱུང་གི་རྟགས་ཆ་ལུགས་དང་ལྡན་ཕྱིན་རིས་སུ་མ་ཆད་པའི་ཕྱོགས་བཞིའི་དགེ་འདུན་འདུ་བར་རྒྱལ་བ་གཉིས་པའི་ཕྱག་ལེན་ལྟར། དེ་བཞིན་གཤེགས་པ་ལ་དད་པ་མང་བ་རྣམས་གསར་དུ་དད་པ་དང་། དད་པ་དང་ལྡན་པ་རྣམས་ལའང་སླར་གསོས་བཏབ་པའི་ཆེད་དུ། སྔ་དྲོ་སྙན་ངག་མཁན་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་དཔའ་བོས་མཛད་པའི་འཁྲུངས་རབས་སོ་བཞི་པའི་ཆོས་ཐུན་རེ་དང་། དགོངས་མོ་སྲས་བཅས་རྒྱལ་བ་སློབ་མར་བཅས་པ་རྣམས་མོས་པ་(༦༧བ)


GLG020_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདེན་པའི་མཐུ་ལས། མཁའ་ཁྱབ་ཏུ་སྤྱན་དྲངས་པར་མཆོད་པ་དང་མཇུག་བསྔོ་སྨོན་གྱིས་མཐའ་བརྟེན། གདན་གུང་སྐྱེ་དགུའི་ཚོགས་གསོག་གི་དུས་ཀུན་ཏུ་བཟང་པོའི་སྨོན་ལམ་སོགས་ཆོས་སྤྱོད་ཀྱི་རིམ་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་དབྱར་མཚོ་ལྟར་སྤེལ་བའི་རྣམ་དཀར་གྱི་ལས་རླབས་པོ་ཆེ་བསྐྲུན་པ་ནི། སངས་རྒྱས་ཕལ་པོ་ཆེ་ལས། སྐྱེས་བུ་ལ་ལས་རྡོ་རྗེ་ཟོས་གྱུར་དེ་ལ་ནི། །ཞུ་བར་མི་འགྱུར་གདོན་མི་ཟ་བར་ཕྱིར་འབྱུང་འགྱུར། །དེ་བཞིན་སྟོབས་བཅུ་རྣམས་ལ་མཆོད་བྱས་བསོད་ནམས་ཀྱི། །ཡེ་ཤེས་རྡོ་རྗེས་ཉོན་མོངས་མ་ལུས་འཇོམས་པར་འགྱུར། །ཙྭ་སྐམ་སྤུངས་པ་རི་བོའི་མཆོག་ཙམ་ཡོད་གྱུར་ཀྱང་། །མེ་མདག་ཡུངས་འབྲུ་ཙམ་གྱིས་དེ་ནི་ཚིག་འགྱུར་ཏེ། །དེ་བཞིན་བདེ་གཤེགས་མཆོད་པ་ཅུང་ཟད་ཅིག་བྱས་ཀྱང་། །ཉོན་མོངས་ཐམས་ཅད་ཚིག་བྱེད་མྱ་ངན་འདས་རྒྱུར་འགྱུར། །རི་བོ་ཁ་བ་ཅན་ལ་མཐོང་ལེགས་སྨན་ཡོད་དེ། །མཐོང་ཞིང་ཐོས་པས་ནད་རྣམས་ཐམས་ཅད་ཞི་བར་བྱེད། །དེ་བཞིན་སྟོབས་བཅུ་རྣམས་ནི་མཐོང་ངམ་ཐོས་གྱུར་ཀྱང་། །ཡོན་ཏན་ཀུན་ལྡན་སངས་རྒྱས་ཡེ་ཤེས་འཐོབ་པར་འགྱུར། །ཞེས་ཕན་ཡོན་མཐའ་ཀླས་ཤིང་། དགེ་བའི་རྩ་བ་རྒྱ་ཆེན་པོ་བསྐྲུན་པ་དེ་ཙམ་དུ་མ་ཟད་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་དམིགས་ཏེ་མེ་ཏོག་ཙམ་གཏོར་བ་དང་། སྲི་ཞུར་བྱ་བ་ཅུང་ཟད་བགྱིས་པའང་བསོད་ནམས་ཀྱི་ཚོགས་གཞལ་དུ་མེད་པ་ནི། ལུང་གཞི་ལས། གང་ཞིག་རབ་དང་སེམས་ཀྱིས་སངས་རྒྱས་ཀྱི། །མཆོད་རྟེན་མེ་ཏོག་སིལ་མ་སྤུངས་པས་འཐོར། །འཛམ་བུ་ཆུ་བོའི་གསེར་ཕྱེ་བྲེ་བོ་ནི། །སྟོང་ཕྲག་བརྒྱ་ལ་དེ་དང་མཉམ་པ་མིན། །ཞེས་དང་(༦༨ན)


GLG020_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་གང་ཞིག་རབ་ཏུ་སེམས་དད་པས། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །འཛམ་བུ་ཆུ་བོའི་གསེར་གྱི་ཚད་སྲང་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །གང་ཞིག་རབ་དང་སེམས་ཀྱིས་སངས་རྒྱས་ཀྱི། །མཆོད་རྟེན་ལ་ནི་འཇིམ་གོང་འཇོག་བྱེད་ན། །འཛམ་བུ་ཆུ་བོའི་གསེར་གྱི་གོང་བུ་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་དང་། སྙིང་རྗེ་པད་དཀར་ལས། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རབ་ཏུ་བྱུང་བའམ། ཁྱིམ་ན་གནས་པ་གང་དག་ཁ་ཅིག་ཐ་ན་རིང་བསྲེལ་ཡུངས་འབུ་ཙམ་ལ་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ན། ཀུན་དགའ་བོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་ཡོངས་སུ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཞེས་བསོད་ནམས་ཀྱི་ཕུང་པོའི་ཚད་གཟུང་བར་དཀའ་བའི་ངང་ཚུལ་དེ་ལ་འཇུག་བྱར་ཡོད་པ་ནི། ཚེ་རབས་མང་པོར་གོམས་པའི་ལེགས་བྱས་ཀྱི་འབྲས་བུ་ཡོངས་སུ་དུད་པའི་བཟང་པོའི་སྐལ་བ་ཅན་ཡིན་ལ། ཚོགས་ཀྱི་ཞིང་དམ་པ་ནི། ལུང་གཞི་ལས། དགེ་སློང་དག་དགེ་འདུན་ནི་ལྔ་པོ་འདི་དག་ཡིན་ཏེ། ལྔ་གང་ཞེན། ངོ་ཚ་མེད་པའི་དགེ་འདུན་དང་། ལུག་ལྟར་ལྐུགས་པའི་དགེ་འདུན་དང་། ཚོགས་ཀྱི་དགེ་འདུན་དང་། ཀུན་རྫོབ་ཀྱི་དགེ་འདུན་དང་། དོན་དམ་པའི་དགེ་འདུན་ནོ། །ཞེས་སྔར་བཤད་པའི་ནང་ནས་སློབ་པ་དང་མི་སློབ་པའི་དོན་དམ་པའི་དགེ་འདུན་དང་། ཕལ་ཆེར་ཀུན་རྫོབ་སོ་སྐྱེའི་དགེ་འདུན་ཡིན་པའི་ཕྱིར། མདོ་སྡེ་ཉི་མའི་སྙིང་པོ་ལས། གལ་ཏེ་དགེ་(༦༨བ)


GLG020_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སློང་ཆོས་ཀྱི་ས་གནས་པ་ཚུལ་ཁྲིམས་ཡོངས་སུ་དག་པ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པ་དགེ་སློང་ལྔ་ཡང་འདུན། རྒྱལ་པོ་ཆེན་པོ་དགེ་སློང་གི་དགེ་འདུན་དེ་ནི་ཆོས་ཚད་མེད་པ་དང་ལྡན་པ་ཡིན་ཅིང་སྦྱིན་གནས་ཆེན་པོ་དང་། ལྷ་དང་མི་ཐམས་ཅད་ཀྱི་མཆོད་པར་འོས་པར་འགྱུར་རོ། །ཞེས་མཆོད་གནས་ཀྱི་ཡུལ་དམ་པར་གྱུར་པ་དེ་དག་གི་སྤྱོད་ཚུལ་ཀྱང་བག་མེད་པར་གྱུར་ན། ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པ་ལས། ས་ཡི་བདག་པོ་རྟག་ཏུ་བག་ཡོད་མཛོད། །བག་མེད་སེམས་ཅན་དམྱལ་བའི་གཡངས་སར་བོར། །བག་མེད་སྤྱོད་པ་སེམས་ཅན་དམྱལ་བར་མཆི། །ཞེས་གསུངས་ཤིང་། དེའི་ལྡོག་ཕྱོགས་ནི། ལུང་ཕྲན་ཚེགས་ལས། གང་བག་ཡོད་པར་བྱོས་ཤིག །ཅེས་ཟེར་བ་བག་ཡོད་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །ཞེས་བཤད་པའི་བག་ཡོད་པ་ནི། འཕགས་པ་ཐོགས་མེད་ཀྱིས། བག་ཡོད་པ་གང་ཞེ་ན། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་བཅས་པ་ལ་གནས་ནས་གང་དགེ་བའི་ཆོས་རྣམས་བསྒོམ་པ་དང་ཟག་པ་དང་བཅས་པའི་ཆོས་རྣམས་ལ་སེམས་བསྲུང་བ་སྟེ། ཞེས་བཤད་པས་སྤང་གཉེན་ལ་བླང་དོར་ཕྱིན་ཅི་མ་ལོག་པ་བྱེད་པའི་གཟོབ་པས་ལྷུར་ལེན་པ་ནི་བག་ཡོད་པ་སྟེ། དེས་སྒྲུབས་ཤིག །སོ་སོ་ཐར་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ། དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་ཐོབ་བོ། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། བག་ཡོད་བདུད་(༦༩ན)


GLG020_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་གནས་ཏེ་བག་མེད་པ། འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏོ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་ལས་རྟག་ཏུ་བག་དང་ལྡན་པར་མཛོད། །ཅེས་འཁོར་རྣམ་པ་བཞིའི་རྩ་བ་བག་ཡོད་ལ་རགས་ལུས་ཤིང་བྱེ་བྲག་ཏུ། རྒན་རིམ་ལ་བསྙེན་བཀུར་དགོས་ཏེ། ལུང་གཞི་ལས། བདག་ཅག་གི་ནང་ན་སུ་རྒན་དེ་ནས་གོང་མ་སྲེག་གིས་ཤིང་ནྱ་གྲོ་དྷ་ཞིག་བསྟན་ནས། ཤེས་ལྡན་དག་སུས་ཤིང་ནྱ་གྲོ་དྷ་འདིའི་ཚད་ཇི་ཙམ་པ་མཐོང་། གླང་པོ་ཆེས་སྨྲས་པ། ཁོ་བོ་ཁྱུ་དང་ལྷན་ཅིག་ལམ་འདི་ནས་འགྲོ་བ་ན་འདིའི་ཁོ་བོའི་ལུས་དང་མཉམ་པ་ཁོ་ན་མཐོང་ངོ་། །སྤྲེའུས་སྨྲས་པ། ཁོ་བོ་ཁྱུ་དང་ལྷན་ཅིག་ལམ་འདི་ནས་འགྲོ་བ་ན་འདིའི་སྲིད་ཁོ་བོ་དང་མཉམ་པ་ཁོ་ན་མཐོང་ངོ་། །དེ་དག་གིས་སྨྲས་པ། དེ་བས་ཁྱོད་རྒན་ནོ། །རི་བོང་གིས་སྨྲས་པ། ཁོ་བོས་འདིའི་ལོ་མ་གཉིས་སྐྱེས་པ་ན་ལོ་མའི་ཟིལ་པའི་ཐིགས་པ་ལྕེས་བལྡགས་སོ། །དེ་དག་གིས་སྨྲས་པ། འདི་དག་པས་ཀྱང་ཁྱོད་རྒན་ནོ། །གོང་མ་སྲེག་གིས་སྨྲས་པ། ཁྱེད་ཅག་གི་ཤིང་ནྱ་གྲོ་དྷའི་ཚད་ཆེན་པོའི་རྣམ་པ་འདི་མཐོང་ངམ་དེ་རྣམས་ཀྱིས་སྨྲས་པ། འདི་མཐོང་ངོ་། །ཁོ་བོས་ས་བོན་རྣམས་ཟོས་ནས་ཕྱོགས་འདིར་སྟུག་པ་བོར་བ་དེ་ལས་སྐྱེས་པ་ནི་འདི་ཡིན་ནོ། །དེ་རྣམས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟར་ན་བདག་ཅག་ཐམས་ཅད་ཀྱི་ནང་ན་ཁྱོད་རྒན་ནོ། །དེ་ནས་གླང་པོ་ཆེས་ཐམས་ཅད་ལ་བསྙེན་བཀུར་བྱེད་པར་བརྩམས་སོ། །སྤྲེའུ་ཡིས་ནི་རི་བོང་དང་གོང་མ་སྲེག་ལའོ། །རི་བོང་གིས་ནི་གོང་མ་སྲེག་ཁོ་ན་ལ་སྟེ། ཞེས་དུད་འགྲོ་ཡིན་ཀྱང་རྒན་གཞོན་གོ་རིམ་མ་ལོག་པར་བསྙེན་བཀུར་བས་འཇིག་རྟེན་དུ་བདེ་སྐྱིད་བྱུང་བར་བཤད་ཅིང་། ཕྲན་(༦༩བ)


GLG020_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཚེགས་ལས། དགེ་སློང་དག་དེ་བས་ན་དེང་ཕྱིན་ཆད་དགེ་སློང་རྒན་རབས་རྣམས་ལ་མིང་ནས་འབོད་པར་མི་བྱ། རུས་ནས་འབོད་པར་མི་བྱ་སྟེ། བཙུན་པ་ཞེས་བརྗོད་པ་དང་། ཚེ་དང་ལྡན་པ་ཞེས་བརྗོད་པ་མ་གཏོགས་པར་ཀུན་ཏུ་སྤྱོད་པར་མི་བྱའོ། །ཞེས་བསླབ་པ་རྒན་གཞོན་སོགས་ཀྱི་རིམ་པ་མ་ནོར་བར་གྲལ་གྱི་དང་པོ་དང་རྙེད་པ་གྲལ་རིམ་ནས་འགྲིམ་པ་སོགས་འོག་མ་དག་གིས་གོང་མ་ལ་འདུད་པར་བྱ་བར་གསུངས་པས་ན་འདུས་ཚོགས་འདི་དག་ཏུའང་བརླང་སྤྱོད་བག་ཡངས་སུ་མ་སོང་བའི་གྲ་ས་ཕན་ཚུན་གྱི་གྲལ་འཛིན་སྔར་སྲོལ་གང་ཡིན་དང་། དེ་ཕྱིན་ཕྱོགས་འདུས་ཀྱི་དགེ་འདུན་ཚུལ་ལྡན་རྣམས་གཙོ་ཆེ་བ་བྱས་ནས་ཚུལ་འཆལ་དང་དགེ་སྦྱོང་གི་ཆ་བྱད་མགོ་རེག་དག་དགེ་འདུན་གྱི་རྙེད་པ་ལ་ལྷན་ཅིག་ཏུ་ལོངས་སྤྱོད་པ་ནི། ལུང་རྣམ་འབྱེད་ལས། ལྕགས་གོང་མེ་ལྕེ་འདྲ་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་དང་། མདོ་སྡེ་ཉི་མའི་སྙིང་པོ་ལས། །སྤུ་གྲི་རྣོན་པོ་དག་གིས་སུ། །རང་གི་ཡན་ལག་གཏུབས་པ་བླའི། །བསྔོས་ཟིན་པ་ཡི་དངོས་པོ་ནི། །ཁྱིམ་པ་རྣམས་ལ་སྦྱིན་མི་བྱ། །ཞེས་ཚེ་རབས་ཕྱི་མ་རྣམས་སུ་ངན་སོང་གི་སྡུག་བསྔལ་མི་བཟོད་པའི་རྒྱུར་སྣང་མོད། འོན་ཀྱང་། སྙིང་རྗེ་པད་དཀར་ལས། ཀུན་དགའ་བོ་ཕྱི་མའི་དུས་ཟད་པའི་དུས་དམ་པའི་ཆོས་འཇིག་པར་འགྱུར་པའི་དུས་ན་གང་དག་ངའི་བསྟན་པ་འདི་ལ་རབ་ཏུ་འབྱུང་བར་འགྱུར་པ་དག་རབ་ཏུ་བྱུང་ནས་བུའི་ལག་པ་ནས་བཟུང་སྟེ། བུ་དང་ལྷན་ཅིག་ཏུ་ཆང་སྐྱོགས་གང་གི་ཕྱིར་ཆང་མའི་ཁྱིམ་ནས་ཆང་མའི་ཁྱིམ་དུ་འཁྱམ་པ། ངའི་དམ་པའི་ཆོས་འདིའི་རྗེས་སུ་བསླབ་པ་དེ་དག་ཐམས་ཅད་ཀྱང་ཀུན་དགའ་བོ་བསྐལ་པ་བཟང་པོ་(༧༠ན)


GLG020_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་དང་། ཀུན་དགའ་བོ་ངའི་བསྟན་པ་འདི་ལ་གང་དག་དགེ་སྦྱོང་གི་རིགས་ཅན་དགེ་སྦྱོང་ཤིན་ཏེ་མ། དགེ་སྦྱོང་དུ་ཁས་འཆེས་པ། དགེ་སྦྱོང་ལྟར་བཅོས་པ། ངུར་སྨྲིག་གྱོན་པ་འབྱུང་བ་དེ་དག་ཐམས་ཅད་ཀྱང་བསྐལ་པ་བཟང་པོ་འདི་ལ་གང་བྱམས་པ་ནས་མོས་པ་ལ་ཐུག་གི་བར་དུ་ཕྱིས་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འོག་ཏུ་མཐར་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་བསྟན་པ་འདི་ལ་རབ་ཏུ་བྱུང་བར་ཁས་འཆེས་པའི་ཚུལ་འཆལ་དང་རྟགས་ཙམ་འཛིན་པ་དག་ཀྱང་བསྐལ་པ་སོགས་ལ་མི་བལྟོས་པར་མྱང་འདས་ཐོབ་པར་དབུགས་དབྱུང་བ་ལྟར་ན་གཞན་ལས་ཁྱད་ཞུགས་ཤིང་སྙིགས་མར་སྤྱད་པའི་དུས་འདིར་ཡུལ་དང་དུས་བསྟུན་དགོས་པའི་ཕྱིར་བཀའ་སྲོལ་མི་འདུག་རུང་གྲལ་གྱི་མཐའ་དཀྱིལ་སོགས་ཀྱི་ཁྱད་གསུང་རབ་དང་བསྟུན་ན་དགོས་པར་སྣང་མོད། རང་བསྟན་ལ་ཆེད་དུ་ཕན་པར་མི་འགྱུར་བཞིན་དུ་ཕོ་རུས་སུ་མིང་བཏགས་པའི་ཀུན་སློང་ངན་པས་དབྱེན་དུ་འགྱུར་བའི་སྤྱོད་པ་ནི། སེམས་དཔའ་ཆེན་པོ་ཐོགས་མེད་བཟང་པོ་དཔལ་གྱིས། །གཞན་གནོད་གཞི་བཅས་སྤོང་བར་ཁས་བླངས་ནས། །དགྲ་ལ་སྡུག་ལས་ཐོངས་པའི་ཕོ་རྒོད་པོ། །རང་གི་སྡོམ་གསུམ་ཡུལ་ནས་འདོན་ཉེན་གདའ། །གནོད་སེམས་རྩད་ནས་ཐོན་པར་བྱིན་གྱིས་རློབས། །དགེ་སྦྱོང་ཆོས་བཞི་བསྒྲུབ་པར་དམ་བཅས་ནས། །ཁེ་དྲག་དབང་ཆེན་འདོད་པའི་ང་རྒྱལ་ཅན། །ཁས་བླངས་ཐོག་ཏུ་ཁེལ་བ་མི་གདའ་འོ། །རྟག་ཏུ་དམན་ཆ་འཛིན་པར་བྱིན་གྱིས་རློབས། །ཞེས་ཁྲོ་བ་ལ་སླར་མི་ཁྲོ། རྡེག་པ་ལ་སླར་མི་རྡེག །གཤེ་བ་ལ་སླར་མི་གཤེ། མཚང་འདྲུ་བ་ལ་སླར་མཚང་མི་(༧༠བ)


GLG020_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འདྲུ་བ་ཁས་འཆེས་ནས་བསམ་སྦྱོར་འཇིག་རྟེན་པ་གཞུང་མ་དང་ཁྱད་པར་མེད་པ། ཀོང་བཙུན་ཤེས་རབ་རྡོ་རྗེས། བློ་ཆགས་སྡང་གིས་འཆད་པའི་སྟོན་ཆེན་དང་། ཁོང་འཇིག་རྟེན་པའི་གཙོ་བོ་རྒད་བུ་གཉིས། ཁྱད་ཨེ་འདུག་ཀུན་སློང་སེམས་ལ་དྲིས་ཞེས་པའི་དོན་ཐོག་ཏུ་བབ་དུས་འདི་དེ་འདྲའི་ངང་ཚུལ་འབྱུང་བ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། རིགས་ཀྱི་བུ་བདུད་སྡིག་ཅན་གྱིས་ནི་ང་འདས་པའི་ལོ་བདུན་བརྒྱ་ལོན་པ་ན། ངའི་བསྟན་པ་ཕྱེ་ཞིང་བཤིག་པར་འགྱུར་ཏེ། དམ་པའི་ཆོས་ནུབ་པའི་ཚེ་བདུད་སྡིག་ཅན་ཟག་པ་ཅན་གྱིས་ཟག་པ་མེད་པ་ལྟ་བུར་བསྒྱུར་ཏེ། བྱ་བའི་རྟགས་ཀྱིས་ཚུལ་བྱེད་པ་བཞིན་དུ་དགེ་སློང་གི་གཟུགས་དང་། དགེ་སློང་མའི་གཟུགས་དང་། དགེ་བསྙེན་གྱི་གཟུགས་དང་། དགེ་བསྙེན་མའི་གཟུགས་འདི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་གཟུགས་དང་། སངས་རྒྱས་ཀྱི་གཟུགས་ཀྱིས་བཤིག་པར་འགྱུར་ཏེ། ཞེས་སངས་རྒྱས་ཀྱི་བསྟན་པ་ལ་གླགས་ལྟ་བའི་ཆེད་དུ་ཡིད་སྲུབས་དགེ་སྦྱོང་གི་གཟུགས་ལྟར་བཤད་པ་ནི་དུས་དབང་གིས་འབྱུང་ཉེ་ཞིང་དགེ་འདུན་རྣམས་འཐབ་རྩོད་ལ་སྦྱོར་བའི་འབྲས་བུ་དགེ་འདུན་སྲུངས་ཀྱི་རྟོགས་བརྗོད་དུ། དགུང་གི་གདུགས་ཚོད་ལ་བབས་པ་ན་རབ་ཏུ་བྱུང་བ་དག་མགོ་བོ་ཐོ་བས་བསྣུན་ཏེ་ཁྲག་བབས་པ་དང་འདུ་སྒོ་བཀག་པ་ལ་བརྟེན་ནས་བཟའ་བཏུང་ལྕགས་ཁུར་གྱུར་པར་བཤད་ཅིང་། དེར་མ་ཟད་དགེ་འདུན་གྱི་དབྱེན་བྱས་པའི་རྣམ་སྨིན་ནི། ལུང་རིགས་གཏེར་མཛོད་ལས། བར་བསྐལ་གཅིག་གི་བར་དུ་མནར་མེད་ཀྱི་སྡུག་བསྔལ་མྱོང་བར་བྱེད་ཅིང་དབྱེན་གྱི་མཚམས་མེད་གཉིས་བྱས་ན་མནར་མེད་(༧༡ན)


GLG020_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལུས་ཉིས་འགྱུར་ལ་གནོད་པ་སྔར་ལས་ཉིས་འགྱུར་དུ་མྱོང་དགོས་ཏེ། བསྐལ་བར་མནར་མེད་པར་སྨིན་འགྱུར། །ལྷག་པས་གནོད་པ་ལྷག་པར་འགྱུར། །ཞེས་སོགས་གསུངས་པ་ནི། ལུང་ཕྲན་ཚེགས་ལས། ཟླ་བ་སྐར་མའི་ཚོགས་བཅས་ས་ལ་ལྷུང་ཡང་སྲིད། །ས་འདི་རི་དང་ནགས་བཅས་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་སྐམ་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོ་རྫུན་གསུང་འགྱུར་བ་སྲིད་པ་མིན། ཞེས་བདེ་བར་གཤེགས་པས་རྫུན་གསུང་པའི་སྐབས་ནི་ནམ་ཡང་མེད་པས་ངེས་པར་བདེན་ལ་དེ་ལྟར་ཡང་བཤེས་སྤྲིངས་ལས། ཁྱོད་ཀྱིས་དགེ་སློང་བྲམ་ཟེ་ལྷ་དང་ནི། །ནོར་་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱིད་དེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་རང་གཞན་གང་གི་ཆེད་དུ་བསགས་པའི་སྡིག་པའི་འབྲས་བུ་བདག་ཉིད་གཅིག་པུའི་ཐོག་ཏུ་སྨིན་པའི་ཕྱིར་བློ་གྲོས་དང་ལྡན་པ་རྣམས་ཀྱི་བླང་དོར་གནད་མ་འཛོོལ་བ་ཞིག་གནད་དུ་ཆེ་ལ། སྐབས་དོན་གྱི་སྙིང་པོ། ཐུབ་བསྟན་འཆི་མེད་ལམ་དུ་གསལ་བྱེད་ཉི་ཟླ་ལྟ་བུར་ཟུང་དུ་འབྲེལ་བ་དཔལ་ལྡན་འབྲས་སྤུངས་དང་སེ་ར་ཐེག་ཆེན་གླིང་ཕན་ཚུན་རབ་བྱུང་དྲུག་པའི་ལྕགས་ཕོ་བྱི་བ་ནས་བཟུང་ཆོ་འཕྲུལ་ཆེན་མོའི་དུས་ཆབས་ཅིག་ཏུ་འདུ་ཚོགས་མཛད་བཞིན་པར་བརྗོད་གླེང་སྣ་ཚོགས་ཡོད་དོན་མི་འདུག་ཀྱང་ལས་སྣེ་བ་འདྲའི་སྐྱོན་གྱིས་སྔ་ཕྱིར་ཐུགས་མི་མཐུན་པ་ཅི་རིགས་དང་ཉེ་ཆར་རབ་བྱུང་བཅུ་གཅིག་པ་ཤིང་ཡོས་ཀྱི་ལོར་འབྲས་སྤུངས་དགེ་སྐོས་དང་བྱ་རུང་བ་ཐུག་པའི་རྐྱེན་སློང་དང་ངོ་བོ་འབྱུང་པོའི་ཆོ་འཕྲུལ་ལྟ་བུའི་ཟ་ཟིར་སྣ་ཚོགས་པའི་རྒྱ་ཆེར་ཉེ་བ་སྡེ་བའི་བསླབ་སྟོན་གྱིས་སྨོན་ལམ་བར་འགྱངས་ཤིང་དེ་རྗེས་སེ་ར་བ་དཔོན་སློབ་ནས་གཅོད་མཚམས་དགོས་ཚུལ་བྱུང་བ་ཕན་ཚུན་སོ་སོའི་ཁྱེར་ཕྱོགས་ཅི་ཡོད་ཐིངས་དཀའ་(༧༡བ)


GLG020_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གཤིས་གྲྭ་ཚང་གཉེར་པ་འཕྱོང་རྒྱས་པ་བློ་བཟང་སྦྱིན་པ་དང་འཕན་ཡུལ་ལྷ་ཁང་པ་སྒེར་ལོགས་ཨ་དར་གཉིས་བཏང་བའི་གསུང་རིགས་རྣམ་གྲངས་མང་བ་སོ་སོར་སྦྱངས་བཤད་ཀྱི་ཁོངས་སུ་ཐུས་པ་བྱས། མེ་གླང་རི་ཁ་བླ་མ་ཚལ་པ་རབ་འབྱམས་པ་བློ་བཟང་ཆོས་སྐྱོང་གིས་དགེ་སྐོས་དུས་གྲལ་འཛིན་གྱི་གྲལ་བཟོ་བ་དང་ཇ་གཏོང་བ་སོགས་ཕེར་རྒྱ་མང་དུ་བྱས་ཤིང་དགོན་པར་འབྱོར་ནས་འདི་བཞིན་བྱས་ཡོད་པས་དབྱར་མཇུག་གངས་ལ་སྐྱོལ་གྱི་ཚོགས་གཏམ་བཏང་བ་རིམ་གྱིས་མཆེད་པ་འབྲས་སྤུངས་པ་རྣམས་ཀྱི་ཐུགས་སུ་མ་ཤོང་བའི་རྐྱེན་གྱིས་སྐྱོར་ལུང་བླ་མ་སྒང་མགོ་རབ་འབྱམས་པ་ངག་དབང་རྒྱ་མཚོ་དང་སྤྲུལ་སྐུ་དགོས་སྐྱེས་ཀྱི་བུ་གྲགས་པ་བློ་བཟང་སོགས་དགེ་སྐོས་འགའ་རེའི་ཐོག་སེ་ར་བ་ཕྱོགས་ཀྱི་གྲལ་རྣམས་རིམ་ཤོར་དང་། དགེ་སློང་དོན་གྲུབ་རྒྱ་མཚོའི་དགེ་སྐོས་ཀྱི་ཐོག་ཇ་གཏོང་བ་ཡང་ཕྱོགས་ལྷུང་ཧ་ཅང་ཆེས་པ་དང་། རྒྱུ་རྐྱེན་ཞིག་ལ་དཔོན་ས་ལྷ་མོས་མས་སེ་ར་ཆོས་རྗེ་གཉལ་སྟོན་པའི་དྲུང་དུ་སྐྱེ་རྟགས་ཞུས་པར་ཆུ་སྲིན་དུ་སྐྱེ་བའི་སྒོ་དགག་པར་དགེ་འདུན་སྟོང་ར་ཅན་གྱིས་སྨན་བླའི་མདོ་ཆོག་ཆེན་མོ་གསུང་བར་ལུང་བསྟན་པ་བཞིན་རྒྱས་བཏབ་ར་མོ་ཆེའི་གནྡྷོ་ལར་བཙུགས་པ་ན་མཆོད་དབྱངས་པ་བཞི་མ་གཏོགས་མཁན་པོས་ཐོག་དྲངས་ལས་སྣེ་བ་ཐམས་ཅད་སེ་ར་བ་ཁོ་ནས་མཛད་པའི་སྣེ་མོ་བ་ཅི་རིགས་ཀྱི་སྐྱོན་ལ་བརྟེན་ལྷོ་པ་དང་སྤོ་འབོར་བའི་གྲལ་གྱི་བར་དུ་འབྲས་སྤུངས་པའི་བླ་མ་རྣམས་བཞུགས་དཀའ་ཞིང་གྲྭ་དམངས་ཚོགས་བྱིངས་པོའི་ཁྲོད་དུ་མཉམ་བསྲེས་ཐོག་འབྲི་ཕག་ལ་དམག་བཏང་སྐབས་གླིང་ཁུ་རུ་དབེན་པོའི་དཔའ་དར་ལ་བྱུང་བའི་ཀ་གླིང་དགུ་དང་། ཀ་བཞི་ལ་སྒོར་མོར་བྱས་པའི་ཉ་ཁུག་གྲལ་དམིགས་བསལ་དུ་བསྒྲིག་པ་ཞིག་ཡོད་འདུག་པར་ཡང་བརྡུང་འཚོག་དང་ཇ་ཐུག་ཇི་བཞིན་མི་གཏོང་བ་སོགས་ཕན་ཚུན་གཅིག་ངན་གཅིག་རྒྱག་དང་། ས་བྱའི་སྨོན་ལམ་དུས་(༧༢ན)


GLG020_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འབྲང་སྤུངས་དགེ་སྐོས་རྒན་པ་སྟར་སྡོང་བཀའ་བཅུ་བློ་བཟང་རབ་བརྟན་ལ་བྱེས་པའི་སོག་པོ་ཞིག་གིས་ལག་ལན་གྱི་རྣམ་པ་བྱས་པར་བྱེས་སློབ་དཔོན་པ་བྱ་བྲལ་རབ་འབྱམས་པ་འཇམ་དབྱངས་ལྷུན་གྲུབ་ཀྱིས་ལེགས་སོའི་ལྦ་དར་བཏགས་པ་སོགས་སེ་ར་ཕྱོགས་ནས་བསྟན་བཤིག་གི་གཉའ་མི་གནོན་པར་གཟེངས་བསྟོད་པ་བྱུང་ཞིང་འབྲས་སྤུངས་ཕྱོགས་ནས་དེ་རིགས་ཀྱི་སྐྱོན་མེད་ཚུལ་ཕན་ཚུན་གཟིགས་སྟངས་མ་གཅིག་ཅིང་རྨུ་རྒོད་ལ་ལ་མ་ཕེར་བའི་རིགས་ལ་སྔོན་ལས་དང་གང་དུའང་གཤའ་མ་མེད་པ་སྐད་ཀྱིས་ཟླ་གྲོགས་འཚོལ་ཞིང་ངང་པ་མཚོ་ངོམ་དང་འུག་པ་བྲག་ངོམ་གྱི་རྒྱབ་བརྟེན། ཁྲེལ་བདས་ལ་ངོ་སོར་འཁྱེར་བའི་དགེ་སྐྱོན་སྣ་ཚོགས་བྱུང་འདུག་པ་ད་ཆ་བླང་དོར་མཛད་རྒྱུའི་སྙིང་པོ་ལྷ་ས་སྨོན་ལམ་ཆེན་མོའི་གདོང་གྲལ་ནུབ་ལྟ་དང་དེའི་རྒྱབ་སྤྲོད་ཞལ་ཤར་གཟིགས་ཚུན་འབྲས་སྤུངས་པ་དང་། དེའི་རྒྱབ་ནུབ་ལྟ་རྩ་གྲལ་ནས་བཟུང་པའི་གྲལ་དྲུག་ཙམ་སེ་ར་བ་ཤ་སྟག་དང་དེ་ནས་རྨི་རུ་བཞི་སྡེ་བར་གྲལ་གཅིག །དེ་རྒྱབ་སེར་འབྲས་འདྲེས་མ་དང་ཕྱོགས་མཐའི་དགེ་འདུན་སོགས་སྣ་ཚོགས་འཚོག་པ། སེ་ར་བ་རྣམས་ཀྱིས་གྲལ་ཁུངས་ཡོད་པ་སོར་བཞག་གིས་གྲལ་འཛིན་ལ་མ་བྱོན་ན་རྩོད་པའི་རྒྱུ་ཡོད་འདུག་པས་གྲལ་འཛིན་ལ་ངེས་པར་འབྱོན། འབྲས་སྤུངས་ཀྱི་གྲྭ་ཚང་བདུན་ནས་དགེ་སྐོས་རེས་སྐོར་དང་སྤྱན་ལྟོས་ཀྱི་ཁྱད་ནས་དགེ་སྐོས་ཀྱིས་མཛུབ་མོ་གར་བསྟད་ཤར་གྱི་དཔེས་ཆུན་ཆེ་ཞིང་། སེ་རར་གྲྭ་ཚང་གསུམ་ག་ནས་དགེ་སྐོས་ལངས་པའི་ཕྱོགས་ཁྱེར་གྱིས་སོ་སོའི་གྲྭ་ཚང་མ་ཡིན་པར་རྒྱག་བརྡུང་སོགས་ཆེར་མ་ནུས་པའི་ཆུན་ཆུང་སྐྱོན་གྱི་རིགས་ལ་ཐང་ལྷོད་ཙམ་ཡོད་འདུག་པ་སྨོན་ལམ་གྱི་དུས་དགེ་སྐོས་དང་ཆར་བཏག་མས་རྒྱུན་གྱི་མིག་ཤུགས་ལ་བརྟེན་ཚོགས་འཇམ་མི་འཇམ་བྱུང་བར་སྒྲིགས་གནོན་གྱི་བརྡུང་འཚོག་བྱས་པར་སེ་ར་བ་ཕྱོགས་ནས་བསྙད་འདོགས་མི་མཛད་ཅིང་། དེ་རིགས་(༧༢བ)


GLG020_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་ཙམ་བྱུང་ཕྱིན་ཞེན་གསོག་ཏུ་འགྲོ་བའི་བརྡུང་འཚོག་མི་བྱེད། གྲ་ས་གཉིས་ཀ་ནས་བསྟན་བཤིག་བྱད་མིའི་རིགས་ལ་ཚོགས་གཏམ་དུ་གཉའ་གནོན་མ་གཏོགས་དབུགས་དབྱུང་དང་བྱ་དགའ་མི་སྟེར། རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ནས་བཟུང་ས་སྐྱོང་བསོད་ནམས་རབ་བརྟན་གྱིས་འབྲས་སྤུངས་པ་དཔོན་སློབ་དང་བཀའ་བགྲོས་པའི་སེ་ར་སློབ་དཔོན་གསུམ་ཚོགས་ལ་འབྱོན་པའི་ས་བཅད་མཛད་པ་ལྕགས་འབྲུག་གྲལ་འཛིན་ལ་ལག་ཐུག་བྱུང་བའི་རྐྱེན་གྱིས་ས་ཁྲི་བཤིག་འདུག་རུང་སེ་ར་བའི་སློབ་དཔོན་རྣམས་ད་ལྟ་བར་འབྱོན་བཞིན་པར་དེ་རིགས་ཀྱི་གཟེ་གསག་མི་བྱེད། དེ་གོང་ལོ་ཤས་གསུང་ཆོས་ར་བ་དང་མཎྜལ་ར་བ་སོགས་སུ་སེ་རའི་སློབ་དཔོན་གསུམ་གྱི་གཤམ་དུ་དགེ་སྐོས་དབུ་མཛད་ཀྱང་འཐུད་པར་བརྗོད་གླེང་བྱུང་མ་སོང་བ་ས་སྟག་ཟ་ཟིར་ཆེན་མོའི་སྐབས་ནས་བཅད་མཚམས་གྲུབ་འདུག་པ་བཞིན་དབུ་མཛད་དགེ་སྐོས་རྣམས་གྲྭ་དམངས་ཀྱི་ཁྲོད་ལས་སློབ་དཔོན་པ་རྣམས་ཀྱི་གཤམ་དུ་མི་བསྒྲིག །ཇ་ཐུག་རྣམས་གདོང་གྲལ་གཉིས་གོང་དུ་ཕུད། དེ་ཕྱིན་གྲལ་ཐམས་ཅད་ལ་མཉམ་ཁེབས་ཤིག་མ་བྱུང་ན་རྩོད་སློང་གི་རྒྱུར་མ་ཟད་བཞེས་པ་རྣམས་ཕྱོགས་མཚུངས་སུ་མི་ཡོང་བའི་ཚོགས་ཀྱི་ཀུན་སྤྱོད་ལ་ཡང་གནོད་པར་སྣང་། སེ་རའི་ཁམས་ཚན་གྱི་མང་འགྱེད་བྱུང་དུས་སྦྱིན་བདག་གི་སྤོས་སྣ་རེ་ཙམ་ཡོང་བ་སྔ་ཐོག་གི་ཁུངས་དང་ཡིག་རིགས་སོགས་སྐྱེལ་རྒྱུ་མི་འདུག་རུང་བར་སྐབས་སུ་ཧར་ལྡོང་གིས་ཐོག་མར་སྲོལ་བཏོད་འདུག་པས་མཚོན་ཁམས་ཚན་རྣམས་ཉེ་ཆེ་འབྲེལ་ཟབ་བྱས་འདུག་པ་སྦྱིན་བདག་གི་མི་རེ་ཙམ་མ་ཐེ་བ་བློ་མ་རངས་པའི་དགེ་འདུན་གྱི་འདུ་སྒོ་གཞན་དུ་བསྒྱུར་ཐབས་ཀྱིས་རང་གཞན་ལ་བརྟེན་ནས་སྡིག་གསོག་པའི་ཉེན་འདུག་གཤིས་དཔེར་ན་སེ་ར་ཧར་ལྡོང་གི་མང་འགྱེད་ལྟ་བུ་བྱུང་བའི་ཚེ་འབྲས་སྤུངས་དགེ་རྒན་གྱི་རྗེས་སུ་ཁམས་ཚན་གྱི་ངོ་སོ་ཙམ་གྱི་ཆེད་དུ་སེ་ར་(༧༣ན)


GLG020_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཧར་ལྡོང་གི་མི་རེ་ཕྱིན་པ་སྤོས་སྣ་སྨོན་ལམ་ཆེན་མོའི་ལས་ཚན་དུ་མི་གཏོགས་གཤིས་སྐྱོན་དུ་མི་འགྱུར། འགྱེད་ཤར་ཁ་གཉིས་དགོས་པ་བྱུང་ན་འབྲས་སྤུངས་པ་རང་གི་དགེ་རྒན་གཉིས་ཀྱིས་གཏོང་ཞིང་སེ་རའི་དགེ་རྒན་ལས་གྲོགས་ལྟ་བུ་ལས་ལག་འཇུག་མི་བྱེད། གྲ་ས་སོ་སོར་ཁམས་ཚན་འཛིན་ཐེབས་དང་དགྲ་གཉེན་དབྱེ་འབྱེད་ལྟ་བུར་འགྱེད་སྐལ་སྣ་ཚོགས་གཏོང་སྲོལ་འདུག་རུང་སྨོན་ལམ་ཆེན་མོར་དེ་རིགས་བྱས་ཚེ་དགེ་འདུན་སྤྱིའི་རྙེད་པ་ལ་གནོད་པ་ནས་ཁམས་བོད་ངོ་བོ་རྣམས་དང་སྐྱིད་སྡུག་གཅིག་པའི་ཉེ་ལོགས་ཀྱི་ཁམས་པ་རྣམས་ལ་ཉིས་སྐལ་ལམ་སུམ་སྐལ། དགེ་རྒན་དང་རོགས་བྱེད་རྣམས་ལ་ལྔ་སྐལ་ལམ་བཅུ་སྐལ་ཙམ་ཡང་གཏོད་བའི་སྲོལ་ངན་བར་སྐབས་སུ་དར་འདུག་ཀྱང་ད་ཆ་གོང་གསལ་མཐའ་དག་རང་སྐལ་ལས་མི་གཏོད། འཕར་ཆག་མེད་པ་སྨོན་ལམ་གྱི་ལས་ཚན་རྣམས་དེབ་གསལ་ལྟར་ཡིན། སྡེ་པ་བསོད་ནམས་རབ་བརྟན་གྱི་དུས་འགྱེད་གཏོང་སྐབས་གཞུང་གི་སྐུ་ཚབ་རེ་ཡོང་གིན་ཡོད་འདུག་པ། ས་ཁྱི་གསང་སྒོ་ནས་བཟུང་བར་བཀབ་མ་བྱུང་འདྲ་ཡང་ད་ཆ་མཚམས་ཚིགས་ཀྱི་མིག་ལྟ་དང་བཅས་ཡོད་པ་འགབ་འབུལ་བ་རྣམ་གཞག་གི་སྐབས་འབྲས་སྤུངས་ཀྱི་བླ་མ་དབུ་མཛད་པར་བསྔོ་རྟེན་དགོས་པ་སྨོས་མ་དགོས་ཤིང་སྒོ་མངས་སློབ་དཔོན་པ་དང་ཉེ་ལོགས་ཀྱི་བླ་མ་རྣམས་ལ་འབུལ་བ་བྱས་པའི་སྟེང་སེ་ར་ཧར་ལྡོང་གི་བྱེས་པ་སློབ་དཔོན་པ་སོགས་ལ་སྒོ་མངས་སློབ་དཔོན་ཅན་ལས་རིམ་འགྲོས་ཀྱིས་ཆུང་བ་མ་གཏོགས་འདྲ་བ་མི་བྱེད། འབྲས་སྤུངས་ཧར་ལྡོང་གི་མང་ཇའི་སྐབས་སེ་རའི་ཧར་ལྡོང་གི་དགེ་རྒན་སྤོས་སྣ་མདུན་ཇ་སོགས་ལ་འབོད་པར་དགག་ས་མེད། དཔེ་འདིས་ཁམས་ཚན་གཞན་རྣམས་ལའང་མཚོན་ཞིང་ཅོ་ནེ་ཁག་ལྔའི་མང་འགྱེད་ལ་བར་སྐབས་སུ་སྤོས་སྣ་དང་འགྱེད། (༧༣བ)


GLG020_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་མཁན་ཁོ་རང་ཚོའི་དགེ་རྒན་གྱིས་བྱས་འདུག་པ་འབྲས་སྤུངས་སུ་ཅོ་ནེ་རྣམས་ལ་ཁམས་ཚན་གྱི་ཐོབ་ཐང་འདུག་པས་དཔེར་ན་ཅོ་ནེ་གཞུང་པ་འབྲས་སྤུངས་སུ་རྟ་དབོན་པ་དང་རྒྱ་ཡི་ཝང་གཉིས་པོར་ལོ་རེ་མོས་ཀྱི་འབབ་ཀྱི་ཡོད་འདུག་པས་དེ་གཉིས་རེ་མོས་སུ་ཡིན་གྱིས་གཞུང་པའི་མང་འགྱེད་ལ་གོང་གི་ཧར་ལྡོང་གི་དཔེ་ཇི་ལྟ་བ་བཞིན་བྱེད། ར་མོ་ཆེའི་སྨོན་ལམ་ལ་ཡང་འབྲས་སྤུངས་ཀྱི་སློབ་དཔོན་ཙམ་བྱུང་ལ་ཟོས་གང་ལེགས་ལས་ལྷོ་པ་སྤོ་འབོར་བས་གྲལ་ལ་ཞི་བརྡུང་དང་དགེ་སྐོས་གསུམ་གྱིས་འབྲས་སྤུངས་པའི་གྲ་པ་རྣམས་ལ་དགོས་མེད་ཀྱི་ཞེན་གསོག་མི་བྱེད་ཅིང་། ཇ་ཐུག་སོགས་བཞེས་པ་རྣམས་ཀྱང་ཕན་ཚུན་ཁྱད་མེད་སྙམས་པར་གཏོང་། བྱ་རུང་པ་འདི་སྐྱེད་ཤོད་སྡེ་པ་གཡུལ་རྒྱལ་ནོར་བུའི་དུས་དབོན་པོ་བསྐལ་བཟང་ཟེར་བའི་གཟུགས་བཙུན་ཞིག་ལ་ཁོག་ཞུགས་བྱུང་ཚོད་ཆོས་སྐྱོང་དུ་བྱ་རུང་བ་ཙམ་ཡིན་བྱས་པ་ལས་མིང་དེར་ཐོགས་པ་རིམ་གྱིས་སྒྲ་འཆོལ་བ་མ་གཏོགས་ཤར་ཕྱོགས་སྐུའི་རྒྱལ་པོའི་བློན་པོ་གྲ་ཚོང་འདུས་བྱ་ཁྲིད་མིག་གཅིག་པ་མིན་པས་ནུབ་ཕྱོགས་གསུང་གི་རྒྱལ་པོའི་བློན་པོ་རྡོ་རྗེ་གྲགས་ལྡན་དུ་ཞལ་གྱིས་བཞེས་པ་ཚལ་ཡང་དགོན་རྒྱལ་ཆེན་ལྟ་བུའི་དོ་ཟླ་མིན་རུང་འབྲས་སྤུངས་ཀྱི་སྣེ་མོ་བ་རྣམས་ཀུན་རྟོག་སྣ་ཚོགས་ཀྱིས་སྡངས་ཙམ་སྣང་བ་སྔ་ཐོག་སྨོན་ལམ་ཆེན་མོའི་གྲལ་འཛིན་གྱི་དུང་མ་བཏང་ཚུན་ཁོག་ཞུགས་བཀག་ཆ་བྱེད་སྲོལ་མེད་ནའང་དེ་སྒོས་གྲལ་འཛིན་གྱི་ཉིན་གྲ་དམངས་ཐམས་ཅད་ཚོགས་ཟིན་པ་དང་གྲ་ཐོག་ཀྱང་ཡང་ཡང་བརྗེ་བའི་གཤིས་གསར་བུ་བ་རྒྱུས་མེད་འདྲས་བརྡུང་འཚོག་བྱས་ཚེ་ད་ལོ་ལྟར་དགེ་འདུན་ཐུགས་མི་མཐུན་པའི་ཕྱི་ཡུལ་དུ་གཏམ་ཆ་ནན་ཅིང་རྣམ་སྨིན་ནག་པོར་འཛག་པའི་རྒྱུན་ཁོ་ནའི་དགག་བྱ་ཆེ་ཞིང་དགོས་པ་ཆུང་བ་ནས་ར་མོ་ཆེའི་གོས་སྐུའི་དུས་བྱ་རུང་པ་གཡུལ་ཁང་རྒྱབ་ནས་ར་མོ་ཆེར་ཤར་མར་བྱོན་ངོས་བྱམས་པ་གདན་འདྲེན་མ་ཟིན་བར་ཁོག་(༧༤ན)


GLG020_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་མི་བྱེད། དེ་ཡང་སྔར་སྨོས་ཀྱི་ཕན་ཚུན་ཐུགས་མི་མཐུན་པའི་ཟིང་རྐྱེན་གྱི་རྒྱུ་བྱས་ཚེ་མཐའ་ཀླས་པའི་འདུས་ཚོགས་འདི་ལྟ་བུར་ཕལ་མོ་ཆེའི་སོ་སྐྱེའི་དགེ་འདུན་བཞིན་དུ་སྣང་ཡང་གང་ཟག་གི་ཚོད་གང་ཟག་གིས་བཟུང་མ་ནུས་པར་མདོ་ལས་བཤད་པས་སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་སོགས་འཕགས་པའི་དགེ་འདུན་དང་དེར་མ་ཟད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཐེག་པ་ཆེན་པོའི་དགེ་འདུན་སོགས་སྦས་པའི་ཚུལ་ཅན་དམ་པ་ཇི་སྙེད་ཅིག་ཡོད་པར་ངེས་པས། དེ་དག་ལ་ཁྲོ་བ་དང་རྩོད་པ་འཚང་འདྲུ་བ་ནི། འཇུག་པ་ལས་གང་ཕྱིར་རྒྱས་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར། །བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །ཞེས་འབྱུང་ལ། དེར་མ་ཟད་འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། ཤྭ་རི་དྭཱ་ཏིའི་བུ་དེ་བཞིན་དུ་གང་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་གཅིག་གིས་བར་ཆད་བྱེད་པ་དེ་ནི་ཆོས་དཀོན་མཆོག་གི་ཕུང་པོ་འབུམ་ཕྲག་མང་པོ་དཔག་ཏུ་མེད་པ་གྲངས་མེད་པ་དག་གི་བར་ཆད་བྱེད་པ་ཡིན་ནོ། །ཞེས་ཐེག་པ་ཆེན་པོའི་གང་ཟག་གཅིག་གིས་གཞན་ཕན་བསྒྲུབ་པ་ལ་གནོད་པར་བྱེད་པའི་སྡིག་འབྲས་བསམ་གྱིས་མི་ཁྱབ་པར་བཤད་པས་བག་དང་ལྡན་པ་འདི་ཕྱི་ཀུན་གྱི་རྩ་བ་ཡིན་པའི་ཕྱིར་གོང་སྨོས་རྣམས་ཀྱི་བླང་དོར་འཛོལ་བ་མེད་པར་བརྩོན་པས་ལྷུར་བླངས་ན་འཇིག་རྟེན་ཀུན་ཏུ་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་རྒྱ་ཆེན་པོ་འབྱུང་བར་འགྱུར་བ་ནི། ཇི་སྐད་དུ། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་(༧༤བ)


GLG020_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཀུན་གྱི་ཉོན་མོངས་པའི་ནད་མ་ལུས་པ་འཇོམས་པའི་རྩི་སྨན་ཆེན་པོ་ཕན་པ་དང་བདེ་བ་མ་ལུས་པ་འབྱུང་བའི་སྒོ་དམ་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡིན་ལ། དེ་ཡང་མངོན་པ་མཛོད་དུ། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་ལུང་རྟོགས་ཀྱི་བསྟན་པ་དེ་ཡང་། མ་ཕམ་པས། ཡི་གེ་འདྲི་མཆོད་སྦྱིན་པ་དང་། ཉིན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་དགེ་འདུན་རྣམས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་འཕེལ་བ་ལ་རག་ལུས། དེ་ཡང་ཕན་ཚུན་མཉེས་གཤིན་པའི་ཐུགས་མཐུན་པ་རྩ་བ་ལྟ་བུ་ཡིན་པའི་ཕྱིར། གསོ་སྦྱོང་ལའང་རིགས་མང་དུ་ཡོད་པ་སྔོན་བསགས་ཀྱི་སྡིག་པ་སྦྱོང་བ་ཞི་གནས་དང་། བཅུ་བཞི་པ། བཅོ་ལྔ་པ། གནོད་པ་ཕྱིར་བཟློག །རྩོད་པ་ཕྱིར་བཟློག །བཀྲ་ཤིས་པ་རྣམས་ཚེ་འདིའི་ཟག་པ་འགོག་ཕྱིར་མཐུན་པའི་གསོ་སྦྱོང་གི་ཁོངས་སུ་བསྡུས་པའི་དགོས་པ་ཡང་ལུང་རིགས་གཏེར་མཛོད་ལས། བསླབ་པ་གསུམ་གོང་ནས་གོང་དུ་འཕེལ་བའི་སྒོ་ནས་གནས་སྐབས་མངོན་མཐོ། མཐར་ཐུག་ངེས་ལེགས་ཐོབ་པའི་དགོས་པ་ཡོད་པ་དང་། ཁྱད་པར་སྟོན་པའི་བཅས་པ་དང་མཐུན་ཅིང་ས་ཕྱོགས་བཀྲ་ཤིས་པ་དང་། ཕྱོགས་དེ་ན་གནས་པའི་སྐྱེ་བོ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་དགོས་པ་ཡོད་དོ། །ཞེས་གསོ་སྦྱོང་གི་ཕན་ཡོན་བཤད་པ། དེར་མ་ཟད་དགེ་འདུན་ཐུགས་མཐུན་པའི་འབྲས་བུ་ནི། སོ་སོར་ཐར་པའི་དོན་ལས། ཚེ་དང་ལྡན་པ་དགེ་འདུན་དང་ལྷན་(༧༥ན)


GLG020_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་པར་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་པ་མི་བྱེད། ཀུན་ཏུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་འདྲེས་པ་ལྟ་བུར་གྱུར་པ། སྟོན་པའི་བསྟན་པ་ཡང་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་གྱུར་གྱི། ཞེས་རྒྱ་ཆེར་བསྔགས་ཤིང་། མགོན་པོ་ཞི་བ་ལྷས། གཙུག་ལག་ཁང་རྣམས་ཀློག་པ་དང་། ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག །རྟག་པར་དགེ་འདུན་མཐུན་པ་དང་། དགེ་འདུན་དོན་ཡང་གྲུབ་པར་ཤོག །ཅེས་སྨོན་ལམ་མཛད་པས་ཀྱང་ཤེས་ནུས་སོ། །ལུས་ཅན་བསོད་ནམས་ཉ་ཕྱིས་ཡངས་པའི་ཁོག །བདེ་སྐྱིད་མུ་ཏིག་ཕྱུང་བུར་ལེགས་སྤུངས་པ། །སྟར་བརྒྱུའི་སྲད་བུར་སྤེལ་བ་འདུས་པའི་སྡེ། །སྲིད་ཞིའི་གདུང་བ་ཀུན་གཞིལ་ཆོ་ག་མཁན། །དེ་ཕྱིར་ཕྱོགས་ལྷུང་རི་དྭགས་འཁྲུལ་རྗེས་སུ། །མ་འབྲངས་ལྷག་བསམ་རྒྱུད་ལས་དྲངས་པའི་མདོས། །དགེ་འདུན་དབྱེན་གྱི་ལངྒའི་མགྲིན་གཅོད་པའི། །འཕོངས་སྐྱེན་གཉིས་པའི་དགའ་བྱེད་ལྷ་ཞིག་སྣང་། །ལེགས་བྱས་གངྒཱའི་ཡབ་གཅིག་ལས་བབས་ཀླུང་། །མཐའ་ཀླས་ཡང་སྲིད་འཛིན་ལམ་འོངས་པའི་རྒྱུན། །བྱང་ཆེན་ཆུ་གཏེར་འཕེལ་ཀློང་མ་རྒན་ཀླུ། །གཏན་བདེ་གདེངས་ཀའི་ནོར་བུ་འོད་འབར་ཤོག །ཅེས་ལུས་ཅན་ཀུན་གྱི་མ་འདྲིས་པའི་གཉེན་གཅིག་པུ་རྣམས་འདྲེན་ཟས་གཙང་སྲས་པོའི་ཆོ་འཕྲུལ་གྱི་དུས་ཆེན་ལྷ་ས་སྨོན་ལམ་ཆེན་མོའ་ིཚེ་དགེ་འདུན་རྣམས་ཀྱི་ཉམས་བཞེས་སུ་བསྟར་བར་འོས་པའི་བཅའ་ཁྲིམས་དང་གཟུ་གཞི་མཐུན་པ་ལྟ་བུའི་ཡི་གེ་སྲིད་སྒྲུབ་ཉག་ཕྲན་འདི་ནི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་སྲིན་པོ་ཞེས་པ་ཤིང་ཡོས་ནམ་མཐོངས་ཟླ་བའི་ཚེས་གཅིག་(༧༥བ)


GLG020_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྤེན་པ་སྣར་མའི་འགྲུབ་སྦྱོར་གྱི་ཉིན་འཛིན་མའི་སྤོས་ལས་མངོན་པར་འཕགས་པའི་རྒྱལ་ཁབ་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པས་བགྱིས་ས་སརྦདིཀྐཱ་ལེ་ལ་ཀྵྨཱི་བྷཝནྟུ། །ཤིང་ཡོས་རྒྱལ་མོ་རྡོ་རྗེ་རབ་བརྟན་དང་། ཚེ་དབང་ལྷ་མོ་མ་བུ། ཐོར་གོད་དབུ་མཛད་ཆོས་རྗེ་ཨནྡར་བཀའ་བཅུ། དར་ཁན་དབོན་པོ་རྣམས་ལ་ལུས་མེད་ཀྱི་འཚོ་བ་བསྲུང་བའི་འཕྲིན་ཡིག་རྡོ་རྗེའི་བཞད་སྒྲ། དཔལ་ལྡན་རྩ་བ་གསུམ་གྱི་ལྷ་སྔགས་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་ཟློས་གར་གྱི་རྣལ་འབྱོར་སྤྱོད་པ་པོ་ཟིལ་གནོན་བཞད་པ་རྩལ་གྱི་ཆེད་དུ་སྨྲས་དོན། ཆོས་ཉིད་གདོད་ནས་རྣམ་པར་དག་པར་གནོད་བྱ་གནོད་བྱེད་དམིགས་སུ་མེད་ནའང་། རྡེའུ་ཤིང་བུར་རྟ་གླང་དང་། ཐག་ཁྲར་སྦྲུལ་དུ་མཐོང་བའི་དངངས་སྐྲག་བཞིན་ཀུན་རྫོབ་འཁྲུལ་པའི་སྣང་ངོར་སྔོན་བྱས་སྡིག་འབྲས་ཀྱི་ཉེར་འཚེའི་གཟུགས་བརྙན་འཆར་བས། ཁྱོད་ལྷ་མ་སྲིན་བྲན་མངག་གཞུག་དང་བཅས་པ་རྣམས་ཀྱིས་གནོད་པ་བྱས་པར་བརྟེན་ཡུལ་དེ་གནས་སྐབས་སུ་མནར་ཞིང་། བྱེད་པ་པོ་རྣམས་ཀྱང་དཀར་མིན་གྱི་འབྲས་བུ་རང་གཞན་གཉིས་འཕུང་གི་སྦྱོར་བ་ཡིན་པའི་ཕྱིར། ཆེ་གེ་མོ་ཞེས་པ་འདི་པའི་མི་ནོར་ལ་གནོད་ཅིང་འཚེ་བའི་བསམ་སྦྱོར་སྤོང་བར་གྱིས། དེ་ལྟར་ན་རིང་མིན་གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་ལ་བརྟེན་ནས་བྱང་ཆུབ་མཆོག་ལ་གཞོལ་བའི་ཏིང་ངེ་འཛིན་འགྲུབ་པའི་རྣམ་པར་དག་པའི་སྨོན་ལམ་གྱིས་མཚམས་སྦྱོར་བ་ཡིན། ཅི་སྟེ་ལོག་པར་སྤྱོད་ན་ཡེ་ནས་སྙིང་ལ་གནས་པའི་ལས་ཉོན་ལྕགས་ཀྱི་སྡིག་པ་ནག་པོའི་རང་གཟུགས་སུ་གྱུར་ཏེ་སྙིང་ཁྲག་འཇིབ་པ་ལ་ཡ་ང་བར་མི་འགྱུར་རམ། ཁྲག་འཐུང་རྣམ་པར་རོལ་པའི་གཏམ་གྱི་ཡི་གེ་སྲིན་པོའི་ལོ་ནམ་མཐོང་ཟླ་བའི་དམར་ཆའི་གྲལ་ཚེས་ལ་དབང་དྲག་རོལ་པའི་གཞལ་མེད་ཁང་ནས་བྲིས། །

ཉང་སྨད་བསམ་དོན་ལྷུན་གྱིས་གྲུབ་པའི་རྫོང་ཆེན་དུ་ཚེའི་རིག་བྱེད་གསོ་བ་རིག་པའི་གྲྭ་ཚང་དྲང་སྲོང་འདུས་པའི་གླིང་གི་བཅའ་ཡིག


GLG020_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ མ དྲྀ ཥྚེ སུ ཀཱ ནྟ ཀྱ ཤུ ཏྐཱེ ཏྲི ཙཽ ཥཱ དྷ ཏོ ཧཱི མ ཧཱ གྲཱ མ ཀོ དི ན རྨ ནྲྀ ཏ །ངོ་མཚར་ལྟ་ན་སྡུག་པ་དག་པའི་ཞིང་། །སྨན་གྱི་གྲོང་ཁྱེར་ཆེན་པོར་མཆོག་སྤྲུལ་གར། །སཱ དྷུ བ རྟི ཀྱ བཻ ར ཌཱུ ཪྻ ར སྨི ཉྩ སཾ བུ དྡྷ ཀཱ རུ ནྱ གཱ མྲྀ ཏྤ ཎ ཤཱ ས ཏུ། །ལེགས་བསྒྱུར་བཻཌཱུརྱ་འོད་རྫོགས་སངས་རྒྱས། །ཐུགས་རྗེ་ཟིལ་དངར་འགྲོ་སྲོག་ཟུངས་འགྱུར་མཛོད། །དྲང་སྲོང་གཉིས་ཀྱི་ཞུ་བ་ཞུས་ལན་ཚིག །མ་སྨད་བྱིན་གྱིས་བརླབས་པ་རྒྱལ་བའི་བཀའ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པའི་རྒྱུད། །ཆོས་ཕུང་རྒྱ་མཚོའི་རབ་དང་ཕུལ་རྩེར་སོན། །དེ་ཚུལ་བཤད་ཅིང་ཉན་པས་འཁྲུལ་མེད་དུ། །གཏན་ལ་འབེབས་པའི་འཕགས་ཡུལ་པཎ་གྲུབ་ཚོགས། །གངས་ཅན་ལྷ་ཡི་རྗེ་བོ་མུ་ཐི་ལིའི། །ཕྲེང་མཛེས་དགེ་འདུན་ལེགས་བྱས་བྱ་བའི་ཞིང་། །ཚེ་ཡི་རིག་གཞུང་སྟོན་འཆང་མཆོག་གསུམ་དངོས། །རིགས་འདུས་སྨན་གྱི་བླ་མ་གཡུ་ཐོགས་པ། །ཡོན་ཏན་མགོན་པོའི་བཀའ་དྲིན་འཇིག་རྟེན་ཁམས། །ཛམྦུའི་གསེར་གྱིས་བཀང་ཡང་གཞལ་ནུས་ཅི། །(༧༦བ)


GLG020_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འཛིན་གདོན་གྱིས་མ་བསླད་མ་འདྲིས་པའི། །སྐྱེ་དགུ་གདུང་བའི་མི་ལུས་སྐད་ཅིག་ལ། །བདེ་སྐྱིད་ལྷ་ཡི་གཟུགས་སུ་བསྒྱུར་ནུས་པ། །གསོ་རིག་བརྒྱ་སྦྱིན་གཙུག་གི་ནོར་བུ་བཞིན། །བྱང་པ་རིགས་ལྡན་བྲང་ཏི་རིམ་བྱོན་དང་། །དྲང་སྲོང་མཉམ་ཉིད་རྡོ་རྗེ་ཟུར་མཁར་བའོ། །བཞེད་སྲོལ་བཤད་བཀའ་ཕྱག་བཞེས་མན་ངག་རྒྱུན། །སྲིན་མཐར་མི་ནུབ་ཕན་བདེའི་དཔག་བསམ་ལྗོན། །གངས་ཅན་ཚངས་པ་རྒན་པོའི་བརྒྱུད་འཛིན་མཁན། །གནད་རིགས་འཚོ་བྱེད་གཙང་སྟོད་ཚ་རོང་པ། །ཚེ་བརྟན་རྡོ་རྗེ་མཆེད་ཀྱིས་ལེགས་ལམ་དུ། །གཟུར་གནས་བློ་གསལ་མང་པོ་བཀྲི་འདི་མཚར། །དེ་ཕྱིར་ཉང་སྨད་ཉི་མ་ཕུང་པོའི་རི། །སྲིན་པའི་རྫོང་ཆེན་བསམ་དོན་ལྷུན་གྲུབ་པར། །འཆི་བའི་དངོས་འཇོམས་རིག་བྱེད་འཛིན་པའི་སྡེ། །བླང་དོར་མ་འདྲེས་ཡོངས་སུ་བསྟར་བའི་ཆེད། །བག་མེད་ཅི་བདེར་རྒྱུ་བ་གླང་པོའི་སྣར། །བཅའ་ཡིག་རྣོན་པོའི་ལྕགས་ཀྱུ་ཉེར་འདེབས་ན། །ཐོས་བསམ་ཤལླི་ཀ་ཡི་ནགས་ཡངས་པོར། །རྣམ་དཔྱོད་ལུས་སྟོབས་རྒྱས་པའི་ཚུལ་འདི་མཚར། །ཞེས་ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པས་སྔུན་བསུས་ཏེ་སྐབས་དོན་གླེང་བར་བྱ་བ་ནི། འཇམ་དབྱངས་ས་སྐྱ་པཎྜི་ཏས། །རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་། །དེ་ལྟར་དགོངས་ནས་རྒྱལ་དང་དེ་སྲས་ཀྱིས། །ཤེས་བྱའི་གནས་ཀུན་སྦྱངས་ཞེས་ལེགས་པར་གསུང་། །ཞེས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་བྱེད་ལ་ཤེས་བྱ་མཐའ་དག་ལ་ལེགས་པར་བསླབ་དགོས་པར་གསུངས་ཤིང་བསླབ་བྱའི་ཡུལ་རིག་པའི་གནས་ཆེན་བཅོ་བརྒྱད་སོགས་སྔོན་གྱི་མཁས་པའི་ལུགས་སྲོལ་མང་ནའང་སྙིང་པོར་དྲིལ་ན། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །(༧༧ན)


GLG020_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མཆོག་ཅི་སེམས་ཐམས་ཅད་མཁྱེན་པ་འཐོབ་མི་འགྱུར། །དེ་བས་གཞན་རྣམས་ཚར་བཅད་རྗེས་སུ་གཟུང་ཕྱིར་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་རིག་པའི་གནས་ལྔ་གསུངས་པའི་ལོག་སྨྲ་ཚར་གཅོད་པ་སྒྲ་ཚད། གཞན་རྗེས་སུ་འཛིན་པ་བཟོ་གསོ། རང་ཉིད་ཀུན་ཤེས་པར་བྱ་བ་ནང་རིག་པ་སྟེ་ལྔ་ལས་ཕྱི་མ་ཉིད་ཀྱིས་ཆོག་གམ་སྙམ་ན། མགོན་པོ་ཞི་བ་ལྷས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི། དངོས་དེ་གང་ཡང་ཡོད་མ་ཡིན། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་རྒྱལ་བའི་སྲས་པོ་རྣམས་ཀྱིས་སེམས་ཅན་གྱི་དོན་སྒྲུབ་པ་ལ་བསླབ་བར་མི་བྱ་བའི་གནས་གང་ཡང་མེད་པར་གསུངས་ཤིང་ཁྱད་པར་གསོ་བ་རིག་པ་ནི། རྟོགས་བརྗོད་རིན་པོ་ཆེ་ལས། བདུད་རྩིའི་ཆུ་གཏེར་མ་བསྲུབས་ཤིང་། །ནོར་རྒྱས་ཐང་ཡང་མ་བཅད་ལ། །རི་བོ་སྒྲིལ་བ་མེད་པར་ནི། །གླང་པོ་འདི་ནི་སུ་ཡིས་བསྐྲུན། །ཞེས་ནོར་རྒྱས་ཀྱིས་སྲུབས་ཐག །ལྷུན་པོས་སྲུབས་ཤིང་བྱས་ནས་ལྷ་རྣམས་ཀྱིས། །རྒྱ་མཚོ་བསྲུབས་པ་ལས་ཉི་ཟླ། །ལྷ་མོ་དཔལ་མོ། གླང་ཆེན་ས་སྲུངས། རྟ་ཐོར་ཐོས། ཆང་རྣམས་བྱུང་བ་རིག་བྱེད་ཀྱི་གཞུང་ནས་བསྟན་ལ། དེ་ཡང་བསྟན་པ་འདིའི་སྔོན་རོལ་དུ་ལྷ་ཤེད་བུ་དང་ཤེད་ལས་མི་རྣམས་ཐོག་མར་བྱུང་བའི་ཚེ་དེ་གཉིས་ཀྱིས་སའི་ཞག་ཟོས་པས་མ་འཇུ་བའི་ནད་ཀྱིས་བཏབ་པར་ཚངས་པས་ཆུ་སྐོལ་བཏང་བས་ནད་པ་ལ་སྔ་བ་ཤེད་བུ་དང་ཤད་ལས། ནད་ལ་སྔ་བ་མ་འཇུ་བ། སྨན་ལ་སྔ་བ་ཆུ་སྐོལ། སྨན་པ་ལ་སྔ་བ་ཚངས་པ་ཞེས་གྲགས་ཤིང་། རྒྱ་མཚོའི་གཏིང་དུ་བདུད་རྩི་ཤེལ་བུམ་གང་འདུག་པ་སྒྲ་གཅན་གྱིས་མཐོང་སྟེ་ལྷ་རྣམས་ལ་སྦྲན་པས་དེ་དག་གིས་རྒྱ་མཚོ་བསྲུབས་(༧༧བ)


GLG020_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་དེར་ཐོག་མར་དུག་ཧ་ལ་ཞེས་བྱ་བ་གདོང་དགུ་པ་གང་གིས་ཀྱང་འདུལ་བར་དཀའ་བ་ཞིག་ཐོན་པ་ཚངས་པས་སངས་རྒྱས་ཀྱི་ལུང་བསྟན་དྲན་ཏེ་ཧཱུྃ་ཞེས་སྡིགས་མཛུབ་མཛད་པས་དེ་ཞིག་ནས་རྒྱུ་དང་མི་རྒྱུ་བའི་དུག་གཉིས་སོང་ཞིང་དེ་རྗེས་སུ་བདུད་རྩི་ཐོན་པ་ལྷ་མ་ཡིན་གྱིས་སྒྲ་གཅན་བརྐུ་བར་བཏང་བ་ལྷའི་བུར་སྤྲུལ་ནས་བདུད་རྩི་འདྲེན་པ་པོ་བྱས་ཏེ་རང་ཉིད་ཀྱིས་བཏུངས་ཤིང་ལྷག་མ་ཁུར་ནས་བྲོས་པར་ཟླ་བས་ལྷ་རྣམས་ར་མདར་སྦྲན་པ་སྒྲ་གཅན་གྱིས་འཁོར་ལོ་འཕངས་པ་ཚངས་པའི་འཁུར་ཚོས་ལ་ཕོག །མེས་པོའི་འཁོར་ལོ་དམ་བཅའ་བཞི་ལྡན་གྱིས་སྒྲ་གཅན་གྱི་སྐེ་བཅད་པའི་ཚེ་ཚངས་པས་རང་གི་རྨའི་ཟུག་རྔུ་དང་སྒྲ་གཅན་གྱི་སྐེ་བཅད་པའི་སྙིང་རྗེས་སྡུག་བསྔལ་རབ་ཏུ་ཞི་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་མཁུར་ཚོས་ལས་ཨོ་ཨ་ཐ་ཞེས་པའི་སྒྲ་བྱུང་བའི་རྐྱེན་གྱིས་སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོས་གསུངས་པའི་གསོད་དཔྱད་འབུམ་སྡེ་དྲན། དེ་ལ་བརྟེན་ནས་ཚངས་པས་གསང་བ་སྙིང་པོའི་དོན་བསྡུས་མཛད་དེ་རིམ་གྱིས་སྐྱེ་དགུའི་བདག་པོ་དང་བརྒྱ་བྱིན་ལ་སོགས་པར་བརྒྱུད་པ་ནི་ལྷའི་ལུགས། བརྒྱ་བྱིན་གྱི་སློབ་མ་རྒྱུན་ཤེས་ཀྱིས་སྨན་གྱི་བསྐོས་བསྟན་པ་དང་། ཙ་ར་ཀ་སྡེ་བརྒྱད་སོགས་དྲང་སྲོང་གི་ལུགས། དབང་ཕྱུག་ཆེན་པོའི་སྐ་རགས་ཀྱི་རྒྱུད་དང་སྐྲ་ཤད་འཛིངས་པའི་རྒྱུད་སོགས་ཕྱི་རོལ་པའི་ལུགས་སུ་གྲགས་ལ། རྡོ་རིང་མཛེས་བྱེད་དུ། གཅིག་ན་རིག་བྱེད་རྫུན་ཡིན་པར། །གཞུང་ལུགས་ཆེན་པོ་འགའ་ལས་བཤད། །མི་གཅིག་ཅེ་ན་སྤྱི་སྒོས་ཀྱི། །གཏམ་རྒྱུད་གང་གིས་སྒོ་ནས་འཆད། །ཅེས་པའང་སྒྲ་ཡངས་པའི་དབང་དུ་བྱས་ན་སྲོག་འཚོ་བའི་ཐབས་མཐའ་དག་ཚེའི་རིག་བྱེད་དུ་སྨྲ་མི་རུང་བ་མིན་ཅིང་། དོག་ན་དཔལ་ལྡན་རྒྱུད་བཞི་སྨན་རྒྱལ་གྱིས་བཀའ་སྩལ་ཕྱིན་གོང་གི་ལོ་རྒྱུས་ལ་བལྟོས་མི་དགོས་པར་སེམས་(༧༨ན)


GLG020_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་འདི་ལ་འོ་སྐོལ་གྱི་སྟོན་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བའི་དང་པོ་བདེན་བཞིའི་ཆོས་འཁོར་གྱི་དུས་འདུལ་བ་སྨན་གྱི་གཞི་གསུངས་པ་ནི་ནད་ཐམས་ཅད་བཀྲིས་པ་དང་འདུ་བ་གཉིས་སུ་བསྡུས། སྨན་ཐམས་ཅད་དུས་རུང་མཐུན་ཚོད། ཞག་བདུན། འཚོ་བའི་བར་བཅད་པ་བཞིར་བསྡུས་པའི་སྔོན་མ་གསུམ་དངོས་བསྟན་གསོ་རིག་ལ་མི་མཁོ་བ་འདྲ་ཞིག་སྣང་ཡང་སྨན་དཔྱད་མཐའ་དག་ལུས་ཡུན་དུ་གནས་པའི་ཐབས་ལས་མ་འདས་པས། ཤེས་སྤྲིང་ལས། ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་པས་ཀྱང་རྟོགས་སམ་སྙམ། བར་པ་མཚན་ཉིད་མེད་པའི་དུས་རྒྱལ་པོ་པདྨའི་དཔལ་གྱིས་དབྱར་གནས་ལ་སྤྱན་དྲངས་པའི་ཚེ་ཤཱ་རི་བུ་དང་འོད་མཛེས་ལ་གཅེར་མཐོང་རིག་པའི་རྒྱུད། གནོད་སྦྱིན་ལག་ན་རྡོ་རྗེའི་གནས་སུ་ལྷ་དང་དྲང་སྲོང་གི་འཁོར་ལ་རྒྱུད་ཤེལ་གྱི་མེ་ལོང་། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་སྐབས་གསེར་འོད་དམ་པའི་ཆུ་འབེབས་ཀྱི་ལེའུ་གསུངས་ཤིང་དུས་དེའི་ཚེ་ཐུབ་པའི་དབང་པོ་སྨན་གྱི་བླའི་རྣམ་པར་བསྟན་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་གྲོང་ཁྱེར་ལྟ་ན་སྡུག །མ་ལ་ཡ་སོགས་རི་བོ་བཞིས་མཚོན་པའི་གནས་ཀྱི་ཁྱད་པར་དཀྱིལ་འཁོར་གྱི་མཐའི་དུར་ཁྲོད་དང་ལྷ་ཀླུ་ལྟར་དེ་དང་། དེའི་མིང་དུ་བཏགས་པ་ལས་དོན། ཧེ་བཛྲ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། རང་གི་ཚོགས་ལྡན་ཉན་པ་ང་། ཞེས་ཐམས་ཅད་གཙོ་བོའི་ཡེ་ཤེས་བཟུང་བྱའི་རྣམ་པར་འཕྲུལ་པ་ཤ་སྟག་ཏུ་གསུངས་པ་དང་འདྲ་བའི་གནས་དེར་སྟོན་པ་ཉིད་ཀྱིས་བྱིན་གྱིས་རླབས་ཤིང་སྤྲུལ་པའི་(༧༨བ)


GLG020_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་རིག་པའི་ཡེ་ཤེས་དང་ཡིད་ལས་སྐྱེས་གཉིས་ཀྱིས་ཞུ་བ་དང་ཞུས་ལན་གྱི་ཚུལ་དུ་བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་རྩ་བཤད་མན་ངག་ཕྱི་མའི་རྒྱུད་འདི་བཀའ་སྩལ་ཞིང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་གསེར་གྱི་ལྗང་ཤོག་ལ་བཻཌཱུརྱའི་ཁུ་བས་བྲིས་ཏེ་གླེགས་བམ་དུ་བྱས་པར་གྲགས་པ་དེའང་མཁས་པ་མང་དག་འདི་ནི་རྗེ་བཙུན་གཡུ་ཐོག་པས་མཛད་པའི་བསྟན་བཅོས་སུ་བཞེད་ནའང་ལུགས་འདི་ལ་གཡུ་ཐོག་པ་རིགས་འདུས་སྨན་པའི་རྒྱལ་པོ་དཀྱིལ་འཁོར་གྱི་གཙོ་བོ་དངོས་ཡིན་པས་དེའི་གསུང་རྒྱུད་མིན་པར་མི་འགྲོ་ཞིང་། ཆ་ལག་བཅོ་བརྒྱད་ཀྱི་ཁོག་དབུག་ལས། བཀའ་མན་ངག་ཡིན་པའི་ཕྱིར། །མན་ངག་གི་ཆེ་བ་དགུ་ཡིས་བཤད། དེ་ལྟར་ཆེ་བ་སུམ་ལྡན་གྱི་རྒྱུད་འདི་ཇི་ལྟར་ཡིན་པའི་ཁུངས་ནི། དང་པོར་རྒྱུད་ཡིན་ཏེ། གླེང་གཞི་གླེང་སློང་ཞུས་པ་དང་། །ཞུ་ལན་ལེའུ་འབྲེལ་བཅས་པ་དང་། །འཁོར་གྱིས་བསྟོད་དང་སྟོན་པས་བསྟོད། །དེ་བདུན་ལྡན་ཕྱིར་རྒྱུད་ཅེས་བྱ། །དེ་ནི་རྒྱུད་ཡིན་ནོ། །ཞེས་དང་། སྟོན་པ་སྨན་གྱི་བླའི་བཀའ་ཡིན་པས་དེ་ལ་ལུང་ཞེས་བྱའོ། །ལུང་དེ་ཡང་ཡིད་ཆེས་བདུན་གྱིས་བཤད་དེ། སྟོན་པའི་ཐུགས་ལས་རྩ་རྒྱུད་བྱུང་བས་རྩ་རྒྱུད་ཆོས་སྐུའི་ལུང་དུ་ཡིད་ཆེས། སྟོན་པའི་སྐུ་ལས་བཤད་རྒྱུད་བྱུང་བས་བཤད་རྒྱུད་ལོང་སྐུའི་ལུང་དུ་ཡིད་ཆེས། སྟོན་པའི་ཡོན་ཏན་ལས་མན་ངག་རྒྱུད་བྱུང་བས་ངོ་བོ་ཉིད་ཀྱི་ལུང་དུ་ཡིད་ཆེས། སྟོན་པའི་འཕྲིན་ལས་ལས་ཕྱི་མའི་རྒྱུད་བྱུང་བས་སྤྲུལ་སྐུའི་ལུང་དུ་ཡིད་ཆེས། སྟོན་པའི་གསུངས་ལས་ཞུ་བ་པོ་དང་དྲང་སྲོང་ཡིད་ལས་སྐྱེས་བྱུང་བས་ཞུས་ཚད་པདྨའི་ལུང་དུ་ཡིད་ཆེས། རྒྱུད་བཞི་སྐུ་ལྔ་ལྷུན་གྲུབ་ཏུ་བྱུང་བས་སངས་རྒྱས་སྨན་བླའི་ལུང་དུ་ཡིད་ཆེས། ཞེས་པས་ལོག་རྟོག་སེལ་བར་མངོན། བཀའ་རུ་བཞེད་པ་ལ་ལ་བསྐྱེད་རྫོགས་དང་དབང་བཞི་བླ་མེད་ལ་ཡིན་པས། (༧༩ན)


GLG020_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

།འདི་བྱ་རྒྱུད་ངོས་འཛིན་པར་མི་དགོས་ཤིང་རིག་གཏད་རྗེས་གནང་བྱ་རྒྱུད་ལ་ཡོད་པ་འདིར་ཡང་ཚང་བའི་རྒྱུ་མཚན་ནི་གཞུང་ལས་ཏིང་ངེ་འཛིན་བསྒོམ་པ། སྙིང་པོ་བཟློ་བ། ཤིས་པ་བརྗོད་པ། རིགས་འཛིན་མཆོད་པ་སོགས་ལ་བརྟེན་ནས་རྗེ་གཡུ་ཐོག་པས་སྨན་བླ་གསང་སྒྲུབ། དྲང་སྲོང་བརྒྱུད་པའི་བྱིན་འབེབས། སྨན་གྱི་ལྷ་མོའི་བཀའ་གཏད་རྣམས་ཡོད་པའི་སྒྲུབ་བྱེད་མཛད་ནའང་རྒྱུད་འདི་ཉིད་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འཚོ་བྱེད་གཞོན་ནུ། དེས་མགོན་པོ་ཀླུ་སྒྲུབ། དེས་དཔལ་ལྡན་པའོ། །དེས་ཁ་ཆེ་པཎ་ཆེན་ཟླ་བ་མངོན་དགའ་ལ་གསུངས་པ་སློབ་དཔོན་འདིས་ཚེའི་རིག་འཛིན་བརྙེས་ཤིང་རྒྱུད་འདི་ལྐོག་ཆོས་དང་ཅ་ར་ཀ་སོགས་གཞུང་། གཞན་རྣམས་ཐུན་མོང་དུ་འཆད་ཉན་མཛད་པར་མ་ཟད་འཕགས་ཡུལ་དང་རྒྱ་ནག་གིས་མཚོན་ཡུལ་གྲུ་གཞན་ཚོར་གསོ་དཔྱད་ཤིན་ཏུ་དར་མོད་བོད་འདིར་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་དུས་རྒྱ་གར་གྱི་སྨན་པ་ཞི་བའི་སྙིང་པོ། རྒྱ་ནག་ནས་སྟོང་གསུམ་གང་བ་དང་བྷཱ་ལ་ཧཱ་ཤང་། ཁ་ཆེ་ནས་གུ་ལ་མཉྫུ། སྟག་གཟིགས་ཧ་ལ་ཤནྟི། གྲུ་གུ་ནས་སེ་དོ་འོད་ཆེན། དོལ་པོ་ནས་ཁྱོལ་པོ་སིའུ། བལ་པོ་ནས་དྷརྨཱ་ཤཱི་ལ་རྣམས་གདན་དྲངས་ཏེ་ཚོད་བགམས་པས་ཐུགས་ཡིད་ཆེས་ནས་མཆིམས་ཕུར་སློབ་དཔོན་ཆེན་པོས་དབང་དང་སྐ་ཅོག་གཉིས་ཀྱིས་ལོ་ཙཱ་མཛད་དེ་སོ་སོའི་གཞུང་མན་ངག་དང་བཅས་པ་བསྒྱུར་བར་མངའ་བདག་དགྱེས་ཏེ། བོད་ཀྱི་རྗེ་བློན་འབངས་བཅས་གུས་པས་ཉོན་འཚོ་མཛད་སྨན་པར་གྱུར་པ་འདི་རྣམས་ལ། བོད་འབངས་མགོ་ནག་ཡོངས་ཀྱི་བཀུར་བར་གྱིས། །ཅི་ཕྱིར་འདིས་ནི་ཚེ་སྲོག་སྟེར་བའི་ཕྱིར། །མགོ་ནག་ཡོངས་ཀྱི་ལྷ་ནི་བཙན་པོ་སྟེ། །དེས་ཀྱང་བཀུར་བས་མཚན་ཡང་ལྷ་རྗེར་ཐོགས། །ཞེས་པ་ནས། བདག་(༧༩བ)


GLG020_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཕུལ་བའི་བཀའ་ཚིགས་བཅུ་གསུམ་པོ། །གང་གིས་འགལ་ཀྱང་ཆད་ལ་བཅད་པར་བྱ། །ཞེས་རྒྱ་ཆེན་བསྔགས་ཤིང་གསོ་བ་རིག་པའི་གཞུང་ལུགས་སྟོད་སྨད་ཀུན་ཏུ་དར་དུས་དེར། ཐང་ཡིག་ལས། ལོ་ཙཱར་བཏགས་ཀྱང་དོན་ལ་པཎྜི་ཏཿ འདི་ཡི་ཆོས་དྲིན་ཡོད་དོ་ཕྱི་རབས་རྣམསཿ ཞེས་པའི་ལོ་ཙཱ་བ་ཆེན་པོའི་བཻ་རོ་ཙ་ནས་ཁ་ཆེ་ཟླ་མངོན་ལ་གསན་ནས་བསྒྱུར་ཏེ་མངའ་བདག་རྒྱལ་པོ་ཕུལ་བ། མཐའ་བཞིའི་གཞུང་ལུགས་འདི་རྣམས་མ་འོངས་སྐྱེ་དགུའི་བློར་ཆུད་དཀའ་བས་དེའི་ཚེ། སྲོག་འཚེའི་སྐྱབས་སྦྱིན་བླ་ན་མེད་པ་ཚིག་ཉུང་དོན་རྒྱས་ཀྱི་རྒྱུད་འདི་ཡིད་བཞིན་གྱི་ནོར་བུ་ལྟར་དགོངས་པ་བཞིན་དཔལ་ཨོ་རྒྱན་ཆེན་པོས་ཆོས་སྐྱོང་ཞང་བློན་རྡོ་རྗེ་བདུད་འདུལ་དང་གཏེར་སྲུང་རྒྱལ་པོ་ཤིང་བྱ་ཙན་ལ་བཀའ་བསྒོས། རྗེ་བཙད་པོས་བསམ་ཡས་དབུ་རྩེ་བར་ཁང་གི་ཀ་བའི་ནང་དུ་གཏེར་དུ་སྦས་ཏེ་སྨོན་ལམ་མཛད་པ་དེ་ནས་ལོ་བརྒྱ་དང་ལྔ་བཅུ་འགྲོ་བའི་ཚེ། ཐང་ཡིག་ལས། ཏའི་དུས་བརྩིགས་པའི་རྩིག་པ་སྡུག་པ་འོངས་པཿ ཇིང་དང་རྒྱ་རྣམས་གྲོག་མ་ཚང་ཞིག་འདྲཿ ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཁ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་། གཏེར་སྟོན་གྲ་པ་མངོན་ཤེས་ཞེས་བྱ་འབྱུང་༔ ས་སྟེང་གནས་གཞི་བརྒྱ་དང་རྩ་བརྒྱད་འགེངས༔ གྲ་མདའ་འདི་ལ་གཙུག་ལག་ཁང་ཞིག་འབྱུང་༔ རྒྱལ་པོས་བཞེངས་པའི་ལྷ་ཁང་བདག་པོ་བྱེད༔ ཅེས་པ་ལྟར་དགེ་བའི་བཤེས་གཉེན་གྲ་པ་མངོན་ཤེས་ཀྱི་སྤྱན་དྲངས་ནས་རིམ་པར་བརྒྱུད་དེ་རྗེ་བཙུན་གཡུ་ཐོག་པ་ཆེན་པོར་བཀའ་བབས་ཤིང་རྒྱུད་ཀྱི་ཤུགས་བསྟན་གྱི་ཆ་ནས་སྨན་རྒྱལ་རིགས་འདུས་ཀྱི་དབང་བཞི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ལམ་ཟབ་མོའི་སྙིང་ཏིག་གི་སྲོལ་ལེགས་པར་ཕྱེ་བས་རྒྱུད་འདི་བྱ་རྒྱུད་དུ་འགྲེལ་བའི་ངལ་བ་མི་དགོས་པར་(༧༩བ)


GLG020_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་མ་ཧཱ་ཡོ་ག་སྒྲུབ་སྡེ་བརྒྱད་ཀྱི་ནང་ནས་ཚེ་མཆོག་བདུད་རྩིའི་རྒྱུད་ཀྱི་སྡེ་ཚན་དུ་བཞུགས་ཤིང་དངོས་བསྟན་དུའང་ཁོག་དབུབ་ལས། སྨོན་པ་ཚད་མེད་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་དེའི་འཇུག་སྒོ་མ་ལོག་སྟེ་ཐེག་པ་གཞན་གྱི་སྒོ་རུ་འཇུག་མི་དགོས་པའི་ཆེ་བ། དམན་ལྷག་ལོག་པའི་མཐའ་དང་བྲལ་བའི་དབུ་མར་བལྟ་ཞིང་ལྟ་སྒྲིབ་པ་མེད་པའི་ཆེ་བ། འཇུག་པ་ཚད་མེད་པ་བཞི་ཉམས་སུ་ལེན་པའི་སྒོམ་ལ་གོལ་ས་མེད་པའི་ཆེ་བ། མི་དགེ་བཅུ་ལ་སོགས་པ་སྨྱོ་འཆལ་ཐོ་ཅོའི་ངན་སྤྱོད་ཐམས་ཅད་དོར་བས་དམ་ཚིག་མ་ཉམས་པའི་ཆེ་བ། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྨན་སྦྱར་ཏེ་བྱིན་པས་སྦྱིན་པ། ཉེས་སྐྱོན་གྱི་དྲི་མས་མ་གོས་པར་བྱེད་པས་ཚུལ་ཁྲིམས། དལ་བྲེལ་ཁྱགས་ལྟོགས་ལ་སོགས་པ་དང་ནད་པའི་ཚིག་བཟོད་པས་བཟོད་པ། ལེ་ལོ་མེད་པར་ནད་པ་གསོ་བའི་བྱ་བ་ལ་བརྩོན་པས་བརྩོན་འགྲུས། སྨན་དཔྱད་ལ་རྟོག་ཅིང་བསམ་པར་བྱེད་པས་བསམ་གཏན། དེ་ལྟར་བཅོས་པས་སྨན་དཔྱད་ལ་ངེས་ཤེས་སྐྱེ་བས་ན་ཤེས་རབ་བོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྐྱེད་པའི་ཚོགས་གཞན་བསག་མི་དགོས་པའི་ཆེ་བ། ཐར་པ་དང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པས་འབྲས་བུ་གཞན་ནས་བཙལ་མི་དགོས་པའི་ཆེ་བ། བཤད་པ་ལག་ལེན་འདི་རང་ལ་ཚང་བ་གསོ་དཔྱད་གཞན་ལ་བལྟོས་མི་དགོས་པའི་ཆེ་བ། དགྲ་ལའང་ཕན་ཐོགས་པས་དགྲ་བོ་གཉེན་དུ་ཆོད་པའི་ཆེ་བ། ཡུལ་ལ་ཕྱོགས་རིས་མེད་པར་ཡུལ་གང་དུ་བསྡད་ཀྱང་གཞན་གྱིས་ཕུད་དུ་འཁུར་བའི་ཆེ་བ། དེ་ལྟར་ཆེ་བ་དགུ་དང་ལྡན་པར་བཤད་པས་སྨན་གྱི་སྦྱོར་སྡེ་དང་དཔྱད་ཀྱི་རིགས་རྣམས་ཀྱི་ནང་ཐུན་མོང་གི་ལག་ལེན་མཚུངས་པ་ལྟར་སྣང་ཡང་(༨༠བ)


GLG020_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྒོམ་སྤྱོད་པའི་ཁྱད་པར་དེ་དག་གིས་ཁྱད་ཞུགས་པ་ཡིན་ལ། གཞན་དུ་ཕྱག་རྒྱ་བ་རྒན་པོའི་ཅི་ཡང་ཡིད་ལ་མི་བྱེད་པ་ལས་ལྷག་པ་སྲིད་རྩེའི་མཐར་ཐུག་ཏུ་འགྲོ་བའི་ཏིང་འཛིན་མུ་སྟེགས་བྱེད་ལ་ཡོད་པས་ཟུར་མཁར་ལེགས་བཤད་འཚོལ་གྱིས། ཆོས་འདི་ཁོ་ནས་མངོན་མཐོ་དང་ངེས་ལེགས་ཐོབ་པའི་གནད་ཨེ་ཡོད། །གཞན་དུ་ཁྲིམས་དང་སྔགས་ལམ་ལ། །མ་བརྟེན་འདི་གཉིས་མེད་པར་གསུངས། །ཞེས་པའི་དོགས་གནས་ཀྱང་རང་སར་གྲོལ་ལམ་སྙམ་ཞིང་མིན་ན་ཐུགས་ཞེན་མཛད་ཡུལ་གྱི་བཀའ་བརྒྱུད་པའི་མགོ་ལ་ཆུ་དྲངས་ཀྱི་དོགས་སོ། །ཧྲིལ་གྱི་དྲིལ་ན། མཇུག་དོན་ཡོངས་གཏད་ལས། རྩ་བ་ཐུགས་ཀྱི་རྒྱུད་འདི་ས་བོན་འདྲ། །འདི་ལས་མ་སྐྱེས་གསོ་དཔྱད་ཡོད་མ་ཡིན། །སྐུ་ཡི་བཤད་རྒྱུད་བར་སྣང་ཉི་ཟླ་འདྲ། །ཚིག་དོན་མ་ལུས་སྒྲིབ་མེད་གསལ་བར་སྟོན། །མན་ངག་ཡོན་ཏན་རྒྱུད་འདི་ནོར་བུ་འདྲ། །དགོས་པ་མ་ཚང་བ་ནི་གཅིག་ཀྱང་མེད། །ཕྱི་མ་འཕྲིན་ལས་རྒྱུད་འདི་ཕ་ལམ་འདྲ། །ནད་ཀྱི་སྟེང་དུ་ཐོགས་པ་ཡོད་མ་ཡིན། །ཞེས་གསོ་བྱའི་ལུས། གསོ་བྱེད་གཉེན་པོ། ཇི་ལྟར་གསོ་བའི་ཚུལ། གསོ་བ་པོའི་སྨན་པ་བཞི་གནད་འགག་ཐམས་ཅད་མདོར་བསྟན་རྒྱས་བཤད་ཀྱི་སྒོ་ནས་མ་ཚང་བ་མེད་པར་བསྟན་པའི་རྒྱུད་འདི་ཉིད་ཀྱི་ཕན་ཡོད་ཀྱང་། ཉི་མའི་འོད་ཀྱིས་ཟླ་སྐར་ཟིལ་གནོན་བཞིན། །རྒྱུད་རྒྱལ་འདི་ཡིས་གསོ་རིག་ཀུན་ཟིལ་གནོན། །འདི་ནི་སྔགས་མེད་པ་ཡི་སྲུང་སྐུད་ཡིན། །འཆི་བདག་བདུད་སྡེ་བཟློག་པའི་འཁྲུལ་འཁོར་ཡིན། །ནད་ཀྱིད་དགྲ་དཔུང་འཇོམས་པའི་དཔའ་བོ་ཡིན། །འདུ་བ་འཕེལ་ཟད་སྙོམ་པའི་སྤྱི་བོ་ཡིན། །དུས་མིན་འཆི་ཞགས་གཅོད་པའི་འཁོར་ལོ་ཡིན། །ནད་ཀྱི་ཟུག་གཟེར་ཅོག་པའི་ཐོ་བ་ཡིན། །(༨༡ན)


GLG020_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་འདམ་ནས་འདྲེན་པའི་ལྕགས་ཀྱུ་ཡིན། །འཆི་བའི་སྲོག་སྐྱོབ་མི་འཇིགས་སྦྱིན་པ་ཡིན། །འཆི་བ་སློང་བྱེད་བདུད་རྩི་བུམ་པ་ཡིན། །ཅེས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་རིས་སུ་མ་ཆད་པའི་ལུས་ཅན་ཀུན་གྱི་སྤྱི་ནོར་རྩི་སྨན་གྱི་ལྗོན་པ་ཆེན་པོ་གང་འདི་སྨན་རྒྱལ་མིའི་གཟུགས་ཅན་གཡུ་ཐོག་ཡོན་ཏན་མགོན་པོ་ནས་དབུས་གཙང་གི་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པའི་འཕྲིན་ལས་ཀྱི་རྒྱུན་རིགས་ལྡན་ཆེན་པོ་རྣམ་རྒྱལ་གྲགས་བཟང་དང་བྲང་ཏི་པ་ཡབ་སྲས་སོགས་བྱང་སྨན་འཚོ་མཛད་མཐའ་ཀླས་པ་དང་ཟུར་མཁར་ཆོས་རྗེ་མཉམ་ཉིད་རྡོ་རྗེ། མཚོ་སྨད་མཁན་ཆེན། ཤཱཀྱ་དབང་ཕྱུག །མཚུངས་མེད་བྱར་ཕོ་པཎ་ཆེན་གྱིས་མཚོན་པའི་དབུས་འགྱུར་ཚེའི་རིག་བྱེད་འཛིན་པ་རྣམས་ཀྱིས་བཤད་པ་ས་བཅད་ཕྱག་ལེན་མན་ངག་སོ་སོའི་ལུགས་བཞིན་རྒྱུན་མ་ཆད་པ་ཞིག་བྱུང་ན་རིས་མེད་པའི་སྐྱེ་དགུ་མཐའ་དག་ལ་འཆི་མེད་ཚེའི་མཆོད་སྦྱིན་བླ་ན་མེད་པར་མཐོང་ནས་དབུས་གཙང་གཉིས་ཀར་འཛུགས་འདོད་ལྷག་བསམ་རྡུལ་བྲལ་གྱིས་སྟོན་ཟླ་ལྟར་དཀར་བའི་ཟེར་གྱི་བློ་བརྩོན་ཀུནྡ་ཡོངས་སུ་བཞད་པའི་ཉང་སྨད་རྫོང་ཆེན་བསམ་གྲུབ་རྩེར་དཔོན་ཚང་ཚ་རོང་པ་ཚེ་དབང་རྣམ་རྒྱལ་སློབ་དཔོན་དུ་བསྐོས་པའི་རྒྱུན་རིགས་ཀྱི་བུ་དྲང་སྲོང་ཚེ་བརྟེན་རྡོ་རྗེ་སྤུན་གྱིས་བཟུང་སྟེ་གསོ་རིག་སློབ་གྲ་དྲང་སྲོང་འདུས་པའི་གླིང་གི་བླང་དོར་ཉམས་སུ་བསྟར་བ་ལ་དབྱར་ཆོས་ཧོར་ཟླ་ལྔ་པའི་ཚེས་གཅིག་ནས་བཙུགས་པའི་བདུན་པའི་གནམ་གང་བར། དགུན་ཆོས་ཟླ་བ་བཅུ་པའི་ཚེས་གཅིག་ནས་གཉིས་པའི་གནམ་གང་བར། དེ་འཕྲོས་ཟླ་བ་བཞི་ཆོས་མཚམས་བྱེད་པར་དུས་ཚེས་སྔ་ཕྱི་གཉིས་ཀའི་ཆོས་ཚུགས་གདོང་སློབ་མ་འཛོམ་པའི་རྫོང་སྡོད་ཕྱག་རྟེན་དང་བཅས་(༨༡བ)


GLG020_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་སྨེད་ངོས་མི་གྲངས་དུ་ཡོད་ཀྱི་ཕོགས་ལེན། སློབ་དཔོན་ལ་ཐོག་མར་འབྱོར་པ་དང་བསྟུན་པའི་འབུལ་ཚན་དང་ལོ་རྗེས་མ་རྣམས་སུ་ཕྱག་རྟེན་སྐབས་སུ་གང་བབ། དུས་ཚེས་ལམ་སླེབས་ན་ཞག་གྲངས་དང་མཉམ་པའི་ཕོགས་ལྡབ་གཅོག །གྲྭ་པར་མ་ཟད་མི་སྐྱ་ཡིན་ནའང་ནག་ཆང་སོགས་དོན་མེད་གཡེང་བས་མི་ཁྱེར་བའི་ཆེད་དུ་དཔེ་འཛིན་སྐབས་སྡོད་ཡུལ་སྤེལ་དཀར་སྦུས་འབྱེད་ཡན། ཤར་སྟེང་བར་སྒོ་ཡས་མས་ཚུན་ལ་གཞན་འདྲེས་མང་པའི་མཚམས་ཆོད་དང་གནང་བ་མ་ཞུས་བར་དེ་ཕན་འགྲོ་འོང་མི་བྱེད། ཤག་ཆེ་ཆུང་དང་བསྟུན་པའི་མི་གྲངས་བརྒྱད་ནས་ལྔ་ཚུན། ཁང་དཔོན་གྱིས་ཁང་དེབ་ནང་བཞིན་ཤག་འདུ་ཁང་། ཐབ་ཚང་ལྡེ་མིག་དང་བཅས་པ་རྩིས་སྤྲོད་གྲུབ་མཚམས་ནས་ཤག་སོ་སོའི་རྒན་པ་རེ་དགེ་རྒན་དུ་བསྐོས་པའི་ཁང་པ་ལ་བག་མེད་ཀྱི་ཆུད་མི་ཟ་བ་བྱེད། སྐད་ལེགས་ཤིང་འདོན་ཆ་ངེས་པ་ཞིག་གིས་དབུ་མཛད་དང་དགེ་རྒན་རྣམས་ཞག་བཅོ་ལྔ་རེས་བསྐོར་གྱི་དགེ་བསྐོས་བགྱིས་ཏེ་སྒྲིགས་རྣམ་གཞག་ལ་ཉེ་འགྱང་སྤངས་པའི་དོ་དམ་ཆེ་བ་བྱེད། དེ་འོག་རྒན་གྲ་རེ་མོས་ཀྱི་ཇ་མར་ལེན་གཏོང་སོགས་སྤྱི་གཉེར་སྤྲེལ་པོ་དང་ཇ་མ་གཅིག་བསྐོས་པའི་རྩིས་ཁྲི་ཐོ་ནང་ལྟར་སྤྲོད། ཇ་ཐུག་དྲུག་རེ་གཏོང་བའི་དགོས་ཆ་སྤྲད་ནས་ནམ་གསེང་ལ་ཐུག་པ། ཚ་རྟིང་སྔ་ཕྱོགས་ཇ།ཉིན་གུང་ཐུག་པ། དགོངས་་ཇ་རྣམས་ཤག་་སོ་སོར་འདྲེན་པར་གཏོང་། ཇ་གཉིས་དགོངས་མོ་འདོན་ཆོས་ལ་ཚོགས། ཇ་ཐུག་སྐོལ་འདྲེན་ལ་ཤ་ཚའི་སྤང་བླང་མ་གཏོགས་རང་འདོད་ཁ་ཁྱེར་གྱིས་ཕུགས་གླེང་བརྗོད་མི་ཡོང་བ་བྱེད། ཉིན་ལྟར་དཔེ་འཛིན་་དབང་པོ་རྣོ་རྟུལ་སྡེ་ཚན་ལྔར་ཕྱེ་སྟེ། གྲ་ཐང་རྒྱུད་བཞི་བར་མར་ཆ་བཞག་པའི་རབ་ཀྱིས་ཡིག་འཕྲེང་བདུན་ནམ་དྲུག །དེ་འོག་གི་ལྔ་འམ་བཞི། དེ་(༨༢ན)


GLG020_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གིས་བཞི་འམ་གསུམ། དེ་འོག་གིས་གསུམ་མམ་གཉིས། ཐ་མས་གཉིས་སམ་གཅིག་རྣམས་བཟུང་དགོས་པར་ཐོག་མར་ཐོ་རེངས་ཚ་དུད་བཏང་བ་དང་བསྟུན་དགེ་རྒན་སོ་སོས་སྐུལ་ལྕག་བྱས་པའི་ནམ་ལང་བར་བཤར་སྦྱང་ནམ་གསེང་ནས་ཉིན་ཕྱེད་མ་ཟིན་བར་སོ་སོའི་རང་མལ་དུ་དཔེ་འཛིན་ལ་འཇུག་ཅིང་དེ་མཚམས་དགེ་རྒན་ཚོས་རྒྱུགས་དང་ཞག་བཅུ་མཚམས་སུ་སློབ་དཔོན་གྱིས་རྒྱུགས་ལེན། གུང་ཚིགས་གྲོལ་ནས་ཉི་མ་ཕྱེད་ཡོལ་བར་གུང་གསེང་བྱེད་པར་མིག་མངས་རྒྱལ་གླིང་དམག་འཁྲུགས་སོགས་བག་མེད་ཀྱི་རྩེ་མོ་མི་བྱ། དེ་ནས་སློབ་དཔོན་གྱི་དྲུང་དུ་ཚོགས་པའི་ཐོག་མར་འདོན་ཆ་སོགས་རིམ་སློབ་བྱས་རྗེས་དབང་པོ་དང་འཚམས་པའི་འགྲེལ་བཤད་མན་ངག་གི་གནད། སྨན་གྱི་སྦྱོར་སྡེའི་གོ་དོན་ངག་སློབ་རྩི་བཞག་འོས་འཚམས་རེ་གཏོང་། ཉི་ཚོད་ཀྱི་བརྡ་དང་བསྟུན་དཔེ་འཛིན་ལ་འཇུག །ཉི་མ་བཞུད་ཙམ་ལ་འཁར་རྔ་བརྡུངས་འཕྲལ་་འདུ་ཁང་དུ་འཆག་པར་གྲྭ་པ་གང་ཡིན་ཟླ་གམ་སོགས་རབ་བྱུང་གི་རྟགས་ལྡན་དང་སྐྱ་བོ་རྣམས་ཀྱང་ཕྱམ་ཙེ་དམར་སེར་གང་རུང་གི་སྟེང་གྱོན་བྱེད་པས་མཚོན་ཀུན་སྤྱོད་གང་ལེགས་ངོས་སྒོ་གསུམ་གཞན་དུ་མ་ཡེངས་པའི་ངང་ནས་སྐྱབས་སེམས། སྨན་བླ་དང་གཡུ་ཐོག་ཡོན་ཏན་མགོན་པོ་སོགས་བརྒྱུད་པའི་གསོལ་འདེབས། སྨོན་ལམ་ཚིགས་བཅད། ཕྱག་འཚལ་ཉེར་གཅིག །ཞང་བློན་གྱི་གཏོར་འབུལ། ཤེས་རབ་སྙིང་པོ། ཚེ་གཟུངས། ཤིས་བརྗོད། ཆོས་སྤྱོད་གང་འཚམ་དང་ཉ་སྟོང་བརྒྱད་གསུམ་ལྟ་བུར་སྨན་བླའི་མདོ་ཆོག་ཆེན་མོ་ཚར་རེ་གཏོང་། རྒྱུན་ཚོགས་གྲོལ་ནས་སོ་སོའི་ཤག་ཏུ་ཁྱུག་ཙམ་ཕྱིན་པའི་མུན་མཚམས་ནས་སྲོད་འཁོར་བར་སོགས་ནམ་རིང་ཐུང་ལ་དཔགས་པའི་འཕྲོས་བརྡ་མ་བྱུང་(༨༢བ)


GLG020_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བར་བདེ་ཡངས་དང་ཐོག་ཏུ་བཤད་སྦྱང་བྱེད་པར་འཁྱམས་རྒྱུག་ལོང་གཏམ་གྱིས་མཚོན་རྣམ་གཡེང་མི་བྱེད། གལ་སྲིད་བྱུང་ན་བརྒྱ་ཕྱག་སོགས་སྐབས་ཐོབ་འགེལ། ཚོགས་དང་བཤར་སྦྱང་ག་དུས་ནད་ཀྱིས་མནར་ན་དགེ་སྐོས་ལ་གནང་བ་ཞུ་བཞིན། རང་འཚམ་གྱིས་བསྡད་ན་བརྒྱ་ཕྱག་གཉིས་རེ་འཚལ། ཞོལ་སོགས་ཉེ་སྐོར་དུ་འགྲོ་བར་སློབ་དཔོན་ལ་མ་ཞུས་པར་མི་འགྲོ། གལ་སྲིད་ཕྱིན་ན་མང་ཇ་རེ་སྐོལ། ཞག་གཅིག་ཕན་ལ་འགྲོ་ཚེ་རྫོང་སྡོད་ལ་དགོངས་པ་ཞུ། ཆོས་ཐོག་ཚུགས་རིང་སྐྱ་བོ་རྣམས་ཀྱང་ནག་ཆང་གི་འབྲེལ་སྤང་ཞིང་སྐྱ་སེར་ཚང་མས་མཛེས་ལམ་བོར་བའི་ཁ་ལག་འཁྲུག་པའི་དཔེ་སྲོལ་ལ་གནོད་པ་སུས་བྱས་ཀྱང་བྱས་ཚབས་དང་བསྟུན་བརྒྱ་ཕྱག་མང་ཇ་གྲངས་བཅད། རྣམ་གཞག་སོགས་འགེལ། ཆོས་མཚམས་ལ་འགྲོ་གདོང་སྔར་བཟུང་རྣམས་ཡང་བསྐྱར་གྱིས་རྒྱུགས་བླངས་པ་ཐོར་བཀོད་གྲྭ་པ་རྣམས་གཞིས་དགོན་སོ་སོར་སློབ་གཉེར་ལས་གཞན་དུ་མ་ཡེངས་པའི་དཔེ་འཛིན་བྱེད་ཅིང་། སྐྱ་བོ་རྣམས་ཀྱང་གསར་འཛིན་མ་ཐུབ་རུང་ཐོར་འཁོད་པ་མ་བརྗེད་པ་བྱས་རྗེས་འཁོར་བསྟུན་སྐྱ་སེར་ཚང་མས་རྒྱུགས་སྤྲོད། གོང་གསལ་སྔར་བཟུང་བརྗེད་པ་བྱུང་ཚེ་ཟླ་གྲངས་ཀྱི་ཕོགས་གཅོད་པའམ་འཁོར་ཞག་རྗེས་མའི་དུས་དཔེ་མཚམས་ལ་སྡོད་པ་གང་རིགས་བྱེད། འཛིན་གྲྭ་མཐོ་ཞིང་ཤེས་རབ་ཆེ་བའི་རིགས་ཆོས་མཚམས་སྐབས་དཔེ་མཚམས་ལ་དམིགས་བསལ་སྒོར་བ་ཚོ་ཆོས་ཐོག་ལས་བརྩོན་གཤིས་སླར་ངོ་སོ་ཐོན་པ་རྒྱུགས་སྤྲོད། རྒྱུན་གཏན་བཙུན་པ་གང་ཡིན་གྲྭ་པའི་སྒྲིགས་དང་མཐུན་པའི་རང་ཚུགས་མ་བོར་བ་དང་སྐྱ་བོ་རྣམས་ཀྱང་པ་ལོ་ཞེ་གཅིག་ལ་སརྦ་མགོ་སོགས་མགོ་སྟབས་དང་ལུས་ཆས་ཡ་མ་ཟུང་གི་རིགས་མི་བྱེད་པར་ཞྭ་འབོག་དོ། གོས་དང་སྟོད་གོས་གཟན་སོགས་ཚོས་མ་ལས་གཞན་པའི་དཀར་པོ་ཁྲ་བོ་མི་གྱོན་(༨༣ན)


GLG020_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གྲི་རིངས་ཐེབ་ཀྲད་ཀྱིས་མཚོན་ཧོར་འདྲའི་རྩིང་སྤྱོད་སྤངས་པའི་གཞེས་ལམ་བྱེས་གསུམ་ཐམས་ཅད་དུ་འཇོལ་ཆས་དང་འདྲེན་པའི་ཀུན་སྤྱོད་ཁོ་ནར་གནས་པ་བྱེད། འོན་ཀྱང་རྣ་རྒྱན་སོགས་བསྙེམས་ཆས་ཀྱི་རིགས་ཤིས་པའི་ཡན་ལག་ཡིན་པས་བྱས་པར་འགལ་བ་མེད། རྒྱུད་བཞི་མ་འཁྲིལ་བར་ལག་ལེན་ལ་འཇུག་ཅིང་རང་རྐྱ་མ་ཕེར་པར་སློབ་མ་བསྟེན་པ་སོགས་མིག་ལྟོས་ལ་གནོད་པའི་རིགས་གཏན་ནས་མི་བྱེད་པས་མཚོན་གསོ་བ་རིག་པའི་གཙུག་ལག་གི་རྒྱུན་བཟང་པོ་བླ་ནས་བླར་འཕེལ་བ་དགོས་རྒྱུ་ཡིན། གསོ་རིག་མ་ལ་ཡ་ལས་ཕན་བདེའི་དྲི། །ལྷག་བསམ་རླུང་གིས་དྲངས་པའི་ངང་པོ་ཆེས། །དུག་གསུམ་དེས་བསྐྱེད་ནད་ཀྱི་ཚ་གདུང་ཀུན། །དྲུང་ནས་འབྱིན་པའི་སྐལ་བཟང་ཐོབ་པར་ཤོག །ཟུག་རྔུའི་དྲི་བཀྲུ་མཐོ་རིས་སྨན་གྱི་ཆབ། །རྣམ་དཔྱོད་རྒྱལ་མཚན་ཏོག་ཏུ་འབར་བའི་འོད། །འགྲོ་གཞན་དོགས་མེད་མི་ཡི་རྟེན་བཟང་པོ། །རྙེད་རྣམས་དགའ་སྟོན་དཔལ་ལ་སྤྱོད་པར་ཤོག །སྨན་གྱི་བླ་མ་དྲང་སྲོང་རིག་པ་འཛིན། །རྡོ་རྗེ་བདུད་འདུལ་གནོད་སྦྱིན་ཡོངས་ཀྱི་རྗེ། །གཏེར་གྱི་སྲུང་མ་ཤིང་བྱ་ཅན་སོགས་ཀྱིས། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །ཅེས་ཉང་སྨད་བསམ་དོན་ལྷུན་གྱིས་གྲུབ་པའི་རྫོང་ཆེན་དུ་ཚེའི་རིག་བྱེད་གསོ་བ་རིག་པའི་གྲྭ་ཚང་དྲང་སྲོང་འདུས་པའི་གླིང་གི་བཅའ་ཡིག་གསོང་པོར་སྤྱོད་པའི་རྒྱུད་མངས་འདི་ནི་ཚ་རོང་དཔོན་ཚང་ཚེ་བརྟན་རྡོ་རྗེས་ས་བོན་དང་བཅས་བསྐུལ་བ་ལྟར་མེ་འབྲུག་ནག་པ་ཟླ་བའི་དཀར་ཆའི་བཟང་པོ་དང་པོའི་ཚེས་ལ་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་རྒྱལ་ཁབ་ཆེན་པོ་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པས་བགྱིས་པ་སིནྡྷིརསྟུ།། །།

ཆོས་སྡེ་ཆེན་པོ་ཞ་ལུའི་སྒྲུབ་མཆོད་བཅོ་ལྔ་གསར་ཚུགས་ཀྱི་བཅའ་ཡིག་ཤེལ་དཀར་མེ་ལོང་སོགས།


GLG020_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ནོ ག ཎ སྱ ཀ ལྤ བཱ ཧཱ ཀཱ ལ ཏི མ ས སྟུ ཏོ ག མེ ཧྲ དུ ཏྤ ཏི བ དུ རྀ རྐྲ ཡཾ མ ཧོ རྨ ཇི རྩ ར དྭི གོ གྲ ཏ པྟ བུ ཥྚ རུ དྲ། གྲངས་མེད་བསྐལ་མང་དུས་ནས་མ་འདྲིས་འགྲོ་ཆེད་ཐུགས་བསྐྱེད་ས་བོན་རྣམས། །བྱ་དཀའ་རླབས་ཆེན་རྒྱལ་སྲས་སྤྱོད་པའི་ཚོགས་གཉིས་དྲོད་གཤེར་དར་དྲག་པས། །དྷ རྨ རཱུ བ ཛ མྦཱུ ར སྱ མ ཉྫ རཱི བ བཻ རྡ མཻ ཥྚ ཤཱ རུ པཱ ལུ ཡོ ཀྟྲྀ དེ བ ཏ སྶུ རཱ བྷཱ བ ཙ ཤ ཪྴ ཎྱ ཤཱ སི དྷ ཤུ བྷྱ ཡ ཙྪ། ཆོས་གཟུགས་ཛམྦུའི་གསེར་གྱི་སྙི་མས་སྲིད་ཞིའི་འདོད་དགུར་ལུས་ཅན་ཀུན། །སྦྱོར་མཛད་ལྷ་ཡི་ལྷར་གྱུར་སྐྱོབ་པ་ཤཱཀྱ་སེང་གེས་དགེ་ལེགས་སྩོལ། །ཁྱོད་བསྟན་ཉི་ཟླ་འཕགས་བོད་མེ་ཞལ་ལམ། །འདྲེན་པའི་རྟ་ལྗང་ལོ་པཎ་མཁས་གྲུབ་ཀྱི། །ངོ་མཚར་སྐྱེས་རབས་ལྗོངས་འདིར་བུ་སྟོན་ཞེས། །ཤེས་བྱ་ཐམས་ཅད་མཁྱེན་དེ་ཕྱག་གི་གནས། །གང་གི་རང་ལུགས་དབྱར་ཆུ་དུས་ངན་དགུན། །ཆེས་ཕྲ་པདྨའི་སྐུད་པའི་སྲོག་ཟུངས་སུ། །བདུད་རྩིའི་ཐིགས་ཕྲེང་སྦྱིན་མཛད་ཚར་ཆེན་ཞབས། །ཡབ་སྲས་བརྒྱུད་པར་བཅས་པ་བསྔགས་བྱའི་གནས། །(༨༤ན)


GLG020_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་འཇམ་དཔལ་དབྱངས་དངོས་བྱང་གླིང་རྗེ། །རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་ཕྱག་བཞེས་ནོར། །སྩོལ་ལ་སྤྲུལ་པའི་ཟློས་གར་ཞ་ལུ་པ། །རིན་ཆེན་བསོད་ནམས་མཆོག་གྲུབ་རིགས་ཀྱི་བདག །མགོན་དེས་སྤྱི་དང་བྱེ་བྲག་ལུང་རྟོག་རྒྱུན། །ཐུབ་བསྟན་རྒྱ་མཚོའི་ཕ་མཐའ་རྙེད་དུས་སུ། །ཆད་མེད་འབབ་ཕྱིར་གསར་བསྐྲུན་རྣམ་དཀར་གྱི། །འཕྲིན་ལས་ནམ་མཁའ་སྐ་རགས་མས་མཚོན་མིན། །ཆེས་དཀོན་བྱ་དཀའ་རྣལ་འབྱོར་རྒྱུད་སྡེའི་ཚུལ། །བག་ལ་ཞ་བའི་རི་མོ་རྙིང་པ་དེང་། །སྔོན་རབས་མཁས་པའི་བཞེད་སྲོལ་སླར་གསལ་ལ། །གཟུར་གནས་དཔྱོད་ལྡན་སྙིང་པོ་བདུད་རྩིའི་དཔྱིད། །ཁྱབ་བདག་རྡོ་རྗེ་སེམས་དཔའ་མིའི་གཟུགས་ཅན། །དབང་ཕྱུག་རབ་བརྟན་ཁུད་བོན་སྒྲུབ་ཁང་པ། །བཀའ་དྲིན་ཟླ་མེད་བླ་མ་རྣམ་གསུམ་གྱི། །ཐུགས་དགོངས་ཆོས་ཀྱི་དབྱིངས་སུ་རབ་རྫོགས་ཤིང་། །གངས་ཅན་དཔལ་མོའི་མངལ་དུ་ཉེར་སྦྲུམ་པ། །མདོ་སྔགས་ལུགས་སྲོལ་ལེགས་འཛིན་ཙན་དན་ལྗོན། །ཕན་བདེའི་དྲི་བསུང་དངར་པོས་སྐྱེ་རྒུ་ཀུན། །སིམ་པའི་ཚོར་བ་མྱོང་ལ་སྦྱོར་དེ་རྨད། །རྒྱུད་ལྡན་རྡོ་རྗེ་སློབ་དཔོན་སློབ་མར་བཅས། །སྔགས་རྒྱ་ཏིང་འཛིན་ཕྱག་ལེན་འཁྲུལ་བྲལ་གྱི། །བགྲང་ཡས་དཀྱིལ་འཁོར་སྒྲུབ་ཅིང་ཉེར་མཆོད་པ། །བསོད་ནམས་རྒྱ་མཚོའི་ཞིང་ལས་དམིགས་སུ་མེད། །འོན་ཏེ་སྟ་གོན་མ་ཚང་གཟེར་དཀྱིལ་ལ། །སྒྲུབ་མཆོད་ཚུལ་བཞིན་མ་བགྱིས་རྩིང་པོའི་སྤྱོད། །རྣམ་དག་བསྟན་པའི་བགྲང་བྱར་འོས་མིན་འབྲས། །ཚད་ལྡན་སྲོལ་ལ་རས་དཀར་སྣུམ་ཞུགས་བཞིན། །དེ་ཕྱིར་མིག་རྐྱེན་ངན་དཔེར་མི་འཛིན་པ། །འཛོལ་མེད་བླང་དང་དོར་བྱ་མ་ལུས་གཟུགས། །མངོན་སུམ་འཆར་(༨༤ན)


GLG020_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བཅའ་ཡིག་ཨཱདཪྴར། །རྗེས་འབྲངས་གཟིགས་མོར་དངར་རོ་ལག་ཏུ་ལོང་། །དེ་ཡང་འཇམ་དབྱངས་ས་སྐྱ་ལོ་ཙཱ་བས། །མཆོད་བསྟོད་འདུད་པའི་བདག་ཉིད་ཅན། །ཤིས་པ་བརྗོད་སོགས་མི་འགལ་ཏེ། །ཐམས་ཅད་དུ་ཡང་སྟོན་པ་ཡི། །ཆེ་བ་འབའ་ཞིག་སྟོན་ཕྱིར་རོ། །ཞེས་གསུངས་པ་ལྟར་ཡུལ་ཁྱད་པར་ཅན་ལ་བརྟེན་ནས་ཤིས་པ་བརྗོད་པ་དང་བསྟོད་ཚིག་གི་མེ་ཏོག་མནྡར་འཐོར་བ་སྔོན་དུ་འགྲོ་བའི་སྒོ་ནས་གླེང་བར་བྱ་བ་ནི། འོ་སྐོལ་གྱི་སྟོན་པ་སྒྲིབ་གཉིས་ཀྱི་དགྲ་ཚོགས་མ་ལུས་པ་བཅོམས་ཤིང་ཡོན་ཏན་མཐའ་དག་མངོན་དུ་མཛད་ཟིན་པའི་འདྲེན་པ་མཉམ་མེད་ཟས་གཙང་གི་སྲས་པོའི་བསྟན་པ་རིན་པོ་ཆེ་ནི། ཇི་སྐད་དུ། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་རིས་སུ་མ་ཆད་པའི་འགྲོ་བ་མཐའ་དག་ཐོག་མ་མེད་པ་ནས་ལས་དང་ཉོན་མོངས་པའི་དབང་གིས་སྡུག་བསྔལ་གསུམ་གྱི་ཟུག་རྔུ་དྲག་པོའི་ནད་ཀྱིས་བཏབ་པ་རྩ་བ་ནས་ཕྱུངས་ཏེ་ཞི་བར་བྱེད་པ་དམ་པའི་ཆོས་ཀྱི་རྩི་སྨན་ལ་བརྟེན་ནས་སྲིད་པ་དང་ཞི་བའི་ཕན་བདེ་མ་ལུས་པ་འབྱུང་བའི་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལུས་ཅན་རྣམས་ཀྱི་ལེགས་བྱས་ཀྱི་ཞིང་དམ་པར་བླ་ནས་བླར་བསྐུར་བའི་སྲི་ཞུ་དང་བཅས་ནས་སེམས་ཅན་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་དུ་ཡུན་རིང་པར་གནས་པར་འགྱུར་བར་གསུང་པ་མཁས་དབང་པཎྜི་ཏས། མངོན་པར་འདོད་པའི་དངོས་པོ་ལ། །སྨོན་པ་ཤིས་པ་བརྗོད་དེ་དཔེར། །ཞེས་བཤད་མ་ཐག་པའི་འདོད་པའི་དོན་དེ་འགྲུབ་པར་གྱུར་ཅིག་པའི་སྨོན་ལམ་དུ་མཛད་པ་ཡིན་ལ། དོན་ཆེན་པོ་དང་ལྡན་པའི་ལུང་རྟོག་ཀྱི་བསྟན་པ་རིན་པོ་ཆེ་དེ་ཡང་།(༨༤བ)


GLG020_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་བསམ་སྒོམ་པ་དར་བའི་ཡུལ་ནི། འགྲེལ་ཆེན་དྲི་མེད་འོད་ལས། འཛམ་བུའི་གླིང་ཆེན་པོ་ཟླུམ་པོའི་རྣམ་པ་ཞེང་དུ་དཔག་ཚད་འབུམ་ཕྲག་གཅིག་དང་འཁོར་ཡུག་ཏུ་འབུམ་ཕྲག་གསུམ་ཡོད་པ་གང་ཏུ་མི་རྣམས་གནས་པ་དེ་ནི་ལས་ཀྱི་ས་དང་དྲུག་ནི་ལོངས་སྤྱོད་ཀྱི་སར་རིག་པར་བྱའོ། །འཛམ་བུའི་གླིང་ནི་ལན་ཚའི་རྒྱ་མཚོའི་ངོགས་ན་སྟེ་ལྷག་མ་ནི་ཆང་ལ་སོགས་པའི་ངོགས་ནའོ། །ཞེས་རི་རབ་ལྷུན་པོ་རྡོ་རྗེའི་དབྱིབས་ཅན་དུ་ཡོད་པའི་རྭཱའི་འོག་ཏུ་ལོངས་སྤྱོད་ཀྱི་སའི་གླིང་དྲུག་དང་དེའི་ཕྱི་རོལ་ཏུ་གླིང་བཞི་གླིང་ཕྲན་བརྒྱད་འཛམ་གླིང་ཆེན་པོར་གྲགས་པ་ལས་ཀྱི་ས་པར་གསུངས་ཤིང་དེ་དང་མཐུན་པར་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། འཛམ་བུ་གླིང་ནི་ཆེན་པོ་ཡི། །དུམ་བུ་བཅུ་གཉིས་ཀྱི་ནི་དབུས། །ཞེས་བཤད་ལ་ཤིང་འཛམ་བུའི་སྒྲ་ལ་བརྟེན་ནས་དེ་ལྟར་འཆད་པའི་རྒྱུ་མཚན་ཡོད་ནའང་འདི་པའི་ལུགས་ལ་འདོད་རྒྱལ་གྱི་མིང་ལས་སྒྲ་བཤད་རྒྱུ་མེད་ཅིང་འདུལ་མངོན་སོགས་གསུང་རབ་སྤྱི་སྐད་དུ། ལྷོ་ཕྱོགས་ཀྱི་གླིང་འདི་ཉིད་ལ་འཛམ་བུའི་གླིང་ཞེས་པ་ལས་འཛམ་གླིང་ཆེ་ཆུང་གི་ཐ་སྙད་མ་གསུངསས་ཤིང་། མདོ་རྩ་བར་མི་མ་ཡིན་པའི་འགྲོ་བ་པ་དང་། བྱང་གི་སྒྲ་མི་སྙན་པ་སྡོམ་པའི་ཞིང་མ་ཡིན་ནོ་ཞེས་དང་། སྡོམ་གསུམ་དུ། གླིང་གསུམ་སྐྱེས་པ་བུད་མེད་ལས། །འགྲོ་བ་གཞན་ལ་སྡོམ་པ་བཀག །ཅེས་བྱང་སྒྲ་མི་སྙན་པར་སོ་ཐར་གྱི་སྡོམ་པ་མི་སྐྱེ་བར་བཤད་ཅིང་། མཛོད་དུ། སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། ཅེས་ལས་ས་མ་ཡིན་པའི་འཆད་ཚུལ་དང་ལུགས་གཅིག་ལ་སྡོམ་འབྱུང་ལས། ཤར་གྱི་ལུས་འཕགས་བ་ལང་སྤྱོད། །དེ་བཞིན་བྱང་གི་སྒྲ་མི་སྙན། །གླིང་གསུམ་པོ་ཡི་མི་རྣམས་ནི། །ལོངས་སྤྱོད་ཆེན་པོས་ཡང་དག་(༨༥ན)


GLG020_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ། །རྣམ་རྟོག་མེད་ཅིང་རྟོག་དཔྱོད་མེད། །བླུན་རྨོངས་བྱེ་བྲག་མི་ཕྱིད་པའོ། །འཛམ་བུ་གླིང་དུ་ལེགས་སྐྱེས་པ། །ལས་ཀྱི་ས་པར་རབ་ཏུ་གྲགས། །ལེགས་བྱས་ཉེས་པར་བྱས་པའི་ལས། །མཆོག་དང་འབྲིང་དང་ཐ་མ་ཡི། །སྐྱེ་བ་སྔ་མའི་རྣམ་སྨིན་འདིར། །སྐྱེ་བོ་ཀུན་ལ་མཐོང་བར་འགྱུར། །ཞེས་ལས་ཀྱི་ས་པ་ལྷོ་འཛམ་བུའི་གླིང་འདི་ཉིད་ལ་ངོས་གཟུང་ཞིང་། །མཁའ་འགྲོ་རྒྱ་མཚོ་དུས་འཁོར་དང་དགོངས་པ་མཐུན་པར་བཀྲལ་བའི་འཛམ་གླིང་ཆུང་ངུ་འདི་དུམ་བུ་བཅུ་གཉིས་ཀྱི་གཙོ་བོར་བཞག་ནས་འདས་པའི་སངས་རྒྱས་རབས་བདུན་ནུབ་གླིང་ནས་བཟུང་གླིང་དུམ་བུ་བཅུ་གཉིས་སུ་རིམ་བཞིན་འཁོར་བ་ལས་བསྐལ་པ་བཞིན་གྱིས་སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཅན། ཐམས་ཅད་སྐྱོབ་གསུམ་འདས་རྗེས་སུ་བསྐལ་པ་བཟང་པོ་འདིའི་གླིང་བཅུ་གཉིས་ཀྱི་འགྲོ་བའི་དོན་དུ། འཁོར་བ་འཇིག །གསེར་ཐུབ། འོད་སྲུངས། ཤཱཀྱ་ཐུབ་པ་བཞི་སྐྱེ་བ་བཞེས་པའི་བཞི་ལ་ཤཱཀྱའི་རིགས་སུ་འཁྲུངས་པས་མཁའ་འགྲོ་རྒྱ་མཚོར། །འཛམ་བུ་གླིང་ནི་ཆུང་ངུ་འདིར། །བདག་ནི་ཤཱཀྱའི་རིགས་རྗེས་འགྲོ། །ཞེས་གསུངས་པའི་རང་ཅག་གི་སྟོན་པ་ཤཱཀྱ་དོན་གྲུབ་པ་ནི། ལུང་ལས། མཉན་ཡོད་གནས་བཅས་ཙམ་པ་ཀ །ཝ་ར་ཎཱ་སིར་ཡངས་པ་ཅན། །རྒྱལ་པོའི་ཁབ་དང་དྲུག་པོ་ནི། །དེ་དག་གྲོང་ཁྱེར་ཆེན་པོར་གྲགས། །ཞེས་ཡུལ་གྲུ་ཆེན་པོ་དྲུག་གི་ཆ་ཤས་སེར་སྐྱའི་རྒྱལ་ཁབ་ཆེན་པོར་ཟས་གཙང་མའི་སྲས་སུ་སྐུ་བལྟམས་ནས་རྡོ་རྗེ་གདན་གྱི་སྤོ་ལ་ཐེག་པ་འོག་མ་ལྟར་ན་ཟད་མི་ཤེས་པའི་ཡེ་ཤེས་མངོན་དུ་མཛད་པའམ་གོང་མའི་ལུགས་ལ་མཆོག་གི་སྤྲུལ་པའི་སྐུར་མངོན་འཚང་རྒྱ་བའི་ཚུལ་བསྟན་པ་བཞིན་འདས་པ་དང་མ་(༨༦ན)


GLG020_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་དེ་ལྟར་དུ་མཛད་པའི་བྱིན་རླབས་ཀྱིས་བསྐལ་པ་འཇིག་པའི་དུས་མངོན་པ་བའི་ལུགས་ལ་མཁའ་ལ་ཟོ་བ་བཏགས་པ་བཞིན་གཞོམ་གཞིག་དང་བྲལ་བར་གནས་ཤིང་གོང་དུ་བཤད་པའི་ཡུལ་དེ་དག་གི་མ་འགྱུར་བའི་ལྟེ་བ་ལྟ་བུར་ཡོད་པས་མ་དྷྱ་ག་ཏ་དྷ་ར་ཞེས་པ་ཙནྡྲ་པ་ར་པྲྀ་ཥོ་དྷ་རའི་བསྡུ་བ་བྱས་པས་མ་ག་དྷ་ཞེས་དབུས་འགྱུར་འཆང་དུ་གྲགས་པ་འདི་ཉིད་འཇམ་གླིང་གི་ལྟེ་བར་བྱས་པའི་ཡུལ་གྲུའི་དབྱེ་བ་དུས་འཁོར་ལས། འཕགས་ཡུལ་བོད་ལི་རྒྱ་ནག་དང་། །ཀཻ་ལ་ཤ་དང་གངས་ཅན་ཆེ། །ཞེས་དྲུག་ཏུ་གསུངས་པའི་བསྟན་པ་རིན་པོ་ཆེ་འཕགས་པའི་ཡུལ་དུ་པཎ་གྲུབ་རྣམས་ཀྱིས་ཉི་ཟླ་ལྟར་གསལ་བར་མཛད་པ་ལས་བྱང་ཕྱོགས་སུ་དར་བ་ནི་འཇམ་དཔལ་རྩ་རྒྱུད་ལས། །ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་འདི་ཐོག་མར་མཚོས་གང་བ་རིམ་གྱིས་བྲི་ནས་སཱ་ལའི་ལྗོངས་སུ་གྱུར་བར་རྒྱལ་བུ་རུ་པ་ཏི་དཔུང་བཅས་བུད་མེད་ཀྱི་ཆས་སུ་ཞུགས་ནས་འོངས་པ་ལས་མཆེད་པར་ཡང་བཤད་ཅིང་། ཡོངས་སུ་གྲགས་པ་སྤྱན་རས་གཟིགས་དང་སྒྲོལ་མས་བྱིན་གྱིས་བརླབས་པའི་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་འཕེལ་བའི་རུས་ཆེན་བཞི་འམ་དྲུག་སོགས་རིམ་གྱིས་མཆེད་དེ་མིའི་རྒྱལ་ཁམས་སུ་གྱུར་པ་དབུས་སུ་བྱས་པའི་ཤར་དུ་རྒྱ་ནག་དང་ཁྲི་སྟན། ལྷོར་རྒྱ་གར་དང་ཁ་ཆེ། ནུབ་ཏུ་སྟག་སྡེ་དང་གཟིགས་ཡན། བྱང་དུ་ཁྲོམ་དང་གེ་སར་གྱིས་བསྐོར་བས་ཡུལ་གྲུ་ཆེན་པོ་དགུར་གྲགས་པའི་ནང་ནས་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཕལ་ཆེར་སྤྲུལ་པའི་གང་ཟག་ཏུ་བཤད་ཅིང་། རྗེ་ཐོ་རི་གཉན་བཙན་གྱི་དུས་དམ་པའི་ཆོས་ཀྱི་དབུ་བརྙེས་མངའ་བདག་སྲོང་བཙན་(༨༦བ)


GLG020_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སྒམ་པོའི་དུས་གསེར་གྱི་ལྷ་ཇོ་ཤཱཀ་རྣམ་གཉིས་གདན་དྲངས་ནས་ར་ས་འཕྲུལ་སྣང་སོགས་གཙུག་ལག་ཁང་རྟེན་དང་བཅས་པ་མང་དུ་བཞེངས་ནས་སྲོལ་བཏོད། ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་གཉིས་སོགས་ལོ་པཎ་རྣམས་བླའི་མཆོད་གནས་སུ་བཀུར་ཟན་གཡང་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཤིང་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་དམ་པའི་ཆོས་དར་བར་མཛད། རྗེ་ཁྲི་ལྡེ་བཙུག་བརྟན་གྱི་དུས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་སོགས་བསྟན་པ་སྔ་དར་ལ་རྒྱལ་པོ་སྡིག་ཅན་གྱིས་གནོད་པས་འཕེལ་གྲིབ་བྱུང་ནའང་སླར་བསྟན་པའི་མེ་རོ་སྟོད་སྨད་གཉིས་ནས་གསོས་ཏེ་སོ་སོ་ཐར་པའི་བསྟན་པའི་རྩ་བ་ཚུགས། པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཤྲཱི་ཇོ་བོ་ཆེན་པོ་དཱི་པཾ་ཀཱ་ར་ཀ་སྨི་རའི་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་སོགས་པཎ་གྲུབ་དུ་མ་དང་། འཇིག་རྟེན་གྱི་མིག་གཅིག་པུ་རིན་ཆེན་བཟང་པོ་དང་བླ་ཆེན་འབྲོག་མི་ཤཱཀྱ་ཡེ་ཤེས་སོགས་མཁས་པ་གྲངས་མེད་པ་བྱོན་ཏེ་འཆད་ཉན་གྱི་སྒོ་ནས་བསྟན་པ་སྤེལ་བར་ཕྱི་དར་དུ་གྲགས་པ་དེ་ཡང་བསྟན་པ་སྔ་དར་གྱི་དུས་ཁྲི་ལྡེ་འོད་སྲུངས་ཀྱི་སྲས་དཔལ་འཁོར་བཙན། དེའི་སྲས་མཆེད་གཉིས་བྱོན་པའི་ཆེ་བ་སྐྱིད་ལྡེ་ཉི་མ་མགོན་སྟོད་དུ་བྱོན་ནས་མངའ་རིས་ཀྱི་རྒྱལ་པོ་མཛད། དེ་ལ་སྲས་གསུམ་བྱུང་བ་སྟོད་ཀྱི་མགོན་གསུམ་དུ་གྲགས། སྐྱིད་ལྡེའི་གཅུང་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དབུས་ནས་སྤྱུགས་པ་གུང་ཐང་མན་ལ་ཆགས། དེ་ལ་སྲས་གསུམ་བྱུང་བར་སྨད་ཀྱི་ལྡེ་གསུམ་དུ་གྲགས་པའི་ཆུང་བ་སྐྱིད་ལྡེ་བཞད་རྟ་ནག་ཕྱོགས་སུ་ཕོག་པ་ལ་སྲས་དྲུག་བྱུང་བའི་ལྔ་བྱང་ཕྱོགས་སུ་ཡོད་ཅིང་། གཅིག་གྲུམ་པ་ཤ་བ་སྲས་ཉང་ཡུལ་རྣམས་ཀྱིས་བདག་མཛད་པར་ཉང་ཡུལ་དུ་སྲས་ཁྱུང་རྩད། འདྲེ་རྩད། ལྕེ་རྩད་གསུམ་གྱིས་དབུས་གཙང་རུ་བཞིར་(༨༧ན)


GLG020_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ལས་སུམ་རྩེན་ཡུལ་ལ་འགྲན་པ་རུ་ལག་ཉང་སྟོད་སྨད་ཀྱི་སའི་ཆ་སོ་སོར་བགོས་ཏེ་བཟུང་ནས་མི་རིང་བར་དར་གུད་བྱུང་མཐར་ཆུང་བ་ལྕེ་རྩས་བསྐྱངས། ཉང་སྟོད་གཞུང་ཕལ་ཆེར་ཞིང་ལ་ཐག་མ་དང་ཆུ་མིག་ལ་བརྟེན་པ་ལས་མེད་པར་ལྕེ་རྩད་ཀྱི་ས་རྣམས་བེད་ཆད་པའི་ཕྱིར་ཉང་སྟོད་དུ་རྩ་རྣམས་ཀྱི་རྒྱལ་རྐ་དང་། ལྷོ་རྒྱུད་དུ་ཡང་ཡུལ་བཞེངས་ཀྱི་འོར་རྐ་བྱ་བ། ཉང་སྨད་བྱང་དུ་པ་ཚབ་རྐ་མོ་ཆེ། ལྷོ་རུ་སྣ་ནམ་རྐ་མོ་ཆེ་རྣམས་བཟོས་པར་རྐ་སོ་སོའི་འོག་ནས་སོན་ཁལ་ཁྲི་ཕྲག་རེ་ཐོན་པའི་རྐ་རྣམས་མ་འཇགས་བར་བསྲུང་མི་སྡོད་སར་རྒྱ་ཁྲོམ་ལྕེ་མཁར་དང་། པ་ནམ་ལྕེ་མཁར་གཉིས་བརྩིགས་པ་སོགས་སྟོབས་འབྱོར་རྣམ་དཔྱོད་ཕྱག་རྗེས་ནན་ཏར་ཆེ་བའི་ལྕེ་རྩད་ཀྱི་གདུང་བརྒྱུད་ཁ་ཡར་སོང་བའི་རིགས་ལྕེ་གཡུ་འབུམ་གྱི་སྲས་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ལོ་སྟོན་རྡོ་རྗེ་དབང་ཕྱུག་ཅེས་པས་མདོ་སྨད་ནས་སྡོམ་པ་བླངས་ཤིང་ཆོས་མང་དུ་ཞུས་ནས་བོད་དུ་བྱོན་པའི་ཉེ་གནས་མཛད། བསྟན་པ་ཕྱི་དར་གྱི་ཐོག་མ་ལ་ངོས་འཛིན་ལུགས་མི་མཐུན་པ་མང་ནའང་མེ་བྱ་ལ་བྱུང་པའི་དབང་དུ་བྱས་པའི་ཕྱི་ལོ་ལོ་སྟོན་དང་ལྕེ་དཔོན་སློབ་གཉིས་ཀྱིས་རྒྱན་གོང་གི་གཙུག་ལག་ཁང་བརྩེགས། དེ་རྗེས་ཞྭ་ལུར་བྱུང་བར་བརྟེན་རྡོ་རྗེ་འཆང་ཚར་པ་ཆོས་རྗེས། ཁ་བ་ཅན་ལྗོངས་བསྟན་པ་ཕྱི་དར་གྱི། །ཤིང་རྟའི་སྲོལ་འབྱེད་ལོ་སྟོན་རིན་པོ་ཆེ། །གཙུག་ལག་ཁང་ཆེན་འདེབས་མཛད་ལྕེ་བཙུན་སོགས། ཞེས་ཞ་ལུའི་མ་དགོན་རྒྱན་གོང་ཡིན་ཞིང་ལྕེ་བཙུན་ལོ་སྟོན་གྱི་མཁན་བུ་འགོ་པ་ཡེ་ཤེས་གཡུང་དྲུང་ལ་བསྙེན་པར་རྫོགས་ཀྱང་སླར་རྒྱ་གར་རྡོ་རྗེ་གདན་དུ་འཇིགས་མེད་འབྱུང་གནས་སྦས་པར་སྡོམ་པ་བསྐྱར་བཞེས་མཛད་(༨༧བ)


GLG020_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་དགོན་འཕགས་ཡུལ་རྡོ་རྗེ་གདན་ལས་འཆད་པའི་ཚང་པའི་བུ་དགོན་བོད་གྱི་རྡོ་རྗེ་གདན་ཞ་ལུ་གསེར་ཁང་དུ་གྲགས་པ་བཞེངས་པའི་རྒྱུ་མཚན་གསེར་སྡིངས་ཀྱི་བག་མ་ལ་གོང་དུ་བྱོན་ནས་འགྲུལ་མི་ཀུན་ལ་གཙུག་ལག་ཁང་ཡ་གི་སུས་བཞེངས་དྲིས་པར། ལོ་སྟོན་གྱིས་བཞེངས་ཟེར། དེ་བཞིན་ཚོང་འདུས་ཀྱི་དབུ་རྩ་བྲག་ཁ་ནས་དྲིས་པས་ཀྱང་ལན་སྔར་བྱུང་བ་ནས། ད་རང་གིས་བཞེངས་པ་ཞིག་དགོས་སྙམ་སྟེ་ལྕེ་བཙུན་གྱིས་བདག་ལྷ་ཁང་ཞིག་བཞེངས་བར་འཚལ་བས་ཉིད་ཀྱིས་མདའ་འཕངས་པ་གར་སླེབས་སུ་བརྩིག་པ་ལགས་ཞུས་ལན་དུ་ད་ལྟར་བྱ་ཞེས་གསུང་པ་ན་ལོ་སྟོན་མཐུ་ཆེ་བས་ཡུལ་ཐག་རིང་ཞིག་ཏུ་སླེབས་དོགས་ནས་མདའ་ནང་གསེར་གྱིས་བཀང་སྟེ་ཕུལ་བ་འཕངས་པ་ད་ལྟའི་དབུ་རྩེ་རྙིང་པའི་ཐོད་དུ་དཔལ་ཁའི་ཞ་ལུ་ཞིག་ལ་ཐེབས་པས་ཕུན་ཚོགས་མྱུ་གུ་གསར་པ་བཞིན་དུ་སྡེ་ཡར་རྒྱས་ཡོང་བའི་རྟེན་འབྲེལ་འགྲིག་ཅིང་། མདའ་དེ་དབུས་སུ་བཞུགས་པའི་མཆོད་རྟེན་ལ་མདའ་འབུམ་དུ་གྲགས། གོང་གི་རྒྱུ་མཚན་དེ་དག་ལ་བརྟེན་ནས་དཔལ་ཞ་ལུ་གསེར་བཀང་ངམ་ཡང་ཡུམ་ཆེན་མོའི་ལྷ་ཁང་གི་ལྷ་ཐམས་ཅད་ལ་གསེར་བྱུགས་པས་གསེར་ཁང་ཡིན་ཡང་ཟེར། གང་ལྟར་རྒྱན་གོང་བཞེངས་ནས་ལོ་སུམ་ཅུ་སོང་བ་མེ་ཡོས་ལ་སྡེ་འདི་ཉིད་བརྩིགས་པའི་དབུ་རྩེ་ནུབ་མའི་ལྷོ་བྱང་གཉིས་དང་། ཤར་མའི་ཡུམ་ཆེན་མོའི་སྟེང་མན། འོག་གི་མགོན་ཁང་བྱེད་ས་སྒོ་ཁང་རྒྱུན་ལམ། དབུ་རྩེ་ལྷོ་མར་རྒྱུ་རིན་པོ་ཆེ་དང་སྨན་སྣ་ཚོགས་ལས་གྲུབ་པའི་ཐུགས་རྗེ་ཆེན་པོའི་སྐུ་རྣམས་བཞེངས། དེས་ལུང་བསྟན་པ་ལྟར་རྒྱ་གར་དུ་བྱོན་ནས། ཇོ་བོ་ཁཪྶ་པཱ་ཎིའི་སྐུ་ཁྱད་འཕགས་གདན་དྲངས་པ་ཆུ་བོ་གངྒཱའི་འགྲམ་ནས་མི་ཉིས་འགྱུར་ལས་ཆེ་བའི་མོན་ནག་ཅིག་(༨༨ན)


GLG020_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཞ་ལུའི་བར་ཁུར་བ་མགོན་པོ་བེང་གི་སྤྲུལ་པ་ཡིན། ཇོ་བོ་ཆེན་པོ་དཔལ་མར་མེ་མཛད་གདན་དྲངས་ནས་རབ་གནས་ཞུས་པས་ཡུམ་ཆེན་མོའི་སྤྱན་ལ་མེ་ཏོག་ཆགས་མདོ་ཕྱོགས་ཀྱི་འཆད་ཉན་ཡང་ཤིན་ཏུ་དར་པས་ཆོས་རྗེ་ཐམས་ཅད་མཁྱེན་པས་མཁན་པོ་གདན་དྲངས་པ་ལ་གདམས་པ་ལས། གཙུག་ལག་ཁང་འདི་ཇོ་བོ་ཨ་ཏི་ཤ་ཆེན་པོས་ཕྱགས་ཕེབ་འགོ་བ་ཡེ་ཤེས་གཡུང་དྲུང་གིས་འདུལ་བའི་བཤད་པ་བཙུགས། པཎྜི་ཏ་འབུམ་ཕྲག་གསུམ་པ་དང་རྔོག་ཆེན་པོས་ཕྱག་ཕེབ་བཤད་གྲ་བཙུགས། འདྲེ་ཁྱུང་གཉིས་ཀྱིས་ཆོས་གཞི་བྱས་པ་ནས་དིང་སང་གི་བར་དུ་བཤད་གྲ་མ་ཉམས་པའི་གྲ་ས་ཡིན། ཞེས་པ་དོན་ལ་གནས་པར་མ་ཟད་བསྟན་པ་ཕྱི་དར་གྱི་གཙུག་ལག་ཁང་དང་འདུས་སྡེ་ཆགས་པའི་ཐོག་མ་ལྟ་བུ་ཡིན་པས་དྲུང་ཆེན་རིན་པོ་ཆེ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ལ་ཕུལ་བའི་ཆབ་ཤོག་ཏུ། བསྟན་པ་ཕྱི་དར་གྱི་དུས་སུ་སྡེ་འདི་བཏབ། ཆོས་སྡེ་བཙུགས་ནས་གཙུག་ལག་ཁང་ཁྱུང་མགོ་ཅན་བརྒྱ་རྩ་བརྒྱད་ཀྱི་མ་མ་ཡིན། གདན་ས་ཆེན་པོ་སྣར་ཐང་ལྟ་བུ་འང་འདི་པའི་ཀ་ཆེན་གཅིག་ལས་གྱེས་པའི་ཡལ་ག་ཡིན་པས། ཆོས་སྡེ་བརྒྱུད་པ་ཅན་གྱི་བདག་པོ་ལགས། ཞེས་གསུངས། ཇོ་བོ་ཆེན་པོའི་ལུང་བསྟན་དང་མཐུན་པར་མཁན་བརྒྱུད་གསུམ་པ་གཡུ་ཐོག་སྒྲ་གསེར་བཟང་གི་དུས་གཙང་གཡས་རུ་ཕྱེ་མ་གཡུ་ཟུར་ཞེས་པའི་གཙང་འགྲམ་དུ་འཕགས་པའི་རྡོ་སྐུ་དབུག་ཉུག་ཙམ་བྱས་བཞུགས་པ་ན་ལང་འགྲོའི་མདའི་ལུག་རྫི་དགེ་བསྙེན་རྡོ་རྗེ་འབུམ་གྱི་ར་ལུག་གི་ཁྲོད་ནས་ར་མ་ཁྱད་འཕགས་ཤིག་གིས་ཇོ་བོའི་དབུ་ལ་བལྡག་པ་དང་གཡས་སྐོར་བྱེད་ཅིང་འོ་མས་སྐུ་ཁྲུས་གསོལ་བ་རྫི་བོས་མཐོང་བར་(༨༨བ)


GLG020_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བྱེ་ཁྲོད་ནས་གདན་མ་འདྲོངས་པར་ཞག་གསུམ་གསོལ་བ་བཏབ་པས་ཐུགས་རྗེའི་ཤུགས་ཀྱིས་སྟེང་དུ་བྱོན་པས་མཁན་ཆེན་ཐམས་ཅད་མཁྱེན་པ་ཚར་ཆེན་གྱིས། རབ་དངས་དལ་འབབ་ཆུ་བོ་པཀྵུའི་འགྲམ། །རིན་ཆེན་མུ་ཏིག་བརྡལ་འདྲའི་ཐང་ཡོངས་སུ། །མགོན་པོ་ཁྱོད་སྐུ་དངོས་སུ་བྱོན་པའི་ཚེ། །མཁའ་འགྲོས་བརྔ་བསྟན་སྐལ་བཟང་རྫི་བོས་རྙེད། །གསུང་བ་དོན་ལ་གནས་ཤིང་ཡུལ་གཞན་དུ་གདན་མ་འདྲོངས་པར་གཡས་རུ་གཙང་འགྲམ་གྱི་ལྷ་ཁང་དུ་གདན་དྲངས་དེའི་ཚེ་ཞྭ་ལུའི་དགེ་བཤེས་བརྩོན་འགྲུས་ཀྱི་རྒྱས་འབྲིང་བསྡུས་གསུམ་དང་རྟེན་བརྗེ་བྱས་ཏེ་རི་ཕུག་ཏུ་བཞུགས། ལོ་རྒྱུས་ལ་ལར་སྟག་གི་རྒྱལ་མཚན་གྱི་བུས། གནས་ནང་གི་ལྕགས་རི་ས་སྒོ་ཡན་ཁྲམ་པ་གཉིས་རྣམས་བྱས་རྗེས་རྒྱན་གོང་ལ་དམག་བརྒྱབ་མཆོད་ཆ་ཐམས་ཅད་དང་རྡོ་སྐུ་རང་བྱོན་ཡང་གདན་དྲངས་ཟེར། ཆུ་ཞལ་འཁྲུགས་པའི་དུས་ངོ་བོ་རྐུ་ཐབས་ཀྱིས་ཁྱེར་བ་རི་ཕུག་མའི་ནུས་པས་གཞན་དུ་མ་བགྲོད་པར་བྱང་འབྲོག་གི་རྫིང་དུ་ལུས་པ་རིག་འཛིན་ཆེན་པོ་རཏྣ་གླིང་པའི་ལུང་བསྟན་ཆེན་མོར། ཞ་ལུའི་ཇོ་བོ་ཆུ་མིག་ལ་སྟོད་འབྱོན། ཞེས་པའི་དུས་རྟགས་སུ་སྣང་། སླར་སྐུ་བརྙན་ཞྭ་ལུར་ཕེབས་པ་གར་བཞུགས་སོམ་ཉིའི་ཚེ་མ་པང་དུ་བུ་སྡད་ཆོག་ཅེས་གསུངས་བྱོན་པས་སྤྱན་རས་གཟིགས་པཱ་ཎིའི་སྐུ་མདུན་དུ་བཞུགས་སུ་གསོལ་བ་ནི་ས་ཕྱོགས་ཐམས་ཅད་རང་བཞིན་གྱིས་འཕགས་པའི་སྐུར་ལྷུན་གྱིས་གྲུབ་པ་དམ་ཚིག་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་རྣམ་པར་བཞུགས་པར་རྟེན་རྡོ་རྗེ་འཆང་ཚར་པ་ཆོས་རྗེས། དེ་ལྟའི་དམ་ཚིག་སེམས་པའི་ཐུགས་ཀའི་དབུས། །ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པ་ནི། །གང་སྐུ་སྟན་གྱི་ཟླ་(༨༩ན)


GLG020_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་ལྟར་དཀར་ཞིང་། །ནོར་བུ་ཆུ་ཤེལ་བཞིན་དུ་དངས་ཤིང་གསལ། །པདྨའི་གཉེན་ལྟར་འོད་སྟོང་གཟི་བར་བ། །བཅུ་དྲུག་ལང་ཚོ་གསར་པའི་ན་ཚོད་ཅན། །ཞེས་ངོ་མཚར་པའི་བསྔགས་བརྗོད་མཛད། དེ་ལྟར་རྟེན་བརྟེན་པ། དེ་འདུས་སྡེ། བཤད་སྒྲུབ་ཀྱི་བསྟན་པ་དབྱར་མཚོ་ལྟར་འཕེལ་བར་བཀུར་སྟི་རིམ་གྲོ་མཛད་པའི་སྤྱིན་བདག་ལྕེའི་གདུང་རབས་ཞང་ཡེ་ཤེས་ཀུན་དགའི་ལྕམ་མ་གཅིག་མཁའ་འགྲོ་འབུམ་འགྲོ་མགོན་ཕྱག་ནའི་བཙུན་མོར་བྱོན་པ་ནས་བཟུང་། འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སྐུ་མཆེད་བླ་ཆེན་ཀུན་རྒྱལ་བ་ཡབ་སྲས་སོགས་གདུང་བརྒྱུད་ཁུ་དབོན་སྐུ་ཞང་ན་རིམ་ལྔའི་བར་སྐུ་ཉེར་འབྲེལ་བ་ནས་ཞ་ལུ་སྐུ་ཞང་དུ་གྲགས། ཕྱག་ནའི་སྲས་བླ་མ་དྷརྨཱ་ཕཱ་ལ་རཀྵི་ཏ་གོང་དུ་བྱོན་ཧོར་རྒྱལ་པོ་ཨོལ་ཇི་དུ་དང་མཇལ་དུས་བོད་ན་ངེད་ཀྱི་ཞང་པོ་ཞ་ལུ་ཁྲི་དཔོན་བྱ་བ་ཡོད་པར་ལུང་ལས་བཟང་པ་གནང་དགོས་ཞུས་པས། བླ་མའི་ཞང་པོ་ཡི་ན་ངེད་ཀྱི་ཞང་པོ་ཡིན་དུ་ཆུག་ལ་ཁྲི་སྟོང་བྱིངས་པོས་ཕུད་དུ་ཁུར་བ་དང་མི་རབས་ཀྱི་བར་ལ་ཁྲི་སྐོར་འཇགས་སུ་ཆུག་གསུང་པའི་ལུང་བཟང་པོ་སྩལ་ཞིང་། གོང་མ་མཆོད་ཡོན་གྱི་སྐུ་རིམ་ལ་དམིགས་ནས་རྟེན་གསུམ་བཞེངས་པའི་ཐེབས་སུ་གསེར་བྲེ་བརྒྱད་དངུལ་བྲེ་བརྒྱའི་གནང་སྦྱིན་སྩལ། དེ་ཡང་ཡིག་ཚང་རྙིང་པ་ལས། །དེ་ཕྱིར་ས་སྐྱའི་དཔོན་ཆེན་ནི། །ཟམ་གླུ་གུན་མིང་དབེན་ཧུ་ཡི། །མིང་ཐོབ་ཤཱཀྱ་བཟང་པོ་དེའི། །དེབ་ཐེར་ཤོག་དྲིལ་ཅན་བཞིན་ཡིན། །ཁྲི་སྐོར་དེ་བས་དབུས་གཙང་གི །འཇའ་མོ་འཛིན་ལུགས་འདི་ལྟར་སྣང་། །ཞེས་ཁྲི་སྐོར་བཅུ་གསུམ་གྱི་ནང་ཚན། །ཚོང་འདུས་(༨༩བ)


GLG020_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཆེན་ཞ་ལུ་པའི། །སྟེང་དུ་བྱ་རོག་ཚང་བའི་དུད། །ལྔ་བཅུ་རྩ་བདུན་རྒྱབ་ནས་འཛིན། །ཞེས་དབུས་གཙང་སོ་སོར་ཁྲི་སྐོར་དྲུག་རེའི་དབུས་གཙང་གི་མཚམས་སུ་ཡར་འབྲོག་ཁྲི་སྐོར་རམ། ཡར་འབྲོག་གཙང་གི་ཕྱོགས་སུ་བསྡུ་བ་ཇི་ལྟར་ཡང་གོང་དུ་བཤད་པའི་ཞ་ལུ་ཁྲི་སྐོར་གྱི་བདག་པོར་གྱུར་པ་ནས་ཁྲི་དཔོན་གཞན་ལས་ལྷག་པ་གདུང་རུས་བཙད་པོ། ལས་ཀ་ཀ་བཞི། དམ་ཆོས་རྒྱ་གར་མ། ས་སྐྱའི་སྐུ་ཞང་། སྦྱིན་བདག་རྒྱལ་པོ་སྟེ་ལྔས་ཆེ་བར་གྲགས། གཡུ་ཐོག་སྒྲའི་སྲས་ལྕེ་འབུམ་ནས་གདུང་རུས་བརྒྱད་པ་སྐུ་ཞང་རྔ་སྒྲའི་སྲས་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་སྤྲུལ་པ་སྐུ་ཞང་གྲགས་པ་རྒྱ་མཚན་གྱིས་གནྡྷོ་ལ་རྙིང་པ་ལ་ཞིག་གསོས། ལྷོ་ནས་ཤིང་ཆ་དྲངས་ཤིང་། རྒྱའི་བཟོ་བོ་མཁས་པ་བཀུག་སྟེ་རྒྱ་ཕིབས་གཡུ་རྩི་ཅན་གསེར་གྱི་འགན་འཇི་ར་བཙུགས་པ་ཆེ་བ་བཞི། གློ་བུར་མིག་མངས་རིས་སུ་བྲེས་པ་གཡུ་རྩིའི་བ་གམ་ལན་ཀན་ལ་གསེར་གྱི་འགན་འཇི་རས་བརྒྱན་པ། གསེར་ཁང་རྒྱ་ཕིབ་སུམ་བརྩེགས། གཞན་རྣམས་ཉིས་བརྩེགས་སུ་ཡོད་པ། བརྟན་པ་ཚོན་སྣ་བརྒྱ་ཕྲག་གིས་བཀྲ་བའི་དེ་བཞིན་གཤེགས་པའི་སྐུ་གཟུགས་བསམ་གྱིས་མི་ཁྱབ་པ། གཙུག་ལག་ཁང་ནུབ་མ་གཉིས་ཀྱི་གཙོ་བོར་རང་བྱོན་འཕགས་པ་དང་། རྣམ་སྣང་། ལྷོར་དུས་གསུམ་སངས་རྒྱས། བྱང་དུ་ཐུབ་དབང་། ཤར་དུ་ཡུམ་ཆེན་མོ། དེའི་འོག་ཏུ་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་མགོན་ཁང་དང་བཅས་པར་འཁོར་གྲངས་ཀྱིས་མི་ཆོད་པས་བསྐོར་བ་རིན་ཆེན་སྣ་ཚོགས་ལས་གྲུབ་པ། གསེར་གྱི་བཀའ་འགྱུར་སོགས་གསུང་རབ་རྣམས་ལ་མཆོད་པའི་སྤྲིན་ཕུང་ཕུལ་དུ་བྱུང་བ། ལྕགས་རིའི་ཁོར་ཡུག་གི་ནང་དུ་དགེ་(༩༠ན)


GLG020_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་གནས་མལ། ར་བ་བཞི་ལ་མཆོད་པ་ཆེན་པོ་བཞིས་བཙུགས་ཤིང་། མདོར་ན་སྐུ་གསུང་ཐུགས་རྟེན་དང་དགེ་འདུན་མཆོད་པའི་གཞི་རྟེན། མངའ་འབངས་རྣམས་བསྡུ་བ་རྣམ་བཞིས་དབུགས་དབྱུང་བ་སོགས་ཆོས་རྒྱལ་མེས་དབོན་གྱི་རྣམ་པར་ཐར་པ་ལ་འགྲན་བཞིན་པའི་ངང་ནས་ད་དུང་དགེ་འདུན་རྒྱ་མཚོ་ལྟ་བུ་ལ་ཆོས་འཆད་པ་བརྒྱ་དང་། ཀུན་གྱི་ཆོས་དཔོན་འགྲན་དུ་བཟོད་པ་ཞིག་དགོས་དགོངས་པའི་ཚེ། བསྟན་པ་རིན་པོ་ཆེ་འཕེལ་རྒྱས་ཀྱི་རྟེན་འབྲེལ་འགྲིག་སྟེ་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཁྲོ་ཕུ་ནས་ལྕགས་ཕོ་སྤྲེའུའི་ལོ་ལ་གདན་དྲངས་ནས་ཁྲིར་ཕེབས་མཁན་པོ་གྲགས་གཞོན་ཡན་ལ་སྔོག་ལོ་སོགས་ཀྱི་ལུགས་སྲོལ་གཙོ་བོར་མཛད་ནའང་། འདི་ནས་ཆོས་ལུགས་ཁྲོ་ཕུ་བ་དང་སྡོམ་རྒྱུན་པཎ་ཆེན་བརྒྱུད་པར་སོང་། ཕར་ཚད་མངོན་པ་སོགས་ཀྱི་འཆད་ཉན་མཛད་པའི་ཚེ་ནག་པོའི་འཚུབ་ལྷོངས་བྱུང་བའང་ཐབས་ལ་མཁས་གཤིས་ཐུགས་རྗེ་ཆེན་པོས་བཏུལ་ཏེ་སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ལ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོས། རིང་ཞིག་ནས་འཇམ་དཔལ་རྒྱུད་ལས། ཡི་གེ་ར་དང་བ་དང་པོ། དགེ་སློང་གང་ཞིག་རབ་འབྱུང་གསུང་། །སྟོན་པའི་བསྟན་པ་གསལ་བྱེད་པ། །འབྱུང་རབ་རབ་འགྱུར་ཐེ་ཚོམ་མེད། །ཅེས་དང་དཔལ་ཨོ་རྒྱན་ཆེན་པོའི་ལུང་བསྟན་རྣམས་གོ་མཐུན་པར་གནས་དང་གང་ཟག་གཉིས་ཀ་ལུང་གིས་ཟིན་པ་དགོོན་གོང་མ་ནི་དཔལ་མར་མེ་མཛད་སྟན་ཆགས་ནས། དེའི་ཕྱག་ཆ་བཞུགས་པའི་མཆོད་རྟེན་དང་། སློབ་མ་པཎ་གྲུབ་གསུམ་གྱིས་བཞེངས་པའི་མཆོད་རྟེན་བཞུགས་པ་སོགས་ཇོ་བོ་རྗེ་ལྷ་གཅིག་གིས་རྨང་བཏིང་བ་ཆོས་རྗེ་ཐམས་ཅད་མཁྱེན་པས་ཇོ་བོ་ཆེན་པོའི་གཟིམས་ཁང་སྤེེའུ་ཞིག་ལ་གཞི་ལྷས་གཙུག་ལག་ཁང་དགེ་འདུན་གྱི་སྡེ་དང་བཅས་པ་བཞེངས། ཀུན་མཁྱེན་འཕགས་འོད་སོགས་མཁས་གྲུབ་དུ་མའི་ཞལ་ལུང་ལས་བྱུང་བའི་འཕགས་ཡོག་དུས་གསུམ་གྱིས་མཚོན་པའི་རྒྱུད་སྡེ་རྒྱ་(༩༠བ)


GLG020_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་སྨིན་གྲོལ་ཕྱག་ལེན་རྒྱུད་བཤད་མན་ངག་སོགས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་པ་དགོན་གོང་དུ་གསང་སྔགས་དང་མཐིལ་དུ་བཀའ་པོད་བཅུའི་འཆད་ཉན་སོགས་ཉིན་མཚན་བར་མེད་དུ་མཛད་པའི་སྙན་གྲགས་ཀྱིས་ཁ་ཆེའི་པཎྜི་ཏ་སུ་མ་ན་ཤྲཱི་བྱོན་པར་དུས་འཁོར་ཡོངས་རྫོགས་གནང་ཞིང་། པན་ཆེན་ལ་བདེ་མཆོག་པད་དྲ་གསན། སྲིད་པ་གསུམ་ན་འགྲན་ཟླ་དང་བྲལ་བའི་ཆོས་རྗེ་བླ་མ་དམ་པ་སོགས་འཁོན་རིགས་འཇམ་དཔལ་དཔའ་བོ་དུ་མ། རྒྱལ་སྲས་སེམས་དཔའ་ཆེན་པོ། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། ཡོ་ག་པ་མགོན་པོ་བཟང་པོ་སོགས་དབུས་གཙང་གི་དག་པའི་བཤེས་གཉེན་གྲངས་མེད་པ་ཞལ་སློབ་ཏུ་བྱུང་ནས་སྔ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་ཀྱིས་གངས་ཅན་དཔལ་མོའི་ལྟོ་བ་ཡོངས་སུ་ལྕི། གནམ་གྱིས་སྐོས་པའི་རྒྱལ་པོ་དཔལ་ཕག་མོ་གྲུ་པ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས་ཆེ་རྒུ་མཐའ་དག་གིས་རིགས་གི་ཅོད་པན་དུ་བསྐུར། ཐུགས་སྲས་ལོ་ཙཱ་བ་སོགས་དང་ས་སློབ་རྣམས་ལ་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་རྒྱུད་སྡེ་བཞིའི་དབང་བཀའ་མན་ངག་མཐའ་དག་གསན་པས་མཚོན། བུ་སྟོན་ཐམས་ཅད་མཁྱེན་པའི་འཕྲིན་ལས་མ་དྲོས་པའི་མཚོ་ཆེན་ལས་རིས་མེད་གྲུབ་མཐའི་ཆོས་རྒྱུད་ཆུ་བོ་རྣམ་བཞི་ཕྱོགས་ཀུན་ཏུ་བབས་པས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་ལྟ་བུར་སྣང་། དེ་ནས་མཁན་ཐོག་ཁ་ཡར་སོང་མཚམས་ཉིད་ཀྱི་བཤད་གྲ་རྣམས་རིམ་གྱིས་འགྲིབས་ནའང་། མཁས་པ་ཙནྡྲ་ཤྲཱི། ཤར་ཆེན་ཡེ་ཤེས་རྒྱ་མཚོ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ་སོགས་རྗེས་འབྲངས་ཀྱི་མཁས་གྲུབ་མཁའ་ལ་རྒྱུ་སྐར་ལྟར་འཁྲིགས་པས་རྒྱུད་སྡེ་བཞིའི་བཤད་སྒྲུབ་གྱི་རིམ་པ་མ་མཉམ་པར་གནས་པ་དག་རྗེས་འཇུག་འདུ་འཛི་དང་ལེ་ལོའི་མལ་དུ་འབྱར་བ་དུ་མའི་སྐྱོན་གྱིས་དགུན་ཆུ་ལྟར་ཉག་ཇེ་ཕྲར་སོང་མཚམས་ཆོས་རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྲུལ་པའི་(༩༡ན)


GLG020_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས་གར་ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང་། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་ཡབ་སྲས་གཉིས་མཁན་ཐོག་ཏུ་བྱོན་ནས་བསྟན་པའི་མེ་རོ་ལེགས་པར་གསོ་བར་མཛད་ནའང་། རྗེས་ཀྱི་མཁན་ཐོག་རིམ་བྱོན་རྣམས་རེག་ལ་མ་འབྱོར་བ་ལྟ་བུའི་དར་རྒྱས་ཆེར་མ་སོང་བའི་ཚེ། འཇམ་དབྱངས་བྱང་གླིང་རྗེ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་སྤྲུལ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་རང་གི་སྙན་གྲགས་དང་དབང་ཐང་སོགས་དོན་དུ་གཉེར་བ་མི་མངའ་བའི་བསྟན་པ་སྤྱི་དང་བྱེ་བྲག་ཀུན་མཁྱེན་བུའི་རིང་ལུགས་ཐུགས་ལ་བཅགས་པའི་རྒྱལ་སྲས་སྤྱོད་པའི་རྣམ་ཐར་ཁོ་ནས་གསུང་གླེང་ལ་ཁྱབ་བདག་རྣམ་སྣང་ཆེན་པོ་རྡོ་རྗེ་སེམས་དཔའ་རབ་གསལ་ཟླ་བ་སོགས་ནས་རིམ་པར་བརྒྱུད་དེ་འཕགས་ཡུལ་གྱི་མཁས་པ་མི་གསུམ། ཁྱད་པར་ཁ་ཆེ་དྷརྨ་པཱ་ལ་ནས་རྒྱུད་དེ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོའི་དབང་བཤད་བཀའ་གདམས་ངག་མ་ལུས་པ་སྤྲུལ་པའི་སྐྱེས་མཆོག་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་འཆད་ཉན་གྱིས་གཏན་ལ་ཕབ་པའི་སྟོད་ལུགས་སྨད་ལུགས་ཀྱི་བཞེད་སྲོལ་ཀུན་མཁྱེན་འཕགས་འོད་ཡོན་ཏན་རྒྱ་མཚོའི་བར་དུ་ཟམ་མ་ཆད་པར་ཤེས་བྱ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ལ་བཀའ་བབས་ཤིང་། དཔལ་ལྡན་བླ་མ་དམ་པ་ཀུན་མཁྱེན་འཕགས་པ་ཡོན་ཏན་རྒྱ་མཚོའི་གསུང་གིས། ངའི་རྣལ་འབྱོར་རྒྱུད་ཀྱི་ཕྱག་ལེན་དྲི་མ་མེད་པ་འདི་བླ་མ་བརྒྱུད་པ་གཞོན་སོ་དཀར་ནས་རྒན་སྐྲ་དཀར་གྱི་བར་དུ་རྣལ་འབྱོར་རྒྱུད་སྐོར་ལ་སྦྱངས་པའི་མཁས་པའི་ལག་ལེན་ཡིན། ཆོས་ཀྱི་རྣམ་གྲངས་གསོག་པའི་ལུང་ཐོབ་རེ་ཙམ་བྱས་ནས་བརྒྱུད་པའི་ཕྱག་ལེན་བཟང་པོ་ཆུད་གཟན་པའི་ལག་ལེན་བླ་ཆོས་ལ་གཏང་བའི་གདུག་པའི་སློབ་དཔོན་གྱི་ལག་ལེན་གྱིས་ཆུད་མ་གཟོན་པ་ཡིན་པས་ཁྱེད་ཀྱིས་ཀྱང་བརྒྱུད་པའི་གདམས་ངག་མ་ཆད་གཟོད་པར་མགོ་ཐོན་(༩༡བ)


GLG020_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གསུངས་པ་བཞིན་དུ་ཐུགས་ལ་བཞག་ནས་ཡིག་འཇོག་དང་དབང་བཤད་གདམས་ངག་ཆུད་གཟན་པར་བྲིས་ཐིག་གར་དབྱངས་སོགས་གངས་ཅན་གྱི་ལྗོངས་སུ་དར་བར་མཛད་པ་སླར་ཡང་དགའ་ལྡན་ཡིད་དགའ་ཆོས་འཛིན་ནས་ཐུགས་རྗེའི་བྱིན་རླབས་འཕྲུལ་པོ་ཆེ་ལས། མཁྱེན་རབ་རིན་པོ་ཆེ་བྱོན་ཏེ་རྩེ་མོའི་སྒྲུབ་མཆོད་གསར་འཛུགས་སོགས་ཉམས་གསོས་ཆེར་མཛད་པས་རྣམ་ཐར་དུ། ང་དགའ་ལྡན་ནས་བུ་སྟོན་ཐམས་ཅད་མཁྱེན་པས་ཞ་ལུར་རྣལ་འབྱོར་རྒྱུད་ཀྱི་བསྟན་པ་སྤེལ་བ་ལ་བཏང་བ་ཡིན་ཀྱང་ཞལ་ལུ་བ་རྣམས་ཀྱིས་བྱེད་དཔགས་ཀྱི་ཕན་ཐོགས་ཆེན་པོ་མ་བྱུང་བས་ཆོས་རྗེའི་དྲུང་དུ་འགྲོ་བ་ལ་ངོ་གནོང་བ་ཡང་གསུང་བ་དང་། རྡོ་རྗེ་འཆང་བཀའ་འགྱུར་བས། རྣལ་འབྱོར་རྒྱུད་འདི་ཕྱག་ལེན་དཀའ་ལ་དཀོན་པ་འདུག་པས་དར་ཞིང་རྒྱས་པ་ཞིག་བྱུང་ན་བསམས་གོང་དཀར་ཆོས་སྡེར་ཡོ་ག་སྒྲུབ་མཆོད་ཉིན་གཅིག་སྤར་ཐུབ། ང་ཞ་ལུར་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གསུམ་པོ་སྒོ་བཞིའི་ཕྱག་ལེན་གར་དབྱངས་རྒྱས་པ་ཞིག་ཚུགས་ལ་རེ་ཡིན་ཞེས་པས་མཚོན། འཕགས་བོད་བརྒྱུད་པའི་དམ་པ་རིམ་བྱོན་གྱི་བཞེད་པ་སྐོང་ཞིང་རྗེ་ཉིད་ཀྱི་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཁུ་དབོན། ཨེ་ཝཾ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་གསུམ་གྱི་ཟག་མེད་ཆོས་ཀྱི་དབྱིངས་སུ་དགོངས་པ་ཁྱད་པར་ཅན་རྫོགས་པ་རྗེ་བཙུན་བླ་མ་ཉིད་ཀྱི་ས་ལམ་གྱི་ཡོན་ཏན་བོགས་འདོན་ཐུབ་བསྟན་སྤྱི་བྱེ་བྲག་དང་། ཁྱད་པར་ངེད་རང་གི་རིམ་གྲོ་སོགས་ལ་དགོངས་པ་བསྟད་དེ་ལོ་ལོ་བཞིན་རྒྱལ་བས་ཆོ་འཕྲུལ་བསྟན་པའི་མཉན་ཡོད་མཆོད་པའི་དུས་ཆེན་གྱི་ཐོག་དཔལ་ལྡན་རྣལ་འབྱོར་རྒྱུད་ཀྱི་རྩ་བཤད་ཆ་མཐུན་འཕྲོས་ཡན་ལག་རྒྱུད་དང་བཅས་པའི་དཀྱིལ་འཁོར་ཆེན་པོ་བཅུ་གསུམ། དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཐུན་མོང་མ་ཡིན་པ་ལྷ་བཅུ་གསུམ། བསྟན་པ་རྒྱས་པའི་རྟེན་འབྲེལ་དུ་ཐུབ་དབང་གནས་བཅུར་བཅས་པའི་ཕྱག་མཆོད་རྣམས་ཀྱི་སྒྲུབ་མཆོད་གསར་འཛུགས་ཀྱིས་(༩༢ན)


GLG020_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རིས་གསར་སྦྱོར་དགོས་པའི་རྟེན་དུ་བཀྲ་ཤིས་ཁ་བཏགས། དངུལ་གྱི་རྣམ་རྒྱལ་མཆོད་རྟེན། ཇུས་ལུ་ཧིའི་གོས་བེར་ནང་ལྡན། ཁ་ཐི་དམར་སེར། གོས་རྒྱན་གཞི་སྔོ་དམར། གོས་ལུ་ཧི་ཡུག་རྣམས་སྤུས་ལེགས། མཎྜལ། མདོང་མོ། ལྔ་བཅུ་མ་སོགས་ཁྱོན་སྡོམས་དངུལ་སྲང་སུམ་བརྒྱ་ལྷག་བཅས། རྟ་ལྔ། དྲེའུ་གཉིས། ཀ་རས་ཡུག་གཉིསཀྱི་གནང་ཆ་དང་བཅས་ཐུགས་རྩོལ་ཆེན་པོའི་བཀའ་ནན་དང་། གཞན་ཡང་ཆོས་རྗེ་ཐམས་ཅད་མཁྱེན་པས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བའི་རི་ཕུག་ཆོས་ཁྲི་ཐང་གའི་སྟེང་དུ་གསེར་ཐོག་འབུབས་དགོས་ཚུལ་ཕེབས་པ་བོད་ཡུལ་གྱི་ཆོས་སྡེ་སྤྱི་འགྲེ་ལས་ཞ་ལུ་པའི་བླ་གྲ་གང་གི་གོ་ཡུལ་བཟུང་བའི་ཁྲལ་བབས་ཀྱི་འབུར་དོད་དགོས་པ་མེད་ནའང་། དཔལ་ལྡན་བླ་མ་དམ་པའི་བཞེད་པ་བསྒྲུབ་པ་དང་རྣལ་འབྱོར་རྒྱུད་ཀྱི་བསྟན་པ་ལ་བསམ་ནས་མཆོད་ཐེབས་དར་རྒྱས་ཆུ་བཏགས་ཀྱིས་གཙོས་གཞིས་ཀ་མ་ལག་བཞི་མི་སེར་བསྡད་གྲོང་ཁྲལ་རྐང་བཅུ་བདུན། དྲུག་ཟུར་གཅིག །རྡོ་ཐབ་པ་གཉིས་ཀྱི་ཡོང་འབབ། གཞིས་ཐོན་སྒྲགས་པའི་འབྲུ་རྐྱང་ཐོག་ཤ་མར་ར་ལུག་ལ་གོང་རྒྱབ་བཅས་ཁྱོན་མཁར་ཁལ་སྟོང་ཕྲག་གཉིས་དང་ཉིས་བརྒྱ་རྩ་ཤིང་གི་བདག་ཐོབ་གང་ཡོད་དང་། གཞིས་རྩེ་ནས་བཟང་ཇ་དང་ཤ་ཤན་ཕྱེད་འདྲེས་མཁར་རྒྱའི་དམར་འདེགས་ཁལ་སུམ་ཅུ་ལྷག་བཅས། བུ་རམ་མཁལ་བཅུ་རྣམས་གཏོང་དེབ་ལ་འཁོད་པའི་སྦྱོར་འཇགས་འབྱེད་ཁྲ་ཟུར་གསལ་བཞིན་ཞུས་པའི་ལོ་སྟར་ཆགས་སུ་ཆད་མེད་དགོས་པའི་བླང་དང་དོར་བྱའི་བཅའ་ཡིག་གི་རིམ་པ་ལ། གནས་བཅུ་མ་གཏགས་པའི་དཀྱིལ་འཁོར་བཅུ་བཞི་པོ་རྣམས་ཕྱག་ཆེན་ཐིག་ལེ་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཅིར་ཡང་མར་མེད་བཞིན། གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་(༩༢བ)


GLG020_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ནོད་བྱ། ཞེས་སྨིན་རུང་དུ་མ་བྱས་པར་གསང་སྔགས་བྱུང་རྒྱལ་དུ་སྦྱང་པ་ཉེས་དམིགས་ཤིན་ཏུ་ཆེ་ཞིང་། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བོར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ན་ནི། །མ་བསྒོམས་པར་ཡང་སངས་རྒྱས་འགྱུར། །ཞེས་དབང་ཐོབ་པའི་ཕན་ཡོན་རྒྱུད་སྡེ་རྣམས་སུ་རྒྱ་ཆེར་བསྔགས་པ་ལྟར་ཡིན་ལ། དབང་དེ་ཡང་སློབ་དཔོན་ལ་ལེགས་པར་བལྟོས་དགོས་ཀྱི། གཞན་གྱིས་ནི་མ་ཡིན་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲ་བར། སློབ་དཔོན་མེད་པར་གྱུར་ན་ནི། །དངོས་གྲུབ་འཐོབ་པར་མི་འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཞེས་དང་། རྡོ་རྗེ་འབྱུང་བར། སློབ་དཔོན་ལ་ནི་དབང་བསྐུར་འཐོབ། །ཅེས་གསུངས། དབང་ཡང་རྩ་བཤད་སོགས་ལ་སློབ་མའི་དབང་དང་སློབ་དཔོན་གྱི་དབང་གཉིས་ཅར་ཐོབ་དགོས་པས། ཆོས་གྲ་ཆེན་པོ་འདི་གའི་མཁན་སློབ་ཟུར་འཆད་དང་ཧོར་ཁོངས་སུ་བྱུང་བ་རྣམས་གོང་དཀར་རྡོ་རྗེ་གདན། ཨེ་ཝམ་ཆོས་ལྡན། བཀྲ་ཤིས་ཆོས་སྡེ་སོགས་བརྒྱུད་ཁུངས་གཅིག་པ་རྣམས་ནས་དབང་ལེགས་པར་ནོས་རྗེས། མཁས་པའི་དབང་པོ་དཔང་ལོ་ཙཱ་བ་ཆེན་པོས། རྒྱལ་བའི་སྲས་ཀྱིས་ཤེས་བྱ་ཐམས་ཅད་ལ། །བསླབ་པར་གསུངས་ཕྱིར་ཇི་སྙེད་མཁྱེན་པ་ཡི། །ཡེ་ཤེས་རྒྱུ་རུ་འགྱུར་བས་ཤེས་ལྡན་རྣམས། །བྱང་ཆུབ་དོན་གཉེར་བསམ་པས་འདི་བླང་རིགས། །ཞེས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་རུ་འགྱུར་པའི་སེམས་ཀྱིས་ཀུན་ནས་བླངས་ཏེ་ཤེས་བྱའི་གནས་གང་ལའང་བསླབ་རིགས་པར་གསུངས་ན། གསང་ཆེན་རྡོ་རྗེ་ཐོག་པའི་མངོན་དཀྱིལ། སྦྱིན་སྲེག །གར་ཐིག་དབྱངས་གསུམ། ཕྱག་ལེན་ཆེ་ཕྲ་མཐའ་དག་ལ་ཞིབ་མོར་དཔྱད་དེ་ཐོས་བསམ་གྱིས་གཏན་ལ་ཕབ་པས་བསྟན་(༩༣ན)


GLG020_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིན་པོ་ཆེའི་གསལ་བྱེད་དུ་འགྱུར་བར་མ་ཟད། རང་ཉིད་རིང་པོར་མི་ཐོགས་པར་ལྔ་ལྡན་ཡེ་ཤེས་ཁྱབ་བདག་རྡོ་རྗེ་སེམས་པའི་སྐུ་མངོན་དུ་བྱེད་པའི་དགོས་པ་ཁྱད་པར་ཅན་ཡོད་པའི་ཕྱིར་ན་འོག་ཏུ་གསལ་བ་རྣམས་ཁོང་དུ་ཆུབ་པར་བྱས་ཏེ་བསྟར་དགོས་པའི་རྒྱུ་མཚན་ཡང་དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་ཆོག་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་རིན་ཆེན་བསམ་འཕེལ་ལ་མཁྱེན་རབ་ཆོས་རྗེའི་ཕྱག་ལེན་ཇི་ལྟ་བ་ཆོས་རྗེ་དབོན་རྒྱལ་བས་ཟིན་བྲིས་སུ་མཛད་པ་བཞིན། ཁྲུས་ཀྱི་སྐབས་སུ་ནང་ཁྲུས། གསང་ཁྲུས། རྣལ་འབྱོར་གྱི་ཁྲུས། ཕྱིའི་ཁྲུས་བཞི་སྟེ། བཤད་རྒྱུད་རྡོ་རྗེ་རྩེ་མོའི་རྒྱུད་ལས། ཉིན་རེ་བཞིན་ནི་ཅི་ནུས་པར། །ཁྲུས་བཞི་དག་ནི་རབ་ཏུ་བྱ། །རྣལ་འབྱོར་ཇི་ལྟར་འཁྲུལ་བྱ་བ། །གོ་རིམས་བཞིན་དུ་རབ་ཏུ་བཤད། །སྡོམ་པ་གསུམ་ལ་རབ་ཏུ་གནས། །དང་པོའི་ཁྲུས་སུ་བརྗོད་པ་ཡིན། །གཉིས་པ་རྒྱུ་ལས་གསུངས་པ་ཡི། །བཤགས་དང་གསོལ་བ་འདེབས་ལ་སོགས། །ཕྱག་རྒྱ་བཅིང་པ་གསུམ་པ་སྟེ། །བཞི་པ་ཆུ་སྟེ་ཐ་མ་ཡིན། །ཞེས་གསུངས་པའི་སྡོམ་པ་གསུམ་ནི་བཤད་རྒྱུད་རྡོ་རྗེ་རྩེ་མོར། བརྟན་པ་མ་ཐོབ་བར་དུ་ཡང་། །ཁ་ན་མ་ཐོ་རྡུལ་མེད་ཅིང་། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའོ། །ཞེས་གསུང་པས་ཐོག་མར་སྡོམ་གསུམ་རྣམ་པར་དག་པ་ལ་གནས་པ་གལ་ཆེ་ཞིང་། དེས་ཉམས་སུ་ལེན་རྒྱུའི་ཆོ་གའི་རིམ་པ་ལ། ཆོ་ག །ཕྱག་ལེན། གར་དབྱངས། སྒོ་བཞིའི་ཆོ་ག་རྒྱས་པ་གོང་མའི་ཕྱག་ལེན་ཆུ་བབས་མ། ཐུགས་སྲས་ལོ་ཙཱ་བས་སྐུ་ཞང་ནམ་མཁའི་མཚན་ཅན་ལ་རྡོར་དབྱིངས་ཀྱི་དབང་གི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་གནང་གི་ཚེ། བུ་སྟོན་རིན་པོ་ཆེའི་དབང་རྫས་རྣམས་གནང་སྦྱིན་དུ་སྩལ། ངའི་རྣལ་འབྱོར་རྒྱུད་སྐོར་གྱི་བསྟན་པ་ཁྱོད་(༩༣བ)


GLG020_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་དང་བཅས་པ་གཏད་པ་ཡིན་པས་མ་ཉམས་པ་གྱིས་ཤིག་གསུངས་པ་ལྟར་དགེ་འཕེལ་ཆོས་རྫོང་དུ་སྒྲུབ་མཆོད་སྒོ་བཞིའི་ཕྱག་ལེན་ཆོས་སྐྱོང་ཆེན་པོའི་བསྟོད་རིང་སོགས་ཆག་མེད་དུ་ཚུགས་པའི་རྒྱུན་སྐུ་ཞང་མཆོག་ལེགས་རྣམ་རྒྱལ། མཁས་པའི་དབང་པོ་ཙནྡྲ་ཤྲཱི། སློབ་དཔོན་རིན་ཆེན་དཔལ་གྲུབ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེའི་སྐུ་ཚེའི་སྟོད་ཀྱི་བར་དུ་ཡོད་པ། དུས་འགྱུར་གྱིས་རི་ཕུག་བླ་བྲང་ཤར་ཆེན་དུ་ཚུགས་པ་སྐུ་ཞང་ཆོས་རྗེ་ཕུན་ཚོགས། སྐུ་ཞང་བསོད་ནམས་མཆོག་གྲུབ། སྐུ་ཞང་རིན་ཆེན་བཀྲ་ཤིས་བསོད་ནམས་རྒྱལ་མཚན་ཡན་ལ་དར་རྒྱས་སུ་བྱུང་བ། སྐུ་ཞང་ནམ་མཁའ་ཆོས་ལྡན་པ། ཆོས་རྗེ་ཀ་བཞི་བའི་སློབ་མ་ཕྱག་ཆེན་པའི་ཧར་སྤྱོད་ཀྱི་རྣམ་པས་དོ་དམ་མ་མཛད་པར་ཆག་སྟེ་ཉག་ཕྲ་བར་གྱུར་པ་འཕགས་པའི་ཡུལ་དུ་སྟོད་འགྲེལ་བའི་ལུགས་ལྟར་སིངྒལ་ཞེས་པ་ཕྱོགས་འདིར་དམར་སེར་ཅན་དུ་གྲགས་ཤིང་། འཇམ་དབྱངས་གོང་མའི་ཁབ་ཏུ་ཏིང་ཟི་ཞེས་རབ་བྱུང་བཅུ་གཅིག་པའི་མེ་མོ་སྦྲུལ་ཀྱི་ལོ་ཆུ་ཤེལ་གྱི་དབང་པོ་རྟ་ཆེན་གྱིས་ཉ་བའི་ཚེས་གཅིག་ལ་ཐོག་མའི་སྔོན་འགྲོར་སློབ་དཔོན་ཆེན་པོ་ཤྲཱདྡྷ་ཀཱ་ར་ཝ་རྨས་མཛད་པའི་ཆ་གསུམ་གྱི་ཆོ་ག་གསལ་བྱེད་ཡོ་ག་བ་ཆེན་པོ་མཁས་གྲུབ་སངས་རྒྱས་ཚེེ་དཔལ་གྱིས་མཛད་པ་བཞིན་དབྱངས་རོལ་དང་བཅས་རྒྱས་པར་སྒྲུབ་པ་ནས་བརྩམས་ཏེ་བཀྲ་ཤིས་ཀྱི་བར་སྒོ་བཞིའི་ཆོ་གའི་ཕྱག་ལེན་ཐུར་གསལ་ལྟར་དང་། དེ་བཞིན་དུ་རྡོར་དབྱིངས་འགྲེལ་ལུགས་དབང་མཆོག་རྒྱས་པའི་ཁ་སྐོང་དུ་ཀུན་མཁྱེན་བུས་མཛད་པ་ལ་བྱང་གླིང་ཆོས་རྗེའི་ལྷན་ཐབས་སྦྱར་བ། དུམ་བུ་གཉིས་པ་ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་ཆོག་ཆོས་རྗེ་ཐམས་ཅད་མཁྱེན་པས་མཛད་པར་འཇམ་དབྱངས་བྱང་གླིང་རྗེའི་ལྷན་ཐབས་སྦྱར་བ། བཤད་རྒྱུད་རྡོ་རྗེ་རྩེ་མོ་རིགས་བསྡུས་ཀྱི་དཀྱིལ་ཆོག་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པ་མཁས་པའི་ཡིད་འཕྲོག་ལ་མཁྱེན་རབ་རིན་པོ་ཆེའི་ལྷན་ཐབས་(༩༤ན)


GLG020_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ། ཆ་མཐུན་གྱི་རྒྱུད་རྡོ་རྗེ་འཆང་གི་རིགས་དཔལ་མཆོག་རྡོ་རྗེ་སེམས་པའི་དཀྱིལ་ཆོག་ཐམས་ཅད་མཁྱེན་པ་བུ་སྟོན་རྗེས་མཛད་པར་བྱང་གླིང་རྗེའི་ལྷན་ཐབས་སྦྱར་བ། དཔལ་མཆོག་རིགས་བསྡུས་ཀུན་མཁྱེན་བུས་མཛད་པའི་དཀྱིལ་མཆོག་གི་དགོངས་དོན་ཇི་ལྟ་བ་ཤར་ཆེན་ཡེ་ཤེས་རྒྱ་མཚོས་ལེགས་པར་བཀྲལ་བ་ལ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་གསུང་མཆན་གྱིས་བརྒྱན་པའི་ཕྱག་བཞེས་བཞིན། ཐོག་མར་ཆ་གསུམ། བུམ་པ་འབུལ་བ། སྒོ་དབྱེ་བ། ཕྱོགས་གཏོར་རྒྱས་པ། ཡན་ལག་གི་རྒྱུད་ཆོས་དབྱིངས་གསུང་དབང་གི་དཀྱིལ་མཆོག་མཁས་པའི་དགའ་སྟོན་དང་བསྟོད་ཆེན་ཀུན་མཁྱེན་བུས་མཛད་པ་ལ། ཐིག་རྩ། ཕྱག་རྒྱ་འཆིང་ཚུལ། དཀྱིལ་འཁོར་འདྲི་ཚུལ། ཆོ་གའི་ལྷན་ཐབས་རྣམས་བྱང་གླིང་འཇམ་པའི་དབྱངས་ཀྱིས་མཛད་པ་སྦྱར་བ། འཇམ་དཔལ་གསང་ལྡན་མཁས་གྲུབ་ཁྱུང་ལྷས་པ་གཞོན་ནུ་བསོད་ནམས་ཀྱིས་མཛད་པའམ། ཤངས་པ་དགེ་བསྙེན་ཡོངས་གྲགས་རྒྱལ་བས་མཛད་པ་གང་རུང་ལ། མཁྱེན་རབ་རྗེའི་ཞལ་སློབ་དབང་ལྡན་ཆོས་འཁོར་བ་དགེ་འདུན་དཔལ་བཟང་གི་ལྷན་ཐབས་སྦྱར་བ། འཇམ་དཔལ་རིགས་བསྡུས་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེས་མཛད་པའི་དཀྱིལ་ཆོག་བཞིན། རྩ་རྒྱུད་དུམ་བུ་གཉིས་པའི་ངན་འགྲོ་དགུག་ཅིང་སྡིག་པ་དཔྲལ་བའི་སྐབས་ནས་འཕྲོས་པའི་ཚུལ་དུ་གསུངས་པའི་རྒྱུད་ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་དཀྱིལ་ཆོག་ཀུན་མཁྱེན་བུས་མཛད་པར་འཇམ་དབྱངས་ཆོས་ལེགས་དཔལ་དར་བཟང་པོའི་ལྷན་ཐབས་སྦྱར་བ། ཤཱཀྱ་སེང་གེ་གཙུག་ཏོར་དགུ་པའི་དཀྱིལ་ཆོག་བུ་སྟོན་རིན་པོ་ཆེས་མཛད་པ་ལ་བྱང་གླིང་པ་རིན་ཆེན་བཀྲ་ཤིས་རྒྱལ་མཚན་གྱིས་ལྷན་ཐབས་སྦྱར་བ། རྡོ་རྗེ་མི་འཁྲུགས་པ་ཡོ་གར་བཀྲལ་བའི་དཀྱིལ་ཆོག་ཐམས་ཅད་མཁྱེན་པ་བུས་མཛད་པར་ཆོས་རྗེ་དབོན་(༩༤བ)


GLG020_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ལྷན་ཐབས་སྦྱར་བ། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་དཀྱིལ་ཆོག་འཆི་མེད་གྲུབ་པ་བུ་སྟོན་རིན་པོ་ཆེས་མཛད་པར་ཁྱབ་བདག་མཁན་རིན་པོ་ཆེ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་རེག་ཟིག་སྦྱར་བ། ཤར་དུ་ཤེར་ཕྱིན། ལྷོར་སྡོང་པོ་བཀོད་པ། ནུབ་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ། བྱང་དུ་གསེར་འོད་དམ་པ་སྟེ་བཞིའི་གསུངས་སྒྲོགས། ས་ཆོག་བུ་སྟོན་ཡབ་སྲས་དུས་ཀྱི་ཕྱག་ལེན་ལྟར་དབུས་ཀྱི་ཁྲོ་བོ་སྤྲོ་བ་རྡོར་དབྱིངས་རྩ་ལུགས་ཀྱི་རྡོ་རྗེ་སློབ་དཔོན། ཤར་སྒོ་བ་རྩེ་མོའི་རྡོ་རྗེ་སློབ་དཔོན། ལྷོ་སྒོ་བ་རྡོར་དབྱིངས་འགྲེལ་ལུགས་ཀྱི་རྡོ་རྗེ་སློབ་དཔོན། ནུབ་སྒོོ་བ་དཔལ་མཆོག་རིགས་བསྡུས་ཀྱི་རྡོ་རྗེ་སློབ་དཔོན། བྱང་སྒོ་བ་ཤཱཀྱ་སེང་གེ་གཙུག་ཏོར་དགུ་པའི་རྡོ་རྗེ་སློབ་དཔོན་ཏེ་ལྔ། དཀྱིལ་འཁོར་ཞལ་འབྱེད་སྐབས་རྡོར་དབྱིངས་རྩ་ལུགས་ཀྱི་རྡོ་རྗེ་སློབ་དཔོན་གྱིས་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་རྒྱས་པོའི་སྦྱིན་སྲེག་གི་ཆོ་གར་ཆོས་འཁོར་བ་དགེ་འདུན་དཔལ་བཟང་གིས་གསལ་བྱེད་ལྷན་ཐབས་སྦྱར་བ་ལ། ཆ་ལུགས། འདུག་སྟངས། ཕྱག་རྒྱ། ཐབ། སྲེག་རྫས། མཆོད་རྫས་རྣམས་བཤད་ཚོད་བཞིན། གྲངས་རྫུན་མེད་པའི་སྲེག་རྫས། ཐབ་ནང་གཞལ་ཡས་ཁང་རྡོར་དབྱིངས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས་པར་གྲྭ་ཚང་བཞི་ག་ནས་གར་བཟབས་མཆོར་གྱི་རྡོར་དབྱིངས་མཆོད་གར་ཆོས་རྗེས་ཐམས་ཅད་མཁྱེན་པའི་གར་ཡིག་ལ་མཁས་པ་ཟླ་བ་དཔལ་རིན་གྱི་གསལ་བྱེད་སློབ་རྒྱུན་གྱི་ཕྱག་ལེན་རེག་ཟིག་མཁན་ཆེན་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་མཛད་པ་བཞིན་རྒྱས་པ། སླར་ཀུན་རིག་ཤམྦྷུ་ཏའི་གར་ལས་བཞིའི་རྔ་བརྡུང་དང་བཅས་པ་ཆད་པར་ཉེ་འདུག་པས་བུ་སྟོན་རིན་པོ་ཆེའི་གསུང་རབ་ལས་བསླབ་རྒྱུན་སྦྱར་ནས་མ་ཆད་ཙམ་འདི་བསྟན་རྒྱུན་ལ་བསམ་ནས་མཁན་སློབ་སྣེ་མོ་བ་རྣམས་ཀྱིས་རྒྱས་པར་གསོ་བའི་(༩༥ན)


GLG020_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཁུར་བཞེས། རྡུལ་ཚོན་ཆུ་བོར་གདན་འདྲེན་སྐབས་ཀུན་མཁྱེན་བུས་མཛད་པའི་ཀླུ་ཆོག་བཞིན་སྤྱན་འདྲེན་བྱིན་རླབས་ཀྱི་རྒྱུན་བརྟན་པའི་ཕྱིར་སངས་གཏོར་སོགས་རྡོར་དབྱིངས་རྩ་ལུགས་ཀྱི་སློབ་དཔོན་པ། ཤིས་བརྗོད་ཀྱི་དུས་བཀྲ་ཤིས་ཀྱི་རིམས་སྤྱི་འགྲོ་ལ་རྡོར་དབྱིངས་ཀྱི་བཀྲ་ཤིས་མཆོད་ཕྲེང་ནས་བྱུང་བ། བུ་སྟོན་རིན་པོ་ཆེས་མཛད་པའི་རྩེ་མོའི་བཀྲ་ཤིས་དང་། དཔལ་མཆོག་གི་ཆོས་དང་བཀྲ་ཤིས་འཕེལ་བྱེད་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པ། དེ་ཐམས་ཅད་ལ་རྒྱལ་བ་གཉིས་པ་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་དཀྱིལ་ཆོག་སོ་སོ་ལ་བརྒྱུད་པའི་གསུང་རྒྱུན་མ་ཉམས་པའི་ཁ་སྐོང་སྦྱོར་ཏེ། སློབ་དཔོན་མཁས་པའི་མཛུབ་ཁྲིད་སྟེང་ནས་བྱང་ཞིང་ཆུབ་པ། བུ་སྟོན་རིན་པོ་ཆེས་མཛད་པའི་ཡོ་ག་ཊཱི་ཀ་ཡིད་བཞིན་ནོར་བུ་ལ་མཁས་པ་ཙནྡྲ་ཤྲཱིའི་བཤད་སྦྱར་བསླན་པ་གཙོ་བོར་བཏོན། གཞན་ཡང་ཐམས་ཅད་མཁྱེན་པ་བུས་མཛད་པའི་ཡོ་གིའི་ཕྱོགས་ཀྱི་གསུང་རབ་སྔ་ཕྱི་རྣམས་དང་། དེ་དག་གི་དགོངས་དོན་གསལ་བྱེད་ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་སོགས་དངོས་སློབ་རྣམས་ཀྱིས་མཛད་པ་དང་། དེ་རྗེས་མཁས་མཆོག་ཙནྡྲ་ཤྲཱི། ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱ་མཚོ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ཀུན་མཁྱེན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་སོགས་ཀྱིས་གསུངས་པའི་ལེགས་བཤད་ལས་བྱུང་བ་ལྟར་ཆོ་གའི་ཚིག་དོན། ཕྱག་རྒྱའི་འཆིང་ཚུལ། འཆིང་མཚམས་སོགས་ཁོང་དུ་ཆུད་ནས་མཐོང་བ་བརྒྱུད་པའི་ཕྱག་ལེན་བཟང་པོ་ཁྱད་དུ་མི་གསོད་པར་ལེགས་པར་བརྟགས་ཏེ་མི་ཤེས་པས་རང་གར་སྦྱར་བའི་འཁྲུལ་པ་རྣམས་རིང་དུ་བོར། ཁྱད་པར་ཕྱག་རྒྱ། བྲིས་ཐིག །གར་དབྱངས་རྣམས་དཔེ་བལྟས་པ་ཙམ་གྱིས་མི་ཤེས་པས་སློབ་དཔོན་མཁས་པའི་ངག་ལ་གུས་པས་མཉན་ཏེ་མཁས་པ་ཙནྡྲས་མཛད་པའི་བྲིས་ཐིག་(༩༥བ)


GLG020_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གར་དབྱངས་སོགས་ཀྱི་བསྟན་བཅོས་ལས་བྱུང་བ་ལྟར་ཕྱག་ལེན་དུ་ཐེབས་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་མངོན་དཀྱིལ་མཐུ་སྟོབས་ཀྱི་དབང་ཕྱུག་རྭ་ཆེན་ལོ་ཙཱ་བས་མཛད་པར། ཚར་ཆེན་རྡོ་རྗེ་འཆང་གི་ལྷན་ཐབས་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཆོག་སྒྲིགས་སྦྱར་བ། ཚར་ཆེན་ཡབ་སྲས་ཀྱིས་མཛད་པའི་བརྒྱུད་འདེབས་ལམ་རིམ་གྱི་སྨོན་ལམ་དང་བཀྲ་ཤིས། ལས་གཤིན་གྱི་བཀང་གསོ་དབྱངས་རོལ་སོགས། ཚར་ལུགས་ཀྱི་ཕྱག་ལེན་གཞན་འདྲེས་མེད་པ་འཕགས་པའི་གནས་བརྟན་བཅུ་དྲུག་གི་མཆོད་ཆོག་རྗེ་བླ་མས་བཀའ་གནང་བ་བཞིན་ངེད་རང་གིས་རང་བཟོ་སྤངས་ཏེ་ཡིག་རྙིང་རྣམས་ལས་བཏུས་པ་རྒྱལ་བསྟན་མཛད་མེད་ནོར་བུ་རྣམས། སྒྲུབ་མཆོད་གྲོལ་བའི་སང་ཉིན་བཟློག་ཆེན་བཞིའི་ཆོ་ག་རྒྱས་པར་བསྟར་བ་ལ་སྒྲུབ་མཆོད་ཚུགས་པ་ནས་མ་གྲོལ་བར་དཔོན་སློབ་བཞིས་གདུགས་དཀར་གྱི་ཆོ་ག་རྒྱ་གར་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིའི་གསུང་རབ་ཀྱི་དགོངས་དོན་འཁྲུལ་མེད་སོའི་སྔགས་འཆང་ཆེན་པོ་ཤཱཀྱ་དཔལ་བས་གྲུབ་པའི་རྟགས་མངོན་སུམ་དུ་བསྟན་པའི་ཆོག་སྒྲིགས་དང་། འཇམ་དབྱངས་ཆོས་ལེགས་དཔལ་དར་བཟང་པོས་མཛད་པའི་བདག་མདུན་གྱི་སྟེང་ནས་ཟོར་རྣམས་ནུས་ལྡན་དུ་སྒྲུབ་པ། བསྟོད་རེས་ཀྱི་རྣམ་སྲས་དྲག་གཏོར། གཤེད་དམར་དྲུག་ཅུ་པ་ཆོས་རྗེས་ཐམས་ཅད་མཁྱེན་པའི་གསུང་རབ་ལྟར་རྒྱུད་སྡེ་འཛིན་པ་ཆོས་རིག་རྒྱལ་མཚན་གྱིས་ལེགས་པར་བཀྲལ་བ། ཁ་འབར་མ་ལ་སྔགས་རྙིང་མའི་ནང་བདག་ཁ་བསྒྱུར་གྱི་ཁ་ནང་དུ་མེ་སྦར་ཞིང་རྫོངས་ཀྱིས་བསྐུལ་སོགས་བྱུང་བ་དག །གསར་མ་བ་མི་མཁས་པ་འདྲས། མིང་ཙམ་ལ་འཁྲུལ་ནས་སྦྱར་བ་སོགས་ཀྱི་ལྷད་དང་བྲལ་བ་བ་རི་ལོ་ཙཱ་བའི་དགོངས་དོན་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་མཛད་པའི་ཆོག་སྒྲིགས་ལ་གསལ་བྱེད་སྔགས་འཆང་ཤཱཀྱ་དཔལ་བའམ་རྗེ་ཆོས་(༩༦ན)


GLG020_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་དཔལ་དར་གྱིས་སྦྱར་བ་གང་རུང་། དེ་ལྟར་བཟློག་ཆེན་བཞིའི་གཏོར་རྒྱག་སྐབས་རྣམ་སྲས་ཀྱི་ལས་བཞིའི་རྔ་བརྡུང་རྔ་འགྲོས་སྤྲོ་བ་གསུམ་གྱི་འཚམས་དང་བཅས་རྒྱས་པ། གཏོར་རྒྱག་བྱས་པའི་སང་ཉིན་རྡོར་དབྱིངས་པ་སོགས་ཀྱིས་མཁྱེན་རབ་ཆོས་རྗེའི་ཕྱག་ལེན་བཞིན་གཏོར་འབུལ་རྒྱས་པ་དང་བསྟུན། གདུགས་དཀར་བ་རྣམས་ཀྱིས་རྒྱལ་མཚན་འཛུགས་པའི་ཆོ་ག །སྒྲུབ་མཆོད་ལ་གེགས་སེལ་གྱི་སྐུ་རིམ་དུ་དཔོན་སློབ་གསུམ་རེས་མ་གྲོལ་རིང་སྔ་དྲོ་གཟུངས་གྲ་ལྔའི་སྒྲུབ་མཆོད་དང་། དགོངས་མོ་ཆོས་སྐྱོང་རྣམས་ཀྱི་བཀང་གསོ། གནས་བརྟན་ཕྱག་མཆོད་པ་རྣམས་ཀྱིས་རྗེ་བླ་མའི་དགོངས་པ་བཞིན་འདི་གའི་རིང་འཚོར་དམིགས་པའི་སྔ་དྲོ་ཚེ་ཆོག་རྣམས་མཛད། ཐམས་ཅད་ཀྱིས་ཚོགས་མཉམ་དང་གྱེས་མཉམ་ངོས་ཚོགས་འཕྲལ་ཐུན་མོང་དུ་རྡོར་དབྱིངས་རྩ་ལུགས་ཀྱི་དབུ་མཛད་ཆེན་མོས་གནས་ལྔ་རིག་པའི་པཎ་ཆེན་བུ་སྟོན་རིན་པོ་ཆེའི་སྐུ་བསྟོད་གང་རིགས། ཐུགས་སྲས་ལོ་ཙཱ་བའི་རྣམ་ཐར་གསོལ་འདེབས་གསུང་རབ་མ་སྔོན་དུ་བཏང་ནས་ཞ་ལུར་བཀའ་དྲིན་ཆེ་བའི་བླ་མ་རྣམས་ཀྱི་སྐུ་བསྟོད་འདི་ག་ནས་གསར་རྩོམ་དང་ངེད་རང་གི་རིང་འཚོའི་ཚིག་བཅད་རྣམས་གསུང་། སྔགས་སྡེ་དགོན་ཤར་ནུབ་གཉིས་ཀྱིས་བཀའ་བརྒྱད་བདེར་འདུས་ཀྱི་ཁྲོ་རོལ་དང་འབྲེལ་བའི་སྒྲུབ་པ་བྱེད། མཆོད་རྫས་དང་དགེ་འདུན་གྱི་རྙེད་བཀུར་རྣམས་གཏོང་དེབ་གཞུང་གི་དམ་འབྱར་ནང་བཞིན་ཆད་འཁུམ་མེད་པར་གཏོང་། ཇ་མ་ལས་བྱེད་མ་གཏོགས་ཚོགས་བཞུགས་མ་ཡིན་པར་དྲག་གཞན་སུ་ལའང་སྐལ་བ་མི་གཏོང་ཐམས་ཅད་ཀྱིས་དམ་ཚིག་དང་སྡོམ་པར་གནས་པ་གཙོ་བོར་འདོན། ཀུན་གྱིས་བསྙེན་པ་སོང་ན་རབ་དེ་མིན་ཆོག་དཔོན་གྱིས་བསྙེན་པ་ངེས་པར་སོང་བ། ཆོ་ག་ཕྱག་རྒྱ་དང་བཅས་པ་རྒྱུགས་མ་འཕྲོད་ན་ཚོགས་སུ་མི་འཇུག་ཅིང་དེ་རིགས་ལ་ངོ་ཆེན་ངན་སྐྱོབ་ཀྱི་རིགས་གཏན་(༩༦བ)


GLG020_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད། ཚོགས་ལ་རང་ནམ་ཁོམ་གྱི་རེས་འཇོག་བྱས་ནས་ཆོ་ག་ཆ་ལག་མི་ཚང་བ་དང་ན་བ་སོགས་ཁམས་ཀྱིས་མི་ལྕོགས་ངེས་མིན་པར་བྲེལ་བ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཆོས་ཁྲིམས་པར་གནང་བ་ཞུ་བ་དང་། དབང་གཤེད་ཀྱི་རས་སྤྱོད་སོགས་མིག་བལྟོས་གཤས་རྐྱེན་དུ་འགྲོ་བ་དྲག་ཞན་སུས་ཀྱང་མི་བྱེད། གོང་གསལ་གྱི་རྒྱབ་གཉེར་དགོས་པ་གཞིས་རྩེ་རྫོང་སྡོད་སྦྲེལ་པོས་གྱིས། བསྟན་འགྲོ་སྤྱིའི་བདེ་སྐྱིད་དང་བྱེ་བྲག་ཤེས་བྱ་ཐམས་ཅད་གཟིགས་པ་བུ་སྟོན་རིན་པོ་ཆེ་ཡབ་སྲས་ཀྱི་རིང་ལུགས་མ་ཕམ་མགོན་པོ་དབུས་འགྱུར་འཆང་དུ་མ་བྱོན་དེ་སྲིད་ཀྱི་བར་དུ་དར་རྒྱས་དང་རང་གཞན་གྱི་འདི་དང་གཏན་གྱི་འདུན་མ་ལ་བསམས་ནས་ཁྲལ་འཇལ་ཙམ་དུ་མ་སོང་བའི་བློ་དང་བརྩོན་པའི་ནུས་པ་ཅི་ཡོད་ཀྱིས་འབད་པར་རིགས་སོ། །ནམ་མཁའི་མཐའ་སྙེད་ལུས་ཅན་ཀུན་གྱི་བསྟན་བདེའི་སྲོག་ཏུ་ཉེར་སོང་བ། །ཁྱབ་བདག་རྣམ་སྣང་རྡོ་རྗེ་སེམས་དཔའི་མི་ཟད་རྒྱན་འཁོར་བདུད་རྩིའི་ཐིག །རྒྱ་བོད་མཁས་གྲུབ་རིམ་བྱོན་ཞལ་ལུང་ཆུ་གཏེར་ཆེ་ལས་སླར་འདོན་པའི། །རིན་ཆེན་བསོད་ནམས་མཆོག་ཏུ་གྲུབ་ཁྱོད་སྔོན་མེད་ལེགས་བྲིས་ཡོངས་ཀྱི་གཙོ། །ལུགས་གཞན་མ་འདྲེས་འཇམ་དབྱངས་རྭ་ཆེན་གྱི། །ཕྱག་བཞེས་དུས་དགྲའི་དབང་པོ་མ་ཧེའི་ཞལ། །བཅུ་གསུམ་འཁོར་ལོའི་གསལ་བྱེད་ཚར་ལུགས་ཞེས། །འཁྲུལ་རྙོག་དྭངས་མཚོར་དངོས་གྲུབ་གཟུགས་ཀུན་འཆར། །སྤང་རྟོགས་སྲང་ལ་བྱིན་རླབས་བདོག་པ་ཡིས། །ལྕི་དང་ཡང་མེད་སངས་རྒྱས་སྤྱི་སྲོལ་ཀྱང་། །སྙིགས་དུས་བསྟན་པའི་སྲོག་ཏུ་ཐུགས་རྗེའི་ཤུགས། །ཆེར་ལྷག་གནས་བརྟན་བཅུ་དྲུག་གྲགས་སྙན་དཀར། །ཕྱིས་དར་འདུས་སྡེའི་ཐོག་མ་གསེར་བཀང་ཞེས། །གཞུང་ལུགས་རྒྱ་མཚོ་འཕེལ་པའི་མཛེས་རྒྱན་དུ། །མ་ཕམ་བུ་སྟོན་ཡང་སྲས་རིང་ལུགས་དིང་། །ཆེས་ཆེར་རྒྱས་པ་དཔལ་(༩༧ན)


GLG020_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞ་ལུ་རུ། །བགྲང་ཡས་རྒྱུད་སྡེ་ཡིད་བཞིན་རིན་ཆེན་མཛོད། །ཕུལ་བྱུང་བསོད་ནམས་ཞིང་ས་གཤིན་པོ་ན། །ལྷ་སྔགས་ཡེ་ཤེས་མཆོག་ཏུ་ཉེར་སྒྲུབ་པས། །དངོས་གྲུབ་རྣམ་གཉིས་སྙེ་མ་གཡུར་ཟ་ངེས། །ངོ་མཚར་བཀོད་པ་བྱེ་པའི་ཆོ་འཕྲུལ་ཆེ། །ཉི་མའི་གཉེན་གྱི་ལེགས་བསྟན་རྟ་ཆེན་ཟླར། །སྲས་བཅས་རྒྱལ་བར་ཀུན་བཟང་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་སྒོ་འཕར་སླར་ཕྱེ་འབྲས། །འཁོར་བ་ཚང་ཚིང་ཀླུང་དུ་ལས་ཉོན་གྱི། །གཅན་གཟན་གདུག་པས་རབ་གཅེས་མ་རྒན་ཚོགས། །ཐར་པའི་རིན་ཆེན་གླིང་འཁྲིད་ས་མཁན་ཆེ། །བསྟན་དང་དེ་འཛིན་བཤེས་གཉེན་ཚོགས་འཕེལ་ཞིང་། །སྒྲ་བསྒྱུར་འཇིག་རྟེན་མིག་གཅིག་བུ་སྟོན་རྗེ། །རྒྱུད་སྡེ་རྣམ་བཞིའི་བཞེད་གཞུང་གཙོར་གྱུར་པ། །ལེགས་བཤད་དབྱངས་ཀྱི་པི་ཝང་རྒྱུད་མང་སྒྲ། །ཕྱོགས་བྲལ་ལུས་ཕྲའི་རྣ་བར་སྙན་པར་ཤོག །བྱང་ཆེན་དེ་སྲིད་བསྐྲུན་ཀྱང་གཞལ་དཀའ་བ། །དྲིན་ཅན་རྩ་བའི་བླ་མ་རྣམ་གསུམ་གྱི། །དགོངས་པ་བདེ་ཆེན་ཆོས་དབྱིངས་ཀློང་རྫོགས་ནས། །ཡོལ་མེད་ཐུགས་རྗེའི་སྤྱན་གྱིས་རྟག་གཟིགས་ཤོག །ཚེ་དབང་ལྷུན་གྲུབ་རབ་ཏུ་བརྟན་པ་ཡི། །ས་ལམ་ཡོན་ཏན་ཟླ་བའི་མ་མ་རུ། །བསྐྱེད་རྫོགས་ཉམས་རྟོགས་མ་ནུབ་དབང་བཞིའི་ཆུ། །ཡོངས་བབས་ཟུང་འཇུག་སྲིད་རྩེར་ཕྱུར་བར་ཤོག །འཕྲོག་བྱེད་ཀྱིས་བཏེག་སྲ་བརྟན་རྡོ་རྗེའི་ཁྲིར། །མགོན་ཁྱོད་ཞབས་ཟུང་བསྐལ་བརྒྱར་བཀོད་བྱས་ཏེ། །ངེས་གསང་ཐེག་མཆོག་ཆོས་འཁོར་སྐལ་བཟང་གི །གདུལ་བྱར་བསྐོ་བའི་རེ་འབྲས་ལྷུན་གྲུབ་ཤོག །བསྟན་འགྲོའི་དོན་པོར་དགོངས་བཞེད་ཚུལ་བཞིན་དུ། །ལེགས་ལྡན་སེར་ཆེན་རྣམ་མང་ཐོས་པའི་སྲས། །ལས་ཀྱི་གཤིན་རྗེ་རྡོ་རྗེ་རབ་བརྟན་(༩༧བ)


GLG020_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ཆོས་སྲུང་རྒྱ་མཚོས་འཕྲིན་ལས་ལྷུན་གྲུབ་མཛོད། །གནམ་ལོ་ཐོག་མར་ཚེས་པ་ཡར་གྱི་ངོ་། གཟའ་སྐར་དུས་སྦྱོར་དགེ་བའི་འཕྲོད་བཟང་ནས། །བགྲང་ཡས་དཀྱིལ་འཁོར་མཆོད་ཅིང་ཉེར་བསྒྲུབས་པའི། །བཀྲ་ཤིས་འཇིག་རྟེན་ཀུན་ཏུ་ཁྱབ་པར་ཤོག །ཅེས་ཆོས་སྡེ་ཆེན་པོ་ཞ་ལུའི་སྒྲུབ་མཆོད་བཅོ་ལྔ་གསར་ཚུགས་ཀྱི་བཅའ་ཡིག་ཤེལ་དཀར་མེ་ལོང་འདི་ནི་ཁྱབ་བདག་བླ་མ་དམ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་བཀའ་སྩལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་འཕགས་ཡུལ་བ་ཨཱ་ན་ལ་ཞེས་པ་ཕྱོགས་འདིར་མར་གྲགས་ཤིང་། ཤར་ཕྱོགས་རྒྱལ་ཁབ་ཏུ་བིང་ཤིང་དུ་འབོད་པ་མེ་ཕོ་འབྲུག་གི་ལོ། ལེགས་སྦྱར་གྱི་སྐད་དུ་མཱརྒྷ་ཤཱི་ར་ཞེས་མགོས་ཉ་བའི་ཟླ་བ། རྒྱ་ནག་པ་ཤི་དབྱི་ཞེས་པ་ཧོར་ཟླ་བཅུ་གཅིག་པ། དུས་འཁོར་བའི་སྙིང་སྟོབས་ཀྱི་མུན་པ་འཇུག་པ་འབྲིང་བོའི་དམར་ཆ། ཡོན་ཏན་གྱི་དབྱངས་ཨཽ། གསལ་བྱེད་སྐྱེད་རིམ་དང་མཐུན་པ་ྈྐ། དབྱངས་ཨཱ། གསལ་བྱེད་ཛ། ན་ཚོད་གཞོན་ནུ། ཁམས་ཆུ། འདོད་ཡོན་རོ། གྲུབ་པའི་མཐའི་ཉི་མ་དབོ། བྱེད་རྩིས་པའི་ཆུ་ཚོད་ཀྱི་མེ་བཞིས་སླེབ་པའི་འགྲུབ་སྦྱོར། ཏཏྐཱ་ལ་བུམ་པའི་དུས་སྦྱོར་ལ་རྫོགས་ལྡན་གྱི་རྣམ་པར་ཐར་པ་བཞིའི་སྒོ་ཕྱེ་བ་ཕོ་བྲང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་ཛ་ཡནྟུ། །ཆོས་རྣམས་དོན་དམ་སྟོང་ཞིང་བདག་མེད་ཀྱང་། །ཀུན་རྫོབ་སྣང་བ་འགག་མེད་འབྱམས་ཀླས་པར། །བགེགས་མཐར་བསྐྲོད་པའི་ཁྲོ་བོ་རིག་པའི་རྒྱལ། །ཚིག་མདའི་ལམ་དུ་དབང་པོའི་གཞུ་རིས་ལྟར། །སྒྱུ་མས་བསླན་པའི་འཕྲོག་བྱེད་སྡེར་མོ་ཡིས། །(༩༨ན)


GLG020_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འཐུང་ལྟོ་བ་འདྲལ་མཚུངས་མེད་བཞིན་དུ། །བཏགས་ཙམ་འཁྲུལ་ངོར་ཤར་བའི་སྡེ་བརྒྱད་རྣམས། །དཔྱད་ན་མཐའ་བྲལ་སྟོང་ཆེན་དབུ་མའི་ལམ། །མ་རྟོགས་ཕུང་པོ་ལྔ་ཙམ་ཚོགས་པའི་ངར། །མི་བཟད་ཟུག་རྔུས་གཟིར་བྱེད་གནོད་པ་ཀུན། །ཁྲག་འཐུང་རྣམ་པར་རོལ་པས་རྨི་ལམ་ལྟར། །མེད་བཞིན་སྣང་བའི་སྒོ་གསུམ་རཀྵཱ་ཡ། །གསེར་གྱི་རྒྱལ་པོའི་ལུང་གིས། །ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ་ཏཱ་ལའི་བླ་མ་བཛྲ་དྷ་རར་འབོད་པའི་གཏམ། ཡངས་པའི་ས་ཆེན་པོ་ལ་སྤྱོད་པའི་རྒྱ་ཧོར་བོད་སོག་གི་སྐྱེ་དགུ་སྤྱི་དང་། བྱེ་བྲག་ཁལ་ཁ་ཚོ་པ་བདུན། ཨོ་རོད་ཚོ་པ་བཞིར་གཏོགས་པའི་བླ་མ་སེར་མོ་བ་ཆེ་ཆུང་། རྒྱལ་པོ་རྒྱལ་རིགས། ཐའི་ཇི། ཇི་ནོང་། དཔོན་ཆེ་ཆུང་། ཐ་བུ་ན། ཇའི་སང་། དམག་སོགས་བྱ་བ་ཞི་དྲག་གི་སྣེ་མོ་ལས་འཛིན། མངགས་སླེབ་སྡེ་དམངས་དང་བཅས་པ་མཐའ་དག་ལ་སྤྲིངས་པ། འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་དང་མི་རྒྱུ་བའི་ལུས་ཅན་མ་ལུས་པ་བདེ་སྐྱིད་ལ་སྤྱོད་པ་༸ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེར་རག་ལུས་ཤིང་། སངས་རྒྱས་ཀྱི་བསྟན་པའང་ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་སོགས་ལས་བྱང་ནས་བྱང་ཕྱོགས་སུ་རྒྱས་པར་གསུངས་པ་ལྟར་བོད་ཁ་བ་ཅན་གྱི་བྱང་ཕྱོགས་ཧོར་གྱི་རྒྱལ་ཁམས་སུ་ཏཱ་ལའི་བླ་མ་བསོད་ནམས་རྒྱ་མཚོ་དང་ཨལ་ཐེན་ཆོས་ཀྱི་རྒྱལ་པོ་མཆོད་ཡོན་ཉི་ཟླ་ཟུང་དུ་འབྲེལ་བ་ནས་ཡངས་པའི་རྒྱལ་ཁམས་མཐའ་ཀླས་པ་དམ་པ་ཆོས་ཀྱིས་དཀར་པོར་གྱུར་པ་ནས་བཟུང་༸རྒྱལ་བ་གཉིས་པ་ཤར་བཙོང་ཁ་པའི་བསྟན་པ་རིན་པོ་ཆེའི་གདུགས་དཀར་པོ་གཅིག་གི་གྲིབ་བསིལ་ལ་འདི་ཕྱིའི་བདེ་སྐྱིད་སྒྲུབ་པར་ངལ་གསོ་བཞིན་པ་ཡིན་ནའང་བར་སྐབས་སུ་སེམས་ཅན་ལས་ལ་སྤྱོད་པའི་དུས་ཀྱི་ཆད་པས་སྟོད་སྨད་དུ་གཡུལ་(༩༨བ)


GLG020_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུག་རྩོད་ལྡན་ཀྱི་མཚན་ཉིད་དངོས་སུ་བསྟན་པའི་དུས་ཀྱི་འཕོ་འགྱུར་མང་བ་བྱུང་ནའང་ཁལ་ཁ་ཚོ་པ་བདུན་གྱི་ལ་རྒྱ་ལ་འཁྱོམས་ལད་ཆེར་མེད་ཅིང་། ཨོ་རོད་ཚོ་བ་བཞིའི་མཚམས་སུ་བདེ་དོག་སྣ་ཚོགས་བྱུང་བའི་མཐར་དིང་སང་དགའ་ལྡན་ཧུང་ཐའི་ཇིའི་ལས་ཤུགས་དར་དྲག་པས་སྟོབས་ཀྱི་དབང་ཕྱུག་ཆེན་པོར་གྱུར་སྐབས་ཡིན་འདུག་པ་བསྟན་འགྲོའི་བདེ་སྐྱིད་ས་ལ་སྤྱོད་པའི་མིའི་བདག་པོ་རྣམས་ཕན་ཚུན་མཉེས་གཤིན་པར་གྱུར་པས་དཀོན་མཆོག་གསུམ་ལ་བླ་མར་འཛིན་པ་དང་། མངའ་འབངས་རྣམས་ལུགས་གཉིས་དང་འབྲེལ་བ་དགེ་བ་བཅུའི་ཁྲིམས་ལ་བརྟེན་ནས་བདེ་བར་སྐྱོང་བར་རག་ལུས་པ་ནས་སྔར་ཅོ་ནེ་ཆོས་རྗེ་ཨོ་ཆིར་དྷ་ར་དང་ཆ་གན་ནོ་མོན་ཁན་གཉིས་ཀྱིས་ཁལ་ཁ་ཨོ་རོད་འཁྲུག་རྩོད་ལྷ་མིན་གྱི་གྲོང་ཁྱེར་འདྲ་བའི་ཡ་ང་བ་འདུམས་པར་བྱས་པའི་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཡོད་མུར། ལྕགས་ཕོ་འབྲུག་གི་ལོ་ཁལ་ཁ་ཇ་སག་ཐུ་རྒྱལ་པོ་སོགས་རྗེ་བློན་མང་པོ་དང་གཡོན་རུ་པཱ་ཐུར་ཧུང་ཐའི་ཇིས་གཙོས་པའི་ཨོ་རོད་ཀྱི་དཔོན་ཁག་མང་པོས་རྣམ་པར་དག་པའི་བསམ་པ་བློ་གྲོས་དང་བརྩོན་པའི་མཐུ་བརྟས་ཏེ་ཕན་ཚུན་བདེ་འཇགས་ཀྱི་བསྟན་གཞུང་གཅིག་ཏུ་འགྱུར་པའི་ཡིག་དན་བཙན་པོ་མཛད་ཡོད་འདུག་པ་ལྟར་ཁོང་རང་རྣམ་གཉིས་ཀྱི་རིང་དེ་དོན་ལྟར་ཕན་ཚུན་དུས་བདེ་བྱུང་བ་རྗེས་སུ་ས་སྣེར་སྡོད་མི་འདྲའི་སྐྱོན་གྱིས་དམག་ཇག་ཐོར་བུ་བྱུང་འདུག་པ་དགའ་ལྡན་ཧུང་ཐའི་ཇི་ཡང་ཕ་མེས་ཀྱི་བྱ་བ་བཟང་པོ་བསྒྲུབས་པའི་རྗེས་སུ་ཞུགས་ཏེ་གཞུང་བཟང་པོའི་མདུན་མ་འདུག་པ་ལྟར་སྔར་གྱི་ཡིག་དན་རྙིང་པའི་དོན་ལྟར་གནས་པ་དང་། གལ་ཏེ་དེ་ལས་འགལ་བའི་བརླང་པོར་སྤྱོད་པའི་རིགས་ལ་ཁལ་ཁ་ཨོ་རོད་ཀྱི་རྒྱལ་པོ་དཔོན་ཁག་མདུན་ན་འདོན་སོགས་ཕན་ཚུན་གྲོས་བསྡུར་མཐུན་གྲུབ་ངོས་ནས་དྲན་འཛིན་ཕྱིས་འདོམས་བྱས་ནས་སླར་ཞོད་འཇགས་པའི་ཐབས་ལ་བརྩོན་པ་བྱེད་(༩༩ན)


GLG020_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་མཆོག་ཐུ་བཤེས་གཉེན་ངན་པའི་བློ་བྲིད་དང་ལས་སྨོན་གྱིས་ཞ་སེར་ཅོད་པན་འཆང་པའི་བསྟན་པ་ལ་ལོག་པར་འཁུ་བའི་དུས་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དང་པཱ་ཐུར་ཧུང་ཐའི་ཇི་གཉིས་བློ་རྩེ་གཅིག་ཏུ་བསྒྲིལ་བའི་དཔུང་ཤེད་ཀྱིས་བསྟན་པའི་ཞབས་འདེགས་སུ་འགྱུར་བ་བཞིན་སླར་ཡང་བསྟན་འཛིན་ད་ལའི་རྒྱལ་པོ་དང་ད་ལའི་ཧུང་ཐའི་ཇི་གཉིས་ཀྱི་གཙོས་པའི་དཔོན་ཁག་རྣམས་ཀྱིས་མཚོ་ཁྲི་ཤོག་རྒྱལ་མོ་ཡན་ཆད་དང་། དགའ་ལྡན་ཧུང་ཐའི་་ཇིས་ཨོ་རོད་ཕྱོགས་ཀྱི་བསྟན་གཞུང་བཟུང་སྟེ་ཕན་ཚུན་བསྟན་སྲིད་གཅིག་ཏུ་གྱུར་པའི་ལེགས་ལམ་ཆེ་བ་བྱེད་འདུན་དགའ་ལྡན་ཧུང་ཐའི་ཇིའི་ལྷག་བསམ་རྣམ་དག་གིས་རྒྱུ་མཚན་བྱུང་བ་ལྟར་རྒྱལ་པོ་དང་ཧུང་ཐའི་ཇིས་ཀྱང་དེ་དོན་ལྟར་འདོད་མཐུན་ཕན་ཚུན་གཉིས་ཡབ་མེས་བཟང་པོའི་སྲོལ་རྒྱུན་ཁོ་ན་ལྷུར་བླངས་ཏེ་བསྟན་སྲིད་ཀྱི་ཞབས་ཏོག་བསྒྲུབ་པ། ཨོ་རོད་ཚོ་པ་བཞི་སྔ་ཕྱི། འཁྲུག་རྩོད་སོགས་ལ་བརྟེན་དར་གུད་ཆེ་བ་བྱུང་འདུག་པ། ཉེ་ལམ་དགའ་ལྡན་ཧུང་ཐའི་ཇིས་རང་རྒྱལ་ཁོ་ན་གཙོར་འདོན་མ་ཡིན་པའི་ཨོ་རོད་ཀྱི་ལ་རྒྱར་སོ་སོའི་མིང་མ་དོར་བ་སོགས་ཁེབས་གང་ཆེའི་འདུན་པ་འདུག་པ་གཡོན་རུ་དང་ཐོར་གོག་མངའ་ཐང་རྒྱས་སྐབས་ལ་བཟོ་བཅོས་མ་དགོས་རུང་། ཁོ་ཤོད། དུར་བོད། ཁོད་སོགས་ཉམས་ཆགས་བྱུང་བ་རྣམས་དངོས་གཞི་ལ་རྒྱ་དགའ་ལྡན་ཧུང་ཐའི་ཇིའི་ལུང་ལེན་པ་ལས་སྤྲོས་པ་མི་འདུག་རུང་། ནང་གསེས་ཀྱི་གོ་བསྡུར་སོགས་ཐའི་ཇིའི་བཀོད་པ་དང་བསྟུན་ངོས་སོ་སོའི་འཚེར་སར་བདེ་འཇགས་གང་ཆེའི་སྐྱོང་བདར་དང་། ཚུལ་དེ་ལ་རྗེས་སུ་ཡི་རངས་བའི་བསམ་པ་རྣམ་དག་ལས་སྔར་་འཁོན་ཞེ་བཞག་གི་ངོ་ལོག་གཡུལ་འཁྲུག་མི་བྱེད་པ་སོགས་ཀྱི་དཔང་པོར་ཤི་རཱ་ཐུ་ནོ་མོན་ཁན་འདི་གའི་ངོ་ཚབ་ཀྱི་དཔང་པོའི་འོས་ཐོར་དགའ་ལྡན་ཧུང་ཐའི་ཇིས་བྱུང་བ་ཁོང་ན་མཐོས་ཤིང་དེ་(༩༩བ)


GLG020_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་ཡུན་རིངས་བའི་བོད་དུ་ཡོང་ཆོག་པ་དགོས་ཚུལ་བྱུང་རུང་ཁོང་རང་བརྟག་པར་ཡང་མ་བབས་པ་མེད་ཅིང་བླ་མ་གསར་བ་ཡང་འཕྲལ་གཏོང་མ་འགྲིག་པ་སོགས་ནས་སྐོར་ཅིག་ནོ་མོན་ཁན་རང་སྡོད་དགོས་པའི་བསླབ་བྱ་སོང་ཞིང་ཁོང་ན་ཚོད་དང་བཅས་ཡར་ཡོང་བ་ཤར་དུས་དེ་ཚབ་ཀྱི་བླ་མ་ཞིག་ཆེད་གཉེར་དུ་མངགས་པའི་གོང་དུ་གསལ་བ་རྣམས་སུ་མ་ཟད་རྒྱ་ནག་གོང་མ་རྒྱལ་པོས་གཙོས་པར་གཞུང་འགྲིག་པོ་སོགས་བདེ་འཇགས་ཀྱི་རྒྱུན་མི་ཉམས་པའི་སླད་དུ་དཔང་པོ་རེ་ཆད་མེད་དུ་འཇོག་རྒྱུ་ཡིན། ད་ལམ་རྗེ་བདག་ཉིད་ཆེན་པོའི་བསྟན་པའི་ཞབས་འདེགས་རྒྱ་ཆེར་བསྒྲུབ་པའི་རྟེན་འབྲེལ་གྱི་སྒོ་འབྱེད་དུ་རྒྱལ་པོར་མངའ་གསོལ་བའི་ལུང་ལས་སྐྱེལ་བ་དང་། གོང་གསལ་གྱི་དོན་སྐོར་རྣམས་གླེང་བར་མགྲོན་གཉེར་སྐྱར་པོ་བ་རྡོ་རྗེ་དབང་ཕྱུག་རྫོང་བདའ་བྱས་ཡོད་པ་སོ་སོ་ནས་གོ་བའི་སྤང་བླང་་འཛོལ་མེད་བྱེད་དགོས་རྒྱུ་ཡིན། ཚུལ་བཞིན་བསྒྲུབས་པ་རྣམས་ལ་སྨོན་ལམ་བཟང་པོའི་མཚམས་སྦྱོར་བ་ཡིན། གོ་བར་བྱ་བའི་ཡི་གེ་དུས་ཀྱི་ཕོ་ཉ་ཞེས་པ་ས་ཕོ་རྟའི་ལོ་ཧོར་ཟླ་ལྔ་པའི་ཡར་ཚེས་ལ་ནོར་འཛིན་གྱི་སྤོ་ལས་མངོན་པར་འཕགས་པ་ཕོ་བྲང་ཆེན་པོ་པོ་ཏ་ལ་ནས་བྲིས། །

སངས་རྒྱས་རྒྱ་མཚོ་གངས་ལྗོངས་ཆོས་སྲིད་ཀྱི་བདག་པོར་བསྐོ་བཞག་གི་བཀའ་ལུང་དང་ངམ་རིང་ཆོས་སྡེ་མངའ་དག་རྒྱལ་གསུམ་སོགས་ཆོས་སྡེ་ཁག་གི་གོ་བར་བྱེད་པའི་ཡི་གེ།


GLG020_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཨུ ཏྟ རེ ཎ སུ ནྡྲ ཤ ཀྲ སྱཱ ག མི ན། པ ཤྩི མ སྱ དེ བ སྠཱ ནཱ ཤི ཤུབྷ སུ ཁ ཧཱ ཏི ཥྛ སྱ བུ དྡྷ ཛྙ ག མ ག ག ནཱ དྷྭ སྱ ཛ ཏ ག མ ན ས རྦ ཤཱ ས ནི ཀཱ བ བྷ ད ཀྵ ར བ ཛྲ དྷ ར ས མུ དྲ ཏཱ གུ རཱ བྷི ཥེ ཉྩ སྱཱ ཁྱཱ ཏ། །ཆེན་ཁྲོའི་ཧོང་དེའི་ཁྲི་ཝུང་ངའི། ཟི་ཐེན་ཏཱ་ཞན། ཙི་ཙིའི་ཕཱོ། ཤོ་ལུའི་ཐེན་ཞྭ། ཤི་ཀྱོའུ། ཡི་ཐུང་། དེའི་ཆི་ཀྱིང་གང་། དེའི་ཁེའི། ཤང་ཟི། ཙི་ཡིན། གོང་མ་ཧོང་དེའི་ལུང་གིས། ནུབ་ཀྱི་ལྷ་གནས་ཆོས་དགེ་བ་བདེ་བར་གནས་པའི་སངས་རྒྱས་བཀའ་ལུང་གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པ་གཅིག་ཏུ་གྱུར་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མར་དབང་བསྐུར་བའི་གཏམ། ཛམྦུ་པྲྀཀྵས་མངོན་པར་མཚན་པའི་ནོར་འཛིན་གྱི་གཞིར་འཁོད་པའི་ཉི་འོག་གི་སྐྱེ་དགུ་སྤྱི་དང་། བྱེ་བྲག་གདན་ས་ཆེན་པོ་སེར་འབྲས་དགེ་གསུམ། གམ་དུ་འཁོད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་སོགས་རིས་མེད་ཁྲིམས་ལྡན་འདུས་པའི་སྡེ། གསང་སྔགས་འཆང་བ། གཡུང་དྲུང་བོན་སོགས་ལྷ་སྡེར་གཏོགས་སོ་ཅོག་དང་། སོག་པོ་ཚོ་ཆེན་བཞི་བཅུ། ཨོ་རོད་ཚོ་པ་བཞི། མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་དུ་གནས་པའི་རྒྱལ་པོ་རྒྱལ་རིགས། ཇུ་ནང་། ཐའི་ཇི། དཔོན་ཆེ་ཆུང་། ཐ་བུ་ནང་། ཇའི་སང་། མི་བཟང་། སྡེ་དམངས་དང་བཅས་པ། སྐོར་གསུམ་(༡༠༠བ)


GLG020_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རུ་བཞི། སྒང་དྲུག་ཅེས་བོད་དང་བོད་ཆེན་པོའི་རྒྱལ་ཁམས་སུ་འཁོད་པའི། དཔོན་ཆེན། དཔོན་སྐྱ། རྫོང་སྡོད། ནང་རྣམ། རྟ་དྲུང་། གཉེར་ཁ་ལས་འཛིན་སོགས་མདོར་ན་མཆོག་དམན་བར་པ་མཐའ་དག་ལ་སྤྲིངས་པ། ཚེ་རིང་གནམ་གྱི་གཤེ་མོང་གིས་ཡངས་པའི་ས་ཀུན་ལ་དབང་བསྐུར་བ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་ལྷག་བསམ་དང་། སྙིང་སྟོབས་བརྩོན་པའི་མཐུས། རྒྱལ་དབང་བཙོང་ཁ་པ་ཆེན་པོའི་བསྟན་པ་བླ་ནས་བླར་འདེགས་པར་མཛད་སྐབས་ཆུ་རྟ་ཕོ་བྲང་ཆེན་པོ་བསམ་འགྲུབ་རྩེས་གཙོས་པའི་མངའ་འབངས་དང་། རྒྱལ་པོ་ཉིད་ཀྱི་རིགས་བརྒྱུད་དང་བཅས་པ་མཐའ་དག་གཏན་པ་མེད་པའི་མཆོད་སྦྱིན་དུ་སྦྱོར་འཇགས་མཛད་པའི་ཚེ། ཆོས་སྲིད་ཉིས་འཛིན་ངེེད་རང་ནས་མ་ལྕོགས་པའི་འཇིག་རྟེན་སྲིད་སྐྱོང་གི་ཁུར་ལེན་སྡེ་པ་བསོད་ནམས་རབ་བརྟན་གྱིས་མཛད་པའི་རྗེས་སུ་གདུང་གཅིག་པའི་མི་ངོ་རྫོགས་པར་བརྟེན། སྡེ་པ་འཕྲིན་ལས་རྒྱ་མཚོ་སོགས་ཁུར་ལེན་རིམ་པར་བཀོད་ཅིང་། གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་འདི་པ་ས་སྐྱོང་འཕྲིན་ལས་རྒྱ་མཚོའི་རུས་ཚ་ཡིན་པར་མ་ཟད། གཏེར་གསར་རྒྱ་ཅན་སོགས་ལུང་བསྟན་འགའ་ཞིག་ཏུ་བོད་ཀྱི་རྗེ་བོར་འོས་པ་ལུང་གིས་ཟིན་པ་ནས། ཤིང་ཡོས་ལོ་ཁུར་ལེན་བྱེད་དགོས་ཚུལ་རྒྱུ་མཚན་མཐའ་གསེད་ནན་ཆགས་བྱས་ཀྱང་ཞུ་ནན་ཆེས་པའི་ཁྲོལ་ཆ་བྱེད་དགོས་ཤིང་། གཞན་མའི་འོས་ཐོ་མང་བ་ཧ་ཅང་གི་བརྟག་པར་མ་བབབ་ཤིང་། གྲ་ཚང་གཉེར་པ་བློ་བཟང་སྦྱིན་པ་སངས་རྒྱམ་པའི་འོག་གི་བརྟག་པ་ངོ་དཀར་བ་ཡོད་གཤིས་རྒྱུ་མཚན་སྨོད་པར། ཤེས་འདོད་ནི་མེད། བཀའ་གྱན་ལྡོག་ནི་མི་ནུས། འོན་ཀྱང་བརྟག་པ་བསྐྱར་ནས་བརླིང་ཆ་དགོས་ཚུལ་བྱུང་བ། ལོ་གསུམ་གྱེ་བར་འཚུབ་ཆ་མེད་ཅིང་བཟང་བས། སླར་གེགས་ཞི་ན་མུ་འཐུད་བྱེད་ལོང་ཡོང་རྩིས་ཀྱི་ལོ་གྲངས་ཀྱིས་བརྡ་འགྲེམས་དང་བཅས་ཁྲིར་བཀོད་པ། རང་འདོད།(༡༠༡ན)


GLG020_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ཞིང་བསྟན་སྲིད་ལར་རྒྱའི་ཁུར་བསམ་ཆེ་བ་དང་ཁྱད་པར་འདི་གའི་ངག་བཀོད་ལས་ཅུང་ཟད་ཀྱང་མི་གཡོ་བ་སོགས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཉེ་གནས་གསུང་རབ་པར་གནང་བའི་ཚིགས་ཀྱི་བརྗོད་དོན་དང་ཚུངས་པར་མུ་འཐུད་ཐུབ་པར་བྱུང་བ། སྡེ་པ་རང་ཡང་ལོ་གྲངས་ཐེངས་ནས་འཚུབ་འདྲ་བྱུང་ཉེན་གྱིས་ནན་ཞུས་ཆེ་ཞིང་། བརྟག་པ་ལན་གཉིས་གསུམ་བསྐྱར་བ་དང་ཚངས་པ་དུང་ཐོད་ཅན་ལ་དྲི་བ་ཞུས་པ་སོགས་ཀྱང་མཚུངས་པ་ནས་གསར་བཀོད་ཀྱི་སྒོ་དོད་པར། གཞན་པ་འོས་དཀོན་ཞིང་སྔར་གྱི་བརྟག་པ་ལུང་བསྟན་སོགས་གང་ས་ནས་གྲོང་སྨད་པ་སངས་རྒྱམ་པ་རང་ལ་ནན་ཏན་དུ་ལབས་པར་ཡལ་ཡོལ་སོགས་ཐབས་སྣ་ཚོགས་ལས་དང་ལེན་ཞིག་མི་འདུག་རུང་། དུང་དཀར་དང་ཆུ་སྲིན་གྱི་དཔེ་བཞིན་དགོངས་པ་གཏན་ནས་མ་ཁྲོལ་ཕྱིན། ཕྱིས་སྐོར་བློ་སྣང་འགྱུར་པའི་ཆོས་ལ་དུང་སེམས་ཆེ་བ་ཞིག་ཡོད་ཀྱང་སྡེ་སྲིད་འདི་གས་མུ་འཐུད་གནང་ན་སྨོས་མ་དགོས། དེ་མིན་ཁྲི་འདོན་ཞིག་གྲུབ་པའི་སྒོ་མ་དོད་གོང་ལ་ཞུས་ན། མི་དམངས་ཀྱང་རྣམ་རྟོག་གི་འཆར་སྒོ་སྣ་ཚོགས་བྱུང་དོགས་ཀྱི་དེ་ལམ་དུ་ལུས་པ་ཡིན། ད་ཆ་བསྙེན་རྫོགས་ཤིག་བྱས་པའི་ལོ་གཉིས་ཀྱི་བར་བཀའ་མ་བཅག་པར་ཞུས། དེ་ནས་ཁུར་ཡང་བྱས་ཆོག་པ་དགོས་ཚུལ་ཟེར་བ། དངོས་གཞི་རབ་ཏུ་བྱུང་ན་ལེགས་པའི་ཆར་འདུག་རུང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ཡན་བཀའ་གདམས་ཀྱི་རྣམ་ཐར་ཁོ་ན་ལྷུར་བཞེས་ལ་དཔེར་མ་མཚོན། དགའ་ལྡན་ཕོ་བྲང་ལུགས་གཉིས་ཀྱི་མངའ་ཐང་ཇེ་འཕེལ་གྱི་འགོ་ཟུག་པའི་ཕྱག་མཛོད་རྒྱ་སེང་གཉིས་ནས་བཟུང་། ད་ལྟ་ཕན་སྡེ་པ་བློ་བཟང་སྦྱིན་པ་ཙམ་མ་གཏོགས་ཚངས་སྤྱོད་ལ་གནས་པ་མ་བྱུང་ཞིང་། ལྷག་པར་དཔལ་ཕག་མོ་གྲུ་པ་དང་སྡེ་སྲིད་གཙང་པའི་སྟོབས་འབྱོར་ལས་བརྒལ་བ་ཤར་དར་རྩེ་མདོ་ཡན་གྱི་བདག་པོར་གྱུར་བའི་དམག་དང་ཁྲིམས་སོགས་དྲག་པོའི་རྩུབ་སྤྱོད་ཀྱང་སྣ་ཚོགས་དགོས་པར། ཚངས་སྤྱོད་གཅིག་པུས་རབ་བྱུང་དུ་འགྲོ་བའང་དཀའ་ཞིང་། བསམ་པའི་འགྱུར་ཁྱད་དྲག་གཞན་ཀུན་ལ་གཏན་(༡༠༡བ)


GLG020_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆགས་པ་ཞིག་ཡོང་གཤིས་ད་ལྟའི་བློ་འདི་གར་སྡོད་པའི་ངེས་པ་ཡང་མེད། ལྷག་ཏུ་དགེ་འདུན་དང་ངང་པ་ཁྱུས་འཚོ་དགོས་པར་གནས་གྲོགས་སོགས་གང་ས་ནས་ལྷུས་ཐིངས་དཀའ་བར་མ་ཟད། སྡེ་དཔོན་ཆེན་པོའི་རིགས་ལ་བློན་བརྒྱུད་སོགས་དྲུང་འཁོར་དྲག་པ་རྣམས་འཁོར་བ་དོང་སྤྲུགས་ལྟ་བུའི་བློ་སྣ་བསྟུངས་པ་རྟེན་འབྲེལ་ལ་ཡང་མི་ལེགས། བླ་བྲང་དུ་བདག་མོ་བསྟེན་པས་མཚོན་སྒེར་གཞུང་མཉམ་བསྲེས་གཞན་བློར་མི་ཆུད་པ་ནི་ག་ལ་བྱེད། དེ་ཕྱིན་སྒེར་གཞིས་ཀྱི་འཛིན་སྐྱོང་ཀྱང་བློས་མ་བོར་བ་བྱས་ན་ཕུགས་ཡུལ་གཞུང་གི་ཞབས་ཏོག་ཏུ་འགྱུར་བ་རྒྱ་ལེ་ཀུན་འདུན་རིན་པོ་ཆེའི་དཔེ་དང་བཅས་མོལ་བ་ལྟར་ཡིད་འཇོག་བྱེད་རྒྱུ་ཡིན་ཅིང་། གོ་ས་འདི་བོད་ཀྱི་སྡེ་དཔོན་གཞན་དང་མ་འདྲ་བའི་རྒྱ་བོད་ཧོར་གསུམ་ཚང་མའི་སྣེ་ལེན་སྟབས་བྲེལ་བ་རྒྱུན་མི་འཆད་ལྟ་བུའི་ཁག་སྦྱོང་ཆེ་བར་ལ་ལར་ཉམས་འཆར་རྩེད་མོའི་གུང་སངས་ཀྱིས་གཞུང་ལས་ལ་ཐུད་ཤོར་དང་མི་རྣམས་ཀྱིས་ཀྱང་འཕྱ་གླེང་སྣ་ཚོགས་ཡོང་འདུག་པ་ད་ཆ་ཉམས་ལེན་གྱི་སྙིང་པོ་འདི་གའི་ངག་བཀོད་ལ་དང་ལེན་ངོས། ཚུལ་འཆོས་བག་ལྡན་གྱི་པར་བཀབ་མེད་པའི་ཁོ་རང་གི་བློ་མཐུན་དང་། ཉ་སྟོང་བརྒྱད་གསུམ་ལ་ཡན་ལག་བརྒྱད་པའི་ཁྲིམས་ལེན་པའམ། དགེ་སྦྱོར་ཟོལ་སྡོད་གུང་སངས་ལྟ་བུ་གང་བྱེད་ཀྱང་ཟླ་རེར་ཉིན་གསུམ་རེས་ལས་ཀར་ལེ་ཤོར་མི་ཡོང་བས་ཁྲོལ་ཆ་བྱས་ཤིང་། ལོ་གྲངས་དགོས་ཟེར་བ་དེ་བཞིན་བྱས་ཚེ་ཚང་མ་ཁག་བསུན་དང་གཞུང་རང་འགྲོས་སྒོ་ཆེ་བ་ལས་མི་འདུག་གཤིས། ནམ་ལྕོགས་བར་ཁུར་ལེན་བྱེད་རྒྱུ་དང་བཅས་ཕྱག་མཛོད་བསྐོ་བཞག་བགྱིས་པ། འདི་ག་ནས་མི་ཆོས་ཀྱི་ཁུར་ལེན་མ་ལྕོགས་པའི་ངོ་ཚབ་ཡིན་གཤིས། འདི་པས་གང་བྱས་ངེད་རང་ནས་བྱས་པ་དང་ཁྱད་མེད་པའི་འཐེན་ཁྱེར་གྱི་གླེང་བརྗོད་མེད་པར་ཀུན་གྱིས་བཀོད་པ་གཡོ་མེད་དང་ངེད་དང་སྡེ་པའི་བར་སེལ་འཇུག་སོགས་བྱས་ཚེ་གཞུང་དོན་ལར་རྒྱ་ཆུགས་ཚབས་ཆེ་བས་བདེན་མེད་བརྫུན་བསྒྲིགས་ཀྱི་གཡོ་འཕྲུལ་བྱས་ཆོག་རྒྱུ་མིན། ན་ཚོད་སོགས་ནས་མི་ལྕོགས་པའི་ཁུར་ལེན་འཇོག་པ་ཤར་ཚེ། ནམ་ཡིན་པ་ལ་བཞག་པའི་ཟུར་(༡༠༢ན)


GLG020_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤྱི་འགྲེ་བཞིན་བྱེད་ལུགས་བློ་དང་སྦྱར་ཆོག་རྒྱུ་ཡིན་པ་སོགས་གོང་གསལ་གྱི་ཚིག་དོན་རྣམས་ལ་སྐྱ་སེར་དྲག་ཞན་སུས་ཀྱང་ཚུལ་བཞིན་བསྒྲུབས་པར་རྗེས་འཛིན་དང་། ལོག་པར་འཁུ་བར་ཚར་གཅོད་པས་མཚོན་པའི་ལེགས་ཉེས་ཀྱི་བསྟངས་འཛིན་འདོད་པ་ཁམས་ཀྱི་དབང་ཕྱུག་དམག་ཟོར་རྒྱལ་མོ་དང་། ཆོས་སྐྱོང་བེག་ཙེ་ལྕམ་དྲལ་སོགས་བསྟན་སྲུང་རྣམས་ཀྱིས་འཕྲིན་ལས་རྣམ་བཞི་སྒྲུབ་པའི་གྲོགས་དོན་གཡེལ་བ་མེད་པར་མཛད་དུ་གསོལ། འཕགས་པའི་ཡུལ་དུ་སིདྷཱརྠ༔ཕྱོགས་འདིར་དོན་གྲུབ་ཏུ་གྲགས་ཤིང་འཇམ་དབྱངས་གོང་མའི་རྒྱལ་ཁབ་ཏུ་གྱི་ཡི་ཞེས་པ་དབང་ཐང་དང་བསྟུན་པ་ས་མོ་ལུག་གི་ལོ་ཧོར་ཟླ་ལྔ་པའི་དཀར་ཆའི་རྒྱལ་བ་གཉིས་པའི་ཚེས་ལ་སྡེ་བཞིའི་སྒོ་འཕར་རྣམ་པར་ཕྱེ་བ་ཕོ་བྲང་ཆེན་པོ་པོ་ཏ་ལ་ནས་བྲིས་པ་ཛ་ཡནྟུ། །གོང་མ་ཧོང་དེའི་ལུང་གིས། ཟི་ཐན། ཏཱ་ཞན། ཙི་ཙིའི་ཕཱོ། ཤོ་ཝའི་ཐེན་ཞ། ཤི་སྐྱོའུ། ཡི་ཐུང་། བཱི་ཤི། དེའི་ཆི་ཀྱིང་གང་དེའི་ཁེའི། ཤད་ཟིན། ཙི་ཡིན། ཞེས་ནུབ་ཀྱི་ལྷ་གནས་ཆེས་དགེ་བ་བདེ་བར་གནས་པའི་སངས་རྒྱས་བཀའ་ལུང་གནམ་འོག་གི་སྐྱེ་འགྲོ་མཐའ་དག་བསྟན་པ་གཅིག་ཏུ་གྱུར་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མར་དབང་བསྐུར་བའི་གཏམ། ཉི་འོག་ཏུ་འཁོད་པའི་སྐྱེ་འགྲོ་སྤྱི་དང་། ཁྱད་པར་བོད་ཁྲི་སྐོར་བཅུ་གསུམ་གྱི་སའི་འཆར་འཁོད་པའི་བླ་སློབ་དཔོན་སོགས་རྒྱ་བོད་ཧོར་སོག་གི་གྲ་རིགས། གྲུབ་མཐའ་རིས་མེད་ཀྱི་གྲ་སྐོར་བ་ངམ་རིང་ཆོས་སྡེའི་མཁན་སློབ་ཆུ་ལྷོ་བྱང་གཉིས་ཀྱིས་གཙོས་པའི་འདུ་ཚོགས་བྱེད་མི་མཆོག་དམན་བར་མའི་སྐྱེ་འགྲོ་མཐའ་དག་ལ་སྤྲིངས་པ། ངམ་རིང་ཆོས་སྡེའི་གྲ་སྐོར་གོ་རིམ་ལ། མཁན་སྤྱིའི་ངག་བཀོད་ལ་ཉན་མི་ཉན་སྣ་ཚོགས་ཤིག་ཡོང་གི་ཡོད་འདུག་(༡༠༢བ)


GLG020_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་རིགས་བྱས་ཚེ་བསྟན་པའི་མིག་རྐྱེན་ལ་གནོད་པ་འདུག་གཤིས། ལྕགས་སྤྲེ་ནས་བཟུང་གྲ་སྐོར་བའི་གོ་རིམ་གྲུབ་མཐའ་རིས་མེད་ཀྱི་གྲྭ་ཚང་ཁག་མང་ཉུང་སྣ་ཚོགས་ཡོད་ཀྱང་། འཆར་ཅན་ཉི་ཤུ་ཙམ་ལ་ཆ་བཞག་ན། སྔ་ལྡང་དང་པོ་འབྲས་སྤུངས་སྒོ་མངས་པ། གཉིས་པ་སེར་ཐེག་ཆེན་གླིང་པ། གསུམ་པ་འབྲས་སྤུངས་བློ་གསལ་གླིང་པ། བཞི་པ་དགའ་ལྡན་པ། ལྔ་པ་བཀྲ་ཤིས་ལྷུན་པོ། དྲུག་པ་གངས་ཅན་ཆོས་འཕེལ། བདུན་པ་ངམ་རིང་གཞི་གྲ། བརྒྱད་པ་དྭགས་པོ་གྲྭ་ཚང་། དགུ་པ་ས་སྐྱ་ལྷ་ཁང་ཆེན་པོ་མོ་བ། བཅུ་པ་དགའ་ལྡན་ཕུན་ཚོགས་གླིང་པ། བཅུ་གཅིག་པ་ལྷ་རྩེ་ཆོས་སྡེ་པ། བཅུ་གཉིས་པ་ཤེལ་དཀར་ཆོས་སྡེ་པ། བཅུ་གསུམ་པ་བྱམས་ཆེན་པ། བཅུ་བཞི་པ་ཐུབ་བསྟན་རྣམ་རྒྱལ། བཅོ་ལྔ་པ་ཡངས་ཅན། བཅུ་དྲུག་པ་བྱ་རྒོད་གཤོངས་པ། བཅུ་བདུན་པ་ཤེལ་དཀར་མངོན་དགའ་ཆོས་སྡེ་པ། བཅོ་བརྒྱད་པ་ཡར་འབྲོག་འཛམ་གླིང་ཆོས་འཁོར་བ། བཅུ་དགུ་པ་སྙེ་མོ་ཆོས་སྡེ་པ། ཉི་ཤུ་པ་འབྲས་ཡུལ་སྐྱེད་ཚལ་པ། ཉི་ཤུ་རྩ་གཅིག་པ་ལྷོ་བྲག་བཤད་སྒྲུབ་ཆོས་འཁོར་བ་རྣམས་ནས་རེ་རེ་ལྡང་རྗེས་སླར་ཡང་གྲ་ས་སོ་སོ་ནས་གཉིས་རེ་ཡོད་ན་ཉི་ཤུ་རྩ་གཉིས་པ་འབྲས་སྤུངས་སྒོ་མང་བ། རྩ་གསུམ་པ་སེར་བ་སོགས་གོ་རིམ་སྔ་མ་ཐར་ཆགས་སུ་འགྲོ། ཡང་སེ་ར་བའི་གྲ་སྐོར་བ་ཅིག་ལས་མེད་ན་ཉི་ཤུ་རྩ་གསུམ་པ་འབྲས་སྤུངས་བློ་གསལ་གླིང་པ་ལྡང་བ་སོགས་གྲངས་མེད་ཀྱི་བར་དུ་རིགས་འགྲེ་ཞིང་། བར་ལྡང་དང་ཕྱི་ལྡང་ཡང་གྲ་སྐོར་བའི་གོ་རིམ་སྔ་ལྡང་དང་འདྲ་བ་བྱེད་དགོས་རྒྱུ་དང་། ཆོས་སྡེའི་སྒྲིགས་བཀོད་སོགས་མཁན་སྤྱི་གཉིས་དང་། ལས་ཆེན་ཆོས་ཁྲིམས་རྣམས་ཀྱི་ངག་བཀོད་གང་བྱས་སོར་གནས་ལས་བསྟན་པའི་མིག་རྐྱེན་ལ་གནོད་པའི་རྩིང་སྤྱོད། ཤེས་ཁྱེར་སོགས་(༡༠༣ན)


GLG020_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་འགྲོ་བ་གཏན་ནས་བྱས་ཆོག་རྒྱུ་མིན་པས་དབྱར་དགུན་གྱི་ཆོས་རའི་རིང་ཚོགས་ཆེན་དུ་ཉིན་ལྟར་གྱི་མང་ཇའི་ཐོག་ད་ཕྱིན་མགོ་ཆེ་རྐང་རིང་དཀྲུག་རྐྱེན་ངན་བསླབས་བྱེད་མི་སོགས་ལ་དམིགས་ནས་ཤེར་སྙིང་འཕར་མ་རེའི་མདོ་སྒྲུབ་སྟར་ཆགས་སུ་བརྒྱག་པ་དང་མཁན་སློབ་ཀྱིས་རྫོང་དུ་བརྡ་སྦྱར་བའི་རྩད་གཅོད་དང་དེར་མ་འཐུས་པ་བྱུང་ན་འདི་གར་གཏུགས་པའི་བཙའ་ར་གཏོང་རྒྱུ་ཡིན་པས་སོ་སོ་ནས་སྤང་བླང་འཛོལ་མེད་ཡོང་བ་གྱིས། གོ་བར་བྱེད་པའི་ཡི་གེ་དོན་གྲུབ་ཅེས་པ་ས་ལུག་ཧོར་ཟླ་བདུན་པའི་དཀར་ཆའི་རྒྱལ་བ་གཉིས་པའི་ཚེས་ལ་དཔལ་རི་བོ་གྲུ་འཛིན་གྱི་གཞལ་མེད་ཁང་ཆེན་པོ་ནས་བྲིས། །གོང་མ་ཧོང་དེའི་ལུང་གིས་དེའི་ཆིང་ཀྱིང་གང་ཞེས་སྲིད་ཞིའི་གཙུག་རྒྱན་དུ་དབང་བསྐུར་ཞིང་ཆེན་པོར་ཧོར་གྱི་རྒྱལ་ཁམས་སུ་ཏཱ་ལའི་བླ་མ་བཛྲ་དྷ་རར་འབོད་པའི་གཏམ། འཛམ་གླིང་ཡངས་པའི་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་ཆོས་འཁོར་རྒྱལ་མེ་ཏོག་ཐང་གི་གཞི་བ། དྭགས་པོ་གྲ་ཚང་། མངའ་རིས་གྲ་ཚང་། སྒར་པ་གྲ་ཚང་རྣམསཀྱི་བླ་མ་དགེ་སྐོས་དབུ་མཛད། གཉེར་ལས་འཛིན། དཀའ་རབ་འབྱམས། མི་ཚན། དགེ་རྒན། སྣེ་སླེབས་མཐའ་དག་ལ་སྤྲིངས་པ། སྦས་ཡུལ་དཀར་མོའི་ལྗོངས་སུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་ཐུབ་བསྟན་སྤྱི་དང་ཁྱད་པར་རྒྱལ་བ་གཉིས་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་རིང་ལུགས་ཤར་ཕྱོགས་རྒྱལ་ཁམས་སུ་དར་རྒྱས་ཀྱི་ཆེད་དུ་དྲི་གཙང་ཁང་བརྩིགས། དཀོན་མཆོག་གསུམ་གྱི་རྟེན་བཞེང་བ་དང་དགེ་འདུན་གྱི་སྡེ་འཛུགས་པ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་བསྟན་པ་བསྲུང་བའི་ལྕགས་རིར་དགའ་ཚལ་དབང་དྲག་རོལ་པའི་མགོན་ཁང་བཞེངས་པ་སོགས། ཕྱག་རྗེས་དྲི་མ་མེད་པ་དེང་སང་གི་བར་གོང་ནས་གོང་དུ་(༡༠༣བ)


GLG020_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་རྒྱས་སུ་ཡོད་པའི་བཅའ་ཡིག་རྙིང་པ་རྣམས་ལ་གཞི་བྱས། ལྕགས་མོ་ཡོས་ལོ་གསར་དུ་བྲིས་པར་མ་ཚང་བ་ཆེར་མེད་རུང་དབྱར་ཆོས་ཆེན་མོའི་དུས་གཞི་བྱེས་ཕྱོགས་མཐུན་དུ་འཚོག་པའི་སྐབས་ཀྱི་སྤང་བླངས་ཆུ་ལམ་ཞུགས་ཡོད་པའི་དབང་དུ་བཏང་ནས་ཧ་ཅང་གི་ཞིབ་ཆ་མ་ཐེབས་པ་དང་། གྲྭ་ཚང་ཕན་ཚུན་གྱི་བླ་གྲ་བསམ་ཡོད་བློ་གཟུར་གནས་རྣམས་ཀྱིས་ལོ་ལོ་བཞིན་རྡོ་ལག་བརྒྱུད་ཀྱི་ཉམས་སུ་ལེན་བཞིན་པར་གསར་འགྱུར་གྱི་གླེང་བརྗོད་ག་ལ་བྱེད་ཀྱང་། བདུད་སྡིག་ཅན་རབ་བྱུང་གི་གཟུགས་སུ་བསྒྱུར་ནས་དགེ་འདུན་གྱི་དབྱེན་བྱེད་པར་འབྱུང་བ་མདོ་སྡེ་རྣམས་ལས་བཀའ་སྩལ་བ་ལྟར་ནག་པོའི་ཕྱོགས་ཀྱིས་ཡིད་བསྐྱོད་པའི་གྲ་རིགས་བསམ་ཆུང་ཅི་རིགས་ཀྱིས་གྲ་ས་གྲྭ་ཚང་གི་ཞེན་དུ་རློམ་པའི་ཕོ་གསར་གཏམ་འདོད་སོགས་དགོས་མེད་ཀྱི་གསར་དུ་རྩོད་པ་དང་། སྔར་མེད་གསར་བྱུང་གི་ངོས་ཕྲན་བུར་དཔའ་མཚན་དུ་རྩི་ཞིང་། ཀླད་ཆུང་ཅི་རིགས་ཀྱིས་ལེགས་སོ་བརྗོད་པ་དང་། དུས་ཕྱིས་རང་བསྟན་དབུ་འཕང་མཐོ་བར་བརྟེན་མི་ཚེ་འབྱིད་ཐབས་སུ་ཀར་འབྲུག་སོགས་གྲུབ་མཐའ་མི་གཅིག་པའི་མི། གྲྭ་ས་གྲྭ་ཚང་དུ་རྐུ་ཐབས་སུ་ཞུགས་པ་མང་ཞིང་ལྷག་ཏུ་བོན་དང་དྭགས་པོ་བཤད་སྒྲུབ་གླིང་སོགས་སུ་གྲུབ་མཐའ་གཞན་གྱིས་རྒྱུད་བསླད་པ་འདྲེས་ཆེས་གཤིས། གནས་སྐབས་བསྟན་ཞེན་ཡིན་ཁུལ་ལ་ཀུན་སློང་ངན་པ་ཡིད་ལ་བརྣགས་ཏེ་བདེ་སྐྱིད་ཕུང་ལ་རེ་བའི་བསམ་སྦྱོར་སྣ་ཚོགས་རྒྱུན་ལྡན་མཉམ་ཚོགས་དགོས་ན་མི་ཡོང་བའི་ངེས་པ་མི་འདུག་ནའང་དབྱར་ཞལ་ཞེས་སྔ་མའི་དབང་དུ་བཏང་བའི་ཧོར་ཟླ་དྲུག་པའི་ཚེས་བཅུ་བཞི་ལ་འབྱོར་བའི་བཅོ་ལྔ་ལ་གསོ་སྦྱོང་། བཅུ་དྲུག་ལ་དབྱར་ཞལ་གྱིས་བཞེས་པ་ནས་བཟུང་། བདུན་པའི་དགག་དབྱེའི་བར་དང་། དེ་རྗེས་སྨོན་ལམ་ཉེར་བདུན་(༡༠༤ན)


GLG020_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གྲུབ་ནས་སོ་སོར་གྱེས་ཤིང་། ཟླ་བ་གཉིས་མ་ལོངས་ཙམ་ལས་འདུ་འགོད་ལྷན་ཅིག་པར་མི་དགོས་པས་དབུས་གཙང་གི་ས་དགེའི་ཆོས་སྡེ་ཆེན་པོ་ཚོར་གྲྭ་གཙང་དུ་མ་རྒྱུན་དུ་མཉམ་འཚོག་དགོས་པར་ཡང་བསྒྲིགས་ཀུན་སྤྱོད་སོགས་ཆུ་བབས་ལས་དྲན་གསར་སྐྱེས་ཀྱི་གླེང་བརྗོད་མི་ཡོང་བར་ཟླ་བ་ཕྱེད་གཉིས་ཀྱི་རིང་ལ་སྒོ་གསུམ་བག་ཡངས་ཀྱི་རྣམ་འགྱུར་སྟོན་པ་གཞན་དག་ལ། དབྱར་ཚ་བའི་ཚོད་དུ་འདུག་ཅིང་ཁྱད་པར་དུས་གཞན་དང་མི་འདྲ་བར་དབྱར་གནས་རལ་བ་སོགས་ཀྱི་ཉེན་ཤིན་ཏུ་ཆེ་བ་འདུག་པས་དགེ་འདུན་རྣམས་ཐུགས་མཐུན་ཞིང་འཆད་ཉན་འཕེལ་བ་ཞིག་དགོས་གལ་ཆེ་བ་ནས། ཆོས་རྗེ་ལེགས་བཤད་གླིང་བ་བྱམས་པ་ཆོས་མཆོག་ཡན་གྱི་སྲོལ་རྒྱུན་ཐོག་སྔས་པས་རྒྱུས་མངའ་ཆེ་བ་མི་འདུག་རུང་། རྫིང་ཕྱི་མཁན་པོ་རིན་ཆེན་བློ་གྲོས་ཚུན་དྲན་པ་མང་བས་ཞིབ་མོར་དཔྱད་དེ་སྤང་བླང་འཛོལ་མེད་དུ་བཀོད་པ་ལ། དགོན་པའི་རིགས་གང་དུ་ཡང་གཞི་གཅིག་ལ་གྲྭ་ཚང་གཉིས་ཚུན་གྱིས་བྱེས་པའི་རིགས་འདུ་མཁན་ཡོད་ཕྱིན། གཞི་བ་ལ་མ་དང་བྱེས་པ་ལ་བུའི་ཐ་སྙད་བྱེད་པ་སྲོལ་ལམ་ཡིན་གཤིས་འདིར་ཡང་མཆོད་རྟེན་ཡས་སྦོམ་དུ་མ་སོང་བའི་མགོ་འོག་ལུས་འཆུད་དགོས་པ། ཚོགས་ཆེན་དུ་འདུ་འགོད་གང་མཛད་གཞི་བའི་རྒྱུན་སྒྲིགས་ཀྱི་རྗེས་སུ་འབྲང་བ་སྐབས་སུ་བབ་ཅིང་། དེ་ཡང་དབྱར་ཆོས་ཀྱི་རིང་བླ་མ་གཞན་འཚོག་སྲོལ་མེད་འདུག་ཅིང་། གདོང་གྲལ་གྱི་འགོར་ལེགས་བཤད་གླིང་མཁན་པོས་ཁྲི་མནན་པའི་གདོང་གྲལ་གཡས་ཀྱི་འགོར་གཞི་བའི་དབུ་མཛད། གཡོན་གྲལ་གྱི་འགོར་གཞི་བའི་དགེ་སློང་བ། སུམ་གྱི་འོག་ཏུ་དྭགས་གྲྭ་ཚང་། མངའ་རིས་གྲྭ་ཚང་། སྒར་གྲྭ་ཚང་གསུམ་གྱི་དབུ་མཛད། དེ་(༡༠༤བ)


GLG020_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་གདོང་གྲལ་གཉིས་སུ་གཞི་པ། རྩ་གྲལ་གཡས་མངའ་རིས་གྲྭ་ཚང་། རྩ་གྲལ་གཡོན་དྲྭགས་པོ་གྲ་ཚང་། གདོང་གྲལ་གཉིས་སུ། མ་ཤོང་བའི་གཞི་བ་དང་སྒར་གྲྭ་ཚང་ཕན་ཚུན་གང་འདོད་ལ་མཉམ་བསྲེས་བྱེད། གཞི་བའི་དབུ་མཛད་ཀྱིས་འདོན་པ་གདངས་འདུར་གང་བསྐུལ་ཀྱང་ཚང་མས་ཀ་ཁྱག་གདུང་ཁྱག་ལས་གཡས་ཁྱེར་གཡོན་ཁྱེར་གྱིས་མཚོན་ཕྱིན་ཅི་ལོག་མི་བྱེད། དགེ་སྐོས་ཀྱི་གོ་རིམ་གཞི་བའི་རྒན་པ། དྭགས་གྲྭ་ཚང་། གཞི་བ་གཞོན་པ། མངའ་རིས་གྲྭ་ཚང་། སྒར་གྲྭ་ཚང་རྣམས་འཁོད། ཆོས་རྗེ་ལེགས་བཤད་གླིང་པས་བཅའ་ཡིག་གི་ནང་བཞིན་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་ཚོགས་གཏམ་རྒྱས་པར་གཏོང་། གཞི་བའི་དགེ་སྐོས་གཉིས་ཀྱིས་དེ་དོན་བཞིན་སྒྲིགས་གནོན། ཚོགས་གཏམ་གཞི་བའི་དགེ་སྐོས་གཉིས་ཀྱིས་མ་གཏོགས་བཏང་མི་ཆོག་ཅིང་། མ་ཁོམ་པའི་སྐབས་གྲལ་འགོར་སུ་ཡོད་ཀྱིས་མང་ཇའི་གནང་བ་ཞུ་བ་ཙམ་བྱེད། ཚྭ་རའི་གཏོང་ལུགས་གཞི་བའི་གདོང་གྲལ་གཉིས་སྔོན་དུ་སོང་རྗེས་རྩ་གྲལ་གཡོན་མ་ནས་ཟད་མཐའི་བར་དང་། དེ་རྗེས་གཡས་གྲལ་ལ་གཏོང་བ་ཞིག་བཅའ་ཡིག་དང་སྔར་སྲོལ་ལ་འདུག་རུང་། ཆོས་རྗེ་རིན་ཆེན་བློ་གྲོས་ཚུན་གདོང་གྲལ་གཉིས་སོང་རྗེས། རྩ་གྲལ་གཡོན་དེ་རྗེས་གཡས་སུ་གྲལ་རེ་མོས་བསྣོལ་རྒྱག་ཏུ་བྱེད་ཡོད་འདུག་པ་མོད་སྙོམས་ཤིང་མི་ལེགས་རྒྱུ་མི་འདུག་པས་དེ་དོན་སོར་གནས་བྱེད། འགྱེད་གདོང་གྲལ་གཉིས་བཏང་རྗེས། རྩ་གྲལ་གཡས་ཕྱོགས་སྔོན་ལ་གཏོང་སྲོལ་དང་། བར་སྐབས་སུ་གྲྭ་ཚང་གཉིས་ཀྱི་དགེ་སྐོས་ཤོ་བརྒྱབ་ནས་གཏོང་སྲོལ་དང་། དེང་སང་མཉམ་བཞེངས་ཀྱི་(༡༠༥ན)


GLG020_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདྲ་བ་གསུམ་བྱུང་འདུག་པ། ད་ཆ་གདོང་གྲལ་གཉིས་བཏང་རྗེས་རྩ་གྲལ་གཡས། དེ་རྗེས་གཡོན་སོགས་ཕན་ཚུན་བསྣོལ་ནས་གཏོང་། བརྩི་བ་སོགས་དོ་དམ་དགོས་པ་གཞི་བའི་དགེ་སྐོས་གཉིས་དང་དེས་མ་ལྕོགས་ན་བླ་བྲང་གཉེར་བའམ་དེའི་ངོ་ཚབ་ཀྱིས་བྱེད་པ་མ་གཏོགས་གྲྭ་ཚང་གསུམ་གྱི་སྣེ་མོ་བའི་རིགས་ཀྱིས་ཁ་འཇུག་མི་བྱེད། ཇ་ཐུག་སོགས་བླུག་ནས་ཐོག་མར་གདོང་གྲལ་གཉིས་དང་དེ་ནས་རྩ་གྲལ་གཡོན་དང་གཡས་སུ་ཕྱིན་པའི་གྲལ་གཡོན་གཡས་རེ་མོས་སུ་འགྲོ། ཇ་གཞེས་ཀྱང་གཞི་བའི་ཕྱག་བདེ་བས་བསྐུལ་བར་གཞན་རྣམས་ཀྱིས་རམ་འདེགས་ཤིང་ཞལ་ཏ་བ་ཡང་གཞི་བས་གཙོ་ཆེ་བ་བྱས་པའི་འདེབས་སྐུར་ཞལ་འདེབས་སོགས་བྱེད་པ་ལས་ལག་སུ་རིང་མི་བྱེད། ཚོགས་ཤིང་ཀྱང་གྲྭ་ཚོགས་ཆེ་ཆུང་ལ་དཔགས་པའི་བཟང་འགྲན་ལས་ངན་ཁྲེབ་མེད་པ་ནད་པ་ལྟ་བུ་ཕུད། དེ་ཕྱིན་ཕོགས་ཡིག་ཏུ་གསལ་བའི་ངོ་ཡོད་ཀྱིས་ལེན། གཞི་བའི་འཁར་རྔ་གཎྜི་དུང་རྣམས་འདུ་ཁང་སྟེང་ནས་གཏོང་ཞིང་། དྭགས་གྲྭ་ཚང་སྒེར་གྱི་འཁར་རྔ་འདུ་ཁང་ཕྱིའི་སྐོར་ལམ་ནས་བརྡུང་། སྒེར་ཚོགས་ཀྱི་ཇ་དང་དུས་བཟང་ཆོས་སྤྱོད་ཀྱི་ཇ་ཐབ་ཆེན་ལ་བསྐོལ་ན་ཁྲོར་གཟན་པ་ཡང་འདུག་པས་སྔར་སྲོལ་གཞིན་ཐབ་ཆུང་ལོགས་སུ་བཅོས་ནས་བསྐོལ། གྲ་ཚང་གཞན་གཉིས་གཙུག་ལག་ཁང་ཆེན་མོར་འཚོག་སྲོལ་མི་འདུག་རུང་། བྱམས་པའི་ཞལ་རས་ལྷ་ཁང་ལྟ་བུར་ཐེང་རེ་ཙམ་ཚོགས་སྲིད་པ་བྱུང་ནའང་འཁར་རྔ་ཐོག་སྟེང་ནས་མི་གཏོང་། དམ་བཅའ་ལ་ལེགས་བཤད་གླིང་དང་བླ་བྲང་གཉེར་པར་བསྙན་གསན་བྱེད་ཡོད་འདུག་པའི་སྟབས་སྔ་ཕྱི་འཛོལ་བའི་སྲུབས་དབར་ལ་མི་དན་པ་ཞིག་ཡོང་གི་ཡོད་འདུག་(༡༠༥བ)


GLG020_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་ཉུང་ཙམ་བྱུང་གིས་ཤོ་བརྒྱབ་པའི་ཐོབ་རིམ་བཞིན་སྔོན་ལ་བྱེད་ཅིང་གྲལ་འགོར་སྡོད། ནག་ཁྲིམས་ཀྱང་བླ་བྲང་ཆེན་མོ་ནས་གནང་བ་སྡེ་བས་ཞུས་བྱེད་དགོས་བྱུང་ན་མ་གཏོགས་གྲྭ་ཚང་ཁག་ནས་སྡེབས་ཞུས་མི་བྱེད། སྟོབས་ཀྱིས་མ་འཁྱུད་པའི་མི་ཞུ་ཀ་མེད་བྱུང་ཀྱང་ཆུ་སྐོར་གླིང་སྨད་སོགས་ལ་སྡོད་པ་མ་གཏོགས་དགོན་འཁྲིས་སུ་སྡོད་ས་མེད། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དབུས་སུ་མཁན་པོར་ཁྲི། དེའི་གཡས་སུ་དྭགས་གྲ་ཚང་། གཡོན་དུ་མངའ་རིས་གྲྭ་ཚང་། སྒར་གྲྭ་ཚང་བཅས་པའི་སློབ་དཔོན་བར་ས་གདན་གྲུམ་ཙེ། གཡོན་གྲལ་གྱི་འགོར་གཞི་བའི་མཆོད་དབྱངས་པ་གཅིག དབུ་མཛད་རྣམས་རིམ་བཞིན། དགེ་སྐོས་བཅས་གོ་རིམ་མ་འཁྲུགས་པར་བྱེད་ཅིང་། ཕྱག་ལེན་མཐའ་དག་རྒྱལ་བ་བཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུར་བཞུགས་པ་བཞིན་སླ་བཅོས་སུ་མ་སོང་བ་བྱེད། ལེགས་བཤད་གླིང་གདན་ས་བ་མེད་པའི་གསང་ཆེར་མི་ཡོང་ཞིང་གལ་སྲིད་བྱུང་ཚེ་དེ་ཁྲོད་དམ་འདི་ཕྱོགས་ནས་རྫོང་བདའ་སོགས་ཅི་འགབ་བྱེད་རྒྱུན་ཡོད་པས་གཞུང་དུ་དྲི་བ་བྱེད་མི་གཏོང་། སྔ་ཕྱི་བར་གསུམ་སྲོལ་རྒྱུན་དང་དགེ་རྒྱུན་བབས་འབྲེལ་སོགས་ལ་ཞིབ་མོར་བརྟགས་ནས་བཀོད་པར་བསྟན་བཤིག་ཁ་རེའི་འདོད་ཐོག་ཏུ་མ་སོང་བར་ངེས་པ་མེད། གཞི་བྱེས་སུ་འདྲ་ཞིག་ནས་ཀྱང་དམངས་མ་ཕལ་ཆེར་གློ་ཁ་མི་གྱང་བའི་རྒྱུ་མཚན་གླིང་རྒྱུ་ཡོད་ཚེ་འདི་དོན་སོར་གནས་དགོས་པའི་རལ་གྲི་གནམ་བསྐྱུར་མ་བྱེད་རྩིས་མིན་པས་བཙུན་པ་མནའ་མིར་མི་བཏུབ་པ་ཁྲིམས་ཡིག་ཏུ་གསལ་བས། ལྕགས་སྤྲེལ་རྩས་མ་ཆོད་འཕྲལ་སྣུམ་གྱིས་དཀར་གཡེང་བྱེད་ཅིང་། དེ་མིན་ཚང་མ་བློ་ཁ་མི་ཁེངས་པ་རྩོད་གླེང་གི་མཚན་ཉིད་ཡིན་པས་གྲ་རིགས་ཕན་ཚུན་གཟུར་(༡༠༦ན)


GLG020_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་དེ་ཙམ་གྱིས་མཐུས་གྲས་ལ་དན་ཚེ་ད་ནས་བཟུང་འདི་དོན་སོར་གནས་མ་གཏོགས་སྒྲིགས་འགལ་གསར་སྐྱེས་མི་བྱེད་པ་དང་། གལ་སྲིད་བྱས་པ་བྱུང་ན་དམ་པ་གོང་མ་རྣམས་ཀྱིས་དམ་ལ་བཏགས་པའི་སྲུང་མི་སྤྱི་དང་། ཁྱད་པར་འདོད་ཁམས་དབང་ཕྱུག་རེ་མ་ཏཱེ། གནོད་སྦྱིན་བེག་ཙེ་ལྕམ་དྲལ། དཔལ་ལྡན་རྡོ་རྗེ་གཡའ་མ་སྐྱོང་གཡུ་སྒྲོན་མ་རྣམས་ཀྱིས། །༣༣ཟིང་བཤིག་བྱེད་མཁན་སུ་ཡིན་ལ་ཆད་པ་དྲག་པོ་ཐོག་ལྟར་འབེབས་པ་དང་། རྒྱལ་ཁྲིམས་ཀྱི་ཙ་རའང་ཞུ་འབྱོར་དང་བསྟུན་ཕྱིར་ལམ་ཁེགས་པ་ཡོང་བས་སོ་སོ་ནས་ངེས་པ་གྱིས། ཞེས་ས་ལུག་མགོ་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོར་ཕོ་བྲང་པོ་ཏ་ལ་ནས་བྲིས། །རིག་སྔགས་འཆང་བ་ཆེ་མཆོག་འདུས་པ་རྩལ་གྱི་ཡི་གེ །རང་སེམས་མ་དག་པའི་འཁྲུལ་ངོར་སྣང་སྲིད་ལྷ་འདྲེར་ཤར་བ་ཕན་གནོད་བར་མའི་བྱ་བ་བྱེད་པ་མཐའ་དག་ལ་སྤྲིངས་པ། ཨུ་ཁི་རེ་ཐའི་ཇའི་བརྒྱུད་པ་ཨེར་ཏ་ན་ཇུ་ནང་འདི་པ་ངེད་ཀྱི་སྐྱབས་འོག་ཏུ་བཅུག་པ་ཡོད་པས་ཁྱོད་རྣམས་ཀྱིས་སྒྱུ་མའི་རྟ་གླང་ལྟར་མེད་བཞིན་དུ་དངངས་སྐྲག་དང་། དེའི་འབྲས་བུ་ཉམས་སུ་མྱོང་བར་གྱུར་བའི་གནོད་པ་མ་བྱེད་པར་ཚེ་དཔལ་སྟོབས་འབྱོར་རྒྱས་པའི་མཐུན་རྐྱེན་ཡིན་ཡང་དག་སྒྲུབས། བླང་དོར་ཚུལ་བཞིན་བྱས་པར་རིང་པོར་མི་ཐོགས་པར་འཁོར་བ་མཐའ་ཅན་དུ་འགྱུར་བའི་སྨོན་ལམ་བྱེད་པ་ཡིན་ཞེས་ལྕགས་སྤྲེལ་ཧོར་ཟླ་དྲུག་པའི་ཡར་ཚེས་བཅུ་གསུམ་ལ་དགའ་ལྡན་ཕོ་བྲང་ནས་བྲིས། །

ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་ཁྲིམས་སུ་བཅའ་བའི་རིམ་པ་ཚུལ་འཆལ་ས་སྲུངས་འདུལ་བའི་ལྕགས་ཀྱོ་ཀུན་གསལ་མེ་ལོང་།


GLG020_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སུཀྲཏ མ དྷི ཀ མ དྷྱ མ བྱ ནྟ ཀ ཀྵ ཏྲ དྷཱ ཏྲ བི ན དྷེ ཪྴི ངྒ བྷཱུ ཏྱཱ དྷ ར སྠུ ལྱ ཀ བྻཱུ ཧ ར སྠཱ ན ཏྲ ངྴ ངི ན མ ཏྟཱ ལུ ར ཤི ཏི ས མི པ ཏ ཙ ཧྱ ནུ བྱ ཉྫ ནོ ཏྶཱ ཧ མཱ ག ནྡྷ ཤུ དྡྷིཾ ན ཀཱ ཤེ ཥུ ཤཱ སྟཱི ཡ ཙོ ཏྟཱ མ ཏཱ བྷོ ག སཱ མཱ པྟཱ ཧཱ རཱུ པ ཀ༔ ཆོས་དབྱིངས་ངང་ལས་མཐའ་དབུས་དང་བྲལ་ཞིང་ཁམས་རྒྱ་མཚོའི་གཙོར་གྱུར་འོག་མིན་སྟུག་པོ་བཀོད་པའི་གནས། །སུམ་ཅུའི་མཚན་མངའ་དཔེ་བྱད་བརྒྱད་ཅུས་ཉེར་སྤྲས་དྲི་མེད་དག་གསལ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ།(༡༠༧ན)


GLG020_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ད ཤ ཥ ཊ བ ཡ བ སྱ བཱ ཀྵྭཱ ར ཀ པྲཱ མཱ དྷུ ཪྻ སྱ ཤཱུ ནྱ ཏྱ ཀཱ རུ ཎྱ ག རྦྷ ཏྨ ཀ ལྱ མ ཧཱ ཡཱ ན དྷཱ རྨ སྱ རཱ བེ ཎ ག རྫ བ བ ར ཎ བི དཱ རི ཀ ཀླ ཤ ཀ རྨཱ ས མཱ ཛཱ བྷི བྷཱུ ཡེ ད ཤཱ བྷཱུ མི ཙ ཀྲ ངྒ ག ནྱཱ ནྱ ཏཱ མཱ བྷ བོ དཱ ན ཏཱ ཡུ ཀྟ ཀ༔ ཡན་ལག་དྲུག་ཅུའི་གསུང་དབྱངས་རབ་སྙན་སྟོང་ཉིད་སྙིང་རྗེའི་སྙིང་པོ་རང་རྩལ་ཐེག་ཆེན་ཆོས་སྒྲ་སྒྲོག །ལས་ཉོན་ཤེས་སྒྲིབ་དགྲ་ཚོགས་ཟིལ་གནོན་ས་བཅུའི་འཁོར་ལ་ནམ་མཁའ་དུས་གཞན་གྱུར་མིན་ཡེ་ཤེས་སྦྱར། །གཟུགས་པ་ལྔ་ཡིས་སྐྱེ་དགུའི་བསོད་ནམས་རྒྱ་ཆེར་སྤེལ་ཆེད་སེར་སྐྱར་མཆོག་སྤྲུལ་གར། །ཟས་གཙང་སྲས་པོར་ཡོངས་གཏམས་ལྷ་ཀླུ་ལ་སོགས་དྲེགས་ལྡན་ཀུན་གྱིས་བཀུར་སྟི་བསྟབས། །གདུལ་བྱའི་ཁམས་དང་དབང་པོ་འཚམ་པའི་བླ་མེད་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་ཏེ། །འཕྲིན་ལས་རྒྱུན་མི་ཆད་པས་འགྲོ་རྣམས་རྣམ་འདྲེན་སར་འཁྲིད་བུ་རམ་ཤིང་པ་ཀྱེ། །ཐུབ་བསྟན་བདག་པོ་དགྲ་བཅོམ་རིམ་གཏད་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཞབས། །ཐོགས་མེད་སྐུ་མཆེད་རྒྱན་དྲུག་མཆོག་གཉིས་ལ་སོགས་ཤེས་བྱའི་(༡༠༧བ)


GLG020_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀུན་མཁྱེན། །བརྟུལ་ཞུགས་སྤྱོད་པའི་དབང་པོ་ས་ལམ་རབ་བརྙེས་གྲུབ་ཐབ་བརྒྱད་ཅུའི་ཚོགས། །མཛད་བཟང་ཉི་དངོས་བརྒྱ་ཕྲག་འོད་སྟོང་འབར་བས་འཛམ་གླིང་རྨོངས་མུན་གཞིལ། །རིགས་གསུམ་སྒྱུ་དྲའི་གར་མཁན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གཟུགས། །བསིལ་ལྡན་སྐྱེ་འགྲོའི་རྣམ་དཀར་ལེགས་བྱས་ཕུང་པོ་དངས་ཤེལ་ངོས། །ཡོངས་ཤར་གཟིགས་མོའི་སྣང་བརྙན་དིང་བར་ཤིན་ཏུ་ཚར་དངར་བ། ལྷག་བཅས་ཉིས་སྟོང་བགྲང་བྱའི་གནས་དེ་སླར་ཡང་རིང་པར་གྱུར། མཆོག་གསུམ་རིན་ཆེན་རྟེན་དང་བརྟེན་པའི་སྡོང་བུ་ཆེར། མཐའ་ཀླས་མང་རྒྱུད་འཆད་རྩོད་རྩོམ་པའི་ཕང་ཕུང་རྒྱས། །ཚུལ་ཁྲིམས་དྲི་བསུང་སཱ་ལའི་ལྗོངས་འདི་མ་ལ་ཡར། །བསྒྱུར་མཛད་ལོ་པཎ་ཚོགས་ལ་སྙིང་ནས་ལྷག་པར་དུད། སྣང་བ་མཐའ་ཡས་ཟློས་གར་ཨ་ཏི་ཤ༔ པད་དཀར་འཆང་དངོས་རྒྱལ་བའི་འབྱུང་གནས་སོ། །ལྷ་ཆོས་བདུན་ལྡན་མཚུངས་མེད་བཀའ་གདམས་པའི། །བཤེས་གཉེན་དམ་པའི་ཚོགས་རྣམས་ཕྱག་གི་ཡུལ། །རྒྱལ་ཀུན་སྤྲུལ་པ་གངྒཱའི་ཀླུང་རྡུལ་སྙེད། །རྣམ་དཔྱོད་ཕུང་པོ་དངོས་གང་འཇམ་དཔལ་དབྱངས། །ལུས་ཅན་སྲིད་པར་འཁྱམས་པའི་སྐྱབས་གཅིག་པུ། །མི་ཡི་ཟོལ་བཟུང་བློ་བཟང་གྲགས་པས་སྐྱོངས། །སྒྲོན་བསྐལ་སངས་རྒྱས་བཞི་པ་ཤཱཀྱའི་བསྟན། །མངོན་སུམ་རབ་སྨིན་ལུང་རྟོགས་རོ་བདེའི་ཟས། །མཁས་མང་བློ་གསལ་ཡོངས་ལ་འགྱེད་མཛད་པ། །འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་ལས་ལྷག་སུ། །དཔག་དཀའི་ལེགས་བཤད་གནད་གསང་སིནྡྷུའི་རྒྱུན། །རྣམ་དཔྱོད་ཧུབ་གཅིག་གིས་འདྲེན་ཆོས་གྲྭ་ཆེར། །མཁས་གྲུབ་རིམ་པར་བྱོན་དང་འབྱོན་(༡༠༨ན)


GLG020_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱི། །མཁན་བརྒྱུད་ཚོགས་རྣམས་བསོད་ནམས་བླ་མེད་ཞིང་། །ཐོས་བསམ་ཡོན་ཏན་མཐར་ཕྱིན་འདུས་སྡེའི་དཔལ། །དགའ་ལྡན་བཤད་སྒྲུབ་མ་ལུས་འབྱུང་བའི་གནས། །འབྲས་དཀར་ཕྱུར་བུར་སྤུངས་པའི་ཆོས་སྡེ་ཆེའི། །ཕྲ་ཞིབ་བཅའ་བའི་ཡི་གེ་མ་སྨད་འཕྲུལ། །རྣམ་དག་ཚུལ་ཁྲིམས་ཆུ་སྐྱེས་དགའ་བའི་ཚལ། །བག་མེད་འཆོལ་བས་བརྫི་བའི་གཉིས་འཐུང་ཚོགས། །ཤེས་བཞིན་ར་བར་འཇུག་པའི་ལྕགས་ཀྱི་ཀྱོ། །བླང་དོར་ཀུན་གསལ་མེ་ལོང་འདི་ན་སྤེལ། །ཞེས་པའི་ཚིགས་སུ་བཅད་པས་སྔུན་བསུས་ཏེ། །དེའང་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྤྱོད་པ་རླབས་པོ་ཆེ་གོམས་པར་མཛད་པས་སྒྲིབ་གཉིས་ཟད་པར་སྤངས་པའི་སྐུ་བརྙེས་ནས་འགྲོ་བའི་དོན་དུ་སྣང་ཚུལ་ནི། དཔལ་ལྡན་ཟླ་བ་གྲགས་པས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པས་ཏེ་སྐུ་ཡི་མངོན་སུམ་མཛད། །ཅེས་གསུངས་པ་ལྟར། ཆོས་ལོངས་གཉིས་ཐོབ་སྔ་ཕྱི་མེད་པར་དུས་མཉམ་དུ་འཐོབ་ཚུལ། མགོན་པོ་བྱམས་པས། གང་གིས་འཁོར་བ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་དང་། མངོན་པ་ཀུན་ལས་བཏུས་ལས། ཅིག་ཅར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་ངོ་། །ཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་པ་ལྟར། ཆུ་ནང་གི་ཟླ་བ་བཞིན་འགྲོ་བའི་མོས་(༡༠༨བ)


GLG020_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བློར་གང་ལ་གང་འཚམ་གྱིས་དག་པ་གཉིས་ལྡན་གྱི་ཆོས་ཀྱི་སྐུ་འོག་མིན་གྱི་ཞིང་མུ་མཐའ་དང་བྲལ་བར་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་ཡང་དག་པར་བརྒྱན་པ་ལས་གཡོ་བ་མེད་བཞིན་དུ་སྣ་ཚོགས་པའི་སྤྲུལ་སྐུར་སྟོན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་ཐར་པ་ཡིན་ཏེ་མདོ་སྡེ་རྒྱན་ལས། དེ་ནི་ཅིག་ཅར་ལ་ལར་སྒོོ་མང་བརྒྱ་ནས་ཆོས་ཀྱི་འཁོར་ལོ་དང་། ལ་ལར་སྐྱེ་བ་མི་སྣང་ལ་ལར་སྐྱེ་བའི་སྤྱོད་པ་སྣ་ཚོགས་དང་། ལ་ལར་བྱང་ཆུབ་ཐམས་ཅད་ལ་ལར་དེ་ནི་མྱ་ངན་འདས་སྟོན་ཀྱང་། དེ་ནི་གནས་དེ་ལས་ཀྱང་རྣམ་པར་གཡོ་མི་མངའ་ལ་ཐམས་ཅད་མཛད། ཅེས་པ་ལྟར་བསམ་གྱིས་མི་ཁྱབ་པའི་མཛད་འཕྲིན་སྟོན་པའི་འཇིག་རྟེན་གྱི་ཁམས་དེའང་ཕྱི་རོལ་ན་ཡོད་པར་ཐེག་པ་འོག་མ་དང་མུ་སྟེགས་ཀྱི་གཞུང་ནས་བཤད་ཅིང་མདོ་སྡེ་པ་དང་སེམས་ཙམ་པ་ཡན། ཀུན་གཞིའི་རྣམ་ཤེས་འཁྲུལ་རྒྱུས་བསླད་པ་མ་གཏོགས་ཕྱི་ན་མེད་པར་བཞེད། དཔལ་དུས་ཀྱི་འཁོར་ལོར་འཇིག་རྟེན་ཀུན་རྫོབ་ཏུ་མོས་པ་སྣ་ཚོགས་པའི་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་འཇིག་རྟེན་ཁམས་ལ་ཚད་སྣ་ཚོགས་པ་གསུངས་ཤིང་། དོན་དམ་པའི་བདེན་པས་འཇིག་རྟེན་གྱི་ཁམས་ལ་ཚད་མེད་དེ། སེམས་ཅན་གྱི་བསོད་ནམས་དང་སྡིག་པའི་དབང་གིས་འཇིག་རྟེན་ཁམས་ལ་ཚད་སྣ་ཚོགས་སུ་སྣང་བ་ཡིན། ཞེས་དང་། ཆོས་མངོན་པར་སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས་སུ་བཤད་ཐེག་པ་ཆེན་པོར་སྟོང་གསུམ་བྱེ་བ་ཕྲག་བརྒྱར་རབ་འབྱམས་མཚམས་སྦྱོར། དེ་ཉིད་རིམ་བཞིན་ཕྲག་བརྒྱར་ལོངས་རེས་ཀྱིས་རྒྱུད་དང་བར་མའི་རྒྱུད། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་སྤྲུལ་པ་སྐུའི་ཞིང་ཡིན་ཅིང་། ཞིང་ཁམས་དེ་དག་ཐམས་ཅད་རྣམ་སྣང་(༡༠༩ན)


GLG020_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་མཚོའི་བ་སྤུའི་ཁུང་བུ་རེ་ལའང་བྱེ་བ་ཕྲག་བརྒྱ། སྐུའི་རྡུལ་ཕྲན་རེ་ལའང་དེ་འདྲ། ཞིང་གི་རྡུལ་རེ་ལའང་དེ་འདྲ་བ་རྣམས་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ནམ་མཁའི་མཐའ་དང་མཉམ་པར་གནས་པ་དེ་རྣམས་ནི་ལ་ལ་ཉོན་མོངས་པ་དང་། ལ་ལ་ཡོངས་སུ་དག་པ་དང་། ལ་ལ་ཀུན་ནས་ཉོན་མོངས་པ་མེད་པར་དག་པ་དང་། ལ་ལ་དག་པའི་ཞིང་ཡིན་ཀྱང་ཀུན་ནས་ཉོན་མོངས་པ་དང་ལྡན་པ། ལ་ལ་སྤྱི་བོ་ཚུགས་དང་ལ་ལ་སྣྲེལ་ཞིའི་ཞིང་དང་། རྒྱུ་དབྱིབས་རྒྱན་དང་འགྲོ་བའང་ཐ་དད་ཉིད་དུ་གནས་པའང་། ཇི་སྐད་དུ། ཇི་ལྟར་མེ་ལོང་ངོས་ལ་བཞིན་སྣང་ལྟར། །འཇིག་རྟེན་ཞེས་བྱ་ཕྱིན་ཡོད་མིན་ཀྱང་། །བྱེས་རྣམས་ཇི་ལྟར་སྣང་བ་དེ་ཙམ་ལ། །བདེན་པར་ཞན་དེ་སོ་སོར་ཨ་ཐང་ཆད། །ཅེས་སེམས་ཅན་སོ་སོའི་བསམ་པས་བག་ཆགས་སོ་སོར་བཞག་པའི་ལས་སྣང་གི་ནུས་པ་བསམ་གྱིས་མི་ཁྱབ་པའི་མཐུས་དངོས་པོ་གཅིག་ཉིད་ཆེ་ཆུང་མདོག་དབྱིབས་བཟང་ངན་མི་འདྲ་བ་དུ་མར་མཐོང་བ་མངོན་སུམ་དུ་གྲུབ་པ་མངོན་པ་གོང་འོག །གདགས་པ་དྲན་པ་ཉེར་གཞག །ཕལ་ཆེན། མཁའ་འགྲོ་རྒྱ་མཚོ། དུས་འཁོར་སོགས་མདོ་རྒྱུད་མང་པོ་ནས་འབྱུང་བ་ལྟར་ཡིན་ལ། དུས་ཀྱི་འཁོར་ལོ་ལོངས་སྤྱོད་ཀྱི་གླིང་དྲུག་དང་། བདུན་པ་ལས་ཀྱི་ས་པ་འཛམ་གླིང་ཆེན་པོ་ནི། མཁའ་འགྲོ་རྒྱ་མཚོར། འཛམ་བུ་གླིང་ནི་ཆེན་པོ་ཡི། །དུམ་བུ་བཅུ་གཉིས་ཀྱི་ནི་དབུས། །ཞེས་ལྷོ་གླིང་འཛམ་གླིང་ཆུང་ངུ་ཤིང་འཛམ་བུ་ཏྲིི་ཤས་མཚན་པ། མཆོག་ཏུ་གྱུར་པའི་རྒྱུ་མཚན་ཤར་ཕྱོགས་ན་འཕགས་པ་འཇམ་དབྱངས་ཀྱི་ཞིང་རི་བོ་རྩེ་ལྔ། ལྷོ་ཕྱོགས་ན་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དང་རི་བོ་པོ་ཏ་ལ། ནུབ་ཕྱོགས་ན་ཨོ་རྒྱན་མཁའ་འགྲོའི་(༡༠༩བ)


GLG020_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གསང་མཛོད། བྱང་ཕྱོགས་ན་ཤམྦྷ་ལའི་གྲོང་། གངས་ལྡན་མཚོ་མ་དྲོས་པ་ནས་ཆུ་བོ་བཞི་འབབ་པ་སྤོས་དང་ལྡན། བྲག་གསེར་གྱི་བྱ་སྐྱིབས། ཤིང་སཱ་ལ་རབ་བརྟན། གཞན་ཡང་ཡུལ་ཉེར་བཞི་དང་གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་བརྒྱད་སོགས་དཔའ་བོ་མཁའ་འགྲོ་རྣམས་རང་བཞིན་གྱིས་འདུ་བའི་གནས་དང་། དུས་འཁོར་ལས། འཕགས་ཡུལ་བོད་ལི་རྒྱ་ནག་དང་། ཀཻ་ལ་ཤ་དང་གངས་ཅན་ཆ། ཞེས་ཡུལ་དྲུག་གིས་མཚོན་ཏེ་ཡོན་ཏན་བརྗོད་ཀྱིས་མི་ལང་བ་དང་ལྡན་པའི་ཡུལ་དབུས་མ་ག་དྷར་འདས་མ་འོངས་ད་ལྟ་བའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་དམ་པར་གྱུར་པ་རྣམས་ཀྱི་ནང་ནས་ཁྱད་པར་སྙིང་རྗེས་པདྨ་དཀར་པོར། སྔོན་བསྐལ་པ་ཆེན་པོ་འཛིན་པ་ཞེས་བྱ་བར་འཁོར་ལོས་སྒྱུར་པའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་སྲས་འཁོར་དང་བཅས་པ་སངས་རྒྱས་རིན་ཆེན་སྙིང་པོ་ལོ་མང་པོའི་བར་བསྙེན་བཀུར་བའི་ཚེ་རྨི་ལྟས་ཇི་ལྟར་བྱུང་བ་བཞིན་རྒྱལ་པོ་སྲིད་ལ་ཆགས་པས་ངན་སོང་དང་གཞན་རྣམས་བྱང་ཆུབ་ཐོབ་པར་གསུངས། དེའི་ཚེ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བར། རྒྱལ་པོ་ཆེན་པོ་མིར་གྱུར་པའང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་རྙེད་པར་དཀའ། དམ་པའི་ཆོས་ཉན་པའང་རྙེད་པར་དཀའ་ཡིས། བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་སྐྱེད་ཅིག །ཅེས་བསྐུལ་བས་རྒྱལ་པོ་འཁོར་དང་བཅས་པ་སེམས་བསྐྱེད་པར་ཞལ་གྱིས་བཞེས་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་ཞིང་སྤྲུལ་བ་འདམ་དུ་བཅུག་པས་རྒྱལ་པོའང་དད་ནས་དོན་ཡིད་ལ་བསམ་པར་བྱེད་པ་ལས་ལྷས་བླངས་ཏེ་སངས་རྒྱས་ཀྱི་སྤྱན་སྔར་ཞིང་ཁམས་བཟུང་ཞིང་སེམས་བསྐྱེད་པ་བྲམ་ཟེ་བྱེ་བ་ཕྲག་གསུམ་ལུང་བསྟན་རྗེས་བྲམ་ཟེ་རིག་བྱེད་ཀློག་པ་སྟོང་གི་ཐ་མར་(༡༡༠ན)


GLG020_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བས་སྐལ་པ་བཟང་པོར་ཐུབ་པ་ཇི་ཙམ་འབྱུང་ཞུས་པའི་ཚེ་དེ་བཞིན་གཤེས་པ་རིན་ཆེན་སྙིང་པོས་ཐུབ་པ་ཉི་མ་སྟོང་དང་བཞི་འབྱུང་བར་འགྱུར་རོ་གསུངས་པས། དེ་དག་གི་སྐུ་ཚེའི་ཚད་དང་། འདུལ་བྱ་སོགས་ཇི་ཙམ་ཡོད་པ་འབྱུང་བའི་སྨོན་ལམ་བཏབ་པས་ལེགས་སོའི་བར་སོང་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ཞིང་མ་དག་པ་མི་མཇེད་གྱི་ཞིང་སེམས་ཅན་མ་རུངས་པ་མི་དགེ་བ་བཅུ་ཚང་བར་སྤྱོད་མཚམས་མེད་པ་ལྔ་བྱེད་པ་ཤིན་ཏུ་གདུལ་དཀའ་བ་རྣམས་ལ་ཐུགས་རྗེས་ལྷག་པར་གཟིགས་ནས་སྨོན་ལམ་ཆེན་པོ་ལྔ་རྒྱའི་སྟོབས་བརྗོད་པ་སངས་རྒྱས་ཀྱིས་ཤིན་ཏུ་བྱ་དཀའི་བརྩོན་འགྲུས་བཞིར་སྨོན་པ་སོགས་ལ་དགོངས་ནས། ཁྱོད་ནི་པདྨ་དཀར་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་འོ། །གཞན་ནི་མེ་ཏོག་ལྟ་བུའི་བྱང་ཆུབ་སེམས་དཔའ་འོ། །ཞེས་སོགས་ཚད་བཟུང་དང་བྲལ་བའི་རྣམ་འདྲེན་བཞི་པར་ལུང་བསྟན་པ་ན་ཕྱོགས་བཅུའི་སངས་རྒྱས་སྲས་བཅས་དང་མིའི་སྐྱེ་དགུ་ཐམས་ཅད་ཀྱིས་མཆོད་ཅིང་བསྔགས་པ་སྲིད་པའི་རྩེ་མོའི་བར་དུ་སྒྲོག་པར་མཛད་པ་དང་མཐུན་པར་གཟིགས་པ་ལྔ་དང་ལྡན་པས་ཟས་གཙང་གི་སྲས་པོ་དོན་ཐམས་ཅད་གྲུབ་པས་མཛད་པ་བཅུ་གཉིས་ལ་སོགས་པའི་ཚུལ་བསྟན་པའི་ནང་ནས་མཆོག་ཏུ་གྱུར་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི་ལྷར་བཅས་སྐྱེ་དགུ་མཐའ་དག་གི་ཕན་པ་དང་བདེ་བ་མ་ལུས་པ་འབྱུང་བའི་སྒོ་གཅིག་པུ་ལུང་དང་རྟོགས་པའི་བདག་ཉིད་ཅན་དུ་བཤད་པའང་། རྗེ་བཙུན་བྱམས་པས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་དག་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་(༡༡༠བ)


GLG020_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་དང་བརྒྱུད་པའི་སྒོ་ནས་གདུལ་བྱའི་རྒྱུད་ཀྱི་ལས་དང་ཉོན་མོངས་པའི་ཚོགས་ཞི་བ་དང་། མཐར་མྱ་ངན་ལས་འདས་པའི་གོ་འཕང་འཐོབ་པའི་མཆོག་དང་། འགའ་ཞིག་ཡན་ལག་གི་ཚུལ་དུ་གསུངས་པ་ཤ་སྟག་ཡིན་ལ། བསྟན་པ་རིན་རིན་པོ་ཆེ་དེའང་འདུལ་བ་ལས། མཉན་ཡོད་གནས་བཅས་ཙམ་པ་ཀ །ཝ་ར་ཎཱ་སི་ཡངས་པ་ཅན། །རྒྱལ་པོའི་ཁབ་དང་དྲུག་པོ་དེ། །འདི་དག་གྲོང་ཁྱེར་ཆེན་པོར་གྲགས། །ཞེས་གྲོང་ཁྱེར་དེ་དག་གིས་མཚོན་པའི་ཡུལ་གྱི་ཤར་དུ་ལི་ཁ་རའི་ཤིང་ཚང་ཚིང་ཅན། ལྷོར་ཆུ་ཀླུང་འདམ་བུ་ཅན། ནུབ་ཏུ་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ། བྱང་དུ་ཨུ་ཤི་རི་རྣམས་ཀྱི་ནང་དུ་འཁོར་རྣམ་བཞི་བཞུགས་པ་ཆོས་དང་ས་ཚིགས་གཉིས་ཀའང་ཡུལ་དབུས་སུ་བཀའ་རྣམས་རིམ་པར་གཏད་ཅིང་བསྡུ་བ་རྣམ་པ་གསུམ་དང་། འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་ལ་སོགས་པ་པཎ་གྲུབ་མཐའ་ཀླས་པས་འཆད་ཉན་གྱིས་གཏན་ལ་ལེགས་པར་ཕབ་སྟེ་དགོངས་འགྲེལ་གྱི་བསྟན་བཅོས་དཔག་ཏུ་མེད་པ་བསྟར་ནས་ཉིན་མོ་བཞིན་གསལ་བར་མཛད། དེ་ཉིད་གངས་ཅན་གྱི་ལྗོངས་སུ་ཇི་ལྟར་འབྱུང་བའི་ཚུལ་ཡང་། འཇམ་དཔལ་རྩ་རྒྱུད་ལས། ང་ཡི་དུས་ནས་ལོ་བརྒྱ་ན། །ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་བོད་འདི་ཆུས་གང་བར་རིམ་གྱིས་ནགས་ཚལ་དང་མིའི་འགྲོ་བ་རྣམས་ཆགས་ཚུལ་དེའང་རྒྱལ་པོ་བཀའ་འབུམ་དུ་ཐུགས་རྗེ་ཆེན་པོ་དང་སྒྲོལ་མའི་རྣམ་འཕྲུལ་སྤེའུ་དང་བྲག་སྲིན་འདུས་པ་ལས་གདོང་དམར་ཤ་ཟན་གྱི་ཕྲུག་གུ་དྲུག་བྱུང་བ་རུས་ཆེན་བཞི་འམ་མིའུ་གདོང་དྲུག །ཡང་ན་ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་པར་རྒྱལ་པོ་རུ་པ་ཏི་དཔུང་བཅས་ལས་གྱེས་པ་སྟག་ཚང་ལོ་ཙཱ་བས་སྣོད་བཅུད་ཆགས་མ་ཉམས་ལས་མཆེད་པ་སོགས་བཞེད་པ་(༡༡༡ན)


GLG020_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མང་ནའང་དོན་པུར་རྒྱལ་གྱི་ཡུལ་འདིར་དེབ་དམར་ལས་བྱུང་བ་ལྟར་རྒྱལ་ཕྲན་ཉེར་ལྔ་སོགས་མང་དག་གི་མཐར་བཀའ་གདམས་གླེགས་བམ་རིན་པོ་ཆེར། བོད་ནི་རྒྱལ་པོ་དག་ལ་ཚད་མར་འཛིན། །མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོངས། །ཞེས་རྗེ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ཉི་ཤུ་རྩ་བརྒྱད་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཐོ་ཐོ་རི་སྙན་ཤལ་སོགས་བྱོན་དང་འབྱོན་འགྱུར་གྱི་རྒྱལ་པོ་དེ་དག་ཀྱང་། གླེགས་བམ་ལེའུ་བཅུ་དགུ་པར། དེ་ཧྲིལ་དེ་བསྒྲིལ་ན་སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་དག་རིགས་གསུམ་མགོན་པོའི་སྤྲུལ་པར་གྲགས་ཏེ་རལ་པ་ཅན་སོགས་པ་གཅིག་གཉིས་རིགས་གཞན་ཡིན་གྱི་ཕལ་ཆེ་བ་ནི་མགོན་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པར་བཤད་ཅིང་། དེར་མ་ཟད། ལྷའི་རྒྱལ་པོའི་སྐྱེས་རབས་སུ། ཀུན་ཏུ་བཟང་དང་སྒྲིབ་པ་སེལ། །ང་བསྐུལ་རྒྱལ་པོར་བསྟན་གྱུར་ན། ཅི་དེ་ང་ལ་དེར་མི་སྨྲ། །ཞེས་བརྩེ་ཆེན་ཐུགས་རྗེ་དང་ལྡན་པའི་མགོན་པོ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་དམ་པའི་ཆོས་དར་བ་ནི། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོར། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་དང་། ཡུལ་དབུས་ནས་ལྷོ་ཕྱོགས་སུ་དར་བར་འགྱུར་རོ། །ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་འགྱུར་རོ། །བྱང་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་འགྱུར་རོ། །ཞེས་གསུངས་པ་ལྟར་རྒྱལ་པོ་འདའ་དུས་སྤང་སྐོང་ཕྱག་བརྒྱ་པ་སོགས་ཀྱི་ཆར་བབས་ནས་དམ་པ་ཆོས་ཀྱི་དབུ་བསྙེས། དེ་རྗེས་གདུང་རབས་བཞི་སོང་བ་ན། འཇམ་དཔལ་རྩ་རྒྱུད་ལས། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་(༡༡༡བ)


GLG020_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ལི་ཙཱ་བཱི་རྣམས་རིགས་སུ་འབྱུང་། །ཞེས་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་སྲིན་མོ་གན་རྐྱལ་དུ་གནས་པའི་ས་དགྲ་གནོན་བྱེད་དུ། མཐའ་འདུལ། ཡང་འདུལ། རུ་གནོན་གྱི་གཙུག་ལག་ཁང་སོགས་མང་དུ་བཏབ། ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་པའི་རྟེན་རྣམས་བཞུགས་སུ་གསོལ། སློབ་དཔོན་ཀུ་ས་ར་དང་བྲམ་ཟེ་ཤམ་ཀ་ར་སོགས་རྒྱ་བལ་གྱི་པཎྜི་ཏ་སྤྱན་དྲངས་ནས། ཐུ་མིས་མདོ་རྒྱུད་ཀྱི་ཆོས་བསྒྱུར་ཏེ་བསྟན་པའི་སྲོལ་བཏོད། དེ་ནས་རྒྱལ་རབས་ལྔ་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཐམས་ཅད་མཁྱེན་པ་ཞི་བ་འཚོ་སློབ་དཔོན་པདྨ་སམྦྷ་ཝ་སོགས་གདན་དྲངས་ཏེ་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལྷ་ཚོགས་དང་བཅས་པ་བཞེངས། མཁན་པོས་སད་མི་མི་བདུན་རབ་ཏུ་བྱུང་སྟེ་བསྟན་པའི་རྩ་བ་བླ་ན་མེད་པ་བཙུགས། ལོ་ཙཱ་བ་བརྒྱ་རྩས་ཆོས་མང་དུ་བསྒྱུར་ནས་དར་རྒྱས་སུ་གྱུར། སད་ན་ལེགས་མཇིང་ཡོན་གྱི་སྲས་མངའ་བདག་ཁྲི་རལ་གྱིས་པཎྜི་ཏ་མང་དུ་སྤྱན་དྲངས་ཏེ་གསུང་རབ་ཀྱི་དོན་རྟོགས་དཀའ་ཞིང་མི་ལེགས་པ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། ལོག་པའི་སྨོན་ལམ་གྱི་མཐུས་གླང་དར་མས་འདུལ་བའི་བསྟན་པ་བསྣུབས་ཤིང་རྟེན་དང་བརྟེན་པ་བཤིག་པ་སོགས་སངས་རྒྱས་ཀྱི་བསྟན་པ་མིང་ཙམ་དུ་གྱུར་པའི་དུས་སྲས་བཅས་རྒྱལ་བའི་བྱིན་རླབས་ནུས་མཐུ་རྣམས་འགྲོ་བའི་བསོད་ནམས་སུ་སྨིན་པར་བརྟེན་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་སྡིག་ཅན་བཀྲོངས་ནས་རིང་ཞིག་སོང་བ་ན་སྨད་ནས་བླ་ཆེན་དང་སྟོད་ནས་པཱ་ལ་རྣམ་གསུམ་གཉིས་ཀྱིས་འདུལ་བསྟན་རིན་པོ་ཆེའི་མེ་རོ་སྤར་བར་མཛད། དཔལ་ལྡན་ཨ་ཏི་ཤ་ཞེས་བྱ་བ་སྔོན་ཐུབ་པའི་དབང་པོའི་སྤྱན་(༡༡༢ན)


GLG020_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བྱང་སེམས་བཟང་སྐྱོང་དུ་གྱུར་པ། ཡབ་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་དང་ཡུམ་དཔལ་འོད་ཀྱི་སྲས་སྐུ་འཇམ་ཞིང་གསལ་བ་འགྲོ་བ་ཐམས་ཅད་ཀྱི་ཤིན་ཏུ་དད་གུས་ཀྱི་སྤུ་ལོང་གཡོ་བར་ནུས་པ་མཐུན་སྣང་དུ་གྲུབ་པ་གཞོན་ནུ་ནས་རིག་པའི་གནས་མཐའ་དག་ཐུགས་སུ་ཆུད་ཅིང་ཁྱད་པར་དངོས་གྲུབ་བརྙེས་པའི་བླ་མ་དུ་མར་རྒྱུད་སྡེ་བཞིའི་གཞུང་ཐམས་ཅད་ལ་མཁས་པར་སྦྱངས་པ་མཛད་ནས་ཡི་དམ་གྱི་ལྷ་དཔག་ཏུ་མེད་པས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་རྒྱུད་འབུམ་ཕྲག་གཅིག་དང་བཞི་བརྒྱ་ལྔ་བཅུ་རྩ་གཅིག་གསན་པས་མཚོན་ཕྱི་ནང་གི་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་མཐར་སོན་ཅིང་འགྲོ་བ་རྣམས་ལ་བུ་གཅིག་པ་ལྟར་དགོངས་པའི་ཐུགས་རྗེ་ཅན་དེ་ཉིད་བོད་ཆོས་ཀྱི་རྒྱལ་པོས་སྤྱན་དྲངས་པས་རྐྱེན་བྱས་སློབ་མའི་མཆོག་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སྐུ་མཆེད་གསུམ་ལ་སོགས་པ་བཀའ་གདམས་པའི་སྲོལ་བྱང་ཆུབ་ལམ་སྒྲོན་གྱིས་གཞི་བཟུང་སྟེ་བསྟན་པའི་བདག་པོ་ལྷ་ཤཱཀྱ་ཐུབ་པ། བོད་ཁམས་ཀྱི་ལྷ་ཐུགས་རྗེ་ཆེན་པོ། ཇོ་བོའི་ཐུགས་དམ་གྱི་ལྷ་སྒྲོལ་མ། བདུད་ལས་རྒྱལ་བའི་ལྷ་མི་གཡོ་བ་དང་བཞི། ཆོས་སྡེ་སྣོད་གསུམ་སྟེ་ལྷ་ཆོས་བདུན་ལྡན་སོགས་ཀྱི་སྒྲོན་མེས་བོད་མུན་པའི་གླིང་ལྟ་བུ་ཆེས་ཆེས་གསལ་བར་མཛད་པ་ཡིན་ལ། དེ་ནས་བཀའ་གདམས་གཞུང་པར་གྲགས་པའི་གཞུང་སྲོང་ཞིང་གདམས་ངག་གིས་བརྒྱན་པ་བསྟན་པའི་བདག་པོ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་སྤྱན་མངའ་བ་འགྲོ་བ་ཐམས་ཅད་གྱི་བཤེས་གཉེན་དམ་པ་འདི་ཉིད་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ཀ་བ་ཤིང་ལོ་ཅན་དུ་སྦས་པ་མཁའ་འགྲོས་བསྐུལ་ནས་ཇོ་བོ་ཨ་ཏི་ཤས་བཞེས་པར། དགེ་སློང་བྱང་སེམས་ཤར་ཕྱོགས་(༡༡༢བ)


GLG020_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་འཁྲུངས་པའི། གསང་སྔགས་འཆང་ཞིང་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་ཅན་སྐྱེས་ཆེན་དམ་པ་ཡིས། །ཞལ་ཡང་བསྒྱུར་ཅིང་བསྙེན་བཀུར་དམ་པ་མཛད། །དེ་ལ་བསྙེན་བཀུར་ཆེར་བྱེད་དེ་དག་ནི། འཕགས་པའི་གང་ཟག་དགེ་སྦྱོང་ཤ་སྟག་གོ །ཞེས་འབྱུང་ཞིང་། སློབ་དཔོན་པདྨཱ་ཀ་རས། འཇམ་དཔལ་སྤྲུལ་པ་གདུལ་བྱ་བསྟན་པའི་དཔལ། །མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་འབྱུང་། །ཞིང་འདིར་འདས་ནས་བྱམས་པའི་དྲུང་དུ་འགྲོ། །ཞེས་དང་། ལབ་སྒྲོན་ལ་ཟབ་དོན་སྤྱོད་ཀྱི་བསྟན་པའི་འཕེལ་གྲིབ་ཇི་ལྟར་འབྱུང་དྲིས་པའི་ལན། བུ་མོ་ཁྱོད་ཀྱིས་དྲིས་པའི་བྱང་སེམས་ཏེ། །མ་འོངས་བསྐལ་བཟང་སངས་རྒྱས་བདུན་པ་ཡིན། །ད་ལྟ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེ། །སྙིགས་དུས་ལོག་སྤྱོད་དར་ཚེ་བོད་དུ་འབྱོན། །དགེ་སློང་ཚུལ་འཛིན་གྲགས་པའི་མཚན་ཡང་འདོགས། །གང་གི་ཞིང་དུ་སེང་གེའི་ང་རོ་ཞེས། །ཁྲིམས་འཆལ་ལོག་སྤྱོད་ཚོགས་རྣམས་ཟིལ་གྱིས་གནོན། །ཁྲིམས་འཆལ་སྣ་ཚོགས་ཡང་དག་ཁྲིམས་ལ་སྦྱོར། །ཞེས་དང་། ལྷོ་བྲག་མཁན་ཆེན་ལས་ཀྱི་རྡོ་རྗེ་སོགས་ཀྱི་ལུང་བསྟན་དུ་གསལ་བར་བསྟན་པ་མདོ་སྨད་བཙོང་ཁར་ཡབ་ཀླུ་འབུམ་དགེ་དང་ཡུམ་ཨ་ཆོས་ཀྱི་སྲས་སུ་དགེ་མཚན་གྱི་རྟགས་དུ་མ་དང་བཅས་སྐུ་འཁྲུངས་ཤིང་ནར་སོན་པ་ན་རྡོ་རྗེ་གཏུམ་པོ་དང་དཔལ་ལྡན་ཨ་ཏི་ཤའི་དག་སྣང་རྒྱུན་མར་གཟིགས་ཤིང་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་ཚིགས་སྔ་མ་བཞེས་ཏེ་མཚན་བློ་བཟང་གྲགས་པར་གསོལ། དབུས་ཕྱོགས་ལ་གསན་བསམ་མཛད་པར་བསྐུལ་བ་འདི་ལྟར། གཞོན་ནུ་བློ་བཟང་གྲགས་པ་ཁྱོད། །སྔོན་སྦྱངས་དགེ་བའི་ལས་འཕྲོ་ཅན། །སྔོན་ཚེ་དམ་ཆོས་བདུད་རྩིའི་རོ། །འཐུངས་པའི་(༡༡༣ན)


GLG020_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་ཡོད་པར་ངེས། །ཞེས་པའི་གསུང་བཞིན། འབྲི་གུང་། བདེ་བ་ཅན། ས་སྐྱ། སྣར་ཐང་། ཉང་སྟོད་བཟང་ལྡན། ངམ་རིང་། སྲིན་པོ་རི། གསང་ཕུ། རྩེས་དང་། པོ་ཏ་ལ། བྱེ་རྫིང་། སྐྱོར་ལུང་སོགས་སུ་སློབ་དཔོན་ཡོན་ཏན་རྒྱ་མཚོ། གོང་གསུམ་བདེ་ཆེན་པ། ཁྱུང་ལྷས་པ། འཇམ་རིན་པ། རེ་མདའ་པ། སྐྱབས་མཆོག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཚོན་པར་ཕྱི་ནང་གི་གནས་ཐེག་པ་གསུམ་དང་གསང་སྔགས་སྤྱི་བཀའ་སྒོས་བཀའི་དབང་བྱིན་རླབས་རྗེས་གནང་རྒྱུད་ལུང་མན་ངག་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག་པ་དགོངས་འགྲེལ་གྱི་བསྟན་བཅོས་དང་བཅས་པར་ཐོས་བསམ་སྒོམ་པས་ཉིན་མཚན་དུས་འདའ་བ་མཛད་པར་བརྟེན་ཆོས་སྡེ་ཆེན་པོ་རྣམས་སུ་གྲྭ་སྐོར་མཛད་པས་ཐམས་ཅད་རྩོད་པའི་གནས་དང་བྲལ་ཞིང་བུ་སློབ་དུ་གྱུར། ཡར་ཀླུང་རྣམ་རྒྱལ་དུ་མ་བྱོན་སངས་རྒྱས་གསུམ་པ་ཁ་ཆེའི་བསོད་སྙོམས་པ་པཎྜིཏ་ཤཱཀྱ་ཤྲཱི་བྷ་དྲ་ཞེས་གངས་ཅན་ལྗོངས་ཀྱི་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་ཐམས་ཅད་ཀྱི་མཆོག་གྱུར་མཁན་བརྒྱུད་བཀའ་བཞི་པ་ཚུལ་ཁྲིམས་རིན་ཆེན་གྱིས་མཁན་པོ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། གཞན་ཕན་གྱི་འཆད་རྩོད་རྩོམ་པ་འགྲན་ཟླ་མེད་ཅིང་ཁྱད་པར་སྐྱིད་ཤོད་དགའ་གདོང་དུ་བླ་མ་དབུ་མ་པ་ཆེན་པོས་ལོ་ཙཱ་བ་མཛད་དེ་བླ་མ་འཇམ་དཔལ་དབྱངས་ཀྱི་ཆོས་སྐོར་མ་ལུས་པ་གསན་ཅིང་བསྙེན་སྒྲུབ་ལ་བརྩོན་པ་ལྷུར་བཞེས་པས་མངོན་སུམ་དུ་རྗེ་བཙུན་ཉིད་ཞལ་གཟིགས་པ་འདི་ནས་བཟུང་ཐེ་ཚོམ་ཐམས་ཅད་དྲི་བ་ང་ལ་གྱིས་ཤིག་གསུངས་དྲིས་པ་ན་སྟོང་ཕྱོགས་ལས་སྣང་ཕྱོགས་གཙོ་བོར་བཟུང་དགོས་པར་བཀའ་(༡༡༣བ)


GLG020_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ། ཡི་དམ་གྱིས་བྱ་བྲལ་མཛད་པར་ལུང་བསྟན་པའི་འཁོར་འཇམ་དཀར་སོགས་དབུས་པ་བཞི་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་མདོ་སྨད་པ་བཞི་དང་འོལ་དགའ་སོགས་སུ་སྒྲུབ་པ་སྙིང་པོར་བསྒྲིལ་བའི་ཚུལ་མཛད་པས་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ལས་བྱུང་བའི་བླ་མ་ཡི་དམ་མཁའ་འགྲོ་དཔའ་བོ་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་སྐུ་ལུས་དང་གྲིབ་མ་བཞིན་འགྲོགས་ཏེ་བྱིན་རླབས་དངོས་གྲུབ་རྣམས་འབད་མེད་དུ་སྩལ་ཞིང་བར་གཅོད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་རྟགས་ལ་སོགས་པ་ཐོགས་པ་མེད་པར་བསྒྲུབས་ནས་གསུང་གི་སྣང་བ་རྒྱུན་ཆད་མེད་པ་འབྱུང་བ་སོགས་མཐའ་ལས་འདས་པའི་རྣམ་པར་ཐར་པ་ནི་བསྐལ་པའི་བར་དུའང་བརྗོད་པར་མི་ནུས་པར་མ་ཟད་བུ་སློབ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་ལའང་ལྷ་དང་བླ་མ་མཁའ་འགྲོས་གནང་བ་རྒྱུན་མར་སྩོལ་བ་ཡིན་ལ། བྱེ་བྲག་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་བཞིན་མཁྱེན་པར་དཀའ་བའི་གནས་ཀྱང་དབུ་མ་འཇུག་པ་ལས་ཀྱང་། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལ་ཉམས་པས་ཐར་པ་འགྲུབ་ཡོད་མིན། །ཞེས་པའི་དོན་ཕྱིན་ཅི་མ་ལོག་པར་གཟིགས་པར་ཞལ་གྱིས་འཆེས་ཚུལ་ཡང་གསུང་ལས། །ཁྱོད་ཀྱི་བླ་མེད་ཐེག་པའི་ཚུལ། །ཡོད་དང་མེད་པའི་མཐའ་སྤངས་ཏེ། །ཇི་བཞིན་འགྲེལ་པར་ལུང་བསྟན་པ། །ཀླུ་སྒྲུབ་གཞུང་ལུགས་ཀུནྡའི་ཚལ། །དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །མཐར་འཛིན་སྙིང་གི་མུན་པ་སེལ། །ལོག་སྨྲའི་རྒྱུ་སྐར་ཟིལ་མནོན་པ། །དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱིས། །འོད་དཀར་(༡༡༤ན)


GLG020_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་བས་གསལ་བྱས་པ། །བླ་མའི་དྲིན་གྱིས་མཐོང་བའི་ཚེ། །བདག་གིས་ཡིད་ཀྱི་ངལ་གསོ་ཐོབ། །ཅེས་བླ་མའི་ཡང་བླ་མར་གྱུར་པ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཡབ་མགོན་པོ་འཇམ་དཔལ་དབྱངས་ཀྱིས་མཁྱེན་བརྩེའི་ནུས་པ་ཐུགས་ལ་ཞུགས་པའི་བདག་རྐྱེན་ཕུལ་དུ་བྱུང་བ་ལ་བརྟེན་པས་འུད་པོ་ཆེ་གཞན་གྱིས་ཕྱེ་བའི་ཡོན་ཏན་གྱིས་འགྲན་པའི་གོ་སྐབས་དཔག་པར་ནུས་པ་ག་ལ་སྲིད། མཛད་ཆེན་བཞིས་གཙོས་པའི་རྣམ་དཀར་གྱི་དགེ་ཚོགས་རྒྱ་མཚོ་ལྟ་བུ་བསྐྲུན་ཅིང་ཆེ་བ་ཆེན་པོ་བཞི་དང་ལྡན་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་སྙིང་པོ་བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་ཕྱིན་དྲུག་བསྡུ་བའི་དངོས་པོ་བཞི་སོགས་དང་ལམ་ཐུན་མོང་མ་ཡིན་པ་གསང་བ་སྔགས་ཀྱི་མཚན་བཅས་མཚན་མེད་བསྐྱེད་རྫོགས་ཀྱི་རྣལ་འབྱོར་མཆོག་ལ་བརྟན་སྐྱེ་དགུ་རྣམས་མངོན་མཐོ་ངེས་ལེགས་ལ་བཀྲི་བ་སོགས་ཀྱིས་མཛད་པ་རྒྱ་ཆེན་པོ་རྣ་བས་ཐོས་ཤིང་མིག་གིས་མཐོང་བས་རྐྱེན་བྱས་ས་སྟེང་ན་འཁོད་པའི་འགྲོ་བ་མཐའ་དག་རྗེ་བླ་མ་འདིའི་རྗེས་སུ་ཞུགས་པ་ནི་གནམ་གྱིས་ས་བཀབ་པ་བཞིན་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་འཛིན་པའི་སྐྱེས་ཆེན་དམ་པའང་རགས་རིམ་བརྗོད་ན། ཆོས་འབྲེལ་གསན་པའི་བླ་མ་དབུ་མ་པ། མཁན་ཆེན་ཕྱག་རྡོར། རྗེ་བཙུན་རེ་མདའ་པ་སྟེ་གསུམ། ཚ་དབོན་ངག་དབང་གྲགས་པ། མདོ་སྟོད་པ་གྲགས་བློ། མདོངས་སྟོན་ཛྙ་ན་ཤྲཱི། དགེ་བཤེས་སྟོན་པ་སྟེ་སྔ་ཚར་བཞི། འཇམ་དཀར། བཟང་སྐྱོང་པ། རིན་རྒྱལ་པ། བྱང་སེང་བ། རྟོགས་ལྡན་པ། ཤེར་གྲགས་པ། འཇམ་བཀྲས་པ། དཔལ་སྐྱོང་པ་སྟེ་འཁོར་དག་པ་རྣམ་བརྒྱད། སྲས་ཀྱི་ཐུ་བོ་རྒྱལ་(༡༡༤བ)


GLG020_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཚབ་འདུལ་འཛིན་གཉིས་དང་། འཇམ་དཀར་བ་གསུམ། གསང་བདག་གི་ལུང་གིས་ཟིན་པའི་ཁྱད་པར་ཅན་གྱི་འཁོར། ནང་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་ཆོས་རྗེ། འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་མཆོག་འཇམ་དཔལ་དབྱངས་དངོས་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན། གུང་རུ་རྒྱལ་མཚན་བཟང་པོ། རྗེ་ཤེས་རབ་སེང་གེ །ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་སྟེ་བཞི། དབུས་གཙང་བསྟན་པའི་གསལ་བྱེད་ཆོས་རྗེ་དཀོན་མཆོག་ཚུལ་ཁྲིམས་སོགས་བཅུ། གཞན་དོན་ལྷུན་གྱིས་གྲུབ་པའི་སེམས་དཔའ་དྲུག་སོགས་བསམ་གྱིས་མི་ཁྱབ་པའི་ནང་ནས་དགོན་གནས་མང་དུ་བསྐྲུན་པའི་སྐྱེས་བུའང་དུ་མ་བྱུང་བའི་མཆོག་ཏུ་གྱུར་བ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་ཞེས་བྱ་བ་སྐུ་ཚེ་སྔོན་མ་པཎྜིཏ་འབར་བ། ནག་པོ་སྤྱོད་པ། ར་ཏནྦྷ་ཧུ་ལ། རོང་ཟོམ་ཆོས་བཟང་། འབབ་རོང་པ་དར་མ་དབང་ཕྱུག །ཨ་བ་དྷུ་ཏཱི་འོད་ཟེར་དཔལ། ཞང་འབྲུག་སྒྲ་རྒྱལ་མཚན། གཉོས་ཆེན་རྒྱལ་བ་ལྷ་ནང་པ། ཀུན་མཁྱེན་སཾ་གྷ་བྷ་དྲ་སོགས་མཁས་ཤིང་གྲུབ་པའི་དབང་ཕྱུག་མང་པོར་བྱོན་པའི་མཐར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་ཉེ་འདབས་བསམ་གྲུབ་གླིང་དུ་གསལ་བར་སྐུ་འཁྲུངས་ཤིང་གཞོན་ནུ་ནས་རབ་ཏུ་བྱུང་སྟེ་རྩེས་དང་དུ་བསླབ་གཉེར་ལ་བྱོན་མཚན་རྨད་དུ་འཇམ་དཀར་དང་སྤྱན་རས་གཟིགས། ཀླུ་སྒྲུབ། ཞི་བ་འཚོ། སྲོང་བཙན་སྒམ་པོ། རྗེ་རིན་པོ་ཆེས་ངོ་ཆེན་མཛད་པ་སོགས་ཡི་དམ་གྱི་ལྷས་ཞལ་བསྟན། རྗེ་རིན་པོ་ཆེ་ཡབ་སྲས། ཤ་མི་སྨོན་ལམ་འོད་ཀྱིས་བཀའ་བརྒྱུད་ཐག་པ་མ་བའི་བུ་ཆེན་སྦས་ཏི་དགྲ་བཅོམ་པའི་གདན་ས་པ་མཁན་ཆེན་བློ་གསལ་སོགས་ཡོངས་འཛིན་མང་པོ་ལས་མདོ་སྔགས་ཆོས་ཀྱི་བཀའ་དྲིན་དཔག་ཏུ་མེད་པ་གསན། ཁམས་(༡༡༥ན)


GLG020_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པའི་དཔལ་གྱིས་མཁན་པོ་འདུལ་བ་འཛིན་པས་ལས་སློབ། རྒྱལ་ཚབ་རིན་པོ་ཆེས་གསང་སྟོན། ཁ་སྐོང་དགེ་འདུན་ཉི་ཤུ་དང་བཅས་པས་དབུས་སུ་བསྙེན་པར་རྫོགས། རྗེ་བདག་ཉིད་ཆེན་པོར་མི་ཕྱེད་པའི་དད་པ་ཐོབ་ནས་པུ་ཏི་བདུན་ཅུ་འཆད་པའི་དམ་བཅའ་མཛད་པ་ཕྱིས་བརྒྱ་སུམ་ཅུ་ཙམ་བཤད་པས་འཇམ་དབྱངས་ཆོས་རྗེར་གྲགས། སྣེའུར་བཞུགས་དུས། དན་འབག་ཏུ་སྨྲ་སེང་གི་ཆོས་སྡེ་ཞིག་འདུག་པ་ནས་ཕེབས་པའི་གསལ་སྣང་བྱུང་བའི་ཚེ་ལྷ་གནམ་ཐེ་དཀར་པོས། ཁྱེད་ཀྱི་ཆོས་སྡེ་ཞིག་འདིར་ཐོབ་ངས་བཙུན་པ་སྟོང་ཕྲག་ལྔ་འབུལ་ཟེར་བ་དང་མདའ་ནས་ཡར་བྱོན་པའི་ལམ་བར་ལོངས་སྤྱོད་ཀྱི་ཆུ་ཡིན་ཟེར་བའི་རྫིང་དང་གླང་ཆེན་རིའི་གདོང་རྫིང་བུ་མང་པོའི་འགྲམ་ན་རྗེ་རིན་པོ་ཆེ་བཞུགས་ནས་འདི་ཐོས་བསམ་གྱི་རྫིང་བུ་ཡིན་པས་འཐུང་གསུང་བ་སོགས་ལྟས་ཡ་མཚན་པ་བྱུང་བའི་རྒྱུར་བརྟེན་རྗེ་རིན་པོ་ཆེའི་བཀས་བསྐུལ་ཏེ་སྣེའུ་ནས་ཆོས་རྒྱལ་ནམ་མཁའ་བཟང་པོས་མཐུན་རྐྱེན་མཛད་དེ་ལེགས་པར་བཏབ་པའི་དཔལ་ལྡན་འབྲས་སྤུངས་སུ་མཚན་ཉིད་ཀྱི་བཤད་གྲྭ་ཆེན་པོ་བཙུགས། རྗེ་རིན་པོ་ཆེས་དགའ་ལྡན་ཆོས་དུང་ཁྱད་པར་ཅན་གནང་སྟེ། དགོན་མ་ལས་དགའ་བའི་བུ་འོང་བར་ལུང་བསྟན་པ་བཞིན་རིང་པོར་མ་ལོན་པར་དགེ་འདུན་སྟོང་ཕྲག་ཁ་ཤས་འདུས། དེ་སྐབས་བསྙེན་རྫོགས་ཀྱི་མཁན་པོ་མཛད་པའི་གྲྭ་གྲངས་སྟོང་ཕྲག་ལྔར་ལོངས་པ་གནམ་ཐེའི་ལུང་བསྟན་དུ་གོ་གསུང་། ལྷ་ས་སྨོན་ལམ་གྱི་དུས་ཇོ་བོ་ཤཱཀྱ་མུ་ནིའི་ཞལ་ནས་པུ་ཏི་བརྒྱའི་ཚིག་དོན་གཉིས་ཀ་གཟུང་ཞིག་པའི་བཀའ་སྩལ་པ་ལྟར་ཤེར་ཕྱིན་སྟོང་ཕྲག་རྩ་ལྔ་པ། བརྒྱད་སྟོང་པ། སྡུད་པ། མདོ་ཕྲན་སོགས་བཀའ་དུ་མ་དང་། བྱམས་པ། ཐོགས་མེད། ཆོས་(༡༡༥བ)


GLG020_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས། ཀླུ་སྒྲུབ། འཕགས་པ་ལྷ། ཟླ་གྲགས། དཔའ་བོ། ཞི་འཚོ། སེང་བཟང་། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། ཞི་བ་ལྷ། ཇོ་བོ་རྗེ། ཐུ་བཙུན་གྲུབ་རྗེ། བདེ་བྱེད་བདག་པ། དབྱིག་གཉེན། ཙནྡྲ་གོ་མི། ཕྱོགས་གླང་། ཆོས་མཆོག །ཡོན་ཤཱཀ་གཉིས། ཁ་ཆེ་འདུས་བཟང་སོགས་ཀྱིས་མཛད་པའི་དགོངས་འགྲེལ་བརྒྱ་ཕྲག་བོད་མཁས་པའི་བསྟན་བཅོས་བཤད་སྲོལ་དང་བཅས་པའི་ཞིབ་རྒྱས་མཛད་པ་དེ་ལྟ་བུ་ནི་སྔར་མཐོང་ཐོས་སུ་མ་གྱུར་པ་ཕུལ་དུ་བྱུང་བའི་རྣམ་པར་ཐར་པ་ཡ་མཚན་ཅིང་། མཁས་པ་ཡེ་བཟང་རྩེ་པས། རྗེ་བླ་མའི་སྲས་གཅིག་ལ་འབྲས་སྤུངས་ཆོས་རྗེ་འདི་རང་མཁྱེན་པ་ཆེ་བའི་བསྔགས་པ་མཛད་པ་ཡིན་དུས་ཀྱི་འཁོར་ལོའི་རྒྱུད་དོན་གཅེས་པ་འགའ་ཚོགས་སུ་གསུངས་པས་མནལ་ལམ་ལ་སྲིན་པོ་རིའི་གཙུག་ལག་ཁང་དུ་བུད་མེད་སྨ་ར་སེར་པོ་ཅན་གཉིས་ཐོད་པ་ཁྲག་གིས་ཅུང་མ་ཁེངས་ཙམ་བཟུང་བར་ངེད་ཀྱི་སྐྱེ་བ་སྔོན་མ་གང་ཡིན་དྲི་བ་མཛད་པའི་ལན་དུ་གཉོས་རྒྱལ་བ་ལྷ་ནང་བ་ཡིན་ཟེར། ཁྲག་འདི་ཅི་ཡིན་གསུངས་པས་ངེད་མཁའ་འགྲོའི་སྙིང་ཁྲག་ཡིན། ཨ་ཙ་མ་ཁྱོད་དམ་ཚིག་མེད་པར་གསང་སྔགས་མ་འཆད། བཤད་ཙ་ན་མཁའ་འགྲོའི་སྙིང་ཁྲག་ཕོ་བ་ཙམ་གྱི་སྡུག་བསྔལ་ཡོད་ཅེས་གསུངས་པས། དེ་ཕྱིན་ནས་གསང་སྔགས་ནན་ཆེར་ཞུས་ཀྱང་ཅུང་ཟད་ལས་མི་མཛད། ཐུགས་དམ་དུས་རྒྱུན་འཁོར་མོར་སྐྱེས་བུ་ཆེ་འབྲིང་དང་། བདག་པས་གཞན་གཅེས་ཀྱི་བྱང་སེམས། ཕྱིན་དྲུག་གི་སྤྱོད་པ་སྤྱོད་ཆེད་སྤྱོད་འཇུག་སྔོན་དུ་སོང་བའི་ཨ་ར་པ་ཙ་ན་ཉིས་སྟོང་། སྒྲོལ་མ་དཀར་ལྗང་། མི་གཡོ་བ། སྤྱན་རས་གཟིགས། རྣམ་སྣང་མངོན་བྱང་། མཚན་བརྗོད་མཚར་གསུམ་རེ་སོགས་(༡༡༦ན)


GLG020_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྤྱོད་རྣལ་འབྱོར་རྒྱུད་དང་འབྲེལ་བ། ཕ་རྒྱུད་གསང་འདུས་འཕགས་ལུགས། དགྲ་འཇིགས་གཤེད་གསུམ། མ་རྒྱུད་དགྱེས་རྡོར། བདེ་མཆོག་ལོ་ནག་དྲིལ་གསུམ་སོགས་ཀྱི་ཉམས་བཞེས། ཁྱད་པར་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་སོགས་ཀྱི་ཏིང་ངེ་འཛིན་ལས་གཡོ་བ་མེད་པར་མཐིལ་དུ་བཞེས་པས་བདེ་སྟོང་དབྱེར་མེད་ཀྱི་རྫོགས་རིམ་ལ་དབང་འབྱོར་བས་རླུང་འོད་ཟེར་ལྔ་པའི་ཁ་དོག་གསལ་པོར་གཟིགས་པ་སོགས་དཔག་པར་དཀའ་བའི་ཡོན་ཏན་དང་ལྡན་པའི་མཐུ་སྟོབས་ཀྱིས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་གཙོ་འཁོར། ཏྲཀྴད། དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཆོས་སྐྱོང་སྲུང་མ་རྣམས་དངོས་ཉམས་སུ་བྱོན་ནས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་ཐོགས་མེད་དུ་བསྒྲུབ་པ་མཛད། དངོས་རྫས་རྣམས་ཀྱང་ཆ་གསུམ་དུ་མཛད་པའི། ཆ་གཅིག་གི་སྐུ་གསུང་ཐུགས་རྟེན་བཞེང་བ། ཆ་གཅིག་གིས་སྨན་སྦྱིན། ཆ་གཅིག་གིས་འཕྲལ་གྱི་ཡོ་བྱད་དང་དགེ་འདུན་གྱི་ཞབས་ཏོག་གིས་མཚོན་འདུས་བྱས་ཀྱི་དགེ་རྩ་རྣམས་ཡར་ངོའི་ཟླ་ལྟར་འཕེལ་བར་མཛད་དེ། གསུང་ལས་བཤེས་གཉེན་པོ་ཏོ་བ་གཞུང་བཤད་གཙོ་བོར་འདོན་པ་བཞིན་ཁོ་བོས་ཀྱང་བཤད་པ་མང་དུ་བགྱིས། དགེ་བཤེས་སྤྱན་སྔས་རྟེན་གསུམ་བཞེང་བ་དང་། ཕུ་བྱུང་བས་དཀོན་མཆོག་མཆོད་པའང་ཁོ་བོས་བྱས་པས་མཛད་འཕྲིན་རྒྱ་ཆེ་བའི་མཐུས་བུ་སློབ་ཀྱིས་ཀྱང་བསྟན་འགྲོར་ཕན་ཐོགས་ཆེ་བ་བྱུང་གསུངས་པ་ལྟར་གྱི་ཀུན་མཁྱེན་མུས་སྲས་པ། ཉན་སྟོན་ཤཱཀ་བརྟན། སྣར་ཐང་རབ་མཆོག །གྲྭ་ཆུང་ཡོན་རྒྱམ། སྟག་ཚང་ལོ་ཆེན་ཤེས་རབ་རིན་ཆེན་སོགས་བགྲང་བར་དཀའ་བ་བྱུང་བ་ཡིན་ལ། དེའང་(༡༡༦བ)


GLG020_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོས། རེས་འགའ་རྒྱལ་ལ་དམིགས་པའི་དད་པ་དང་། །སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན། །གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང་། །ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང་། །བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ། །འདི་དག་ཕན་ཚུན་འགྲན་བཞིན་འཕེལ་བར་འགྱུར། །ཞེས་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་དད་གུས་སྤུ་ལོང་རབ་ཏུ་གཡོ་བས་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་བསྟོད་བགྱིས་པའི་བསོད་ནམས་ལ་ཚད་བཟུང་ག་ལ་མཆིས་ཏེ། སྔོན་ཆོས་རྒྱལ་མྱ་ངན་མེད་ཆུང་ངུའི་དུས་སངས་རྒྱས་མཐོང་བར་དད་ནས་གཟུགས་ཀྱིས་མ་སྙོགས་པར་ཟླ་བོས་སྒུར་སྟེང་ནས་ས་སྦར་མོ་གང་གཏོར་བའི་འབྲས་བུར་འཛམ་བུ་གླིང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྲན་བཟོད་པ་ལྟར་བྱུང་བའང་སློབ་དཔོན་བདེ་བྱེད་བདག་པོས། ས་འདི་རྒྱ་མཚོ་ཆེན་པོ་བཞི་ཡིས་སྐ་རགས་བསྡམས་པའི་ལྗིད་ཀྱིས་ནི། །ལྕི་ལྕི་ལྟར་འདུག་ཁྱབ་འཇུག་ས་གསུམ་བྱིན་ཀྱང་སྟོབས་ལྡན་ས་འོག་རྒྱུ། །སངས་རྒྱས་ལ་ནི་རྡུལ་ཙམ་ཕུལ་བས་རྒྱལ་པོ་མྱ་ངན་མེད་པ་ཡིས། །ཟླ་བའི་དཀྱིལ་འཁོར་དཔལ་གྱི་འོད་ཟེར་གོས་ཅན་ས་སྟེང་མཐའ་དག་རྒྱུ། །ཞེས་པ་དང་མཐུན་པར་མངོན་པ་ཀུན་ལས་བཏུས་སུ། ཕན་ཡོན་བཅུ་གཟིགས་ནས་དེ་བཞིན་གཤེགས་པས་མདོར་སྨོས་པའི་ཚུལ་གྱིས་ཆོས་སྟོན་ཏེ། རྣམ་པར་བཞག་སླ་བ་དང་། བཤད་སླ་བ་དང་། གཟུང་སླ་བ་དང་། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང་། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང་། མཐོང་(༡༡༧ན)


GLG020_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང་། འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པའི་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ་མཁས་པ་མཁས་པ་ཞེས་བྱ་བར་གྲངས་སུ་འགྲོའོ། །ཞེས་ཕན་ཡོན་བླ་ན་མེད་པ་བདེན་པའི་སངས་རྒྱས་དེའང་ཆོས་ལ་བརྟེན་ནས་རྟོགས་པ་བསམ་གྱིས་མི་ཁྱབ་པ་འཁྲུངས་པ་ནི། ཀླུ་སྒྲུབ་ཀྱི་གཏམ་བྱ་རིན་ཆེན་འཕྲེང་བར། ཐེག་པ་ཆེ་ལ་རབ་དད་ཞིང་། དེ་ལས་བཤད་པར་སྤྱད་པ་ཡིས། །བླ་མེད་བྱང་ཆུབ་འཐོབ་འགྱུར་ཞིང་། །བདེ་བ་ཀུན་ཀྱང་ཞར་ལ་འགྲུབ། །ཅེས་དང་ཚོམ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པའང་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟེན་པས་གྲོལ་བར་འགྱུར། །ཞེས་དོན་ཆེན་པོ་དེ་ཉིད་ཚུལ་བཞིན་སྒྲུབ་པར་བྱེད་པ་དགེ་འདུན་འདུས་པའི་སྡེ་ལས་ཚོགས་གསོག་པའི་ཞིང་མཆོག་ཏུ་གྱུར་པ་སྟོང་གསུམ་བྱེ་བ་ཕྲག་བརྒྱར་བཙལ་ཀྱང་མི་རྙེད་དེ། བྱ་རྒྱུད་ལེགས་གྲུབ་ལས། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་འབྱོར་ལྡན་དད་པ་ཅན་རྣམས་ཀྱིས་སྡིག་པ་སྦྱང་བ་ལ་ཁྱད་པར་འཕགས་ཚུལ། དཔེར་ན་ཕ་རོལ་གྱི་ཞིང་ལ་རྨོས་ཁྲོལ་བརྒྱབ་སྟེང་ལུད་ཚོགས་ཡོངས་སུ་བཀྲམ་པར་ས་བོན་སྐྱོན་མེད་བཏབ་ཅིང་། ཆུ་འཆུ་བ་སོགས་ཀྱི་བྱེད་པས་ལོ་ཏོག་ཕུན་སུམ་ཚོགས་པ་ལ་ནས་འབྲས་གྲོ་སྲན་གྱིས་མཚོན་པའི་འབྲས་བུ་སྨིན་པ་རྟེན་འབྲེལ་གྱི་ཆོས་ཉིད་བཤད་པ་བཞིན་བསྙེན་བཀུར་ཕུ་དུད་བྱས་པའི་མཐུས་འཁོར་བ་དང་(༡༡༧བ)


GLG020_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་འདས་ཀྱི་དཔལ་ཟད་མི་ཤེས་པ་འབྱུང་བའི་གཞི་དམ་པ་དགེ་འདུན་དཀོན་མཆོག་ཏུ་གསུངས་པ་ཐེག་པ་ཆེན་པོའི་ལུགས་ཀྱི་བྱེད་ཆོས་སངས་རྒྱས་ཕལ་པོ་ཆེ། རྒྱལ་བ་གང་དག་གང་ཟག་བརྒྱད་གསུངས་པ། །དེ་དག་རྣམས་ནི་སྐྱེས་བུ་ཟུང་བཞི་སྟེ། །སྦྱིན་གནས་དེ་དག་ས་སྟེང་ཤིན་ཏུ་དཀོན། །དེ་དག་རྣམས་ལ་སྦྱིན་པ་དཔག་མེད་འགྱུར། །ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། །དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག །ཅེས་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་རེ་རེའང་ཚོགས་ལམ་དགེ་འདུན་དུ་འཇོག་པ་དང་། རྒྱུད་བླ་མར་རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པ་སོགས་ལ་བཤད་ཅིང་ཉན་ཐོས་སྡེ་པ་ལྟར་ན་སློབ་པ་དང་མི་སློབ་པའི་ལམ་བདེན་དུ་ངོས་འཛིན་ཚུལ་ཡང་མཛོད་ལས། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །ཞེས་དང་། སྡོམ་གསུམ་དུ། ཉན་ཐོས་རྣམས་ཀྱི་བླ་མ་ནི། །བཟང་ཡང་གང་ཟག་ཁོ་ནར་བས། །ཞེས་འདུལ་བར་དགེ་སློང་བཞིར་ལོངས་དགོས་པ་སོགས་རྣམ་གྲངས་མང་ནའང་དོན་ཆོས་ཚུལ་རྒྱ་མཚོ་ལྟ་བུར་འབད་པ་ཆེན་པོས་སློབ་དགོས་པ་ནི། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས། རྒྱལ་བའི་སྲས་ཀྱིས་ཤེས་བྱ་ཐམས་ཅད་ལ། །སློབ་པར་གསུངས་ཕྱིར་ཇི་སྙེད་མཁྱེན་པ་ཡི། །ཡེ་ཤེས་རྒྱུ་རུ་འགྱུར་བས་ཤེས་ལྡན་རྣམས། །བྱང་ཆུབ་དོན་གཉེར་བསམ་པས་འདི་བླང་རིགས། །ཞེས་སྤང་རྟོགས་དང་ལྡན་པའི་བྱང་སེམས་རྣམས་ཀྱིས་ཀྱང་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་ཤིན་ཏུ་རིངས་སྟབས་ཀྱི་སློབ་དགོས་ན་རང་ཅག་སོ་སྐྱེ་རྣམས་ཀྱིས་ཉིན་མཚན་ཀུན་ཏུ་ཟས་གོས་གཏམ་སོགས་ཀྱི་དབང་དུ་མ་སོང་བར་བཙལ་དགོས་པ་མདོ་སྡེ་(༡༡༨ན)


GLG020_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གང་ཞིག་ཟས་དང་གོས་ཀྱི་གཏམ་ཙམ་ནི། །དེ་ནི་རབ་དང་མཆོག་ཅེས་སེམས་མ་ཡིན། །མི་ཡི་རྙེད་པ་རབ་མཆོག་རྙེད་ནས་ནི། །གཅིག་ལ་གཅིག་གིས་ཆོས་ཀྱི་གཏམ་ཡང་བྱ། །ཞེས་རྙེད་པར་དཀའ་ཞིང་འཇིག་རྟེན་དུ་མ་དང་ལྡན་པའི་དལ་འབྱོར་གྱི་མི་ལུས་ཐོབ་པའི་དུས་འདིར་སྙིང་པོ་ཡང་དག་པར་སྨོན་པའི་ཐབས་དུ་མའི་སྒོ་ནས་འཇུག་དགོས་པའི་ཚུལ་མཁས་པའི་གསུང་ལས། གང་ཕྱིར་དགེ་ལེགས་ཐམས་ཅད་ནི། །རྟག་ཏུ་སྦྱིན་ཞིང་འཕེལ་འགྱུར་བའི། །ཐུབ་བསྟན་དཔག་བསམ་ལྗོན་ཤིང་གི །ངོ་མཚར་གླེང་ལ་སུ་མི་གུས། །དེ་ཕྱིར་ཆོས་ཀྱི་རྒྱལ་པོའི་མདུན། །འབེལ་མཆིད་ཕུན་ཚོགས་འབྱུང་བ་ལ། །ཡིད་གཞུང་བསམ་མནོ་མཐའ་ཡས་པའི། །དཔྱད་གསུམ་དག་པ་འདི་འོས་སོ། །ཞེས་དད་པར་བཤད་བྱར་མཁས་པ་ཤེས་བྱ་མཐའ་དག་པའམ་སྡེ་སྣོད་རྣམ་གསུམ་གྱི་ཚིག་དོན་ལ་ལུང་རིག་མན་ངག་དང་ལྡན་པས་ཐེ་ཚོམ་གཅད་ནུས་པ་དེའང་མདོ་རྒྱུད་བསྟན་བཅོས་དང་མཐུན་པའི་གསུང་རབ་སྒྲ་ཚད་དངོས་སྟོབས་དང་མཚུངས་པའི་རིགས་པས་མདོ་རྒྱུད་དང་མི་འགལ་བར་རྗེས་སུ་གདམས་པའི་མན་ངག་སངས་རྒྱས་ཀྱིས་གསུངས་པ་མཁས་པ་ལས་བརྒྱུད། གྲུབ་ཐོབ་ཀྱིས་བསྒོམས། པཎྜི་ཏས་བཤད། ལོ་ཙཱ་བས་བསྒྱུར། རྒྱ་གར་དང་བོད་ཀྱི་སྡེ་སྣོད་འཛིན་པ་ཐམས་ཅད་ལ་གྲགས་པ་ཞིག་དགོས་པར་དགོངས་པ་ནས། ཇོ་བོ་བཀའ་གདམས་པའི་གསུང་བགྲོས་སུ། དོན་གྱི་ཐག་ཆོད་ཚིག་ཉུང་དོན་ཀུན་གོ། མང་ཐོས་ལུང་བསྟན་དོན་གྱི་ས་མཚམས་ཕྱེད། །གྲུབ་མཐའ་མ་འདྲིས་ཆོས་སྐད་བཟང་ལ་བརྟེན། །ཞེས་པ་ལྟར་ཡིན་ཅིང་། བར་དུ་འཆད་བྱེད་ལ་མཁས་པ་རྗོད་བྱེད་ཀྱི་བརྡ་དག་པ་གང་ནས་བཤད་(༡༡༨བ)


GLG020_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འགྲེལ་ཆགས་པ། ཇི་ཙམ་བཤད་ཀྱང་རན་ལ་འཚམ་པ། ཇི་ལྟར་བཤད་ཀྱང་འཐད་པ་གསུམ་གྱི་ངག་འབྲེལ་བས་གཞན་དགའ་བར་ནུས་པ་ཡིན་ཏེ། རྒྱལ་བ་བྱམས་པས། ངག་ཚིག་ཤིན་ཏུ་རིགས་པ་དང་། །བསྟན་དང་རྣམ་འབྱེད་ཐེ་ཚོམ་གཅོད། །ལན་མང་བྱེད་དང་ལྡན་པ་ནི། མགོ་སྨོས་རྣམ་སྤྲོས་གོ་རྣམས་ལ། །སངས་རྒྱས་རྣམས་ཀྱི་སྟོན་པ་འདི། །འཁོར་གསུམ་གྱིས་ནི་དག་པ་སྟེ། །ཞེས་གཞན་དྲིང་འཇོག་མི་དགོས་པར་དཔྱིས་ཕྱིན་པ་མངོན་དུ་གྱུར་ནས་མཐར་ཀུན་སྤྱོད་ལ་མཁས་དགོས་པའི་རྒྱུ་མཚན། འཇམ་དཔལ་དབྱངས་ཀུན་དགའ་རྒྱལ་མཚན་གྱིས། འཆད་ན་བློ་ཡི་མིག་འབྱེད་ལ། །བརྩོད་ན་རྒོལ་པའི་ཀླད་འགེམ་ཞིང་། །བརྩོམ་ན་བསྟན་པའི་སྲོལ་བཏོད་པའི། །སློབ་དཔོན་རང་གི་སྲོག་པས་གཅེས། །ཐོས་བསམ་གྲུབ་པའི་རྒྱལ་མཚན་ལ། །བསླབ་གསུམ་ནོར་བུ་དང་ལྡན་པས། །ཉེས་སྤྱོད་རིམས་ནད་ཀུན་སེལ་བའི། །རྒྱལ་མཚན་འདྲ་བ་སྲོག་པས་གཅེས། ཞེས་ཤེས་བྱའི་ཆོས་འདུལ་བ་མངོན་པ་མདོ་སྡེ་སྟེ་སྡེ་སྣོད་རིན་པོ་ཆེ་རྣམ་གསུམ་ལེགས་པར་སྦྱངས་ཤིང་ལམ་མངོན་རྟོགས་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་སྟེ་བསླབ་པ་གསུམ་གྱིས་རྒྱུད་ཡོངས་སུ་ཕྱུག་པ། །ཐོས་བསམ་སྒོམ་གསུམ་གྱིས་སྨིན་པར་བྱས་ནས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་བར་མཛད་པ་སྐྱེས་ཆེན་དམ་པར་རག་ལུས་ལ། དེའང་། སློབ་དཔོན་ཆོས་ཀྱི་ཚོང་དཔོན་གྱིས། རྒྱལ་བ་སྟོན་པ་དེ་ཡི་དམ་ཆོས་དག །མདོ་དང་ཆོས་མངོན་ཡིན་གསུང་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །གཉིས་འགྱུར་ཕྱག་བྱས་སངས་རྒྱས་ཁྱོད་གཅིག་བཞིན། །ཞེས་མངོན་པ་དང་མདོ་སྡེའི་སྡེ་(༡༡༩ན)


GLG020_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ཀྱིས་བསྟན་པའི་གོ་ཆོད་ཀྱང་སྟོན་པའི་གོ་མི་ཆོད་ཅིང་འདུལ་བའི་སྡེ་སྣོད་ཀྱིས་གཉིས་ཀའི་གོ་ཆོད་པ་དེ་གཉིས་ལས། ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀའི་གཞི། །དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་། །རྒྱུ་དང་རྩ་བ་འདུལ་བ་ཡིན་པར་གསུངས། །ཞེས་བསྟན་པའི་རྩ་བའམ་གཞི་མ་ལུང་སྡེ་བཞི་སོགས་ལ་བརྟེན་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ནན་ཏན་བྱས་པས་གནས་སྐབས་སུ་མངོན་མཐོ་ལྷ་མིའི་ཡང་སྲིད་བརྒྱུད་མར་ཐོབ་ཅིང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གཡུལ་ལས་རྣམ་པར་རྒྱལ་ཏེ། ཉན་ཐོས་དང་རང་རྒྱལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་གསུམ་པོ་གང་རུང་འཐོབ་ནས་ཕྱིར་མི་ལྡོག་པའི་འབྲས་བུར་ལྷུན་གྱིས་གྲུབ་པ། སུམ་བརྒྱ་པར། །ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིག་པ་དང་། །འཆི་བའི་འཚེ་བ་འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་དང་། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང་། །འཇིག་ཚོགས་བལྟ་བ་གདོན་གྱི་རྩ་བ་འཇོམས། །དཔལ་འབྱོར་ལྷ་དང་མེ་ཏོག་མདའ་ཅན་འཇོམས། །ཞེས་ཡོན་ཏན་ཕུན་སུམ་ཚོགས་པའི་སུམ་ཆ་ཚུལ་ཁྲིམས་དེའང་གངས་གཡག་གི་རྔ་མའི་ཉག་མ་གཅིག་ཤིང་ལ་ཐོགས་ན་མ་ཤི་བར་སྡོད་པ་དེ་བཞིན་དུ་ཉེས་བྱས་ཕྲ་མོ་ཡན་ཆད་ལའང་ལུས་སྲོག་ལ་མི་བལྟ་བར་གསུངས་པའི་ཕྱིར། སོ་ཐར་འགྲེལ་པར། །ཇི་ལྟར་བསིལ་རུམ་གངས་ཁྲོད་ལ་གནས་པའི་གཡག་རྔ་མ་བག་ཡོད་པས་བསྲུང་བ་རྔ་མ་འདྲ་མཇུག་ལྟར་མི་རྐྱོང་བར་རྩེ་མོ་ལྡང་དུ་གཟར་ཏེ་འགྲོ་བ་དེ་བཞིན་དུ་ཚུལ་ཁྲིམས་འདི་ཡང་བག་(༡༡༩བ)


GLG020_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་བསྲུང་བར་གྱིས་ཤིག་ཅེས་པའི་ཐ་ཚིག་གོ །ཞེས་གསུངས་ན་ཕན་ཡོན་ཆེན་པོ་དང་ལྡན་ཞིང་། མ་བསྲུངས་ན་ཉེས་དམིགས་ཀྱང་། དགེ་སློང་ལ་རབ་ཏུ་གཅེས་པའི་མདོར། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་པ་སྡུག་བསྔལ་ཡིན། །ཞེས་དང་། སྲོག་དང་བྲལ་ཞིང་ཤི་བ་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ན་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་མྱོང་བར་འགྱུར་རོ། །ཞེས་ལེགས་པར་བསྲུང་དགོས་ཤིང་དགོས་དབང་གི་བསྲུང་མ་ནུས་ན་འཆབ་བསམ་གྱིས་གནས་པ་ལས་སྡོམ་པ་ཕུལ་བ་ཕན་ཡོན་ཆེ་སྟེ། དེ་ཉིད་ལས། གང་ཞིག་བསླབ་ལ་མི་གནས་པས། །བདེ་གཤེགས་རྒྱལ་མཚན་འཛིན་པ་ལས། །བསླབ་པ་མི་གནས་སྐད་ཅིག་ལ། །གཟུགས་པོར་ཁྱིམ་པར་གནས་པ་བཟང་། །ཞེས་དང་། ལུང་རྣམ་འབྱེད་དུ། ལྕགས་གོང་མེ་ལྕེ་འབར་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་བསླབ་པ་དང་མི་ལྡན་པའི་གང་ཟག་གིས་དཀོར་ལ་ལོངས་སྤྱོད་པ་དང་དེར་མ་ཟད་ཁྱིམ་པས་སྤྱད་ཀྱང་དེ་དང་ཆ་འདྲ་བའི་ཉེས་དམིགས་བཟོད་པར་དཀའ་ཞིང་ཉི་མའི་སྙིང་པོའི་མདོར། ལྷུན་པོ་དང་ནི་འདྲ་བའི་མེ། །བླང་བར་བྱ་སྟེ་བཟོད་པ་སླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱད་པར་ནི་མི་བྱའོ། །ཞེས་པའི་དགེ་སྐྱོན་ཕྲ་རགས་ཐུགས་ལ་འཇོག་དགོས་པ་ཡིན་ཅིང་། ཚུལ་ཁྲིམས་ཀྱི་བསླབ་པ་ནི་བསམ་གཏན་ཤེས་རབ་གཉིས་འཕེལ་ཞིང་ཡུན་རིང་པོར་གནས་པའི་(༡༢༠ན)


GLG020_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དུ་རྒྱལ་བ་སྲས་དང་བཅས་པས་ལན་གྲངས་མང་པོར་བསྔགས་པ་དེ་ཉིད་ལས་བརྩམས་ཏེ་ཀུན་སྤྱོད་རྣམས་ཡོངས་སུ་དག་པར་བྱ་བའི་དངོས་དོན་གཙོ་བོར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་བྱེ་བྲག་ཀུན་མཁྱེན་གཉིས་པ་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་རིང་ལུགས་ཞྭ་སེར་ཅོད་པན་འཛིན་པའི་བསྟན་པ་བསླབ་གསུམ་རིན་ཆེན་རྒྱན་གྱིས་སྤྲས་པའི་གདུགས་དཀར་པོ་གཅིག་གིས་བོད་དང་བོད་ཆེན་པོ་རྒྱ་ཧོར་བལ་པོ་སོགས་འཛམ་གླིང་ཡངས་པའི་རྒྱལ་ཁམས་ཀྱིས་མཚོན་པའི་ཁྱོན་ཐམས་ཅད་ཡོངས་སུ་ཁེངས་པའི་གྲིབ་བསིལ་གྱིས་བདེ་ཞིང་སྐྱིད་པར་བཀོད་པ་ནས་ཆེས་ཆེར་ཕུན་སུམ་ཚོགས་པ་ཉི་མ་ལྟར་ཡོངས་སུ་གྲགས་པ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་འདུས་ཚོགས་རྣམས་ཀྱིས་ཕྱག་ཏུ་བསྟར་རྒྱུའི་རིམ་པ་ལ། གྲྭ་ཚང་བདུན་ལ་མ་འདུས་པའི་ཁམས་ཚན་དང་མི་ཚན་མི་ཡོང་བས་ཐོག་མ་ནས། དགེ་བསྙེན། དགེ་ཚུལ་བསྙེན་རྫོགས་རྣམས་ཀྱིས་སོ་སོའི་བསླབ་པ་བླངས་ནས་ཆོས་གོས་རྣམ་གསུམ། ཞྭ་སེར་སོགས་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་རྣམས་སྒྲ་ཇི་བཞིན་ཚང་ཞིང་བརྟུལ་ཞུགས་ལ་གནས་པ་ལས། སྐྲ་རིང་གྲིི་རིང་ཐུལ་པ་སོགས་པགས་རིགས་ཀྱི་གོས། འབར་ཞྭ་གློགས་ཆ། སྐེ་རྒྱན། ཐེར་གཟན་རྒྱ་སོག་གི་ལྷམ། འཇམ་འགག་གིས་མཚོན་པ་གྱོན་པ་རྣམས་སྤངས་ཏེ་ཚུལ་དང་ལྡན་ཕྱིན་ལྟོ་ལེན་པ་རྣམས་ལ་གཟན་ཤམ་སྟོད་འགག་ཙམ་ལས་མི་དགོས། དམིགས་བརྩེ་མ་དང་ཆབ་སྐད་བཏང་ནས་བཟུང་། དུང་ཐེང་གསུམ་པར་ཚོགས་རྣམས་གདོང་གྲལ་ལ་མཁས་གྲལ། གཡས་ཀྱི་རྩ་གྲལ་ལ་སྐད་གྲལ། གཞན་མར་བསླབ་གྲལ་སོགས་གོ་མ་ལོག་པའི་གྲྭ་རྙིང་ཡོངས་གྲགས་རྣམས་གྲལ་སྟོད། བར་(༡༢༠བ)


GLG020_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བ་རྣམས་གྲལ་རྐེད། དཀོར་ཕྱིར་འབྲེང་མི་འབགས་རེངས་རྣམས་གྲལ་གཤམ། གྲལ་རྣམས་འབུར་ཀྱོང་མེད་པར་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་གང་ལེགས་སུ་འཁོད་པ་ལས་རྐང་མགྱོགས་གྲལ་མི་བྱེད་ཅིང་ཀ་བ་དང་ཞལ་བར་མི་མཉེ། མགོ་གོས་ཀྱིས་མ་བཀབ་པར་མཆིལ་སྣབས་འདོར་པ། གཉིད་དང་གླེང་མོ། ལག་རྩེད། མིག་ཡེངས། ཁ་གཏུམས། ཞོགས་གཅུས་བཟའ་བཏུང་གི་ཚེ་ཧུབ་ཅག་གི་སྒྲ་སོགས་སྤྱོད་ལམ་མི་མཛེས་པའི་རིགས་མཐའ་དག་ལ་དྲན་ཤེས་བཞིན་གྱིས་ཟིན་པའི་དམ་པའི་ཆོས་འདུལ་པའི་ཀུན་སྤྱོད་ལ་གནས་པར་བྱེད་ཅིང་། དེས་མཚོན་པའི་རབ་བྱུང་གི་བླང་དོར་གྱི་རིམ་པ་རྣམས་ཀྱང་རང་ལས་བསླབ་པ་རྒན་པ་རྣམས་ཀྱི་ངང་ཚུལ་དཔེར་བཟུང་ནས་ཉམས་སུ་བསྟར། སྔར་ལྷ་བཙུན་ཆེ་བས་རྒྱུག་ཚད་མཛད་པའི་གཏམ་ཙམ་ལས་དཀོར་ཕྱིར་འབྲེང་མཁན་གྱི་འབགས་རེངས་བཀག་སྲོལ་མེད་ཀྱང་ད་ཆ་ཚང་མར་བྱས་ན་ཆོས་གྲྭ་འགྲིམ་མཁན་གྱི་བཙུན་ཆུང་མི་ཆུད་འདུག་པས་གྲྭ་པ་གང་ཡིན་བརྗོད་མེད་དང་འབགས་རེངས་ཀྱི་རིགས་ལོ་བརྒྱད་དང་རྒྱུག་ཚད་མཐོ་ལྔ་མ་ལོངས་ན་མི་གཏོང་། རྒྱུན་གྱི་ཚོགས་ཡུན་རིང་ཐུང་ངེས་པ་མི་འདུག་ཀྱང་། འབྲིང་པོར་ཆ་བཞག་པའི་གདུགས་དཀར་ལྟ་བུ་དགོས་པའི་དམིགས་བསལ་བྱུང་ན། སྐྱབས་སེམས། མདོ་སྒྲུབ། གཏོར་འབུལ། རིང་འཚོའི་ཚིགས་བཅད་ཅི་རིགས་ཀྱི་རྗེས་སུ་གདུགས་དཀར་ཚར་གསུམ། ཡང་ན་ཤེར་སྙིང་གཅིག་གམ་སྒྲོལ་མ་ཉེར་ལྔའམ། ཚེ་གཟུངས་ཉིས་བརྒྱ་ཙམ། དུས་རྒྱུན་ནར་མའི་ཞལ་འདོན་སྒོས་ཀྱི་གང་ཡིན་དོར་བའི་ས་ལམ་སོགས་སྔར་གྱི་ཆོས་སྤྱོད་རྙིང་པ་གདངས་དང་བཅས་པ་བབས་ཆགས་ལས་གཡེལ་ཆུང་ལ་མ་སོང་བའི་རེ་མོས་དགོས་རྒྱུ་ཡིན། ཚོགས་ཀྱི་སྔ་ཕྱི་སྟོན་(༡༢༡ན)


GLG020_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དགུན་ཇ་དང་པོ་སོང་བ་དང་ནམ་ལངས་པ་དུས་མཚུངས་སྔ་དྲོའི་ཆོས་གྲྭའི་རྩིས་བཞག་རྫོགས་པར་ཉེ་བ་དང་། དམིགས་བརྩེ་མ་སོགས་གོང་བཞིན་གཏོང་། སྔ་གུང་གཉིས་ཀྱི་བར་ལ་མང་ཇ་བཏང་ན་ཆོས་གྲྭ་ཆག་ཆེ་གཤིས་རིང་ཁྱད་ཡོད་ཚེ་དགོངས་ཇར་རིམ་ཤུགས་བྱེད། རིགས་གྲྭས་མཚོན་པར་ཚ་ར་དང་འགྱེད་སོགས་ཀྱི་སྐལ་ལེན་པར་དན་འབག་ཕུ་མདའ་དང་དགའ་བ་གདོང་པ་སྔར་སྲོལ་གང་ཡོད་དང་། སྟོད་ལུང་ཕན་ཡུལ་སོགས་ཀྱི་དགོན་པ་ནས་ཆོས་སྡེ་རང་གི་སྐྱིད་སྡུག་ཐེན་མི་རྣམས་སྔར་ལུགས་གང་ཡོད་ལ་བཀག་ཆ་མེད། དེ་ཕྱིན་སྐྱིད་སྡུག་མེ་འཐེན་པའི་གྲྭ་ཚང་སོ་སོའི་ཆོས་གཞིས་པར་བསྙད་པའི་ལྟོ་ལེན་ལྡེབས་འབྱར་སོགས་དང་། ལྟ་གྲུབ་མི་གཅིག་པ་རེ་གཉིས་བྱུང་བ་སྔར་ནས་འབུད་བཞིན་པ་ཡིན་པས། དུས་ཕྱིས་དགེ་སྐོས་དང་ཞལ་ཏ་དཔོན་གྱི་གྲྭ་ཚོགས་ཆེ་གཤིས་ངོ་མ་ཤེས་པ་རྣམ་པ་གཅིག་ཏུ་མི་བདེན་པའི་ངེས་པ་མི་འདུག་རུང་རྒྱ་གར་དང་བལ་པོ་ལྟ་བུ་ལ་མི་ཚན་ཁམས་ཚན་གྱི་ཐ་སྙད་མ་མཆིས་ཀྱང་གཞན་མ་རྒྱ་ནག་དང་ཧོར་སོག་གིས་མཚོན་ཚང་མར་ངོ་མི་ཤེས་པ་དང་གཅིག་ལ་གཉིས་བརྟེན་ཡོང་བ་གཞིར་བཅས་པར་ངན་རྒྱབ་བྱས་ཏེ་བཙུན་པའི་རྟགས་ཆ་ལུགས་ཙམ་ཚང་བ་རྟགས་སུ་བཀོད་ནས་ཐམས་ཅད་ཚོགས་པའི་འདུ་ཁང་གི་ཕྱི་ནང་མདོ་སྦུགས་ཐམས་ཅད་ཁེངས་ཀྱིན་ཡོད་འདུག་པ་བར་སྐོར་ལྟ་བུར་མི་སྣ་ཚོགས་བསྡད་ན་མེ་མི་བརྒྱག་པའི་ངེས་པའི་མི་འདུག་པས་སྐྱིད་སྡུག་ཐེན་པར་མི་ཕན་པ་རྣམས་གཏོང་ས་མེད་ཅིང་། ཁ་ཡོད་ཚད་ཀྱིས་དཀོར་ཟོས་པ་སྤྱིན་བདག་གིས་ལྕོགས་པའི་གཏན་པ་མེད་པའི་མཆོད་སྦྱིན་ཡིན་ན་མ་གཏོགས་པའི་འཇིག་རྟེན་ནས་གཞལ་ནའང་འབྲེལ་ཤིན་ཏུ་ཆུང་བའི་མ་དད་མི་འདོད་བཞིན་དུ་ཁྲལ་ལྟ་(༡༢༡བ)


GLG020_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བུར་དེ་ལ་འབྲས་བུ་དཀར་བའང་མི་འབྱུང་བས་དཔེར་ན་ལམ་པ་བར་དེ་གའི་གྲྭ་བ་རྒན་པ་ཞིག་གིས་དོ་དམ་བྱས་པའི་ངོ་ཡོད་རྣམས་གཏོང་བ་སོགས་སོ་སོས་འདི་ནི་འདིའོ་ཞེས་ངོས་འཛིན་བྱས་ན་ཡིན་པ་ཚང་ཐེབས་མི་འདུག་པས་དེ་བཞིན་བྱེད། བཞི་པ་ཕྱི་ནང་གི་མང་ཇ་མ་ཡིན་པའི་རིགས་ཀྱི་འགྲུལ་པའི་ཇ་ཚུལ་རྣམས་ལ་མཚོན་ན་ཐོག་མར་ཇ་བག་དགུ་སྤྲད་པ་ནས་གསུམ་གྱིས་མང་ཇ། གསུམ་གྱིས་མདུན་ཇ། ཉུང་ཇ་ཤིང་ཚྭ་བུལ་འོ་རིན་རྣམས། གསུམ་གྱིས་ཁམས་ཚན་གྱི་ཡོང་སྒོ་དང་བཅས་པ་འདེངས་པ་དང་། དེ་ལས་ལྷག་ཚེ་སྦྱིན་བདག་རང་ལ་ཕར་སྤྲོད། ནང་ཇ་བཅུ་ཚུན་ལ་ཐོག་མར་ལེན་ཅིང་གཞན་ལ་མི་ལེན། དེ་ལས་མང་ན་ཐོག་མཐར་ལེན་སྦྱིན་བདག་འབྱོར་པ་ཆུང་བ་སྦག་བདུན་ལས་མེད་ངེས་ལ་དེ་ག་འདེང་སོར་བཏང་བའི་བཀོལ་ལུགས་བྱེད་པ་ལས་རྩོད་པ་མི་གཏོང་། ཇ་ཐུག་དགའ་ལྡན་ཕོ་བྲང་དུ་ཁྲོ་རྐྱན་གསུམ། སྤྱི་ཁང་དུ་ཟངས་རྒྱན་གང་། སྦྱིན་བདག་ལ་ཆུ་བན་ཚད་མ་རེ། དབྱར་ཞལ་བཞེས་གང་མཛད་པ་འདེང་ཚོད། ཐམ་ཁ་དམར་ནག་ཡོད་པར་མི་ལྔ་ཙམ་འདེངས་པའི་ལྟིར་ཆུང་རེ་ལས་མི་གཏོང་། ཇ་རོ་སྤུངས་ནས་འཇོག་པ་ལས་ཐབ་གཡོག་པས་འཁྱེར་ན་ཇ་མི་ཐོན་པའི་རྐྱེན་དུ་འགྱུར་ཞིང་། ཁ་ཞག་བསགས་ཀྱང་ཚོགས་པར་གནོད་པས་མི་བྱེད། བསྔོ་རྟེན་རྣམ་གཞག་འགྱེད་སྦྱིན་བདག་གིས་གང་བྱུང་ལས་བརྗེ་བ་དང་བཟོ་རས་མི་འདོན། སྙན་དར། རྣམ་གཞག་ཆེ་གྲས། དགའ་ལྡན་ཕོ་བྲང་། སློབ་དཔོན་ཁྲི་ཐོག་པ་དང་རིགས་གྲྭ་ལན་གཉིས་བཏང་བའི་ཟུར་པར་ངོ་ཡོད། དགེ་སྐོས་གཉིས། དབུ་མཛད། སྤྱི་སོར་གཉིས། དཀོན་གཉེར་ལ་རྣམ་གཞག་ཆུང་གྲས། མཆོད་ཁང་གི་སྡོང་རས་ཀྱི་རྒྱུར་བཅུ་གཉིས། སྔགས་ཁང་དཀོན་གཉེར་ལ་གཉིས། ལམ་(༡༢༢ན)


GLG020_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ལྷ་ཁང་། ཀུན་དགའ་ར་བ། སྨན་སྦྱིན་པ། ལག་བདེ་དབུ་མཛད། རིགས་གྲྭ་བ་རྣམས་ལ་རེ། སྤྱི་སོར་དྲུག །སྔགས་པ་སྒྲུབ་མཆོད་པར་གཉིས། རིགས་གྲྭ་བ་དང་སྒྲུབ་མཆོད་པར་འགྱེད་སོགས་ཀྱི་སྐལ་འཕར་མི་དགོས། འགྱེད་དང་ཚ་རའི་སྐབས་དགེ་སྐོས་ཀྱིས་ཚོགས་གཏམ་རྒྱུན་ལ་ནད་པ་དང་མཚམས་པ་བ་མ་གཏོགས་ཞལ་སྔོན་དུ་མ་གྱུར་པས་སྐལ་བ་བླངས་མི་ཆོག་ཅེས་གཏོང་སྲོལ་ཡོད་རུང་། ཕྱིས་སྐོར་སྟོད་སྨད་ར་བ་སྟོད་སོགས་ཕྱོགས་ཀྱི་གྲྭ་ཚང་ངམ་རིངས་སོགས་ལ་གྲྭ་སྐོར་དང་དཔེ་མཚམས་ལ་སོང་བར་གཏོང་བར་མི་འཐད་པར་མ་ཟད་དེང་སང་ཁམས་སོགས་གིས་མཚོན་ཡུལ་ཐག་རིང་ལ་འབུལ་སྡུད་དུ་སོང་བ་སོགས་ལའང་སྐལ་བ་ལེན་པའི་རྒྱ་ཆེ་མུ་མེད་ཡོད་འདུག་ཅིང་། གཞིས་དགོན་པའི་རིགས་ནས་གྲྭ་པ་ཚོར་བསླབ་གཉེར་ལྟ་བུར་སོང་བ་ལ་སྐལ་བ་གཏོང་བ་ནི་ཚུལ་སྒྲུབ་མཆོད་ཀྱིས་མཚོན་སོ་སོའི་ཤམ་ཐབས་ཁྲལ་སྒྲུབ་དགོས་པའི་རྒྱུ་མཚན་ཡིན་འདུག །གྲྭ་པ་འདི་ཚོར་དེ་འདྲའི་སྲོལ་མེད་གཤིས་དཔེ་མི་ཁེབས་ཤིང་། སྦྱིན་བདག་རྣམས་ཀྱིས་ཞབས་ཏོག་བྱེད་པ་ལའང་གནད་འདུག་པས་གཏོང་ས་མེད། དུས་ཕྱིས་ཉེ་ཕྱོགས་ཆེ་ཞིང་ཁམས་ཚན་དང་དགེ་རྒན་ཅི་རིགས་ཀྱིས་ཟ་སྒོ་གཙོ་བོར་བཏོན་ནས་མི་ཁྱམས་ཁུངས་མེད་མཐའ་དག་ལ་བདག་རྐྱེན་སྤྲད་གཤིས། སྦྱིན་བདག་རྣམས་ཀྱང་ཧ་ལས་ཏེ་མང་ཇ་དང་འགྱེད་སོ་སོའི་གྲྭ་ཚང་ལ་མི་བསྒྱུར་ཐོ་མེད་ཡོང་གིན་ཡོད་འདུག་པ། དགེ་འདུན་སྤྱིའི་འདུ་སྒོ་འཕྲོགས་པའི་གནོད་ཚབས་ཤིན་ཏུ་ཆེ་བ་འདུག་པ་སྔ་ཐོག་དངོས་གཞི་སྦྱིན་བདག་འབྱོར་པ་ཆེ་ཆུང་ལ་གཞིགས་ནས་ལྷུས་གང་ཐིངས་བྱས་པའི་དཔེར་ན་དགའ་ལྡན་ཕོ་བྲང་དུ་མཐོ་བཞི་བཅུ། སློབ་དཔོན་ཁྲི་གདན་ཟུར་རྣམས་ལ་ལྔ་སྐལ་(༡༢༢བ)


GLG020_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གྲྭ་གཅིག་བཏང་བའི་སློབ་དཔོན་རྣམས་ལ་ཉིས་སྐལ། ཕྱོགས་ལ་སོང་བའི་བླ་མ་ཚུར་ཡོང་གི་རིས་ལ་ངོ་སྐལ། དབུ་མཛད་ལ་ལྔ་སྐལ། དགེ་སྐོས་ལ་དྲུག་སྐལ། གཞུང་ལས་པ། སྨན་སྦྱིན་པ། དམིགས་བརྩེ་མ། ཆབ་སྐད་པ། དུང་མཁན། གཏོར་མ་པ། ཆབ་རིལ་པ། ཁྲོ་གཉེར། ཇ་མ་ལག་བདེ་དབུ་མཛད། ཤིང་གཉེར། ཐབས་གཡོག་པ་བཞི་དང་ཚྭ་ཚུལ་བ་གཅིག་སོགས་ལ་སྐལ་འཕར་རེ། འབགས་སེལ་བ་གསུམ་ལ་ངོ་སྐལ་རེ། ཐབས་གཡོག་པ་བཞི་པོ་ནས་སོ་སོའི་རམ་འདེགས་ཀྱི་མི་གསུམ་བཞི་རེ་སླ་དགོས་ཀྱི་ཡོད་འདུག་པ་མི་འཁྱམ་གྲུབ་མཐའ་མི་གཙང་བའི་རིགས་མི་འགབ་པས་སོ་སོའི་སྐྱེས་ཡུལ་སོགས་ཞིབ་དཔྱད་པའི་དགེ་སྐོས་དང་སྤྱི་སོའི་གཉེར་པར་གནང་བ་ཞུས་ནས་བཞག་པར་སྐལ་བ་རེ། སྤྱི་པའི་ཕྱག་མཛོད་དུ་མཐོ་བཞི་བཅུ། གཉེར་ཚང་དུ་ཉི་ཤུ་རྩ་གསུམ། དགའ་ལྡན་ཕོ་བྲང་གི་གཉེར་པར་སུམ་སྐལ། སྤྱི་གཉེར་ལ་ཉིས་སྐལ་རེ། ཕན་བདེ་ལེགས་བཤད་གླིང་པ། བདེ་ཡངས་པ། སྔགས་པ་སྒྲུབ་མཆོད་པ་གསུམ་གྱི་གཉེར་པ་སྡད་དུས་ཉིས་སྐལ། གནས་ཆུང་སྐུ་ཁོག་ལ་བདུན་སྐལ། གསོལ་ཁ་བརྒྱད་ལ་ངོ་སྐལ། དབྱར་གནས་ཀྱི་གཉེར་པར་ལྔ་སྐལ། གཞུང་གི་དྲུང་འཁོར་དང་ནང་ཟན། གྲྭ་ཚང་གི་སྐལ་བ་ལའང་ཕྱོགས་ལ་ཕར་སོང་དང་ཚུར་སླེབས་བསྟུན་དོ་དམ་པས་བརྡ་སྦྱར་ནས་ཡོད་མེད་ཀྱི་དབྱེ་བ་ཕྱེད་པ་བྱིན། དགེ་འཕེལ་བ་དང་དངུལ་ཆུ་ཆོས་རྫོང་པ་ངོ་ཡོད། མཆོད་ཁང་དཀོན་གཉེར་གྱིས་མཚོན་གཉེར་ལས་པའི་རིགས་སྐུ་རིམ་དོ་དམ་དང་གྲྭ་པ་གྲངས་བཅད་སོང་ངེས་ལ་ངོ་སྐལ་རེ། ཆོས་སྡེ་སྤྱི་སོ་དང་དབྱར་གནས་པའི་ཤས་བདག་ངོ་ཡོད། བློ་གསལ་གླིང་པ་དང་སྒོ་མངས་པར་(༡༢༣ན)


GLG020_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རེ། ཕན་བདེ་ལེགས་བཤད་གླིང་པ། བདེ་ཡངས། སྔགས་པ་སྒྲུབ་མཆོད་པ་གསུམ་གྱི་སྤྱི་པར་གསུམ་རེ་དང་བླ་བྲང་སོ་སོར་སྐལ་བ་རེ། རྒྱས་པ། འདུལ་བ། ཤག་སྐོར་བ་གསུམ་གྱི་བླ་བྲང་དང་སྨན་སྦྱིན་པ། མཆོད་ཁང་དཀོན་གཉེར། རྒྱུད་སྟོད་པའི་ཕོགས་ཀྱི་དོ་དམ། ཏཱ་དབེན་པ་རྣམས་ལ་སོ་སོར་སྐལ་བ་རེ། ར་མ་རྫོང་དཔོན་གཡོག་བདུན་མ་གཏོགས་གཞན་མའི་བྲེལ་གཅོད་པར་སྐལ་བ་གཏོང་ལེན་མི་བྱེད་པ་གཞུང་དང་བོད་པའི་རིགས་ལ་ཡིན་ཅིང་ཁམས་ཚན་དེ་གའི་ཁམས་པར་གསུམ་སྐལ་བཏང་ན་བོད་པ་དང་ཉེ་ལོགས་རྣམས་ལ་ཉིས་སྐལ། དགེ་འདུན་སྤྱིར་མི་གནོད་པའི་ངོས་རྟ་དྲུང་སོགས་སྐྱིད་སྡུག་ལ་ཕན་སླེབས་ཆེ་བ་ཚོར་བཅུ་སྐལ་ཙམ་གཏང་བ་སོགས་སྐྱིད་སྡུག་ལན་འཇལ་བྱེད་སྲོལ་འདུག །འབྱོར་པ་ཡོད་ངེས་ཀྱི་སྦྱིན་བདག་ལ་ཆ་བཞག་ན། རང་གི་ཁམས་པ། སྐྱིད་སྡུག་གཅིག་པའི་ཉེ་ལོགས་གལ་ཆེ་བ། བོད་པ་རྒན་པ་བབ་ཐོབ་དང་འབྲེལ་བ་རྣམས་ལ་ལྔ་སྐལ་རེ། དེ་ཕྱིན་ཉེ་ལོགས་དང་བོད་པ་བྱིངས་ལ་ཉིས་སྐལ་རེ། རང་གི་དགེ་རྒན་མི་སྣ་དང་སྐྱིད་སྡུག་གཅིག་པའི་ཉེ་ལོགས་ཀྱི་མི་སྣར་བཅུ་སྐལ། ཉེ་ལོགས་བྱིངས་ཀྱི་མི་སྣར་གསུམ་སྐལ། རྟ་དྲུང་སོགས་སྐྱིད་སྡུག་འཐེན་མཁན་ལ་བཅུ་སྐལ་རེ་གཏོང་བས་མཚོན་རང་གི་ཁམས་པར་གསུམ་སྐལ་ལྟ་བུ་ཆུ་བ་བཏང་བའི་ཚེ་སྦྱིན་བདག་གི་འབྱོར་བ་དང་བསྟུན་པའི་ཆ་ཤས་ནས་བྱེད་ཅིང་འགྲུལ་པ་འབྱོར་པ་ཆེ་བའི་རིགས་ཀྱིས་སྒོ་མང་དང་བློ་གསལ་གླིང་སློབ་དཔོན་པར་སྐལ་བ་ལྔ་བཅུ་མན། སློབ་དཔོན་གཞན་མ་ཚོར་བཅོ་ལྔ་མན། ཉེ་ལོགས་གལ་ཆེ་བའི་སློབ་དཔོན་པར་སུམ་ཅུ་མན། དགེ་སྐོས་སོ་སོར་བཞི་བཅུ་(༡༢༣བ)


GLG020_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མན། དབུ་མཛད་ལ་ཉི་ཤུ་མན། དགའ་ལྡན་ཕོ་བྲང་དང་སྤྱི་གཉེར་སོགས་སྣེ་མོ་བ་གཞན་མ་རྣམས་ལ་བཅུ་རེར་མང་མཐའ་བྱས་པ་ལས་ལྷག་པ་བཏང་ཆོག་རྒྱུ་མིན། སྤྱི་སོའི་ཕོགས་རྒྱག་དུས་གཞུང་གི་ངོ་ཚབ་དང་སྦྲེལ་ནས་ཕོགས་ཡིག་དམ་འབྱར་གྱི་ནང་བཞིན་ཨངྐི་དང་པོར་ཆོས་གྲྭ་བ་སོགས་གྲྭ་ཚང་ཁག་གཉིས་པར་གཞན་གྱི་ལྡེབས་འབྱར་མེད་པའི་གཞི་བ་དང་དགེ་འཕེལ་དང་དངུལ་ཆུ་ཆོས་རྫོང་བ་སོགས། གསུམ་པར་ཐབ་གཡོག་སོགས་འབགས་རེངས་སྐོར་བབས་འབྲེལ་གང་ཡོད་རྣམས་ལ་རྒྱག །ཆོས་གྲྭ་ལོ་གསུམ་ཙམ་ཡང་མ་འགྲིམ་པའི་ཕྱོགས་མི་གསོ་དཔྱད་རྩིས་སོགས་བསླབ་མཁན་དང་དབོན་ཆོས་མཛད་ལྟ་བུའི་གཡོག་གཞི་བར་བསྙད་པའི་སྤྱི་སོའི་ཕོགས་དེབ་ཏུ་མི་སྐྱེལ་ཞིང་ཆོས་གྲྭ་བར་ཁག་གཏགས་ནས་ལུས་ཐང་ཞིང་ཤེས་རབ་ཡོད་བཞིན་དུ་སློབ་གཉེར་མི་བྱེད་པར་ཚོང་ཁེ་སྤོགས་དང་ནས་འབུན་འཛུགས་པ་སོགས་མི་བྱེད། སྔ་ཐོག་ཤེས་རབ་དང་ཤེས་འདོད་ཡོད་པའི་རིགས་རྣམས་ར་བ་སྟོད་དུ་ཕྱིན་པའི་བསྡུས་ཚད་ཕུལ་ཕྱིན་བསླབས་ནས་པོ་ཏི་ཕྱི་མ་རྣམས་སྦྱོང་བར་གྲྭ་སར་ལོག་པའི་དགེ་བཤེས་མང་རིགས་དང་། དེ་རིགས་བློར་མེད་པ་རྣམས་ཡས་ཆགས་མས་ཆགས་ཀྱི་ཐ་སྙད་བྱས་པའི་བསྡུས་ར་སོགས་ཀྱི་གཡེང་བ་སྐྱུངས་ཏེ་དབུ་ཕར་གྱི་ཐལ་ཕྲེང་རང་ལ་དམར་འཇུས་བྱས་ཏེ་པོ་ཏི་བཞི་ཟུར་བཀོལ་དང་བཅས་པ་མགོ་ཐོན་པའི་དགེ་བཤེས་རེ་མང་ཡོང་གི་འདུག་ཀྱང་། དུས་ཕྱིས་གྲྭ་ས་རང་དུ་བསྡུས་ཚད་རྣམ་རྟོག་སད་སོད་རེ་བཏང་བའི་རྐྱེན་གྱིས་གཞན་ལ་འགྲོ་བའི་གོའང་འགགས་ཤིང་པོ་ཏི་ཕྱི་མའི་སློབ་གཉེར་ལ་ཅུང་ཟད་གནོད་འདུག་པས་ད་ཆ་བསྡུས་ར་འོས་རིགས་མ་གཏོགས་ཚད་མར་ཤེས་ཡོད་འདོད་པ་གང་ཡིན་ར་བ་སྟོད་དུ་འགྲོ་གང་འདོད་གཏོང་ཞིང་། ཕྱིར་(༡༢༤ན)


GLG020_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་སྐབས་ཀྱང་བཀག་ཆ་མེད་པའི་བློ་སྦྱར་བྱེད་ཅིང་སྔར་དབུ་ཕར་གཉིས་ཀྱི་ཐལ་ཕྲེང་སོང་རྗེས་སྤྱི་དོན་དང་ཕར་ཕྱིན་ལ་འགྲེལ་ཊིཀ །དབུ་མར་རྩ་ཊིཀ །འདུལ་མཛོད་རྣམས་འཛིན་གྲྭའི་བློ་སྦྱར་དང་བསྟུན་ནས་སྟོང་རུང་ཆོས་སྡེ་འདི་དབུ་ཕར་གྱི་གྲས་ཡིན་གཤིས་ཟུར་བཀོལ་དང་བཅས་པར་རྩོོལ་འདོན་བྱེད། རྡོ་བཅལ་དུ་དབྱར་ཆོས་དང་དགུན་ཆོས་དམིགས་བསལ་གྱི་སྐུ་རིམ་ལ་ཚང་མ་ཚོགས་དགོས་ངེས་འདུག་ཀྱང་བར་སྐབས་སུ་ཚུལ་གནས་མ་བྱུང་འདུག་པས་ད་ཆ་ཚོགས་གཏམ་ཚ་ནན་བཏང་རྗེས་སླེབས་མ་བྱུང་ན་གླིང་གསེབ་མྱུལ་བ་སོགས་བྱེད་ཅིང་། འཁར་རྔ་ཆོས་འཆད་ཉན་གྱི་སློབ་དཔོན་དང་སྒོ་བསྟུན་ནས་གཏོང་། ཉི་མ་རིང་དུས་ཆོས་གྲྭར་སྤྱི་ཆོས་འཇམ་དབྱངས་ཆོས་རྗེ་ནས་ཕྱི་མའི་བར་འཆད་སྲོལ་འདུག་པ་ལྟར་ལམ་རིམ་ཆེ་ཆུང་། བཀའ་གདམས་ཕ་ཆོས་བུ་ཆོས། ཆོས་འབྱུང་། འདུལ་བའི་གླེང་འབུམ། རྒྱལ་བ་བཙོང་ཁ་པ་ཆེན་པོའི་རྣམ་ཐར་སོགས་རྒྱུན་ཆད་པ་རྣམས་ཁ་གསོ་བློ་གསལ་གླིང་པའི་གཞུང་ལས་པ་སུ་ཡིན་གྱིས་གདན་གུང་གི་སྔ་རྒོལ་ཕྱི་རྒོལ་བ་སོགས་སྙན་གསན་སུ་སྔར་སྤྲོད་པ་ལས་ཉེ་རིང་ཕྱོགས་ཆར་མ་སོང་བའི་དྲང་བཞག་བྱེད། གཞུང་ལས་བློ་གསལ་གླིང་པ་དང་དབུ་མཛད་སྒོ་མངས་ནས་བྱེད་སྲོལ་འདུག་པ་སྔར་གྱི་ལོ་རྒྱུས་བརྗོད་པས་རྐྱེན་བྱས་སྒོ་མངས་པས་སྔར་ལུགས་བཞིན་དགོས་པའི་རྒྱུ་མཚན་བྱུང་རུང་ད་ལྟའི་དབུ་མཛད་འདིའི་རྗེས་སུ་བབས་འབྲེལ་ཙམ་འདུག་ཀྱང་དུས་ཕྱིས་ཕལ་ཆེར་བློ་གསལ་གླིང་རང་ནས་མང་གཤིས་ཁེ་གུད་ཆེ་བ་མེད་པའི་བསྒྱུར་བཀོད་མངས་ན་དགེ་འདུན་ཐུགས་ནང་མི་གཤིན་པའི་རྒྱུ་ཁོ་ན་ཡིན་འདུག་པས། ད་ཆ་གྲྭ་ཚང་ལྔ་པོ་སུ་བྱུང་ནས་སྐད་གཟུགས་ཟུང་འབྲེལ་བྱུང་ན་རབ་དེ་མིན་གཟུགས་ལོད་མིན་པའི་སྐད་(༡༢༤བ)


GLG020_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བ་གལ་ཆེ་བས་དབྱིབས་ལྟ་བྱས་ཏེ་བསྐོ། གླིང་བསྲེ་གཏོང་སྐབས་དགེ་སྐོས་ཀྱི་རྔན་པ་བླངས་ནས་ཡོན་ཏན་ཆེ་ཆུང་ལ། མི་བལྟ་བར་གཏོད་པ་ཡོངས་སུ་བསྒྲགས་ཤིང་། དེ་ལ་འཛེམ་བག་ཀྱང་ཆེར་མ་བྱེད་པ་ཞིག་སྔར་ནས་ད་ལྟའི་བར་འདུག་ཀྱང་། དབུ་ཕར་གཉིས་པོའི་ཐལ་ཕྲེང་སྤྱི་དོན་ཟུར་བཀོལ་བཞི་ཆ་ཚང་སོང་བ། རྣམ་འགྲེལ་གྱི་རིགས་ལུང་ཕོག་པ་རྣམས་བརྡ་ལན་འབྱོར་ངེས་ཤེས་པ་མ་གཏོགས་སྟོང་ཁྲབ་པའི་རིགས་ལ་སླད་ནས་གཏད་ན་བསྟན་རྒྱུན་ལ་གནོད་པས་མི་སྤྲོད་ཅིང་ཁ་བཙན་འགའ་རེའི་ངོ་ཆེན་གྱིས་བྱེད་གཏད་བྱུང་ཟེར་བ་བདེན་ན་ད་ཕྱིན་ཆེ་ཕྲ་སུས་ཀྱང་དེ་རིགས་ཀྱི་ངོ་སྒྲོན་མི་བྱེད། སོ་སོ་གྲྭ་ཚང་ལ་གྲྭ་ཇ། བཞེས་ཐུག །འཕན། དགེ་སྐོས་གཉིས་ལ་དགོངས་ཇ་བུ་རམ་དང་། སྟོན་མོ་བླུ་བར་ཤར་ན་དངུལ་སྲང་གང་ལ་ཆ་ཤས་པ་གཏོད། བཤད་པའི་ཐོག་རྒྱུག་ཇ་དྲུག་དང་རིགས་ལུང་ལ་གཉིས་ཙམ་ལས་རྒྱག་ཇ་མང་ཚེ་ལྷམ་གྱོན་འབུད་སོགས་ཀྱི་བྱ་བྱེད་རང་ལ་ཟད་ནས་རིགས་ལུང་ལ་ཤིན་ཏུ་གནོད་པས་སླར་ཇ་མགྲོན་ཝ་དར་སོགས་ནང་དུ་བྱས་ཆོག་པས་མི་བྱེད། སྔ་ཐིག་ཕོད་ཁང་པ་དྷརྨཱ་བཟང་། གུང་རུ་ཌཱོམྦི། ཕྱིས་སུ་ཆ་བ་ཨ་བསམ་གྱིས་མཚོན་པའི་སྔ་རྒོལ་བ་མང་པོས་བསུན་འབྱིན་ཆེ་བ་བྱས་འདུག་པ་ཧམ་པ་མི་བྱེད་པའི་འཛེམ་བག་ལ་ཕན་པ་འདུག་ཀྱང་། དེང་སང་གཞན་ངོ་བཟུང་བའི་མཛེས་མཚོན་བྱེད་མཁན་མང་བར་བརྟེན་ཧོར་རབ་འབྱམས་པ་དང་གུང་རུ་ཁམས་ཕྲུག་ཕུད་པ་སོགས་གུ་དོགས་སྐྱོན་གྱི་ཚང་མ་རྟ་ལ་གཡག་འཛེམ་བྱུང་འདུག་པ་ད་ཆ་རྡོ་བཅལ་གྱི་དམ་བཅའ་པོ་ཏི་ལྔ་ག་ཉིན་ལྔ་ལ་འཇོག་པ་དང་དེ་སྐབས་གྲྭ་པ་ཐམས་ཅད་ཚོགས་དགོས་པས་དོ་དམ་དགེ་སྐོས་ཀྱིས་བྱེད་ཅིང་བགྲོ་གླེང་ཀྱང་ནན་ཆགས་གཏོང་། ལྷ་ས་སྨོན་ལམ་གྱི་གྲྭ་སྐོར་(༡༢༥ན)


GLG020_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མི་ལའང་པོ་ཏི་ལྔ་བྱུང་ན་རབ། དེ་མིན་བཞི་པོ་ཡོད་ངེས་མ་གཏོགས་གཏད་པས་འཐུས་རྒྱུ་མིན་ཅིང་ངམ་རིངས་སོགས་ཕྱོགས་ལ་འགྲོ་མི་རྣམས་ཀྱང་ཡོན་ཏན་འབྲིང་ཙམ་མེད་པར་བཏང་ན་རང་ཕྱོགས་ཀྱི་ཞབས་འདྲེན་བྱུང་དོགས་པས་སོ་སོའི་སློབ་དཔོན་གྱིས་སློབ་གཉེར་མེད་པ་རྣམས་འགྲོ་ས་མེད་པའི་དམ་ར་བྱེད། དེ་མཚུངས་གསང་ཕུར་འགྲོ་མི་ཚོར་ཡང་ཕར་ཕྱིན་གྱི་ཐལ་ཕྲེང་སོང་མཚམས་འགྲོ་ཞིང་བཤད་པའི་ཡུན་ཉི་མ་དང་། མང་ཇའི་གྲངས་བཅད་ཀྱིས་མཐའ་བརྟེན་པའི་བསྒྲིགས་ཇི་ལྟར་ཡོད་པ་བཞིན་རྒྱག་པ་ལས་ཁམས་སོགས་ལ་ལས་ཉི་མ་གཅིག་གཉིས་བརྒྱབ་ནས་ལོག་པའི་དབང་གཤེད་ཁོ་ན་བྱས་ཟེར་བའང་ད་ནས་བཟུང་ཁ་གྲངས་མ་རྫོགས་པར་བཤད་བརྒྱག་པ་ལས་གང་འདོད་བྱེད་ས་མེད། ཞོ་སྟོན་གྱི་སྐབས་ཉེར་བརྒྱད་ཀྱི་དགོངས་ཇ་ནས་ནག་ཁྲིམས་གློད་པའི་དགུ་གནམ་གཉིས་ལ་ཕལ་ཆེར་བསྡད་ནས་ཚེས་གཅིག་ལ་རིམ་གྱིས་ལོག་ཅིང་གཉིས་ཀྱི་དགོངས་ཚུན་མ་ལོག་པ་བྱུང་ཚེ་གསུམ་གྱི་ཞོགས་ནས་ཚོགས་གཏམ་བཏང་རྗེས་ནག་ཁྲིམས་བསྡམས་ནས་ཕྱི་རོལ་གྱི་མཐོ་བརྩིག །རིགས་གྲས་མཚོན་གཏད་སྒོ་རྣམས་ཀྱང་ད་ལྟའི་འདི་ག་བཟང་འགྲན་མུ་མཐུད་ཚེ་ལས་སྣེ་བ་བྱེད་དཀའ་ཞིང་ཇ་ཐུག་ཀྱང་མང་སྐྱོན་གྱིས་དགེ་འདུན་རྣམས་ཀྱིས་བཞེས་མི་ཐུབ་ཅིང་སྣོད་དཔྱད་སོགས་ལ་གཟན་པ་ལས་སྤྲོས་པའི་དགོས་པ་གཞན་མི་འདུག་གཤིས་ད་ཕྱིན་འགྱེད་ཚ་ར་གཏོང་མིར་གང་ཡོད་ནས་ཞུ་བ་དང་། ཉིན་རེང་ཇ་ཐུག་དྲུག་རེ་བཏང་བའི་ཞག་ཉི་ཤུ་རྩ་གསུམ་ལ་མང་མཐའ་དང་ཉུང་མཐའ་ཉིན་བཅུ་གསུམ་གྱི་བར་སྐབས་དང་སྦྱོར། གྲྭ་ཚང་ཕན་ཚུན་སློབ་དཔོན་པར་ཆོས་འབྲེལ་ཞུ་གང་འདོད་ལ་བཀག་ཆ་མི་བྱེད་ཟེར་བའང་གྲྭ་ཚང་གཅིག་གི་གྲྭ་པས་གཅིག་གི་སློབ་དཔོན་པར་བརྩི་བཞག་(༡༢༥བ)


GLG020_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་པས་ཐུས་རྒྱུ་མིན་ཅིང་། དབང་རྫས་གནང་ལུང་སོགས་ཆོས་འབྲེལ་ཞུ་བར་རྩ་བའི་གྲྭ་ཚང་གི་སློབ་དཔོན་པར་གནང་བ་ཞུས་ཕྱིན་བཀག་ཆ་བྱས་ཆོག་རྒྱུ་མིན། སྒྲིགས་འགལ་གྱི་སྐོར་རྩ་བཞི་ཆང་དང་ལྔ་ལ་མཐོང་ཐོས་དོགས་གསུམ་གྱི་སྒོ་ནས་རྩད་ཆོད་པ་དང་། དགེ་སྐོས་ལ་ཁ་ལན་ལག་ལེན་སློག་པ་བྱུང་ན་གཎྜི་ཤོག་ཐོད་ཀྱི་རྒྱང་འབུད་གཏོང་ཞིང་དེ་ལས་གཞན་པ་རྨས་ཁྲག་བྱུང་བ། གྲི་བཏོན་པ། དེ་མ་ཡིན་པའི་ལག་འཐབ་དང་འཕྲོག་འཇོམས་བྱས་པ་རྣམས་གང་ལ་གང་འཚམ་གྱི་དབྱིབས་བལྟས་པའི་ཚར་གཅོད་རྗེས་འཛིན་བྱེད། རྡོ་སྐོར། མཆོངས། མིག་མངས། ཤ་ཏ་རས་མཚོན་ཆོ་ལོའི་རིགས་བག་མེད་ཀྱི་སྤྱོད་པ་ཡིན་འདུག་པས་དགོན་ནང་དུ་བཀག་ཆ་གང་དམ་བྱེད་ཅིང་གླིང་ཁ་སོགས་སྤྲོ་སེང་དང་འགོལ་སར་བྱས་ཆོག །མདའི་སྐོར་ལ་དགོས་པ་ཡོད་མེད་ཀྱི་གླེང་བརྗོད་སྣ་ཚོགས་ཡོད་འདུག་པ་དགེ་སྐོས་ལ་བག་འཛེམ་བྱས་ངོས་རྒྱབ་པར་འགལ་བ་མེད། ཁམས་ཚན་རྣམས་མི་ནོར་སོགས་ཀྱི་དོན་དུ་འཐབ་འཛིངས་ཀྱི་དུས་མདའ་རྡོ་སྒྱོགས་སོགས་ཀྱིས་མཚོན་པ་ནི་སྔར་ནས་བྱེད་སྲོལ་འདུག་ཀྱང་སོག་པོ་དངོས་གྲུབ་རྒྱ་མཚོས་མེ་མདའ་བརྒྱབ་ནས་ཀླུ་འབུམ་རབ་འབྱམས་པ་བསད་པ་ཙམ་ལས་མ་བྱུང་འདུག་པས་སླད་ནས་ཀྱང་མེ་མདའི་སྲོལ་མི་བྱེད། གྲྭ་ས་ཕན་ཚུན་དང་ཁམས་ཚན་འཐབ་རྩོད་ཀྱིས་མཚོན་དགེ་འདུན་གྱི་དབྱེན་དང་བསྟན་བཤིག་ཁྲིམས་འགལ་བྱས་རིགས་ལ་གཏེ་པོ་སྡེ་ཚན་དང་བཅས་པར་རྒྱལ་ཁྲིམས་ཀྱིས་ཙ་ར་སྐབས་ཐོབ་བྱེད་པ་འདིར་གསལ་མ་དགོས། གཞན་མ་ཆོས་སྡེ་འདི་མཚན་ཉིད་ཀྱི་བཤད་པ་གཙོ་བོར་བཏོན་གཤིས་མཁན་པོའི་བླ་བྲང་དང་སྔགས་ཁང་མ་གཏོགས་སྔ་ཐོག་ཆོ་ག་བཀང་གསོ་སོགས་ཏིང་ཤགས་ཀྱིས་མཐའ་བརྟེན་པའི་རོལ་མོའི་རིགས་དཀྲོལ་བ་ལ་བཀག་ཆ་ཡོད་ཅིང་། དམིགས་བསལ་(༡༢༦)


GLG020_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཐེངས་རེ་ཐེངས་གཉིས་ལའང་དགེ་སྐོས་ལ་གནང་བ་ཞུ་དགོས་པ་ཞིག་ཡིན་རུང་ཕྱིས་སྐོར་སྒོ་མངས་བླ་བྲང་དང་ཆོས་འཁོར་གླིང་སོགས་ལ་བཀང་གསོ་འོས་མེད་རིམ་པས་གཏོང་བ་བྱུང་སོང་བ་ད་ཆ་སྒོ་མངས་སུ་བཙུགས་གྲུབ་པ་རྟ་མ་ཆག་ཙམ་གཏང་མི་གསུམ་བཞི་ཚུན་དང་། བདེ་ཡངས་སུ་གཏོས་ཇའི་སྐབས་དུང་ཆེན་གཏོང་བ་དང་སྨན་བླའི་མཆོད་རོལ། ཆོས་སྐྱོང་ཆེན་པོའི་བཀང་བ་བཙུགས་གྲུབ་པ་ལས་སླར་ནས་གསར་འཛུགས་ཀྱི་རིགས་གཞན་མི་བྱེད་ཅིང་། གྲྭ་ཚང་གཉིས་ནས་རོལ་མོ་དཀྲོལ་བའི་དགོངས་ཡངས་ལ་ལོ་རེའི་ནང་དུ་མང་ཇ་རེ་སྐོལ། བར་སྐབས་ནས་བོད་མོ་མ་གཏོགས་སོག་མོའི་རིགས་ལ་བཞག་སྡོད་སོགས་ལའང་གནང་བ་སྦར་བཀབ་ཞུ་ཡིན་མེད་འདུག་ཀྱང་སྦྱིན་བདག་བུད་མེད་ཡིན་ན་གནང་བ་ཞུས་པའི་བཞག་རེ་ཙམ་དང་། སྤྱི་སྟེ་རི་ཟུར་དང་དར་འབག་གླིང་སྟོད་མན་གྱི་དགོན་པ་ནས་མཐོང་སར་སྲོག་གཅོད་བྱེད་ཆོག་རྒྱུ་མིན། གནས་མཇལ་བའི་རིགས་བོད་སོག་གིས་མཚོན་བུད་མེད་ཡིན་ཕྱིན་གནང་བ་ཞུས་པའི་ཉིན་སྐོར་ལས་བསྟེན་སྐྱབས་མི་བྱེད། དགོན་ནང་དུ་སྐྱ་སེར་དམངས་ཀྱིས་རྟ་ཞོན་ནས་མི་འགྲོ་ཞིང་གྱང་གཞས་ཕུད་རྒྱངས་འབོད་དང་ཀུ་ཅོའི་སྒྲ་ཆེ་བ་མི་བསྒྲག །སྟོན་དཔྱིད་ཞིང་ལས་སོགས་གྲྭ་པས་བྱེད་ས་མེད་ཅིང་གཞི་བའི་ཁྲོད་ནས་སྡོམ་ལྡན་མིན་པའི་དཀོར་ཕྱིར་འབྲང་མཁན་གྱི་གལ་སྲིད་བྱེད་པ་ཤར་ན་དགེ་སྐོས་ལ་གནང་བ་ཞུས་པའི་སྐྱ་ཆས་སྤྲད་ནས་བྱེད་པ་མ་གཏོགས་བཙུན་ཆས་ཀྱིས་བྱས་མི་ཆོག །གྲུབ་མཐའ་འགྱུར་ལ་རེའི་དགོས་དབང་གིས་གཞན་ཕྱོགས་པའི་རིགས་ཆེད་གཉེར་བཅུག་ན་མིན་པ་ལྟ་གྲུབ་མི་གཅིག་པའི་མི་དང་གཡུང་པོ་དང་བྲོས་པོའི་རིགས་དང་རྐུན་པོ་དང་ལྟོ་གོས་ཚོལ་ཐབས་སོགས་འཇིགས་སྐྱབས་ཀྱིས་(༡༢༦བ)


GLG020_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་པ་རྣམས་གྲྭ་ཚང་དང་ཁམས་ཚན་སོ་སོས་ཐོབ་པ་རྒྱུ་མཚན་དུ་བྱས་ཏེ་ངན་མཚང་ཕྱིར་སྐྱེལ་གྱི་ཕུགས་ཞབས་འདྲེན་ལས་སྤྲོས་པའི་དགོས་པ་ཆུང་ངེས་སུ་འདུག་པས་མི་བསྟེན། སྔགས་པ་འདི་སྤྱི་པའི་གྲྭ་ཚང་དུ་སོང་བའི་རིས་མེད་ཡིན་ནའང་བར་སྐབས་སུ་ཁམས་སོག་སྡོད་མཁན་བྱུང་སོང་བ། མཚན་ཉིད་མ་ནུས་ཤིང་རྒྱུད་སྟོད་སྨད་ཀྱང་སྒྱུ་ལུས་ཀྱིས་མ་ལྕོགས་པ་རྣམས་སྔགས་ཆོས་ཕྲན་བུ་རེ་བསླབས་ནས་རང་ཡུལ་དུ་ལོག་ཕྱིན་ཚེ་རྟིང་སོར་བོད་དུ་ཕྱིན་རུང་བཀའ་རབ་འབྱམས་པ་ནི་མི་ཡོངས་འདུག་ཟེར་ནས་གྲྭ་ཚང་ཕན་ཚུན་གཉིས་ཀྱིས་གྲྭ་རྒྱུན་ལ་གནོད་དོགས་པས་དགེ་སྐོས་ཕྱོགས་མི་ལ་མི་བསྐོ་བའི་ས་མཚམས་ཡོད་པ་ལྟར་ས་མཚམས་ཚུན་གྱི་གྲྭ་པ་འགྲོ་གང་འདོད་བྱས་ན་སྔགས་པའི་གྲྭ་རྒྱུན་ཡང་མི་འཆད་ཅིང་། གལ་ཏེ་སྟོངས་པའི་སྐྱོན་བྱུང་ན་དུས་ཐོག་གྲངས་བཅད་སྐབས་སྦྱར་ལྟ་ལུགས་བྱེད། མཚན་ཉིད་ཀྱི་གྲྭ་ས་ནས་གནས་སྐོར་ལ་རྩལ་འདོད་བྱེད་པ་བློ་ལོད་ཀྱི་རྒྱུ་ཡིན་འདུག་གཤིས་ཆོས་གྲྭ་པ་འགྲོ་ས་མེད་ཅིང་། གཞི་བ་འགྲོ་འདོད་ཡོད་པ་རྣམས་ཀྱང་ལྷ་ས་དང་ར་སྒྲེང་སོགས་རང་ཕྱོགས་ཀྱི་སྐོར་ཡུལ་གངས་ཅན་ཐག་ཉེ་སར་ཡོད་བཞིན་དུ་ཙཱ་རི་སོགས་གཞན་བསྐོར་བའང་འབྲེལ་ཆགས་འདོག་མ་ཁ་བས་མི་བྱེད། བསྟན་པ་སྤྱི་དང་དགེ་ལུགས་ཀྱི་ཆོས་སྤྱོད་མ་གཏོགས་གྲུབ་མཐའ་གཞན་གྱི་གསོལ་འདེབས་སོགས་ཆོས་སྤྱོད་ཀྱི་རིགས་གླིང་གསེབ་ཏུ་འདོན་ས་མེད་ཅིང་། དགེ་འདུན་ཚོར་བགོད་རིན་མི་ཆོག་པའི་འགྱེད་ཀྱི་རིགས་ཚལ་པར་བཏང་ཚེ་ནོར་མི་ཉེན་དུ་འགྲོ་བས་བགོད་པ་ལས་སྤྱི་པའི་ཕྱག་མཛོད་དུ་བཞག་ན་སྤྱི་སོར་ཕན་སླེབས་ཆེ་བས་འཇོག སྟོན་ཀ་སོགས་བོད་རང་དུ་བསོད་སྙོམས་བརྒྱག་པ་ནི་འདུལ་བའི་དགོངས་པ་དང་ཡང་མཐུན་པས་དགག་མི་དགོས་ཤིང་། རྒྱ་(༡༢༧ན)


GLG020_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སོག་ཁམས་སོགས་ལ་གྲྭ་པ་གྲྭ་ཚང་ཁམས་ཚན་སྤྱི་དོན་གྱི་སློང་མོ་བྱེད་མི་མ་གཏོགས་ལས་སྣེ་དང་སྤྱི་དོན་དམིགས་བསལ་མེད་པར་ཁ་མཐུན་སྡེབས་སློང་མོ་བརྒྱག་པར་མི་འགྲོ། དགེ་བ་པར་བཀབ་མི་བྱེད་པར་ལྷ་སར་དོན་གཅོད་ལ་ཡོངས་པ་ལྟ་བུར་དགེ་རྒན་ཧམ་པ་ཅན་ལ་ལས་ཁམས་ཚན་ལ་ཐོབ་པ་ཙམ་རྟགས་སུ་བཀོད་ནས་ཆས་ཀ་ལ་རྒྱ་སྡོམས་བྱེད་ཅིང་། གནས་ཚང་དུ་འཚངས་ནས་དངོས་པོ་འདོན་པ་སོགས་བྱུང་འཕྲོས་འདུག་པ་གྲྭ་ས་ཆེན་པོ་རྣམས་རླབས་ཀྱིས་འགྲོ་དགོས་གཤིས་དེ་རིགས་ཞབས་འདྲེན་ཁོ་ན་ཡིན་འདུག་པས་བྱེད་ས་མེད། ཤར་ནུབ་ཀྱི་ཆུ་ལྔ་ཞོགས་པ་འོང་གླང་མགོ་མར་ཉི་མ་ཤར་བ་ནས་གྲིབ་གསོ་སྤྲ་བ་མགོར་མ་སླེབས་པར་གླིང་གསེབ་ལ་རེ་མོས་དང་། དེ་ནས་སང་ཞོགས་ཉི་ཚོད་ལ་མ་སླེེབས་པར་ཤར་ནུབ་ཀྱི་འོང་ཁ་སོ་སོར་སྔར་ལུགས་ལྟར་གཏང་། རྡོ་བཅལ་གྱི་ཁྲོམ་ལ་བྲེ་སྲང་དམ་འབྱར་མ་གཏོགས་མི་འཁྱེར་ཞིང་ཚོང་སྔ་མ་ཐག་མ་ཆོད་པར་ཕྱི་མས་ཧབ་ཐོབ་མི་བྱེད། རྒྱུན་ལྡན་དུ་བླ་བྲང་ཚོར་རྟ་གཉིས་རེ་དང་མཛོ་མོ་གཉིས་རེ། རིགས་གྲྭ་དང་དམིགས་བསལ་ལ་སྐབས་དང་སྦྱོར་ཞིང་འབུལ་བར་བྱུང་བ་ཚོང་མ་བྱུང་བར་ཟླ་གཉིས་ཚུན་ཚགས་བྱས་ཆོག སྤྱི་ཁང་དུ་རྒྱུན་ལྡན་རྟ་དྲུག་དང་བཞོན་མ་བཞི། ཕྱོགས་ནས་དོན་སྤྱོད་པ་སླེབས་སྐབས་ཁལ་མ་ངོ་ཡོད་རྣམས་ཞག་ལྔ་ལ་མང་མཐའ་བྱས་པ་བསྡད་ཆོག །བླ་བྲང་ཁག །ཁམས་ཚན་སྤྱིལ་པོ་ཆེ་བ་སོགས་སུ་ཞག་གཅིག་ནས་གསུམ་ཚུན་བཞག་ཆོག་ཅིང་། གླིང་གསེབ་ཏུ་བོང་བུ་ཞག་པོར་འཇོག་ས་མེད། དགེ་སྐོས་གཉིས་ལ་རྟ་རེ། ཕན་བདེ་ལེགས་བཤད་གླིང་གཉེར་པར་རྟ་ལྔ། བདེ་ཡངས་གཉེར་པར་རྟ་གཉིས་དང་མཛོ་མོ་གཉིས། སྔགས་པ་སྒྲུབ་མཆོད་པར་རྟ་(༡༢༧བ)


GLG020_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་མཛོ་མོ་གཅིག །སྨན་སྦྱིན་པ། སྐུ་སྐྱེ་དང་དབོན་ཆོས་མཛད་ཡིན་ངེས། ཁམས་ཚན་དགེ་རྒན་རྣམས་ལ་ཆོས་སྐྱོང་གི་བཀས་བཅད་པའི་སོ་སོར་རྟ་རེ། མཆོད་ཁང་དཀོན་གཉེར་ལ་རྟ་གཅིག་དང་མཛོ་མོ་གཉིས། དབྱར་གནས་གཉེར་པར་རྟ་གཅིག་དང་མཛོ་མོ་གཉིས། སྔགས་ཁང་དཀོན་གཉེར། བར་གཉེར། ལམ་རིམ་ལྷ་ཁང་གི་དཀོན་གཉེར་སོ་སོར་མཛོ་མོ་རེ། མཆོད་དཔོན་ངག་དབང་ཤེས་རབ་ལ་མཛོ་མོ་ལྔ། སྐྱར་པོ་བ་རྡོ་རྗེ་དབང་ཕྱུག །བྱིངས་པ་བློ་བཟང་ཆོས་ལྡན་གཉིས་ལ་མཛོ་མོ་རེ། ལྷ་ས་སྨོན་ལམ་གྱི་འགྱེད་ལ་སྨོན་ལམ་རང་གི་ལས་སྣེའི་སྐལ་འཕར་གང་ཡོད་སྔར་གྱི་ཐོབ་ཐང་ལས་ཁམས་ཚན་མི་ཚན་གྱི་སྐལ་བ་སོགས་དགོན་པ་ལྟར་རྩོད་སྲོལ་མེད་ཀྱང་རེ་གཉིས་ནས་གུ་ཡངས་ཀྱིས་ཕྲན་བུ་བྱས་འཕྲོས་འདུག་པ་དེ་འདྲ་བྱུང་ཚེ་སྨོན་ལམ་ཚོགས་ཆོས་པས། རྒྱ་ཆེ་མུ་མེད་དུ་འགྲོ་འདུག་གཤིས་ད་ཕྱིན་མི་བྱེད། དགེ་རྒན་འགའ་རེས་དབང་ཟ་ཐག་གཅོད་མ་བྱུང་བ་ཞེ་ལ་འཚངས་ནས་སྨོན་ལམ་གྱི་འགྱེད་ཕར་བསྒྱུར་ཚུར་བསྒྱུར་བྱས་འཕྲོས་འདུག་པ་ཆོ་འཕྲུལ་གྱི་དུས་བཟང་ལ་རྒྱལ་བ་བཙོང་པ་ཁ་ཆེན་པོའི་མཛད་ཆེན་ཡིན་པར་མ་ཟད་འབྲས་སྤུངས་པ་རང་ལ་འཁྲི་བས་མི་འགབ། དགེ་སྐོས་ཀྱིས་དགེ་གཡོག་ལག་ནས་རྔན་པ་བལྟས་པའི་བསྐོ་ལུགས་བྱས་པ་དང་། དེ་བརྟེན་གྱི་དགེ་གཡོག་རྣམས་ཀྱིས་རྒྱུན་དུ་རྒྱུག་པ་འདོམ་གང་ཙམ་ཚགས་བྱེད་པར་འགྱེད་དང་ཚ་རའི་སྐབས་རྒྱུག་པ་མཆན་འོག་ཏུ་སྦས་ཆོག་པའི་ཐུང་ཐུང་ཁྱེར་ཏེ་གྲལ་མཚམས་ཐམས་ཅད་དུ་འཚངས་ནས་སྐལ་ཐེབ་ལེན་པ་ཧམ་པ་ཁ་ཐལ་གྱི་ཟ་སྒོ་ལས་སྤྲོས་པའི་བབས་དང་མི་འབྲེལ་ཞིང་གཞན་གྱིས་ཉ་མགོ་ནོན་པར་ཤར་ཚེ་སྒྲོ་བཀུར་གྱི་རྒྱུ་ཡིན་པ་ཤེས་བཞིན་དུ་དགེ་སྐོས་ཀྱིས་བླ་རེ་གསུམ་རེའི་འཇོག་ལ་ཁག་བཏགས་(༡༢༨ན)


GLG020_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐལ་ཐེབ་སོགས་མི་འཚམ་པ་བྱེད་འཇུག་གིན་ཡོད་འདུག་པ་ད་ཆ་བླ་རེའང་རེ་མང་འདུག་གཤིས་དགེ་སྐོས་ཉིས་འཐུལ་གྱིས་སྤྱི་པའི་ཕྱག་མཛོད་དུ་དངུལ་སྲང་བཅུ་འཇོག་ཏུ་ཕུལ་ཕྱིན་འདི་ལོ་ནས་དགེ་སྐོས་ཀྱིས་འགྲུལ་པ་སོགས་ལ་སློང་མོ་དང་དགེ་གཡོག་ལག་ནས་རྔན་པ་མི་ལེན་ཅིང་དགེ་གཡོག་རྣམས་ཀྱིས་ཀྱང་འགྱེད་ཚ་རར་སྐལ་ཐེབ་དང་ཕྱོགས་མིའི་ལྟོ་ལེན་པའི་འགྱེད་ཚ་ར་དངོས་ཆས་འཕྲོག་པ་སོགས་བྱེད་ས་མེད་ཅིང་དགེ་གཡོག་རྣམས་ཞྭ་མོ་ལྟག་གཅུས་རྒྱག་བཞིན་པ་ཡིན་རུང་སྒྲོ་ཐབ་བྱེད་ཀྱིན་འདུག་ཟེར་བ། དགེ་སྐོས་དང་ཡིན་ཁྱབ་མཉམ་ལྟ་བུ་ལ་ཡ་མཚན་རྒྱུ་མི་འདུག་པས་ད་ནས་བཟུང་ཞྭ་མོ་ལྟག་གཅུས་དང་གྲི་རིང་ཐུང་རྒྱུག་པའང་འདོམ་གང་ཙམ་འཁྱེར་དགོས་རྒྱུ་ཡིན། དགེ་བསྙེན། དགེ་ཚུལ། དགེ་སློང་ལ་སོགས་པ་རྣམས་རང་རང་གི་སྡོམ་པའི་ངོ་སྐལ་གྱི་སྤང་བླང་ཕྲ་རགས་བསླབ་བྱ་ཆེ་ཆུང་ཚོར་ཞིབ་མོར་བལྟ་ཞིང་བློ་དམན་རྣམས་ཀྱིས་ཀྱང་གནས་ཀྱི་སློབ་དཔོན་བསྟེན་པ་དང་བསླབ་པ་རྒན་པས་ཇི་ལྟར་ཟེར་བ་བཞིན་བསླབ་བྱར་ཉན་བསྲུང་ལ་འབད་པ་དང་། གསོ་སྦྱོང་གི་ཚེ་ཡང་བཤགས་སྡོམ་ཚུལ་བཞིན་བྱེད། དབྱར་གནས་པ་ཚོས་གསང་འདུས་གཏོང་གི་ཡོད་འདུག་པ་ཚང་མས་དབང་ཐོབ་པའི་ངེས་པ་མི་འདུག་ཅིང་བདག་མདུན་བུམ་གསུམ་མཚན་ཉིད་ཚང་བ་རྡུལ་ཚོན་དང་རས་བྲིས་གང་རུང་ལ་བརྟེན་ནས་བཏང་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་འདུག་རུང་མཚན་ཉིད་ཀྱི་གྲྭ་སར་ཚང་མས་ཆོ་ག་ཤེས་པའང་དཀའ་བས་ཇོ་བོ་བཀའ་གདམས་པའི་ཕྱག་ལེན་ལྟར་སྨན་བླ་རང་བཏང་ན་ཁེ་ཆེ་ལ་ཉེན་ཆུང་བ་ཡིན། དེ་ལྟར་དགེ་འདུན་འདུས་པའི་སྡེ་བགྲང་བ་ལ་བརྗོད་ཀྱིས་མི་ལང་ཞིང་རྒྱུ་དང་དཔེ་གང་གིས་ཀྱང་བསྒྲུབ་པར་མི་ནུས་པ་རྣམས་ཀྱི་ཐར་པ་དང་རྣམ་པ་ཐམས་ཅད་མཁྱེན་(༡༢༨བ)


GLG020_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོ་འཕང་མཆོག་དོན་དུ་གཉེར་ནས་དང་པོར་ཐོས་བྱུང་། བར་དུ་བསམ་བྱུང་། ཐ་མར་སྒོམ་བྱུང་གི་ཤེས་རབ་ཟབ་མོས་བླང་བར་བྱ་དགོས་ནའང་ཐོག་མར་གཞི་རྟེན་དུ་གྱུར་པ་ཤེས་བྱ་ཐམས་ཅད་ལ་མཁས་པར་བྱ་བའི་ཕྱིར་བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་དགོངས་འགྲེལ་གྱི་བསྟན་བཅོས་དང་བཅས་པར་འབེལ་གཏམ་གྱིས་གཏན་ལ་དབབ་དགོས་པ། རྣམ་བཤད་རིགས་པར། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཆེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་ཆོས་དེའང་སྒྲ་ཡངས་པའི་དབང་དུ་བྱས་ན་བཅུར་འཇུག་ཀྱང་གཙོ་བོར་དམ་པའི་ཆོས་ཁོ་ན་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། དམ་པ་རྫོགས་པའི་སངས་རྒྱས་དང་དེས་བསྟན་པའི་ཆོས་ཡིན་པའི་ཕྱིར། འོད་ལྡན་ལས། བསླབ་པ་གསུམ་ནི་རབ་སྟོན་ཅིང་། །ཕྱག་རྒྱ་གསུམ་དང་ཡང་དག་ལྡན། །ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་མཁས་པས་རྟོགས། །ཞེས་བསྒྲུབ་བྱ་བསླབ་པ་གསུམ། ཆོས་ཐམས་ཅད་བདག་མེད་པ། འདུས་བྱས་མི་རྟག་པ། ཟག་བཅས་སྡུག་བསྔལ་ཏེ་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་གསུམ་སྟོན་ཅིང་། ངོ་བོ་ཐོག་མཐའ་བར་གསུམ་དུ་དགེ་བར་བཤད། སོ་སོ་ཐར་པར། སྡིག་པ་ཅི་ཡང་མི་བྱེད་ཅིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་ཤིང་། རྣམ་བཤད་རིགས་པར། ཐོག་མར་དང་། བར་དུ་དང་། ཐ་མ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་ཉམས་པ་མེད་པས་དགེ་བའོ། །དོན་བཟང་པོ་ནི་ཕྱིན་ཅི་མ་ལོག་པའི་བརྗོད་པར་བྱ་བ་ཕུན་སུམ་ཚོགས་པའོ། །ཚིག་འབྲུ་བཟང་པོ་ནི་གོ་བར་(༡༢༩ན)


GLG020_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་བརྗོད་པར་བྱེད་པ་ཕུན་སུམ་ཚོགས་པའོ། །མ་འདྲེས་པ་ནི་གཞན་དང་ཐུན་མོང་མ་ཡིན་པའོ། །ཡོངས་སུ་རྫོགས་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོའི་ཕྱིར་རོ། །ཡོངས་སུ་དག་པ་ནི་རང་གི་ས་པའི་ཉོན་མོངས་པ་ལས་རྣམ་པར་གྲོལ་བས་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བའོ། །ཡོངས་སུ་བྱུང་བ་ནི་ས་གཞན་གྱི་ཉོན་མོངས་ཀྱི་བག་ལ་ཉལ་སྤངས་པས་རྒྱུད་རྣམ་པར་གྲོལ་བའོ། །དེ་དག་དང་ལྡན་པ་ནི་དམ་པའི་ཆོས་སུ་རྟོགས་པར་བྱའོ། །ཞེས་སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་ནི་འཕགས་པའི་བདེན་པའི་མདོ་སྡེ་ལ་འཇུག །ཉོན་མོངས་པ་འདུལ་པ་ལ་སྣང་། རྟེན་འབྲེལ་གྱི་ཆོས་ཉིད་དང་མི་འགལ་བ་ཞིག་ཡིན་པ་ཐེག་པ་ཐུན་མོང་བའི་ལུགས་དང་ཐེག་ཆེན་ལུགས་ལ་ཚངས་སྤྱོད་ཡོན་ཏན་བཞི་དང་ལྡན་དགོས་ཤིང་ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོ་བ་རྣམས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་ངོས་འཛིན་པ། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་ཕྱིར་དམ་པའི་ཆོས། །ཞེས་ལུང་རྟོགས་གཉིས་སུ་གསུངས་པའི་ལུང་གི་ཚོགས་རྣམས་ཡོངས་སུ་བཟུང་བས་ཡོན་ཏན་ཇི་ལྟར་འབྱུང་བའང་གསང་བ་ལུང་བསྟན་པའི་མདོར། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །ཐ་མར་ཕྱིན་པར་འགྱུར་མ་ལགས། །ཞེས་པ་དང་མཐུན་པར་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དྲན་ལྡན་བློ་གྲོས་ལྡན་ཅིང་བློ་ལྡན་འགྱུར། །ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན། །མཁས་པ་བག་ཆགས་བཅས་པའི་ཉོན་མོངས་སྤོང་། །ཞེས་གཏི་མུག་སོགས་དུག་ལྔའི་མུན་ཚོགས་བསལ་ནས་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ཁྱབ་སྟེ་ཇི་ལྟར་འདོད་(༡༢༩བ)


GLG020_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྐྱེ་ཞིང་ཚེ་རབས་ཀུན་ཏུ་དྲན་ཤེས་དང་ལྡན་པས་སངས་རྒྱས་ཀྱི་ཞལ་མངོན་སུམ་དུ་མཐོང་བར་བཤད་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་དང་ལྡན་པ་བླ་ན་མེད་པའི་གསུང་རབ་ལ་བཤད་ཉན་གྱིས་རྗོད་བྱེད་ཀྱི་ཚིག་དོན་མཐའ་དག་ལ་ཐེ་ཚོམ་གྱི་དྲི་མ་ཙམ་ཡང་མ་ལུས་པར་མཐའ་ལེགས་པར་དཔྱད་དེ་རང་རྒྱུད་ལ་བརྗོད་དོན་ཉམས་སུ་བླངས་པར་བརྟེན་ཡོན་ཏན་མངོན་དུ་གྱུར་པའི་རྟོགས་པའི་ཆོས་ཀྱང་། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་བདག་གིས་བསྡུས། །ཞེས་རྒྱུད་བླ་མར། གང་ཞིག་འདོད་ཆགས་བྲལ་བས་འགོག་བདེན་དང་གང་གི་འདོད་ཆགས་དང་བྲལ་བྱེད་ལམ་བདེན་འགོག་བདེན་གྱི་མཚན་ཉིད་དེ་བཞིན་ཉིད་ལ་དམིགས་པས་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགགས་པ་འགོག་པའི་མཚན་ཉིད་དུ་བཤད་པ་དེའང་སློབ་མི་སློབ་ཀྱི་སྤངས་པ་དང་ལྷག་མེད་ཀྱི་མྱང་འདས་དང་ཐེག་ཆེན་ལུགས་ཀྱི་ཆོས་སྐུར་འདོད། ལམ་བདེན་གྱིས་མཚན་ཉིད་ཟག་མེད་ཡེ་ཤེས་འཁོར་བཅས་འགོག་བདེན་ཐོབ་པའི་ཐབས་སུ་བསྟན་ཏེ་དེ་ཉིད་ལས། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །ཞེས་པ་ལྟར་མཐོང་སྒོམ་མི་སློབ་ལམ་གསུམ་ཟག་མེད་དམ་ཡང་ན་མཐོང་སྒོམ་གཉིས་དང་ཚོགས་སྦྱོར་གཉིས་ལམ་བདེན་གྱི་འཁོར་དུ་བསྡུ་བ་ཡིན། དོན་གྱི་སྙིང་པོ་སངས་རྒྱས་གཉིས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པའི་དཔལ་གྱིས་དགེ་འདུན་གྱི་ཁྲིམས་སུ་བཅའ་བ་དང་པོར་མཛད་པར། །རྒྱལ་བ་སྲས་དང་སློབ་མར་བཅས་པ་ལ། གུས་པ་དང་བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་འཛིན་པ་དང་བསྟན་པ་ཕྱོགས་རེ་བར་མ་སོང་བར་རྒྱལ་བའི་དགོངས་པའི་གནད་ཡོངས་སུ་རྫོགས་པའི་ལུགས་(༡༣༠ན)


GLG020_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་མི་ནུབ་པ་ལ་བརྩོན་པར་མཛད་པ་རྣམས་ཀྱིས་ཤིན་ཏུ་རླབས་ཆེ་བའི་ཐུགས་ཁུར་བསྣམས་ནས་རང་ཡང་དེ་ལ་གནས་གཞན་ཡང་དེ་ལ་འགོད་ཆོས་མཐུན་པ་མཐོང་ན་ལེགས་པར་བསྔགས་པའི་སྒོ་ནས་བརྩོན་པ་ཆེན་པོ་ཐུགས་ལ་འདོགས་པ་ཞུ། མདོར་ན་མཐོ་དམན་འབྲིང་གསུམ་ཐམས་ཅད་ནས་ཐུགས་ཁུར་རྒྱ་ཆེན་པོ་བསྣམས་ལ་དགེ་འདུན་གྱི་སྤྱིའི་ཁྲིམས་སུ་བཅའ་བ་འདིས་གཞུང་སྲོང་བར་མཛོད། རྒྱལ་བ་སྲས་དང་སློབ་པའི་ཚོགས་བཀའ་སྡོད་དང་བཅས་པ་རྣམས་ཀྱིས་ཀྱང་མངོན་པར་འདོད་པའི་གནས་འདི་དག་གེགས་མེད་པར་བདེ་བླག་ཏུ་འགྲུབ་པར་མཛད་དུ་གསོལ། སློབ་པར་བྱ་བའི་གཞི་ཕྱོགས་རེ་བ་མ་ཡིན་པའི་གནད་ཡོངས་སུ་རྫོགས་པ་ལ་བསླབ་ཚུལ་ཕྱོགས་རེ་བ་མ་ཡིན་ཐོས་པ་དང་བསམ་པ་དང་། སྒོམ་པ་གསུམ་ཆར་གྱི་སྒོ་ནས་བསླབ་པའི་ཁྲིམས་སུ་བཅའ་བ་འདི་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཅེས་གསུངས་པ་ལྟར་བསླབ་བྱ་ཕྲ་མོ་ཙམ་ལའང་སྤང་བླང་ཚུལ་བཞིན་དུ་བསྟར་བའི་མཐུ་དང་ནུས་པ་ལ་བརྟེན་ནས་སྤྱིར་རྣམ་འདྲེན་བཞི་པ་རྒྱལ་བ་ཟས་གཙང་གི་སྲས་པོ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་རིན་པོ་ཆེ་དང་བྱེ་བྲག་དཔལ་རི་བོ་དགའ་ལྡན་པ་ཞེས་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་རྒྱ་མཚོའི་གོས་ཅན་མཐའ་དག་ལ་རིས་སུ་ཆད་པ་མེད་པར་ཁྱབ་པའི་ནང་ཚན་དཔལ་ལྡན་འབྲས་སྤུངས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་ཆོས་སྲིད་མཛད་པ་རྣམས་སྲིད་མཐའི་བར་དུ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་ལྷག་བསམ་དྲི་མ་མེད་པའི་སྨོན་ལམ་མཚམས་སྦྱོར་བའི་ཆེད་དུ། རྗེ་ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོས། དགེ་བ་ཅུང་ཟད་(༡༣༠བ)


GLG020_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཡང་རྒྱལ་སྲས་ཀྱི། །ཐབས་མཁས་སྨོན་ལམ་མཆོག་གིས་ཟིན་གྱུར་ན། །འབྲས་བུ་དམན་པའང་ཕུལ་དུ་འབྱུང་འགྱུར་ཞིང་། །མྱུར་དུ་མཛད་པའང་ནམ་ཡང་མི་ཟད་པར། །གསུངས་ཕྱིར་དུས་གསུམ་དགེ་བ་ཅི་མཆིས་པ། །རླབས་ཆེན་སྨོན་པ་རྣམས་ཀྱིས་བསྒྱུར་བ་ལ། །མཁས་པ་སུ་ཞིག་རབ་ཏུ་བརྩོན་མི་བྱེད། །དེ་ཕྱིར་ཐབས་མཁས་དེ་ནི་འདིར་བྱའོ། །ཞེས་འདས་མ་འོངས་ད་ལྟ་བར་དགེ་བ་སྔོན་བྱས་དང་བྱེད་འགྱུར་བྱེད་བཞིན་པ་ཐམས་ཅད་ཐབས་མཁས་མཆོག་གིས་ཟིན་པར་གྱུར་པ་དེ་ཉིད་དུས་ནམ་དུའང་ཟད་པ་མེད་པའི་རྒྱུར་བསྔོ་བ་ཡིན་ཏེ། དང་པོར་རྒྱ་ཆེན་མང་དུ་ཐོས་པས་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ། །ཞེས་གསུངས་པ་ལྟར་རོ། །སྨྲས་པ། རྒྱུ་དང་མི་རྒྱུའི་འགྲོ་རྣམས་བདེ་ཞིང་སྐྱིད་པའི་གཞིར། །རྒྱལ་བའི་བསྟན་པ་ནོར་འཛིན་ལོག་རྟོག་རྒྱ་མཚོ་ཆེར། །མི་འབྱིན་ཁུར་ཆེན་ཉེར་བླངས་བཤེས་གཉེན་འདུས་པའི་སྡེའི། །ལེགས་བྱས་འཕྲིན་ལས་རུས་སྦལ་སྟོབས་ཀྱིས་འདེགས་ནུས་ཤིག །དུང་དུང་དད་པའི་རྟ་ལྗང་ཤར་བའི་མོད། །ལེགས་ལེགས་རྣམ་དཀར་པུཎྜ་རི་ཀའི་ཚལ། །གསལ་གསལ་ཡོངས་ཕྱེ་རྒྱལ་གསུང་མཐའ་ཡས་དོན། །མང་མང་སྡེ་སྣོད་སྐྱེ་དགུའི་རྒྱུད་འཇུག་ཤོག །རྒྱལ་རྣམས་བརྩེ་བའི་ཐུགས་རྗེ་རབ་མཉམ་ཡང་། །གངས་ཅན་འགྲོ་ལ་མཆོག་གྱུར་བཀའ་དྲིན་ཅན། །མཉམ་མེད་བློ་བཟང་གྲགས་པ་ཡབ་སྲས་ཀྱི། །བཤད་སྒྲུབ་རིང་ལུགས་བླ་ནས་བླར་འཕེལ་ཤོག །རྒྱ་གར་འཕགས་པའི་ཡུལ་གྱི་གྲོང་ཁྱེར་ནས། །དར་ཟབ་ཐགས་སུ་བསྐྲུན་པའི་རྒྱལ་ཁམས་བར། །ཞྭ་སེར་ཅོད་པན་(༡༣༡ན)


GLG020_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བའི་ཆོས་སྲིད་ཀྱིས། །ཡོངས་ཁྱབ་ནོར་འཛིན་བུ་མོའི་མངལ་སྦྲུམས་ཤོག །གསེར་ལྡན་དགའ་མའི་ཁྱོན་ཀུན་མ་ལུས་པར། །དབང་སྒྱུར་ལུགས་ཟུང་ལྡན་པའི་ཕོ་བྲང་ཆེའི། །བཀའ་ཁྲིམས་གསེར་གྱི་གཉའ་ཤིང་རབ་ལྕི་བས། །འགྲོ་རྣམས་བདེ་སྐྱིད་དཔལ་ལ་འགོད་པར་ཤོག །དབུལ་འཕོང་རི་དྭགས་འཕྲུལ་གྱིས་བྲིད་མིན་པར། །སྟོབས་འབྱོར་ལོངས་སྤྱོད་སཱི་ཏ་ལང་ཚོ་མར། །འདོད་རྒུར་བརྩེ་བའི་དགའ་བྱེད་སྤུན་ཟླ་རུ། །དེང་ནས་སེམས་ཅན་མ་ལུས་འགྱུར་བར་ཤོག །དུས་དགྲའི་དབང་པོ་མྱུར་མཛད་ཡེ་ཤེས་མགོན། །རྣམ་མང་ཐོས་སྲས་ལས་གཤིན་སྟོབས་འཕྲོག་དབང་། །དམག་ཟོར་རྒྱལ་མོ་རྡོ་རྗེ་གྲགས་ལྡན་སོགས། །བསྟན་སྲུང་ཚོགས་ཀྱིས་ཉིན་མཚན་མེལ་ཚེ་མཛོད། །ཅེས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་བཅའ་ཡིག་དགོས་ཚུལ་རིམ་པར་སྒོ་མངས་སློབ་དཔོན་པ་དོན་གྲུབ་རྒྱ་མཚོ། བློ་གསལ་གླིང་ཟུར་པ་ལེགས་པ་དོན་གྲུབ། འདུལ་བ་པ་བློ་བཟང་དགའ་ལྡན། བློ་གསལ་གླིང་ཁྲི་པ་བློ་བཟང་འཇམ་དཔལ། ཤག་སྐོར་བ་ངག་དབང་དོན་གྲུབ། རྒྱལ་པོ་ཆོས་ལྷུན་གྲུབ། བདེ་ཡངས་པ་བློ་བཟང་ཡོན་ཏན། སྔགས་པ་ལེགས་བཤད་རྒྱ་མཚོ་སོགས་སློབ་དཔོན་པ། དགེ་སྐོས་དཀའ་བཅུ་བློ་བཟང་དོན་གྲུབ་དང་། རབ་འབྱམས་པ་བློ་བཟང་ཡེ་ཤེས། དབུ་མཛད་ངག་དབང་བསྟན་འཛིན། གཉེར་པ་དཀའ་བཅུ་བློ་གྲོས་ལྷུན་གྲུབ་དང་། རབ་བྱམས་པ་བློ་བཟང་རབ་ཡངས་སོགས་ཀྱིས་བསྐུལ་མ་ཡང་ཡང་བྱུང་བ་སྡེ་ཐོག་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པས་མཛད་པ་ཡང་ཇི་ལྟར་རུང་རྙིང་པ་ཞིག་འདུག་པ་བདེ་ཟར་དུས་བོར་བའི་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ། ས་སྐྱོང་བསོད་(༡༣༡བ)


GLG020_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་རབ་བརྟན། སློབ་དཔོན་སངས་རྒྱས་བཀྲ་ཤིས་སོགས་དུས་དེའི་སློབ་དཔོན་པ་དང་གྲྭ་རྒན་རྒྱུས་ཅན་རྣམས་གོ་བསྟུན་ནས་མཛད་པའི་བཅའ་ཡིག་དེ་ལ་ལ་སྤམ་དྲགས་པ་དང་། འགའ་ཞིག་ཤིན་ཏུ་ཕྲ་བས་མཚོན་ཉམས་སུ་བསྟར་བདེ་མི་བདེ་སྣ་ཚོགས་འདུག་པ་བཅས་བགྱིད་འདུན་ཡོད་ཀྱང་ཆུ་གཉེར་ལྟ་བུའི་རྣམ་གཡེང་གིས་དུས་འདས་པའི་རིམ་ལུས་སུ་སོང་བར་མ་ཟད་ཕྱིས་སྐོར་ཁམས་ཚན་སོགས་རེ་གཉིས་ཀྱིས་ངན་གཤེད་ལ་བརྟེན་པའི་སྒྲིགས་སྤང་བླང་རྣམས་ལོ་རེ་བཞིན་འགྱུར་ནས། མ་གནས་གཤིས་བགྱིས་པ་རྣམས་ཀྱང་ཚུལ་བཞིན་མ་བྱུང་བའི་ཚེ་དེ་ལམ་དུ་བཞག་ན་མ་འཐུས་པས་རིམ་འགྱངས་སུ་ལུས་པ་ཡིན་རུང་སྤྲུལ་པའི་ཆོས་སྐྱོང་ཆེན་པོ་ནས་རྟ་མཛོས་མཐའ་བརྟེན་པའི་བཀག་ཆའི་བཅད་བརྡར་དང་། ངེད་རང་ལའང་མྱུར་དུ་གྱིས་ཤིག་པའི་བསྐུལ་མ་མཛད་པ་ལྟར་རྩ་ཚིག་བཟོས་པར་རྙིང་པའི་སྤང་བླང་རྣམས་མཆན་བུར་བཀོད་དེ་བརླིང་ཆ་གང་ཆེ་འགབ་འདུག་པ་ལྷ་ས་སྨོན་ལམ་གྲོལ་འཕྲལ་ལས་སྣེ་བ་རྣམས་བོས་ནས་དངོས་ཀྱི་ཡོང་མི་ཡོང་གི་དྲི་མོལ་ལན་གཉིས་བགྱིས་ཏེ་ཕལ་ཆེར་གཏན་ལ་ཕབ་གྲུབ་ནའང་བར་སྐབས་སུ་བྲོ་འཚལ་བ་དང་བཅད་རྒྱའི་སྟབས་འཕྲོ་ལུས་རྣམས་བསྐྱར་མའི་དྲི་བ་བྱེད་པར་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་དང་རིག་བྱེད་པ་བློ་བཟང་དབང་པོ་གཉིས་བཏང་སྟེ་ལན་ཁ་ཡར་ཞིབ་དཔྱད་ཅིང་ད་ལྟ་ལག་ཡོད་སྐལ་གཏོང་གི་ཐོ་གཞི་རྣམས་སྡེ་པའི་ལག་ཏུ་འདུག་པ་དང་ཡང་བཅད་དེ་སྤང་བླངས་འཛོལ་མེད་ཉམས་སུ་ལེན་པའི་བཅའ་ཡིག་ཚུལ་འཆལ་ས་སྲུངས་འདུལ་བའི་ལྕགས་ཀྱོ་ཀུན་གསལ་མེ་ལོང་འདི་ནི་ཟ་ཧོར་གྱི་བནྡེ་སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོས་འཕགས་པའི་ཡུལ་དུ་དུནྡུ་བྷི་ཞེས་པ་ལྗོངས་འདིར་རྔ་ཆེན། ཙི་ནའི་ཡུལ་དུ་(༡༣༢ན)


GLG020_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཟུ་ཞེས་ཆུ་ཕོ་ཁྱིའི་ལོ་ཉིན་མོར་བྱེད་པ་གླང་གི་ཁྱིམ་དུ་སྤྱོད་ཅིང་ཆུ་ཤེལ་གྱི་དབང་པོ་ས་གས་ཉ་བ་མཉམ་མེད་ཤཱཀྱའི་རྒྱལ་པོས་བླ་མེད་བྱང་ཆུབ་བརྙེས་པའི་དུས་ཆེན་ལ་ལུགས་བརྒྱའི་འདུན་ས་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཞལ་མེད་ཁང་དམར་པོ་རིར་སྤྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གིས་བགྱིས་པ་ཛ་ཡནྟུ། །


previousའཕགས་བལ་བོད་དང་བོད་ཆེན་རྒྱ་ཧོར་སོག་པོས་མཚོན་མཆོག་དམན་བར་མ་མཐའ་དག་གི་སྤྱི་བྱེ་བྲག་ལེགས་ཉེས་འབྱེད་པའི་བཅའ་ཡིག་ལམ་ཡིག་སྐོ་འཇའ་སོགས་བཀོད་པ་ཁྲིམས་གཉིས་གསེར་ཤིང་ཕུན་ཚོགས་འདོད་འཇོ།next