Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of བྲག་ཡེར་པ་
[Clear Hits]


  
  
  
  
  
  
  
  
  
  
  
  
 
  
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་ཉམས་ལེན་སྙིང་པོ་བསྡུས་པ་སོགས།
  
  
  


1 occurrence of བྲག་ཡེར་པ་
[Clear Hits]

 
previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་ཉམས་ལེན་སྙིང་པོ་བསྡུས་པ་སོགས།next

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་ཉམས་ལེན་སྙིང་པོ་བསྡུས་པ་སོགས།


GLG021_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་ཉམས་ལེན་སྙིང་པོ་བསྡུས་པ་སོགས། འཁོར་བའི་རྒྱ་མཚོ་ཆེ་ལས་ཉེར་སྒྲོལ་བའི། །སྙིང་ནས་སྐྱབས་འགྲོའི་གྲུ་གཟིངས་བཟོ་བ་དང༌། །བྱང་ཆེན་ཁང་པར་བགྲོད་པའི་སེམས་བསྐྱེད་ཀྱིས། །རིན་ཅེན་ཐེམ་སྐས་འཛུགས་པར་བྱིན་གྱིས་རློབས། །ཐོག་མེད་བསགས་པའི་སྡིག་ལྟུང་ཚན་པོ་ཆེ། །(༣༠༤ན)


GLG021_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང༌། །ཡི་གེ་བརྒྱ་པའི་གཟུངས་ཆུས་རབ་བཀྲུས་ནས། །རྡུལ་བྲལ་སྟོན་ཟླ་ལྟ་བུར་འགྱུར་བར་ཤོག །བླ་མ་སྤྱན་རས་གཟིགས་ལ་སྐྱབས་གནས་ཀུན། །འདུས་པར་རྩེ་གཅིག་གསོལ་བཏབ་རྣལ་འབྱོར་གྱིས། །ཐུགས་རྗེ་མ་ལུས་སྙིང་ལ་ལེགས་བཞུགས་ནས། །ལམ་མཆོག་རྒྱུད་ལ་འབྱོངས་པར་བྱིན་གྱིས་རློབས། །ཕུན་ཚོགས་ཡོན་ཏན་མཐའ་དག་ཀུན་ཚང་བའི། །མཎྡྲལ་དངོས་བཤམས་ཡིད་སྤྲུལ་ལེགས་ཕུལ་བས། །བསོད་ནམས་ཚོགས་ཆེན་མ་ལུས་ཡོངས་རྫོགས་ནས། །དག་པའི་ཞིང་མཆོག་འགྲུབ་པར་བྱིན་གྱིས་རློབས། །རང་སྙིང་སྟོང་པར་བསྒོམས་པ་ཡེ་ཤེས་ཚོགས། །བསགས་པའི་ངང་ནས་ཐུགས་རྗེ་ཆེན་པོའི་སྐུ། །ཕྲ་རགས་ལྷ་ཡི་ང་རྒྱལ་བརྟན་པོ་ལ། །གནས་པའི་གཡོ་མེད་ཏིང་འཛིན་འགྲུབ་པར་ཤོག །སྣོད་རྣམས་ཐམས་ཅད་རབ་འབྱམས་དག་པའི་ཞིང༌། །བཅུད་ཀྱི་སེམས་ཅན་ཕྱག་ན་པད་དཀར་སྐུར། །གྲག་སྟོང་རང་སྒྲ་ཡི་གེ་དྲུག་པའི་གདངས། །འགག་མེད་སྒྲ་ཡིས་འཇིག་རྟེན་ཀུན་ཁྱབ་ཤོག །བསྒོམ་བྱ་སྒོམ་བྱེད་ཐམས་ཅད་རང་བཞིན་གྱི། །གདོད་ནས་སྟོང་པ་སྐྱེ་འགག་གནས་གསུམ་དང༌། །ཡོངས་བྲལ་བདེ་སྟོང་ཡེ་ཤེས་འཕགས་པའི་ཐུགས། །མངོན་སུམ་རྒྱུད་ལ་ཉམས་སུ་མྱོང་བར་ཤོག །ཚེ་འདིར་མ་གྲོལ་འདའ་ཁའི་ཉམས་ལེན་དང༌། །འཕོ་བར་མ་ནུས་བར་དོ་ལེགས་སྦྱང་ནས། །ཆོས་འདི་ཉམས་སུ་ལེན་པའི་དལ་འབྱོར་གྱིས། །རྟེན་བཟང་རྣམ་དག་སྐྱེ་སྲིད་འཛིན་པར་ཤོག །ཐ་མལ་ལུས་ངག་ཡིད་ཀྱི་སྤྱོད་པ་ཀུན། །ཆུ་(༣༠༤བ)


GLG021_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྒྱུན་གྱི་རྣལ་འབྱོར་ལ་བརྟེན་ནས། །ཅི་བྱས་ཆོས་སུ་འགྲོ་བའི་མན་ངག་གིས། །འདི་ཕྱི་བར་དོའི་གཏན་མདུན་འགྲུབ་པར་ཤོག །ཅེས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་ཉམས་ལེན་སྙིང་པོ་བསྡུས་པ་འདི་ནིབསྟན་པ་དགེ་སློང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པའོ། །སྭསྟི་པྲ་ཛཱ་བྷྱ༔ བསྐལ་བཟང་སྒྲོན་མེ་བཞི་པའི་བསྟན་པ་མཆོག །གདོང་དམར་ཁ་བའི་ལྗོངས་སུ་ཡོངས་འཕེལ་ནས། །ཕྱི་དར་གསལ་བྱེད་གྲུ་མེར་ཕྱེད་བརྒྱད་ཀྱི། །ཕྱག་རྗེས་སོལ་ནག་ཐང་ཆེན་གནྡྷོ་ལ། །སྣང་བ་མཐའ་ཡས་མགོན་པོ་ཨ་ཏི་ཤ །གསང་བདག་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་སོགས། །མཁས་དང་གྲུབ་པའི་སྐྱེས་ཆེན་མཐའ་ཀླས་པས། །བྱིན་རླབས་ཐུགས་རྗེའི་སྤྲིན་ཕུང་ཅིག་ཅར་གཏིབས། །གཙུག་ལག་སྡེ་བཅས་སྐྱོང་བ་ཡོན་ཏན་རྒྱལ། །བཀའ་ཡི་བློན་པོ་བཤན་པ་ལག་དམར་གྱི། །གསུང་བཞིན་རྟེན་དང་བརྟེན་པའི་ཞིག་གསོས་སུ། །གསར་བསྐྲུན་མིག་གི་བདུད་རྩི་བླ་ན་མེད། །བགྲང་ཡས་ལུས་ཅན་བསོད་ནམས་སྤེལ་བའི་སླད། །རྒྱལ་སྲས་སློབ་མར་བཅས་པའི་སྣང་བརྙན་དྲུང༌། །གནས་སྲུང་ཆེན་པོས་བརྒྱ་ཕྲག་མཆོད་པ་ཡི། །འཛད་མེད་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེ། །འབྲས་བུ་འཇིག་རྟེན་སྤྱི་དང་ཁྱད་པར་དུ། །བོད་དང་བོད་ཆེན་སྐྱེ་རྒུའི་བདེ་སྐྱིད་ཚོགས། །དེ་འཕེལ་རྩ་ལག་ཤཱཀྱ་སེང་གེའི་བསྟན། །སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་ཤོག །གསུང་ངག་ཆད་མེད་དབང་གི་ཆུ་བོ་བཞི། །བློ་གསལ་སྐལ་བཟང་རྒྱ་མཚོར་ལེགས་འབབ་པ། །འཇམ་དབྱངས་(༣༠༥ན)


GLG021_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་བཤེས་གཉེན་དཔལ་བཟང་པོ། །ངེས་པ་ལྔ་ལྡན་མགོན་ལྟར་བརྟན་པར་ཤོག །དགའ་ལྡན་རིང་ལུགས་གྱེན་འདེགས་སྲིད་ཀྱི་ཁྲིམས། །གནམ་ཐིག་དྲང་པོར་འདེབས་པའི་ཕོ་བྲང་ཆེ། །ལེགས་སྐྱོང་མི་དབང་སྲས་བརྒྱུད་མངའ་ཐང་རྒྱས། །སྐུ་ཚེ་གཡུང་དྲུང་རང་བཞིན་ལྟར་བརྟན་ཤོག །གཡོ་རུའི་ས་ཕྱོགས་ཀུན་དང་བྱེ་བྲག་ཏུ། །སོལ་ནག་ཐང་ཆེན་ལྷ་མི་སྡེར་བཅས་ཀུན། །རྟག་ཏུ་བདེ་བའི་རོ་བཅུད་མྱོང་བ་ལ། །སྐབས་གསུམ་བདག་པོའི་ངང་ཚུལ་འཛིན་པར་ཤོག །འགྲོ་བ་རྣམས་ཀྱི་ཕྱག་དང་མཆོད་པ་ཡི། །ཡུལ་དུ་གཙུག་ལག་ཁང་བཟང་རབ་བརྟན་ཅིང༌། །སྡེ་འདིར་ཆོས་སྲིད་ལེགས་ཚོགས་མ་ལུས་ཀུན། །ཡར་ངོའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །པདྨ་ཀཱ་རའི་སྲོལ་འཛིན་སྔགས་འཆང་སྤྱི། །བྱེ་བྲག་པྲ་ཛྙ་ར་སྨི་དབང་པོའི་སྡེ། །དམ་ཚིག་ཇི་བཞིན་སྤྲུལ་པའི་ཆོས་རྒྱལ་ཆེས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛད་ཤོག །མཁའ་ལ་གཟའ་སྐར་བཟང་པོ་འཕྲོད་ཀྱི་དགེ །ས་ལ་ཁྲི་གདུགས་ཉི་མའི་འོད་ཀྱིས་ཁྱབ། །བཀྲ་ཤིས་ཟླ་བ་རྒྱས་པ་ཡར་ངོ་བཞིན། །རྟག་ཏུ་འགྲིབ་པ་མེད་པའི་དགེ་ལེགས་སྩོལ། །ཞེས་དཔལ་སོལ་ནག་ཐང་པོ་ཆེའི་གཙུག་ལག་ཁང་གི་ཕྱི་ནང་གི་ཞིག་གསོས་སྡེ་པ་བློ་བཟང་སྦྱིན་པ་དང་སངས་རྒྱས་རྒྱ་མཚོ་གཉིས་ཀྱིས་བཀོད་པས་ཁྱབ་པའི་དུས་རིགས་ཀྱི་སྲུང་མ་བཤན་པ་ལག་དམར་གྱིས་མཆོད་པ་རྒྱ་ཆེན་པོ་མཛད་པའི་ཚེ་སྨོན་ལམ་ཚིགས་བཅད་འདི་ལྟ་བུ་ཞིག་དགོས་ཞེས་གསུངས་པ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །(༣༠༥བ)


GLG021_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཉ་སྟོང་བརྒྱད་གསུམ་ཡན་ལག་བརྒྱད་པའི་ཁྲིམས། །ལེགས་བསྲུངས་སྙིང་པོ་ཡི་གེ་དྲུག་པ་བཟླས། །ཀུན་ཏུ་བཟང་པོའི་སྨོན་ལམ་བཏབ་པའི་མཐུས། །ཨོད་ཁོན་ངན་འགྲོའི་འཇིགས་ལས་ཐར་བར་ཤོག །ཡང་སྲིད་ཀུན་ཏུ་ལྷ་མིའི་རྟེན་བཟང་ཐོབ། །སངས་རྒྱས་བསྟན་མཇལ་ཆོས་ཀྱི་སྒོ་རུ་ཞུགས། །ཚུལ་བཞིན་ཉམས་སུ་བླངས་བས་འཁོར་བ་ཡི། །མི་བཟད་སྡུག་བསྔལ་ཆེ་ལས་ཐར་བར་ཤོག །འགྲོ་ལ་བརྩེ་བའི་སྙིང་རྗེ་ཆེན་པོ་དང༌། །བདག་གཞན་མཉམ་པར་བརྗེ་བའི་བྱང་ཆུབ་སེམས། །ཆོས་ཀུན་རང་བཞིན་སྟོང་པ་དབུ་མའི་ལམ། །ཟུང་འབྲེལ་ཉམས་བླངས་སངས་རྒྱས་སར་བགྲོད་ཤོག །ཅེས་པ་འདིའང་དད་ལྡན་ཨོད་ཁོན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །བླ་མ་ཐུགས་རྗེ་ཆེན་པོ་དབྱེར་མེད་ཀྱིས། །ཚེ་འདིའི་བར་ཆད་ཀུན་ཞི་བསམས་དོན་འགྲུབ། །ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ། །སྐྱེ་བར་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་ཚིག་ཉུང་དོན་རྒྱས་ཞིག་དགོས་ཞེས་དར་ཇི་ཐའི་ཇི་ཁྱོ་ཤུགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །གྲུ་འཛིན་ལ་དགྱེས་ཕྱག་ན་པད་དཀར་འཆང༌། །རྣམ་འཕྲུལ་འཇིག་རྟེན་དབང་ཕྱུག་ལྷའི་རྒྱལ་པོ། །གངས་ཅན་ཐོག་མའི་རྗེ་པོ་གཉའ་ཁྲི་བཙན། །ཐོ་རི་དད་པ་བརྟན་པར་གསོལ་བ་འདེབས། །དཀོན་ཅོག་གསུམ་འབངས་བསམས་བཞིན་སྲོང་བཙན་རྗེར། །ལེགས་སྤྲུལ་རིམ་བརྒྱུད་ཁྲི་སྲོང་རལ་པ་ཅན། །འཕགས་ཡུལ་དགེ་བ་དཔལ་དང་དགོན་པ་བ། །འབྲོམ་སྟོན་རྩེ་(༣༠༦ན)


GLG021_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྙིང་པོར་གསོལ་བ་འདེབས། །གཡུ་བྲག་མགོན་དང་གཏེར་སྟོན་མངའ་བདག་མྱང༌། །དགེ་འབུམ་པདྨ་བཛྲ་དགེ་འདུན་གྲུབ། །དབྱངས་ཅན་བཞད་པ་བསོད་ནམས་རྒྱ་མཚོའི་དཔལ། །བདེ་ཆེན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །ཡང་སྲིད་དུ་མར་དམ་པ་དེ་དག་དང༌། །རྣམ་དཀར་ལས་ཀྱིས་འབྲེལ་བའི་བག་ཆགས་མཐུ། །ཡོངས་སད་ངག་དབང་བློ་བཟང་རྒྱ་མཚོའི་སྡེ། །འཇམ་དབྱངས་དགའ་བའི་བཤེས་ལ་གསོལ་བ་འདེབས། །རྒྱ་བོད་མཁས་ཤིང་གྲུབ་བརྙེས་དུ་མ་ཡི། །སྣང་བརྙན་སྨན་འདམ་རིག་བྱེད་སོར་མོའི་འཕྲུལ། །གྲང་གསེར་ཁུ་བས་ཉེར་བྱུགས་ལེགས་བྱས་ཤིང༌། །བློ་བརྩོན་གཏོང་བས་རབ་བསྐྲུན་དགེ་ཚོགས་འབྲས། །ནད་གདོན་དབུལ་ཕོངས་མི་མཐུན་ཕྱོགས་ཀུན་ཞི། །ཚེ་དཔལ་བསོད་ནམས་སྟོབས་འབྱོར་མ་ལུས་འཕེལ། །ཉིང་མཚམས་སྦྱར་ཚེ་རི་བོ་པོ་ཏཱ་ལར། །འཕགས་མཆོག་སྙིང་རྗེའི་གཏེར་གྱིས་རྗེས་འཛིན་ཤོག །མཐོ་རིས་ལམ་བརྒྱུད་ཐར་པའི་གྲོང་དུ་ཞུགས། །ཕྱིན་དྲུག་རླབས་ཆེན་སྤྱོད་པར་གཅིག་ཏུ་བརྩོན། །གསང་སྔགས་ཐེག་པ་མཆོག་གི་རྣལ་འབྱོར་གྱིས། །འགྲོ་བའི་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག །འཇིག་རྟེན་བདེ་ཞིང་ཐུབ་པའི་བསྟན་པ་དར། །དེ་འཛིན་སྐྱེས་བུ་སྲིད་མཐའི་བར་དུ་བརྟན། །ས་སྐྱོང་རྒྱལ་པོའི་སྐུ་ཚེ་མངའ་ཐང་རྒྱས། །འབངས་རྣམས་ལྷ་ཡི་དགའ་སྟོན་ལ་སྤྱོད་ཤོག །དཀོན་ཅོག་རིན་ཅེན་གསུམ་གྱི་བྱིན་རླབས་དང༌། །དྲང་སྲོང་ལྷ་སོགས་བདེན་ཚིགས་གྲུབ་པའི་མཐུ། །རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པ་ཡིས། །སྨོན་ལམ་ཅི་བཏབ་ལྷུན་གྱིས་གྲུབ་པར་ཤོག །ཅེས་གསོལ་དཔོན་ཚེ་དབང་རབ་བརྟན་གྱིས་འགྲོ་ལ་(༣༠༦བ)


GLG021_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་བརྩེ་མའི་ནང་བཞིན་འཁྲུངས་རབས་འབུར་སྐུ་བཞེངས་པའི་ཚེ་གསོལ་འདེབས་སྨོན་ལམ་དང་འབྲེལ་བའི་ཁ་ཏོན་དུ་བྱས་ཆོག་པ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱ་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །འཇིག་རྟེན་དབང་ཕྱུག་ཟློས་གར་འཕགས་བོད་ཀྱི། །མཁས་ཤིང་གྲུབ་པའི་སྒྱུ་འཕྲུལ་རྨད་པོ་ཆེ། །རིན་ཆེན་ཕྲེང་བ་ལྟ་བུར་སྤེལ་ལེགས་སུ། །མཁས་ལ་དབང་གཞུ་ཇི་བཞིན་རྣམ་བཀྲའི་མཐུས། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །རིགས་བརྒྱུད་ཚེ་དང་དཔལ་འབྱོར་རབ་རྒྱས་ཤིང༌། །འདིའི་ཆེད་སྒོ་གསུམ་འབད་བརྩོན་བརྟེན་པ་ཀུན། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །ཉི་མ་སྦས་པས་ལེགས་བསྟན་འཕགས་མའི་སྐུ། །རྣམ་འགྱུར་ཅིར་ཡང་སྟོན་པའི་འཕྲུལ་པོ་ཆེ། །ཉེར་གཅིག་གྲངས་ལྡན་དྲི་མེད་རས་དཀར་ངོས། །སྣ་ཚོགས་ཚོན་གྱི་མདངས་བཀྲག་རབ་གསལ་བས། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །རིགས་བརྒྱུད་ཚེ་དང་དཔལ་འབྱོར་རབ་རྒྱས་ཤིང༌། །འདིའི་ཆེད་སྒོ་གསུམ་འབད་བརྩོན་བརྟེན་པ་ཀུན། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །ཕྱག་ན་པད་དཀར་སྲོང་བཙན་འབྲོམ་སྟོན་རྗེ། །བསོད་ནམས་རྒྱ་མཚོའི་ཞིང་གྱུར་དགེ་འདུན་གྱི། །ཡོན་ཏན་རྒྱན་གྱིས་ལེགས་སྤུང་རྙོག་དྲལ་མཚོར། །ཆུ་ཤེལ་དབང་པོའི་དཀྱིལ་འཁོར་ལྟར་ཤར་བས། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །རིགས་བརྒྱུད་ཚེ་དང་དཔལ་འབྱོར་རབ་རྒྱས་ཤིང༌། །འདིའི་ཆེད་སྒོ་གསུམ་འབད་བརྩོན་བརྟེན་པ་ཀུན། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །སྣ་ཚོགས་ཚོན་བརྒྱ་ཉེ་བའི་མལ་ཤེལ་ལྟར། །རབ་དཀར་ཀ་ཤི་ཀ་ཡི་ངོས་ཡངས་པོར། །འཇམ་དབྱངས་དགའ་བའི་བཤེས་གཉེན་འདྲ་བག་ལ། །སྐྱབས་མཆོག་དུ་མའི་སྣང་བརྙན་གྱིས་བསྐོར་མཐུས། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །རིགས་བརྒྱུད་ཚེ་དང་དཔལ་འབྱོར་རབ་རྒྱས་ཤིང༌། །འདིའི་ཆེད་སྒོ་གསུམ་འབད་བརྩོན་བརྟེན་པ་ཀུན། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །ཉན་ཐོས་ཚུལ་གྱི་ཤཱཀ་སེང་བསྟན་པ་ལ། །རི་མོར་ལེགས་མཛད་གནས་བརྟན་བཅུ་དྲུག་གི །སྐུ་གཟུགས་སྣ་ཚོགས་འདོད་ལྷས་ཡོངས་བསྐོང་བ། །མི་ཕྱེད་དད་པའི་ཤུགས་ཀྱིས་ཉེར་(༣༠༧ན)


GLG021_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་མཐུས། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །རིགས་བརྒྱུད་ཚེ་དང་དཔལ་འབྱོར་རབ་རྒྱས་ཤིང༌། །འདིའི་ཆེད་སྒོ་གསུམ་འབད་བརྩོན་བརྟེན་པ་ཀུན། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །ཐོག་མེད་དུས་ནས་འཁོར་བར་འཁྱམས་པ་ལས། །སྡིག་སྟུང་སྨག་རུམ་ཐུགས་རྗེའི་ཉི་མ་ཡིས། །མཐར་མཛད་སུམ་ཅུ་རྩ་ལྔའི་རྫོགས་སངས་རྒྱས། །སྣང་བརྙན་རི་མོར་འབད་པས་བསྐྲུན་པའི་དགེས། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །རིགས་བརྒྱུད་ཚེ་དང་དཔལ་འབྱོར་རབ་རྒྱས་ཤིང༌། །འདིའི་ཆེད་སྒོ་གསུམ་འབད་བརྩོན་བརྟེན་པ་ཀུན། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །སེང་གེ་གླང་ཆེན་མེ་དང་ཆོམ་རྐུན་སྦྲུལ། །ལྕགས་སྒྲོག་ཤ་ཟ་ཆུ་བོའི་འཇིགས་པ་ལས། །སྐྱོབ་མཛད་རྒྱལ་བ་ཀུན་ཡུམ་འཕགས་མའི་སྐུ། །ཆེད་དུ་བསྐྲུན་པའི་ཆོས་དཀར་ཕུང་པོ་ཡིས། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །རིགས་བརྒྱུད་ཚེ་དང་དཔལ་འབྱོར་རབ་རྒྱས་ཤིང༌། །འདིའི་ཆེད་སྒོ་གསུམ་འབད་བརྩོན་བརྟེན་པ་ཀུན། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །བདེ་གཤེགས་སོ་སོའི་སྨོན་ལམ་བདེན་ཚིག་འབྲས། །ནམ་ཡང་ཡོལ་མེད་ཐུགས་རྗེ་རླབས་ཀྱི་ཕྲེང༌། །འཁོར་བ་ཆུ་སྲིན་འབྱུང་གནས་འདིར་གཡོ་བའི། །སྙིགས་མའི་མགོན་པོ་བདུན་གྱི་དེང་དགོངས་ལ། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །རིགས་བརྒྱུད་ཚེ་དང་དཔལ་འབྱོར་རབ་རྒྱས་ཤིང༌། །འདིའི་ཆེད་སྒོ་གསུམ་འབད་བརྩོན་བརྟེན་པ་ཀུན། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །ཉི་མའི་རྒྱུད་འཁྲུངས་རིས་མེད་འགྲོ་བའི་བཤེས། །གསེར་གྱི་ལྷུན་པོ་སྟོང་ཁྲག་ཉི་འོད་ཀྱིས། །འཁྱུད་པའི་དཔལ་འཛིན་ཤཱཀྱ་སེང་གེའི་ཕྱག །གླང་པོ་རྣ་ཞགས་ལྟ་བུ་བརྐྱང་བ་ཡིས། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །རིགས་བརྒྱུད་ཚེ་དང་དཔལ་འབྱོར་རབ་རྒྱས་ཤིང༌། །འདིའི་ཆེད་སྒོ་གསུམ་འབད་བརྩོན་བརྟེན་པ་ཀུན། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །མཐའ་ཡས་སེམས་ཅན་སྣང་ངོར་མཛད་པའི་འཕྲུལ། །རླབས་ཆེན་སྟོན་ཀྱང་བློ་དམན་དང་འཚམ་ཆེད། །ཞིང་བཀོད་བཅུ་གཉིས་རྣམ་པར་ཐར་པ་དང༌། །མཚུངས་པར་སློབ་འདོད་ལྷག་བསམ་ཡོངས་དག་པས། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །རིགས་བརྒྱུད་ཚེ་དང་དཔལ་འབྱོར་རབ་རྒྱས་ཤིང༌། །འདིའི་ཆེད་སྒོ་གསུམ་འབད་བརྩོན་བརྟེན་པ་ཀུན། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །རྣམ་མཁྱེན་སྲང་ལ་པདྨ་ཀཱ་ར་ཡི། །མཛད་མཐའ་འདེགས་པར་དཀའ་ཡང་སྣ་ནམ་བར། །ཞལ་འཆེས་ངོ་མཚར་བཀོད་པ་རྒྱ་མཚོ་ལ། །བལྟ་བའི་སྐལ་བ་བཟང་པོར་ཡོངས་བསྒྱུར་བས། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །རིགས་བརྒྱུད་ཚེ་དང་དཔལ་འབྱོར་རབ་རྒྱས་ཤིང༌། །འདིའི་ཆེད་སྒོ་གསུམ་འབད་བརྩོན་བརྟེན་པ་ཀུན། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །ཉིང་མཚམས་སྦྱར་ཚེ་ཡིད་འཕྲོག་བདེ་ལྡན་ནས། །སྣང་མཐའ་ཞལ་དཀྱིལ་མངོན་སུམ་སྟོན་པའི་ཆེད། །མགོན་ཁྱོད་ཚོགས་ཀྱིས་བསྒྲུབས་པའི་ཞིང་གི་མཆོག །མངོན་(༣༠༧བ)


GLG021_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ས་ལ་འཕོས་འདྲའི་བཀོད་པ་ཡི། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །རིགས་བརྒྱུད་ཚེ་དང་དཔལ་འབྱོར་རབ་རྒྱས་ཤིང༌། །འདིའི་ཆེད་སྒོ་གསུམ་འབད་བརྩོན་བརྟེན་པ་ཀུན། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །སློབ་དཔོན་སངས་རྒྱས་གཉིས་པའི་སྐུ་གཅིག་ལ། །རྣམ་འཕྲུལ་བརྒྱད་ཀྱིས་འགྲོ་བ་འདུལ་བའི་གར། །བསྒྱུར་ཚེ་སྲིད་ཞིའི་ཉེས་བརྒྱ་འཇིག་པ་ཡི། །བྱིན་རླབས་ནུས་མཐུའི་ཆོ་ག་ཡོངས་བསྟར་བས། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །རིགས་བརྒྱུད་ཚེ་དང་དཔལ་འབྱོར་རབ་རྒྱས་ཤིང༌། །འདིའི་ཆེད་སྒོ་གསུམ་འབད་བརྩོན་བརྟེན་པ་ཀུན། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །ཐུབ་པའི་དབང་པོར་སྙིགས་མའི་མགོན་པོ་བདུན། །འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་དང༌། །རྒྱལ་ཆེན་དྷརྨ་ཝརྡྷ་ཧ་ཤང་གི །སྐུ་བརྙན་གྲ་མཚུངས་ལྔ་རུ་བཞེངས་པའི་མཐུས། །ཡོན་སྦྱོར་སྦྱིན་པའི་བདག་པོ་མི་ནོར་དང༌། །རིགས་བརྒྱུད་ཚེ་དང་དཔལ་འབྱོར་རབ་རྒྱས་ཤིང༌། །འདིའི་ཆེད་སྒོ་གསུམ་འབད་བརྩོན་བརྟེན་པ་ཀུན། །དོན་གཉིས་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །ཅེས་གསོལ་དཔོན་ཚེ་དབང་རབ་བརྟན་གྱིས་སྒྲོལ་མ་ཉེར་གཅིག །འདི་གའི་འདྲ་འབག་ལེ་ཚན་གཉིས། གནས་བཅུ་ཐང་གཅིག་མ་གཉིས་དང་བཅུ་གསུམ་གྲ་ཚར། སངས་རྒྱས་སུམ་བཅུ་སོ་ལྔ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ། སྨན་བླ་བདེ་གཤེགས་བརྒྱད་ཚར་གཉིས། ཐུབ་དབང་གི་སྐུ་གཅིག །མཛད་པ་བཅུ་གཉིས། སིནྡྷུ་རྒྱ་མཚོའི་ཞིང་བཀོད། མཚན་བརྒྱད་ཀྱི་ཐང་ག་གཉིས། བཅས་ཁྱོན་བསྡོམས་སུམ་ཅུ་སོ་ལྔ་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ལྟར་ཤློ་ཀ་ཕྱི་མ་བལྡབས་ཆོག་པའི་རྩིས་འདི་བཞིན་བཅས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །སྦྱིན་སོགས་ཕྱིན་དྲུག་སྤྱོད་པའི་རྒྱ་མཚོ་ཆེར། །ཉེར་གོམས་བཤེས་གཉེན་དམ་པར་གསོལ་བཏབ་པས། །ཚེ་མཐའ་ཡས་པའི་མགོན་པོ་ལྟར་བཞུགས་ནས། །ཆོས་འཁོར་རྒྱུན་ཆད་མེད་པར་ཡོངས་བསྐོར་ཤོག །ཅེས་པའང་སྨད་རྒྱུད་སྤྱི་ཚོགས་ཀྱི་ངོར་ཟ་ཧོར་གྱི་བནྡེས་བཀོད། །བསླུ་བ་མེད་པའི་དཀོན་ཅོག་རྣམ་གསུམ་ལ། །མི་ཕྱེད་དད་པས་གསོལ་བ་བཏབ་པའི་མཐུས། །ཐུགས་རྗེ་སྙིང་ལ་ཞུགས་ནས་འདི་དང་ཕྱིའི། །ལེགས་(༣༠༨ན)


GLG021_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དོན་ཀུན་ལྷུན་གྱི་གྲུབ་པར་ཤོག །ཅེས་པའང་ཐུ་མེད་དགེ་འདུན་ཤི་གེ་མེ་རེང་གིས་དགོས་ཚུལ་ལྟར་བྲིས། །རྒྱལ་སྲས་སློབ་མར་བཅས་པའི་རྟེན་བརྟེན་པ། །མངོན་སུམ་འགྲོ་བའི་བསོད་ནམས་ཞིང་མཆོག་ཏུ། །ལེགས་དངོམ་མཐོང་ཐོས་དྲན་དང་རེག་པས་ཀྱང༌། །མངོན་མཐོ་ངེས་ལེགས་ས་ལ་སྦྱོར་མཛད་ཀྱེ། །འདིས་མཚོན་བསགས་པའི་མི་ཟད་དགེ་བའི་འབྲས། །ཐུབ་པའི་བསྟན་དར་སྐྱེ་རྒུའི་བདེ་སྐྱིད་རྒྱས། །མཁའ་མཉམ་འགྲོ་བ་མ་ལུས་ཐར་པ་དང༌། །རྣམ་མཁྱེན་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །ཡོན་སྦྱོར་རྣམས་ཀྱི་ནད་གདོན་བར་གཅོད་ཞི། །ཚེ་རིང་དཔལ་འབྱོར་ཆོས་སྲིད་ལེགས་ཚོགས་འཕེལ། །ཡང་སྲིད་ཀུན་ཏུ་དལ་བའི་རྟེན་ཐོབ་ནས། །རིང་པོར་མི་ཐོགས་བྱང་ཆེན་མྱུར་ཐོབ་ཤོག །འཇམ་དཔལ་གྲགས་པའི་རྒྱུད་ཀྱི་ཡང་སྙིང་མཚན། །བརྗོད་པ་རྣམ་དག་གསང་ཆེན་ཀུན་གྱི་མ། །ཆོས་ཀྱི་སྦྱིན་པའི་སྒོ་འཕར་ཡོངས་ཕྱེ་བའི། །བསོད་ནམས་བྱས་པའི་ཕུང་པོ་འདི་ཡི་མཐུས། །བློ་བཟང་གྲགས་པའི་རིང་ལུགས་བླར་སྤེལ་ཆེད། །འཇམ་དབྱངས་དགའ་བའི་བཤེས་གཉེན་དཔལ་བཟང་པོ། །བསྐལ་བརྒྱར་ཞབས་བརྟན་ཡོན་སྦྱོར་ལས་བྱེད་རྣམས། །འདི་ཕྱིའི་དོན་ཚོགས་ལས་ཀུན་འགྲུབ་པར་ཤོག །དཀོན་ཅོག་རིན་ཅེན་གསུམ་གྱི་ཐུགས་རྗེ་དང༌། །ལྷ་དང་དྲང་སྲོང་རིག་འཛིན་བདེན་པའི་ཚིག །རྟེན་འབྲེལ་བསླུ་བ་མེད་པའི་ནུས་པ་ཡིས། །སྨོན་ལམ་ཅི་བཏབ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་ཀ་བཞི་སྨད་པ་བསོད་ནམས་ནོར་བུས་མཚན་བརྗོད་ཀྱི་པར་བརྐོས་པའི་པར་བྱང་འདི་བཞིན་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྐོག་པ་བསམ་མཐོང་ལོ་ཙཱ་བས་བྲིས་པ་ཛ་ཡནྟུ། །སརྦ་མངྒལཾ། །


previousཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་ཉམས་ལེན་སྙིང་པོ་བསྡུས་པ་སོགས།next