Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of བྲག་ཡེར་པ་
[Clear Hits]


  
  
  
  
བཀའ་བརྒྱད་སྦུག་པའི་དཀའ་བཅུ་བསོད་ནམས་ཕུན་ཚོགས་དུས་ལས་འདས་པའི་དགེ་བར་རྨེ་རུ་གཙང་ཁང་སྦུག་ཏུ་ལྡེབས་བྲིས་བྱས་པའི་ཚེ་སྨོན་ལམ་ཚིགས་བཅད་སོགས།
  
  
  
  
  
  
  
  
 
  
  
  
  


1 occurrence of བྲག་ཡེར་པ་
[Clear Hits]

 
previousབཀའ་བརྒྱད་སྦུག་པའི་དཀའ་བཅུ་བསོད་ནམས་ཕུན་ཚོགས་དུས་ལས་འདས་པའི་དགེ་བར་རྨེ་རུ་གཙང་ཁང་སྦུག་ཏུ་ལྡེབས་བྲིས་བྱས་པའི་ཚེ་སྨོན་ལམ་ཚིགས་བཅད་སོགས།next

བཀའ་བརྒྱད་སྦུག་པའི་དཀའ་བཅུ་བསོད་ནམས་ཕུན་ཚོགས་དུས་ལས་འདས་པའི་དགེ་བར་རྨེ་རུ་གཙང་ཁང་སྦུག་ཏུ་ལྡེབས་བྲིས་བྱས་པའི་ཚེ་སྨོན་ལམ་ཚིགས་བཅད་སོགས།


GLG021_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་སྦུག་པའི་དཀའ་བཅུ་བསོད་ནམས་ཕུན་ཚོགས་དུས་ལས་འདས་པའི་དགེ་བར་རྨེ་རུ་གཙང་ཁང་སྦུག་ཏུ་ལྡེབས་བྲིས་བྱས་པའི་ཚེ་སྨོན་ལམ་ཚིགས་བཅད་སོགས། །མ་སྨད་དད་པ་གནམ་སྔོན་ཞུན་མའི་མཚོར། །བགྲང་ཡས་རྒྱལ་བའི་སྣང་རྙན་ཟླ་བའི་གཟུགས། །སོར་མོའི་འཕྲུལ་དང་གཏོང་བའི་བདོག་པ་ཡིས། །འདྲེན་བྱེད་བདུད་རྩིར་སྤེལ་བའི་དགེ་ཚོགས་མཐུས། །བསོད་ནམས་ཕུང་པོར་སྤུངས་པའི་ལྗོན་པའི་ཤིང༌། །ཕུན་ཚོགས་སྨོན་ལམ་རྩ་བ་རབ་བརྟན་གང༌། །མངོན་པར་མཐོ་བའི་ཐེམ་སྐས་ལ་འཛེགས་ནས། །ངེས་ལེགས་ཐར་པའི་གྲོང་དུ་འཇུག་པར་ཤོག །ལུས་ངག་ཡིད་གསུམ་ཚུལ་འདིར་ཉེར་འབད་ལ། །བཅོས་མིན་བསམ་པས་སྒྲུབ་པར་གཏོགས་སོ་ཅོག །འདི་དང་གཏན་དུ་ཕན་བདེའི་དགའ་སྟོན་ལ། །ལོངས་སུ་སྤྱོད་པའི་བསྐལ་བཟང་ཐོབ་པར་ཤོག །ཅེས་བཀའ་བརྒྱད་སྦུག་པའི་དཀའ་བཅུ་བསོད་ནམས་ཕུན་ཚོགས་དུས་ལས་འདས་པའི་དགེ་བར་རྨི་རུ་གཙང་ཁང་སྦུག་ཏུ་ལྡེབས་བྲིས་བྱས་པའི་ཚེ་སྨོན་ལམ་ཚིགས་བཅད་དགོས་ཚུལ་(༤༦བ)


GLG021_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་སོ། །སྙིང་དབུས་འདབ་སྟོང་བཞད་པའི་གེ་སར་རྩེར། །རབ་དཀར་དད་པའི་ཟླ་རྒྱས་གདན་སྟེང་དུ། །རང་སྣང་རིག་པའི་ངོ་བོ་དམར་སེར་དྡྷཱིཿ །ཡོངས་གྱུར་ཟུར་ཕུད་ལྔ་པ་འཇོ་སྒེག་ཅན། །རྒྱུན་དུ་ཁྱོད་སྐུ་ཡིད་ལ་འབྲལ་མེད་དང༌། །གཟུངས་སྔགས་ཟབ་མོ་ཁ་ཏོན་བགྱིས་པའི་མཐུས། །དེང་ནས་བྱང་ཆུབ་བར་དུ་མགོན་ཁྱོད་ཀྱིས། །མི་འབྲལ་རྟག་ཏུ་དགེ་བའི་བཤེས་མཛོད་ཅིག །འཆད་རྩོད་རྩོམ་ལ་བློ་གྲོས་ཉེར་རྟུལ་ཚེ། །ངག་ལ་ངག་དབང་བརྟན་པའི་འཁོར་ལོ་ཁྱོད། །ཞུགས་ནས་སྨྲ་བའི་སྤོབས་པ་ཉེར་ཐོབ་སྟེ། །མཁས་མང་བྱེ་བའི་དབུས་ན་གཟེངས་མཐོར་ཤོག །ཅེས་པ་འདི་ཡང་གོང་ནས་ལོ་ཙཱ་སློབ་པར་མངགས་པའི་པཀྴི་ས་ན་ཕྱག་གིས་ཤེས་རབ་ལ་ཕན་པའི་ཁ་ཏོན་བྱེད་རྒྱུ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བའོ། །རྒྱལ་ཀུན་ཐུགས་རྗེའི་བདུད་རྩི་འཁྱིལ་བའི་ཁམས། །རྨད་བྱུང་མཚན་དཔེའི་སྒྱུ་འཕྲུལ་གར་དབང་ལྷ། །བདེ་ལྡན་མགོན་གྱི་མཛོད་སྤུའི་ཟེར་འཕྲེང་འོད། །ཆེས་འབར་སྣང་བས་འཆི་བདག་མུན་ཐར་མཛོད། །རྣམ་པར་དཔྱོད་ལ་འཇམ་དབྱངས་རབ་དགའ་བའི། །བཤེས་གཉེན་ངུར་སྨྲིག་གོས་ཀྱིས་ཀླུབས་པའི་གཟུགས། །བསྐལ་བརྒྱར་སྐྱེ་རྒུའི་མིག་ལ་མངོན་སུམ་དུ། །གཟིགས་མོར་ཚར་དུ་དངར་བའི་དཔལ་ཐོབ་ཤོག །སྒྲ་ཚད་བཟོ་གསོ་ནང་རིག་གནད་གསང་ཀུན། །ངག་ལ་སྨྲ་བའི་དབང་པོར་ལྷུན་གྲུབ་པས། །ལེགས་བཤད་(༤༧ན)


GLG021_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཟའི་རྒྱུད་ལས་དྲངས་པའི་གླུ། །སྐལ་ལྡན་རྣ་བར་ཆད་མེད་ལེན་པར་ཤོག །རང་བཞིན་དག་པའི་སྣང་ཆ་སྙིང་རྗེ་ཆེ། །ཟུང་འཇུག་བློ་གྲོས་ལྷག་བསམ་བཟང་པོའི་ཐུགས། །རྒྱ་མཚོའི་གོས་ཅན་ལྟེ་བ་གངས་ཅན་འགྲོ། །འདྲེན་ལ་སྐྱེད་པའི་གཟིགས་པ་གཡེལ་མེད་ཤོག །དྲི་མེད་དཔལ་ལྡན་ས་ཞལ་དགེ་གསུམ་བསྟན། །ཀློག་དང་སྤོང་བ་ལས་ཀྱི་འཁོར་ལོ་ཡིས། །འགྲོ་རྣམས་བདེ་ཆེན་སར་བཀྲི་འདུས་པའི་གླིང༌། །ཉི་ཟླས་མུན་སེལ་དེ་སྲིད་རྒྱས་པར་ཤོག །ལེགས་བྱས་ཞིང་གྱུར་ཆུ་གཏེར་ཆེན་པོའི་བཅུད། །དགེ་ཚོགས་ཛམྦུའི་སྙེ་མས་ཉེར་འཐུང་བའི། །བྱེད་པོར་གཏོགས་ཀུན་སྲིད་ཞིའི་བདེ་སྐྱིད་གསེར། །བྱང་ཆུབ་བར་དུ་སྤྱོད་པའི་སྐལ་ཐོབ་ཤོག །བསོད་ནམས་ས་མཆོག་ལྗོན་པའི་དྲི་དངར་པོར། །འཐུལ་བའི་ངད་ཀྱིས་རང་བདེ་ཙམ་མིན་པར། །ཡིད་ཅན་མཐའ་དག་སྒྲིབ་གཉིས་ཚ་གདུང་ཚོགས། །གཞིལ་སྟེ་རྣམ་པ་ཐམས་ཅད་མཁྱེན་རྒྱུར་བསྔོ། །རིང་པོར་འཚོ་བའི་སྨོན་ལམ་ཚིགས་སུ་བཅད་པ་ཞིག་དགོས་ཞེས་མདའ་དཔོན་གཟེར་ཆེན་པ་རྣམ་རྒྱལ་ཚེ་རིང་གིས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ༌། །ཡེ་ཤེས་བཞུ་བླུག་གཞོམས་མེད་སྲུང་འཁོར་དབུས། །གདན་གསུམ་ཚང་བའི་གཙོ་བོ་རིགས་ཀུན་བདག །བཅོམ་ལྡན་མི་སྐྱོད་རྡོ་རྗེའི་ལྷ་ཚོགས་མཐུས། །ཅི་བཏབ་སྨོན་ལམ་འགྲུབ་པར་བདག་བྱིན་རློབས། །སྐུ་བཞིའི་ས་བོན་ལུས་ངག་ཡིད་གསུམ་ལ། །སྨིན་བྱེད་དབང་ཆུ་རིན་ཆེན་གདུལ་བྱའི་ཚོགས། །གྲོལ་བཞིའི་(༤༧བ)


GLG021_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཆེན་བསྐལ་བཟང་རྒྱ་མཚོ་ཆེར། །འབེབས་མཁས་རིགས་ཀུན་ཁྱབ་བདག་ཞབས་བརྟན་ཤོག །སྔོན་ནས་ཆོས་ལོངས་ལམ་དུ་འཁྱེར་བའི་འབྲས། མ་སྨད་སྤྲུལ་སྐུའི་མཚན་དཔེའི་སྒྱུ་འཕྲུལ་གར། དཀྱིལ་འཁོར་བྱེ་བ་ཕྲག་བརྒྱའི་མགོན་པོ་རུ། །སྒྱུར་བའི་བཀའ་དྲིན་ནམ་ཡང་གཡོ་མེད་སྩོལ། །ཐ་མལ་དྲིས་དབེན་གསང་གསུམ་རྡོ་རྗེའི་ཁམས། །རླུང་སེམས་སྒྱུ་ལུས་འོད་གསལ་དབྱིངས་དག་ལས། །ཟུང་འཇུག་ཁ་སྦྱོར་བདུན་ལྡན་སྐུར་བཞེངས་ནས། །འཁོར་བ་མ་སྟོང་བར་དུ་བཞུགས་གྱུར་ཅིག །མྱ་ངན་མེད་ལྗོན་གྱིས་མཚན་འཕགས་ཡུལ་ནས། །ཤར་ཕྱོགས་རྒྱ་མཚོའི་མཐས་གཏུགས་དབྱིགས་འཛིན་ཁྱོན། །ཞྭ་སེར་མནབས་པའི་ཐོས་བསམ་དོན་བསྒོམས་བསྟན། །ཉི་ཟླས་མུན་སེལ་དེ་སྲིད་ཁྱབ་པར་ཤོག །མདོ་སྡེ་ཟ་མ་ཏོག་གྱུར་རྒྱུད་ཀྱི་རྒྱལ། །ངེས་གསང་འདུས་པའི་ལུང་རྟོགས་ཆོས་འཛིན་པ། །དགེ་འདུན་དཀོན་མཆོག་སྟོད་རྒྱུད་མཁས་འདུས་སྡེ། །དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་བར་ཤོག །རྒྱུད་ལྔའི་འགྲོ་ལ་རྒྱལ་ཀུན་ཐུགས་རྗེ་ཆེ། །རབ་བཞུགས་མངོན་སུམ་བདེ་བའི་དཔལ་ཐོབ་ཅིང༌། །ཁྱད་པར་རྒྱ་ཧོར་གངས་ཅན་ཡུལ་ལྗོངས་སུ། །རྫོགས་ལྡན་གསར་པའི་རྩེ་དགའ་དགོད་པར་ཤོག །ཅེས་ཡུན་དུ་འཚོ་བའི་ཆེད་དུ་བདེན་ཚིག་བརྗོད་པའི་ཚིགས་འདི་ནི་གངས་རིའི་ལྗོངས་འདིར་རིགས་སྔགས་འཆང་བ་རྣམས་ཀྱི་གཙུག་ན་མངོན་པར་མཐོ་བ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཞལ་འདོན་དུ་རྒྱུད་པ་སློབ་དཔོན་དགེ་བའི་བཤེས་གཉེན་བྱམས་པ་བཀྲ་ཤིས་ཀྱིས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་(༤༨ན)


GLG021_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བཟང་ངོ༌། །འདུས་པ་གསང་ཆེན་རྟེན་དང་བརྟེན་པའི་གཙོ། །ཚེ་མཐའ་ཡས་པའི་ངོ་བོ་འཇིག་རྟེན་དབང༌། །མཆོག་གསུམ་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན། །འཆི་མེད་དངོས་གྲུབ་འདོད་འཇོའི་ཆར་སྩོལ་ཞིག །སྡེ་བཞིའི་མཐོ་རིས་ཆུ་བོའི་འཕྲིན་ལས་རྒྱུན། །དགའ་ལྡན་ཆོས་སྲིད་རྒྱ་མཚོར་འཁྱིལ་མཛད་པས། །གཙུག་ལག་ལུགས་བརྒྱའི་རླབས་ཕྲེང་ཡོལ་མེད་ཅན། །ནོར་འཛིན་སྐྱོང་བ་རྡོ་རྗེ་ལྟར་བརྟན་ཤོག །གནམ་གྱི་ཤེ་མོང་དཔུང་པས་རྩོད་པའི་དུས། །འཁོར་ལོས་བསྒྱུར་རྒྱལ་མཆོད་ཡོན་ཟུང་འཇུག་གི །བཀའ་ཁྲིམས་གདུགས་དཀར་གཅིག་གི་གྲིབ་བསིལ་ལ། །འབངས་ཀུན་ངལ་གསོའི་བདེ་སྐྱིད་དཔལ་ཐོབ་ཤོག །ཅེས་ས་སྐྱོང་ཕྱག་མཛོད་འཕྲིན་ལས་རྒྱ་མཚོའི་བརྟན་བཞུགས་ཚིགས་བཅད་འདི་ནི་སྟོད་རྒྱུད་འདུས་སྡེའི་ཞལ་འདོན་དུ་གྲྭ་ཚང་སློབ་དཔོན་བཤེས་གཉེན་བྱམས་པ་བཀྲ་ཤིས་ཀྱིས་འབད་པས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །དཔག་མེད་ཡོན་ཏན་བཀོད་པའི་ཞིང་གི་མགོན། །གཟི་བརྗིད་རྒྱལ་པོའི་བརྒྱ་རྩ་བརྒྱད་ཀྱི་མཚན། །ཐོས་འཆང་འབྲི་ཀློག་བྱེད་རྣམས་མཐར་ཕྱིན་ཚེ། །འབྱུང་བར་ཞལ་འཆེས་བདེན་ཚིགས་འགྲུབ་གྱུར་ཅིག །ངག་དབང་ཚངས་པའི་བུ་མོའི་བློ་གྲོས་ནོར། །རབ་ཐོབ་སྐལ་བཟང་མགྲིན་པར་འཇམ་དཔལ་དབྱངས། །ལེགས་འཁྱུད་དགྱེས་ཞལ་རྩེ་དགའ་དགོད་པ་ཅན། །ཐུབ་བསྟན་རྒྱ་མཚོའི་དཔྱིད་དུ་བརྟན་པར་ཤོག །རྣམ་གསུམ་སྡེ་གནོད་སྙིང་པོ་ཕ་རོལ་ཕྱིན། །འདུལ་མངོན་ཚད་མས་གཏན་ཕབ་(༤༨བ)


GLG021_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་བསམ་གྱི། །སྒྲོ་འདོགས་ལེགས་གཅོད་གསང་ཕུ་ནེའུ་ཐོག །ཁྲིམས་ལྡན་འདུས་སྡེ་སྲིད་མཐར་རྒྱས་གྱུར་ཅིག །གནམ་སྐོས་མཆོད་ཡོན་ཁྲིམས་གཉིས་དྲང་པོའི་ཐིག །ཆོས་རྒྱལ་མེ་ལོང་གདོང་གི་རྣམ་པར་ཐར། །ནོར་འཛིན་པདྨོའི་མངལ་ཁུར་རབ་ལྕི་བའི། །བདེ་སྐྱིད་ཉི་མ་གུང་ནས་རྟག་འཆར་ཤོག །འགྲོ་རྣམས་རྒྱུད་ལྔའི་སར་འཁྱམས་རྐང་འོག་ཏུ། །མཛད་མེད་ཕན་བདེའི་གོས་ཁྱབ་བྱེད་པོར་དགེ །བསྔོས་འབྲས་གྲོ་བཞིན་བྱེ་བ་ཉི་ཤུ་པའི། །ངང་ཚུལ་ཀུན་གྱི་མངོན་སུམ་མྱོང་གྱུར་ཅིག །ཅེས་ཚིགས་སུ་བཅད་པ་འདི་ནི་གངས་རིའི་ལྗོངས་འདིར་ལུང་དང་རིག་པ་སྨྲ་བ་ཀུན་གྱི་འབྱུང་ཁུངས་གཅིག་པུ་བ་གསང་ནེའུ་ཐོག་གི་མཁན་སློབ་སྤྱི་ཚོགས་ཀྱིས་དོན་གཉེར་ཆེན་པོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་སོ། །རྟེན་འབྲེལ་བསླུ་བ་མེད་པ་རྡོ་རྗེའི་ཁྲིར། །མཆོག་གསུམ་འདུས་པའི་བདག་ཉིད་བཤེས་གཉེན་ཚུལ། །ཚེ་དང་ཡེ་ཤེས་དཔག་མེད་ངོ་བོ་རུ། །མི་ཕྱེད་དད་པའི་ཡིད་ཀྱིས་གུས་ཕྱག་འཚལ། །དངོས་སུ་བཤམས་དང་ལྷ་མིའི་དཔལ་འབྱོར་རྣམས། །ཡིད་ཀྱིས་སྤྲུལ་པའི་བསོད་ནམས་ཆེར་སྤུངས་པ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ནམ་མཁའ་མཛོད། །འཛད་མེད་སྒོ་འཕར་བརྒྱ་ཕྲག་ཕྱེ་ནས་འབུལ། །རང་རྒྱུད་ནག་པོ་བརྩེགས་པའི་སྡིག་ཏོའི་དྲི། །ཞིང་མཆོག་ལ་བརྟེན་འགྱོད་སྡོམ་ཀུན་ཏུ་སྤྱོད། །མཐོ་རིས་ཆུ་བོས་ལན་བརྒྱར་རབ་བཀྲུས་ཏེ། །བཅོས་མིན་བསམ་པ་ཐག་པས་སྙིང་ནས་བཤགས། །ཐུབ་རྣམས་ཚོགས་རྫོགས་བྱང་སེམས་ཕྱིན་དྲུག་སྤྱོད། (༤༩ན)


GLG021_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

།ཉན་རང་བདེར་གཞོལ་སྐྱེ་ཕལ་མ་ལུས་པས། །བྱས་ཟིན་བསྒྲུབ་འགྱུར་ད་ལྟ་སྤེལ་བཞིན་པའི། །རྣམ་དཀར་དགེ་ཚོགས་རྒྱ་མཚོར་བདག་ཡི་རང༌། །བློ་དང་འཚམས་པར་འཇུག་བྱེད་ས་འཛིན་དབང༌། །གཙུག་ལག་ཟླ་བའི་མ་མར་འཁྱིལ་བ་ལས། །ལེགས་བཤད་བདུད་རྩི་ཆོས་ཀྱི་འཁོར་ལོ་ཆེ། །གངས་ཅན་སྐལ་ལྡན་གདུལ་བྱར་བསྐོར་བར་བསྐུལ། །སངས་རྒྱས་སྲས་བཅས་ཀུན་གྱིས་ལུས་ཅན་རྣམས། །བྱང་ཆུབ་མཆོག་ལ་སྦྱོར་བཞེད་དམ་བཅའི་ཁུར། །མགོན་ཁྱོད་ལྷག་བསམ་དཔུང་པས་རབ་བཏེག་ནས། །བསྐལ་བརྒྱར་མྱ་ངན་མི་འདའ་བཞུགས་སུ་གསོལ། །འདི་སྣང་བདེ་སྐྱིད་ཡང་སྲིད་ལྷ་མིའི་རྟེན། །དམན་པའི་ལམ་ཙམ་དོན་དུ་གཉེར་མིན་པར། །དུས་གསུམ་བསགས་པའི་ལས་དཀར་ས་བོན་ཚོགས། །ཀུན་མཁྱེན་ཡོངས་འདུའི་འཁྲི་ཤིང་སྤེལ་ཕྱིར་བསྔོ། །ཞེས་བརྟན་བཞུགས་ཀྱི་ཚིགས་བཅད་འདི་ནི་སྟོད་ལུང་ཆུ་ལམ་སྡིངས་གསུམ་སྤྱི་སོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་སོ། །འགྲོ་ཀུན་གཙུག་ན་བསྐལ་བརྒྱར་མི་ཤིགས་པའི། །རྡོ་རྗེའི་སྐྱིལ་ཀྲུང་གཅིག་གིས་འཆི་བདག་བདུད། །སྡེ་བཅས་ལས་རྒྱལ་འོད་མཚན་ཆེས་འབར་བ། །མ་སྨད་སྣང་བའི་དགའ་སྟོན་རྟག་ཏུ་སྩོལ། །དཔལ་ལྡན་ཞྭ་སེར་ཅོད་པཎ་ལེགས་འཆང་བའི། །ཆོས་སྲིད་བསྟན་པ་ས་མཆོག་ལྗོན་པའི་དྲི། །ལུས་ཅན་བསོད་ནམས་རླུང་གིས་ཉེར་དྲངས་ཏེ། །རྒུད་པའི་ཚ་གདུང་མ་ལུས་སེལ་བར་ཤོག །འཛམ་གླིང་སྤྱི་དང་བྱེ་བྲག་སཱ་ལའི་ནགས། །འཕྲེང་བར་འཁྲིགས་པའི་ལྗོངས་འདིར་སྡིག་ཏོའི་འབྲས། །མིང་གི་(༤༩བ)


GLG021_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མར་བྱས་ཏེ་སུམ་རྩེན་པའི། །དགའ་སྟོན་མངོན་སུམ་ཉམས་སུ་མྱོང་བར་ཤོག །ཅེས་པ་འདི་ཡང་ར་ས་འཕྲུལ་སྣང་བའི་རུ་བཞི་སྤྱི་ཚོགས་ཀྱིས་བརྟན་བཞུགས་སྔོན་མའི་མཇུག་ཏུ་འཐུད་རྒྱུ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བའོ། །ཨོཾ་སྭསྟི་སིདྡྷཾ། བྱེ་བ་ཕྲག་བརྒྱའི་དཀྱིལ་འཁོར་རྒྱ་མཚོའི་མགོན། །རྒྱལ་དབང་པདྨའི་བཀའ་གཏེར་བཤད་སྒྲུབ་བསྟན། །བློ་གྲོས་མཆོག་གིས་སྤེལ་བའི་རིགས་ཀུན་བདག །རྡོ་རྗེའི་སློབ་དཔོན་དམ་པར་གསོལ་བ་འདེབས། །ཐུབ་གསུང་འགྱུར་རོ་ཅོག་གི་རྒྱུན་འཛིན་ཅིང༌། །བསྟན་བཅོས་དགོངས་དོན་འགྲེལ་ལ་བློ་གྲོས་རྒྱས། །ཁྱད་པར་ཐེག་མཆོག་བསྟན་པའི་སྲོག་གི་ཤིང༌། །རྡོ་རྗེའི་ངོ་བོར་གྲུབ་ལ་གསོལ་བ་འདེབས། །ལྷ་སྲས་ཁྲི་སྲོང་རྣམ་སྤྲུལ་ཉང་རལ་པ། །ཡང་སྤྲུལ་ཆོས་ཀྱི་དབང་ཕྱུག་ཟབ་གཏེར་གྱི། །སྨིན་གྲོལ་གདམས་པའི་བང་མཛོད་སྒོ་ཕྱེ་ནས། །གདུལ་བྱའི་དགའ་སྟོན་སྤེལ་ལ་གསོལ་བ་འདེབས། །ཚེ་མཐའ་ཡས་པའི་ངོ་བོ་ཐོད་ཕྲེང་རྩལ། །འཆི་མེད་རིག་འཛིན་གྲུབ་པའི་ཐུགས་རྗེ་ཡིས། །ཤེས་བྱ་ཀུན་ལ་བློ་གྲོས་རབ་ཡངས་པ། །མཆོག་གི་རྡོ་རྗེ་འཛིན་མཁས་རྟན་གྱུར་ཅིག །བདུད་བཞི་ཀ་ནས་དག་པའི་གཞོམ་མེད་ཁྲིར། །ལྷུན་གྲུབ་སྲ་མཁྲེགས་གཡུང་དྲུང་འཁྱིལ་བའི་སྟེང༌། །བློ་མཆོག་རྩལ་གྱི་རིག་སྔགས་བརྟུལ་ཞུགས་མཐུ། །གྲུབ་པའི་དབང་ཕྱུག་རྡོ་རྗེ་ལྟར་བརྟན་ཤོག །རྩ་བརྒྱུད་བླ་མའི་བདག་ཉིད་ཚེ་དབང་རྩལ། །བདེ་གཤེགས་རྒྱལ་བ་ཀུན་འདུས་བཀའ་བརྒྱད་ལྷ། །མ་ནིང་སྡེ་དཔོན་སུམ་ཅུར་བཅས་པའི་མཐུས། །སྨོན་པའི་རེ་བ་(༥༠ན)


GLG021_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་འགྲུབ་བྱིན་རློབས། །མ་དག་དྲི་སྦྱངས་ངེས་གསང་གསེར་ཞུན་ཁམས། །འོད་གསལ་རྡོ་རྗེ་སྙིང་པོར་ལྷུན་གྲུབ་པ། །བཀའ་གཏེར་བཤད་སྒྲུབ་ཁྲིམས་ལྡན་འདུས་པའི་གླིང༌། །མཚོ་སྐྱེས་བསྟན་པའི་དཔྱིད་དུ་རྒྱས་གྱུར་ཅིག །ཅེས་རིག་སྔགས་འཆང་བའི་དབང་ཕྱུག་ཉང་སྟོན་མཁས་ཤིང་གྲུབ་བརྙེས་ཆེན་པོ་སྨན་ལུང་པ་བློ་གྲོས་མཆོག་གི་རྡོ་རྗེའི་བརྟན་བཞུགས་ཀྱི་ཚིགས་སུ་བཅད་པ་འདི་ནི་གོང་ར་ངེས་གསང་རྡོ་རྗེ་གླིང་པའི་ཚོགས་འདོན་དུ་ཟ་ཧོར་གྱི་བནྡེས་དང་བའི་ཡིད་ཀྱིས་སྦྱར་བའོ། །བསམ་པའི་རེ་བ་ཡོངས་སྐོང་ཚེ་སྦྱིན་མའི། །ཞབས་སེན་བརྟན་གཡོ་ཀུན་གྱི་བཏུད་བྱའི་གནས། །སངས་རྒྱས་ཀུན་ཡུམ་ཡིད་བཞིན་འཁོར་ལོ་ཡི། །མཁྱེན་བརྩེ་ནུས་པའི་མཐུ་དཔུང་དེང་འདིར་སྐྱེད། །ངག་གི་དབང་ཕྱུག་བློ་བཟང་གྲགས་པའི་བསྟན། །ཛཱ་ཏིའི་དྲི་ངད་འཐུལ་ནས་རྒྱ་མཚོའི་མཐར། །སྤེལ་མཛད་མགོན་ཁྱོད་ལྷར་བཅས་སྐྱེ་རྒུའི་གཙུག །རྡོ་རྗེའི་སྐྱིལ་ཀྲུང་གཡོ་མེད་རྟག་བརྟན་ཤོག །རབ་དཀར་ལྷག་བསམ་འོ་མཚོ་ལས་འཐོན་པའི། །དགེ་ཚོགས་ཟླ་བ་གསར་པའི་འོད་སྣང་གིས། །སྲིད་ཞིའི་གདུང་མུན་མ་ལུས་གཞིལ་བྱས་ཏེ། །གཏན་བདེའི་མགྲིན་སྔོན་རལ་པར་མཛེས་གྱུར་ཅིག །ཅེས་བརྟན་བཞུགས་ཀྱི་ཚིགས་སུ་བཅད་པ་འདི་ནི་གོང་གསེར་ཡིག་པ་མཆོད་རྟེན་བླ་མ་དང་དགེ་སློང་ཆོས་འཕེལ་གཉིས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ངག་དབང་འཕྲིན་ལས་སོ། །སྲས་བཅས་རྒྱལ་ཀུན་གསང་གསུམ་རྡོ་རྗེའི་གར། །ཚེ་དཔག་མེད་མགོན་ངོ་བོར་ལེགས་བཞེངས་ནས། །(༥༠བ)


GLG021_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་ལྷ་མོས་མགྲིན་འཁྱུད་བློ་གྲོས་ཀྱི། །སྐལ་བཟང་རྒྱ་མཚོའི་དགའ་སྟོན་བརྟན་པར་མཛོད། །རྟེན་འབྲེལ་སླུ་མེད་སྣ་ཚོགས་རྡོ་རྗེའི་ཁམས། །དཀོན་མཆོག་མཐུ་ཡིས་བཞུ་བླུག་གཞོམ་མེད་ཁྲིར། །མགོན་ཁྱོད་གངས་ཅན་བསྟན་འགྲོའི་ཕན་བདེའི་དཔྱིད། །བསྐལ་བརྒྱར་ཆོས་འཁོར་སྐོར་ཕྱིར་བཞུགས་གྱུར་ཅིག །ངེས་པར་ཐམས་ཅད་མཁྱེན་པ་བུ་སྟོན་རྗེའི། །བསྟན་པ་རྣམ་གསུམ་འཁོར་ལོ་འཕེལ་རྒྱས་ཤིང༌། །སྲིད་མཐར་གཡོ་མེད་སྒྲུབ་ནུས་བདག་རྒྱུད་ལ། །མཆོག་གསུམ་ཐུགས་རྗེ་ཆེན་པོས་འགྲུབ་བྱིན་རློབས། །ཞེས་བརྟན་བཞུགས་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་ཞ་ལུ་གདན་ས་པ་མཁས་གྲུབ་ཆེན་པོ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་གསུང་གི་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སུག་བྲིས་སུ་བྱས་སོ། །སྭསྟི་སི་དྡྷཾ། བྱམས་མགོན་མི་ཡི་སྲིད་བཟུང་བུ་སྟོན་རྗེའི། །བསྟན་པ་རིན་ཆེན་འཛིན་ལ་བསོད་ནམས་དང༌། །ཡེ་ཤེས་ཚོགས་གཉིས་མཆོག་ཏུ་ལྷུན་གྲུབ་པ། །གདན་གསུམ་ཚང་བའི་མགོན་པོར་གསོལ་བ་འདེབས། །བདེ་ལྡན་ཞིང་གི་དབང་ཕྱུག་གར་དབང་ལྷའི། །མཛོད་སྤུའི་ཟེར་གྱིས་འཆི་བདག་སྨག་རུམ་མུན། །མཐར་བྱས་བསྐལ་བརྒྱར་འཚོ་བཞེས་སྣང་བའི་གཏེར། །འཛད་མེད་དགའ་སྟོན་བཤེས་གཉེན་དམ་པར་སྩོལ། །མ་བྱོན་རྣམ་འདྲེན་རབ་གསལ་ཀུན་མཁྱེན་བུའི། །རིན་ཅེན་རང་བཞིན་རྡོ་རྗེས་མཚན་པའི་ཁྲིར། །བསོད་ནམས་ཞིང་མཆོག་རིགས་ཀུན་ཁྱབ་བདག་ཏུ། །གྲུབ་པའི་ཟློས་གར་གཡུང་དྲུང་ལྟར་བརྟན་ཤོག །གུར་ཞལ་གཙོར་གྱུར་ཆོས་སྲུང་ཚོགས་སྤྱི་དང༌། །ཁྱད་པར་ཉི་མ་གྲུབ་སོགས་བསྟན་དགྲ་རྣམས།(༥༡ན)


GLG021_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

།ཚར་གཅོད་རྣམ་ཐོས་སྲས་དང་རབ་བརྟན་མས། །མགོན་ཁྱོད་བསྐལ་བརྒྱར་བརྟན་པའི་འཕྲིན་ལས་མཛོད། །གནས་ལྔ་མཁྱེན་པའི་པཎ་ཆེན་རིན་ཅེན་གྲུབ། །གང་དེའི་རྣམ་སྤྲུལ་འཁྲུལ་མེད་མཚར་ཆེན་ཞབས། །བརྒྱུད་པར་བཅས་པའི་བསྟན་འཛིན་ཞ་ལུ་པའི། །རིང་ལུགས་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་ཞ་ལུ་མཁན་ཆེན་མཁས་ཤིང་གྲུབ་པ་བརྙེས་པ་རིན་ཅེན་བསོད་ནམས་མཆོག་གྲུབ་རྒྱལ་བ་གཉིས་པ་བུ་སྟོན་རིན་ཆེན་གྲུབ་དང་རྡོ་རྗེ་འཆང་མཚར་པ་ཆོས་རྗེའི་བསྟན་པའི་སྲོག་ཤིང་ལྟ་བུར་གྱུར་པའི་ཚུལ་ལ་བསམས་ཏེ་ཟ་ཧོར་གྱི་བནྡེས་ལྷག་པའི་བསམ་པས་སུག་བྲིས་སུ་བགྱིས། ཏཏརྠ་སི་དྡྷིརསྟུ། །ངག་དབང་ལྷ་ཡིས་རྗེས་བཟུང་བློ་གྲོས་གཟིངས། །སྐལ་བཟང་རྒྱ་མཚོར་འཇུག་ལ་འཇིགས་མེད་པས། །ཡིད་སྲུབ་མཚོན་གྱིས་གཞོམ་མིན་གོ་ཆ་ཅན། །ཐུབ་བསྟན་ལང་ཚོའི་སྡེ་ལ་གསོལ་བ་འདེབས། །འཁོར་བའི་མྱ་ངམ་ཐང་རྒྱུ་བགྲང་ཡས་འགྲོན། །བདེ་བར་དབུག་དབྱུང་སླད་དུ་མགོན་པོ་ཁྱོད། །མི་ཤིགས་སྐྱིལ་ཀྲུང་གཅིག་གིས་བསྐལ་པ་བརྒྱར། །རྡོ་རྗེའི་ཁྲི་ལ་གཡོ་མེད་བཞུགས་གྱུར་ཅིག །བློ་གྲོས་བཟང་པོའི་བག་ཆགས་སད་པའི་སྣོད། །བཅུ་ཕྲག་རིག་གནས་ནོར་བུས་ཡོངས་གཏམས་ཏེ། །གྲགས་པ་དོན་ལྡན་སྔོན་བྱོན་ལོ་པཎ་གྱི། །རྣམ་ཐར་ཐམས་ཅད་བདག་གིས་འཛིན་གྱུར་ཅིག །ཅེས་གསོལ་འདེབས་སྨོན་ལམ་ཚིགས་སུ་བཅད་པ་འདི་ནི་ཉང་སྟོད་འབྲོང་རྩེ་ལྷུན་གྲུབ་གླིང་པའི་རིག་བྱེད་པ་བློ་བཟང་ནོར་བུས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་(༥༡བ)


GLG021_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་སོ། །མཆོག་གསུམ་ཐུགས་རྗེ་ཞུན་མར་འཁྱིལ་བའི་ཁམས། །སྣ་ཚོགས་རྡོ་རྗེའི་གཟུགས་སུ་གྲུབ་པའི་ཁྲིར། །ངག་དབང་ལྷ་ཡིས་རྗེས་བཟུང་བློ་གྲོས་གཏེར། །སྐལ་བཟང་རྒྱ་མཚོའི་མགོན་ཁྱོད་ཞབས་བརྟན་ཤོག །ཐུབ་བསྟན་སྙིང་པོ་ཀུན་མཁྱེན་ཙོང་ཁ་པའི། །རིང་ལུགས་དེ་འཛིན་ཆོས་དང་སྲིད་ཀྱི་བསྟན། །རབ་རྒྱས་ཡོངས་འདུའི་གྲིབ་མར་བོད་འབངས་རྣམས། །སྒོ་གསུམ་སྐྱིད་པའི་ངལ་གསོ་ཐོབ་པར་ཤོག །སྐྱེ་འཕགས་ཀུན་གྱིས་བསགས་དང་གསོག་འགྱུར་དགེ །ཆེས་དཀར་གངྒའི་ཡབ་གཅིག་ལས་བབས་པ། །ཕན་བདེའི་ཡན་ལག་བརྒྱད་ལྡན་ཆུ་བོའི་རྒྱུན། །རྣམ་མཁྱེན་ཡེ་ཤེས་རྒྱ་མཚོར་འབབ་གྱུར་ཅིག །ཅེས་པ་འདི་ཡང་སྣེའུ་རྫོང་སྡོད་མངའ་ཁུལ་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ༌། །མགྲིན་པར་ངག་དབང་ལྷ་མོ་བཞུགས་པའི་བློར། །འཇམ་དབྱངས་དགྱེས་པའི་སྐལ་བཟང་རབ་ཐོབ་པས། །ལྔ་རིག་རྒྱ་མཚོར་ཙནྡྲ་གོ་མི་ཡི། །རྣམ་དཔྱོད་དཔལ་ཀུན་འཛིན་ལ་གསོལ་བ་འདེབས། །བཞེད་པའི་ཕྱིན་དྲུག་ཕ་མཐའ་རྫོགས་མིན་པར། །འཆི་བདག་བདུད་མུན་མཛོད་སྤུའི་ཟེར་ཙམ་གྱིས། །མཐར་བྱེད་པདྨ་གར་དབང་ངོ་བོ་རུ། །བཞེངས་ཏེ་སཱ་ལའི་ལྗོངས་འདིར་རྟག་བཞུགས་གསོལ། །མ་རྒན་སྐྱེ་རྒུའི་ཆོས་དཀར་ས་གཞི་ལ། །རྒྱལ་ཀུན་ཐུགས་བསྐྱེད་ས་བོན་ལེགས་སྨིན་པའི། །ས་ལམ་ཡོན་ཏན་མཐར་ཕྱིན་ཡོངས་འདུའི་ལྗོན། །བྱང་ཆུབ་སྙིང་པོའི་འབྲས་བུས་དུད་གྱུར་ཅིག །ཅེས་གསོལ་འདེབས་སྨོན་ལམ་ཟུང་འབྲེལ་གྱི་ཚིགས་བཅད་འདི་ནི་ལྷོ་བྲག་ལྷ་ཁང་པ་(༥༢ན)


GLG021_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནོར་བུས་ནན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །བློ་གསལ་སྐལ་བཟང་གདུལ་བྱའི་ཚོགས་རྣམས་ལ། །གར་དབང་ཆོས་ཀྱི་གྲགས་པའི་རིང་ལུགས་མཆོག །སྤེལ་ཕྱིར་སྤྲུལ་སྐུའི་ཟླ་ཚེས་དབང་པོའི་སྡེ། །མཆོག་གསུམ་མཐུ་ཡི་རྡོ་རྗེ་ལྟར་བརྟན་ཤོག །ཅེས་པ་འདི་ནི་དགེ་འཕེལ་དབོན་པོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །བདེ་ལྡན་ངོ་མཚར་བཀོད་པའི་ཞིང་ཁམས་ན། །ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་ཚེ་མཐའ་ཡས། །དྲན་པས་སྲིད་ཞིའི་གདུང་སེལ་མགོན་པོ་ལ། །གསོལ་བ་འདེབས་སོ་དག་པའི་ཞིང་དུ་དྲོངས། །པད་རཱག་ལྷུན་པོ་དུས་མཐའི་མེས་ཀླུབ་པའི། །རྟ་མགྲིན་མི་བཟད་གསང་གསུམ་འཁོར་ལོའི་གར། །བྱང་ཆུབ་བར་དུ་སྒྲུབ་ཐབས་ལྷུར་ལེན་ན། །ཡི་སྲུབས་ནག་པོའི་སྡེ་ལས་རྒྱལ་བར་མཛོད། །ལྷ་ཆེན་མཧཱ་དེ་བའི་ཐུགས་ཀྱི་སྲས། །བསྟན་སྲུང་གནོད་སྦྱིན་བེག་ཙེ་ལྕམ་དྲལ་ལ། །རྟག་ཏུ་གསོལ་མཆོད་བསྟེན་ན་ཞི་རྒྱས་དབང༌། །མངོན་སྤྱོད་འཕྲིན་ལས་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་ཁར་ཁ་སྐུ་སྐྱེ་བློ་བཟང་བསྟན་འཛིན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །ངག་དབང་འཇམ་མགོན་བློ་བཟང་གྲགས་པའི་བསྟན། །འཆད་རྩོད་རྩོམ་པས་རྒྱ་ཆེར་སྤེལ་བ་ལ། །མཚོ་བྱུང་ལྷ་མོས་རྒྱུད་མངས་མགྲིན་པ་ནས། །ལེགས་འཁྲོལ་བཤེས་གཉེན་དམ་པར་གསོལ་བ་འདེབས། །ངག་ལ་སྨྲ་བའི་དབང་ཕྱུག་གྲུབ་པའི་བློ། །བསྐལ་བཟང་རྣམ་(༥༢བ)


GLG021_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་བཞི་པའི་རིང་ལུགས་ཀྱི། །གནད་གསང་རྒྱ་བཀྲོལ་དབྱར་མཚོ་ཇི་བཞིན་དུ། །འཕེལ་མཛད་རྡོ་རྗེ་ལྟ་བུར་ཞབས་བརྟན་ཤོག །སྒོ་གསུམ་ཉེར་འབད་རྒྱུ་སྦྱོར་སྦྱིན་པའི་བདག །འདི་ཕྱིའི་བདེ་སྐྱིད་དཔག་བསམ་ཡོངས་འདུའི་འབྲས། །རྟག་ཏུ་སྤྱོད་ལ་དགེ་བའི་བརྒྱ་བྱིན་གྱི། །གཙུག་ཏོར་རེག་པས་འཆི་མེད་ལུས་གྲུབ་ཤོག །ཅེས་པ་འདི་ཡང་ཉ་ཤུལ་སྐྱ་རིལ་གྱིས་སོག་དགའ་ལྡན་ལྷུན་པོར་འཛུགས་རྒྱུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སུག་བྲིས་བགྱིས་སོ། །འཇིགས་མེད་དུས་གསུམ་རྒྱལ་བ་མ་ལུས་ཡུམ། །འཇིགས་བརྒྱད་གཉེན་པོར་འཕགས་མའི་སྐུར་བསྟན་ནས། །འཇིག་པ་ཀུན་ལ་སྐྱེ་རྒུ་རྣམས་བསྒྲལ་ཏེ། །འཇིག་བྲལ་སར་འགོད་ལེགས་སྦྱིན་ལྷ་མོས་སྐྱོངས། །རབ་ལྗང་འཁྲི་ཤིང་ལྟར་མཉེན་སྐྱབས་སྦྱིན་ཕྱག །རབ་མང་ཡིད་ཅན་དབུག་དབྱུང་ཆེད་སྐྱོང་ཡང༌། །རབ་དཀར་མཛེས་སྡུག་ཟླ་བཞིན་འཛུམ་ཞལ་ཅན། །རབ་གསལ་སྤྱན་བདུན་ཉེར་གཟིགས་འཆི་མེད་ལྷས། །གནས་ལྔ་རིག་པར་མང་ཐོས་མཁས་གྲལ་སྙེག །ལུས་ངག་ཡིད་གསུམ་བག་ཡོད་ལ་དབང་བློས། །ཉེར་བཙུན་བརྩེ་ལྡན་བཟང་པོ་རྒྱ་ཆེན་འགྲོར། །དབྱར་མཚོ་ལྟ་བུར་འཕེལ་ཏེ་བརྟན་གྱུར་ཅིག །བློ་བཟང་གྲགས་སྙན་རབ་འབར་འཕྲིན་ལས་ཀྱི། །མ་སྨད་བསྟན་པ་རྒྱ་མཚོའི་གོས་ཅན་གཞི། །སྙིང་སྟོབས་རུས་སྦལ་གྱིས་འདེགས་མི་ཡི་བདག །སུམ་རྩེན་དབང་པོ་རྡོ་རྗེ་ལྟར་བརྟན་ཤོག །མང་ཐོས་ལུང་གི་ནགས་ཚལ་སྟུག་པོའི་དབུས། །རིག་པའི་སྐད་གསང་ཆེར་སྒྲོགས་སྟག་གི་ཚང༌། །གངས་ཅན་ར་བའི་སྟོད་སྨད་བར་གསུམ་གྱི། །བློ་གསལ་འདུས་གྲྭ་སྲིད་མཐར་རྒྱས་གྱུར་(༥༣ན)


GLG021_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཅེས་བརྟན་བཞུགས་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་སྐལ་བཟང་སྐྱེ་རྒུའི་འཇུག་ངོགས་གསང་ཕུ་ར་སྟོད་པ་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ༌། །ངག་དབང་བློ་གྲོས་བྱེ་བའི་གཏེར་མཛོད་མཆོག །བཟང་པོའི་སྐལ་ལྡན་རྒྱ་མཚོའི་དཔལ་མགོན་དུ། །འོག་མིན་ཞིང་གཙོ་ངེས་པ་ལྔ་ལྡན་ལྟར། །རྟག་ཏུ་གཡོ་བ་མེད་པར་བཞུགས་གྱུར་ཅིག །ནམ་ཡང་ཡོལ་མེད་དཀོན་མཆོག་ཐུགས་རྗེའི་རླབས། །བདེ་ལེགས་ཆུ་གཏེར་འབུམ་འཁྲིགས་མཚོ་གློང་ནས། །ཅི་བསམ་འདོད་འཇོ་ཡིད་བཞིན་དབང་གི་རྒྱལ། །གཙུག་ཏོར་རྩེ་མོར་འབྲལ་མེད་མཛེས་གྱུར་ཅིག །ཅེས་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་དགའ་ལྡན་འཕེལ་རྒྱས་གླིང་སློབ་དཔོན་པས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །བདེ་ཆེན་ཞིང་གི་མགོན་པོ་ཚེ་མཐའ་ཡས། །ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་རྣམ་རོལ་ཅན། །མཛོད་སྤུའི་ཟེར་འཕྲེང་འབར་བས་འཆི་བདག་མུན། །མཐར་བྱས་སྣང་བའི་ཕུན་ཚོགས་དགའ་སྟོན་སྩོལ། །རྣམ་འདྲེན་དེ་གསུང་སྲས་དང་ཉན་རང་སོགས། །སླུ་མེད་གཏན་གྱི་སྐྱབས་སུ་གྱུར་ཏོ་ཅོག །རྟག་ཏུ་བདེན་པའི་མཐུ་དང་ཐུགས་རྗེ་ཆེས། །དེང་འདིར་སྨོན་པའི་རེ་འབྲས་སྨིན་གྱུར་ཅིག །ངག་དབང་དབྱངས་ཅན་བློ་གྲོས་ལ་སྤྱོད་པའི། །སྐལ་བཟང་ཐོབ་པས་རྒྱ་ཆེན་ཤེས་བྱའི་གནད། །མཚོ་ནང་གཟུགས་ལྟར་མངོན་སུམ་གཟིགས་པའི་མགོན། །ཉི་ཟླས་མུན་སེལ་དེ་སྲིད་ཆོས་བསྟན་གསོལ། །དུས་དགྲའི་བརྟུལ་ཞུགས་འཇིགས་མེད་སེང་གེའི་སྩལ། །ཡིད་སྲུབ་གཅན་གཟན་མཆེ་བས་འབུབ་མིན་(༥༣བ)


GLG021_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གོ ། དཀར་ཆའི་ཆུ་ཤེལ་དབང་པོ་ལྟར་འཕེལ་ཏེ། །ཐུབ་བསྟན་ཡོངས་འདུའི་དཔལ་དུ་བརྟན་གྱུར་ཅིག །རྣམ་དཔྱོད་ལང་ཚོ་དར་བའི་ལྕགས་ཀྱུ་ཡིས། །ཕུན་ཚོགས་སྡེ་བཞིའི་དངོས་ཀུན་ཡོངས་བསྡུས་པར། །འཇམ་དབྱངས་དགའ་བས་མགྲིན་པ་པདྨོའི་མཚོར། །ལེགས་བཞུགས་བཤེས་གཉེན་དམ་པ་ཞབས་བརྟན་ཤོག །མི་འགྱུར་ཆོས་ཉིད་གསེར་ལྡན་ལྟོ་བ་རུ། །ཆོས་ཅན་རྒྱུ་ཚོགས་ས་བོན་ལེགས་བཏབ་པས། །རེ་བ་ཇི་བཞིན་འགྲུབ་པའི་དཔག་བསམ་ལྗོན། །ཕན་བདེའི་འབྲས་བུས་ཡོངས་སུ་དུད་གྱུར་ཅིག །ལྷག་བསམ་གངས་ཀྱི་རྡུལ་བརྩེགས་ལས་བབས་པའི། །ཆོས་དཀར་གངྒཱའི་ཆུ་རྒྱུན་འཛད་མི་ཤེས། །བྱང་ཆུབ་སྙིང་པོའི་ཟླ་བའི་མ་མ་དང༌། །རོ་གཅིག་འགྲོ་རྣམས་ཀུན་མཁྱེན་ཐོབ་ཕྱིར་བསྔོ། །ཞེས་བརྟན་བཞུགས་ཀྱི་ཚིགས་སུ་བཅད་པ་འདི་ནི་གཟིམས་དཔོན་གྱི་ལས་འཛིན་རི་ཁྲོད་དགའ་ལྡན་སློབ་དཔོན་ཟུར་པ་བྱམས་པ་རིན་ཆེན་སོགས་ངེད་རང་གི་ཉེ་སྐོར་དུ་རྒྱུན་སྡོད་ཀྱི་དྲུང་འཁོར་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་བློ་བཟང་དངོས་གྲུབ་བོ། །ཡིད་བཞིན་མཚོར་འཁྲུངས་འདབ་བརྒྱའི་ཟེའུ་འབྲུའི་རྩེར། །རབ་དཀར་ཆ་ཤས་འཁོར་ལོ་ཉ་གང་སྟེང༌། །ཡིད་འཕྲོག་བལྟ་བས་ངོམས་མིན་ཚེ་སྦྱིན་ལྷ། །བཅོམ་ལྡན་འདས་མས་འཆི་མེད་དངོས་གྲུབ་སྩོལ། །གནམ་གྱི་ཤེ་མོང་དཔུང་པའི་ལྡེ་མིག་གིས། །ཞྭ་སེར་ཆོས་སྲིད་འཕྲིན་ལས་སྡེ་བཞིའི་སྒོ། །རྒྱ་མཚོའི་གོས་ཅན་མཐར་ཁྱབ་ལེགས་འབྱེད་པ། །ནོར་འཛིན་སྐྱོང་བའི་དབང་པོ་ཞབས་བརྟན་ཤོག །སླུ་མེད་དཀོན་མཆོག་རྣམ་གསུམ་ཐུགས་རྗེའི་གཟི། །སྟོབས་ལྡན་དམ་པ་ཆོས་ཀྱི་སྲུང་མའི་མཐུ། །ལྷར་བཅས་(༥༤ན)


GLG021_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་ཚིགས་ས་བོན་ཡོངས་བཏབ་པའི། །འབྲས་བཟང་ལེགས་སྨིན་དགའ་སྟོན་དེང་འགྲུབ་ཤོག །ཅེས་ས་སྐྱོང་ཕྱག་མཛོད་འཕྲིན་ལས་རྒྱ་མཚོའི་བརྟན་བཞུགས་འདི་ནི་རི་ཁྲོད་དགའ་ལྡན་སློབ་དཔོན་གཙོ་བོས་གྱུར་པའི་ཉེ་འཁོར་དྲུང་འཁོར་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་སོ། །ལས་ཀྱི་མེ་ལོང་རི་མོ་ལྟར་བཀོད་ནས། །འཁོར་བ་མཐའ་ཅན་དེ་སྲིད་རྡོ་རྗེའི་སྐུ། །ངེས་པ་ལྔ་ལྡན་ཇི་བཞིན་སྟོན་མཛད་པ། །པདྨ་ཐོད་ཕྲེང་ཐུགས་རྗེའི་མཐུ་དཔུང་བསྐྱེད། །ཁྲི་སྲོང་རིགས་སྲས་ལྷ་ལྕམ་པདྨ་གསལ། །ཟབ་གཏེར་སྒོ་འབྱེད་དོན་དུ་ལས་བྲེལ་རྩལ། །ཀློང་ཆེན་ཆོས་ཀྱི་རྒྱལ་པོ་པད་གླིང་སོགས། །རིམ་བྱོན་སྤྲུལ་པའི་ཟློས་གར་ཆད་མེད་ཤོག །མགོན་ཁྱོད་གསུང་གསང་རྡོ་རྗེའི་རང་བཞིན་གང༌། །མཆོག་དམན་གདུལ་བྱའི་སྤྱོད་ཡུལ་སྐྱེད་ཚལ་དུ། །ངོ་མཚར་སྤྲུལ་པའི་འདབས་སྟོང་རབ་བཞད་པ། །ཐུགས་སྐྱེད་ཉིན་བྱེད་མངོན་སུམ་འཆར་བར་ཤོག །བག་ཡོད་ཚུལ་ཁྲིམས་རྣམ་དག་ངུར་སྨྲིག་འཆང༌། །གསང་ཆེན་རྡོ་རྗེ་ཐེག་མཆོག་སྙིང་པོར་འཛིན། །སྔ་འགྱུར་བསྟན་པའི་སྲོག་ཤིང་དམ་པ་ཡི། །ཡང་སྲིད་ཁ་བའི་ལྗོངས་འདིར་མྱུར་བྱོན་ཤོག །ཟང་མདོག་དཔལ་རིར་པད་གླིང་དངོས་བཞུགས་ཀྱང༌། །སླར་སྤྲུལ་རང་བསྟན་ཆོས་ཀྱི་རྒྱལ་སྲིད་དུ། །ཐེག་མཆོག་རིན་ཅེན་ཅོད་པཎ་ལེགས་བཅིང་ནས། །རིང་མིན་དབང་སྐུར་བཀྲ་ཤིས་བྱིན་ཆེན་ཕོབ། །ཚོགས་གཉིས་རྒྱ་མཚོའི་ཉ་ཕྱིས་ཁོག་ཡངས་ལས། །རྟག་ཏུ་བམས་འདོད་འབྲས་ཡོངས་སྨིན་ཤོག །སྲས་བཅས་རྒྱལ་བའི་ངོ་བོ་པདྨ་འབྱུང༌། །བདེ་གཤེགས་ཞི་ཁྲོ་ཀུན་འདུས་བཀའ་(༥༤བ)
བརྒྱད་ལྷ། །མ་ནིང་བསྟན་སྲུང་རྒྱ་མཚོར་བཅས་པ་ཡིས། །བསམ་དོན་ལྷུན་གྱིས་འགྲུབ་པར་བདག་བྱིན་རློབས། །ཞེས་འཁྲུལ་མེད་གླིང་པ་བཅུ་གཅིག་གི་ནང་ཚན་རིག་འཛིན་ཆེན་པོ་པདྨ་གླིང་པའི་གསུང་གི་སྤྲུལ་པ་ཚུལ་ཁྲིམས་རྡོ་རྗེའི་སྤྲུལ་པའི་སྐུ་མྱུར་འབྱོན་གྱི་སྨོན་ལམ་བདེན་པའི་ཚིགས་སུ་བཅད་པ་འདི་ནི་དབང་ཆེན་རྟ་མཆོག་གི་སྤྲུལ་པ་ཐུགས་སྲས་ཟླ་བའི་ཡང་སྲིད་བསྟན་འཛིན་འགྱུར་མེད་རྡོ་རྗེའི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །


previousབཀའ་བརྒྱད་སྦུག་པའི་དཀའ་བཅུ་བསོད་ནམས་ཕུན་ཚོགས་དུས་ལས་འདས་པའི་དགེ་བར་རྨེ་རུ་གཙང་ཁང་སྦུག་ཏུ་ལྡེབས་བྲིས་བྱས་པའི་ཚེ་སྨོན་ལམ་ཚིགས་བཅད་སོགས།next