Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
བི་ཤཱ་ཀརྨ་ལྟ་བུའི་རི་མོ་བ་ཆོས་དབྱིངས་རྒྱ་མཚོས་ཤར་གླིང་ཆོས་སྡེའི་གནས་བཅུ་ཁང་ལ་ཞིག་གསོས་བྱས་པའི་དགེ་བསྔོའི་སྨོན་ལམ་ཚིགས་བཅད་སོགས།
   
   
   
   
   
   
   
   
   
   
   
   


 
previousབི་ཤཱ་ཀརྨ་ལྟ་བུའི་རི་མོ་བ་ཆོས་དབྱིངས་རྒྱ་མཚོས་ཤར་གླིང་ཆོས་སྡེའི་གནས་བཅུ་ཁང་ལ་ཞིག་གསོས་བྱས་པའི་དགེ་བསྔོའི་སྨོན་ལམ་ཚིགས་བཅད་སོགས།next

བི་ཤཱ་ཀརྨ་ལྟ་བུའི་རི་མོ་བ་ཆོས་དབྱིངས་རྒྱ་མཚོས་ཤར་གླིང་ཆོས་སྡེའི་གནས་བཅུ་ཁང་ལ་ཞིག་གསོས་བྱས་པའི་དགེ་བསྔོའི་སྨོན་ལམ་ཚིགས་བཅད་སོགས།


GLG021_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བི་ཤཱ་ཀརྨ་ལྟ་བུའི་རི་མོ་བ་ཆོས་དབྱིངས་རྒྱ་མཚོས་ཤར་གླིང་ཆོས་སྡེའི་གནས་བཅུ་ཁང་ལ་ཞིག་གསོས་བྱས་པའི་དགེ་བསྔོའི་སྨོན་ལམ་ཚིགས་བཅད་སོགས།བུ དྡྷཱ ནཱཾ པྲ ཀྲྀ ཡ དྷ རྨ སྱ དྒཱ ཏུཿ དྲྀ ཥྟི རྒྷཱ གི རྒ ནུ ཙ བྷྲཱ མི ཏཱ གཾ །སངས་རྒྱས་ཀུན་གྱི་རང་བཞིན་ཆོས་ཀྱི་དབྱིངས། །མཐོང་བའི་སྐལ་ཕྲ་འཁོར་འཁྱམས་འགྲོ་བ་ལ། །ནཻ མི ཏྟོ དྱཾ རུ པི དྲྀ ཏ བྲ ཏྱ ཙ ཀྵུ སཱུ ཪྻ རྨྀ ཏྲཾ ས ཧ ཧེ ཡཱ ད ཤི ཥྱཾ །མཚན་དཔེའི་སྣང་བརྙན་དངོས་སྟོན་ཉི་མའི་གཉེན། །གང་གི་སྲས་དང་སློབ་མར་བཅས་པ་ཀྱེ། །(༥༥ན)


GLG021_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་སྲུབས་རྩོད་ལ་ཚད་མར་གྱུར་པའི་དཔང༌། །ས་ཡི་ལྷ་མོ་གསེར་ལྡན་ལས་འཕགས་བཞིན། །ལྷག་བསམ་དག་པས་བསྐྲུན་པའི་ཆོས་དཀར་གྱི། །ཕུང་པོ་བྱང་ཆུབ་སྙིང་པོར་བསྒྱུར་ཆེད་དགོངས། །སྣང་སྲིད་གཟུགས་སུ་འཆར་བའི་སྒྱུ་མ་མཁན། །ཆོས་དབྱིངས་རྒྱ་མཚོར་ཉེར་གྲགས་རི་མོ་བས། །རབ་བསྒྲུབས་རྟེན་དང་བརྟེན་པའི་ཉལ་འགྲོའི་ཚོགས། །རྣམ་མཁྱེན་རྒྱ་མཚོའི་ཀློང་དུ་རོ་གཅིག་ཤོག །སྐྱེ་རྒུའི་ཕན་བདེ་བླ་ནས་བླར་འདེགས་པ། །སྙིང་སྟོབས་ཀུན་བཟོད་མ་ཡི་རྗེ་འགྲོ་གང༌། །སྲིད་ཞིའི་སྐྱེ་བརྒྱུད་འཛད་མེད་མཐའ་ཅན་བར། །མི་འབྲལ་རླབས་ཆེན་སྤྱོད་པས་དུས་འདར་ཤོག །དགེ་བའི་མཐུན་རྐྱེན་བསྒྲུབ་པར་གཏོགས་སོ་ཅོག །མི་ཟད་སྡིག་ཏོའི་སྨག་རུམ་ལས་སློང་བ། །ཐབས་ཤེས་ཉི་ཟླ་ཟུངགི་གནས་སྐབས་དང༌། །གཏན་འདུན་སྣང་བའི་འོད་ཆེན་འབར་གྱུར་ཅིག །ཅེས་པ་འདི་ནི་བི་ཤཱ་ཀརྨ་ལྟ་བུའི་རི་མོ་བ་ཆོས་དབྱིངས་རྒྱ་མཚོས་ཤར་གླིང་ཆོས་སྡེའི་གནས་བཅུ་ཁང་ལ་ཞིག་གསོས་བྱས་པ་སོགས་ཀྱིས་མཚོན་ཏེ་བྱ་བ་ལས་ཀྱི་འཁོར་ལོའི་དགེ་ཚོགས་བགྱིས་པ་རྣམས་བྱང་ཆུབ་ཀྱི་རྒྱུར་བསྔོ་བའི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །བདུད་བཞིའི་དཔུང་ཚོགས་ཚོགས་གཉིས་མཐུས་བཅིལ་སྟེ། །མཚན་ཙམ་ཐོས་ཚེ་ཚེ་ཡི་དཔལ་སྟེར་བ། །བདེ་ལྡན་དག་ཞིང་ཞིང་ཁམས་གཙོ་བོའི་མགོན། །ཐུགས་རྗེའི་སྤྱན་དཀྱུས་དཀྱུས་རིང་ལྷུར་གཟིགས་གསོལ། །དབྱངས་ཅན་མགྲིན་འཁྱུད་བརྗོད་པ་རྣམ་དག་ངག །དབང་ཕྱུག་གྲུབ་པའི་བློ་གྲོས་བཟང་པོ་ཡིས། །རྒྱ་ཆེན་ཤེས་བྱ་རྒྱ་མཚོ་ལྟར་ཟབ་ཡངས་པར། །སྤོབས་པ་(༥༥བ)


GLG021_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་བཤེས་ཁྱོད་བརྟན་པར་ཤོག །ཞྭ་སེར་འཆང་བའི་བཤད་དང་སྒྲུབ་པའི་བསྟན། །དེ་འཛིན་འདུས་སྡེ་ཆོས་སྲིད་བླ་ནས་བླར། །རབ་འདེགས་ནོར་འཛིན་སྐྱོངས་བའི་མངའ་ཐང་སོགས། །ཕུན་ཚོགས་སྐྱིད་པའི་ཉི་མ་དགུང་འཆར་ཤོག །འཇིག་རྟེན་སྤྱི་དང་གངས་ཅན་སྐྱེ་རྒུ་ཡི། །དུས་གསུམ་བསགས་དང་གསོག་འགྱུར་སྒྲུབ་བཞིན་པ། །རབ་དཀར་དགེ་བའི་འབྲས་བུ་མུ་སྟི་ཀའི། །འཛད་མེད་ཆར་ཆེན་རྟག་ཏུ་འབབ་པར་ཤོག །ལྷག་བསམ་གངྒའི་ཡབཅིག་ལས་འོངས་པ། །བསོད་ནམས་བྱས་པའི་ཆུ་ཀླུང་འབབ་པའི་རྒྱུན། །མཁའ་མཉམ་མ་རྒན་ཡིད་ཅན་མ་ལུས་པ། །བྱང་ཆུབ་སྙིང་པོའི་རྒྱ་མཚོ་རྒྱས་ཕྱིར་བསྔོ། །ཞེས་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱིའི་གདན་ས་པ་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོས་འཕྱོང་རྒྱས་སྐྱ་སེར་སྤྱིའི་ངག་འདོན་དུ་བདེན་པ་བརྗོད་པའི་ཚིགས་བཅད་གཅིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོས་ཆང་ཁྱིམ་པ་བློ་བཟང་དངོས་གྲུབ་བོ། །བརྒྱ་རྩ་བརྒྱད་པའི་མཚན་སྙན་གྲུ་གཟིངས་ཀྱིས། །འཁོར་མཚོར་འཆི་བདག་རྦ་ཀློང་ལས་བསྒྲལ་ཏེ། །བདེ་སྐྱིད་རིན་ཆེན་གླིང་འཁྲིད་དེད་དཔོན་ཆེ། །ཚེ་མཐའ་ཡས་པའི་མགོན་དེ་འདིར་གཤེགས་ཤིག །གྲངས་མེད་ལུས་སྤྲུལ་ཕྱག་འཚལ་མཆོད་སྤྲིན་སྤྲོ། །ཉེས་ཚོགས་ཀུན་བཤགས་དགེ་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཕྱིར་མྱ་ངན་མི་འདར་བཞུགས། །བདག་སོགས་སྨོན་ལམ་ཅི་བཏབ་འགྲུབ་བྱིན་རློབས། །གདངས་སྙན་ངག་གི་དབང་ཕྱུག་བརྒྱད་ལྡན་ལྷའི། །ཐུགས་རྗེས་བསྐུལ་བྱེད་མོས་བློས་གསོལ་བཏབ་མཐུས། །བསྐལ་བཟང་གདུལ་བྱ་རྒྱ་མཚོའི་བཤེས་གཉེན་མཆོག །ངེས་པ་ལྔ་ལྡན་བཞིན་དུ་(༥༦ན)


GLG021_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་ཤོག །འཇམ་དཔལ་རྡོ་རྗེ་ཀུན་མཁྱེན་བཙོང་ཁ་པའི། །བསྟན་པ་རིན་ཆེན་རྣམ་གསུམ་འཁོར་ལོ་ཡིས། །དཀར་ཆ་འཕེལ་བའི་བསིལ་ཟེར་རྗེས་འགྲོ་བས། །འཛམ་གླིང་སྐྱེ་རྒུའི་གདུང་བའི་མུན་བསེལ་ཤོག །ཚེ་རིང་གནམ་གྱི་ཤེ་མོང་དཔུང་པ་ཡིས། །དུས་ཀྱི་བདག་པོར་གྲུབ་པའི་ལས་ཤུགས་རྗེས། །བོད་ཆེན་ནོར་འཛིན་འབྲང་བའི་མི་ཡི་བདག །སྐུ་ཚེ་ཆབ་སྲིད་མངའ་ཐང་འཕེལ་བར་ཤོག །བརྒལ་བརྟག་དཔྱད་བཟོད་ལུང་རིགས་ཤིང་རྟ་ཡིས། །ལེགས་བཤད་ཡིད་བཞིན་ནོར་བུ་འདྲེན་མཁས་པའི། །བློ་གསལ་དྭགས་པོ་གྲ་ཚང་སྲིད་མཐའི་བར། །ཡོངས་རྒྱས་ཐོས་བསམ་བསྟན་པ་དར་བར་ཤོག །བསོད་ནམས་ཞིང་ལ་སྲི་ཞུ་ཡི་གེ་དྲུག །བྱེ་བ་དུང་ཕྱུར་གྲངས་སྤེལ་སྦྱིན་པའི་བདག །ལུས་ངག་ཡིད་ཀྱིས་མཐུན་རྐྱེན་སྦྱོར་བ་རྣམས། །འདི་ཕྱི་གཏན་གྱི་འདུན་མ་ལྷུན་གྲུབ་ཤོག །སྤྱི་དང་ཁྱད་པར་གངས་ཅན་སྨན་ལྗོངས་འདིར། །ནད་མུག་འཁྲུག་རྩོད་དུས་ཀྱི་ཆད་པའི་ཚོགས། །རབ་ཞི་ཚེ་འབྱོར་བདེ་སྐྱིད་བརྒྱད་ཁྲིའི་ལོར། །སྤྱོད་པའི་འཛམ་གླིང་ཡིད་ཅན་སྤུན་ཟླར་ཤོག །མདོར་ན་བསགས་དང་གསོག་འགྱུར་བྱེད་བཞིན་པ། །རྣམ་སྨིན་དཀར་པོར་འཛག་པའི་ལས་བཟང་ཀུན། །ལྷ་ལམ་མཐའ་བཞི་ཚད་བཟུང་ནུས་མིན་པ། །མ་རྒན་འགྲོ་རྣམས་སངས་རྒྱས་འཐོབ་ཕྱིར་བསྔོ། །ཞེས་པ་འདི་ནི་སྟག་རུ་བ་ནོར་བུས་བདེ་ཆེན་ཁང་གསར་དུ་ཡིག་དྲུག་དུང་ཕྱུར་བཙུགས་སྐབས་དྭགས་པོ་གྲྭ་ཚང་གི་ཞལ་འདོན་དུ་འཛུགས་རྒྱུའི་བརྟན་བཞུགས་ཤིག་དགོས་ཚུལ་བྱུང་བ་ལྟར་མགོན་པོ་ཚེ་དཔག་མེད་ལ་ཡན་ལག་བདུན་པ་དང་འབྲེལ་བར་རིང་འཚོ་བདེན་ཚིག་སྤྱི་སྒོས་ཀྱི་སྨོན་ལམ་དང་བཅས་ཏེ་ཟ་ཧོར་གྱི་(༥༦ན)


GLG021_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བནྡེས་སུག་བྲིས་སུ་བྱས་སོ། །དུས་གསུམ་རྒྱལ་ཀུན་སྲས་བཅས་ངོ་བོ་ཉིད། །མཚར་ཆེན་རྡོ་རྗེ་འཆང་དབང་སྦྱང་གཞིའི་སྐུ། །སྦྱངས་འབྲས་ཚེ་མཐའ་ཡས་པའི་མགོན་པོ་མཆོག །དབྱིངས་རིགས་དག་པའི་ཀློང་འདིར་གཤེགས་ཤིང་བཞུགས། །གངྒཱའི་རྡུལ་གྲངས་ལུས་སྤྲུལ་གུས་ཕྱག་འཚལ། །ཕྱི་ནང་གསང་མཆོད་ནམ་མཁའ་མཛོད་ཕྱེ་འབུལ། །བསགས་པའི་སྡིག་ཚོགས་སྟོབས་བཞིའི་སྒོ་ནས་བཤགས། །སྲིད་ཞིའི་མཐའ་ཀླས་དགེ་ལ་རྗེས་ཡི་རང༌། །མགོན་རྣམས་འགྲོ་བློར་འཚམས་ཆོས་སྟོན་པས་སྤྲུལ། །ཆོས་ཀྱི་དབྱིངས་སུ་ཉི་ཟླ་རྟག་བཞུགས་གསོལ། །རང་བཞན་ཀུན་གྱི་ལེགས་བྱས་ས་བོན་ཚོགས། །བྱང་ཆུབ་མཆོག་གི་མྱུ་གུ་སྐྱེ་རྒྱུར་བསྔོ། །སླུ་མེད་གཏན་གྱི་སྐྱབས་གནས་ཁྱེད་རྣམས་ལ། །དབང་རྣོན་ཆོས་རྗེས་འབྲང་ཏེ་བཅད་བརྡར་བས། །རྒྱུ་མཚན་རབ་ངེས་མི་ཕྱེད་དད་པ་ཡིས། །སྙིང་ནས་གསོལ་བ་འདེབས་ན་བདག་བྱིན་རློབས། །གདོན་བགེགས་འབྱུང་པོའི་གནོད་འཚེའི་ཀེག་སྲི་ལངས། །ནད་རིམ་དུས་མིན་འཆི་དབུལ་ཞལ་ལྕེ་བབས། །སེང་གླང་དུག་སྦྲུལ་ཆོམ་རྐུན་མེ་ཆུ་དང༌། །ལྕག་སྒྲོག་ཤ་ཟའི་འཇིགས་ཀུན་ལས་ཐར་ཤོག །རྩོད་པའི་ལྕགས་ཁམས་རྫོགས་ལྡན་སུ་ཝརྞར། །ལེགས་བསྒྱུར་ཚེ་དང་དཔལ་དང་ལོངས་སྤྱོད་སོགས། །མངོན་སུམ་ཉམས་སུ་མྱོང་བ་སུན་རྩེན་གྱི། །དབང་ཕྱུག་བརྙེས་པའི་སྐལ་བཟང་ལྷུན་གྲུབ་ཤོག །འདི་ནས་འཕོས་ཚེ་བདེ་ལྡན་ཞིང་ཁམས་སུ། །ཐོགས་པ་མེད་བགྲོད་རྒྱལ་བའི་སྲས་གྱུར་ཏེ། །རང་གཞན་དོན་གཉིས་བསྒྲུབ་ཕྱིར་ཕྱིན་དྲུག་གི །རླབས་ཆེན་སྤྱོད་པའི་ཚོགས་ལ་འཇུག་པར་ཤོག །མ་རྒན་སྐྱེ་རྒུར་བརྩེ་བས་འཁོར་བ་ལས། །མི་སྐྱོའི་ཡང་སྲིད་འཛིན་ཚེ་སློབ་བཤད་ཆོས། །(༥༧ན)


GLG021_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བརྒྱུད་ཚད་མ་བཞི་ལྡན་ལེགས་སྟོན་པའི། །ཡོངས་འཛིན་རྣམས་ཀྱི་རྟག་ཏུ་རྗེས་འཛིན་ཤོག །ངེས་གསང་སྨིན་གྲོལ་འབྲས་བུ་ཡོངས་དུད་པ། །ཟུང་འཇུག་སྐུ་བཞིའི་དཔག་བསམ་ལྗོན་པ༌ཡི། །གྲིབ་མ་ནམ་མཁའི་ཕ་མཐའ་གཞལ་ནུས་པའི། །ཡིད་ཅན་མཐའ་དག་ངལ་གསོར་སྤྱོད་གྱུར་ཅིག །ཅེས་པ་མཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་སྦྱར་བ་ཡིན་ཅིང༌། རིགས་འཛིན་ཆེན་པོ་ལ་སྦྱོར་ན། མཚར་ཆེན་རྡོ་རྗེ་འཆང་དབང་སྦྱང་གཞིའི་སྐུ། །ཞེས་པ། རིགས་འཛིན་ལེགས་ལྡན་རྡོ་རྗེ་སྦྱང་གཞིའི་སྐུ། །ཞེས་པ་དང༌། མི་སྐྱོའི་ཡང་སྲིད་འཛིན་ཚེ་སློབ་བཤད་ཆོས། །སྙན་བརྒྱུད་ཚད་མ་བཞི་ལྡན་ལེགས་སྟོན་པ། །ཞེས་པ། མོ་སྐྱོའི་ཡང་སྲིད་འཛིན་ཚེ་ཀ་དག་དབྱིངས། །ལྷུན་གྲུབ་འོད་ལྔ་མངོན་སུམ་ངོ་སྤྲོད་པའི། །ཞེས་འདོན་པ་བསྒྱུར་བས་འགྲུབ་བོ། །གནས་སྐབས་མཐར་ཐུག་གི་རྒུད་པ་ཞི་ཞིང༌། མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པའི་སྨོན་ལམ་ཞིག་དགོས་ཞེས་ཁའུ་བྲག་རྫོང་པ་དང་རིགས་འཛིན་ལེགས་ལྡན་རྡོ་རྗེའི་རིང་ལུགས་ལ་མི་ཕྱེད་པའི་དད་པ་ཅན་མང་དུ་ཐོས་པའི་དཔྱོད་ལྡན་གླང་ཕུ་ནས་དགྲ་འདུལ་ཚེ་རིང་གིས་བསྐུལ་བ་ལ་བརྟེན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བློ་བཟང་དངོས་གྲུབ་བོ། །དགེ་བའི་ཞིང་སར་སྨོན་ལམ་ལེགས་བཏབ་འབྲས། །འདྲེན་མཆོག་བླ་མ་ཞབས་པད་རབ་བརྟན་ཞིང༌། །ས་སྐྱོང་མི་དབང་སྐུ་ཚེ་ཆབ་སྲིད་དར། །འབངས་རྣམས་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །ཅེས་བརྟན་བཞུགས་སྨོན་ལམ་ཚིགས་བཅད་འདིའང་ལྷ་ས་སྤྱི་ཚོགས་ཀྱི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །མི་ཤིགས་སྐྱིལ་ཀྲུང་གཅིག་བཅས་ཏིང་འཛིན་གྱིས། །བདུད་སྡེའི་དཔུང་ཚོགས་ཞིག་(༥༧བ)


GLG021_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲ་སྙན་པ། །ཚངས་པའི་ཡུལ་སར་སྒྲོག་མཛད་དོན་ཀུན་གྲུབ། །དཀྱུས་རིང་སྤྱན་གྱིས་རྟག་ཏུ་བཙའ་བར་མཛོད། །འཁོར་རྩ་དུག་གསུམ་ནད་རྣམས་གསོ་བྱད་སྨན། །ཆོས་ཕུང་གངྒཱའི་ཡབ་གཅིག་ལས་བབས་པ། །མདོ་རྒྱུད་གླེགས་བམ་ཡན་ལག་བརྒྱད་ལྡན་ཆབ། །གངས་ལྗོངས་ཟླ་བའི་མ་མར་འཁྱིལ་འདི་སྨད། །བརྡ་དག་དབྱིབས་ལེགས་གཟུགས་སུ་གསུང་རབ་རྣམས། །སོར་མོས་གར་བསྒྱུར་རྣམ་དཔྱོད་སི་ཏ་མ། །འཕྲོག་བྱེད་ཡིད་སྲུབས་ལངྒའི་མགྲིན་གཅོད་པའི། །མཐུ་རྩལ་དགའ་བྱེད་ལྷ་དང་མཉམ་འཐོབ་ཤོག །འཕེལ་ཟད་འདུ་བ་འཁྲུགས་དང་གདོན་གྱི་བྱ། །དཀོན་ཅོག་ཐུགས་རྗེའི་ནགས་ལ་སྦར་བའི་མེ། །གསོལ་འདེབས་རླུང་གིས་བདས་པས་ལུས་སེམས་རྣམས། །མནར་བྱེད་ཟུག་རྔུ་མིང་གི་ལྷག་མར་ཤོག །དཀར་ཕྱོགས་སྐྱོང་བར་ཞལ་འཆེས་ཕྱི་ནང་མགོན། །བྱེ་བྲག་གནས་ཡུལ་ལྷ་སྲུང་རླུང་ཤུགས་ཀྱིས། །གེགས་བྱེད་འཐིབས་པོའི་སྤྲིན་ནག་ག་གཤེད་དུ། །གཏོར་ཏེ་བཙལ་ཡང་དམིགས་སུ་མེད་པར་མཛོད། །རྒྱུད་ལྔའི་མྱ་ངམ་ཐང་དུ་ལས་ཉོན་མེས། །ཚ་གདུང་རིས་མེད་ཡིད་ཅན་མ་ལུས་པ། །རྒྱལ་བསྟན་ཡོངས་འདུ་དར་དྲག་གྲིབ་བསིལ་ལ། །བདེ་སྐྱིད་རྩེ་དགའ་གཞལ་ནུས་ངལ་གསོར་ཤོག །སེམས་ཅན་བསམ་པའི་ནམ་མཁའ་ཟད་མིན་བར། །འཆར་དང་ནུབ་སྤངས་དམ་བཅའ་འོག་མིན་གྱི། །ངེས་པ་ལྔ་ལྡན་མགོན་བཞིན་བཤེས་གཉེན་མཆོག །རྟག་ཏུ་ཆད་མེད་ཆོས་འཁོར་བསྐོར་བར་ཤོག །ཚངས་པས་ཀ་བ་མེད་པར་གནམ་གྱི་སྒོ། །ཕྱེ་ནས་མང་བཀུར་རྒྱལ་ཁབ་ཡངས་པའི་ཁྲིར། །དུས་ཀྱི་བདག་པོར་ཉེར་བཀོད་མི་ཡི་བདག །ཆབ་སྲིད་མངའ་ཐང་དགུང་དང་མཉམ་པར་ཤོག །རྩོད་དུས་(༥༨ན)


GLG021_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཕྲའི་མིག་ཟུམ་ཕྲ་མོས་ཀྱང༌། །རེག་མིན་རྫོགས་ལྡན་སྐྱེ་རྒུའི་དཔལ་འབྱོར་ཚེ། །སྤྱི་དང་ཁྱད་པར་རྒྱ་ཧོར་བོད་འབངས་ཀྱི། །མངོན་སུམ་ཉམས་སུ་མྱོང་བའི་སྐལ་བཟང་ཤོག །རྟེན་འབྲེལ་རྒྱུ་འབྲས་སླུ་མེད་ཆེ་བ་འདས། །འདྲི་ཀློག་ལས་བྱེད་རྒྱུ་སྦྱོར་སྦྱིན་བདག་རྣམས། །རིང་འཚོའི་སྲོག་གི་ཀ་བ་བརྟན་པོ་ཡིས། །ལས་ཀྱི་མེ་ལོང་འཛིན་པའི་ངལ་བསྟེན་ཤོག །གཉིས་མི་ཟ་བ་དད་པའི་མངལ་ཡངས་པོར། །དགེ་ཚོགས་ཕུང་པོའི་གསེར་སྒོང་སྨིན་པ་ཡིས། །ཆོས་ནོར་འདོད་ཐར་འཛུམ་ཞལ་བཞི་ལྡན་པ། །གྲུབ་པའི་མེས་པོའི་མཆེད་ཟླར་གྱུར་བར་ཤོག །ལེགས་བྱས་སྤེལ་བའི་མཆོད་སྦྱིན་བརྒྱ་ཕྲག་གིས། །ལྷ་མིའི་རྟེན་བཟང་འཁོར་མོ་ཡུག་མྱོང་མཐར། །མྱ་ངན་ལས་འདས་འཆི་མེད་བདག་པོའི་ཁྲི། །རྣམ་པར་གནོན་པའི་དབང་ཐང་ཆེས་འབར་ཤོག །ཡེ་ཤེས་ཚོགས་ཀྱི་གྱད་རིགས་དཔའ་བོའི་གཡུལ། །བསོད་ནམས་རུ་ལྡན་གོ་མཚོན་མཐོར་བསྒྲེངས་ཏེ། །ལུས་མེད་འཇུག་པ་བཞི་ཡི་དཔུང་བཅོམ་པའི། །རྒྱལ་རྔ་སྐུ་གསུམ་ཁང་རྩེར་རྡུང་གྱུར་ཅིག །ཅེས་པ་འདི་ཡང་གནམ་སའི་དབང་ཕྱུག་བསྟན་འཛིན་དཱ་ཡན་རྒྱལ་པོ་དང༌། སྟོབས་ཀྱི་དཔུང་པས་སའི་དཀྱིལ་འཁོར་རྣམ་པར་གནོན་པ་ཨོ་ཆི་ཐུ་ཐའི་ཇི་གཉིས་ཀྱིས་ལུང་སྡེ་བཞི། ཤེར་ཕྱོགས། མདོ་སྡེ་རྣམས་གངས་ལྗོངས་སུ་འགྱུར་རོ་ཚལ་དང༌། རྒྱུད་འབུམ་ཐོར་བུ་བཅས་པའི་གླེགས་བམ་བརྒྱ་ཕྲག་བཞེངས་པའི་དུས། སྤྱི་སྒོས་ཀྱི་སྨོན་ལམ་དཔོན་ཡིག་པ་རྣམས་ཀྱི་ཁ་ཏོན་བྱེད་རྒྱུ་ཞིག་དགོས་ཞེས་ནང་སོ་དཀོན་མཆོག་དར་རྒྱས་ཀྱིས་བསྐུལ་བའི་ངོར་ལྷ་སྡེ་མི་སྡེ་གང་གིས་ཆོས་བཞེངས་སར་ཡང་བཏོན་ཆོག་(༥༨བ)


GLG021_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་ཀྱི་སྤྱི་ཁྱབ་ལས་དམིགས་གསལ་མེད་པའི་སྙན་ཚིག་གི་སྦྱོར་བ་འདི་ནི་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེའི་འདུ་བྱེད་པ་ཆང་ཁྱིམ་པ་བློ་བཟང་དངོས་གྲུབ་བོ། །བསྐལ་བརྒྱར་མི་ཤིགས་མཆོག་གསུམ་ཐུགས་རྗེའི་གར། །རྒྱལ་བ་ཀུན་ཡུམ་རྣམ་རོལ་ཚེ་སྦྱིན་མ། །ཡིད་བཞིན་འཁོར་ལོའི་དཀྱུས་རིང་སྤྱན་རས་ཀྱིས། །མི་གཡེལ་གཟིགས་པས་བདེན་ཚིག་འགྲུབ་བྱིན་རློབས། །ངག་དབང་འཇམ་དབྱངས་དགྱེས་པའི་བཤེས་གཉེན་མཆོག །བློ་གསལ་སྐལ་བཟང་རྒྱ་མཚོའི་རྣམ་འདྲེན་དུ། །ཇི་སྲིད་འཁོར་བ་མཐའ་ཅན་གྱུར་མིན་བར། །ངེས་པ་ལྔ་ལྡན་བཞིན་དུ་བརྟན་པར་ཤོག །ཁ་བའི་ལྗོངས་འདིར་ཐུབ་བསྟན་རབ་རྒྱས་ཤིང༌། །ས་སྐྱོང་རྒྱལ་པོའི་མངའ་ཐང་ཆབ་སྲིད་འཕེལ། །འགྲོ་ཀུན་རྫོགས་ལྡན་དུས་ཀྱི་བདེ་སྐྱིད་ལ། །ལྷན་ཅིག་ལོངས་སུ་སྤྱོད་པའི་སྐལ་ལྡན་ཤོག །ཅེས་སྨོན་ལམ་ཚིགས་སུ་བཅད་པ་འདི་ནི་གྲི་གུ་རྫོང་སྡོད་ཚེ་བདག་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །སྲིད་ན་མཚུངས་མེད་བསོད་ནམས་བརྒྱ་པའི་འོད། །མངོན་སུམ་རབ་འབར་ཤཱཀྱ་སེང་གེ་ཡི། །བསྟན་ལ་ཡང་དག་རི་མོར་བགྱིད་ཀུན་གྱི། །འཁྲུལ་མེད་ལམ་དུ་འཇུག་ངོག་བརྡའ་སྤྲོད་གཞུང༌། །ཤེས་བྱར་སྲིད་པའི་གནས་ལུགས་རྟོགས་བྱེད་པ། །སྒྲ་རིག་རྒྱ་མཚོའི་སྙིང་པོ་བསྲུབས་པའི་འབྲས། །དབྱངས་ཅན་གཙུག་ལག་ཡོངས་འདུའི་ལྗོན་པ་ལས། །འཛད་མེད་ལེགས་བཤད་འདོད་པ་ཅི་ཡང་འཇོ། །ཆ་བསགས་མདོ་ལྟར་རྟོགས་སླ་བརྡ་ཆད་རྣམས། །བཙུན་པ་ཟླ་བའི་གཞུང་ལ་ཉེར་འཁུ་བ། །ཚིག་ཉུང་དོན་རྒྱས་འཕངས་འགྲོའི་དབྱངས་ཀྱི་སྒྲ། །དཔྱོད་ལྡན་ཡོངས་ཀྱི་རྣ་བའི་རྒྱན་(༥༩ན)


GLG021_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇེབས། །ཚངས་སྲས་ལྷ་མོའི་རོལ་མོ་གཡས་འཁྱིལ་མགྲིན། །བྱིངས་དང་རྣམ་འགྱུར་རྐྱེན་གྱི་སྐད་སྙན་པོས། །འཕགས་ཡུལ་མཁས་རྣམས་དགའ་སྐྱེད་པཎྜི་ཏ། །ཨ་ནུ་བྷུ་ཏིའི་གྲགས་པ་ཕྱོགས་ཀུན་དཀར། །ལུགས་འཛིན་དོན་གྱི་པཎ་ཆེན་ཁ་སྤུ་ཅན། །བ་ལ་བྷ་དྲ་མཆེད་གཉིས་ལེགས་བཤད་སྒོ། །ཐོས་བརྩོན་ལྡེ་མིག་གིས་འབྱེད་སེ་དཀར་རིགས། །འདར་ལོ་ངག་དབང་ཕུན་ཚོགས་འཇིག་རྟེན་མིག །གང་དེས་ལྗོངས་འདིར་མངོན་མེད་བསྟན་བཅོས་ཆེ། །འཁྲུལ་བྲལ་དཔྱད་གསུམ་དག་པའི་ཞུས་ཆེན་གྱིས། །བསྒྱུར་ཚེ་ཤོང་དཔང་བསྟན་པ་ཆ་ཕྲའི་ཟླ། །གང་བྱེད་ལྔ་རིག་རྫོགས་ལྡན་གསར་པ་བཞིན། །བསྟན་ལ་གཅེས་པར་འཛིན་པའི་ཤེས་ལྡན་རྣམས། །ཡིད་ལ་ཀུན་དགའི་མཛའ་བོས་དམ་འཁྱུད་པའི། །དགེ་ཚོགས་རྩ་བ་སྦོམ་པོར་སྐྱེད་བསྲིངས་རྩེར། །ཚོགས་གཉིས་དར་དྲག་འབྲས་བུ་འགྲུབ་པར་ཤོག །ལེགས་སྦྱར་གཙུག་ལག་འདི་ལ་སྒོ་གསུམ་དུ། །འབད་པས་ཐོས་དང་བསམ་པར་བྱེད་རྣམས་ཀྱི། །སྙིང་ལ་ངག་དབང་དབྱངས་ཅན་ལྷག་པའི་ལྷ། །ཞུགས་ནས་སྨྲ་བའི་རྒྱལ་པོ་འགྲུབ་པར་ཤོག །གངས་ཅན་ལྗོངས་འདིར་ཀླ་ཀློ་བླུན་སྐད་ཀྱིས། །བརྡ་དོན་འཚོལ་ལ་དམ་པའི་རྣམ་ཐར་དུ། །མི་འཛིན་ཚུལ་འདིར་སྦྱངས་པའི་དཔྱོད་ལྡན་གྱི། །དོག་པོར་འགོད་པའི་སྐལ་བཟང་ཐོབ་གྱུར་ཅིག །ཆོས་ཀུན་བལྟ་བའི་རིག་གནས་མིག་སྟོང་ཅན། །སྒྲ་དོན་རྡོ་རྗེ་རྩེ་བརྒྱ་གདེངས་ཙམ་གྱིས། །དྲི་བཅས་བསྟན་པའི་ས་འཛིན་བགྲོད་བྱེད་དང༌། །ལྷན་ཅིག་རྨོངས་ཆེན་ལྷ་མིན་དཔུང་འཇོམས་ཤོག །དབྱངས་ཅན་བརྡ་སྤྲོད་རྩ་འགྲེལ་ཉི་ཟླ་ཟུང༌། །དོན་ཀུན་རབ་གསལ་(༥༩བ)


GLG021_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་འོད་པོ་ཆེས། །བྱམས་མགོན་མཆོག་སྤྲུལ་ཟློས་གར་བསྒྱུར་མིན་བར། །འཇིག་རྟེན་ཀུན་གྱི་མུན་སེལ་སྒྲོན་མེར་ཤོག །ཅེས་ལེགས་པར་སྦྱར་བའི་བསྟན་བཅོས་དབྱངས་ཅན་བྱཱ་ཀ་རའི་རྩ་བའི་སྟོད་ཆ་ཙམ་ཞིག་ལྷ་མཐོང་ལོ་ཆེན་གྱིས་བལ་ཡུལ་དུ་བསྒྱུར་འདུག་ནའང་དུས་དབང་གིས་ལེགས་བཤད་དོན་དུ་གཉེར་བ་ཉུང་བས་མ་འཕེལ་ཞིང༌། ཕྱིས་རྟག་བརྟན་སྤྲུལ་སྐུས་པཎྜི་ཏར་འཕྲལ་སྐད་ཀྱི་དྲི་གཏུགས་ཙམ་ལ་བརྟེན་ནས་རྩ་བ་བསྒྱུར་ཞིང་བོད་འགྲེལ་ཞིག་བརྩམས་འདུག་ནའང་འགྱུར་སྐྱོན་དང་འགྲེལ་པ་འདྲེ་ཤར་སྒོ་དང་གླུད་ནུབ་སྒོ་བཞིན་དོན་ཐོག་ཏུ་ཕེབས་པར་མ་མཐོང་བས། རྩ་བ་ལ་འགྱུར་བཅོས་དང་པཎྜི་ཏ་ཨ་ནུ་བྷཱུ་ཏིས་མཛད་པའི་འགྲེལ་པ་རབ་ཏུ་བྱ་བ་གསལ་ལྡན་ཞེས་པ་གསར་དུ་བསྒྱུར་ན་བསྟན་རྒྱུན་ལ་ཕན་པར་བསམས་ནས་པཱ་ཎཱི་སོགས་ཀྱིས་བསྐུལ་བ་ལྟར་བརྡ་སྤྲོད་ཀྱི་གཞུང་ལུགས་མང་པོར་སྦྱངས་པའི་སེ་དཀར་རིགས་ཀྱི་འདར་ལོ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ལ་ཚུལ་འདི་བསྒྲུབ་པར་རིགས་ཞེས་མཚམས་སྦྱར་བར་བརྟེན་གེགས་མེད་གྲུབ་པའི་ཚེ་སྨོན་ལམ་གྱི་ཚིགས་བཅས་གཅིག་དགོས་ཞེས་ལོ་ཙཱ་བ་ཉིད་ཀྱིས་བསྐུལ་བ་ལྟར་བདེན་ཚིགས་བརྗོད་པ་ཡོངས་འདུའི་ལྗོན་པ་འདི་ནི་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །དཀོན་མཆོག་ཐུགས་རྗེ་ཆེན་པོའི་བྱིན་རླབས་དང༌། །རྟེན་འབྲེལ་སླུ་མེད་ཆོས་སྲུང་མཐུ་སྟོབས་ཀྱིས། །སྤྲུལ་སྐུ་བློ་བཟང་ངག་དབང་གཡུང་དྲུང་ལྟར། །ནམ་ཡང་གཞོམ་ཞིག་མེད་པར་བརྟན་གྱུར་ཅིག །ཅེས་ཆ་དཀར་ནོ་མོན་ཁང་གི་སྤྲུལ་སྐུའི་བརྟན་བཞུགས་འདིའང་འོད་ཟེར་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སུག་བྲིས་སུ་བྱས་སོ། །རྐང་(༦༠ན)


GLG021_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཙོ་བོ་སངས་རྒྱས་དང༌། །འདོད་ཆགས་དང་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆིས། །བདག་གིས་འགྲོ་རྣམས་དོན་ཆེན་དུ། །དཀོན་མཆོག་གསུམ་པོ་མ་ལུས་པ། །ཀུན་འདུས་བླ་མའི་ངོ་བོ་རུ། །བསོད་ནམས་ཚོགས་ཆེན་བསགས་པར་བྱ། །མདུན་གྱི་ནམ་མཁར་སེང་གེའི་ཁྲི། །པདྨ་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་ནི། །སྐུ་མདོག་དཀར་དམར་རབ་བྱུང་ཚུལ། །གཡས་པ་ཆོས་འཆད་གཡོན་གླེགས་བམ། །དབུ་ལ་པཎ་ཞྭ་གསེར་མདོག་གསོལ། །ཞབས་གཉིས་རྡོ་རྗེ་དཀྱིལ་ཀྲུང་བཞུགས། །དེ་ཡི་སྐུ་ལ་དུས་གསུམ་གྱི། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །ཉན་རང་དཔའ་བོ་མཁའ་འགྲོ་དང༌། །དམ་ཅན་ཆོས་སྐྱོང་སྲུང་མ་སོགས། །སྐྱབས་གནས་ཀུན་འདུས་ངོ་བོར་གྱུར། །བདེ་གཤེགས་སྲས་དང་སློབ་མར་བཅས། །འཁོར་བཅས་ཐུགས་རྗེ་ཆེན་པོའི་མཐུས། །ཐོག་མེད་འདིར་གཤེགས་མཆོད་ཡུལ་དུ། །རབ་བཞུགས་བདག་ལ་དགོངས་པར་མཛོད། །སྨན་སྤོས་ཆབ་ཀྱི་ཁྲུས་གསོལ་བས། །བདག་སོགས་འགྲོ་ཀུན་ཉོན་མོངས་དང༌། །ཤེས་བྱའི་སྒྲིབ་པ་རབ་བཀྲུས་ཏེ། །སྲིད་ཞིའི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུྃ། རེག་ན་བདེ་ཞིང་འཇམ་པ་ཡི། །ལྷ་རྫས་དར་དཀར་བཟང་པོའི་དྲི། །ཡོངས་སུ་བགོས་པས་རབ་དབྱི་ན། །དྲི་མེད་སྐུ་མཆོག་ཐོབ་པར་ཤོག །ཨོཾཧཱུྃཏྲཱཾཧྲིཿཨཱཀར་ཥ་ཡ་བི་ཤོ་དྷན་ཡེ་སྭཱཧཱ། སྲབ་འཇམ་གོས་བཟང་རིན་ཅེན་རྒྱན། །གདུགས་དང་བ་དན་བླ་བྲེ་དང༌། །བུམ་བཟང་བདུད་རྩིའི་ཆུས་བཀང་(༦༠བ)


GLG021_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བ། །དཀོན་མཆོག་རྒྱ་མཚོའི་ཚོགས་ལ་འབུལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་དང༌། །གདངས་སྙན་གླུ་དབྱངས་རོལ་མོར་བཅས། །དཀོན་མཆོག་རྒྱ་མཚོའི་ཚོགས་ལ་འབུལ། །འཁོར་ལོ་ནོར་བུ་བཙུན་མོ་དང༌། །བློན་པོ་གླང་ཆེན་ཅང་ཤེས་རྟ། །དམག་དཔོན་འདོད་ཡོན་རྣམ་པ་ལྔ། །དཀོན་ཅོག་རྒྱ་མཚོའི་ཚོགས་ལ་འབུལ། །ཁོད་སྙོམས་གསེར་གྱི་ས་གཞིའི་སྟེང༌། །ལྷུན་པོ་གླིང་བཞི་གླིང་ཕྲན་བརྒྱད། །རིན་ཆེན་རི་བོ་དཔག་བསམ་ཤིང༌། །འདོད་འཇོའི་བ་དང་མ་རྨོས་པའི། །ལོ་ཏོག་རྒྱལ་སྲིད་སྣ་བདུན་དང༌། །གཏེར་བུམ་སྒེག་ཕྲེང་གླུ་གར་མ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཉི་ཟླ་གདུགས་དང་རྒྱལ་མཚན་སོགས། །དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོ་བཞེས་ནས་ཀྱང༌། །བདག་སོགས་འགྲོ་བ་མ་ལུས་པའི། །བསོད་ནམས་ཚོགས་ཆེན་རྫོགས་པར་ཤོག །འདས་དང་མ་བྱོན་ད་ལྟར་གྱི། །སྟོབས་བཅུ་མངའ་བའི་ཚོགས་རྣམས་དང༌། །བྱང་སེམས་རང་རྒྱལ་ཉན་ཐོས་ལ། །གུས་པས་ཕྱག་འཚལ་གསོལ་བ་འདེབས། །སྐུ་གསུམ་ཐུགས་ཡོན་འཕྲིན་ལས་རྣམས། །མཐོང་ཐོས་དྲན་པས་དོན་ལྡན་པར། །འགོད་མཛད་ཟས་གཙང་སྲས་པོ་ལ། །གུས་པས་ཕྱག་འཚལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་མཁྱེན་བརྩེ་དང༌། །ནུས་མཐུ་མ་ལུས་གཅིག་བསྡུས་པ། །འཕགས་པ་རིགས་གསུམ་མགོན་པོ་ལ། །གུས་པས་ཕྱག་འཚལ་གསོལ་བ་འདེབས། །གཟོད་མ་ཉིད་ནས་སངས་རྒྱས་ཀྱང༌། །ཉན་ཐོས་ཚུལ་གྱིས་འགྲོ་འདྲེན་པ། །གནས་བརྟན་ཆེན་པོ་བཅུ་དྲུག་ལ། །གུས་པས་ཕྱག་འཚལ་གསོལ་བ་འདེབས། །བསྟན་པ་རིམ་བརྒྱུད་ཆད་མེད་དུ། །འཛིན་མཛད་འོད་སྲུང་ཆེན་པོ་སོགས། །གཏད་རབ་བདུན་གྱི་འཕགས་ཚོགས་ལ། །གུས་(༦༡ན)


GLG021_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕྱག་འཚལ་གསོལ་བ་འདེབས། །གསང་སྔགས་ཉེ་ལམ་ཟབ་མོ་ལ། །བརྟེན་ནས་དངོས་གྲུབ་མཆོག་བསྙེས་པ། །གྲུབ་ཆེན་བརྒྱད་བཅུ་རྩ་བཞི་ལ། །གུས་པས་ཕྱག་འཚལ་གསོལ་བ་འདེབས། །ཤིང་རྟ་ཆེན་པོ་ཟུང་ལྡན་གྱིས། །ཐོག་དྲངས་རྒྱན་དྲུག་མཆོག་གཉིས་སོགས། །འཕགས་ཡུལ་པཎ་ཆེན་ཐམས་ཅད་ལ། །གུས་པས་ཕྱག་འཚལ་གསོལ་བ་འདེབས། །གངས་ཅན་མགོན་མེད་རྣམས་ཀྱི་མགོན། །ཆོས་རྒྱལ་མེས་དབོན་རིམ་བྱོན་དང༌། །མཁན་སློབ་པདྨའི་ངང་ཚུལ་ལ། །གུས་པས་ཕྱག་འཚལ་གསོལ་བ་འདེབས། །དམ་ཆོས་རྒྱ་ནས་གངས་ཅན་དུ། །བསྒྱུར་མཛད་འཇིག་རྟེན་མིག་གཅིག་པོ། །སྐད་གཉིས་སྨྲ་བའི་ཚོགས་རྣམས་ལ། །གུས་པས་ཕྱག་འཚལ་གསོལ་བ་འདེབས། །སྐྱེས་བུ་གསུམ་གྱི་རིམ་པ་ཡིས། །ཐུབ་བསྟན་ཉི་ལྟར་གསལ་མཛད་པ། །མཉམ་མེད་ཇོ་བོ་ཡབ་སྲས་ལ། །གུས་པས་ཕྱག་འཚལ་གསོལ་བ་འདེབས། །འཇམ་དབྱངས་གཞོན་ནུ་ངུར་མིག་གི །རྣམ་རོལ་བོད་ཡུལ་བསྟན་པའི་བདག །ཀུན་མཁྱེན་བློ་བཟང་གྲགས་པ་ལ། །གུས་པས་ཕྱག་འཚལ་གསོལ་བ་འདེབས། །མཐའ་འཁོབ་ཧོར་ཡུལ་མུན་པའི་གླིང༌། །དམ་ཆོས་སྣང་བས་གསལ་མཛད་པ། །རྒྱལ་དབང་བསོད་ནམས་རྒྱ་མཚོ་ལ། །གུས་པས་ཕྱག་འཚལ་གསོལ་བ་འདེབས། །དྲན་པ་ཙམ་གྱིས་དངོས་གྲུབ་ཀུན། །སྩོལ་མཛད་ཡིད་བཞིན་དབང་གི་རྒྱལ། །དྲིན་ཅན་རྩ་བའི་བླ་མ་ལ། །གུས་པས་ཕྱག་འཚལ་གསོལ་བ་འདེབས། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང༌། །དཔའ་བོ་མཁའ་འགྲོ་སྲུང་མའི་ཚོགས། །སླུ་མེད་སྐྱབས་མགོན་ཐམས་ཅད་ལ། །གུས་པས་ཕྱག་འཚལ་གསོལ་བ་འདེབས། །བདག་གི་ལུས་ངག་ཡིད་གསུམ་གྱི། །འབད་པས་བསགས་པའི་དགེ་བའི་འབྲས། །ཐེག་ཆེན་སེམས་བསྐྱེད་མཐུས་སྤེལ་ནས། །ནམ་ཡང་འཛད་པ་མེད་(༦༡བ)


GLG021_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །དེ་ལྟར་བསོད་ནམས་ཕུང་པོའི་མཐུས། །དམྱལ་བའི་འགྲོ་རྣམས་ཚ་གྲང་གི །སྡུག་བསྔལ་ལས་ཐར་གནས་ངན་ཀུན། །མཐོ་རིས་སྐྱེད་ཚལ་ལྟར་འགྲུབ་ཤོག །ཡི་དྭགས་རྣམས་ཀྱང་བཀྲེས་སྐོམ་ལས། །རྣམ་གྲོལ་ཟས་སྐོམ་འབྱོར་བའི་ཚོགས། །གནོད་སྦྱིན་བང་མཛོད་ལྟར་རྙེད་ཅིང༌། །ལོངས་སུ་སྤྱོད་ནུས་བདེ་ལྡན་ཤོག །གསོད་སྤྱོད་བཀོལ་ཞིང་བརྡེག་དང་བརྡུང༌། །གཅིག་ལ་གཅིག་ཟ་ལ་སོགས་པའི། །སྡུག་བསྔལ་ཀུན་ལས་དུད་འགྲོ་རྣམས། །ཐར་ནས་བདེ་དང་ལྡན་པར་ཤོག །མི་རྣམས་ནད་ཀྱིས་མནར་བ་དང༌། །དབང་པོ་མ་ཚང་དབུལ་ཞིང་ཕོངས། །མི་རྒོད་གཅན་གཟན་དུག་མཚོན་གཡུལ། །འཇིགས་པ་ཀུན་ལས་ཐར་བར་ཤོག །ཁ་ན་མ་མཐོ་མེད་པ་ཡི། །ལོངས་སྤྱོད་ལྡན་ཞིང་རིང་པོར་འཚོ། །དམ་ཆོས་བསྒྲུབ་པའི་མཐུན་རྐྱེན་རྣམས། །འབད་པ་མེད་པར་ཚང་བར་ཤོག །ལུས་གཅད་གཏུབ་ཅིང་དྲིལ་བ་སོགས། །འཐབ་ཅིང་རྩོད་པའི་སྡུག་བསྔལ་ལས། །ལྷ་མིན་ཚོགས་རྣམས་རབ་ཐར་ནས། །བྱམས་པའི་སེམས་དང་ལྡན་པར་ཤོག །འཆི་འཕོ་ལྟུང་བར་བྱེད་པ་དང༌། ཁྱབ་པ་འདུ་བྱེད་སྡུག་བསྔལ་ལས། །འདོད་དང་གཟུགས་ཁམས་གཟུགས་མེད་ལྷ། །ཐར་ནས་གཏན་བདེར་སྤྱོད་པར་ཤོག །བདག་ཀྱང་དེང་ནས་སངས་རྒྱས་ཀྱི། །བྱང་ཆུབ་མ་ཐོབ་དེ་སྲིད་བར། །མི་ཁོམ་གནས་སུ་མི་སྐྱེ་ཞིང༌། །དལ་འབྱོར་རྟེན་བཟང་ཐོབ་པར་ཤོག །དགེ་བའི་བཤེས་ཀྱིས་རྗེས་འཛིན་ཅིང༌། །བསྟན་ལ་རབ་ཞུགས་ཁྲིམས་དང་ལྡན། །སྡེ་སྣོད་རྣམ་གསུམ་ཐོས་པ་དང༌། །དེ་དོན་བསམ་ཞིང་སྒོམ་པར་ཤོག །ལུས་བདེ་བློ་གསལ་རིག་པ་རྣོ། །མཐུན་པའི་རྐྱེན་ཀུན་ངང་གིས་ཚང༌། །མི་འདོད་ཉེར་འཚེ་མིང་ཙམ་ཡང༌། །མི་འབྱུང་རྟག་ཏུ་སྤྱོད་པར་ཤོག །ཐོག་མེད་ནས་བགོས་སྒྲིབ་གཉིས་ཚོགས། །རབ་བྱང་ས་ལམ་ཡོན་ཏན་ཀུན། །རང་སེམས་(༦༢ན)


GLG021_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྫོགས་ཆོས་གཟུགས་སྐུ། །ལུས་ཅན་ཀུན་དོན་འཐོབ་པར་ཤོག །མདོར་ན་བདག་གིས་བསྒྲུབས་པ་དང༌། །གཞན་གྱི་དགེ་ལ་ཡི་རང་སོགས། །ལེགས་བྱས་རྒྱ་མཚོ་གང་ཐོབ་དེ། །རྣམ་པ་ཐམས་ཅད་མཁྱེན་རྒྱུར་བསྔོ། །ཞེས་རྒྱུན་འཁྱེར་ཉམས་ལེན་གྱི་རིམ་པ་དོན་ཚང་ཞིང་ཚིགས་ཉུང་ངུར་བྱས་པ་འདི་ལྟ་བུ་ཞིག་དགོས་ཞེས་དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་དཔོན་མོ་སཱ་ཁན་ཇུས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ༌། །ངག་དབང་ལྷག་པའི་ལྷ་ཡི་བློ་གྲོས་གཏེར། །ཐོབ་པའི་བསྐལ་བཟང་ལེགས་བཤད་རྒྱ་མཚོའི་སྡེ། །འཇམ་དབྱངས་དགེ་བའི་བཤེས་གཉེན་དམ་པ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མི་ཁོམ་གནས་སུ་ནམ་ཡང་མི་སྐྱེ་ཞིང༌། །མཐོ་རིས་ཡོན་ཏན་བདུན་ཚང་རྟེན་བཟང་ཐོབ། །སྲིད་ཞིའི་བདེ་སྐྱིད་བརྒྱུད་མར་མྱོང་བཞིན་ནས། །མྱུར་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །དཀོན་མཆོག་ལ་མཆོད་དབུལ་ཕོངས་ཚོགས་ལ་སྦྱིན། །སྲོག་སྐྱོབ་ཁ་ཏོན་ཕྱག་སྐོར་ཁྲིམས་བསྲུང་འདེབས་སོགས། །ཅི་ནུས་བགྱིས་པའི་དགེ་བ་མ་ལུས་པ། །ཀུན་མཁྱེན་ཡེ་ཤེས་ཐོབ་པའི་རྒྱུ་རུ་བསྔོ། །ཞེས་གསོལ་སྨོན་ལམ་བསྔོ་བའི་ཚིགས་སུ་བཅད་པ་འདི་ནི་དཔོན་མོ་བསོད་ནམས་སྒྲོན་མས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ༌། །ངག་དབང་འཇམ་མགོན་བློ་གྲོས་བཟང་པོ་ཡིས། །གསུང་རབ་རྒྱ་མཚོའི་མཐར་སོན་དགེ་བའི་བཤེས། །ལྷག་པའི་ལྷ་མཆོག་ཟུར་ཕུད་ལྔ་པ་དང༌། །དབྱེར་མེད་ངོ་བོ་གཅིག་ལ་གསོལ་བ་འདེབས། །བདག་སོགས་གདུལ་བྱའི་དཔལ་དུ་གཟུགས་ཀྱི་སྐུ། །ངེས་པ་ལྔ་ལྡན་ཇི་བཞིན་འཁོར་བའི་མཐའ། །(༦༢བ)


GLG021_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་མིན་དེ་སྲིད་བཞུགས་ནས་ཟབ་རྒྱས་ཀྱི། །ཆོས་འཁོར་བླ་ན་མེད་པར་བསྐོར་བར་གསོལ ། །མགོན་ཁྱོད་ཐུགས་རྗེ་ཆེན་པོའི་བདུད་རྩི་ཡིས། །བདག་སྙིང་ཟ་མ་ཏོག་ཏུ་རྟག་འཁྱིལ་བས། །འདི་ཕྱི་ཀུན་ཏུ་དགེ་བའི་བསོད་ནམས་གཟུགས། །ནོར་འཛིན་ལྟོ་བར་ཡངས་མིན་དོགས་པོར་ཤོག །ཅེས་པའི་ཚིགས་སུ་བཅད་པ་འདི་ནི་གོང་ནས་ཆོས་བསྒྱུར་བའི་ལོ་ཙཱ་སློབ་པ་སོགས་མང་དུ་ཐོས་པར་འོངས་པའི་སན་ཆག་པཀྴིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་བློ་བཟང་དངོས་གྲུབ་བོ། །སོམ་ཉི་དང་བྲལ་ངེས་པར་སྐྱབས་སོང་ན། །སླུ་མེད་སངས་རྒྱས་དམ་ཆོས་འདུས་པའི་ཚོགས། །ཁྱད་པར་ཀུན་བཟང་རིགས་གསུམ་མགོན་པོ་ལ། །འོ་དོད་དྲག་པོས་གསོལ་ན་འཇིགས་ཆེན་སྐྱོབས། །ཇི་སྙེད་ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །རྒྱལ་བ་སྲས་དང་སློབ་མར་བཅས་རྣམས་དགོངས། །བདག་གིས་ཐོག་མ་མེད་ནས་ད་ལྟའི་བར། །རྗེ་བོ་ཕ་མ་མཆིས་འདྲང་བུ་ཚ་དང༌། །མཛའ་གྲོགས་གཉེན་བཤེས་མངའ་འབངས་ལོངས་སྤྱོད་དོན། །འདོད་ཆགས་དབང་གིས་བསགས་པའི་སྡིག་པ་དང༌། །དགྲ་དང་མི་མཛའ་འཇོམས་བྱེད་ངན་གཡོའི་འཕྲུལ། །དུག་སྦྱོར་མཚོན་སྣུན་གཞན་དག་རྦད་པ་སོགས། །ཚེ་སྲོག་ལོངས་སྤྱོད་བདེ་སྐྱིད་འཕྲོག་ནུས་པའི། །ཞེ་སྡང་དབང་གིས་བསྒྲུབས་པའི་སྡིག་ལས་ཚོགས། །བྱོལ་སོང་བཀོལ་སྤྱོད་གསོད་དང་རི་དྭགས་རྔོན། །ཕ་མ་ནད་པ་བཀྲེས་སྐོམ་ཕོངས་སོགས་ལ། །ཕན་གདགས་མི་བྱེད་མི་གུས་འཚེ་ཞིང་འདོར། །བླ་མ་དཀོན་མཆོག་རྣམ་གསུམ་རྒྱུ་འབྲས་ལ། །ཐེ་ཚོམ་ལོག་པར་བལྟ་དང་སྤོངས་སེམས་བྱེད། །རྒྱགས་པའི་སྙེམས་དང་དངོས་པོར་འཇུངས་པ་སོགས། །ཉེས་ཀུན་རྩ་བ་གཏི་མུག་མ་རིག་སྟེ། །མདོར་ན་དུག་ལྔའི་རྒྱུ་ལས་(༦༣ན)


GLG021_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་གསུམ་གྱིས། །བསགས་པའི་སྡིག་ལྟུང་ཉེས་པའི་ཚོགས་རྣམས་ཀུན། །མགོན་པོ་ཐུགས་རྗེ་ཆེ་ལྡན་ཁྱེད་རྣམས་ཀྱི། །སྤྱན་སྔར་མི་འཆབ་མི་སྦེད་རབ་བསྒྲགས་ཏེ། །འགྱོད་པ་དྲག་པོས་ནོངས་རྣམས་མ་ལུས་བཤགས། །ཇི་སྲིད་འཚོ་དང་ལོ་ཟླ་ཞག་དུས་སོགས། །གང་ནུས་དེ་སྲིད་ནག་པོའི་ལས་རྣམས་སྡོམ། །སྡིག་པའི་གཉེན་པོར་བསྒྲུབས་པའི་དགེ་ཚོགས་ཀྱི། །འབྲས་བུ་ཚེ་འདིར་བདེ་ཞིང་སྐྱིད་པ་དང༌། །ཡང་སྲིད་ཀུན་ཏུ་མི་ཁོམ་གནས་སྤངས་ནས། །མཐོ་རིས་རྟེན་ཐོབ་དམ་པའི་ཆོས་དང་མཇལ། །ས་དང་ལམ་གྱི་ཡོན་ཏན་གོང་དུ་འཕེལ། །ངན་སོང་གནས་སྟོངས་འགྲོ་ཀུན་བདེ་འགྲོར་སྤྱོད། །རིང་པོར་མི་ཐོག་བདག་གིས་གཙོ་བྱས་པའི། །ཡིད་ཅན་མ་ལུས་སངས་རྒྱས་འཐོབ་པར་ཤོག །ཅེས་གཉེན་པོ་སྟོབས་བཞིའི་བཤགས་པ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་དུ་བཞུགས་པ་དེ་ཅུང་ཟད་མ་འཁྱོངས་པར་ཤིན་ཏུ་མདོར་བསྡུས་ཤིང་དོན་ཚང་བ་འདི་ལྟ་བུ་ཞིག་དགོས་ཞེས་དད་སྟོབས་ཀྱི་དབང་ཕྱུག་ཨུ་ཆིར་དུ་ཐའི་ཇིའི་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ༌། །མང་ཐོས་དོན་ཀུན་གྲུབ་པའི་གྲུ་གཟིངས་ཀྱིས། །གསུང་རབ་རྒྱ་མཚོའི་མཐར་བགྲོད་དགེ་བའི་བཤེས། །མཆོག་གསུམ་ཐུགས་རྗེའི་མཐོ་རིས་ཡོན་ཏན་བདུན། །ཚང་བའི་རྟེན་བཟང་འཛིན་སྨོན་འགྲུབ་བྱིན་རློབས། །ཞེས་ཆོས་རྗེ་དོན་གྲུབ་རྒྱ་མཚོའི་སྐྱེ་སྲིད་མྱུར་དུ་འཛིན་པའི་སྨོན་ལམ་འདིའང་དབོན་པོ་གྲྭ་རིས་ཀྱི་འདོད་པ་ལྟར་ཟ་ཧོར་གྱི་བནྡེས་བྲིས། །གཞི་ལམ་འབྲས་སྟོན་དངོས་བརྒྱུད་རྡོ་རྗེ་འཛིན། །དགྱེས་མཛད་རྡོ་རྗེའི་ཁྲག་འཐུང་ཀུན་གྱི་གཙོ། །བསྟན་སྲུང་མཆོག་གྱུར་གུར་མགོན་སྟོབས་འཕྲོག་དབང༌། །དེང་འདིར་བྱིན་རླབས་ནུས་པའི་མཐུ་(༦༣བ)


GLG021_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་མ་ཡི་དམ་སྲུང་མར་གསོལ་བ་འདེབས་པ་དང་མཆོད་པ་འབུལ་བ་གང་འདོད་བསྒྱུར་ཆོག་རྩིས་ཡིན། དཔུང་བསྐྱེད། །སྣོད་ལྡན་ཀུན་ལ་དགའ་བཞིའི་ཡེ་ཤེས་མཆོག །ལེགས་སྩོལ་ཧེ་རུ་ཀ་དཔལ་རྟུལ་ཞུགས་ཀྱིས། །ཡིད་སྲུབ་གཡུལ་ལས་རྣམ་པར་རྒྱལ་བ་ཡི། །རིང་ལུགས་རྡོ་རྗེ་འཆང་དངོས་ཇ་མར་གསོལ་བ་འདེབས་དང་མཆོད་པ་འབུལ་གང་འདོད་དུ་སྒྱུར། ཉི་ཟླའི་སྣང་བ་ལྟར་གསལ་ཤོག །གསུང་ངག་དབང་བཞིའི་མཐོ་རིས་ཆུ་བོའི་རྒྱུན། །ཇོ་གྲོས་ཟ་མ་ཏོག་འཁྱིལ་སྐལ་བཟང་ཅན། །རྒྱ་ཆེན་ཐུབ་བསྟན་དབྱར་མཚོ་ལྟར་འཕེལ་བའི། །གདན་གསོལ་བ་འདེབས་དང་མཆོད་པ་འབུལ་གང་འདོད་དུ་སྒྱུར་ཆོག །གསུམ་ཚང་བའི་མགོན་དེ་ཞབས་བརྟན་ཤོག །རྡོ་རྗེ་ཐེག་པའི་སྨིན་གྲོལ་ཕྱག་བཞེད་རྣམས། །འཛིན་མཁས་གདན་གསུམ་ངོ་བོའི་བཤེས་གཉེན་གྱིས། །སྡེ་འདི་ཡོངས་གང་འཇམ་མགོན་ས་སྐྱ་པའི། །བསྟན་པ་རིན་པོ་ཆེ་ལ་གསོལ་བ་འདེབས་དང་མཆོད་པ་འབུལ་གང་འདོད་དུ་སྒྱུར། རིན་ཆེན་ཕྱོགས་བཅུར་རྒྱས་པར་ཤོག །ཁམས་གསུམ་དབང་སྡུད་རྗེ་བཙུན་རིག་བྱེད་མ། །དངོས་གྲུབ་མཆོག་སྩོལ་ལྷ་ཆེན་ཚོགས་ཀྱི་བདག །བསམ་པའི་རེ་བ་ཡོངས་སྐོང་འདོད་པའི་རྒྱལ། །སྲིད་ཞིའི་ཕུན་ཚོགས་སྩོལ་ལ་གསོལ་བ་འདེབས་དང་མཆོད་པ་འབུལ་གང་འདོད་དུ་སྒྱུར། ཀུན་སྩོལ་བཀྲ་ཤིས་ཤོག །ཅེས་རིང་པོར་འཚོ་བའི་རྟེན་འབྱུང་གི་ཚིགས་བཅད་ཤློ་ཀ་གཅིག་ལ་གསོལ་འདེབས་ཇ་མཆོད་སོགས་གང་འདོད་དུ་བསྒྱུར་ཆོག་པ་ཞིག་དགོས་ཞེས་རྒྱུད་སྡེ་བཞིའི་སྨིན་གྲོལ་ཕྱག་བཞེས་ཀྱི་རྒྱུན་བཟང་པོ་མ་ཉམས་པར་འཛིན་པའི་འདུས་གྲྭ་གོང་དཀར་རྡོ་རྗེ་གདན་པ་སྤྱི་ཚོགས་ཀྱིས་བསྐུལ་བ་ལྟར་གསོལ་འདེབས་སྨོན་ལམ་ཇ་མཆོད་སོགས་རྒྱ་འབག་གི་མིག་བཞིན་འཕྲུལ་ཆོག་པ་འདི་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ༌། །རྙེད་རྒྱུད་འབུམ་རྫོགས་འཚམས་སུ་འདྲི། །དཀའ་གསང་ཆེན་སྨིན་གྲོལ་ལམ་ཟབ་མོས། །(༦༤ན)


GLG021_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་སྦྱོར་གཙོར་གྱུར་མཁའ་མཉམ་ལུས་ཅན་ཀུན། །འདིའམ་ཡང་སྲིད་བདུན་དང་བཅུ་དྲུག་ལས། །མི་འདའ་བཅུ་གསུམ་རྡོ་རྗེའི་སར་བགྲོད་ཤོག །ཤེར་ཕྱོགས་རྫོགས་མཚམས་སུ་འདྲི། །རྟག་དང་ཆད་པའི་མཐའ་ལས་རྣམ་གྲོལ་བ། །ཆོས་ཀུན་རང་བཞིན་གྱིས་སྟོངས་དབུ་མའི་ལམ། །ཡོན་སྦྱོར་དང་བཅས་འགྲོ་རྣམས་ཀྱིས་རྟོགས་ནས། །སྲིད་རྫུན་ཚང་རྡིབ་འཁོར་མཚོ་ལས་སྒྲོལ་ཤོག །བྱེ་བ་ཕལ་ཆེན་རྫོགས་མཚམམས་སུ་འདྲི། ཕྲག་བརྒྱའི་རྡུལ་རྙེད་སངས་རྒྱས་ཀྱི། །ཞིང་ཁམས་རྒྱ་མཚོར་མཐའ་མེད་མ་རྒན་ཚོགས། །འཁྲིད་པའི་ས་མཁན་བྱེད་ནུས་རང་རྒྱུད་ལ། །འཇུག་པར་རྒྱལ་བ་ཀུན་གྱིས་བྱིན་བརླབས་གསོལ། །ཟབ་དཀོན་བརྩེགས་རྫོགས་མཚམས་སུ་འདྲི།ཅིང་རྒྱ་ཆེ་འཁོར་ལོ་མཐའ་མའི་དོན། །བདག་སོགས་སྐྱེ་རྒུ་ཡོངས་ཀྱིས་ལེགས་རྟོགས་ཤིང༌། །སྣང་མཐའི་མི་འཁྲུག་འཇམ་དཔལ་ཞིང་ཁམས་དེར། །སྲིད་བཟུང་ཐེག་ཆེན་ཆོས་ལ་ལོངས་སྤྱོད་ཤོག །རྟུལ་མདོ་མང་རྫོགས་མཚམས་སུ་འདྲི། འབྲིང་རྣོན་པོའི་གདུལ་བྱ་འཇུག་པའི་སྒོ། །མཆོག་དམན་ཐེག་པ་སྣ་ཚོགས་མདོ་ཡི་དོན། །སྨན་གྱི་ལྗོན་པས་སྦྱིན་བདག་གིས་མཚོན་འགྲོའི། །སྒྲིབ་གཉིས་བག་ཆགས་བཅས་པའི་གཉེན་པོར་ཤོག །སྐྱེ་བར་འདུལ་ལུང་རྫོགས་མཚམས་སུ་འདྲི། ཚུལ་ཁྲིམས་གཙང་མའི་ཞིང་ས་ལ། །ཐར་པའི་མྱུ་གུ་དར་དྲག་སྨིན་པའི་རྩེར། །རྣམ་གྲོལ་དགྲ་བཅོམ་སྙེ་མས་ཡོངས་དུད་པར། །བདག་སོགས་འགྲོ་རྣམས་ལོངས་སུ་སྤྱོད་གྱུར་ཅིག །ཅེས་རྒྱུད། ཤེར་ཕྱོགས། མདོ་མང༌། འདུལ་ལུང་རྣམས་སྡེ་ཚན་སོ་སོའི་རྫོགས་མཚམས་སུ་འདྲི་རྒྱུའི་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་མདའ་དཔོན་བསམ་དར་བ་བློ་བཟང་བསྟན་འཛིན་གྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །(༦༤བ)


GLG021_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་མཚན་བསིལ་ཟེར་ཙམ་གྱིས་སྲིད་གདུང་མུན། །སེལ་ན་ཐུགས་རྗེའི་དཀྱིལ་འཁོར་ཉ་རྒྱས་པ། །དད་པའི་ཡིད་མཁར་ཤར་ཚེ་བདེ་སྐྱིད་ཀྱི། །ག་བུར་ཟེག་མ་སྩོལ་བའི་མཆོག་གསུམ་གྱི། །བདེན་པར་གསུང་བ་ཟས་གཙང་སྲས་ཀྱི་བཀའ། །ལུང་ནོད་ཁ་ཏོན་འདྲི་ཀློག་བྱང་ཆུབ་པར། །བྱེད་པོར་གཏོགས་སོ་ཅོག་ལ་ཡིད་སྲུབ་མདས། །ནམ་ཡང་འབིགས་པར་ནུས་མིན་བྱིན་གྱིས་རློབས། །སྐྱེ་རྒུའི་ས་ཆེན་བདེ་བྱེད་གྲིབ་བསིལ་བར། །ཐུབ་བསྟན་ཡོངས་འདུའི་ལོ་འདབས་རབ་རྒྱས་རྩེར། །དེ་འཛིན་སྐྱེས་བུ་ཁྲིམས་ལྡན་འདུས་པའི་སྡེ། །ཕུན་ཚོགས་འབྲས་བུའི་དཔལ་གྱིས་ཉེར་དུད་ཤོག །ཡངས་པའི་ས་ལ་ལེགས་བྱས་གསེར་འཁོར་གྱིས། །དབང་སྒྱུར་ས་སྤྱོད་སྐུ་ཚེ་མངའ་ཐང་རྒྱས། །རྒྱུ་སྦྱོར་སྦྱིན་པའི་བདག་པོའི་འདི་དང་ཕྱིའི། །བསོད་ནམས་ཉི་མའི་དངོས་བརྒྱ་འབར་བར་ཤོག །རྒྱལ་གསུང་ཐོས་བསམ་མཆོད་དང་རི་མོ་རུ། །བྱེད་རྣམས་བསྲུངས་བར་ཞལ་འཆེས་གསང་བདག་དང༌། །འཇིག་རྟེན་སྐྱོང་བའི་དབང་པོ་མཐའ་དག་གིས། །རྟག་ཏུ་གྲོགས་བྱེད་བཀྲ་ཤིས་དགའ་སྟོན་སྩོལ། །ཞེས་པ་འདིའང་ལྷ་ས་བྱང་གླིང་བསམ་གྲུབ་རྒྱལ་པོས་རྒྱུད་སྡེ་ཐོར་བུ་དང༌། འདུལ་བ་ཤེར་ཕྱོགས་མདོ་མང་རྣམས་གངས་ལྗོངས་སུ་འགྱུར་རོ་ཅོག་བཞེངས་པའི་དུས་ཡི་གེ་བ་རྣམས་ཀྱིས་ཁ་ཏོན་དུ་བྱེད་རྒྱུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །དམ་པ་རིགས་བརྒྱའི་ཐུགས་རྗེའི་ཆུ་རྒྱུན་གྱིས། །བཀྲ་ཤིས་ཆོས་ལྡན་ལས་ཉོན་དྲི་མ་ཀུན། །རབ་བཀྲུས་བདེ་ཆེན་དག་པའི་ཞིང་ཁམས་སུ། །རྫུས་སྟེ་སྐྱེས་ནས་བྱང་ཆུབ་འཐོབ་པར་ཤོག །ཅེས་པ་འདིའང་སྔགས་བན་ངག་དབང་འཕྲིན་ལས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །ཐུབ་བསྟན་འཕེལ་ཞིང་དེ་འཛིན་(༦༥ན)


GLG021_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་དང༌། །ས་ཆེན་བྱམས་པས་སྐྱོང་རྣམས་རབ་ཏུ་བརྟན། །འཇིག་རྟེན་ཀུན་བདེ་བདག་སོགས་སྨོན་པ་རྣམས། །འགྲུབ་པར་མཆོག་གསུམ་ཐུགས་རྗེས་བྱིན་གྱིས་རློབས། །ཞེས་པ་འདིའང་ལྷ་ས་བ་སྤྱི་ཚོགས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ༌། །དཀོན་མཆོག་རིན་ཅེན་གསུམ་གྱི་བདེན་པ་དང༌། །རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་སླུ་མེད་མཐུས། །ཅི་བཏབ་སྨོན་ལམ་དཔག་བསམ་ཡོངས་འདུའི་འབྲས། །ལེགས་སྨིན་རོ་བརྒྱའི་དཔལ་ལ་སྤྱོད་པར་ཤོག །ཅེས་པ་འདིའང་ལེགས་གླིང་པས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་བྲིས། །འཇིག་བརྒྱད་ལས་སྒྲོལ་རྒྱལ་ཡུམ་འཕགས་མ་དང༌། །དབྱེར་མེད་དཔལ་ལྡན་བླ་མར་གསོལ་འདེབས་ན། །སྙིང་དབུས་ཟེའུ་འབྲུར་རྟག་བཞུགས་དེང་ནས་བཟུང༌། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཤོག །ཅེས་པ་འདིའང་ཨོ་རོད་གཡོན་རུ་ཨཱ་ནནྟའི་ཁ་ཏོན་དུ་ཟ་ཧོར་གྱི་བནྡེས་སྦྱར། །ཟག་མེད་བདེ་ཆེན་གར་བསྒྱུར་ཐོད་ཕྲེང་རྩལ། །སྟོང་པའི་རང་མདང་ཡིད་འཛིན་འཚོ་རྒྱལ་གཉིས། །གང་འདུལ་སྣ་ཚོགས་སྤྲུལ་པ་མཚན་བརྒྱད་སོགས། །རྩ་གསུམ་མཁྱེན་ནུས་ཐབས་ཤེས་ཟུང་འཇུག་མཐུས། །རིགས་བརྒྱའི་ཁྱབ་བདག་བཤེས་གཉེན་རྡོ་རྗེ་འཛིན། །ཟུར་ཆེན་ཆོས་དབྱིངས་རང་སར་རྣམ་གྲོལ་བའི། །ངོ་མཚར་སྤྲུལ་པའི་སྐུ་མཆོག་གངས་ལྗོངས་འདིར། །རིང་མིན་འཁྲུལ་མེད་མངོན་སུམ་བསྟན་དུ་གསོལ། །ཨ་ཧཾ་མི་གཤིགས་འཆི་བ་མེད་པའི་སྐུ། །རྒྱ་ཆེན་ཆོས་འཁོར་བསྐོར་བ་ཚངས་པའི་གསུང༌། །མཁྱེན་བརྩེ་ནུས་ལྡན་རྡོ་རྗེའི་ཐུགས་མངའ་བས། །བཀའ་གཏེར་བསྟན་པའི་(༦༥བ)


GLG021_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཏུ་འགྱུར་བྱིན་རློབས། །ཞེས་པ་འདིའང་སྨན་སྒོམ་འབྲང་རྒྱས་པ་ངག་དབང་དོན་གྲུབ་གྱིས་ཟུར་ཆེན་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ་གྱི་སྤྲུལ་པའི་སྐུ་མཆོག་མྱུར་འབྱོན་གྱི་རྟེན་འབྲེལ་དུ་དཔལ་ཨྱོན་ཡབ་ཡུམ་མཚན་བརྒྱད་རྣམས་བཞེངས་པའི་གཟུངས་འབུལ་གྱི་སྨོན་ལམ་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ༌། །པདྨ་ཐོད་ཕྲེང་ཐུགས་རྗེའི་ཉི་ཟེར་གྱིས། །ངག་དབང་ཤེས་རབ་ཕན་བདེ་འདབས་བརྒྱའི་ཚལ། །རབ་བཞད་འདི་དང་གཏན་འདུན་སྣང་བའི་རྩེར། །འབྲལ་མེད་སྙིང་གི་དབུས་སུ་རྟག་འཆར་ཤོག །ཅེས་པའང་ཟ་ཧོར་གྱི་བནྡེས་སུག་བྲིས་སུ་བྱས་སོ། །མདུན་གྱི་ནམ་མཁར་རྩ་བརྒྱུད་བླ་མ་དང༌། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སོགས། །དཀོན་མཆོག་གསུམ་འདུས་རྣམ་པ་སྤྱན་རས་གཟིགས། །བདག་ལ་དགྱེས་པའི་ཚུལ་གྱིས་བཞུགས་པར་གྱུར། །བརྒྱ་ཕྲག་ལུས་སྤྲུལ་གུས་པས་ཕྱག་འཚལ་ཞིང༌། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ། །བྱས་དང་བྱེད་བཞིན་བྱེད་འགྱུར་སྡིག་ཚོགས་བཤགས། །སྲིད་ཞིའི་དགེ་ཚོགས་རྣམས་ལ་རྗེས་ཡི་རང༌། །ཆོས་འཁོར་ཆད་པ་མེད་པར་བསྐོར་བར་བསྐུལ། །བསྐལ་བརྒྱར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བའི་འབྲས་བུ་མཁའ་མཉམ་སེམས་ཅན་རྣམས། །མི་གནས་མྱ་ངན་འདས་པ་ཐོབ་ཕྱིར་བསྔོ། །བདག་སོགས་སྙིང་ནས་ཁྱེད་ལ་གསོལ་འདེབས་ན། །ཚེ་འདིའི་སྣང་བ་འགག་དང་ལྷན་ཅིག་ཏུ། །མགོན་ཁྱོད་མངོན་སུམ་བྱོན་ནས་དག་པའི་ཞིང༌། །བདེ་བ་ཅན་གྱི་གནས་སུ་དྲང་དུ་གསོལ། །དེར་ནི་སྒྲིབ་བྲལ་མེ་ཏོག་པདྨའི་སྦུབས། །བརྫུས་ཏེ་སྐྱེ་བ་བླངས་ནས་འོད་དཔག་མེད། །སྲས་བཅས་མངོན་སུམ་(༦༦ན)


GLG021_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་ཞིང་དམ་པའི་ཆོས། །ལེགས་ཐོས་ཐེག་ཆེན་ལམ་གྱི་རྒྱུད་སྨིན་ཤོག །གལ་ཏེ་སྔོན་བསགས་ལས་ངན་སྟུག་པོ་ཡིས། །དེ་འདྲ་མྱོང་བའི་སྐལ་བཟང་མ་ཐོབ་ན། །བྱང་ཆུབ་སྙིང་པོར་མཆིས་མིན་དེ་སྲིད་དུ། །དལ་འབྱོར་ཚང་བའི་རྟེན་བཟང་རྙེད་པར་ཤོག །སྐྱེ་བར་མགོན་པོ་ཁྱོད་ཀྱིས་བཤེས་མཛད་ནས། །ཆུང་འབྲིང་ལམ་གྱི་རྒྱུད་སྦྱང་གཞན་དོན་དུ། སྨོན་འཇུག་སེམས་སྐྱེད་རྒྱལ་སྲས་སྤྱོད་ལ་བསླབ། །རིང་པོར་མི་ཐོགས་སངས་རྒྱས་ཐོབ་པར་ཤོག །མདོར་ན་འདི་ཕྱི་བར་དོ་མ་ལུས་པར། །སྐྱབས་དང་དཔུང་གཉེན་གཞན་དུ་མི་ཚོལ་ན། །འཁོར་འདས་ཀུན་གྱི་གདུང་བ་རབ་བཅིལ་ནས། །ཕན་བདེའི་དཔལ་ལ་སྤྱོད་པར་བདག་བྱིན་རློབས། །ཞེས་ཉམས་ལེན་གྱི་སྙིང་པོ་བསྡུས་པ་འདི་ནི་ཨུ་རང་ཁང་བསྟན་འཛིན་ཐོ་ཡོན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །འཕགས་བོད་མཁས་གྲུབ་གསུང་ངག་ཆད་མེད་དབང༌། །མཐོ་རིས་ཆུ་བོས་བློ་གྲོས་ཟ་མ་ཏོག །ལེགས་གཏམ་སྐུ་བཞིའི་ས་བོན་རབ་ཐེབ་པའི། །སྐལ་བཟང་ཐེག་མཆོག་སྣོད་ལ་གསོལ་བ་འདེབས། །ལྟ་བར་སྒྲོ་བཏགས་གཞན་བློ་བྲིད་མིན་པའི། །དོན་གྱི་ཕྱག་རྒྱ་ཆེན་པོ་སྐྱེད་རྫོགས་ཀྱི། །ཟབ་ལམ་ལས་འོངས་རང་བྱུང་ཡེ་ཤེས་མཆོག །དབྱར་མཚོ་ལྟ་བུར་འཕེལ་ལ་གསོལ་བ་འདེབས། །སྒྲ་ཚད་བཟོ་གསོ་ནང་རིག་སྨྲ་བ་ལ། །འཇིགས་པའི་རྔུལ་ཆུ་འགྲམ་པར་མི་འཆང་བར། །ཕྱོགས་མེད་སྦྱངས་པའི་ཐོས་བསམ་གོ་ཆ་ཅན། །སྤོབས་པ་དགེ་བའི་དབང་པོར་གསོལ་བ་འདེབས། །སྒྲིབ་གཉིས་ཀུན་ཐུབ་ཉི་མའི་གཉེན་གྱི་བསྟན། །འཁྲུལ་མེད་ཞྭ་སེར་འཆང་བའི་རིང་ལུགས་ཀྱི། །གསར་པའི་ལང་ཚོ་མ་ཉམས་དར་བའི་སྡེ། །ཚངས་སྲས་(༦༦བ)


GLG021_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་པའི་རྡོ་རྗེར་གསོལ་བ་འདེབས། །བདེ་ལྡན་དག་ཞིང་མགོན་པོའི་མཛོད་སྤུ་ལས། །འཕྲོས་པའི་ཐུགས་རྗེའི་ཟེར་ཕྲེང་འོད་འབར་བས། །འཆི་བདག་བདུད་སྡེའི་སྨག་རུམ་མཐར་བྱས་ཏེ། །རིང་པོར་འཚོ་བཞེས་སྣང་བ་གསལ་བར་ཤོག །བདེ་སྐྱིད་རྩེ་འཇོར་རྟག་ཏུ་རོལ་བའི་གཞི། །ལེགས་བྱས་མཆོག་ཏུ་ཡངས་པའི་ཐང་ཆེན་པོར། །ལྔ་བརྒྱའི་གཉེན་དུ་དཀོན་མཆོག་མཆོད་པའི་སྡེ། །ཆོས་སྲིད་ཡོན་ཏན་བླ་ནས་བླར་འབར་ཤོག །བསོད་ནམས་རྩ་བ་སྦོམ་པོར་སྐྱེད་སྲིང་བའི། འདོད་དོན་ཡོངས་འདུའི་འབྲས་བུས་སྨོན་ལམ་མཚོར། །ཉེར་ལྷུང་རེ་སྐོང་ཛམྦུ་ཆུ་བོའི་གསེར། །འགྲོ་ཀུན་རྣ་བའི་བརྒྱན་དུ་འོད་འབར་ཤོག །ཅེས་གསོལ་འདེབས་བརྟན་བཞུགས་ཀྱི་ཚིགས་སུ་བཅད་པ་འདི་ལྟ་བུ་ཞིག་དགོས་ཞེས་ངག་དབང་དཔལ་འབྱོར་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །མ་འདྲིས་འགྲོ་བ་མཐའ་དག་རྗེས་འཛིན་པར། །འཆར་ནུབ་མེད་པའི་དམ་བཅའ་སྲོག་གི་ཤིང༌། །སྲིད་ཞིའི་གཉེན་པོར་སྐྱེད་པའི་ལྗོན་པའི་རྩ། །རབ་བརྟན་ཟས་གཙང་སྲས་པོར་གསོལ་བ་འདེབས། །ཟབ་དང་རྒྱ་ཆེའི་གཞུང་ལུགས་ཤིང་རྟ་ཆེ། །དམན་ལམ་འདམ་ལས་འདྲེན་པའི་ཁ་ལོ་བ། །ཀླུ་སྒྲུབ་ཐོགས་མེད་སྨྲ་བའི་ཉི་ཟླ་ཟུང༌། །བསྟན་འཛིན་ཡོངས་ཀྱི་དབང་པོར་གསོལ་བ་འདེབས། །སྟོང་ཉིད་སྡེར་མོས་གཉིས་འཛིན་གླང་པོའི་སྲོག །ཡོངས་ཕྲལ་རྐང་པ་བརྒྱད་པ་འཕགས་པ་ལྷ། །གསུང་རབ་རྒྱ་མཚོའི་མཐར་སོན་དབྱིག་གི་གཉེན། །ཤིང་རྟའི་སྲོལ་འཛིན་ཟུང་ལ་གསོལ་བ་འདེབས། །ཚད་མ་རིག་པའི་ཐོག་མདས་རྒོལ་ངན་བྲག །ཕྱེར་འཐག་ཕྱོགས་གླང་ཆོས་གྲགས་སྨྲ་བའི་དབང༌། །ཚུལ་ཁྲིམས་དྲི་ལྡན་ཡོན་ཤཱཀ་ཙན་དན་ལྗོན། །འཕགས་ཡུལ་མཛེས་བྱེད་རྣམས་ལ་གསོལ་བ་འདེབས། །དྲི་བཅས་བོད་ཡུལ་བསྟན་(༦༧ན)


GLG021_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱབ་འཇུག་རྐང༌། །དཔྱད་གསུམ་མཐོ་རིས་ཆུ་བོས་རབ་བཀྲུས་པར། །ཕྱག་དང་ལེགས་སོ་བདེ་བར་གཤེགས་ཀུན་གྱི། །རབ་བྱིན་མར་མེ་མཛད་ལ་གསོལ་བ་འདེབས། །ཆེས་ཕྲའི་ན་ཚོད་མྱུ་གུའི་དུས་ཉིད་ནས། །རྒན་པོའི་མཁྱེན་དཔྱོད་སྙེ་མ་ཡོངས་སྨིན་པས། །བོད་ཡུལ་མཁས་མང་དབུས་ན་ཟླ་མེད་པའི། །ཚད་མའི་སྟོན་པ་ཙོང་ཁ་པ་ལ་འདུད། །འཇམ་མགོན་བླ་མའི་གསུང་རབ་འཁྲུལ་མེད་གང༌། །སྟོན་ལ་སངས་རྒྱས་ཀུན་གྱི་རྒྱལ་ཚབ་ཏུ། །དབང་སྐུར་རྣམ་དཔྱོད་ལང་ཚོ་དར་དྲག་པ། །མ་སྨད་རིན་ཅེན་གཏེར་ལ་གསོལ་བ་འདེབས། །ངལ་བརྒྱས་འབད་པས་སྒྲུབ་མིན་མགྲིན་པའི་དབུས། །དབྱངས་ཅན་ལྷ་མོས་རྒྱུད་མང་རྟག་འཁྲོལ་བས། །དགེ་འདུན་འདུས་པའི་ཚོགས་ལ་ལེགས་བཤད་རྒྱུན། །རྒྱ་མཚོ་ལྟ་བུར་སྤེལ་ལ་གསོལ་བ་འདེབས། །ངག་ལ་སྨྲ་བའི་དབང་ཐོབ་བློ་གྲོས་ཀྱིས། །དོན་བཟང་ཚིགས་རླིང་རྒྱལ་གསུང་དགོངས་འགྲེལ་ཚོགས། །རྒྱ་ཆེན་མཚོ་ལྟར་གཏིང་ཟབ་དཀའ་བའི་མདུད། །ཐོས་བརྩོན་སོར་མོས་འགྲོལ་ལ་གསོལ་བ་འདེབས། །འཆད་རྩོད་རྩོམ་ལ་འཇིགས་མེད་སྤོབས་པའི་ག །རྣམ་དཔྱོད་ཆ་ཤས་ཉ་གང་ཟླ་འདྲ་ཡིས། །ཐུབ་བསྟན་ཆུ་གཏེར་ལང་ཚོ་འཕེལ་བའི་སྡེ། །འཇམ་དབྱངས་དགའ་བའི་བཤེས་ལ་གསོལ་བ་འདེབས། །སྐྱེ་རྒུའི་གདུང་བའི་ནད་བརྒྱ་སེལ་བའི་སྨན། །བུ་རམ་ཤིང་པའི་རིང་ལུགས་རྩི་སྨན་ལྗོན། །བྱང་ཕྱོགས་ས་ལའི་ལྗོངས་འདིར་རབ་རྒྱས་པའི། །ཕན་བདེའི་ནགས་ཀླུང་སྟུག་པོ་འཁྲིག་པར་ཤོག །ཁྱད་པར་འཇམ་མགོན་བློ་བཟང་གྲགས་པ་ཡི། །ཆོས་སྲིད་ཟུང་འབྲེལ་བསྟན་པའི་གདུགས་དཀར་པོ། །ཚངས་པའི་ཡུལ་སར་འཁོར་བའི་གྲིབ་བསིལ་ལ། །ཡིད་ཅན་མཐའ་དག་ངལ་གསོར་སྤྱོད་པར་ཤོག །ངག་དབང་འཇམ་དབྱངས་དགྱེས་པའི་བློ་གྲོས་ཀྱིས། །བསྐལ་བཟང་འདྲེན་པ་བཞི་པའི་(༦༧བ)


GLG021_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་མཆོག །རྒྱ་མཚོའི་གོས་ཅན་ཀུན་ཁྱབ་སྤེལ་བའི་སླད། །མི་འགྱུར་རྡོ་རྗེ་ལྟ་བུར་བརྟན་གྱུར་ཅིག །མེས་པོ་ཚངས་པའི་ལུང་གིས་མང་བཀུར་ཁྲིར། །ཉེར་བསྐོས་ནོར་འཛིན་དབང་པོ་མཆོད་ཡོན་ཟུང༌། །སྐུ་ཚེ་ཆབ་སྲིད་མངའ་ཐང་དབྱར་དུས་ཀྱི། །ཆུ་གཏེར་བཞིན་དུ་འཕེལ་ཞིང་རྒྱས་པར་ཤོག །བོད་ཡུལ་གླིང་དགུའི་ཡངས་པའི་རྒྱལ་ཁམས་སུ། །ནད་འཁྲུག་དབུལ་ཕོངས་ཉེས་ཚོགས་ཀུན་ཞི་ཞིང༌། །རིང་པོའི་ཚེ་དང་ནད་མེད་བདེ་བའི་ལུས། །འབྱོར་པ་སྨུགས་འཛིན་དཔལ་ལ་འགྲན་ནུས་ཤོག །དགའ་བའི་དཔལ་ལྡན་ཞྭ་སེར་ལུགས་འཛིན་སྡེར། །མ་སྨད་བཤད་དང་སྒྲུབ་པའི་བྱ་བ་རྣམས། །རབ་འཕེལ་བློ་བསལ་མཚོ་གླིང་ངང་མོ་ལྟར། །འདུས་ཏེ་ལེགས་བཤད་དབྱངས་སྙན་རྟག་སྒྲོག་ཤོག །ཆོས་ཉིད་འགྱུར་བ་མེད་པའི་ནམ་མཁའ་ལ། །ཆོས་ཅན་རྟེན་འབྲེལ་མི་སླུ་དབང་གཞུ་བཞིན། །འགོག་མེད་འཆར་བའི་བདེན་པའི་བྱིན་རླབས་ཀྱིས། །སྨོན་པའི་རེ་བ་མ་ལུས་འབྲས་ལྡན་ཤོག །ཅེས་གསོལ་འདེབས་སྨོན་ལམ་གྱི་ཚིགས་སུ་བཅད་པ་མ་ཉུང་ཙམ་ཞིག་དགོས་ཞེས་གོང་དཀར་ཐོད་རི་དགའ་ལྡན་བཤད་སྒྲུབ་གླིང་གི་སློབ་དཔོན་བཟོད་པ་རྒྱ་མཚོ་གྲྭ་དམངས་དང་བཅས་པས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །དུས་མུན་མཐར་བྱེད་སྨོན་ལམ་སྐྱ་རེངས་ཀྱིས། །འཆི་མེད་ཉིན་བྱེད་དངོས་འདྲེན་བདེ་ལྡན་མགོན། །ཁྱོད་མཚན་ཐོས་དང་གཟུངས་སྔགས་ཀླགས་ཙམ་གྱིས། །འཆི་བདག་ལས་རྒྱལ་ཞལ་འཆེས་མངོན་སུམ་སྟོན། །ལུས་ངག་ཡིད་གསུམ་རྡོ་རྗེའི་རྣལ་འབྱོར་ལ། །རབ་དབང་བློ་གྲོས་ཏིང་འཛིན་བཟང་པོའི་གྲུས། །བསྐྱེད་རྫོགས་རྒྱ་མཚོ་ལས་བརྒལ་ཟུང་འཇུག་ནོར། །འདྲེན་པའི་དེད་དཔོན་མཆོག་ཁྱོད་ཞབས་བརྟན་ཤོག །ཞྭ་སེར་འཆང་(༦༨ན)


GLG021_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསྟན་སྲིད་བླ་ནས་བླར། །འདེགས་པའི་གནམ་བསྐོས་མཆོད་ཡོན་ཉི་ཟླ་ཟུང༌། །སྐུ་ཚེ་མངའ་ཐང་ཆབ་སྲིད་དབྱར་དུས་ཀྱི། །ཆུ་གཏེར་ལྟ་བུར་གྱེན་དུ་འཕྱུར་བར་ཤོག །ལུས་ཅན་དགའ་བདེར་སྤྱོད་པའི་དཔལ་ལྡན་པ། །ཐུབ་བསྟན་སྙིང་པོ་གསང་སྔགས་འདུས་པའི་སྡེ། །ཐེག་པ་ཀུན་གྱི་ཡང་རྩེར་ཉེར་སོན་པ། །སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་ཤོག །འཇམ་མགོན་བློ་བཟང་གྲགས་པའི་རིང་ལུགས་འཕེལ། །ཡངས་པའི་འཇིག་རྟེན་ཐམས་ཅད་བདེ་སྐྱིད་ལྡན། །རྩོད་པའི་དུས་རྣམས་རྫོགས་ལྡན་བཞིན་འགྱུར་བའི། །སྨོན་པའི་འབྲས་དུད་ཡོངས་འདུའི་མཆེད་ཟླར་ཤོག །ཅེས་པ་འདིའང་ཡེར་པ་གྲྭ་ཚང་དགའ་ལྡན་གསང་སྔགས་ཡང་རྩེ་སྤྱི་ཚོགས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དབྱངས་སོ། །ལྟ་ན་སྡུག་པ་བདེ་ལྡན་དག་པའི་གནས། །ངོ་མཚར་རྒྱ་མཚོའི་ཞིང་གི་གཙོར་གྱུར་མགོན། །མཛོད་སྤུའི་ཟེར་གྱིས་ཡིད་སྲུབས་སྨག་རུམ་བཅིལ། །དགའ་སྐྱིད་སྣང་བས་ཡོངས་ཁྱབ་དགེ་ལེགས་སྩོལ། །ལྷུན་གྲུབ་མཁྱེན་བརྩེ་ནུས་མངའ་རྫོགས་སངས་རྒྱས། །འགོག་ལམ་བདེན་པ་གཉིས་ལྡན་དམ་པའི་ཆོས། །རིག་དང་གྲོལ་བའི་དཔལ་གྱུར་དགེ་འདུན་ཏེ། །དཀོན་མཆོག་རིན་ཆེན་ཐུགས་རྗེའི་མཐུ་དཔུང་སྐྱེད། །རིགས་གསུམ་སྒྱུ་དྲའི་ས་སྐྱོང་མེས་དབོན་གསུམ། །གངས་ཅན་བསྟན་པའི་རྩ་ལག་མཁན་སློབ་གཉིས། །ར་སར་སྲི་ཞུ་ཟླ་མེད་ཙོང་ཁ་པ། །སྒྲིབ་མེད་སྤྱན་གྱིས་རྟག་ཏུ་བཙའ་བར་མཛོད། །ཆོས་ཉིད་འགྱུར་བ་མེད་པའི་ལྷ་ལམ་དབྱིངས། །ཆོས་ཅན་རྟེན་ཅིང་འབྲེལ་འབྱུང་ཆུ་འཛིན་ལས། །སླུ་མེད་བདེན་པའི་མི་འཛད་ཆར་རྒྱུན་གྱིས། །ཇི་བཞིན་སྨོན་པའི་མྱུ་གུ་གཡུར་ཟར་ཤོག །བརྗོད་པ་རྣམ་དག་དམོད་པ་གང་བོར་(༦༨བ)


GLG021_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བ། །ཐོག་མེད་འགྲུབ་པའི་ལྷ་མིའི་དྲང་སྲོང་དང༌། །རིགས་འཛིན་སར་བཞུགས་མཐུ་སྟོབས་ཅན་རྣམས་ཀྱིས། །བདེན་པའི་ཚིགས་གིས་སྨོན་ལམ་གདབ་ཏུ་གསོལ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་སྒོ། །དོན་ཀུན་འགྲུབ་པ་ཤཱཀྱའི་རིང་ལུགས་སྤྱི། ཁྱད་པར་ཞྭ་སེར་ཅོད་པཎ་འཆང་བའི་བསྟན། །འཇིག་རྟེན་སྣང་བྱེད་སྒྲོན་མེར་འབར་གྱུར་ཅིག །དྲི་མེད་རྣམ་གསུམ་འཁོར་ལོའི་མཛད་བཟང་གིས། །རྒྱལ་བསྟན་ཚུལ་བཞིན་མངོན་གྱུར་བག་ལ་ཞས། །འཛིན་མཛད་གྲགས་པ་དོན་ལྡན་བཤེས་གཉེན་རྣམས། །ཞབས་བརྟན་ཆེས་དཀར་འཕྲིན་ལས་རྒྱས་གྱུར་ཅིག །འཕགས་བོད་མཁས་གྲུབ་གསུང་ངག་འཆད་པ་ལ། །རབ་དབང་བློ་གྲོས་མཆོག་གི་སྐལ་བཟང་ཅན། །རྒྱ་ཆེན་སྡེ་གནོད་གསུམ་གྱི་གནད་གྲོལ་བར། །མཚོ་བྱུང་སྙིང་གར་རོལ་གང་ཞབས་བརྟན་ཤོག །ཚེ་རིང་གནམ་གྱི་ཤེ་མོང་དཔུང་པ་ཡིས། །མངའ་འབངས་སྐྱིད་པའི་ཉི་མ་དགུང་འཆར་བའི། །མཆོད་ཡོན་ཉི་ཟླ་ཟུང་གི་སྐུ་ཚེ་དང༌། །མཚན་ཇུས་མངའ་ཐང་དབྱར་མཚོ་ལྟར་འཕེལ་ཤོག །སྲིད་ན་གཏོགས་སོ་ཅོག་གི་ལུས་ཅན་སྤྱི། །བྱེ་བྲག་གངས་ཅན་སཱ་ལའི་ལྗོངས་ཀྱི་འགྲོ། །ལེགས་བྱས་འབྲས་བུ་རྫོགས་ལྡན་སྐྱེ་རྒུ་དང༌། །ལྷན་ཅིག་ལོངས་སུ་སྤྱོད་པའི་སྐལ་བཟང་ཤོག །ཁྱད་པར་ཚོང་ཟོང་སྐྱེད་འཕེལ་རྒྱུ་བའི་ལས། །མི་རྒྱུ་སོ་ནམ་འབྲས་བུ་དུས་སུ་སྨིན། །ཕན་ཚུན་མཉེས་གཤིན་འཐབ་རྩོད་མཚང་འབྲུ་མེད། །ཡམས་ནད་འཚེ་བྲལ་སྒོ་གསུམ་བདེ་ལྡན་ཤོག །ཡང་སྒོས་ལྷ་ཅིག་སྲོང་བཙན་བཞེད་པ་ལྟར། །ཤཱཀྱའི་ཕོ་བྲང་འཕྲུལ་སྣང་སྡེ་བཅས་སུ། །མཐའ་བཞིའི་ལས་སྒོ་མ་ལུས་ཀུན་འདུ་བ། །སྨུག་འཛིན་དབང་པོའི་མཛོད་ལ་འགྲན་ནུས་ཤོག །ལུས་ཀྱི་ཉེར་འབད་མགྲིན་པའི་རྒྱུད་མངས་ལས། །ལེགས་དྲངས་བདེན་པའི་ཚིག་ཏུ་བརྗོད་པའི་གླུ། །རྩེ་གཅིག་ཡིད་(༦༩ན)


GLG021_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སོར་མོས་ལེགས་བསྐུལ་བའི། །དབྱངས་སྙན་རྟག་ཏུ་རྣ་བའི་བཅུད་ལེན་ཤོག །ཅེས་ཆོས་འཁོར་ལྷ་ས་བ་སྤྱི་ཚོགས་ཀྱིས་བསྐུལ་བ་ལ་བརྟེན་ནས་ཇོ་ཤཱཀ་གི་མཆོད་འབུལ་སོགས་རྣམ་དཀར་གྱི་བྱ་བ་དང་སྲིད་ཀྱི་འདོད་དོན་བསྒྲུབ་པ་སོགས་གང་གི་ཚེ་ཡང་བཏོན་ཆོག་པའི་སྨོན་ལམ་རབ་སྙན་རྒྱུད་མངས་འདིའང་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །ཤཱཀྱ་མུ་ནིའི་ཞལ་སྐྱིན་མཇལ་བ་སོགས། །དབུས་གཙང་དག་ཞིང་ཡང་ཡང་བསྐོར་བ་ལ། །ཡིད་ལ་བསམ་པ་སྔི་བཞིན་མཆོག་གསུམ་གྱི། །ཐུགས་རྗེ་ཆེན་པོས་ལྷུན་གྱིས་འགྲུབ་བྱིན་རློབས། །ཞེས་པ་འདི་ཡང་དཔོན་མོ་ཚེ་རིང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་བྲིས། །ཀུན་རྒྱུད་འབུམ་ལ་འདྲི། ལ་ཁྱབ་པར་འསྔུག་པ་རང་སེམས་རྐང༌། །སྨིན་གྲོལ་མཐོ་རིས་ཆུ་བོའི་ལྷབ་ལྷུབ་རྩེར། །ཟུང་འཇུག་ཏོག་གི་འོད་སྟོང་ཆེར་འབར་བའི། །རྒྱལ་མཚན་ཐེག་ཀུན་ཁང་བཟང་རྩེར་འཛུགས་ཤོག །ཆགས་ཤེར་ཕྱོགས་ལ་འདྲི། སྡང་འཁྲུལ་པའི་ནགས་ཀླུང་སྟུག་པོ་ཀུན། །མཐའ་བྲལ་ལམ་བཟང་ཞུགས་ཀྱི་ཉེར་བསྲེགས་པས། །འཁོར་བའི་འབྲོག་དགོན་འབླིགས་པ་དང་བྲལ་ཏེ། །ཞི་བའི་སྤངས་ལྗོངས་ཡངས་པར་བདེར་སྤྱོད་ཤོག །སྟོང་དཀོན་བརྩེགས་ལ་འདྲི། ཕྲག་བརྒྱ་པའི་ལེའུ་གངས་ལྡན་ཅན། །ཆེས་དཀོན་མཆོག་གི་ཐེག་པ་ཡོངས་རྩེགས་པ། །བྲིས་འབྲས་འོད་དཔག་མེད་དང་མི་འཁྲུགས་པའི། །ཞིང་ཁམས་བསྟན་པ་ཇི་བཞིན་དེར་སྐྱེ་ཤོག །ཕལ་ཆེར་ལ་འདྲི། ཉན་རང་ཀུན་དང་ཐུན་མོང་མ་ཡིན་པ། །ཤིན་ཏུ་དགེ་བའི་སྡེ་སྣོད་ཕལ་མོ་ཆེ། །འཁོར་ལོ་མཐའ་མའི་ཡང་ཟབ་སྙིང་པོའི་དོན། །ཚེ་རབས་ཀུན་ཏུ་ཉམས་སུ་ལེན་ནུས་ཤོག །སྐྱེ་མདོ་མང་ལ་འདྲི། རྒུའི་ཁམས་དང་བསམ་པའི་ཚད་དེ་སྙེད། །ཉོན་མོངས་གཉེན་པོར་གསུངས་པ་དྲང་ངེས་ཆོས། །(༦༩བ)


GLG021_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དམན་དང་མཚམས་རྩི་སྨན་ལྗོན་པ་ཆེས། །བརྒྱད་ཁྲི་བཞི་སྟོང་ནད་ཀུན་དྲུངས་འབྱིན་ཤོག །རང་འདུལ་ལུང་ལ་འདྲི། རྒྱུད་ཐ་རྒོད་ལྟར་རེངས་གླང་པོ་ཆེ། །ཚུལ་ཁྲིམས་ལྕགས་ཀྱུ་གཉེན་པོས་ཉེར་བཏབ་ནས། །བག་ཡོད་ར་བར་བཅུག་སྟེ་ཡོངས་དུལ་བར། །ཏིང་འཛིན་ཤེས་རབ་གསེར་རྒྱན་གྱིས་སྤྲས་ཤོག །འདིར་བསྟན་པོ་ཏི་རེ་རེ་བཞིན་ལ་སྨོན་ལམ་དགོས་མདོག་མ་ཁའང་བྱེད་ཚེ་འདི་ཁ་བལྡབས་པས་འཐུས་པ་ཡོད། བརྗོད་ཚིགས་ཐོས་པ་ས་བོན་ཚོགས། །དོན་བསམས་ཆར་གྱིས་སྐྱེད་བསྲིངས་མྱུ་གུ་རྣམས། །བསྒོམས་པའི་སྙེ་མ་སྨིན་པས་རང་རྒྱུད་ཞིང༌། །གཤིན་པོར་ཚེ་རབས་སོ་ནམ་བྱེད་པར་ཤོག །ཅེས་རྒྱུད། ཤེར་ཕྱོགས། མདོ་མང༌། ལུང་སྡེ་བཞི་སོགས་སོ་སོའི་རྫོགས་མཚམས་སུ་འདྲི་རྒྱུའི་སྨོན་ལམ་འདིའང་ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །ཆད་མེད་རྒྱུད་འབུམ་ལ་འདྲི། དབང་ཆུས་རང་སེམས་ཞིང་ས་བརླན། །འཁྲུལ་མེད་སྐུ་བཞིའི་ས་བོན་རྒྱུད་ལ་བཏབ། །གཉིས་མེད་བསྐྱེད་རྫོགས་ལམ་གྱི་དམར་ཁྲིད་ནོར། །འབད་མེད་ཕུང་པོ་འོད་སྐུར་གྲོལ་བར་ཤོག །ཤེས་རབ་ཤེར་ཕྱོགས་ལ་འདྲི། མཚོན་ཆ་རྣོན་པོས་ཉོན་སྒྲིབ་སྲོག །རབ་བཅད་བཅིངས་ལས་རྣམ་པར་གྲོལ་བའི་ལམ། །གཏན་དུ་བདེ་བ་ཞི་བའི་གྲོང་ཁྱེར་གྱི། །འཇུག་ངོག་ཡངས་པའི་ལམ་བཟང་བརྙེད་པར་ཤོག །ཡིད་དཀོན་བརྩེགས་ལ་འདྲི། བཞིན་ནོར་ལྟར་ཆེས་དཀོན་མཆོག་གི་ལམ། །ས་བཅུ་རིམ་བརྩེགས་ལ་འཛེགས་སངས་རྒྱས་སར། །བགྲོད་ནུས་ཟབ་ལས་ཆེས་ཟབ་ཐེག་པ་ཆེ། །དགོངས་དོན་འཁྲུལ་པ་མེད་པར་ཉམས་ལེན་ཤོག །ཤིན་ཏུ་ཕལ་ཆེན་ལ་འདྲི། རྒྱས་པ་ཆེན་པོའི་སྡེ་སྣོད་གཞུང༌། །ཐེག་ཆེན་ཐུན་མོང་མ་ཡིན་ཕལ་པོ་ཆེ། །བཞེངས་པས་བཟང་པོར་སྤྱོད་པ་ལས་བྱུང་བའི། །སྨོན་ལམ་འབྲས་བུའི་རོ་བརྒྱ་བདག་མྱོང་ཤོག །ཕྲ་རག་མདོ་མང་ལ་འདྲི་ལས། འབྲས་མི་བསླུར་ངེས་པ་བརྙེད། །ལས་ཉོན་བག་ལ་ཞ་བའི་ཏིང་ངེ་འཛིན། །(༧༠ན)
བདེ་གཤེགས་སྙིང་པོ་ཀུན་ཁྱབ་གྲུ་གཟིངས་ཀྱིས། །བླ་མེད་ཡེ་ཤེས་རིན་ཆེན་གླིང་བགྲོད་ཤོག །རྣམ་དག་འདུལ་ལུང་ལ་འདྲི། ཚུལ་ཁྲིམས་མ་ལ་ཡ་རླུང་གིས། །ཕྲ་རྒྱས་ཚ་གདུང་མངོན་གྱུར་རབ་བཅིལ་ནས། །རང་རྒྱུད་འདུལ་བ་སྡེ་བཞིའི་དགོང་དོན་བཞིན། །ཚེ་རབས་ཀུན་ཏུ་བག་དང་ལྡན་པར་ཤོག །ཅེས་གཟེར་ཆེན་པས་བཀའ་འགྱུར་བཞེངས་སྐབས་རྒྱུད་འབུམ་སོགས་སྡེ་ཚན་སོ་སོའི་འཇུག་ལ་འདྲི་རྒྱུའི་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །


previousབི་ཤཱ་ཀརྨ་ལྟ་བུའི་རི་མོ་བ་ཆོས་དབྱིངས་རྒྱ་མཚོས་ཤར་གླིང་ཆོས་སྡེའི་གནས་བཅུ་ཁང་ལ་ཞིག་གསོས་བྱས་པའི་དགེ་བསྔོའི་སྨོན་ལམ་ཚིགས་བཅད་སོགས།next