Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of བྲག་ཡེར་པ་
[Clear Hits]


  
  
  
  
  
  
ཡན་ལག་བདུན་པ་དང་འབྲེལ་བའི་གསོལ་འདེབས་ཚིག་ཉུང་ལ་དོན་རྒྱས་པ་སོགས།
  
  
  
  
  
  
 
  
  
  
  


1 occurrence of བྲག་ཡེར་པ་
[Clear Hits]

 
previousཡན་ལག་བདུན་པ་དང་འབྲེལ་བའི་གསོལ་འདེབས་ཚིག་ཉུང་ལ་དོན་རྒྱས་པ་སོགས།next

ཡན་ལག་བདུན་པ་དང་འབྲེལ་བའི་གསོལ་འདེབས་ཚིག་ཉུང་ལ་དོན་རྒྱས་པ་སོགས།


GLG021_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བདུན་པ་དང་འབྲེལ་བའི་གསོལ་འདེབས་ཚིག་ཉུང་ལ་དོན་རྒྱས་པ་སོགས། །པ ཤྩི མྱ པ ཀྵཱ སུ ཁ བ ཤྴུ དྷི སྠི ཏྱ ཧོ ནྱ ས ཀྵ ཏྲེ ཙ ན རྨི དྷཱ ཏོཿ །ནུབ་ཕྱོགས་བདེ་བ་ཀུན་ལྡན་དག་པའི་གནས། །བཀོད་ལེགས་ངོ་མཚར་སྤྲུལ་པའི་ཞིང་ཁམས་ནས། །ནོ མྲྀ ཏྱ སི དྡྷཱ ཡུ ར ཐ རྣཱ མ ནྟཾ ཀ རུ ཎྱ དཱི རྒྷཱ ཀྵི ཀ སེ ད པ ཤྱ། འཆི་མེད་གྲུབ་པའི་མགོན་པོ་ཚེ་མཐའ་ཡས། །ཐུགས་རྗེའི་སྤྱན་དཀྱུས་རིང་པོས་དེང་འདིར་གཟིགས། །(༧༠བ)


GLG021_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་རིས་འོད་གསལ་ལྷ་ཡི་གདུང་གིས་བཙུན། །ནོར་འཛིན་ས་ལ་སྤྱོད་པ་སྟོབས་ཀྱི་མཆེ། །ཡ་རབས་སྒྲིགས་སྲོལ་གོང་མའི་རྒྱན་གྱིས་མཛེས། །ནོར་འཛིན་སྐྱོང་བའི་དབང་པོ་ཞབསབརྟན་ཤོག །ངག་དབང་དབྱངས་ཅན་ལྷ་མོའི་ཡབ་གྱུར་པ། །དགའ་བ་བརྒྱ་པ་ལ་སོགས་ལེགས་བྲིས་གཙོས། །སྟོབས་ལྡན་མི་ཡི་བདག་པོར་དབང་བསྐུར་བ། །རྡོ་རྗེ་ལྟ་བུར་རབ་ཏུ་བརྟན་པར་ཤོག །ངག་གི་དབང་ཕྱུག་བློ་བཟང་གྲགས་པ་ཞེས། །ཞྭ་སེར་འཆང་བ་དགའ་ལྡན་རིང་ལུགས་མཆོག །སྙིང་དབུས་ཐེག་ལེར་འཛིན་ལ་རབ་བརྟན་པ། །མི་འགྱུར་རྡོ་རྗེའི་ཁྲི་ལ་གཡོ་མེད་ཤོག །རྒྱལ་ཀུན་ཐུགས་རྗེ་བསྐུལ་བའི་ཚ་སྲེག་གིས། །བྱིན་རླབས་བཞུ་བླུག་སྲོག་གི་ཀ་བ་ཡི། །ཐབས་ཤེས་ཨ་ཧཾ་ཉི་ཟླ་འཕོ་མེད་དུ། །ཟུང་འཇུག་མངོན་སུམ་འཕེལ་གྲིབ་མེད་པར་ཤོག །ཀེག་འཕྲེང་ཆོམ་པོའི་འཇིག་ལས་བསུ་བའི་གྲོགས། །བདེན་ཚིག་རྟུལ་ཕོད་དཔའ་བོ་སྟག་ཤར་གྱིས། །འཇིགས་མེད་བཙན་པོའི་མཁར་དུ་རབ་བསྐྱལ་ཏེ། །འདི་ནང་བག་ཕེབས་རྩེ་དགའ་དགོད་གྱུར་ཅིག །ལྷ་ཅིག་ཞབས་བརྟན་བཀའ་དྲིན་ཉི་ཟེར་གྱིས། །མངའ་འབངས་པད་དཀར་རྫིང་བུ་ཆེས་ཆེར་དར། །ལོག་སྤྱོད་གཉིས་འཐུང་གོམ་པ་མི་འགོད་པར། །སྐྱིད་པའི་བུང་བ་གླུ་དབྱངས་ལེན་པར་ཤོག །མཚུན་ལྷས་མེ་ལོང་འཛིན་པ་སྙིང་གི་ལས། །ཐུང་ངུར་བྱེད་པ་བསྐལ་བརྒྱར་འཚོ་བའི་ཚེ། །སྨོན་ལམ་ཅི་བཏབ་འགྲུབ་པ་དཀོན་མཆོག་གསུམ། །ལྷ་དང་དྲང་སྲོང་སྲུང་མས་བདག་བྱིན་རློབས། །ཞེས་འོད་གསལ་ལྷ་ཡི་གདུང་ས་སྐྱོང་རྒྱ་རི་བ་ངག་དབང་དགའ་ལྡན་རབ་བརྟན་གྱི་དགུང་ཀག་ལ་དམིགས་པའི་བརྟན་བཞུགས་འདི་ལྟ་བུ་ཞིག་དགོས་ཞེས་རྣམ་རྒྱལ་རབ་བརྟན་གཞིས་སྡོད་ཨ་བར་དགོས་དགོས་ཀྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་(༧༡ན)


GLG021_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །སྐྱབས་གནས་ཀུན་འདུས་དཀོན་མཆོག་རྣམ་གསུམ་ལ། །ཕྱག་འཚལ་མཆོད་པ་འབུལ་ཞིང་སྡིག་ཚོགས་བཤགས། །མཛད་པར་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་འགྲོ་བའི་དོན་ཕྱིར་བཞུགས། །སྐུ་གསུང་ཐུགས་ཀྱིས་བདག་རྒྱུད་བྱིན་བརླབས་ནས། །འདི་ཕྱིའི་གཏན་འདུན་འགྲུབ་པར་གསོལ་བ་འདེབས། །བསགས་དང་གསོག་འགྱུར་སྒྲུབ་པའི་དགེ་བ་རྣམས། །མཁའ་མཉམ་མ་གྱུར་སེམས་ཅན་དོན་དུ་བསྔོ། །ཞེས་ཡན་ལག་བདུན་པ་དང་འབྲེལ་བའི་གསོལ་འདེབས་ཚིག་ཉུང་ལ་དོན་རྒྱས་འདི་ནི་ཆོས་སྐྱབས་ཐ་ཡན་ཆིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། །གྲུབ་པའི་འཁོར་ལོས་བསྒྱུར་བ་ཐང་སྟོང་པས། །བྱིན་རླབས་ཉི་ཟླ་ལྟར་གསལ་འགྲོ་ཀུན་ལ། །འཇུག་པའི་དགའ་སྟོན་བསོད་ནམས་བྱེ་བའི་གཏེར། །དབང་ཕྱུག་དམ་པའི་སྤྲུལ་པ་མྱུར་བྱོན་ཤོག །ཀུན་བཟང་དགའ་ཆེན་ཁྱབ་བདག་ཧེ་རུ་ཀཿ །ལུས་ཅན་བསོད་ནམས་ཞིང་དུ་ངུར་སྨྲིག་གར། །ལེགས་བསྒྱུར་དབང་ཕྱུག་བརྒྱད་ལྡན་རྡོ་རྗེ་འཛིན། །ཞིང་འདིར་གཟུགས་སྐུའི་བཀོད་པ་མྱུར་སྟོན་ཤོག །ངག་དབང་སྤོབས་པ་དགེ་བའི་ཉི་ཟླ་ཟུང༌། །འཁོར་མུན་གདུང་སེལ་སླད་དུ་དཔལ་འབར་བ། །འཕྲིན་ལས་རྒྱ་མཚོའི་རླབས་ལྟར་ཡོལ་མེད་པའི། །ཤིང་རྟ་ཆད་མེད་རྟག་ཏུ་རྒྱུ་བར་ཤོག །རྩ་བརྒྱུད་བླ་མ་དཀོན་མཆོག་རིན་ཅེན་གསུམ། །བསྟན་སྲུང་དབང་ཕྱུག་གུར་མགོན་གདོང་བཞི་པ། །ལྷ་དང་དྲང་སྲོང་རིག་པ་འཛིན་རྣམས་ཀྱིས། །ཇི་ལྟར་སྨོན་པ་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་གྲུབ་པའི་དབང་ཕྱུག་ལྕགས་ཟམ་སྤྲུལ་པའི་སྐུ་བསོད་ནམས་དབང་ཕྱུག་གི་སྤྲུལ་པའི་སྐུ་ཞིང་འདིར་མྱུར་(༧༡བ)


GLG021_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབྱོན་པའི་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་དམ་པ་གང་དེའི་ཞམས་རིང་བ་རྣམས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །རབ་གསལ་ཡེ་ཤེས་སྤྱན་བདུན་གཡེལ་མེད་དུ། །གཟིགས་ནས་འཆི་བདག་བདུད་སྡེ་མཐར་མཛད་པ། །རྒྱལ་ཡུམ་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མ། །རྨད་བྱུང་ཐུགས་རྗེ་ཆེན་པོའི་མཐུ་དཔུང་བསྐྱེད། །ངག་དབང་ཟུར་ཕུད་ལྔ་པ་མིའི་གཟུགས་སུ། །འགྲོ་ལ་སྟོན་མཛད་བློ་བཟང་གྲགས་པ་ཡི། །བསྟན་པ་རྒྱ་མཚོའི་གོས་ཅན་མཐའ་སྙེད་དུ། །སྤེལ་ཕྱིར་ཡོངས་འཛིན་བླ་མ་ཞབས་བརྟན་ཤོག །བགྲང་ཡས་རྒྱལ་བའི་གསུང་རབ་མང་ཐོས་ཤིང༌། །དེ་དོན་བསམ་པས་གཏན་ལ་འབེབས་མཁས་སྡེ། །དབྱར་མཚོ་ལྟ་བུར་དར་དྲག་རབ་རྒྱས་ཏེ། །འཛམ་གླིང་ཀུན་གྱི་རྒྱན་དུ་འགྱུར་བར་ཤོག །མར་གད་གདངས་འཛིན་འཁོར་བ་ལས་སྒྲོལ་མས། །རིང་པོའི་ཕྱག་བརྐྱངས་བདག་སོགས་སེམས་ཅན་རྣམས། །འཇིག་ཆེན་བརྒྱད་ལས་རབ་བསྐྱབས་དབུག་དབྱུང་སྟེ། །ངེས་པར་ལེགས་པའི་ལམ་ལ་འཁྲིད་དུ་གསོལ། །སྒོ་གསུམ་བག་དང་ལྡན་པས་ཚུལ་ཁྲིམས་གཙང༌། །དངོས་སྟོབས་རིགས་པས་རྒོལ་ངན་སྤོབས་པ་འཕྲོག །ལུང་དོན་ཐུབ་གསུང་དགོངས་པ་ཇི་བཞིན་དུ། །བཀྲལ་ཏེ་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །ཅེས་རིང་པོར་འཚོ་བའི་རྟེན་འབྱུང་གི་ཚིགས་སུ་བཅད་པ་འདིའང་ཐོས་བསམ་དར་རྒྱས་གླིང་གི་སློབ་དཔོན་འདུས་པའི་སྡེ་དང་བཅས་པ་རྣམས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །ཚོགས་གཉིས་ཟུང་དུ་འཇུག་པའི་ཆུ་གཏེར་ཆེར། །བརྩོན་པའི་(༧༢ན)


GLG021_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོ་སྒྲིལ་ལས་ཡོངས་ཐོན་པའི། །མཚན་དཔེའི་འོད་གཟིས་འཁོར་མུན་གཞིལ་མཛད་པ། །ཐུབ་བསྟན་ཉིན་མོར་བྱེད་ལ་གསོལ་བ་འདེབས། །སྣང་བ་མཐའ་ཡས་ཐུགས་རྗེ་སིནྡྷུའི་མཚོར། །ངོ་མཚར་སྤྲུལ་སྐུའི་སྒྱུ་དྲའི་གར་མཁན་ཅན། །འཛམ་གླིང་བརྟུལ་ཞུགས་གྲུབ་པའི་རིག་སྔགས་འཆང༌། །ཨྱོན་སངས་རྒྱས་གཉིས་པར་གསོལ་བ་འདེབས། །ངག་དབང་ལྷ་ཡིས་རྗེས་བཟུང་བློ་གྲོས་ལ། །སྤྱོད་པའི་སྐལ་བཟང་ཐུབ་བསྟན་རྒྱ་མཚོའི་སྡེ། །བསྐྱེད་རྫོགས་ཟུང་འཇུག་རྡོ་རྗེའི་རྣལ་འབྱོར་ཅན། །གང་ཤར་རང་སར་གྲོལ་ལ་གསོལ་བ་འདེབས། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་སོགས། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོ་རུ། །གྲངས་མེད་ལུས་སྤྲུལ་གུས་པས་ཕྱག་འཚལ་ལོ། །ལྷུན་པོ་གླིང་བཞི་གླིང་ཕྲན་ལྕགས་རི་ཡིས། ཁོར་ཡུག་གཅིག་གྱུར་ཉི་ཟླ་ཟུང་དུ་འཇུག །ཕུན་ཚོགས་ལྷ་མིའི་འབྱོར་པས་ཡོངས་གང་བའི། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ། །ཐོག་མེད་འཁོར་བར་འཁྱམ་པ་དེ་སྲིད་ནས། །ད་ལྟ་ཡན་ཆད་བསགས་པའི་ནག་པོའི་ལས། །ཀུན་ལ་གནོང་འགྱོད་ཕྱིན་ཆད་སྡོམ་སེམས་ཀྱིས། །བཅོས་མིན་བསམ་པ་ཐག་པས་མཐོལ་ལོ་བཤགས། །སྲིད་དང་ཞི་བའི་ཁོངས་འདིར་རྣམ་དཀར་ལས། །སྐྱེ་འཕགས་གང་གིས་བསྒྲུབས་ཟིན་སྒྲུབ་འགྱུར་དང༌། །ད་ལྟར་མཛད་པ་མཐོང་ཐོས་རྗེས་དཔག་ནས། །དགའ་དང་སྤྲོ་བའི་སེམས་ཀྱིས་ཡི་རང་ངོ། །ལུས་ཅན་བསམ་པའི་ཁྱད་པར་མཐའ་(༧༢བ)


GLG021_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཀླས་པ། །དེ་སྙེད་དང་མཚུངས་ཉོན་མོངས་འདུལ་བའི་གཉེན། །དམ་པའི་ཆོས་ཀྱི་འཁོར་ལོ་ཆད་མེད་དུ། །རྒྱལ་སྲས་སློབ་མར་བཅས་པས་བསྐོར་བར་བསྐུལ། །སྙིགས་མ་ལྔ་བདོ་ངན་པའི་སྤྱོད་ཚུལ་ལ། །མགོན་རྣམས་སྐྱོ་ངལ་སྤངས་ཏེ་ལྷག་པར་ཡང༌། །ཐུགས་རྗེའི་མཐུ་དཔུང་བསྐྱེད་དེ་འགྲོ་འདྲེན་སླད། །བསྐལ་བརྒྱར་མྱ་ངན་མི་འདའ་བཞུགས་སུ་གསོལ། །གནས་སྐབས་སུ་ཡང་ནད་གདོན་བར་གཅོད་སོགས། །འཁོར་བའི་ཟུག་རྔུ་ནམ་ཡང་མི་ལྡང་ཞིང༌། །རིང་པོའི་ཚེ་དང་དཔལ་འབྱོར་ཕུན་ཚོགས་རྣམས། །འཆི་མེད་བདག་པོའི་རྗེས་སུ་འགྲོ་བར་ཤོག །མྱུར་དུ་སྲིད་པ་འཁོར་བའི་ཕྲང་རིང་པོ། །བརྒལ་ཏེ་གཏན་གྱི་བདེ་བ་བླ་ན་མེད། །སྐུ་བཞི་ཡེ་ཤེས་ལྔ་ལྡན་རྡོ་རྗེ་སེམས། །མངོན་གྱུར་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །སྒོ་གསུམ་འབད་པས་བསགས་པའི་ཆོས་དཀར་ལས། །མ་ལུས་རང་དོན་ཁོ་ནའི་ཆེད་མིན་པར། །ནམ་མཁའི་མཐའ་མཉམ་མ་རྒན་འགྲོ་བའི་ཚོགས། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་རྒྱུར་བསྔོ། །ནམ་ཡང་སླུ་མེད་དཀོན་མཆོག་རིན་ཅེན་གྱིས། །ཐོག་མཐའ་བར་དུ་རྟག་པར་རབ་དགེ་བ། །ཕུན་སུམ་ཚོགས་པའི་བཀྲ་ཤིས་རྒྱ་མཚོ་ཡིས། །འཁོར་འདས་ཀུན་ལ་ཡོངས་སུ་ཁྱབ་པར་ཤོག །ཅེས་བདེ་ཆེན་ཁང་གསར་བ་ནོར་བུས་དད་རྟེན་གྱི་སྐུ་བརྙན་གསུམ་བཞེངས་པ་བསོད་ནམས་ཀྱི་ཡུལ་དུ་བྱས་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །ཕྲག་(༧༣ན)


GLG021_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དོག་དག་པའི་དབྱིངས་ལས་འདུ་བྱེད་ཀྱི། །ཕུང་པོ་གནས་གྱུར་བྱེ་བ་ལྷུན་གྲུབ་པའི། །ཡེ་ཤེས་ཐུགས་རྗེའི་ཉི་མས་འཁོར་བའི་མུན། །རབ་གསང་མཐོ་རིས་སྣང་བ་གསལ་བྱིན་རློབས། །སྐྱེ་བར་བསགས་པའི་བསོད་ནམས་མྱུ་གུའི་ཚོགས། །སྨོན་ལམ་རླན་གཤེར་དྲོད་ཀྱིས་རབ་བསྐྱེད་པས། །མངོན་མཐོ་ངེས་ལེགས་སྙེ་མ་དར་དྲག་པར། །རབ་སྨིན་རྒྱས་པའི་འབྲས་བུས་དུད་པར་ཤོག །སྲིད་ཞིའི་མཐར་ལྷུང་འདམ་རྫབ་ཆེན་པོ་ལས། །དགེ་ཚོགས་ཤིང་རྟ་སྟོང་གིས་རབ་དྲངས་ཏེ། །བླ་མེད་ཡེ་ཤེས་གྲོང་ཁྱེར་ཉམས་དགའ་བར། །མ་རྒན་འགྲོ་རྣམས་འཇུག་པའི་རྒྱུ་རུ་བསྔོ། །ཞེས་པ་འདིའང་སྐྱར་པོ་བ་བློ་བཟང་ལེགས་ལྡན་གྱིས་ཕའི་དོན་དུ་དོན་གྲུབ་ཀྱི་སྐུ་བརྙན་བཞེངས་པའི་རྒྱབ་ཡིག་ཏུ་སྨོན་ལམ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །དཔལ་ལྡན་ཐང་པའི་ཆོས་དང་སྲིད་ཀྱི་རིགས། །ལེགས་འཛིན་ངག་གི་དབང་ཕྱུག་འགྲོ་ཀུན་ལ། །མ་སྨད་དགའ་སྟོན་འབད་མེད་ལྷུན་གྲུབ་ཏུ། །སྩོལ་དེས་འདིས་མཚོན་དུས་གསུམ་བསགས་པའི་དགེས། །རྒྱལ་རྣམས་བཞེད་པའི་དམ་བཅའི་ཁུར་ལྕི་བ། །ནམ་ཡང་གཏོང་མིན་ལྷག་བསམ་གྲུ་གཟིངས་ཀྱིས། །མཁའ་མཉམ་མ་རྒན་འཁོར་བའི་རྒྱ་མཚོ་ལས། །སྒྲོལ་བའི་དེད་དཔོན་ཆེན་པོར་འགྱུར་བར་ཤོག །འདི་སྣང་རིང་པོའི་ཚེ་དང་ཕུན་ཚོགས་སྟོབས། །འཆི་མེད་བདག་པོའི་རྗེས་སུ་ཉེར་འགྲོ་ཞིང༌། །ཡང་སྲིད་རྒྱུད་མར་ཕན་བདེའི་ཐེམ་སྐས་ལ། །འཛེགས་ནས་བླ་མེད་ཡེ་ཤེས་མྱུར་ཐོབ་ཤོག །ཅེས་(༧༣བ)


GLG021_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ལུང་ཞབས་དྲུང་ངག་དབང་ཀུན་དགའ་ལྷུན་གྲུབ་ཀྱི་ཐུགས་དམ་ཐང་སྐུའི་རྒྱབ་ཡིག་ཏུ་འདི་ལྟ་བུ་ཞིག་དགོས་ཞེས་གསུང་གིས་བསྐུལ་བ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །བདེ་ལྡན་འོད་མཚན་མཚན་དཔེས་མཛེས་པའི་ཞིང༌། །ཞིང་མཆོག་རྣམ་འདྲེན་འདྲེན་པ་འོད་མི་འགྱུར། །འགྱུར་མེད་སྐུ་ཚེ་ཚེ་མཐའ་ཡས་པའི་མགོན། །མགོན་གྱི་ཐུགས་རྗེས་རྗེས་སུ་འཛིན་པར་མཛོད། །ངག་ལ་སྨྲ་བའི་སྤོབས་པ་དགེ་བའི་དབང༌། །དབང་ཕྱུག་བློ་གྲོས་ཆེས་བཟང་ལྷག་པའི་སེམས། །སེམས་ཅན་ཡོངས་ལ་རབ་དཀར་འཕྲིན་ལས་རྒྱུན། །རྒྱུན་ཆད་མེད་པར་རྟག་ཏུ་འཇུག་པར་ཤོག །ཤེས་བྱའི་རྒྱ་མཚོར་འཇིགས་མེད་ཐོས་བརྩོན་ཟུང༌། །ཟུང་འཇུག་གོ་ཆའི་གཟིངས་ཀྱིས་ཐུབ་བསྟན་གླིང༌། །གླིང་ཡངས་བདེར་བགྲོད་སྤངས་རྟོགས་ལང་ཚོའི་དཔྱིད། །དཔྱིད་ཀྱི་དཔལ་མོའི་དགའ་སྟོན་བཞད་པར་ཤོག །ཆོས་ནོར་འདོད་དང་ཐར་པ་སྡེ་བཞིའི་སྒོ། །སྒོ་འཕར་ལས་འོང་རྫོགས་ལྡན་ཕན་བདེའི་ནོར། །ནོར་བུ་དབང་རྒྱལ་ཇི་བཞིན་བསམ་པའི་དོན། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་གཞན་འདྲེས་མེད་པའི་བརྟན་བཞུགས་ཀྱི་ཚིགས་བཅད་འདི་ལྟ་བུ་ཞིག་དགོས་ཞེས་ཨེ་གཟིམས་ཤག་བྱང་མ་བ་མགོན་པོ་རབ་བརྟན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །བསྐལ་བཟང་འདི་ལ་སྲས་བཅས་རྒྱལ་བ་ཡི། །མགྲིན་གཅིག་མཆོག་གི་སྙིང་སྟོབས་ལ་བསྔགས་པ། །(༧༤ན)


GLG021_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་ལྷར་གྱུར་ཤཱཀྱ་སེང་གེ་ཞེས། །དོན་ཀུན་གྲུབ་པའི་དཔལ་དེར་གསོལ་བ་འདེབས། །གང་གི་མགུར་ནས་གསུང་པའི་ཆོས་ཕུང་ཆེ། །འཁྲུལ་མེད་ཚུལ་བཞིན་སྡུད་མཛད་དགྲ་བཅོམ་དང༌། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོག་མེད་སོགས། །འཕགས་ཡུལ་པཎ་གྲུབ་རྣམས་ལ་གསོལ་བ་འདེབས། །སྒོ་གསུམ་བག་ཡོད་དྲི་བསུང་ཆེས་མངར་བ། །ཚུལ་འཆལ་ཚ་བའི་རེག་བྱ་མཐར་བཅིལ་བའི། །སྡོམ་རྩོན་མ་ལ་ཡ་རླུང་དབང་པོ་ཆེ། །པཎ་ཆེན་ཤཱཀྱ་ཤྲཱི་ལ་གསོལ་བ་འདེབས། །གང་གི་རིང་ལུགས་རུ་བཞིའི་རྒྱལ་ཁམས་སུ། །སྤེལ་བའི་འཕྲིན་ལས་སྒོ་བརྒྱ་འབྱེད་མཛད་པ། །བྱང་རྡོར་རྣམ་གཉིས་རྗེས་འབྲང་རྣམ་པར་ཐར། །གཙང་མའི་མཁན་བརྒྱུད་ཚོགས་ལ་གསོལ་བ་འདེབས། །རིགས་གསུམ་སྒྱུ་འཕྲུལ་དྲ་བའི་གར་མཁན་གཟུགས། །འཇམ་མགོན་འཁོན་གྱི་མེ་ལོང་ངོས་ཤར་བའི། །ཡབ་སྲས་རྣམ་གསུམ་ཁུ་དབོན་དོན་ཡོད་པ། །བསོད་ནམས་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་མཁྱེན་བརྩེ་ནུས་པའི་ཕུལ། །ངུར་སྨྲིག་གར་སྒྱུར་བློ་བཟང་གྲགས་པའི་དཔལ། །སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་སོགས། །བསྟན་འཛིན་མུ་ཏིག་ཕྲེང་བར་གསོལ་བ་འདེབས། །བརྗོད་པ་རྣམ་དག་ངག་གི་རྒྱུད་མངས་སྒྲ། །ལེགས་དྲངས་མཁས་དབང་བརྟན་པ་འཕྲོག་པའི་གླུས། །བློ་ཆེན་མེས་པོའི་རྗེས་འགྲོ་སྐལ་བཟང་རྣམས། །ཆོས་ཚུལ་རྒྱ་མཚོས་འདོད་འཇོར་གསོལ་བ་འདེབས། །མང་ཐོས་ཁྲིམས་ལྡན་འདུས་པའི་ཚོགས་རྣམས་ཀྱིས། །མཆོག་གསུམ་དཔང་(༧༤བ)


GLG021_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བྱས་ཏེ་རྩེ་གཅིག་ཏུ། །གསོལ་བཏབ་འབྲས་བུ་བཤེས་གཉེན་དམ་པ་ཁྱོད། །རྡོ་རྗེའི་ཁྲི་ལ་བསྐལ་བརྒྱར་བརྟན་པར་ཤོག །གངས་ཅན་བསྟན་པའི་མངའ་བདག་ཙོང་ཁ་པའི། །ཆོས་སྲིད་རིང་ལུགས་ཛཱ་ཏིའི་འབྲས་སྨིན་ནས། །ཟ་འོག་ཐགས་སུ་བསྐྲུན་པའི་རྒྱལ་ཁམས་བར། །སྤེལ་མཛད་ཡོངས་འཛིན་བླ་མ་ཞབས་བརྟན་ཤོག །ཆེན་པོ་བོད་ཀྱི་གཞིར་འཁོད་སྐྱེ་རྒུ་ཡི། །གཉའ་བར་རབ་ལྕི་ས་སྤྱོད་བཀའ་ཡི་རྟགས། །མེ་ལོང་གདོང་གི་རྣམ་པར་ཐར་པ་བཞིན། །གནམ་གྱི་ཤེ་མོང་དྲང་ཐིག་འདེབས་པར་ཤོག །ས་འོག་ས་སྟེང་ས་བླར་རྒྱུ་བ་དང༌། །མི་རྒྱུའི་སྐྱེ་རྒུ་ཀུན་གྱི་སྒོ་གསུམ་ལ། །བདེ་བའི་རོ་བརྒྱ་མྱོང་བ་མཐོ་རིས་ཀྱི། །དཔལ་མོའི་ཁེངས་པ་ཡོངས་སུ་འཕྲོག་པར་ཤོག །ཚུལ་ཁྲིམས་གཙང་མའི་ཞིང་ས་གཤིན་པོ་ལ། །ཐོས་བསམ་སྒོམ་པའི་སྙེ་མ་གཡུར་ཟ་བ། །ཇོ་བོ་སྟན་གཅིག་དཔལ་ལྡན་ཚོགས་ཀྱི་སྡེ། །སྲིད་མཐའི་བར་དུ་འཕེལ་ཞིང་རྒྱས་པར་ཤོག །དྲི་མེད་ཀསྨི་ར་པའི་པཎ་ཆེན་གྱི། །རྣམ་དག་སྡོམ་པའི་རྒྱུན་གྱིས་གངས་ཅན་འདི། །ཡོངས་ཁྱབ་ཐུབ་བསྟན་རིན་ཆེན་མི་ཕམ་མགོན། །གླིང་འདིར་འབྱོན་མིན་བར་དུ་དར་གྱུར་ཅིག །ཅེས་རིང་འཚོའི་རྟེན་འབྱུང་གི་ཚིགས་སུ་བཅད་པ་ཞིག་དགོས་ཞེས་པཎ་ཆེན་ཤཱཀྱ་ཤྲཱིའི་རིང་ལུགས་འཛིན་པའི་རྩེ་ཚོགས་ཀྱི་མཁན་ཆེན་བསོད་ནམས་རྒྱལ་མཚན་དང་ས་དགེ་སྤྱི་སོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །སྙིགས་མ་ལྔ་བདོའི་དུས་འདིར་ཐུགས་རྗེའི་མཐུ། །ཆེས་ཆེར་སྟོན་མཛད་མགོན་པོ་བདེ་གཤེགས་བདུན། །ཟས་(༧༥ན)


GLG021_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་སྲས་བཅས་བརྩེ་བའི་སྤྱན་གྱི་ཟུར། །ལྷུང་བའི་མོད་ལ་ཉེས་བརྒྱའི་གདུང་སེལ་མཛོད། །ཚུལ་གནས་ཐོས་པའི་ཀུན་བཟོད་ཆེར་ཡངས་པ། །འདེགས་ལ་སྙིང་སྟོབས་རྒྱ་མཚོ་ལྟར་ཟབ་གང༌། །འཁོར་བའི་གནས་ལས་བརྒལ་ཏེ་བཻ་ཌུཪྻ། །ངོ་མཚར་སྣང་བའི་ཞིང་དུ་སྲིད་འཛིན་ཤོག །དྲི་མེད་སྨོན་ལམ་དག་པའི་ས་བོན་ཚོགས། །ཡོངས་སུ་སྨིན་པའི་ཨ་སྨྲའི་ལྗོན་པ་ཡི། །ཕན་བདེའི་འདབ་སྟོང་གྲིབ་ཏུ་ཉེར་བསིལ་བར། །གནས་ཏེ་བླ་མེད་འབྲས་བུར་ལོངས་སྤྱོད་ཤོག །ཅེས་པ་འདིའང་སློབ་དཔོན་བཟོད་པ་རྒྱ་མཚོའི་ཉེ་དུ་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །མཚན་བཟང་མཛོད་སྤུའི་ཟེར་སྣང་འཕྲོས་ཙམ་གྱིས། །འཆི་བདག་བདུད་མུན་མཐར་བྱེད་གར་གྱི་དབང༌། །བདེ་ལྡན་ཞིང་ནས་འཛམ་གླིང་སྐྱེ་རྒུ་ལ། །དཀྱུས་རིང་དགྱེས་སྤྱན་རྟག་ཏུ་གཟིགས་པར་མཛོད། །གངྒཱའི་ཡབ་གཅིག་མཛེས་པ་འཕྲོག་པའི་སྐུ། །ལེགས་བྲིས་ལུས་ཕྲའི་གཟུགས་ཀྱི་འཇོ་སྒེག་ཅན། །མཆོག་སྦྱིན་ཕྱག་རྒྱས་འགྲོ་ལ་ཚེ་སྦྱིན་མ། །བཅོམ་ལྡན་ཡིད་བཞིན་འཁོར་ལོས་རྟག་ཏུ་བསྲུངས། །ཡིད་སྲུབ་སྡེ་ལས་རྣམ་པར་རབ་རྒྱལ་མ། །ཕྱག་ཟོར་གྱིས་བཏེག་རིན་ཆེན་བུམ་བཟང་གི །བདུད་རྩིའི་རྒྱུན་གྱིས་ཡིད་ཅན་མ་ལུས་པའི། །མི་ཤིག་སྲོག་གི་ཀ་བ་ལེགས་ཚུགས་མཛོད། །ཨ་འདུས་ཀ་ཕྲེང་བརྗོད་པ་ངག་གི་གདངས། །ཐུབ་དབང་གསུང་རབ་ཚིག་གི་སྒྲར་ཤར་བ། །བློ་བསལ་རྣར་འབབ་དོན་བཟང་རྒྱ་མཚོ་ཆེ། །སྙིང་གི་འཛིན་མར་འཁྱིལ་བྱེད་རབ་བརྟན་ཤོག །ཁྲིམས་(༧༥བ)


GLG021_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལྕིད་ཀྱིས་མཚན་པའི་ས་གཞིའི་བཞིན། །རྫོགས་ལྡན་རྔུལ་ཆུའི་མུ་ཏིག་འཕྲེང་མཛེས་པ། །སྩོལ་བྱེད་མཆོད་ཡོན་ས་དབང་ཉི་ཟླ་ཟུང༌། །སྐུ་ཚེ་ཆབ་སྲིད་མངའ་ཐང་རྒྱས་པར་ཤོག །འཇིག་རྟེན་སྤྱི་དང་ཁྱད་པར་གངས་ལྗོངས་འདིར། །མི་ཕྱུགས་ནད་འཚེ་འཁྲུག་རྩོད་དབུལ་ཕོངས་སོགས། །དུས་ཀྱི་ཆད་པ་ཀུན་ཞི་འཆི་མེད་ལྷའི། །བདེ་སྐྱིད་མངོན་སུམ་ཉམས་སུ་མྱོང་བར་ཤོག །ཆོས་ཉིད་འགྱུར་བ་མེད་པའི་ཀུན་གསལ་ངོས། །ཆོས་ཅན་རྟེན་འབྲེལ་མི་བསླུ་རྒྱུ་འབྲས་གཉིས། །སྲིད་ཞིའི་དགེ་ལེགས་སྣང་བ་བླ་ནས་བླར། །འབར་བའི་ཕུན་ཚོགས་དགའ་སྟོན་འཕེལ་བར་ཤོག །ཅེས་བདེན་པའི་ཚིགས་ཏུ་བརྗོད་པའི་སྨོན་ལམ་འདི་ནི་ཕོ་བྲང་བསམ་གྲུབ་རྩེའི་མངའ་འབངས་སྤྱི་ཚོགས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །ངག་དབང་ལྷག་པའི་ལྷ་མོ་ཡིས། །རྗེས་སུ་བཟུང་བའི་བློ་གྲོས་མཐུས། །བསྐལ་བཟང་གདུལ་བྱ་རྒྱ་མཚོ་ཡི། །རེ་བ་སྐོང་ལ་གསོལ་བ་འདེབས། །རྒྱ་ཆེ་ཟབ་མོའི་ལམ་རྣམས་ཀུན། །བསྟན་ནས་ལུས་ཅན་ངེས་ལེགས་སུ། །འདྲེན་མཛད་དངོས་དང་བརྒྱུད་པ་ཡི། །ཡོངས་འཛིན་ཚོགས་ལ་གསོལ་བ་འདེབས། །གསང་འདུས་ཟླ་བའི་ཅོད་པཎ་ལྷ། །མ་ཧེའི་ཞལ་ཅན་གྱིས་མཚོན་པའི། །རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ཆེའི། །ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །མར་མེ་མཛད་དང་ཤཱཀྱའི་རྒྱལ། །མི་ཕམ་པ་སོགས་དུས་གསུམ་དུ། །བྱོན་ཟིན་འབྱོན་དང་འབྱོན་འགྱུར་དང༌། །བདེ་གཤེགས་ཀུན་ལ་གསོལ་བ་འདེབས། །ཟས་གཙང་སྲས་པོ་བཅུ་གཉིས་ལོར།(༧༦ན)


GLG021_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

།བསླེབས་པའི་སྐུ་ཚད་གསེར་གྱི་ལྷ། །མཐོང་བས་དོན་ལྡན་སྣང་བརྙན་མཆོག །ཤཱཀྱ་མུ་ནིར་གསོལ་བ་འདེབས། །ཟུར་ཕུད་ལྔ་ལྡན་འཇིག་རྟེན་དབང༌། །ལག་ན་རྡོ་རྗེ་ལེགས་བྱིན་མ། །ལ་སོགས་རྒྱལ་སྲས་མཐུ་བོ་ཆེ། །བྱང་སེམས་ཚོགས་ལ་གསོལ་བ་འདེབས། །བྱ་རོག་མ་དང་མྱུར་མཛད་མགོན། །གུར་ཞལ་དུད་གསོལ་དམག་གཟོར་མས། །མཚོན་པའི་དམ་པ་ཆོས་སྐྱོང་བའི། །སྲུང་མ་རྣམས་ལ་གསོལ་བ་འདེབས། །སྐྱབས་མགོན་ལུས་པ་མེད་པ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ཞིང༌། །དངོས་བཤམས་ཡིད་སྤྲུལ་མཆོད་པ་འབུལ། །ནག་པོའི་ཚོགས་ཀུན་སྙིང་ནས་བཤགས། །བདག་གཞན་དགེ་ལ་ཡི་རང་ཞིང༌། །ཆོས་འཁོར་རྒྱུན་ཆད་མེད་སྐོར་བསྐུལ། །མྱ་ངན་མི་འདར་བཞུགས་གསོལ་འདེབས། །ལེགས་བྱས་བྱང་ཆུབ་ཆེན་པོར་བསྔོ། ཁྱད་པར་ཐོག་མེད་ཚེ་རབས་ནས། །ད་ལྟའི་བར་དུ་སྡིག་པའི་ཚོགས། །རང་གིས་བསགས་ཤིང་གཞན་དག་བསྐུལ། །མཐོང་ཐོས་རྣམས་ལ་ཡི་རང་སོགས། །བསགས་པའི་ཉེས་ཚོགས་མ་ལུས་པ། །མི་འཆབ་མི་སྦེད་ཡོངས་བསྒྲགས་ཏེ། །སྙིང་ནས་བཤགས་སོ་སླན་ཆད་སྲོག །ཕྱིར་ཡང་མི་བྱའི་སྡོམ་སེམས་བགྱིད། །ཕྱག་སྐོར་བཟླས་བརྗོད་གསོལ་འདེབས་དང༌། །དད་པ་སྙིང་རྗེ་ཏིང་ངེ་འཛིན། །བསྒོམ་ཞིང་མཆོད་པ་སྦྱིན་གཏོང་སོགས། །དགེ་ཚོགས་རང་གིས་དངོས་སུ་བསྒྲུབ། །གཞན་དག་ནུས་པས་དེ་ལ་སྦྱོར། །ཐབས་ཀྱིས་ལེགས་བསྐུལ་ངང་ཚུལ་དང༌། །མཚུངས་པར་སྤྱོད་པའི་རྣམ་པར་ཐར། །རྣར་སོན་མངོན་སུམ་གྱུར་པ་ལ། །བདག་གིས་ལག་ཏུ་བསྟར་བ་དང༌། །(༧༦བ)


GLG021_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པའི་དགའ་བདེའི་སྤྲོ་ཤུགས་སོགས། །བསོད་ནམས་ཕུང་པོ་ཅི་བསག་མཐུས། །འདི་ནང་རྫོགས་ལྡན་དགའ་སྟོན་ཐོབ། །མཐའ་མེད་སྲིད་པའི་ལམ་རིང་པོར། །བགྲོད་ཚེ་གནས་ངན་ལེན་སྤོངས་ཞིང༌། །བཤེས་གཉེན་དམ་པའི་མགོན་གྱིས་ཟིན། །དྲི་མེད་རྒྱལ་བའི་བསྟན་དང་མཇལ། །ཐོས་བསམ་སྒོམ་པ་ལྷུར་བླངས་པས། །མཁའ་མཉམ་མ་རྒན་སེམས་ཅན་ཆེད། །རིང་པོར་མི་ཐོག་ཆོས་གཟུགས་སྐུ། །ཐོབ་ནས་འགྲོ་བ་འདྲེན་པར་ཤོག །ཅེས་ངེད་རང་གི་མིང་སྒྲ་ཡོད་པ་དང༌། ལམ་རིམ་བརྒྱུད་པ་སོགས་བླ་མ་སྤྱི་གཉིས་སོ་སོ། གསང་བདེ་འཇིགས་གསུམ་སོགས་ཡི་དམ། དུས་གསུམ་སངས་རྒྱས་སྤྱི་དང་ཇོ་ཤཱཀ་སོ་སོ། རིགས་གསུམ་མགོན་པོ། སྒྲོལ་མ་སོགས་བྱང་སེམས་སྤྱི། ཕྱག་བཞི་དྲུག་གུར་ཞལ། ལྷ་མོ་རྗེ་ཁོལ་སོགས་ཆོས་སྐྱོང་སྤྱི་རྣམས་ལ་ཤློ་ཀ་རེས་ཐུས་པའི་གསོལ་འདེབས་ཡན་ལག་བདུན་པ་སྤྱི་དང༌། བྱེ་བྲག་སྡིག་བཤགས་གཉིས་སོ་སོར་ཤློ་ཀ་གཉིས་རེ། སྨོན་ལམ་ཤློ་ཀ་ལྔ་རྣམས་ཡོད་པའི་ལྷ་སར་ཞབས་སྐོར་བསག་དུས་ཞལ་འདོན་མཛད་རྒྱུ་ཞིག་དགོས་ཞེས་དཔོན་ས་ཆོས་ལྡན་དབང་མོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །དཀོན་མཆོག་གསུམ་འདུས་པདྨ་ཐོད་ཕྲེང་གི །ཐུགས་རྗེའི་འོད་ཀྱིས་སྣ་ཚོགས་འཁོར་འདས་ཆོས། །རང་སར་གྲོལ་བའི་ཡང་སྲིད་གངས་ལྗོངས་འདིར། །འཁྲུལ་མེད་མྱུར་དུ་འབྱུང་བར་བྱིན་གྱིས་རློབས། །ཞེས་པ་འདི་ནི་བླ་མ་སྣ་ཚོགས་རང་གྲོལ་གྱི་གྲྭ་རིགས་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་(༧༧ན)


GLG021_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །ངག་ལ་སྨྲ་བའི་རྩལ་ལྡན་རྐང་སེན་ཟླ། །རྣམ་དཔྱོད་དབང་ཕྱུག་རལ་པའི་རྩེར་ཤར་ཚེ། །བློ་ཆེན་རྒན་པོ་ཆོས་བཟང་བདག་པོ་སོགས། །འགྲོ་ཀུན་བསྙེན་སྲིད་མེད་པའི་སྲི་ཞུ་སྤེལ། །སོམ་ཉིའི་རྒྱ་བྲལ་དྭངས་མཚོར་བྱད་བཞིན་ལྟར། །ཆོས་ཀུན་གནས་ལུགས་མཐོང་ལ་མི་འཇིགས་པས། །ཡོད་མེད་མཐའ་བྲལ་ལྟ་དང་ལྷག་བསམ་གོ །ཆ་ཤས་གང་བའི་ཟླ་བ་ཇི་བཞིན་འཕེལ། །ཐུབ་པའི་བཞེད་གཞུངས་བློ་བཟང་གྲགས་པའི་བསྟན། །ཐོས་བསམ་མེ་ཏོག་མ་རྙིགས་ཆུན་པོ་ཡིས། །སྐལ་ལྡན་ལང་ཚོ་དར་བའི་ཐོད་ཆིངས་སུ། །སྤེལ་མཁས་འཆི་མེད་སྡེ་ལ་གསོལ་བ་འདེབས། །མཆོག་གསུམ་ཐུགས་རྗེ་བསྐུལ་བའི་བདེན་ཚིགས་བཞིན། །ཕུན་ཚོགས་རྟེན་འབྱུང་སྒོ་བརྒྱ་འགྲིག་པའི་ཁྲི། །མི་ཕྱེད་དད་པའི་གཟེར་གྱིས་ཡོངས་བཏབ་པར། །མགོན་ཁྱོད་བསྐལ་བརྒྱར་ཡུན་རིང་བཞུགས་གྱུར་ཅིག །བསོད་ནམས་གསེར་གྱི་འཁོར་ལོས་ཡངས་པའི་སར། །དབང་བསྒྱུར་སྐྱེ་རྒུའི་བདག་པོ་མཆོད་ཡོན་ཟུང༌། །ཉི་ཟླ་དང་མཉམ་རིང་འཚོའི་སྐུ་ཚེ་ཡིས། །ཆབ་འབངས་བདེ་སྐྱིད་སྣང་བ་ཆེས་འབར་ཤོག །བུ་རམ་ཤིང་པའི་རྗེས་སུ་ཉེར་ཞུགས་ཀུན། །ཚུལ་གནས་རྩ་བ་རབ་བརྟན་ཐོས་བསམ་གྱི། །ཡལ་འདབས་རབ་རྒྱས་སྒོམ་པའི་འབྲས་དུད་པའི། །དཔག་བསམ་ཡོངས་འདུའི་མཆེད་ཟླར་འགྱུར་བར་ཤོག །ཁྱད་པར་གསེར་མདོག་ཞྭ་ཡི་ཅོད་པཎ་གྱི། །གཟི་བྱིན་ཉི་མ་འབུམ་ཕྲག་ལུས་འཛིན་པས། ཁམས་གསུམ་ཉེས་བརྒྱའི་མུན་པ་དྲུང་ཕྱུང་སྟེ། །ངེས་པར་ལེགས་པའི་འོད་ཀྱིས་ཁྱབ་པར་ཤོག །རྒྱལ་གསུང་(༧༧བ)


GLG021_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པར་བཅས་ལ་བརྒལ་བརྟག་གིས། །དཔྱད་དོན་ཉམས་སུ་བསྟར་འབྲས་དགའ་བདེའི་དཔལ། །ལེགས་ལྡན་འོག་མིན་དག་པའི་གླིང་ཡངས་པོར། །རང་གཞན་དོན་གཉིས་འགྲུབ་སྨོན་མཐར་ཕྱིན་ཤོག །མཆོག་དམན་ཡོངས་ཀྱི་ཕྲག་པར་རབ་ལྕི་བ། །དྲང་ཐིག་གསེར་གྱི་གཉའ་ཤིང་འཛིན་རི་ཡི། །མང་བཀུར་རྒྱལ་པོའི་བཀའ་བཏགས་མངོན་སུམ་དུ། །རྩོད་ལྡན་ཡིད་ཅན་ཀུན་གྱིས་ཉམས་མྱོང་ཤོག །འཇིག་རྟེན་སྤྱི་དང་ཁྱད་པར་བོད་ཡུལ་འདིར། །རྫོགས་ལྡན་རྗེས་འགྲོའི་བདེ་སྐྱིད་དཔལ་ལ་སྤྱོད། །རིང་མིན་འགྲོ་རྣམས་ཀུན་མཁྱེན་ཡེ་ཤེས་ཆེ། །འཐོབ་ཕྱིར་བསགས་པའི་དགེ་ཚོགས་མ་ལུས་བསྔོ། །དཀོན་མཆོག་ཡོན་ཏན་བརྗོད་པ་རྣམ་དག་གླུ། །སྙན་གྱུར་རྒྱུད་མངས་སྒྲ་ལས་ཉེར་དྲངས་དང༌། །ལྷན་ཅིག་མེ་ཏོག་མནྡ་ར་ཡི་ཆར། །ཡོངས་བབས་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་ཤོག །ཅེས་གསོལ་འདེབས་བརྟན་བཞུགས་སྨོན་ལམ་དང་བཅས་པའི་ཤློ་ཀ་བཅུ་གཅིག་ཡོད་པ་ཞིག་དགོས་ཞེས་དགའ་ལྡན་འོག་མིན་གླིང་པའི་སློབ་དཔོན་བསྟན་པ་རྒྱ་མཚོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །གསུང་ངག་ཆད་མེད་དབང་བཞིས་མོས་ལྡན་བློ། །ལེགས་སྨིན་སྐལ་བཟང་རྒྱ་མཚོར་བསྒྱུར་བྱེད་པ། །དཔལ་ལྡན་རྡོ་རྗེ་སེམས་པའི་ངོ་བོ་རུ། །སྒོ་འདོན་པ་བསྒྱུར་ན། སྒོ་གསུམ་གུས་པའི་སྒོ་ནས་མཆོད་པ་འབུལ། །གསལ་བའི་སྤྱན་སྔར་སྡིག་ལྟུང་མ་ལུས་བཤགས། །དཔང་པོར་བྱས་ཏེ་རང་གཞན་དགེ་ལ་རང༌། །མངོན་སུམ་བསྟན་ནས་ཆོས་འཁོར་སྐོར་བར་བསྐུལ། །སྒོ་གསུམ་གུས་པའི་སྒོ་ནས་གསོལ་བ་འདེབས། །གཡོ་མེད་མྱ་ངན་མི་འདར་བཞུགས་སུ་གསོལ། །སྒོ་གསུམ་གུས་པས་གསོལ་(༧༨ན)


GLG021_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་བདག་བྱིན་རློབས། །མེས་བློས་བསག་པའི་དགེ་ཚོགས་བྱང་ཆུབ་བསྔོ། །གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །ཞེས་ཚིག་རྐང་ཕྱི་མ་འདི་གང་འདོད་དུ་འདོན་པ་བསྒྱུར་ཆོག་པ་ཞིག་དགོས་ཞེས་བཟོ་དང་གསོ་བ་རྩིས་སྐར་ནག་སོགས་ལ་བློ་གྲོས་ཀྱི་འཇུག་པ་རྒྱས་པའི་འབྲོམ་སྡིང་པ་ནམ་མཁའ་རྒྱལ་མཚན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །ཡངས་པའི་བྱང་ཕྱོགས་ཧོར་གྱི་རྒྱལ་ཁམས་སུ། །དགའ་ལྡན་མིང་འཛིན་ས་སྐྱོང་མི་ཡི་རྗེ། །མཆོག་གསུམ་ཐུགས་རྗེས་བདེ་བ་ཅན་ཞིང་དུ། །དྲངས་ཏེ་པདྨའི་སྦུབས་སུ་སྐྱེ་བར་ཤོག །གར་དབང་སྣང་མཐའ་ཡས་པའི་མགོན་པོ་ཡི། །མངོན་སུམ་ཞལ་མཐོང་ཚངས་པའི་དབྱངས་སྙན་པོས། །ཐེག་ཆེན་ཟབ་དང་རྒྱ་ཆེ་དམ་པའི་ཆོས། །ལེགས་བསྟན་དེ་དོན་ཉམས་སུ་ལོངས་པར་ཤོག །ཚོགས་སྦྱོར་ལམ་གྱི་རྐང་སྟེགས་ལ་བརྟེན་ནས། །ས་བཅུའི་རིན་ཅེན་ཐེམ་སྐས་རིམ་འཛེགས་ཏེ། །རྣམ་པར་གྲོལ་བ་མཆོག་གི་སྒོ་ཕྱེ་ནས། །མི་གནས་མྱང་འདས་ཁང་པར་འཇུག་པར་ཤོག །ཆོས་གཟུགས་ཟུང་འཇུག་ངེས་པ་ལྔ་ལྡན་སྐུ། །འོག་མིན་ཞིང་ལས་འཕོ་འགྱུར་མེད་བཞིན་དུ། །སྣ་ཚོགས་སྤྲུལ་པའི་རོལ་གར་མཐའ་ཀླས་པས། །མཁའ་མཉམ་ལུས་ཅན་ཀུན་གྱི་མགོན་བྱེད་ཤོག །ཆོས་ཉིད་དག་པ་དོན་དམ་འགྱུར་མེད་ཆོས། །ཆོས་ཅན་རྒྱུ་འབྲས་འཇའ་མཚོན་ལྟར་བཀྲ་བའི། །སླུ་མེད་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུས། །སྨོན་ལམ་བཏབས་པ་ཇི་བཞིན་ལྷུན་གྲུབ་ཤོག །ཅེས་པ་འདིའང་ཧོར་གྱི་རྒྱལ་ཁམས་ཆེན་པོར་སྟོབས་ཀྱི་དབང་ཕྱུག་དགའ་ལྡན་(༧༨བ)


GLG021_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུས་ཀྱི་ཆོས་ཉིད་དུ་གྱུར་སྐབས་སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །གང་ཤར་ཀུན་རྫོབ་ཆོས་རྣམས་རིགཔའི་དབྱིངས། །རང་སར་གྲོལ་བའི་ཆེ་མཆོག་འདུས་པ་རྩལ། །ངག་དབང་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེར། །མི་ཕྱེད་དད་པའི་ཡིད་ཀྱིས་གསོལ་བ་འདེབས། །ཨ་ཧཾ་སྲོག་གི་ཀ་བ་དྷཱུ་ཏཱིའི་རྩ། །གཞོམ་མེད་རྡོ་རྗེའི་ཁམས་སུ་ལེགས་གྲུབ་ནས། །ལྔ་ལྡན་ལོངས་སྐུ་ཇི་བཞིན་རྟག་བཞུགས་པར། །མཆོག་གསུམ་ཐུགས་རྗེའི་མཐུ་ཡིས་འགྲུབ་བྱིན་རློབས། །བདག་སོགས་གྲངས་མེད་སྐྱེ་བར་མགོན་ཁྱོད་ཀྱི། །འཁོར་གྱུར་རྗེས་སུ་བཟུང་ནས་ཟབ་རྒྱས་ཆོས། །ཉམས་སུ་བླངས་ཏེ་ཟུང་འཇུག་རྡོ་རྗེ་འཆང༌། །རིང་པོར་མི་ཐོག་མངོན་དུ་འགྱུར་བར་ཤོག །ཅེས་གསོལ་འདེབས་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་དབུ་མཛད་བློ་བཟང་བསྟན་འཛིན་གྱིས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །གར་དབང་མཛོད་སྤུ་ནས་སྤྲོས་ཟེར་ཕྲེང་འོད། །སྟོང་ཕྲག་ཉི་མ་བཞུ་བའི་གཟི་བྱིན་གྱིས། །འཆི་བདག་སྨག་རུམ་མིང་གི་ལྷག་མར་ཡང༌། །རྙེད་སྐབས་བྲལ་ཏེ་ཚེ་བྱིན་རློབ་ཏུ་གསོལ། །ངག་དབང་འཇམ་མགོན་བློ་ཡི་ལང་ཚོའི་དཔྱིད། །དར་དྲག་མཚན་བཟང་དཔེ་བྱད་འབར་བའི་སྐུ། །མགྲིན་པའི་འཁོར་ལོར་འགྱིང་བས་རིག་པའི་གནས། །རྒྱ་མཚོའི་ཕ་མཐར་བགྲོད་ལ་གསོལ་བ་འདེབས། །(༧༩ན)


GLG021_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་གདོད་ནས་སྟོངས་པའི་ནམ་མཁའ་ལ། །ཆོས་ཅན་རྒྱུ་འབྲས་ཉི་ཟླ་ཟུང་འབྲེལ་བས། །བསྐལ་བརྒྱར་གཡོ་མེད་བཞུགས་གསོལ་ས་བོན་ཚོགས། །རེ་བ་ཇི་བཞིན་སྨིན་པར་བྱིན་གྱིས་རློབས། །གནམ་གྱི་ཤེ་མོང་དཔུང་པས་ས་ཆེན་ལ། །དབང་བསྒྱུར་མི་ཡི་བདག་པོ་མཆོད་ཡོན་ཟུང༌། །ཞབས་བརྟན་ཆབ་སྲིད་ཉ་ཆེན་ཁོག་ཡངས་པོར། །མངའ་འབངས་ཕན་བདེའི་མུ་ཏིག་འཕྱུར་བར་ཤོག །འཇིག་རྟེན་སྤྱི་དང་ཁྱད་པར་ཁ་བའི་ལྗོངས། །བྱེ་བྲག་ཕྱོགས་འདིའི་དགོན་གནས་གྲོང་ཁྱེར་བ། །མཐའ་དག་བདེ་སྐྱིད་སྟེགས་ལ་ངལ་གསོ་ཞིང༌། །རིང་མིན་ཀུན་མཁྱེན་ཡེ་ཤེས་འཐོབ་པར་ཤོག །ཅེས་པའི་ཚིགས་སུ་བཅད་པ་འདི་ནི་རོང་རིན་སྤུངས་མངའ་ཁུལ་གྱི་ཆོས་སྡེ་ཁག་དང་དྲུང་གཟིམས་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །ཚེ་དཔག་མེད་མགོན་ཕྱག་གི་བུམ་པ་ལས། །ལེགས་འབབ་འཆི་བ་མེད་པའི་བདུད་རྩིའི་རྒྱུན། །དཔལ་ལྡན་བླ་མའི་ཐུགས་ཀའི་དཔལ་བེའུར། །རབ་འཁྱིལ་མི་ཤིག་སྲོག་གི་ཀ་བ་ཚུགས། །རྒྱལ་ཀུན་ངོ་བོ་བློ་བཟང་གྲགས་པ་ཡི། །ཐུབ་བསྟན་ཤར་ཕྱོགས་ལྗོན་པའི་ཚལ་ཆེན་པོར། །སྤེལ་ཞིང་འཛིན་མཁས་བཤེས་གཉེན་དམ་པ་མཆོག །རྡོ་རྗེ་ལྟ་བུར་གཡོ་མེད་ཞབས་བརྟན་ཤོག །ཞྭ་སེར་མནབ་པའི་ཆོས་སྐྱོང་སྲུང་མ་དང༌། །ཁྱད་པར་འདོད་ཁམས་དབང་ཕྱུག་རེ་མ་ཏཱིས། །མགོན་འདི་བསྐལ་བརྒྱར་བཞུགས་ནས་གདུལ་བྱའི་ཚོགས། །འདོད་པའི་རེ་བ་བསྐོང་བའི་འཕྲིན་ལས་མཛོད། །དྭགས་པོ་དགའ་ལྡན་རབ་བརྟན་གྱི་མཁན་པོ་སྒྲོམ་མདའ་ཆོས་རྗེ་བློ་(༧༩བ)


GLG021_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བསྟན་འཛིན་གྱི་བརྟན་བཞུགས་འདི་ནི་སེ་ར་ཐེག་ཆེན་གླིང་དུ་སྡོད་མིའི་གྲྭ་རིགས་རྣམས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །སླུ་མེད་མཆོག་གསུམ་ཐུགས་རྗེའི་བདེན་ཚིག་གིས། །ངག་དབང་འཇམ་མགོན་བློ་བཟང་གྲགས་པ་ཡི། །བསྟན་པ་རྒྱ་མཚོའི་ཕ་མཐར་ཡོངས་སྤེལ་བའི། །འཇམ་དབྱངས་དགའ་བའི་བཤེས་ཁྱོད་ཞབས་བརྟན་ཤོག །བློ་ལྡན་སྐལ་བཟང་ཡིད་ཀྱི་མུན་པ་ཀུན། །དམ་པའི་ཆོས་ཀྱི་སྒྲོན་མེས་རབ་གསལ་ཏེ། །ངོ་མཚར་སྨད་བྱུང་བཀོད་པའི་ཞིང་ཁམས་སུ། །སེང་གེའི་ང་རོའི་དྲུང་དུ་སྐྱེ་བར་ཤོག །ཅེས་པ་འདིའང་ཤངས་བཀྲ་ཤིས་རྩེ་པའི་མ་བློ་བཟང་ཆོས་སྒྲོན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །ལྷག་བསམ་དག་པའི་ལེགས་བྱས་ས་བོན་ཚོགས། །སྨོན་ལམ་དྲོད་གཤེར་རྐྱེན་གྱིས་སྐྱེད་བསྲིངས་པའི། །གྲངས་མེད་སྐྱེ་བའི་ལྗོན་ཤིང་ཡལ་འདབ་རྩེར། །དམ་པའི་མགོན་གྱི་འབྲས་བུས་དུད་པར་ཤོག །འཁོར་བར་རྟག་རྒྱུའི་ཡང་སྲིད་མཁའ་ལྡིང་དང༌། །མགོན་ཁྱོད་གྲིབ་མ་གཉིས་པའི་གྲོགས་བཞིན་དུ། །ནམ་ཡང་མི་འབྲལ་ངེས་པར་ལེགས་པ་ཡི། །དཔག་བསམ་ཡོངས་འདུའི་རྩེ་མོར་བདེར་བགྲོད་ཤོག །ཆོས་ཅན་རྒྱུ་འབྲས་མི་བསླུའི་ཉི་ཟླ་ཟུང༌། །ཆོས་ཉིད་འགྱུར་མེད་མཁའ་ལ་ཡོངས་ཤར་བས། །ཇི་ལྟར་སྨོན་པའི་སྣང་བ་རབ་རྒྱས་དཔུང༌། །མཆོག་གསུམ་ཐུགས་རྗེའི་གཟི་བྱིན་འབར་བར་ཤོག །(༨༠ན)


GLG021_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱ ཝ ཎྱ ནཱ མཻ སྟ བ དེ ཤ བྷཱུ ཏཻ རྦྷ བྱཱ དུ ཁཱཿ སུ ཪྻ ཤི ཝཱ ནྡྷ ཀཱ ར། ཁྱོད་མཚན་སྒྲ་འཛིན་ཡུལ་དུ་གྱུར་ཙམ་གྱི། །འཁོར་བའི་སྡུག་བསྔལ་མུན་སེལ་ཉི་མ་ཆེ། །པཱ ཤྱེ ན ཨ རྠི ན པྲ ཏི བི མྤ ཡཽ གི ཀྱཱ པ ཉྩ ཏི ཤྩཱ ད ཤ བྷཱུ མི ཨི ཤྱ། །བདེ་བར་གཤེགས་པ་སུམ་ཅུ་རྩ་ལྔ་ཡི། །སྣང་བརྙན་མཐོང་བས་དོན་ལྡན་ལ་སྦྱོར་བ། །གསེར་ཞུན་པད་རཱག་ཐགས་རིས་ངོས་འཁྱིལ་བས། །འགྲོ་ཀུན་རྒྱུད་ལ་བཏབ་པའི་བྱང་ཆེན་གྱི། །ས་བོན་རྣམ་སྨིན་དཀར་པོ་གངྒཱའི་རྒྱུན། །ཡེ་ཤེས་མཆོག་གི་ཆུ་གཏེར་ཆེར་འབབ་ཤོག །ས་སྐྱོང་འཕྲིན་ལས་རྒྱ་མཚོ་ཡང་སྲིད་ཀུན། །ལྷ་མིའི་རིན་ཆེན་སྐས་ལ་གྱེན་འཛེགས་ནས། །རིང་མིན་ཐར་པའི་སྒོ་འཕར་ལ་བརྒྱུད་དེ། །སྐུ་གསུམ་བ་གམ་ཡང་རྩེར་འཇུག་པར་ཤོག །འདིའི་ཆེད་སྒོ་གསུམ་ངལ་བསྟེན་ཤིང་རྟ་ཡིས། །བསོད་ནམས་ཟླ་བའི་ཕུང་པོ་འདྲེན་བྱེད་པར། །རྟོགས་ཀུན་ཚེ་དཔལ་འབྱོར་བའི་འོད་འབར་(༨༠བ)


GLG021_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ངེས་ལེགས་ཀུནྡའི་ཆུན་པོ་ཐོད་འཆིང་ཤོག །སྤྱི་དང་ཁྱད་པར་གངས་ལྗོངས་མགྲིན་སྔོན་གྱི། །གནག་སྣུམ་རལ་པའི་རྩེ་ན་ཕན་དང་བདེ། །འབྱུང་གནས་ཐུབ་བསྟན་ཟླ་བ་རྟག་ཚེས་པའི། །ཆ་ཤས་སྲིད་མཐའི་བར་དུ་འཕེལ་བར་ཤོག །ཅེས་ས་སྐྱོང་ཕྱག་མཛོད་འཕྲིན་ལས་རྒྱ་མཚོ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་གཙུག་ལག་གཉིས་པ་ཤེས་པའི་མིག་ཡངས་སྟག་ལུང་དཔལ་མགོན་གཙོ་བོར་གྱུར་པའི་འོ་རློན་པ། རགས་ཁ་འཇམ་དབྱངས་དབང་པོ། ཤར་གླིང་དཀོན་མཆོག །དར་གླིང་འཇམ་དབྱངས་དབང་པོ། སྐྱིད་རོང་དགོས་ཕྲུག །ཁང་གསར་དགོས་བསམ། སེ་ར་ངག་དབང་དར་རྒྱས། རགས་ཁ་རྟ་མགྲིན། རམ་པ་བྲག་ལོགས་པ། ཁང་གསར་ལྷོ་འཇམ་དབྱངས་དོན་གྲུབ། ལྕང་སྲུངས་ཁང་རིན་ཅེན་རྡོ་རྗེ། བན་རྩ་བློ་བཟང༌། ཤུན་ཤག་ཨ་ཁྱག །འབྲང་ཤག་སྐོས་པ། བྱང་སྟེང་བཀྲ་ཤིས་རྣམས་ཀྱིས་ཕུང་པོ་གསུམ་པའི་མདོ་ནས་བསྟན་པའི་བདེ་བར་གཤེགས་པ་སུམ་ཅུ་རྩ་ལྔའི་སྐུ་བརྙན་གྱི་གསེར་ཐང་བསྐྲུན་པའི་ཚེ་ཟ་ཧོར་གྱི་བནྡེས་སྦྱར་བའི་སྨོན་ལམ་འདི་དང་ལྷ་ཚོགས་རྣམས་ཀྱི་ཞལ་བྱང་གི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དབྱངས་དཔལ་བཟང༌། ཨེ་པ་ངག་དབང་ཚེ་རིང༌། གྲྭ་ནང་བསོད་ནམས་ལྷུན་གྲུབ་རྣམས་ཀྱིས་བགྱིས་པ་སིདྡྷ་རསྟུ། །གསོལ་འདེབས་ཏམྦུ་ར་ཡི་དབྱངས་སྙན་གླུ། །མི་ཕྱེད་དད་པའི་རྒྱུད་ལས་ཉེར་འདྲེན་ན། །རྣམ་མཁྱེན་ཐོབ་མིན་བར་གྱི་ཚེ་རབས་སུ། །བཤེས་གཉེན་དམ་པའི་མགོན་གྱིས་རྗེས་འཛིན་ཤོག །ཅེས་པ་འདིའང་སྐྱིད་ཤོད་ཆོས་རྗེའི་གྲྭ་པ་ཞིག་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །འཁོར་བའི་ཕ་མཐར་རྫོགས་མིན་དེ་སྲིད་དུ། །གཟུགས་སྐུ་མི་ཟད་རྒྱན་གྱི་འཁོར་ལོ་ཆེ། །འཆར་དང་ནུབ་པ་སྤངས་པའི་དམ་བཅའ་ཅན། །འཁོར་འདས་མུན་སེལ་སྔོན་མེད་ཉི་(༨༡ན)


GLG021_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཀྱེ། །ཀུན་ཡགས་མིང་འཛིན་དུས་ཀྱི་མཆེ་བའི་ཕྲག །མི་ཟད་ཤུགས་དྲག་ལས་ཉོན་དབང་སོང་བས། །བཅོམ་ལྡན་རྣམ་པར་སྣང་མཛད་གངས་ཅན་མཚོའི། །ཐུགས་རྗེའི་ཟེར་གྱིས་འོག་མིན་གནས་སུ་དྲོངས། །བསོད་ནམས་བྱས་པའི་མེ་ལོང་གཙང་མའི་ངོས། །མཁའ་མཉམ་མར་གྱུར་སྐྱེ་རྒུར་གཏོགས་སོ་ཅོག །འདི་ཕྱི་ཡང་སྲིད་ཀུན་བདེ་མྱང་འདས་ཀྱི། །བཞིན་རས་རྟག་ཏུ་འགོག་མེད་གསལ་འཆར་ཤོག །ཅེས་དར་འབག་དགོས་པས་རྣམ་སྣང་གི་བརྒྱ་ཐང་བཞེངས་པའི་རྒྱབ་ཡིག་ཏུ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །ཀཱ ལོ ད ཡྻ ན ཀུ ལྱ ཙེ ཏ ནཱ ནུ བྱ ཉྫ ནྱ ནི མི ཏྟ ར སྨི ཙ། སོ་གཉིས་མཚན་བཟང་བརྒྱད་ཅུའི་དཔེ་བྱད་ཟེར། །ཤར་ཚེ་རིགས་སུ་མ་ཆད་ལུས་ཅན་གྱི། ཨཱ ནཱ ཤ ཡྻ ག །ཎཱ རྠ པཱ ཤྱ ཡོ གཱ པ ཏྶོ བྷ ཝ ཨ ནྡྷ ཀཱ ར ཙ། འཁོར་འདས་རྒུད་པའི་སྨག་རུམ་ཀུན་གཞིལ་བའི། །ཞལ་སྐྱིན་མཐོང་བས་དོན་ལྡན་ལ་སྦྱོར་བས། །བསྟན་འཛིན་དཱ་ཡན་རྒྱལ་(༨༡བ)


GLG021_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཉེར་འབོད་པའི། །གནམ་གྱི་ཤེ་མོས་ས་ལ་དབང་བསྒྱུར་བ། །བསོད་ནམས་བྱང་ཆུབ་མཆོག་གི་སྙིང་པོའི་བར། །མི་འཛད་གཏེར་གྱི་བུམ་བཟང་དེང་འདིར་འགྲུབ། །སྣང་སྲིད་གཟུགས་རྙན་མཐའ་དག་རི་མོ་རུ། །འདྲི་བར་སྨན་མཁྱེན་ཉི་ཟླ་ཟུང་འཇུག་ལས། །སྨན་ཐང་ལུགས་སྲོལ་འཛིན་ལ་རྩེར་སོན་པའི། །དཔལ་མགོན་གཙོར་གྱུར་སོར་མོའི་ཟློས་གར་སྤེལ། །ཆོས་དཀརཏེ་སིའི་གཙུག་ཏོར་ལས་འབབ་པ། །རྟག་ཏུ་ཕན་བདེའི་ཡན་ལག་བརྒྱད་ལྡན་ཆབ། །དམིགས་ཡུལ་གྱིས་མཚོན་འདི་སྒྲུབ་བྱེད་པ་པོ། །ཛཧྣུ་ཡིས་ངོམས་མེད་འཐུང་བར་ཤོག །མཁའ་མཉམ་མ་རྒན་སྲིད་པའི་རྒྱ་མཚོ་ལས། །སྒྲོལ་བའི་གཟིངས་གྱུར་དེང་བསྒྲུབས་དགེ་ཚོགས་རྣམས། །བསྔོས་འབྲས་ཆོས་གཟུགས་སྐུ་གཉིས་ཟུང་འཇུག་པའི། །རིན་ཆེན་གླིང་དུ་འགྲོ་རྣམས་སྒྲོལ་བར་ཤོག །ཅེས་གནམ་གྱིས་བསྐོས་པའི་སའི་ཚངས་པ་བསྟན་འཛིན་དཱ་ཡན་རྒྱལ་པོ་དུས་ཀྱི་ཆོས་ཉིད་དུ་གྱུར་པ་མཐོ་རིས་ཀྱི་སྲིད་པ་འཛིན་པའི་ཆེད་དུ་སྟག་ལུང་དཔལ་མགོན་གྱིས་ཐོག་དྲངས་པའི་རགས་ཁ་འཇམ་དབྱངས་དབང་པོ། ཤར་གླིང་དཀོན་མཆོག །དར་གླིང་འཇམ་དབྱངས་དབང་པོ། སྐྱིད་རོང་དགོས་ཕྲུག །ཁང་གསར་སྦུག་དགོས་བསམ། རམ་པ་བྲག་ལོགས་པ། རགས་ཁ་རྟ་མགྲིན། ཁང་གསར་ལྷོ་འཇམ་དབྱངས་དོན་གྲུབ། ལྕང་སྲུངས་ཁང་རིན་ཆེན་རྡོ་རྗེ་རྣམས་བཞེང་བཅུག་པའི་རྣམ་པར་སྣང་མཛད་དང་སྨན་བླ་བདེ་གཤེགས་བརྒྱད་གཙོ་བོར་གྱུར་བའི་རྣམ་སྣང་སྟོང་ཐང་གི་རྒྱབ་ཡིག་སྨོན་ལམ་ཏུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དཔལ་ལོ། །མཚན་སྙན་སྐྱེ་རྒུའི་གཙུག་ཕུད་ཅན་གྱི་རྣར། །ཐོས་པའི་མོད་ལ་འཆི་མེད་མངལ་སྦྲུམ་(༨༢ན)


GLG021_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བྱེད་པོ་ཚེ་མཐའ་ཡས་པ་དབྱར་རྔའི་སྒྲ། །བྱང་ཆུབ་མཐའ་སྙེད་ཐོས་འཛིན་རྒྱན་དུ་སྤུད། །རྨ་བྱས་བཏེགས་པའི་མི་འགྱུར་གཡུང་དྲུང་ཁྲི། །འཁོར་སྐྱོན་དག་པའི་འདབ་སྟོང་ཟེའུ་འབྲུ། །ཐབས་ཤེས་ཉི་ཟླ་ཟུང་འཇུག་གདན་སྟེང་དུ། །བཤེས་གཉེན་དམ་པ་རྡོ་རྗེ་ལྟར་བརྟན་ཤོག །ངག་དབང་འཇམ་དཔལ་ཐུན་མཚམས་བླ་གོས་ཅན། །བློ་བཟང་གྲགས་འབར་རིང་ལུགས་འཛིན་མའི་མཐའ། །ཟད་མིན་དེ་སྲིད་སྤེལ་བའི་འཕྲིན་ལས་རྒྱུན། །ལྷ་བཅས་འགྲོ་བའི་རྒྱ་མཚོར་རྟག་འབབ་ཤོག །རྣམ་འདྲེན་བུ་རམ་ཤིང་པའི་རྒྱལ་ཚབ་ཏུ། །ཞྭ་སེར་ཅོད་པཎ་བཅིངས་ནས་དབང་བསྐུར་བའི། །འཇམ་དཔལ་སྙིང་པོའི་རིང་ལུགས་རྩིབས་སྟོང་ཤུགས། །ཐུབ་བསྟན་གླིང་བཞིར་ཐོག་མེད་འཁོར་བར་ཤོག །འཛམ་བུའི་གྲིབ་ཏུ་ངལ་གསོའི་ཡིད་ཅན་གཉར། ཁྲིམས་གཉིས་གསེར་ཤིང་དྲང་པོའི་ཐིག་འདེབས་པའི། །ས་དབང་ཆབ་སྲིད་ལེགས་འཕེལ་མངའ་འབངས་ཀུན། །རྫོགས་ལྡན་དགའ་སྟོན་བཞིན་དུ་སྤྱོད་པར་ཤོག །ཐོག་མཐའ་བར་དུ་བཀྲ་ཤིས་ཆོས་ཀྱི་དུང༌། །གཡས་འཁྱིལ་ཕན་དང་བདེ་ཆེན་འབྱུང་བའི་གླིང༌། །ཐུབ་བསྟན་སྒྲོན་མེས་འཇིག་རྟེན་མུན་སེལ་བར། །རྣམ་གསུམ་འཁོར་ལོའི་སྒོ་ནས་འཕེལ་བར་ཤོག །འགྲོ་ཀུན་རྒྱུད་ལ་གོས་པའི་བསོད་ནམས་གཞིར། །སྨོན་ལམ་ས་བོན་བཏབ་ལས་བདེ་སྐྱིད་འབྲས། །ཐར་པའི་སྲོག་འཚོའི་ཟུང་གྱུར་ས་བཅུ་ཡི། །ཐེམ་སྐས་ལ་འཛེགས་བྱང་ཆེན་བགྲོད་པར་ཤོག །ཅེས་པའི་ཚིགས་སུ་བཅད་པ་འདི་ནི་འཕྱོས་བཀྲ་ཤིས་བདེ་ཆེན་སྤྱི་སོས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་(༨༢བ)


GLG021_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཐུབ་བསྟན་རྡུལ་བྲལ་སྟོན་མཚན་ཟླ་བ་ལས། །ཞྭ་སེར་འཆང་བའི་རིང་ལུགས་བསིལ་བའི་ཟེར། །སྣང་བ་འབུམ་དུ་ཆེས་ཆེར་འབར་བའི་ཞར། །འགྲོ་རྣམས་ཕན་བདེའི་ཀུནྡ་བཞད་པར་ཤོག །ཁྱད་པར་སྐོར་གསུམ་མངའ་རིས་རྒྱལ་ཁམས་སུ། །འཇམ་མགོན་བློ་བཟང་གྲགས་པའི་རྗེས་འཇུག་ཚོགས། །མང་ཐོས་ལུང་གི་བརྒྱ་ཕྲག་ཆུ་བོ་རྣམས། །གཅིག་འདུས་དབྱར་མཚོ་ལྟ་བུར་འཕེལ་བར་ཤོག །དེ་འཛིན་དགེ་བའི་བཤེས་དང་འདུས་པའི་གྲྭ། །དར་ཞིང་རབ་བརྟན་ཡངས་པའི་འཇིག་རྟེན་གསུམ། །སྤྱི་དང་ཁྱད་པར་པུར་རྒྱལ་བོད་ཡུལ་འདིར། །བདེ་སྐྱིད་སྙན་པའི་དུང་དཀར་གཡས་འཁྱིལ་ཤོག །ཅེས་པ་འདིའང་རབ་འབྱམས་པ་བློ་བཟང་བརྩོན་འགྲུས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །རྒྱལ་རྣམས་མཁྱེན་བརྩེ་ནུས་ཀུན་ཁྱོད་ཡོན་དུ། །ལྷུན་གྲུབ་འཛམ་གླིང་ཆེ་བའི་རིགས་སྔགས་འཆང༌། །དཀྱིལ་འཁོར་རྒྱ་མཚོའི་གཙོ་མཆོག་ཐོད་ཕྲེང་རྩལ། །བོད་འབངས་བདེ་སྐྱིད་ཉི་མ་རྟག་འཆར་མཛོད། །གང་དང་མངའ་བདག་རྗེ་ལ་ལས་སྨོན་འབྲས། །ཅུང་ཟད་སྨིན་པར་སྤྲུལ་པའི་དབུག་དབྱུང་གི །ལུང་ཟིན་ཟ་ཧོར་སྔགས་སྨྱོན་བཞད་པ་རྩལ། །གང་ཤར་རང་སར་གྲོལ་ལ་གསོལ་བ་འདེབས། །རབ་བཏགས་སྙན་དངགས་ཇི་བཞིན་གཅམ་བུའི་ཚིག །མ་ཡིན་གསོང་པོར་བརྗོད་པའི་བདེན་སྟོབས་མཐུས། །སཱ་ལའི་ལྗོངས་ཀྱི་སྐྱེ་རྒུར་གཏོགས་སོ་ཅོག །རྫོགས་ལྡན་དུས་ཀྱི་དགའ་སྟོན་ལྟར་སྤྱོད་ཤོག །ཅེས་པ་འདི་ནི་གཡས་རུ་གཙང་བསམ་གྲུབ་རྩེའི་རྫོང་སྡོད་མངའ་ཁུལ་རྣམས་ཀྱིས་རིང་འཚོའི་རྟེན་འབྲེལ་བསྒྲིགས་ཤིང་(༨༣ན)


GLG021_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བསྟུན་བཞི་སྡེ་ཁང་དུ་འཇོག་འདུན་གྱི་གསོལ་འདེབས་ལེའུ་བདུན་པ་བསམ་པ་ལྷུན་གྲུབ་མ་དང་བཅས་པ་པར་དུ་བརྐོས་ཚེ་ཐག་ཁྲའི་སྦྲུལ་ལྟར་ལུང་བསྟན་ཞིག་ལ་སྒྲོ་བརྟགས་ཀྱིས་བསྙད་ནས་ཚིགས་བཅད་དགོས་ཚུལ་བཞིན་ཟ་ཧོར་གྱི་བནྡེས་སུག་བྲིས་སུ་བགྱིས་སོ། །ཕྱག་ན་པད་དཀར་འཆང་བའི་ཚངས་དབྱངས་གསུང༌། །ཡིག་དྲུག་གཟུགས་ཤར་རྒྱུན་ཆད་མེད་འཁོར་བས། །བཤེས་གཉེན་དམ་པ་བསྐལ་བརྒྱར་ཞབས་བརྟན་ཅིང༌། །བསྟན་འགྲོའི་བདེ་སྐྱིད་ཉི་མ་གུང་འཆར་ཤོག །བྱང་གླིང་བསམ་གྲུབ་རྒྱལ་པོ་གཉེན་བཤེས་སོགས། །ལུས་ངག་ཡིད་ཀྱིས་སྒྲུབ་ལ་གཏོགས་སོ་ཅོག །འདི་སྣང་ལྷ་ཡི་ཚེ་འབྱོར་རྗེས་འགྲོ་ཞིང༌། །ཕྱི་མ་གྲུ་འཛིན་ཞིང་དུ་སྐྱེ་བར་ཤོག །ཁོར་ཡུག་གངས་ཀྱི་ར་བས་ཡོངས་བསྐོར་འདིར། །དབུལ་ཕོངས་ནད་འཁྲུག་དུས་ཀྱི་ཆད་པ་ཀུན། །མིང་གི་ལྷག་མར་གྱུར་ཏེ་བདེ་སྐྱིད་ལ། །སྒོ་གསུམ་སྤྱོད་པར་བཅུད་རྣམས་སྐལ་མཉམ་ཤོག །ཅེས་པའི་སྨོན་ལམ་ཚིགས་བཅད་འདིའང་བྱང་གླིང་བསམ་གྲུབ་རྒྱལ་པོས་མ་ཎི་དུང་ཕྱུར་གྱི་ཆོས་འཁོར་འཛུགས་སྐབས་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །བདེ་བ་ཅན་ཞིང་མགོན་པོ་འོད་མཐའ་ཡས། །རྒྱ་གར་པཎ་ཆེན་ཚུལ་བཟུང་ཐོད་ཕྲེང་རྩལ། །ཞི་ཁྲོ་རིགས་ཀུན་ཁྱབ་བདག་དབང་པོ་ཡིས། །དྲི་མེད་སྤྱན་རས་གཟིགས་པ་ལྷུར་མཛོད་ཅིག །སྟོང་ཉིད་སྙིང་རྗེའི་རང་མདངས་ཨ་ཡིག་སྟེང༌། །དྷུ་ཏིའི་ཀ་བས་བདེ་ཆེན་ཧམ་གཏེག་ནས། །རྡོ་རྗེའི་སྲོག་ཏུ་བྱིན་བརླབས་བཞད་པ་རྩལ། །ཆེ་མཆོག་འདུས་པའི་ངོ་བོར་རྟག་བཞུགས་གསོལ། །(༨༣བ)


GLG021_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་བུས་སྐུ་འཇའ་ཚོན་འོད་ཀྱི་མདངས། །བཞིན་ལག་རྣམ་པར་ཤར་བའི་ལོངས་སྤྱོད་རྫོགས། །ངེས་པ་ལྔ་དང་ལྡན་ཕྱིར་བསྐལ་བ་འདི། །སྟོང་མིན་དེ་སྲིད་བར་དུ་བརྟན་པར་བཞུགས། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་དུས་དགྲའི་དབང༌། །དྲག་རྩལ་རྡོ་རྗེ་འབར་བའི་རྭ་གདེངས་ནས། །བདུད་སྡེ་དཔུང་བཅས་སྙིང་ལ་རབ་བསྣུན་ཏེ། །བསམ་སྦྱོར་ངན་པའི་ནུས་པ་ཐལ་བར་རློག །གསུང་ངག་ཆད་མེད་ཐེག་དགུ་དབང་གི་རྒྱུན། །བློ་གྲོས་བུམ་པར་ཡོངས་གཏམས་སྐལ་བཟང་གི །གདུལ་བྱ་རྒྱ་མཚོ་སྨིན་གྲོལ་ལམ་འགོད་པའི། །འཇམ་དབྱང་དགའ་བའི་བཤེས་གཉེན་ཞབས་བརྟན་ཤོག །ཨྱོན་ཡུལ་མཚུངས་མཆིམས་ཕུ་གསུང་གི་གནས། །དགེ་བཅུ་ཀུན་ཚང་ཡར་ཀླུང་སྨན་ལྗོངས་སུ། །ཟངས་མདོག་དཔལ་གྱི་རི་བོ་མངོན་སུམ་དུ། །འཕོས་འདྲའི་འདུས་སྡེ་དར་ཞིང་རྒྱས་པར་ཤོག །རྩ་བརྒྱུད་བླ་མ་བཀའ་བརྒྱད་དཀྱིལ་འཁོར་ལྷ། །མ་ནིང་ནག་པོ་སྡེ་དཔོན་སུམ་ཅུ་དང༌། ཁྱད་པར་བསྟན་སྲུང་རྡོ་རྗེ་གཤོག་རྒོད་མས། །འདི་ཕྱིའི་གཏན་གྱི་འདུན་མ་ལྷུན་གྲུབ་མཛོད། །ཅེས་རིང་འཚོའི་རྟེན་འབྱུང་གི་ཚིགས་སུ་བཅད་པ་འདི་ནི་བཻ་རོའི་ཐུགས་སྤྲུལ་གཏེར་སྟོན་པྲ་ཛྙཱ་ར་སྨིའི་ཡང་སྲིད་ངག་དབང་པདྨ་འཕྲིན་ལས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །མཁྱེན་བརྩེ་ནུས་པའི་ཆ་ཤས་ཡོངས་རྫོགས་པ། །མཆོག་གསུམ་ཐུགས་རྗེ་ཆེན་པོའི་བསིལ་ཟེར་གྱིས། །ཡོངས་བཏབ་སྨོན་ལམ་ཀུ་མུ་ད་ཡི་ཚལ། །འཇམ་མཉེན་འདབ་སྟོང་ཀུན་ནས་བཞད་པར་མཛོད། །ངག་དབང་བརྟན་པའི་འཁོར་ལོ་ཙོང་ཁ་པའི། །རབ་དཀར་དགེ་བའི་རིང་ལུགས་ལེགས་པའི་ལམ། །རྒྱལ་མཚན་(༨༤ན)


GLG021_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོར་བསྒྲེངས་པའི་བཤེས་གཉེན་མཆོག །མྱུར་དུ་ཞིང་འདིར་སྲིད་པ་འཛིན་པར་ཤོག །སྤྲུལ་པའི་ཟློས་གར་ཉིན་མོར་བྱེད་པ་ཡིས། །ཡིད་སྲུབས་མུན་པའི་སྨག་རུམ་མཐར་བྱས་ནས། །ཐུབ་བསྟན་སྣང་བ་ཆེས་དར་གསེར་ལྡན་ཁྱོན། །ཡོངས་ཁྱབ་བཞེད་པའི་འབྲས་བུ་ལྷུན་གྲུབ་ཤོག །དེ་ཚུལ་འགྲུབ་ལ་སྡིག་ཏོའི་ལྷ་མིན་མངལ། །ཆོས་སྲུང་འཆི་མེད་དབང་པོས་རྡོ་རྗེའི་རྭ། །གདེངས་པའི་མོད་ལ་ལྷུང་དང་ལྷན་ཅིག་ཏུ། །བརླང་པོར་སྤྱོད་པའི་བསམ་སྦྱོར་ཀུན་ཞི་ཤོག །རྒྱུ་དང་འབྲས་བུའི་ངང་ཚུལ་སླུ་མེད་དུ། །དེ་བཞིན་གཤེགས་པས་ཉེར་གསུངས་བདེན་པའི་བཀའ། །ཚད་མར་གྱུར་པ་ཇི་ལྟར་སྨོན་པའི་དོན། །རེ་བ་མ་ལུས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་དེ་མོ་སྤྲུལ་པའི་སྐུ་ངག་དབང་དགེ་ལེགས་རྒྱལ་མཚན་གྱིས་སྤྲུལ་སྐུ་མྱུར་དུ་བྱོན་པའི་སྨོན་ལམ་ཚིགས་སུ་བཅད་པ་འདི་ལྟ་བུ་ཞིག་དགོས་ཞེས་དབོན་པོ་བསོད་ནམས་ནོར་བུས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །བརྗོད་པ་རྣམ་དག་ངག་ལ་སྨྲ་བའི་དབང༌། །གྲུབ་པའི་བློ་ཡིས་སྐལ་བཟང་འགྲོ་བ་ལ། །རྒྱ་ཆེན་སྤྱོད་དང་ཟབ་མོ་ལྟ་བའི་ཆོས། །དབྱར་མཚོ་ལྟ་བུར་སྤེལ་ལ་གསོལ་བ་འདེབས། །མི་འཇིག་སྤོབས་པས་གཉིས་མེད་གསུང་བའི་གཞུང༌། །འཆད་རྩོད་རྩོམ་པའི་གོ་ལྡན་ལྔ་རིག་ཆས། །ཐུབ་བསྟན་ཐོས་དོན་བསམ་སྒོམ་ལང་ཚོའི་དཔྱིད། །འཇམ་དབྱངས་དགྱེས་པའི་སྡེ་ལ་གསོལ་བ་འདེབས། །དད་དང་དམ་ཚིག་རྩ་བ་རབ་བརྟན་ཁྲིར། །ཤུགས་དྲག་སྨོན་ལམ་མེ་ཏོག་རབ་གཏོར་ནས། །མགོན་ཁྱོད་སྐལ་བརྒྱར་བཞུགས་གསོལ་ལེགས་འདེབས་ན། །འགྲུབ་པར་མཆོག་གསུམ་ཐུགས་རྗེས་བྱིན་གྱིས་རློབས། །བདག་གིས་(༨༤བ)


GLG021_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་དང་བགྱིད་གྱུར་བགྱིད་བཞིན་པའི། །དགེ་ཚོགས་ཛམྦུའི་འབྲས་བུ་སེམས་བསྐྱེད་མཚོར། །ལྷུང་བའི་སྙེ་མ་བྱང་ཆེན་གསེར་སྦྱངས་སུ། །རབ་སྨིན་ལུས་ཅན་ཀུན་ལ་གཏོང་བར་ཤོག །ཉེས་བརྒྱའི་དྲི་མ་སྨོན་ལམ་ཆུས་བཀྲུས་པའི། །བསྟན་འགྲོའི་བདེ་སྐྱིད་སྟོན་མཚན་ཟླ་བའི་བཞིན། །རྒྱུད་ལྔའི་བསོད་ནམས་མེ་ལོང་གསལ་བའི་ངོས། །རྟག་ཏུ་འགོག་པ་མེད་པར་འཆར་བར་ཤོག །ཅེས་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་རྒྱལ་སྲས་ཤེས་རབ་འཕེལ་བའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་གྱིས་དོན་གཉེར་ཆེན་པོའི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །བསྐལ་མང་རླབས་ཆེན་སྤྱོད་པའི་གོམ་སྟབས་ཀྱིས། །ཚོགས་སྦྱོར་ས་བཅུའི་ཐེམ་སྐས་ལ་འཛེགས་ནས། །བླ་མེད་སྐུ་གསུམ་ཁང་པར་ལེགས་བཞུགས་ཏེ། །ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་ཟློས་གར་ཅན། །ཆེས་ཆེར་གདུལ་དཀའི་འགྲོ་བ་འདྲེན་པའི་སླད། །འཛམ་གླིང་དབུས་འགྱུར་སྤོ་ལ་མཆོག་སྤྲུལ་དུ། །ཡོངས་བསྟན་སྐལ་བཟང་འདྲེན་པ་ཤཱཀྱའི་རྒྱལ། །མ་འདྲིས་ལུས་ཅན་ཀུན་གྱི་མགོན་གཅིག་པུ། །གང་གི་སྣང་བརྙན་མ་ལ་ལ་སྐྱེས་ལས། །ལེགས་གྲུབ་གྲོང་འཁྱེར་བསོད་སྙོམས་གཤེགས་པའི་ཚུལ། །ཡེ་ཤེས་སེམས་དཔའི་གཟི་བྱིན་རབ་འབར་བ། །བཐོང་བས་དོན་ལྡན་ས་ལ་སྦྱོར་མཛད་ཀྱེ། ཁྱོད་དྲུང་དངོས་བཤམས་ཡིད་སྤྲུལ་མཆོད་པ་དང༌། །བསྟོད་ཅིང་གསོལ་འདེབས་སྨོན་ལམ་བྱེད་པ་ཀུན། །བགྲོད་དཀའ་སྲིད་པའི་འཕྲང་རིང་ལས་བསྒྲལ་ནས། །བདེ་ཆེན་ཐར་པའི་གླིང་དུ་དབུགས་དབྱུང་དྲོངས། །དཀར་མིན་ལས་ངན་འབྲས་བུ་ཉེར་ཞི་ཞིང༌། །ཚེ་དཔལ་སྟོབས་(༨༥ན)


GLG021_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ལེགས་པའི་ཡོན་ཏན་རྣམས། །ཡིད་ལ་འདོད་པ་ཇི་བཞིན་ལྷུན་གྲུབ་པར། །མགོན་པོ་ཐུགས་རྗེ་ཆེན་པོས་བྱིན་གྱི་རློབས། །ཞེས་ཙནྡན་ལས་གྲུབ་པའི་ཐུབ་དབང་གྲོང་ཁྱེར་དུ་གཤེགས་པའི་སྐུ་བརྙན་ལ་བསྟོད་ཅིང་སྨོན་ལམ་འདེབས་པ་འདི་ལྟ་བུ་ཞིག་དགོས་ཞེས་སན་ཆག་པཀྴིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །བདེ་ལྡན་ཞིང་ན་འོད་སྣང་མཐའ་ཡས་མགོན། །གྲུ་འཛིན་གནས་སུ་འཕགས་མཆོག་སྙིང་རྗེའི་གཏེར། །སིནྡྷུའི་རྒྱ་མཚོར་ཚེ་དབང་ཐོད་འཕྲེང་རྩལ། །དབྱེར་མེད་སྐུ་གསུམ་ངོ་བོར་གསོལ་བ་འདེབས། །གང་བྱིན་སྙིང་ལ་སིམ་པའི་ལས་སྨོན་མཐུས། །བོད་འབངས་ཕན་བདེ་སྒྲུབ་ཁུར་ལྷག་བསམ་གྱིས། །གྱེན་འདེགས་ངག་དབང་བློ་གྲོས་རབ་ཡངས་པ། །སྐལ་བཟང་རྒྱ་མཚོའི་གཉེན་ལ་གསོལ་བ་འདེབས། །ཡེ་ཤེས་འོད་ལྔ་གསལ་བའི་དཀྱིལ་འཁོར་དབུས། །སེང་ཁྲི་པད་ཉི་ཟླ་སྟེང་མགོན་པོ་ཁྱོད། །ཚེ་མཐའ་ཡས་པའི་སྐུར་བཞེངས་སྲིད་པའི་མཐའ། །རྫོགས་མིན་བར་དུ་གཡོ་མེད་བཞུགས་གྱུར་ཅིག །ནོར་འཛིན་ལུས་ཕྲའི་མངལ་དུ་ལེགས་སྦྲུམས་པའི། ཁྲིམས་གཉིས་གསེར་ཤིང་ཡིད་ཅན་ཡོངས་ཀྱི་གཉར། །ལྕི་བས་ཕན་བདེའི་མཆོད་སྦྱིན་མི་བདག་གི །སྐུ་ཚེ་མངའ་ཐང་ཆབ་སྲིད་རྒྱས་གྱུར་ཅིག །གསེར་མདོག་ཞྭ་ཡི་ཅོད་པན་འཆང་བའི་བསྟན། །འཕགས་ཡུལ་ནས་བཟུང་ཤར་ཕྱོགས་རྒྱ་མཚོའི་བར། །ཡོངས་ཁྱབ་ལུགས་གཉིས་འདོད་རྒུའི་ཆར་ཆེན་པོས། །ཕན་བདེའི་སྙེ་མ་གཡུར་དུ་ཟ་བར་ཤོག །རྟག་ཏུ་དགའ་བདེར་སྤྱོད་པའི་དཔལ་ལྡན་པ། །མ་སྨད་ཐར་པའི་འབྲས་བུ་རིན་ཆེན་གླིང༌། །རྣམ་གསུམ་འཁོར་(༨༥བ)


GLG021_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་བྱ་བས་དབྱར་མཚོ་ལྟར། །གྱེན་ནས་གྱེན་དུ་འཕེལ་ཞིང་རྒྱས་གྱུར་ཅིག །ས་འོག་ས་སྟེང་ས་བླར་གནས་སོ་ཅོག །ཁྱད་པར་པུར་རྒྱལ་བོད་ཀྱི་རྒྱལ་ཁམས་འདིར། །འཐབ་རྩོད་ནད་གདོན་དབུལ་ཕོང་ཉེར་ཞི་ཞིང༌། །བདེ་སྐྱིད་གསུམ་རྩེན་བཞིན་དུ་སྤྱོད་པར་ཤོག །རྡུལ་བྲལ་སྟོན་ཟླ་ལྟར་དཀར་ལྷག་བསམ་གྱིས། །ལེགས་བསྐྲུན་དུས་གསུམ་བསགས་པའི་དགེ་ཚོགས་འབྲས། །ནམ་མཁའི་མཐའ་མཉམ་འགྲོ་ལ་ཡོངས་སྨིན་ནས། །མི་གནས་མྱང་འདས་གྲོང་ཁྱེར་ལ་འཇུག་ཤོག །བྱིན་རླབས་མྱུར་འཇུག་རྩ་རྒྱུད་བླ་མ་དང༌། །དངོས་གྲུབ་སྩོལ་བའི་ཡི་དམ་དཀྱིལ་འཁོར་ལྷ། །ལས་བཞི་ཀུན་སྒྲུབ་ཆོས་སྐྱོང་སྲུང་མ་ཡིས། །བསམ་པ་ཇི་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་རིང་འཚོའི་རྟེན་འབྱུང་དང་འབྲེལ་བའི་ཚིགས་སུ་བཅད་པ་འདི་ནི་ཆུ་ཤུར་དགའ་ལྡན་ཐར་པ་གླིང་གི་སློབ་དཔོན་གྲྭ་མང་དང་བཅས་པས་དོན་གཉེར་ཆེན་པོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །ངག་དབང་བློ་ཡི་བུམ་བཟང་དངོས་གྲུབ་ཀྱི། །རྒྱ་མཚོ་ལེགས་འཁྱིལ་བདག་གི་སྤྱི་བོའི་གཙུག །རབ་བཞུགས་བདུད་རྩི་སྙིང་ལ་ཡོངས་སིམ་པས། །འདི་ཕྱིའི་འདུན་མ་འགྲུབ་པར་བྱིན་གྱིས་རློབས། །ཞེས་ཆ་ཀར་ཐ་ཡང་ཆི་དབང་ཕྱུག་དགེ་སློང་གི་ཁ་ཏོན་དུ་བྱས་མཆོག་པ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །རྣམ་འདྲེན་སྐུ་གསུང་ཐུགས་ཀྱི་ཕུང་པོ་ཀུན། །མཛེས་སྡུག་ལུས་ཕྲར་ཤར་བའི་འཇོ་སྒེག་ཅན། །ཚེ་དཔལ་སྦྱིན་ལ་ཡིབཞིན་འཁོར་ལོའི་ལྷ། །(༨༦ན)


GLG021_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཡུམ་འཕགས་མས་དེང་འདིར་མཐུ་དཔུང་སྐྱེ། །ལུས་ངག་ཡིད་གསུམ་དལ་འབྱོར་དོན་ལྡན་དུ། །སྒྲུབ་ལ་དབང་བྱེད་བློ་གྲོས་བུམ་པ་བཟང༌། །འཆི་མེད་ཟིལ་མངར་རྒྱ་མཚོས་ཡོངས་བཀང་སྟེ། །བསྐལ་བརྒྱར་མི་གཡོ་བརྟན་པར་བྱིན་གྱི་རློབས། །སྲབ་གཉེན་སྟོད་གཡོགས་པ་ཉྩ་ལི་ཀའི་དར། །མཚམས་སྤྲིན་རུང་མཐུན་གོས་སུ་ཉེར་བསྒྱུར་ནས། །འཇམ་མགོན་མི་ཡི་གཟུགས་འཛིན་བཙོང་ཁ་པའི། །རིང་ལུགས་བསྐལ་པའི་བར་དུ་རྒྱས་པར་ཤོག །དགའ་སྐྱིད་ཀུན་ལྡན་སྡེ་བཞིའི་ཕོ་བྲང་ཆེའི། །ཞྭ་སེར་མནབས་པའི་ཆོས་དང་སྲིད་ཀྱི་བསྟན། ཁྲིམས་གཉིས་འཇིགས་རྟེན་ཡོངས་ཀྱི་གཉར་ལྕི་བ། །མང་བཀུར་རྗེས་འགྲོའི་ངང་ཚུལ་དར་དྲག་ཤོག །མི་ཟད་གནས་ངན་ལེན་གྱི་ཚ་གདུང་རྣམས། །རྒྱལ་མཚན་རབ་སྒྲོག་མ་ལ་ཡར་སྐྱེས་དང༌། །འཐུལ་བའི་མོད་ལ་སོ་སྐྱེ་ལས་འཕགས་པའི། །འདུས་སྡེ་འཁོར་ལོ་གསུམ་གྱི་ཡར་འཕེལ་ཤོག །སེམས་ཅན་ཅི་དང་ཁྱད་པར་རྒྱ་ཧོར་བོད། །རྒྱུ་དང་མི་རྒྱུའི་ལུས་ཅན་རྟག་བདེ་ཞིང༌། །སྡིག་སྡོའི་བསམ་སྦྱོར་ཀུན་སྤངས་རྣམ་པར་སྨིན། །ཟླ་ཞུན་ཁུ་བ་ཇི་བཞིན་འཛག་པར་ཤོག །རང་གི་རྒྱུད་ལ་གོས་སོ་ཅོག་གི་དགེ །སྐྱེ་རྒུ་མཐའ་དག་སངས་རྒྱས་ཐོབ་པའི་རྒྱུར། །ལེགས་བསྔོས་ཛཧྣུ་ཡི་བུ་མོའི་རྒྱུན། །བྱང་ཆུབ་རྒྱ་མཚོ་ཟད་མིན་འཕེལ་བར་ཤོག །ཅེས་རིང་འཚོའི་རྟེན་འབྱུང་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་མཚན་སྒྲོག་མཁན་པོ་སྔགས་རམས་པ་ངག་དབང་འཕྲིན་ལས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །དབུས་འགྱུར་དག་པའི་ཞིང་གི་རྟེན་བརྟེན་(༨༦བ)


GLG021_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པ། །མངོན་གསུམ་མིག་གི་ཡུལ་དུ་ལེགས་བསྟར་ནས། །རྣམ་དཀར་ལས་འབྲེལ་འཇོག་འདོད་བསམ་པ་བཞིན། །འགྲུབ་པར་དཀོན་མཆོག་གསུམ་གྱིས་བྱིན་གྱིས་རློབས། །ཞེས་ཕ་མ་གཉིས་དབུས་ཕྱོགས་ལ་ཡོང་བ་འདུན་པ་བཞིན་འགྲུབ་པའི་སྨོན་ལམ་ཚིག་བཅད་འདི་ལྟ་བུ་མགོན་པོ་ཡི་དིང་གི་ཚ་བོ་རབ་འབྱམས་པ་བློ་བཟང་བསྟན་འཛིན་གྱི་བསྐུལ་ངོར་ཟ་ཧོར་གྱི་བནྡེས་སྦྱར། །འོད་མཚན་དཔག་མེད་སྟོང་དུ་འབར་བའི་གཟིས། །འཆི་བདག་སྨག་རུམ་མཐར་བྱེད་གར་གྱི་དབང༌། །བདེ་ལྡན་ཞིང་ནས་ཐུགས་རྗེའི་སྤྱན་གྱི་དཀྱུས། །རིང་པོར་དེང་འདིར་རྟག་ཏུ་བཙའ་བར་མཛོད། །ཐུབ་པའི་གསུང་ངག་སྡེ་གནོད་རྣམ་པ་གསུམ། །འཆད་རྩོད་རྩོམ་པར་དབང་བའི་བློ་གྲོས་ཅན། །བག་ཡོད་གོས་ཀླུབས་བཟང་པོའི་ལྷག་བསམ་གྱིས། །རིས་མེད་འགྲོ་བའི་གཉེན་གྱུར་གཡོ་མེད་ཤོག །ཡངས་པའི་རྒྱ་མཚོའི་གོས་ཅན་ཁྱོན་ཀུན་ལ། །འཇིགས་མེད་བཙན་པོའི་གོ་ཆའི་ཐུབ་པའི་བསྟན། །ཡོངས་འདུལ་ལང་ཚོ་རྒྱས་པའི་གྲིབ་བསིལ་སྡེར། །ལུས་ཅན་ངལ་གསོར་འགོད་མཛད་ཞབས་བརྟན་ཤོག །མགྲིན་པར་འཇམ་དབྱངས་དབྱངས་ཅན་ངག་གི་ལྷ། །ཟུང་འཇུག་ཟློས་གར་གར་གྱིས་ཡོངས་བཙན་པས། །མ་སྨད་རྣམ་དཔྱོད་དཔྱོད་ལྡན་ཚོགས་འགའ་བའི། །བྱེད་པོ་བཤེས་གཉེན་གཉེན་འགྱུར་བཞུགས་གསོལ་འདེབས། །དུས་གསུམ་རྒྱལ་བས་ཇི་ལྟར་མཁྱེན་པའི་ཆོས། །དྲི་མེད་སྤྱན་གྱིས་མངོན་གསུམ་ཉེར་གཟིགས་པ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །ལུགས་ཟུང་བསྟན་པ་དབྱར་མཚོ་ལྟར་འཕེལ་ཤོག །དཔལ་ལྡན་གྲགས་པའི་རིགས་གཞུང་ཐོས་བསམ་གྱིས།(༨༧ན)


GLG021_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

།གཏན་ལ་འབེབས་པའི་མངའ་རིས་འདུས་པའི་སྡེ། །ཉི་ཟླའི་འོད་ཀྱི་འཇིགས་རྟེན་སྣང་བའི་བར། །ཐུབ་བསྟན་མཛེས་པའི་རྒྱན་དུ་འཕེལ་གྱུར་ཅིག །སྲིད་འདིར་གནས་སོ་ཅོག་གི་ལུས་ཅན་སྤྱི། །ཁྱད་པར་ཁ་བས་བསྐོར་བའི་སྨན་ལྗོངས་འདིར། །འཆི་མེད་བདག་པོའི་འདུན་ས་དང་མཚུངས་པར། །སྒོ་གསུམ་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །རྡུལ་དྲལ་སྟོན་མཚན་ཟླ་བའི་རྗེས་འགྲོ་བ། །ཆེས་དཀར་དག་པའི་སེམས་ཀྱི་རབ་བཏབ་པའི། །སྨོན་ལམ་ཇི་བཞིན་འགྲུབ་པར་དམ་པའི་ཆོས། །བསྲུང་བར་ཞལ་ཆེས་རྣམས་ཀྱི་གྲོགས་མཛོད་ཅིག །དུས་གསུམ་བསགས་པའི་ལེགས་བྱས་ས་བོན་ཚོགས། །གཞན་ཕན་ཆེད་དམིགས་ས་ལུས་དྲོད་གཤེར་གྱིས། །སྨིན་པའི་མྱུ་གུ་བྱང་ཆུབ་སྙིང་པོའི་བར། །སྤྱོད་པའི་སྐལ་པ་བཟང་པོར་བདག་བྱིན་རློབས། །ཞེས་རིང་པོར་འཚོ་བའི་སྨོན་ལམ་དང་འབྲེལ་བའི་ཚིགས་སུ་བཅད་པ་འདི་ནི་རིགས་གཞུང་སྨྲ་བའི་འདུས་སྡེ་མངའ་རིས་གྲྭ་ཚང་གི་སློབ་དཔོན་བསྟན་མཛེས་གྲྭ་རིགས་དང་བཅས་པ་རྣམས་ཀྱི་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །བདེ་ལྡན་ཞིང་གི་མགོན་པོ་འོད་མཐའ་ཡས། །འཆི་མེད་ཚེ་སྦྱིན་ཡེ་ཤེས་འཁོར་ལོ་མ། །དྲན་པས་གདུང་སེལ་གཙུག་གཏོར་འཕགས་མའི་ཞབས། །མི་གཟད་ཐུགས་རྗེའི་མཐུ་དཔུང་དེང་འདིར་སྐྱེད། །ལྷ་མཆོག་རྣམ་གསུམ་མཛོད་སྤུ་འོད་ཟེར་འཕྲེང༌། །རྡུལ་བྲལ་སྟོན་ཟླ་ལྟར་དཀར་ཉེར་འཕྲོས་པས། །ཉི་བུའི་སྨག་རུམ་མཐར་བྱས་རིགས་བརྒྱའི་བདག །རྡོ་རྗེའི་ཁྲི་ལ་གཡོ་མེད་བརྟན་པར་མཛོད། །ཐུབ་བསྟན་རིན་ཆེན་འཛིན་པ་འཁོར་(༨༧བ)


GLG021_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་མགོན། །གྲངས་མེད་གདུལ་བྱའི་བསོད་ནམས་ཞིང་གི་མཆོག །མཁས་ཤིང་གྲུབ་པའི་དབང་ཕྱུག་གཤེས་གཉེན་ཆེ། །བསྐལ་བརྒྱར་གཡུ་དྲུང་ལྟ་བུར་རྟག་བརྟན་ཤོག །གུར་མགོན་ལེགས་ལྡན་གདོང་གཞི་རྣམ་ཐོས་སྲས། །ལས་ཤིན་རབ་བརྟན་མ་སོགས་སྲུང་མ་ཡིས། །བགེགས་རིགས་ཡིད་སྲུབས་སྡེ་དཔུངས་ཚར་ཆོད་ལ། །འདོད་པའི་འབྲས་བཟང་སྨིན་པའི་འཕྲིན་ལས་སྒྲུབས། །ཆོས་ཉིད་འགྱུར་བ་མེད་པ་གདོད་མའི་ཤིས། །ཆོས་ཅན་རྒྱུ་འབྲས་སླུ་མེད་རྟེན་འབྲེལ་མཐུས། །སྨོན་པ་ཇི་བཞིན་འགྲུབ་པ་མཆོག་གསུམ་གྱི། །ཐུགས་རྗེས་མྱུར་དུ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཁན་ཆེན་ཞྭ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ་ཅུང་ཟད་སྙུན་ཚུལ་གྱི་ཚེ། བརྟན་བཞུགས་ཀྱི་ཆེད་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །སྙིགས་མའི་འགྲོ་འདྲེན་མཐུ་སྟོབས་རྒྱལ་གཞན་ལས། །ཆེས་ལྷག་བདེ་གཤེགས་བདུན་དང་འོད་མཚན་མགོན། །ཐུགས་རྗེས་བདག་སོགས་བྱང་ཆུབ་མ་རྙེས་བར། །མངོན་མཐོའི་རྟེན་བཟང་བརྒྱུད་མར་ཐོབ་བྱིན་རློབས། །ཞེས་པ་འདི་ཡང་ཚོགས་གསོག་པ་རྒྱལ་མཚན་གྱི་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ཐུབ་གསུང་འགྲེལ་པར་བཅས་པ་མང་ཐོས་འབྲས། །དེང་ནས་རྣམ་པ་ཐམས་ཅད་མཁྱེན་མིན་པར། །ཡང་དག་དགེ་བའི་གཤེས་ཀྱི་རྗེས་བཟུང་སྟེ། །ས་ལམ་ཡོན་ཏན་བླ་ནས་བླར་འཕེལ་ཤོག །ཅེས་པ་འདིའང་རིན་ཅེན་རྒྱལ་མཚན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ཞི་ཁྲོ་བཀའ་བརྒྱད་(༨༨ན)


GLG021_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུས་དཀྱིལ་འཁོར་གཙོ། །རིགས་འཛིན་བླ་མ་རྡོ་རྗེ་དྲག་པོ་རྩལ། །མ་སྨད་ཐུགས་རྗེའི་བདུད་རྩི་བདག་སྙིང་ལ། །ལེགས་ཞུགས་དངོས་གྲུབ་རྣམ་གཉིས་མྱུར་སྩོལ་ཅིག །ཅེས་རྡོ་རྗེ་དྲག་པོ་རྩལ་གྱི་སྐུ་ཐང་རྒྱབ་ཡིག་གཅིག་དགོས་ཞེས་ཐོན་ལེགས་ལྡན་དབང་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་བྲིས་པའོ། །གར་དབང་མཛོད་སྤུའི་འོད་ཟེར་ཉི་བརྒྱའི་ལུས། །འབར་བས་ཚིག་བདག་སྨག་རུམ་མཐར་བྱས་ནས། །བློ་བཟང་གྲགས་སྙན་ཆོས་སྲིད་ལེགས་འཛིན་པས། །ས་དབང་མཐུ་ཐོབ་སྲིད་མཐར་རྒྱས་གྱུར་ཅིག །སླུ་མེད་མཆོག་གསུམ་ཐུགས་རྗེས་མི་ཡི་བདག །རྡོ་རྗེའི་ཁྲི་ལ་འགྱུར་མེད་རབ་བརྟན་ཞིང༌། །གསེར་རིའི་རྗེས་འགྲོ་ཁྲིམས་གཉིས་བཙན་པོའི་ལྗིད། །རིས་མེད་སྐྱེ་རྒུའི་གཉའ་བར་མཛེས་གྱུར་ཅིག །དགའ་བའི་དཔལ་ལྡན་བྱམས་ཆེན་འདུས་པའི་གླིང༌། །ཀུན་མཁྱེན་བསྟན་པ་ཇི་སྲིད་གནས་ཀྱི་བར། །རྣམ་གསུམ་འཁོར་ལོའི་བྱ་བ་དར་རྒྱས་ཤོག །ཇི་ལྟར་སྨོན་པའི་རེ་བ་ལྷུན་གྲུབ་ཤོག །ཅེས་པ་ས་སྐྱོང་ཕྱག་མཛོད་བློ་བཟང་མཐུ་སྟོབས་ཀྱི་བརྟན་བཞུགས་འདི་ནི་རོང་བྱམས་ཆེན་སྤྱི་ཚོགས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ༌། །སྣང་བ་མཐའ་ཡས་ཡེ་ཤེས་གཟིགས་པའི་དཀྱུས། །རིང་པོར་བརྐྱངས་ནས་མང་ཐོས་སྡོམ་བརྩོན་ཅན། །ངག་དབང་དཔལ་འབྱོར་ལེགས་དྲངས་གདུལ་བྱའི་གཙོར། །མཛད་དེ་ཐེག་ཆེན་ལམ་དུ་འཁྲིད་པར་གསོལ། །རང་བདེ་དོར་ནས་གཞན་དོན་ཉེར་བསྒྲུབ་པའི། །རྒྱལ་བའི་སྲས་ཀྱི་ཕྱིན་དྲུག་སྤྱོད་པ་ལ། །(༨༨བ)


GLG021_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུ་མཆོག་བགྲོད་པ་ཇི་བཞིན་ཐོགས་མེད་དུ། །འཇུག་པ་མགོན་པོས་བདག་རྒྱུད་བྱིན་གྱིས་རློབས། །འདིས་མཚོན་དུས་གསུམ་རབ་བསགས་དགེ་བ་ཀུན། །མི་མཛད་མཐོ་རིས་ཆུ་བོའི་སྤུན་ཟླ་ལྟར། །རྣམ་པ་ཐམས་བཅད་མཁྱེན་པའི་ཆུ་གཏེར་གློང༌། །འབབ་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །ཅེས་པ་འདི་ཡང་དཔལ་ལྡན་འབྲས་སྤུངས་ཀྱི་གྲྭ་ཚང་བཀྲ་ཤིས་སྒོ་མང་པའི་སློབ་དཔོན་ཟུར་པ་ངག་དབང་དཔལ་འབྱོར་གྱི་ཕྱི་རྟེན་དུ་འོད་དཔག་མེད་ཀྱི་སྟོང་ཐང་བཞེངས་པའི་རྒྱབ་ཡིག་དུ་ཉེ་གནས་ཀྱི་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །བདེ་གཤེགས་སྲས་དང་སློབ་མར་བཅས་པ་ཡི། །དྲི་བྲལ་ཡེ་ཤེས་སྤྱན་གྱིས་ཉེར་གཟིགས་ཏེ། །དུས་ཀྱི་ཆོས་ཉིད་གྱུར་པ་ཨཱ་ནནྡ། །ཐུགས་རྗེའི་ཕྱག་གིས་དག་པའི་ཞིང་དུ་དྲངས། །བདེ་ལྡན་ངོ་མཚར་བཀོད་པའི་དགའ་ཚལ་དུ། །འཇམ་མཉེན་པདྨའི་སྦུབས་སུ་ཉེར་བཙས་ཏེ། །རྣམ་འདྲེན་འོད་དཔག་མེད་ཞལ་མངོན་སུམ་མཐོང༌། །དེས་གསུང་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་ཤོག །རབ་དཀར་ལྷག་པའི་བསམ་པ་དར་དྲག་པོས། །ས་ལམ་སྤངས་རྟོགས་བླ་ནས་བླར་སྤེལ་ནས། །མ་འདྲིས་འགྲོ་ཀུན་འདྲེན་པའི་དེད་དཔོན་མཆོག །ཀུན་མཁྱེན་ཡེ་ཤེས་གྲོང་དུ་འཇུག་པར་ཤོག །ཅེས་ཨོ་རོད་གཡོན་རུའི་དཔོན་པོ་ཨཱ་ནནྡ་འཇིག་རྟེན་ཕ་རོལ་དུ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །གར་དབང་འོད་མཚན་དྲོད་ཀྱིས་སྦྲུམས་པའི་མངལ། །(༨༩ན)


GLG021_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་ཚེ་ཡི་གསེར་སྒོང་ཡོངས་སྨིན་ཅན། །ཆོས་ནོར་འདོད་ཐར་སྒོ་བཞི་ལེགས་ཕྱེ་ནས། །འགྲོ་ཀུན་རྫོགས་ལྡན་དགའ་སྟོན་མཆོག་ལ་སྦྱོར། །ཡིད་སྲུབས་སྡེ་ལས་རྣམ་པར་རྒྱལ་བའི་ལྷ། །སྐྱེ་རྒུར་རྗེས་བརྩེའི་ཐུགས་གསང་དཔལ་བེའུར། །ཚེ་ཡི་གཡུང་དྲུང་འཁྱིལ་ལས་ཟིལ་དངར་ཆུས། །གཞོམ་མེད་སྲོག་གི་སྙེ་མ་སྨིན་པར་མཛོད། །ཐུབ་གསུང་སློབ་མར་བཅས་ཞལ་འདབ་བརྒྱའི་སྒོ། །ཡོངས་གྲོལ་བདེན་པར་བརྗོད་པའི་དབྱངས་སྙན་པོས། །མཐའ་ཡས་ལུས་ཅན་ཀུན་ལ་རབ་དགེ་བའི། །བཀྲ་ཤིས་མེ་ཏོག་འཕྲེང་མཛེས་ཆར་དུ་སྙིལ། །ངག་དབང་ཚངས་སྲས་ལྷ་མོའི་པི་ཝང་རྒྱུད། །བློ་གྲོས་སོར་མོས་བསྐུལ་བའི་ལེགས་བཤད་སྒྲར། །སྐལ་བཟང་རྒྱ་མཚོའི་ཐོས་འཛིན་མཚར་དངར་བ། །འཇམ་དབྱངས་དགའ་བའི་བཤེས་ཁྱོད་བརྟན་གྱུར་ཅིག །ཡངས་པའི་གྲོང་ཁྱེར་ལས་འཕགས་རི་བོའི་སྤོ། །ཁྲིམས་ལྡན་དམ་པའི་ཆོས་ལ་སྤྱོད་པའི་གླིང༌། །རྣམ་གསུམ་འཁོར་ལོའི་བྱ་བ་མི་ཕམ་མགོན། །དབུས་འགྱུར་འབྱོན་མིན་དེ་སྲིད་འཕེལ་བར་ཤོག །རྩོད་ལྡན་དུས་ཀྱི་ཆད་པའི་ཟུག་རྔུ་ཡིས། །ཡངས་པའི་འཇིག་རྟེན་ཀུན་ནས་མི་མནར་ཞིང༌། །བརྒྱད་ཁྲིའི་བགྲང་བྱར་སྤྱོད་པ་འཛམ་གླིང་མིའི། །ལེགས་བྱས་བགོ་བཤར་བྱེད་ལ་དབང་བསྒྱུར་ཤོག །ཐོས་བསམ་སྒོམ་པའི་རིན་ཅེན་ཡུ་བ་ཡིས། །ཞྭ་སེར་ལུང་རྟོགས་བསྟན་པའི་གདུག་དཀར་པོ། །རབ་བཏེག་ཚངས་པའི་ཡུལ་སར་ཡོངས་འཁོར་བའི། །གྲིབ་ཏུ་ཉེར་བསིལ་འགྲོ་འདིའི་གདུང་སྐྱོབ་ཤོག །ཅེས་རིང་འཚོའི་རྟེན་འབྱུང་ཚིགས་སུ་བཅད་པ་འདི་ནི་རི་བོ་ཆོས་གླིང་སྤྱི་ཚོགས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་(༨༩བ)


GLG021_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །ཉི་མའི་འོད་བརྒྱ་འབར་བའི་ཐུགས་རྗེའི་འོད། །རིས་མེད་འགྲོ་བའི་ཁམས་དང་བསམ་པ་བཞིན། །འཇུག་མཛད་དཀོན་ཅོག་རིན་ཅེན་རྣམ་གསུམ་གྱིས། །བདེན་ཚིགས་བརྗོད་པའི་འབྲས་བུ་སྨིན་པར་མཛོད། །སྟོན་མཚན་ཟླ་ཞལ་ཤར་བའི་མོད་ཉིད་ལ། །འཆི་བདག་སྨག་རུམ་མིང་ཡང་མཐར་བྱས་ཏེ། །ཡུན་འཚོའི་སྣང་སྟེར་ཡིད་བཞིན་འཁོར་ལོ་མས། །དཀྱུས་རིང་བདུན་ལྡན་སྤྱན་གྱིས་བཙའ་བར་མཛོད། །བློ་དང་བརྩོན་པ་མི་དམན་བཟང་པོའི་ལས། །བསོད་ནམས་རི་བོ་དངོས་སུ་རྒྱུ་འདྲའི་མཐུས། །སྟོབས་ལྡན་ས་ལ་སྤྱོད་པ་མི་ཡི་བདག །རྡོ་རྗེའི་ཁྲི་ལ་འགྱུར་མེད་རབ་བརྟན་ཤོག །ཚེ་རིང་གནམ་གྱི་ཤེ་མོང་ཤུགས་དྲག་པོས། །ཁྲིམས་གཉིས་རྩིབས་སྟོང་འབར་བའི་འཁོར་ལོ་གང༌། །ཡངས་པའི་ནོར་འཛིན་ཁྱོན་ལ་རྟག་འཁོར་བ། །མང་བཀུར་རྒྱལ་པོའི་རྣམ་ཐར་འཁྱོངས་བར་ཤོག །ཛཱ་ཏིའི་མེ་ཏོག་འཛུམ་པའི་སྨན་ལྗོངས་ནས། །ཟ་འོག་ཐགས་སུ་བསྐྲུན་པའི་གྲོང་ཁྱེར་བར། །འཁོད་པའི་སྐྱེ་རྒུའི་ཕྲག་པར་འགོད་པའི་ཁྲིམས། །གསེར་གྱི་གཉའ་ཤིང་རྟག་ཏུ་ལྕི་གྱུར་ཅིག །གངས་ཀྱི་ར་བས་ཡོངས་སྐོར་རུ་བཞིའི་ཆར། །གཡུལ་འཁྲུག་དབུལ་ཕོངས་ནད་རིམ་ཀུན་ཞི་ཞིང༌། །མ་སྨད་རྣམ་སྨིན་དཀར་པོར་འཛག་པའི་རྒྱུན། །བདེ་སྐྱིད་དགའ་སྟོན་དཔལ་ལ་སྤྱོད་པར་ཤོག །དོན་དམ་འགྱུར་བ་མེད་པའི་མཁའ་དབྱིངས་ལ། །ཀུན་རྫོབ་རྟེན་འབྲེལ་ཉི་ཟླ་ཟུང་འབྲེལ་བས། །ཇི་ལྟར་སྨོན་པ་ལྷུན་གྲུབ་སྣང་བའི་གཏེར། །འཛད་མེད་ནམ་མཁའ་མཛོད་ལ་དབང་འབྱོར་ཤོག །ཅེས་ས་(༩༠ན)


GLG021_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བློ་བཟང་མཐུ་སྟོབས་ཀྱི་བརྟན་བཞུགས་ཀྱི་ཚིགས་བཅད་འདི་ལྟ་བུ་ཞིག་དགོས་ཞེས་ཡར་ཀླུངས་རི་བོ་ཆོས་གླིང་པ་སྤྱི་ཚོགས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །གང་མཚན་རྣ་བར་ཐོས་པའི་མོད་ཉིད་ལ། །འཁོར་བའི་ཟུག་རྔུ་གཞིལ་བའི་རྩི་སྨན་ལྗོན། །དཀོན་ཅོག་རྣམ་གསུམ་ཐུགས་རྗེ་ཀ་སུ་རའི། །གཟེགས་མས་བདག་སྙིང་ཀུནྡ་བཞད་དུ་གསོལ། །ཤཱཀྱའི་བསྟན་པ་རིན་ཅེན་གནས་པའི་ཞིང༌། །གངས་ཅན་ལྗོངས་སོན་རྒྱལ་དང་རྒྱལ་སྲས་ཀྱི། །རྟེན་དང་བརྟན་པ་ཁྲིམས་ལྡན་འདུས་པའི་སྡེ། །རིང་མིན་བལྟ་བའི་སྐལ་བཟང་ཐོབ་པར་ཤོག །རྣམ་འདྲེན་སློབ་མར་བཅས་པའི་བྱིན་རླབས་དང༌། །ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་མཐུ། །རྨད་བྱུང་རྟེན་ཅིང་འབྲེལ་འབྱུང་སླུ་མེད་པས། །སྨོན་ལམ་བཏབ་པ་ཇི་བཞིན་མྱུར་འགྲུབ་ཤོག །ཅེས་པའི་ཚིགས་སུ་བཅད་པ་འདི་ནི་བསོད་ནམས་སྒྲོལ་མས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དབྱངས་དཔལ་བཟང་ངོ༌། །ངེས་པར་སྒྲིབ་གཉིས་སྤངས་པའི་རྫོགས་སངས་རྒྱས། །མུ་ཐི་ལ་ཕྲེང་ཇི་བཞིན་བསྐལ་པ་འདིར། །བྱོན་དང་འབྱོན་གྱུར་ནང་ནས་སྙིང་སྟོབས་ལ། །རྒྱལ་རྣམས་ལེགས་གསོའི་མེ་ཏོག་འཐོར་བའི་ཡུལ། །ཉི་མའི་གཉེན་གྱི་གསུང་རབ་ཆུ་གཏེར་ལས། །སྟོང་ཉིད་སེང་གེའི་རྒྱུད་ཀྱི་ང་རོ་ཡིས། །མཐའ་འཛིན་རི་དྭགས་ལྐོག་མར་སྙིང་འབྱིན་པ། །ཡུམ་སྲས་བཅུ་བདུན་ཞེས་སུ་མཁས་རྣམས་གླེང༌། །དེའི་ནང་ཤློ་ཀར་བགྲང་གཅོད་མཚམས་འབུམ། །ཚིག་གི་ཉེར་བསྟན་དོན་གྱི་ས་བོན་ལས། །རྣམ་(༩༠བ)


GLG021_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་སྲས་སློབ་མ་ལུས་བསྐྱེད་པའི་ཡུམ། །འབྲི་ཀློག་མཆོད་པས་སྲིད་པ་ཧྲུལ་པོར་བྱེད། །དེ་ཕྱིར་གླེགས་བམ་བསྐྲུན་འདིའི་ལེགས་བྱས་ཀྱིས། །བློ་བཟང་དབང་རྒྱལ་བཀྲ་ཤིས་ཕོ་ནུ་ཟུང༌། །ས་ལམ་རིན་ཅེན་སྐས་ལ་ཉེར་འཛེགས་ཏེ། །བླ་མེད་སྐུ་གསུམ་ཁང་པར་འཇུག་གྱུར་ཅིག །ཅེས་པ་འདི་ཡང་ཤངས་བཀྲ་ཤིས་རྩེ་པས་འབུམ་དུམ་པ་བཅུ་དྲུག་བཞེངས་པའི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དབྱངས་དཔལ་བཟང་ངོ༌། །ངག་དབང་འཇམ་མགོན་བློ་བཟང་གྲགས་པའི་བསྟན། །འཛིན་ཆེད་བསྐལ་པ་རྒྱ་མཚོར་རྟག་བཞུགས་པའི། །བདེན་ཚིག་ཕྱོགས་བཅུའི་རྒྱལ་བས་མགྲིན་གཅིག་ཏུ། །ལེགས་གསུང་བཀྲ་ཤིས་མེ་ཏོག་ཆར་དུ་ཕོབ། །ཚེ་ཡི་གཡུང་དྲུང་ཉ་ཕྱིས་ཁོག་ཡངས་པོར། །སྲོག་རྟེན་དཀར་དམར་ཨ་ཧཾ་མུ་ཐི་ལ། །འབུམ་ཕྲག་བགྲང་བྱའི་སྲད་བུར་ཡོངས་བརྒྱུས་ཏེ། །དོ་ཤལ་མཛེས་པའི་རྒྱན་དུ་རྟག་འཆང་ཤོག །གཏན་བདེའི་གཟུགས་ཤར་རྐང་སེན་མེ་ལོང་རྡུལ། །རྡོ་རྗེའི་གདན་ལ་བཀོད་ཚེ་ཉི་མའི་བུ། །སྒྱིད་ལུག་བསྐལ་པར་འགོག་པའི་ཏིང་འཛིན་ལ། །གཡུར་ནས་བདེ་ལྡན་མགོན་དེའི་རྗེས་འགྲོར་ཤོག །ཅེས་རིང་འཚོའི་རྟེན་འབྱུང་གི་ཚིགས་སུ་བཅད་པ་འདི་ནི་གནམ་གྱི་བསྐོས་པའི་རྒྱལ་པོ་ལྷ་གཟིགས་ཕག་མོ་གྲུ་པ་བློ་བཟང་མཁྱེན་བརྩེའི་དབང་ཕྱུག་ནོར་འཛིན་ཆོས་ཀྱི་རྒྱལ་པོ་ངག་གི་ལྷའི་བཀའ་གནང་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །མཆོག་གསུམ་བྱིན་རླབས་རླབས་ཕྲེང་ཡོལ་མེད་མཚོར། །བདེན་ཚིག་རང་བརྗོད་བརྗོད་པ་རྣམ་(༩༡ན)


GLG021_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཟླ། །ཤར་བའི་འོད་སྣང་སྣང་བ་འབུམ་སྡེའི་གཟིས། །ལྔ་པའི་མུན་སྟུག་སྟུག་པོ་ཕ་མཐར་སྐྲོད། །བློ་བཟང་གྲགས་སྙན་སྙན་པའི་གདུགས་དཀར་པོ། །སྲིད་པའི་རྩེར་འཁོར་འཁོར་ལོས་ནོར་འཛིན་ལ། །མངའ་སྒྱུར་མི་དབང་དབང་ཕྱུག་བརྒྱད་ལྡན་གང༌། །དཀོན་མཆོག་མཐུ་སྟོབས་སྟོབས་ཀྱི་རབ་བརྟན་ཤོག །ལྷ་དང་དྲང་སྲོང་སྲོང་པོར་སྨྲ་རྣམས་ཀྱིས། །བཀྲ་ཤིས་གླུ་དབྱངས་གླུ་རུ་རབ་བླངས་ཏེ། །དུས་ཀུན་དགེ་བའི་དགེ་ལེགས་ཆར་ཆེན་པོ། །ས་སྟེང་ཀུན་ཁྱབ་ཀུན་ཏུ་དགའ་བར་ཤོག །ཅེས་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱི་བརྟན་བཞུགས་ཀྱི་བདེན་ཚིག་བརྗོད་པ་འདི་ནི་གངས་ཅན་གྱི་ལྷ་གཅིག་པུ་དཔལ་ཕག་མོ་གྲུ་པ་བློ་བཟང་མཁྱེན་བརྩེའི་དབང་ཕྱུག་ནོར་འཛིན་ཆོས་ཀྱི་རྒྱལ་པོ་ངག་གི་ལྷས་བཀའ་སྩལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་གནས་བན་འཇམ་དབྱངས་སོ། །ངག་ལ་སྨྲ་དབང་བློ་ལྡན་སྐལ་བཟང་མཐུས། །གཙུག་ལག་རྒྱ་མཚོར་འཇིགས་མེད་གོ་ཆ་ཡིས། །ཐུབ་བསྟན་ལང་ཚོ་བླ་ན་འཕེལ་བའི་སྡེ། །འཇམ་དབྱངས་དགའ་བའི་བཤེས་གཉེན་སྣང་བརྙན་འདི། །སྒྱུ་མ་མཁན་པོའི་ཁེངས་འཕྲོག་རི་མོ་བ། །ཇ་ཆང་འདོད་རྒུ་ཚིམ་བྱེད་ཁྱིམ་གྱི་བདག །བློ་བཟང་མཁྱེན་བརྩེའི་ལྷག་བསམ་སྟོན་ཟླ་ལྟར། །ཆེས་དཀར་གྱིས་བསྐུལ་སྒོ་གསུམ་རབ་འབད་པའི། །ལེགས་བྱས་ཛམྦུའི་ཆུ་བོས་ཉེར་སྨིན་པའི། །རང་སེམས་ཀུན་མཁྱེན་གསེར་གྱི་སྙེ་མ་རུ། །གྱུར་མིན་དེ་སྲིད་ཀུན་ཏུ་མི་འབྲལ་བའི། །རེ་འབྲས་འགྲུབ་པའི་འདུན་པ་ནན་ཏར་བགྱིད། །ངེས་པར་ལེགས་པའི་ལམ་དུ་མ་ཞུགས་པར། །ལྷ་མིའི་རྟེན་བཟང་བརྒྱུད་མར་རབ་(༩༡བ)


GLG021_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཅིང༌། །འཇིགས་ཆེན་བརྒྱད་སོགས་ཟུག་རྔུ་འཚེ་བ་བྲལ། །རྫོགས་ལྡན་དུས་བཞིན་མཐུན་རྐྱེན་ཀུན་ཚང་ཤོག །རྒྱལ་དང་དེས་གསུང་སྲས་སློབ་བདེན་པ་ཆེ། །རྟེན་ཅིང་འབྲེལ་བར་འབྱུང་བ་བསླུ་བ་མེད། །མ་དང་མཁའ་འགྲོ་སྲུང་མའི་མཐུ་སྟོབས་ཀྱིས། །ཇི་ལྟར་བསམས་པ་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པ་འདི་ཡང་འཕྱོས་ཆང་ཁྱིམ་པ་བློ་བཟང་མཁྱེན་བརྩེས་ཐང་གའི་རྒྱབ་ཡིག་ཏུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སུག་བྲིས་སུ་བགྱིས་སོ། །གངས་ཅན་བསྟན་འགྲོའི་ལེགས་བྱས་ནོར་འཛིན་ལྟོར། །ཚེ་དབང་རིགས་འཛིན་ཐུགས་རྗེའི་ས་བོན་འབྲས། །རབ་སྨིན་སྤྲུལ་པའི་སྐུ་མཆོག་ཡོངས་འདུའི་ལྗོན། །འགྱུར་མེད་རྡོ་རྗེའི་རང་བཞིན་འགྲུབ་གྱུར་ཅིག །སྒྲ་བསྒྱུར་བཻ་རོ་གྲྭ་པ་མངོན་ཤེས་ཞབས། །ར་ཤག་གཏེར་སྟོན་ཤར་ཕྱོགས་ཟབ་གཏེར་བདག །རྡོ་རྗེ་གླིང་དང་ཀུན་སྐྱོང་མདོ་སྔགས་གླིང༌། །སྐྱེས་རབས་རིན་ཅེན་ཕྲེང་ལ་གསོལ་བ་འདེབས། །དགོངས་དང་བརྡ་ལས་སྙན་བརྒྱུད་གསུང་ངག་ལ། །དབང་འབྱོར་འཇིག་རྟེན་མིག་གཅིག་རྣམ་སྣང་མཛད། །པདྨ་ཐོད་ཕྲེང་བསྟན་པ་འཛིན་པའི་ཆེད། །སྤྲུལ་པའི་ཟློས་གར་བསྒྱུར་ལ་གསོལ་བ་འདེབས། །རྨད་བྱུང་ཀུན་དགའི་འབྱུང་གནས་རིན་ཆེན་གཏེར། །དངོས་གྲུབ་རྒྱ་མཚོའི་མཛོད་ལ་མངའ་སྒྱུར་ཞེས། །ཨྱོན་ལུང་ཟིན་འགྲོ་འདུལ་གཏེར་བདག་གླིང༌། །བོད་ཡུལ་ཕན་བདེའི་ཉེར་འཚོར་གསོལ་བ་འདེབས། །མ་དང་མཁའ་འགྲོའི་ཞལ་རླང་ཚ་དྲོད་ཅན། །དངོས་གྲུབ་ཟབ་གཏེར་ཡིད་བཞིན་དབང་གི་རྒྱལ། །ལས་འཕྲོ་སྐལ་བཟང་ཉིན་བྱེད་དཔལ་འབར་གཟི། །ཡིད་སྲུབས་སྨག་རུམ་(༩༢ན)


GLG021_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམ་ལ་གསོལ་བ་འདེབས། །འཕོ་བ་ཆེན་པོའི་གཟུགས་སྐུ་ནོར་བུའི་ཏོག །གོས་དཀར་རལ་པའི་ཐོར་ཚུགས་ཅོད་པན་རྩེར། །རབ་མཛེས་གར་དགུའི་ཉམས་ལྡན་ཧེ་རུ་ཀཿ། ཁྱབ་བདག་འཁོར་ལོའོ་མགོན་པོར་གསོལ་བ་འདེབས། །ལོག་རྟོག་རྙོག་བྲལ་དད་མཚོར་རྒྱལ་ཀུན་མདངས། །འོད་མཚན་སྟོང་འབར་པདྨ་གར་དབང་ཟླའི། །འགྱུར་མེད་ཐུགས་རྗེའི་བདུད་རྩི་ག་བུར་ངད། །འཐུལ་བས་མགོན་ཁྱོད་རྡོ་རྗེའི་རྩལ་ལྡན་ཤོག །པདྨ་ཐོད་ཕྲེང་མེ་ཏོག་མནྡ་ར། །སྙོམ་འཇུག་དགའ་བཞིའི་ཟིལ་དངར་གྱིས་སྦྲན་པ། །དབུ་མ་མི་ཤིགས་རྡོ་རྗེའི་ཀ་བ་ཡིས། །ཐབས་ཤེས་ཉི་ཟླ་གཡོ་མེད་བརྟན་པར་ཤོག །ངོ་བོ་ཀ་ནས་དག་པའི་ཀུན་བཟང་གློང༌། །རང་བཞིན་དགའ་བདེའི་ལྷུན་གྲུབ་མ་འགགས་རྩལ། །ཐུགས་རྗེ་རིན་ཅེན་འདོད་འཇོའི་བུམ་པ་བཟང༌། །དངོས་གྲུབ་རྒྱ་མཚོའི་བྱེད་པོར་རྟག་བརྟན་ཤོག །ངག་དབང་ལྷ་ཡིས་རྗེས་བཟུང་ཆོས་ཀུན་ལ། །སྤོབས་པ་གཟེངས་མཐོ་གན་ཇག་ཐང་ཐ་ཡི། །སྒྱུ་འཕྲུལ་གར་ཁྱོད་རྒྱལ་དབང་པད་མའི་བསྟན། །སཱ་ལའི་ལྗོངས་འདིར་འཛིན་ཕྱིར་ཞབས་བརྟན་ཤོག །པད་འབྱུང་མཁར་ཆེན་བཟའ་དང་བཻ་རོ་ཡི། །སྨོན་ལམ་གཏད་རྒྱས་ཉེར་དབང་རང་སྐལ་གཏེར། །བགེགས་བྲལ་མ་ལུས་ཐོན་ནས་བཀའ་བབས་ཀྱི། །ལས་ཅན་རྣམས་དང་རྟེན་འབྲེལ་ལྷུན་གྲུབ་ཤོག །ཨྱོན་དུས་གསུམ་མཁྱེན་པའི་སྨིན་གྲོལ་གྱི། །བསྟན་པ་ཉེར་འཛིན་རིག་སྔགས་འཆང་བའི་གླིང༌། །བཀའ་གཏེར་ཟུང་འཇུག་བཤད་དང་སྒྲུབ་པ་ཀུན། །སྲིད་མཐའི་བར་དུ་དབྱར་མཚོ་ལྟར་འཕེལ་ཤོག །རྟེན་ཅིང་འབྲེལ་འབྱུང་ནམ་མཁའ་གསལ་གྲིབ་མེད། །དཀོན་མཆོག་ཐུགས་(༩༢བ)


GLG021_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཉི་མའི་དཀྱིལ་འཁོར་རྒྱས། །ཆོས་སྲུང་གཏེར་བདག་མཐུ་སྟོབས་ཚ་ཟེར་གྱིས། །ཇི་ལྟར་སྨོན་པའི་སྣང་བ་འབར་གྱུར་ཅིག །ཅེས་སྤྲུལ་པའི་སྐུ་རིགས་འཛིན་ཆེན་པོ་གཏེར་བདག་གླིང་པའི་གསོལ་འདེབས་བརྟན་བཞུགས་ཀྱི་རིམ་པ་འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་ཡངས་འོད་གསལ་གྱིས་དོན་གཉེར་ཆེན་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །དཀོན་མཆོག་གསུམ་དངོས་ཚེ་དབང་ཐོད་འཕྲེང་རྩལ། །སྒྲུབ་པ་སྡེ་བརྒྱད་ཡི་དམ་དཀྱིལ་འཁོར་ལྷ། །བསྟན་སྲུང་དྲེགས་པའི་སྡེ་དཔོན་སུམ་ཅུ་སོགས། །རྩ་གསུམ་བདེན་སྟོབས་རྟེན་འབྱུང་སླུ་མེད་མཐུས། །ཆོས་ཀུན་གང་ཤར་རང་སར་གྲོལ་བའི་མཁར། །ཆེ་མཆོག་འདུས་པའི་ལྷུན་གྲུབ་འོད་ལྔའི་རྩལ། །འགག་མེད་ཡོངས་ཤར་བཤེས་གཉེན་རྡོ་རྗེ་འཛིན། །བསྐལ་བརྒྱར་རྟག་བཞུགས་ཆོས་འཁོར་སྐོར་བར་ཤོག །དད་དང་དམ་ཚིག་ཞིང་ས་གཤིན་པ་ལ། །བདེན་ཚིགས་སྨོན་ལམ་ས་བོན་ཡོངས་བཏབ་པ། །མཆོག་གསུམ་ཐུགས་རྗེའི་ཆུ་ལུད་དྲོད་གཤེར་གྱིས། །ལིང་ལིང་འདོད་པའི་སྙེ་མ་གཡུར་ཟ་ཤོག །ཅེས་རིང་པོར་འཚོ་བའི་རྟེན་འབྱུང་གི་ཚིགས་སུ་བཅད་པ་འདི་ནི་ཟབ་མོའི་གཏེར་ལ་དབང་བའི་གཉོས་ཀྱི་རིགས་འཛིན་སྤྲུལ་སྐུ་ངག་དབང་པདྨའི་གསུང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ༌། །མི་འགྱུར་ཆོས་དབྱིངས་དག་པའི་ལྷ་ལམ་ངོས། །རབ་བསགས་རྒྱུ་ཚོགས་ཆུ་འཛིན་འཁྲིགས་པ་ལས། །བསླུ་མེད་འབྲས་བུའི་ཆར་གྱི་དམིགས་ཡུལ་འགྲོའི། །(༩༣ན)


GLG021_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

།མངོན་མཐོ་ངེས་ལེགས་སྙེ་མ་སྨིན་པར་ཤོག །སྐུ་གསུང་ཐུགས་རྟེན་བཞེངས་མཆོད་བཀླགས་པ་དང༌། །འདུས་སྡེར་བསྙེན་བཀུར་ངན་སློང་སྦྱིན་གཏོང་སོགས། །བསོད་ནམས་བྱས་མཐུས་དོན་གྲུབ་རྒྱལ་མཚན་གྱིས། །ཡང་སྲིད་ཀུན་ཏུ་རྣམ་སྨིན་ཆེས་དཀར་ཤོག །དུས་ལས་ཉེར་འདས་བྱང་ཆུབ་མཆོག་ཐོབ་དང༌། །མཆིས་བྲང་རིགས་ཀྱི་བུ་དང་བརྒྱུད་པར་བཅས། །འདི་དང་གཏན་གྱི་འདུན་མ་ཡོངས་འགྲུབ་རྒྱུར། །དུས་གསུམ་བསགས་པའི་དགེ་ཚོགས་མ་ལུས་བསྔོ། །ཞེས་མགྲོན་གཉེར་དོན་གྲུབ་རྒྱལ་མཚན་གྱིས་དོན་དུ་སྙན་དར་ཞལ་བྱང་དང༌། འདུས་ཚོགས་ཀྱི་ཞལ་འདོན་གང་འོས་ལ་བྱས་ཆོག་པ་འདི་ལྟ་བུ་ཞིག་དགོས་ཞེས་ཤུལ་མི་རྣམས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་ནས། །འཁོར་བ་སྟོང་མིན་དེ་སྲིད་འགྲོ་ཀུན་གྱི། །གཙུག་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་པ། །ཚེ་དབང་རིགས་འཛིན་ཐུགས་རྗེའི་མཐུ་དཔུང་སྐྱེད། །བློ་གསལ་སྐལ་བཟང་གདུལ་བྱར་ཉེར་འཇུག་པའི། །པདྨ་ཐོད་ཕྲེང་འཕྲིན་ལས་གངྒཱའི་ཀླུང༌། །ཐེག་མཆོག་ཡིད་བཞིན་དབང་གི་རྒྱལ་པོའི་རླབས། །འཕྲེང་བ་སྲིད་མཐར་དུས་ལས་ཡོལ་མེད་ཤོག །མཁྱེན་བརྩེ་ནུས་པའི་དཔག་བསམ་ཡོངས་འདུའི་སྡེ། །བཀའ་གཏེར་བཤད་སྒྲུབ་འབྲས་བུ་གཡུར་ཟ་བའི། །རིང་ལུགས་ཡལ་འདབས་ཕང་ཕུང་གྲིབ་བསིལ་དུ། །འགྲོ་རྣམས་བདེ་བའི་ངལ་གསོར་སྤྱོད་པར་ཤོག །རྩ་གསུམ་ཐུགས་རྗེའི་ཉི་འོད་འབར་བའི་གཟིས། །ཡིད་སྲུབས་སྡེ་བཅས་སྨག་རུམ་མཐར་བསྐྲད་ནས། །(༩༣བ)


GLG021_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཁྱོད་ངེས་པ་ལྔ་ལྡན་ལོངས་སྐུ་བཞིན། །རྡོ་རྗེའི་ཁྲི་ལ་གཡོ་མེད་ཞབས་བརྟན་ཤོག །སྣ་ནམ་རྒོད་ལྡེམ་ལེགས་ལྡན་ངག་གི་དབང༌། །དམ་པའི་ཡང་སྲིད་བསམ་བཞིན་སྤྲུལ་པའི་གར། །ཉེར་བསྟན་ཐུགས་བསྐྱེད་དོན་བཞིན་བསྟན་དང་འགྲོའི། །ཕན་བདེའི་རྩ་ལག་དམ་པར་ཞབས་བརྟན་ཤོག །རྒྱལ་ཀུན་ངོ་བོ་རིགས་འཛིན་པདྨ་འབྱུང༌། །ཞི་ཁྲོ་རབ་འབྱམས་ཀུན་འདུས་བཀའ་བརྒྱད་ལྷ། །མ་ནིང་བཀའ་སྐྱོང་དྲེགས་པའི་སྡེ་དཔོན་གྱིས། །སྨོན་པ་ཇི་བཞིན་འགྲུབ་པའི་འཕྲིན་ལས་མཛོད། ཁྱོད་མཚན་ཐོས་པ་ཙམ་གྱིས་དུས་མིན་གྱི། །འཆི་བདག་གཡུལ་ལས་རྣམ་རྒྱལ་གར་གྱི་དབང༌། །དགྱེས་ཞལ་འཛུམ་འཕྲེང་ཟེར་གྱིས་ཉེར་བསུས་པའི། །བཀྲ་ཤིས་རྒྱ་མཚོས་ནོར་འཛིན་ཀུན་ཁྱབ་ཤོག །ཅེས་རིགས་འཛིན་སྤྲུལ་པའི་སྐུ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེ་ཕྱི་ནང་གི་མཚན་ལྟས་རྩུབ་པ་བྱུང་ཚུལ་ཐོས་པས་རིང་པོར་འཚོ་བཞེས་ཀྱི་བདེན་ཚིག་ཏུ་ཟ་ཧོར་གྱི་བནྡེས་ཐུན་མོང་ཞེས་པ་ལྕགས་ཁྱི་སྤྲེའུ་ཟླ་བའི་ཚེས་བཅུར་བརྗོད་པའི་ཡི་གེ་པ་ནི་གནས་གསར་འཇམ་དབྱངས་སོ། །རྩ་གསུམ་བྱིན་རླབས་བཞུ་བླུགས་རྡོ་རྗེའི་ཁྲིར། །བློ་ཆེན་མེས་པོའི་ཆེད་གྱུར་ནོར་འཛིན་བདག །ལུགས་ཟུང་ཁྲིམས་ཀྱིས་འགྲོ་རྣམས་སྐལ་བཟང་དུ། །འགོད་མཛད་མཐུ་སྟོབས་དབང་པོ་ཞབས་བརྟན་ཤོག །ཚེ་དབང་རིགས་འཛིན་བདེ་གཤེགས་ཀུན་འདུས་ཀྱི། །རྒྱལ་བའི་འཁོར་ལོར་མི་ཕྱེད་མོས་པ་ཡིས། །གསོལ་བཏབ་བདེན་པའི་ཚིག་ཏུ་ཉེར་བརྗོད་པའི། །རེ་བ་ཇི་བཞིན་ཡོངས་སུ་སྐོང་བར་ཤོག །ཆོས་(༩༤ན)


GLG021_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ངོ་བོ་ཀ་དག་མཁའ་དབྱིངས་ངོས། །ཆོས་ཚན་རྒྱུ་འབྲས་ཉི་ཟླ་ཟུང་འཇུག་པས། །འཛམ་གླིང་སྐྱེ་རྒུར་ཕན་བདེའི་སྣང་བ་ཡིས། །ཁྱབ་ཕྱིར་འགྲོ་ཡོངས་འཕེལ་གྲིབ་མེད་བརྟན་ཤོག །ཅེས་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱི་བརྟན་བཞུགས་འདི་ནི་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་སློབ་དཔོན་ཆེན་པོ་བློ་གྲོས་མཆོག་གི་རྡོ་རྗེས་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་བསྟན་ནོ། །བཟང་པོ་སྤྱོད་པའི་སྨོན་ལམ་ལ་སོགས་ཀྱིས། །རྨད་བྱུང་ཐུགས་རྗེ་ཆེན་པོ་ཉེར་བསྐུལ་ན། །དྲི་བྲལ་དག་པའི་ཐུགས་ཀྱིས་རབ་དགོངས་ནས། །འོད་དཔག་མེད་མགོན་འཁོར་བཅས་འདིར་གཤེགས་ཤིག །བསོད་ནམས་རབ་བརྟན་དད་དུས་ལྔ་པ་ཡི། །ལམ་གྱུར་བར་དོའི་འཇིགས་སྐྲག་གིས་མནར་བ། །མགོན་ཁྱོད་མཁྱེན་བརྩེའི་ཕྱག་གིས་དབུག་དབྱུངས་ནས། །བདེ་ལྡན་དག་པའི་ཞིང་དུ་དྲང་དུ་གསོལ། །བདག་གིར་བཟུང་དང་ཉེ་དུ་བཅས་རྣམས་ཀྱིས། །དཀོན་མཆོག་མཆོད་དང་ངན་སློང་སྦྱིན་གཏོང་སོགས། །རྣམ་དཀར་བགྱིས་སོ་ཅོག་གི་འབྲས་བུ་ཀུན། །གང་དམིགས་དེང་སྨིན་བདེ་སྐྱིད་ལྡན་པར་ཤོག །གནས་ངན་ལེན་པའི་རྒྱུ་སྦྱང་ལྷ་དང་མིའི། །སྲིད་པ་ཉེར་བརྒྱུད་སྒྲིབ་གཉིས་བག་ཆགས་བཅས། །དྲུངས་ཕྱུང་རིང་པོར་མི་ཐོགས་སྟོབས་བཅུའི་རྩལ། །ལྷུན་གྲུབ་རྫོགས་པའི་སངས་རྒྱས་འཐོབ་པར་ཤོག །དུས་ལས་འདས་དང་ཤུལ་དུ་མཆིས་རྣམས་ཀྱིས། །འདི་ཕྱིར་ཕན་བདེའི་ས་བོན་དུས་གསུམ་དུ། །བཏབ་པ་དེང་འདིར་བསོད་ནམས་ཡོངས་སྤེལ་བའི། །(༩༤བ)


GLG021_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

འཛད་མེད་ཆར་གྱིས་སྨིན་པར་བྱིན་གྱིས་རློབས། །ཞེས་པ་འདིའང་སྐྱར་པོ་བསོད་ནམས་རབ་བརྟན་ལྔ་པའི་ཆོས་ཉིད་དུ་གྱུར་པའི་དུས་དགེ་འདུན་གྱི་ཞལ་འདོན་དུ་མཛད་རྒྱུའི་སྨོན་ལམ་ཚིགས་བཅད་ཅིག་དགོས་ཞེས་སྐྱར་བཙུན་རྡོ་རྗེ་དབང་ཕྱུག་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །སངས་རྒྱས་དེ་གསུང་བྱང་སེམས་སློབ་མར་བཅས། །མཆོག་གསུམ་དམ་པར་སྙིང་ནས་སྐྱབས་འགྲོ་ན། །བྱང་ཆུབ་མཆོག་ཐོབ་མ་གྱུར་དེ་སྲིད་དུ། །རྨད་བྱུང་ཐུགས་རྗེ་ཆེན་པོས་འཛིན་པར་ཤོག །ཅེས་པ་འདི་ནི་ཨལ་དར་ཐའི་ཇིས་སྡེ་དམངས་དང་བཅས་པའི་ཁ་ཏོན་དུ་བྱེད་རྒྱུའི་ཤློ་ཀ་གཅིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །བསླུ་བ་མེད་པའི་དཀོན་མཆོག་རྣམ་གསུམ་ལ། །མི་ཕྱེད་དད་པས་གསོལ་བ་བཏབ་པའི་མཐུས། །བདག་ཅག་གངས་ཅན་བོད་ཀྱི་ཡུལ་བགྲོད་ནས། །བསམ་པའི་རེ་བ་སྐོང་བར་བྱིན་གྱིས་རློབས། །ཞེས་པ་འདི་ནི་ཐོར་གོད་ཀྱི་དཔོན་མོ་མཁའ་འགྲོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེན་ལས། །རྨད་བྱུང་བཟང་སྤྱོད་སྨོན་ལམ་འཚམས་སྦྱོར་མཐུས། །འདི་ནས་ཤི་འཕོས་སྐད་ཅིག་གཉིས་པ་ལ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ཚེ་རབས་ཀུན་ཏུ་བཤེས་གཉེན་དམ་པ་ཡིས། །འབྲལ་བ་མེད་པར་བརྩེ་བས་རྗེས་བཟུང་སྟེ། །ཟབ་རྒྱས་ཆོས་ཀྱི་བདུད་རྩིས་རབ་ཚིམས་ནས། །མྱུར་དུ་སྟོབས་བཅུ་མངའ་བ་ཐོབ་པར་ཤོག །ཅེས་པའི་སྨོན་ལམ་ཚིགས་བཅད་འདི་ནི་མཎ་རབ་(༩༥ན)


GLG021_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་པའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །ཁྱོད་མཚན་སྐྱེ་རྒུའི་ཐོས་འཛིན་དུ། །ལེགས་པར་ཡོངས་སུ་རབ་བསྒྲགས་པས། །སྲིད་གདུང་སྨག་རུམ་ཉེར་བཅིལ་ཏེ། །གཏན་བདེའི་སྣང་བ་གསལ་བར་ཤོག །མཚན་དཔེའི་གཟི་བརྗིད་འབར་བའི་སྒྲ། །དབྱངས་ཀྱི་རྒྱལ་པོ་སེང་གེ་ཡི། །ང་རོ་བསྒྲགས་པས་འཁོར་འདས་ཀྱི། །སྡུག་བསྔལ་རི་དྭགས་མཐར་བྱེད་ཤོག །འགྲོ་བའི་མ་དག་ཁམས་ཀྱི་ལྕགས། །བླ་མེད་ཡེ་ཤེས་གསེར་བཟང་པོ། །སྒྲིབ་གཉིས་དྲི་མེད་རིན་ཅེན་གྱི། །སྣང་བ་དམ་པའི་འོད་འབར་ཤོག །འཁོར་བའི་འབྲོག་དགོན་ལ་གནས་འགྲོའི། །མྱ་ངན་མཐའ་དག་མེད་མཛད་ནས། །བྱང་ཆུབ་མཆོག་གི་དཔལ་ཆེན་པོར། །ཐུགས་རྗེ་ཆེན་པོས་སྦྱོར་བར་ཤོག །གང་གི་དཔལ་གྱི་མགུར་ཡངས་ནས། །དམ་པའི་ཆོས་ཀྱི་གྲགས་པ་ཡིས། །འགྲོ་ཀུན་འཁོར་བའི་རྒྱ་མཚོ་ལས། །སྒྲོལ་བའི་དབྱངས་སྙན་རྣར་འཇེབ་ཤོག །ཇི་ལྟ་ཇི་སྙེད་ཆོས་རྣམས་ཀུན། །མངོན་སུམ་མཁྱེན་པས་ལུས་ཅན་ཚོགས། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ཡི། །གོ་འཕང་མཆོག་ལ་འགོད་པར་ཤོག །ཀུན་ལ་སྨན་མཛད་བླ་ན་མེད། །བཻཌཱུཪྻ་འོད་རྒྱལ་པོའི་མཐུས། །འགྲོ་རྣམས་སྡུག་བསྔལ་རབ་ཞི་ནས། །བདེ་བ་ཅན་དུ་སྐྱེ་བར་ཤོག །རྣམ་འདྲེན་ཟས་གཙང་སྲས་གང་གིས། །བཀའ་སྩལ་སྨན་མདོ་ལས་བྱུང་བའི། །ཕན་ཡོན་འབྲས་བུར་ལྔ་བརྒྱ་པའི། །ལུས་ཅན་ཡོངས་ཀྱིས་སྤྱོད་པར་ཤོག །དོན་ཀུན་གྲུབ་པས་བྱང་ཆུབ་མཆོག །བརྙེས་ནས་འགྲོ་བའི་མཆོད་རྟེན་དུ། །གྱུར་ལྟར་མཁའ་(༩༥བ)


GLG021_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མ་རྒན་ཀུན། །གང་གི་མཆེད་ཟླར་མྱུར་འགྱུར་ཤོག །འཇིགས་པ་བརྒྱད་སོགས་རྒུད་པའི་རྒྱ། །ཐུགས་རྗེའི་མཚོན་གྱིས་ཉེར་བཅད་ནས། །བདེ་སྐྱིད་དཔལ་ལ་ལུས་ཅན་ཀུན། །སྦྱོར་ཞིག་ཨཱཪྻ་ཏཱ་རཱེ་མ། །ངག་ལ་སྨྲ་བའི་དབང་ཕྱུག་གིས། །བློ་གསལ་སྐལ་བཟང་རེ་སྐོང་བ། །རྒྱ་མཚོའི་རླབས་ལྟར་ཐོས་བསམ་སྒོམ། །དུས་ལས་ཡོལ་བ་མེད་དེ་རྒྱལ། །ཞེས་པ་འདིའང་ལྷ་ས་ཟུར་ཁང་པ་དོན་གྲུབ་དབང་རྒྱལ་གྱིས་མགྲོན་གཉེར་དོན་གྲུབ་རྒྱལ་མཚན་གྱི་དོན་དུ་བདེ་བར་གཤེགས་པ་བརྒྱད། བྱང་ཆུབ་མཆོད་རྟེན། སེང་ལྡེང་ནག་སྒྲོལ། ངེད་རང་གི་འདྲ་འབག་དང་བཅས་བཞེངས་པའི་རྒྱབ་ཏུ་གཟོང་འཕྲུལ་གྱིས་བརྐོས་ཆོག་པའི་ཞལ་བྱང་སྨོན་ལམ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །ལུས་ཅན་ཀུན་ལ་བྱམས་ལྡན་མི་ཕམ་མགོན། །དུས་གསུམ་རྒྱལ་བའི་ཡབ་གྱུར་འཇམ་དཔལ་དབྱངས། །གངས་ཅན་ལྷ་གཅིག་འཕགས་མཆོག་སྤྱན་རས་གཟིགས། །ཕུལ་བྱུང་ཐུགས་རྗེ་ཆེན་པོས་ཉེ་བར་དགོངས། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་ལུགས་ཀུན། །མངོན་སུམ་གཟིགས་པའི་སྟོན་པ་བཙོང་ཁ་པའི། །ལུགས་འཛིན་ངག་གི་དབང་ཕྱུག་བློ་གྲོས་གཏེར། །སྐལ་བཟང་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས། །ཐུབ་གསུང་མཆོག་གྱུར་སྟོང་ཕྲག་བརྒྱ་པ་དང༌། །བརྒྱད་སྟོང་བསྐལ་བཟང་གཟུངས་འདུས་གྲ་ཏོག་གསེར། །དགོངས་འགྲེལ་བཀའ་གདམས་གླེགས་བམ་ལམ་རིམ་སོགས། །གསེར་དངུལ་སྣག་ཚས་རྒྱུ་བྱས་པུ་སྟ་ཀཿ། །སངས་རྒྱས་སྟོང་རྩ་གནས་བརྟན་བཅུ་དྲུག་སྐུ། །གུ་རུ་མཚན་བརྒྱད་ཟབ་མོ་ལྟ་བ་དང༌། །རྒྱ་ཆེན་(༩༦ན)


GLG021_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྒྱུད་འཁྲུངས་རབས་ལ་སོགས་པའི། །སངས་རྒྱས་བྱང་སེམས་སྐུ་བརྙན་བྲིས་ཐང་རྣམས། །ཡུལ་དབྱིབས་ཨེ་གཟུགས་ཆོས་ལུང་དཀར་མོ་ཡི། །དཔོན་ཡིག་ངག་དབང་དཔལ་འབྱོར་ཞེས་བྱ་བས། །རྡུལ་བྲལ་སྟོན་ཟླ་ལྟར་དཀར་ལྷག་བསམ་གྱིས། །སྒོ་གསུམ་འབད་པ་ཆེན་པོས་ཉེ་བར་བསྐྲུན། །ལེགས་བྱས་འབྲས་བུས་བཟོད་དཀའི་སྡུག་བསྔལ་ཀུན། །མིང་ཡང་མི་བསྒྲག་ཚེ་འབྱོར་བདེ་སྐྱིད་རྒྱས། །འཁོར་འཁྱམས་དེ་སྲིད་ངན་སོང་གནས་གསུམ་དུ། །ནམ་ཡང་མི་སྐྱེ་མངོན་མཐོའི་རྟེན་ཐོབ་ཤོག །རིང་པོར་མི་ཐོགས་སྲིད་པའི་འཆིང་རྒྱ་ལས། །ཉེར་གྲོལ་ཐར་པ་ཐམས་ཅད་མཁྱེན་པའི་ལམ། །མངོན་གྱུར་གཏན་གྱི་བདེ་བ་བླ་ན་མེད། །ཉམས་སུ་མྱོང་བའི་སྐལ་བཟང་འཐོབ་པར་ཤོག །ནམ་མཁའི་མཐའ་མཉམ་སེམས་ཅན་མ་ལུས་པ། །གནས་སྐབས་སྲིད་པའི་ཟུང་རྔུ་རབ་ཞི་ཞིང༌། །རིང་མིན་མཐར་ཐུག་སྲིད་ཞིར་མི་གནས་པའི། །སྟོབས་བཅུ་མངའ་བའི་གོ་འཕང་རྒྱུ་རུ་བསྔོ། །ཞེས་པ་འདིའང་ཨེ་པ་ཡིག་མཁན་ངག་དབང་དཔལ་འབྱོར་གྱིས་གོང་གསལ་གྱི་རྟེན་རྣམས་བཞེངས་པའི་ཁ་བྱང་དང་རྒྱུན་གྱི་ངག་འདོན་སོགས་གང་འོས་ལ་བྱས་ཆོག་པའི་ཚིགས་བཅད་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །འཇམ་དབྱངས་མཐོན་མཐིང་རལ་པའི་ཁུར་དོར་ནས། །ངུར་སྨྲིག་གར་གྱི་རྣམ་རོལ་བཙོང་ཁ་པའི། །སྐུ་བརྙན་ངག་གི་དབང་ཕྱུག་ནམ་མཁའ་ཡིས། །ཆོས་དཀར་ཞིང་དུ་འབད་པས་བསྐྲུན་པའི་མཐུས། །འདི་ནང་ཆོས་དང་སྲིད་ཀྱི་ལེགས་ཚོགས་(༩༦བ)


GLG021_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། །ཡང་སྲིད་ཀུན་ཏུ་ལྷ་མིའི་རྟེན་བཟང་རྙེད། །སྒྲིབ་གཉིས་འཆིང་བའི་རྒྱ་ལས་རིང་མིན་དུ། །རྣམ་གྲོལ་མི་གནས་མྱ་ངན་འདས་ཐོབ་ཤོག །ཅེས་པ་འདིའང་རིག་བྱེད་པ་ཏྲེ་བོ་ངག་དབང་ནམ་མཁས་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སྐུ་ཐང་བཞེངས་པར་རྒྱབ་ཡིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །དགེ་དགེ་འདུན་གྲུབ་ཚོགས་རྒྱ་མཚོར་འདུན་པའི་བསོད་ནམས་གྲུས། །ཕུན་ཚོགས་དབང་པོ་རིགས་བརྒྱུད་མངའ་འབངས་རྣམས། །སྲིད་ཞིའི་སྡུ་བསྔལ་མཚོ་བསྒྲལ་ཕན་དང་བདེའི། །རིན་ཅེན་གླིང་བགྲོད་བསམ་དོན་ལྷུན་གྲུབ་ཤོག །ཐུབ་རྗེ་དགེ་འདུན་རྒྱ་མཚོ་དབང་དེ་གསུང་དགེ་འདུན་ཚོགས་བཅས་ཀྱིས། །ཐུགས་རྗེ་རྒྱ་མཚོའི་རླབས་ཕྲེང་ཡོལ་མེད་མཐུས། །རྣམ་སྲས་གླིང་པ་མི་ནོར་འཁོར་བཅས་ཀྱི། །འདི་ཕྱིའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །བསོད་ནམས་བསོད་ནམས་རྒྱ་མཚོ།ནམས་ཉེར་བསགས་ཕུང་པོ་རྒྱ་ཆེ་ཞིང༌། །མཚོ་ལྟར་གཏིང་ཟབ་ཨ་སྨྲའི་འབྲས་སྨིན་པ། །བདེ་སྐྱིད་རོ་བརྒྱར་ཕུན་ཚོགས་དབང་གི་རྒྱལ། །བརྒྱུད་པར་བཅས་པས་རྟག་ཏུ་ཉམས་མྱོང་ཤོག །དབང་རྗེ་ཡོན་ཏན་རྒྱ་མཚོ།ཕྱུག་ཡོན་ཏན་བརྒྱད་ཀྱིས་རྒྱ་མཚོའི་གོས། །ཡོངས་གཏམས་ཕུན་ཚོགས་དབང་པོ་རིགས་བརྒྱུད་ཀྱིས། །རྟག་པར་མྱོང་བའི་ལེགས་བྱས་ཉལ་འགྲོའི་རྒྱུན། །བྱང་ཆུབ་མཆོག་གི་ཆུ་གཏེར་ཆེར་འབབ་ཤོག །ངག་དབང་ཚངས་སྲས་ལྷ་མོའི་བློ་གྲོས་ལ། །མཉམ་དུ་སྤྱོད་པའི་སྐལ་བཟང་རྒྱ་མཚོའི་སྡེ། །དེང་འདིར་བདེན་པ་བརྗོད་པའི་ཚིགས་ཇི་བཞིན། །ཕུན་ཚོགས་དབང་པོར་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་པ་འདི་འང་རྣམ་སྲས་གླིང་པ་ཕུན་ཚོགས་དབང་པོས་ཞལ་ཐང་གྲ་ཚར་བཞེངས་པར་(༩༧ན)


GLG021_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཡིག་སྨོན་ལམ་ཞིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །དཀོན་མཆོག་གསུམ་འདུས་རྩ་བའི་བླ་མ་ལ། །བྱང་ཆུབ་མ་ཐོབ་བར་དུ་གསོལ་བ་འདེབས། །ཚེ་འདིར་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང༌། །རིང་འཚོ་མངའ་ཐང་དཔལ་འབྱོར་རྒྱས་པར་ཤོག །དེ་ནས་ཉིང་མཚམས་སྦྱར་ཚེ་བར་དོ་ཡི། །འཇིགས་སྐྲག་སྡུག་བསྔལ་ཉམས་སུ་མི་མྱོང་བར། །འོད་ཀྱི་ལམ་ནས་བདེ་བ་ཅན་ཞིང་དུ། །པདྨའི་སྦུབས་སུ་རྫུས་ཏེ་སྐྱེ་བར་ཤོག །སྣང་བ་མཐའ་ཡས་ཞལ་མཐོང་དེ་གསུང་ཆོས། །ཉམས་སུ་བླངས་པས་སྲིད་ཞི་ལས་འདས་པའི། །རྣམ་པ་ཐམས་ཅད་མཁྱེན་པ་མྱུར་ཐོབ་སྟེ། །འགྲོ་ཀུན་འདྲེན་པའི་དེད་དཔོན་བྱེད་པར་ཤོག །ཅེས་པའི་གསོལ་འདེབས་སྨོན་ལམ་འདི་ནི་བསོད་ནམས་ཇ་ལང་ཇང་ཀིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །འགྲོ་ལ་མངོན་སུམ་སྣང་བ་དགེ་བའི་བཤེས། །སངས་རྒྱས་ཀུན་གྱི་ངོ་བོར་ངེས་བརྙེད་ནས། །མི་ཕྱེད་དད་པས་སྙིང་ནས་གསོལ་འདེབས་ན། །གང་བྱིན་བདག་གི་སྙིང་ལ་མྱུར་འཇུག་ཤོག །ལྷ་དང་སྐལ་མཉམ་བདེ་སྐྱིད་ཚེ་ལ་དབང༌། །རྣམ་ཐོས་བུ་ཡི་དཔལ་དང་འབྱོར་པ་རྙེད། །ཤི་འཕོས་བདེ་བ་ཅན་དུ་རྫུས་སྐྱེས་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་འདིའང་མོ་གོལ་སྦི་ཆལ་ཆིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །མཐོང་ཐོས་དྲན་པས་རྣམ་གྲོལ་བདེ་གཤེགས་སྐུ། །རི་མོ་རབ་བཀྲ་མེས་པོའི་ཐོང་ཡངས་ནས། །བསོད་ནམས་མཐོ་རིས་ཆུ་བོའི་རྒྱུན་འཁྱིལ་བའི། །རྟེན་(༩༧བ)


GLG021_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རིན་ཅེན་ཡོལ་གོར་རབ་བརྟན་ཤོག །དགེ་བའི་འབྲས་བུ་ནམ་ཡང་མི་འཛད་པའི། །བྱང་ཆུབ་མཆོག་གྱུར་ཡོངས་བསྔག་གཏེར་ཆེན་པོའི། །ཕུན་ཚོགས་བུམ་པ་བཟང་པོར་ལོངས་སྤྱོད་པའི། །བཟང་པོའི་བསྐལ་བ་ཅན་དུ་འགྱུར་བར་ཤོག །ཅེས་སྐྱར་པོ་བ་བསོད་ནམས་རབ་བརྟན་གྱི་ཕྱི་རྟེན་དུ་བཞེངས་པའི་ཐང་སྐུའི་རྒྱབ་ཡིག་ཚིགས་བཅད་འདི་ནི་རྡོ་རྗེ་དབང་ཕྱུག་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །རྩ་བའི་བླ་མ་མགོན་པོ་འོད་དཔག་མེད། །དབྱེར་མེད་བདག་སྙིང་པདྨོའི་དབུས་བཞུགས་ནས། །ཉིང་མཚམས་སྦྱར་ཚེ་བདེ་བ་ཅན་ཞིང་དུ། །པདྨའི་སྦུབས་སུ་སྐྱེ་བ་ལེན་པར་ཤོག །ཅེས་པ་འདིའང་ཁལ་ཁ་གུ་ཡང་ཇིའི་སང་གི་ཁ་ཏོན་དུ་ཟ་ཧོར་གྱི་བནྡེས་སྦྱར། །སྙིང་དབུས་འདབ་སྟོང་རྒྱས་པའི་ཟེའུ་འབྲུའི་སྟེང༌། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་ལ། །མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཐུགས་རྗེ་བདག་གི་རྒྱུད་ལ་འཇུག་བྱིན་རློབས། །འདི་སྣང་དམ་ཆོས་སྒྲུབ་པའི་ཉེས་ཚོགས་ཞི། །ཉིང་མཚམས་སྦྱར་ཚེ་བདེ་བ་ཅན་ཞིང་དུ། །ལེགས་སྐྱེས་འོད་དཔག་མེད་ཀྱིས་རྗེས་བཟུང་སྟེ། །མཁའ་མཉམ་འགྲོ་བ་འདྲེན་པའི་དཔལ་གྱུར་ཅིག །ཅེས་པ་འདི་ཡང་བསམ་བློ་དཀའ་བཅུ་ཆོས་བཟང་རྣམ་རྒྱལ་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །གཟོད་མ་ཉིད་ནས་ལུས་ཅན་མ་ལུས་པ། །འདྲེན་པ་ཞལ་འཆེས་རྒྱལ་ཚབ་མི་ཕམ་མགོན། །ཐུགས་རྗེའི་འོད་ཀྱི་སྦུ་གུའི་ལམ་ཡངས་པོར། །ས་སྤྱོད་སེང་གེ་དགྲ་འདུལ་ཉེར་དྲངས་གསོལ། །ཞིང་ཁམས་རྒྱ་མཚོའི་རྡུལ་ཀྱི་རྩེར་སོན་པ། །དགའ་ལྡན་ཡིད་དགའ་ཆོས་འཛིན་གནས་མཆོག་ཏུ། །པདྨའི་སྦུབས་སྐྱེས་མགོན་(༩༨ན)


GLG021_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཞལ་གྱི་ལུང༌། །ཐེག་ཆེན་ཆོས་ཀྱི་བདུད་རྩི་འཐུང་བར་ཤོག །ས་བཅུ་ལམ་ལྔའི་རིན་ཅེན་ཐེམ་སྐས་ལ། །འཛེགས་ནས་རིང་མིན་སྟུག་པོ་བཀོད་པ་རུ། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུར། །སྔོན་སངས་རྒྱས་ནས་འགྲོ་ཀུན་འདྲེན་པར་ཤོག །ཉེ་དུ་འབངས་འཁོར་རྣམས་ཀྱིས་ལེགས་དམིགས་ནས། །རྟེན་བཞེངས་དཀོན་ཅོག་མཆོད་དང་ཐུབ་གསུང་བཀླགས། །སྦྱིན་སོགས་དགེ་བའི་ས་བོན་ཡོངས་སྨིན་པའི། །ཨ་སྨྲའི་འབྲས་བཟང་ཉམས་སུ་མྱོང་བར་ཤོག །ཆོས་ཉིད་དོན་དམ་གདོད་ནས་འགྱུར་བ་མེད། །ཆོས་ཅན་རྒྱུ་དང་འབྲས་བུ་སླུ་མེད་ཀྱིས། །ཇི་ལྟར་སྨོན་པ་ཡིད་བཞིན་ལྷུན་འགྲུབ་པར། །རྒྱལ་སྲས་སློབ་མར་བཅས་པས་བདག་བྱིན་རློབས། །ཞེས་ཨོ་རོད་གཡོན་རུའི་དཔོན་པོ་སེང་གེ་དགྲ་འདུལ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །མཁྱེན་བརྩེ་ནུས་པར་ལྡན་པ་རྫོགས་སངས་རྒྱས། །དེ་གསུང་བདེན་པ་གཉིས་ལྡན་དམ་པའི་ཆོས། །ལེགས་བསྒྲུབས་རིག་གྲོལ་གཉིས་ལྡན་དགེ་འདུན་ཏེ། །མཆོག་གསུམ་ཐུགས་རྗེའི་མཐུ་དཔུང་དེང་འདིར་སྐྱེད། །བཱ་ཁན་བནྡེ་མཆིས་འབྲང་བཅས་པ་རྣམས། །ཤཱཀྱ་མུ་ནི་གཙོ་གྱུར་རྟེན་བརྟན་པ། །འདུས་སྡེར་བཅས་སོགས་བལྟ་ཕྱིར་གངས་ལྗོངས་སུ། །བགྲོད་པའི་འདུན་པ་བགེགས་མེད་འགྲུབ་པར་ཤོག །སྒོ་གསུམ་ཟུག་རྔུར་བྱེད་པ་ལས་ཉོན་གདོན། །མཐར་བྱེད་ལེགས་བྱས་ལག་ན་རྡོ་རྗེ་མཚོན། །རབ་འབར་གསང་བ་ཀུན་འཛིན་རྣམ་པར་ཐར། །བསྒྲུབས་(༩༨བ)


GLG021_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐལ་བ་བཟང་པོ་འགྱུར་བར་ཤོག །ཅེས་པ་འདིའང་ཨོ་རོད་གཡོན་རུའི་དཔོན་པོ་བཱ་ཁན་བནྡེ་དང་དཔོན་མོ་ཚེ་རིང་རྒྱལ་གཉིས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །དཔལ་ལྡན་ཤཱཀྱའི་འཕྲིན་ལས་གངས་རི་ལས། །གྲུབ་མཐའ་རྣམ་བཞིའི་ལེགས་བཤད་གངྒཱའི་རྒྱུན། །སྐལ་བཟང་གདུལ་བྱའི་རྒྱ་མཚོར་འབེབས་མཁས་པ། །བཤེས་གཉེན་དྲང་སྲོང་མཆོག་ལ་གསོལ་བ་འདེབས། །མགོན་ཁྱོད་ཡོངས་བཞེད་དག་པའི་ཞིང་བྱོན་ནས། །ས་ལམ་མངོན་པར་རྟོགས་པའི་ཡོན་ཏན་ཀུན། །གོང་དུ་སྤེལ་ལ་སྒྲུབ་པའི་བགེགས་བྲལ་ཞིང༌། །གཞན་དོན་རླབས་ཆེན་ལྷུན་གྱིས་འགྲུབ་པར་ཤོག །སྙིང་ནས་མོས་པར་ལྡན་པའི་བུ་སློབ་རྣམས། །མཁྱེན་བརྩེའི་མཛའ་བས་ནམ་ཡང་མི་གཏོང་བར། །སྐྱེ་བར་རྗེས་སུ་བཟུང་སྟེ་ངེས་ལེགས་སུ། །འདྲེན་པའི་སྨོན་ལམ་ལྷུན་གྱིས་འགྲུབ་པར་ཤོག །ཅེས་སློབ་དཔོན་ལྕང་ལོ་ཅན་པ་འཕྲིན་ལས་རྒྱ་མཚོར་གསོལ་འདེབས་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་ཐོས་བསམ་དར་རྒྱས་གླིང་སྤྱི་ཚོགས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །ཆོས་ཉིད་དག་པའི་ཞིང་ས་རབ་གཤིན་པར། །བདེན་ཚིག་རྒྱུ་འབྲས་ས་བོན་ལེགས་སྨིན་པའི། །འདོད་དོན་དཔག་བསམ་ཡོངས་འདུའི་གྲིབ་བསིལ་ལ། །སྤྱོད་པའི་སྐལ་བ་བཟང་པོར་བདག་གྱུར་ཅིག །ངག་དབང་འཇམ་དབྱངས་དགྱེས་པའི་བློ་གྲོས་ཀྱིས། །སྐལ་བཟང་གདུལ་བྱ་རྒྱ་མཚོའི་རེ་སྐོང་བའི། །ཡང་དག་དགེ་བའི་བཤེས་ཁྱོད་སྲིད་པའི་མཐའ། །རྫོགས་མིན་རྡོ་རྗེ་ལྟ་བུར་(༩༩ན)


GLG021_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གྱུར་ཅིག །བློ་བཟང་གྲགས་སྙན་ལུགས་ཟུང་བསྟན་པའི་སྲོག །མཐུ་སྟོབས་ནུས་པས་ལེགས་འཛིན་ཡངས་པའི་ས། །སྐྱོང་མཛད་མི་དབང་སྐུ་ཚེ་ཆབ་སྲིད་རྣམས། །དབྱར་གྱི་ཆུ་གཏེར་ཇི་བཞིན་འཕེལ་བར་ཤོག །འདུས་པའི་སྡེ་འདི་ཁྲིམས་གཙང་ཐོས་བསམ་སྒོམ། །བྱ་བ་ལས་ཀྱི་འཁོར་ལོར་བཅས་པ་ཡི། །སྲིད་ཞིའི་ཡོན་ཏན་མ་ལུས་བླ་ནས་བླར། །འཕེལ་བའི་དགའ་སྟོན་རྟག་ཏུ་མྱོང་བར་ཤོག །རིག་འཛིན་རྩ་བརྒྱུད་བླ་མའི་བྱིན་རླབས་དང༌། །དཔལ་ཆེན་འཕྲིན་ལས་འཁོར་ལོའི་མཐུ་སྟོབས་ཀྱིས། །དུས་རྣམས་རྟག་ཏུ་ཤིས་པའི་གྲུ་ཆར་གྱིས། །ཡངས་པའི་ནོར་འཛིན་ཁྱོན་ཀུན་ཁྱབ་གྱུར་ཅིག །ཅེས་པ་འདི་ཡང་ཕོ་བྲང་གོང་རི་དཀར་པོའི་དཀོན་གཉེར་དགེ་སྟེང་བླ་མ་ངག་དབང་ཀུན་བཟང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །དྲི་མེད་ཀཱ་ཤིའི་མན་ཤེལ་ངོས་ཡངས་པར། །བླ་མ་ཡི་དམ་སྲུང་མའི་སྣང་བརྙན་ཚོན། །རྣམ་བཀྲ་ཇི་བཞིན་རང་སེམས་དག་པའི་སྐུར། །ཡོངས་ཤར་འདི་ཕྱིའི་དོན་ཀུན་འགྲུབ་པར་ཤོག །ཅེས་མདོ་བཙུན་ངག་དབང་ལྷུན་གྲུབ་ཀྱིས་ཐང་སྐུའི་རྒྱབ་ཡིག་ཏུ་འདྲི་རྒྱུའི་ཚིགས་བཅད་ཅིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །དཔལ་ལྡན་རྩ་གསུམ་འཁོར་ལོའི་བྱིན་རླབས་ཀྱིས། །འཁོར་འདས་ཕྱག་རྒྱ་གཟིལ་གནོན་བཞད་པ་རྩལ། །གང་ཤར་རང་སར་གྲོལ་བའི་རིག་པ་འཛིན། །བསྟན་འགྲོའི་ཉེར་འཚོར་གཡོ་མེད་བརྟན་གྱུར་ཅིག །མེས་པོ་ཚངས་པའི་བློ་དང་བརྩོན་པ་ཡིས། །འབངས་རྣམས་རྫོགས་ལྡན་(༩༩བ)


GLG021_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བཟང་ལ་སྦྱོར་བས། །གནམ་གྱི་ཤེ་མོང་དཔུང་པའི་མཐུ་སྟོབས་ཀྱིས། །ཡངས་པའི་ནོར་འཛིན་སྐྱོང་བ་ཞབས་བརྟན་ཤོག །དགའ་ལྡན་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །འཆི་མེད་དབང་པོའི་འདུན་ས་ཕོ་བྲང་ཆེའི། །ཆོས་སྲིད་བསྟན་པ་མུ་ཏི་ཀ་ཡི་འཕྲེང༌། །ཡིད་ཅན་བསོད་ནམས་སྲད་བུར་རྟག་རྒྱུ་ཤོག །ཨྱོན་སངས་རྒྱས་གཉིས་པའི་སྨིན་གྲོལ་གྱི། །བཤད་སྒྲུབ་སྔ་འགྱུར་བསྟན་པའི་མཛེས་རྒྱན་དུ། །སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པ་ཡི། །བཞེད་པ་ཇི་བཞིན་བླ་ནས་བླར་འཕེལ་ཤོག །ཆོས་ཉིད་ཀ་ནས་དག་པའི་མཁའ་དབྱིངས་ངོས། །ཆོས་ཅན་རྒྱུ་འབྲས་ལྷུན་གྲུབ་ཆུ་འཛིན་ལས། །འཛད་མེད་བྱིན་རླབས་ཆར་གྱིས་ཕན་དང་བདེའི། །གསེར་གྱི་སྙེ་མ་གཡུར་དུ་ཟ་བར་ཤོག །ཅེས་བརྟན་བཞུགས་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་ལུང་བསྟན་དུས་ལ་བབ་པའི་རྩོད་བྲལ་གྱི་གཏེར་སྟོན་སྤྲུལ་པའི་སྐུ་གཏེར་བདག་གླིང་པའི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁའོ། །འོད་མཚན་དཔག་ཏུ་མེད་པ་སྣང་མཐའ་ཡས། །ཚེ་དབང་རིག་འཛིན་གྲུབ་པ་ཐོད་ཕྲེང་རྩལ། །མ་སྨད་ཐུགས་རྗེའི་བུམ་པ་བཟང་པོ་ལས། །འཆི་མེད་བདུད་རྩིའི་ཆུ་རྒྱུན་རྟག་ཏུ་སྩོལ། །ངག་དབང་འཇམ་དཔལ་ཞི་ཁྲོས་རྗེས་བཟུང་བས། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་བཞད་པ་རྩལ། །བློ་བསལ་སྐལ་བཟང་རྒྱ་མཚོའི་དཔལ་མགོན་དུ། །ངེས་པ་ལྔ་ལྡན་ཇི་བཞིན་གཡོ་མེད་ཤོག །རྒྱལ་དབང་བློ་བཟང་གྲགས་པའི་ཆོས་སྲིད་བསྟན། །མཐུ་སྟོབས་ནུས་པས་གྱེན་དུ་རབ་འདེགས་པ། །དཔལ་ལྡན་(༡༠༠ན)


GLG021_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་འཛིན་སྐྱོང་བ་མི་ཡི་རྗེ། །གཞོམ་མེད་རྡོ་རྗེའི་ཁྲི་ལ་རྟག་བརྟན་ཤོག །ཛཱ་ཏིའི་དྲི་བསུང་འཐུལ་བའི་ཡུལ་གྲུ་ནས། །རྣམ་བཀྲ་ཟ་འོག་འཐག་པའི་རྒྱལ་ཁམས་བར། །ཁྲིམས་གཉིས་གསེར་གྱི་གཉའ་ཤིང་རབ་ལྕི་བས། །འགྲོ་རྣམས་རྫོགས་ལྡན་དགའ་སྟོན་ལ་སྤྱོད་ཤོག །ཕྱོགས་ལས་རྣམ་རྒྱལ་ཕན་བདེ་འབྱུང་བའི་གནས། །སྨིན་གྲོལ་རྒྱུད་འབྲེལ་མན་ངག་རྡོ་རྗེའི་ཐེག །ལེགས་པར་བཤད་པའི་ཁྲིམས་ལྡན་རིགས་འཛིན་གླིང༌། །སྲིད་མཐའི་བར་དུ་བླ་ནས་བླར་འཕེལ་ཤོག །ལྷག་བསམ་ཞིང་སར་དགེ་བའི་ས་བོན་ཚོགས། །ལེགས་བཏབ་འབྲས་བཟང་སྙེ་མ་རོ་བདའི་བཅུད། །བདག་སོགས་མཁའ་མཉམ་སྐྱེ་རྒུ་མ་ལུས་པས། །བྱང་ཆུབ་སྙིང་པོའི་བར་དུ་མྱོང་བར་ཤོག །དངོས་གྲུབ་འབྱུང་གནས་རྩ་རྒྱུད་བླ་མ་དང༌། །བྱིན་རླབས་གཏེར་མཛོད་བདེ་གཤེགས་ཞི་ཁྲོའི་ལྷ། །འཕྲིན་ལས་ཀུན་སྒྲུབ་འདོད་ཁམས་དབང་ཕྱུག་མས། །བསམ་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་སྙན་དར་སུམ་བརྒྱ་སྐོར་གོང་བཅས་ཕུལ་དུས་ངེད་རང་དང་སྡེ་པ་གཉིས་ཀའི་རིང་འཚོའི་སྨོན་ལམ་ཚིགས་བཅད་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཏྲེ་བོ་ངག་དབང་ནམ་མཁའོ། །བདེ་ལེགས་དབྱར་སྐྱེས་གསར་པའི་སྒྲིབ་བསིལ་ལས། །ཕན་བདེའི་ལ་བ་དཀར་པོར་སྟེགས་བཅས་པའི། །སྐལ་ལྡན་ལེགས་བྲིས་ཚོགས་ཀྱི་དགའ་སྟོན་ཅན། །བློ་བཟང་གྲགས་པ་མཆོད་སྦྱིན་བརྒྱ་པར་འདུད། །ཡུན་དུ་མི་དམན་གོམས་པའི་བསོད་ནམས་ཀྱི། །(༡༠༠བ)


GLG021_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་འཇམ་མགོན་བློ་གྲོས་བཟང་པོ་ཡི། །རིང་ལུགས་རྒྱ་མཚོའི་གོས་ཅན་ཁྱབ་པའི་ཁུར། །འཛིན་མཛད་ཡོངས་འཛིན་དམ་པར་གསོལ་བ་འདེབས། །ཚེ་རབས་ཀུན་ཏུ་དལ་བའི་རྟེན་ཐོབ་ནས། །བཤེས་གཉེན་མཆོག་གི་མགོན་གྱིས་ལེགས་བཟུང་སྟེ། །འཇམ་དཔལ་སྙིང་པོའི་བསྟན་པ་དྲི་མེད་ལ། །ཐོས་བསམ་སྒོམ་པ་བྱེད་པར་བྱིན་གྱིས་རློབས། །གནས་སྐབས་དམ་ཆོས་སྒྲུབ་པར་བྱེད་པའི་དུས། །ཉེར་འཚེའི་མི་མཐུན་དགྲ་ལས་རྣམ་རྒྱལ་ཞིང༌། །མཐར་ཐུག་མོས་པས་སྤྱོད་དང་འཕགས་ལམ་ལ། །བསླབ་ཅིང་བགྲོད་ཚེ་ཐོགས་པ་མེད་པར་ཤོག །གང་ཞིག་སངས་རྒྱས་དེ་གསུང་སྒྲུབ་པའི་ཚོགས། །སླུ་མེད་དམ་པའི་མཐུ་ཡི་ལེགས་བྱས་ཀྱི། །བརྒྱ་ཕྲག་སྒོ་གླེག་བཀྲལ་ལས་དུས་ཀུན་ཏུ། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པ་འདི་ཡང་ཁལ་ཁ་དཔོན་པོ་བསྟན་འཛིན་གྱིས་བསྐུལ་བ་ལ་རྟེན་ནས་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའོ། །བློ་ལྡན་ཐོས་འཛིན་བཻཌཱུར་དཀར་པོའི་སྣོད། །ལེགས་བཤད་བཟང་པོའི་བདུད་རྩི་རབ་འཁྱིལ་བའི། །བྱེད་པོ་འཇམ་དབྱངས་བླ་མ་བཙོང་ཁ་པ། །གྲགས་པ་དོན་ལྡན་ཁྱོད་ཀྱི་ཐུགས་རྗེ་དང༌། །རྒྱལ་ཀུན་ཡུམ་གཅིག་ངག་དབང་དབྱངས་ཅན་ལྷ། །འདོད་ཁམས་དབང་ཕྱུག་གཙོ་མོའི་སྐུར་བསྟན་པའི། །སྲིད་གསུམ་བདག་མོ་དཔལ་ལྡན་རེ་མ་ཏི། །གང་གི་ཐོགས་པ་མེད་པའི་འཕྲིན་ལས་མཐུས། །ཉི་མའི་གཉེན་གྱི་གསུང་རབ་ཇི་སྙེད་རྣམས། །འཁྲུལ་མེད་དགོངས་འགྲེལ་བསྟན་བཅོས་གླེག་བམ་ཚོགས། །མི་ཟད་ཆོས་སྦྱིན་པར་གྱི་སྦྱོར་བ་དང༌། །སྙིམ་པའི་འཕྲུལ་གྱིས་མང་དུ་སྤེལ་བ་ལ། །ཉེར་འཚེའི་ནད་གདོན་(༡༠༡ན)


GLG021_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་དང་བར་ཆད་སོགས། །མི་མཐུན་ཕྱོགས་རྣམས་མ་ལུས་རབ་ཞི་ཞིང༌། །བསམ་དོན་ལྷུན་གྱིས་འགྲུབ་པའི་དགེ་ལེགས་གང༌། །འབད་མེད་ལག་རྩེར་སྩོལ་བའི་དཔལ་ཐོབ་ཤོག །གང་དེ་བསྒྲུབ་པའི་སྒོ་ནས་སྦྱིན་པའི་བདག །སོར་མོའི་སྒྱུ་འཕྲུལ་དྲྭ་བའི་བྱེད་པོ་དང༌། །ཕྱོགས་འདིར་ལུས་ངག་ཡིད་ཀྱི་ངལ་བ་དག །བསྟེན་ཀུན་དོན་གཉིས་མ་ལུས་འགྲུབ་གྱུར་ཅིག །ཅེས་པ་ཡང་ས་སྐྱོང་མིའི་དབང་ཕྱུག་ངག་དབང་དགའ་ལྡན་རབ་ལྡན་གྱིས་ངེད་རང་གི་བརྩམས་ཆོས་ཕར་ཕྱིན་མཛོད་སོགས་པོ་ཏི་འགའ་ཞིག་པར་དུ་བཞེངས་པའི་ཚེ་པར་ཡིག་པ་གཉིས་ཀྱིས་བསྐུལ་བའི་ངོར་སྦྱར། །དཔལ་ལྡན་དུས་གསུམ་རྒྱལ་བ་མ་ལུས་པ། །གཅིག་ཏུ་བསྡོམས་པ་ཁྱབ་བདག་འཁོར་ལོའི་མགོན། །གདན་གསུམ་ཚང་བའི་སྡེ་དཔོན་རྡོ་རྗེ་འཛིན། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །འདི་ནས་བླ་མེད་བྱང་ཆུབ་མ་ཐོབ་བར། །ཚིག་ཙམ་མིན་པར་སྙིང་ནས་གསོལ་འདེབས་ན། །རྫོགས་སངས་རྒྱས་པར་དྲི་མེད་སྤྱན་གྱིས་གཟིགས། །རེ་ས་གཞན་ན་མེད་དོ་ཐུགས་རྗེའི་གཏེར། །ལས་དང་ཉོན་མོངས་དབང་གིས་འཁོར་བ་འདིར། །སྐྱེ་སྲིད་གྲངས་མེད་བླངས་ཀྱང་སྟོང་པར་ལོག །དལ་འབྱོར་རྟེན་བཟང་ལན་གཅིག་ཐོབ་པ་གང༌། །དོན་ལྡན་སྙིང་པོ་ལེན་པར་བྱིན་གྱིས་རློབས། །སྔོན་ཆད་རྟག་པར་འཛིན་པའི་གདོན་ཆེན་འདིས། །དགྲ་འདུལ་གཉེན་སྐྱོང་ཚེ་འདིའི་བྱ་བས་གཡེངས། །ད་ནི་ངེས་མེད་མྱུར་དུ་འཆི་སྙམ་པའི། །ལོང་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །དེ་ལྟའི་བདེ་དང་སྡུག་བསྔལ་མ་ལུས་པ། །རིང་ནས་དགེ་དང་མི་དགེའི་ལས་བསགས་པའི། །འབྲས་བུར་ཤེས་ནས་(༡༠༡བ)


GLG021_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་འབྲས་ཕྲ་མོ་ལ། །བླང་དོར་ཚུལ་བཞིན་བསྒྲུབ་པར་བྱིན་གྱིས་རློབས། །ཚངས་དང་བརྒྱ་བྱིན་འཁོར་ལོས་སྒྱུར་རྒྱལ་སོགས། །ཆེན་པོའི་གོ་འཕང་གྲངས་མེད་མྱོང་བའི་མཐར། །བཟོད་དཀའ་ངན་སོང་སྐྱེ་མང་བརྒྱུད་པ་འདིས། །རྣམ་དག་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །སྡུག་བསྔལ་གསུམ་གྱིས་ཡ་ངའི་གཡང་ས་ལས། །རྣམ་པར་གྲོལ་བའི་ཞི་བའི་གླིང་མཆོག་ཏུ། །བགྲོད་ཀྱང་འགྲོ་རྣམས་ཉམ་ཐག་ཚུལ་བསམ་ནས། །བྱང་ཆུབ་སེམས་མཆོག་འབྱོང་བར་བྱིན་གྱིས་རློབས། །གྲངས་རིང་སྒྲུབ་དཀའ་བསྐལ་ཆེན་གསུམ་གྱི་ཚོགས། །སྙིགས་དུས་ཚེ་ཐུང་གཅིག་ལ་རྫོགས་ནུས་པའི། །ཟབ་མོ་ཉེ་བའི་ལམ་གྱིས་ཡིད་ཕྲོགས་ཏེ། །རྡོ་རྗེའི་ཐེག་ལ་འཇུག་པར་བྱིན་གྱིས་རློབས། །མདོར་ན་དེང་ནས་ཚེ་རབས་ཐམས་ཅད་དུ། །འཇམ་མགོན་བློ་བཟང་གྲགས་པའི་བསྟན་པ་ལ། །ཞུགས་ནས་མཐའ་བྲལ་ལྟ་དང་རིམ་གཉིས་ལམ། །ཟུང་འབྲེལ་ཉམས་སུ་ལེན་པར་བྱིན་གྱིས་རློབས། །གནས་སྐབས་སུ་ཡང་ཚེ་དང་བསོད་ནམས་དང༌། །དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་རབ་རྒྱས་ཤིང༌། །མཐར་ཐུག་སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང༌། །མངོན་དུ་གྱུར་བའི་དགའ་སྟོན་རྒྱས་པར་ཤོག །ཅེས་པ་འདི་ཡང་ཧོར་དཀའ་བཅུ་ངག་དབང་ཕུན་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །དེ་བཞིན་གཤེགས་པའི་གཙུག་ཏོར་ལས་བྱུང་བའི། །བཅོམ་ལྡན་གདུག་དཀར་ལྷ་ཡི་མཐུ་སྟོབས་ཀྱིས། །བདུད་བཞིའི་དཔུང་ཚོགས་མ་ལུས་ཚར་བཅད་དེ། །མི་མཐུན་རྒོལ་བ་ཀུན་ལས་རྒྱལ་བར་མཛོད། །མཚན་ཙམ་ཐོས་པས་འཆི་བདག་དཔུང་འཇོམས་པ། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་མགོན། །བཅོམ་(༡༠༢ན)


GLG021_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཚེ་དང་ཡེ་ཤེས་དཔག་མེད་པའི། །ཐུགས་རྗེ་ཆེན་པོས་དེང་འདིར་བྱིན་གྱིས་རློབས། །རྒྱལ་བའི་དབང་པོ་བློ་བཟང་གྲགས་པ་ཡི། །བསྟན་པ་རིན་ཅེན་ཡར་ངོའི་ཟླ་བ་ལྟར། །སྤེལ་ཕྱིར་ངག་དབང་བློ་བཟང་རྒྱ་མཚོའི་སྡེ། །འགྱུར་མེད་སེང་གེའི་ཁྲི་ལ་ཞབས་བརྟན་ཤོག །དེ་ལྟར་གསོལ་བ་ཇི་བཞིན་བཏབ་པ་ཡིས། །བསམ་པའི་རེ་བ་དོན་དང་ལྡན་པའི་ཆེད། །དེང་ནས་བཟུང་སྟེ་ཁྲི་ཁྲག་ལོ་ཡི་བར། །ནམ་ཡང་གཡོ་བ་མེད་པར་ཁས་ལེན་འཆའ། །གངས་ཀྱི་ར་བས་བསྐོར་བའི་བོད་ཡུལ་འདིར། །བཀའ་ཁྲིམས་བཙན་པོས་རྒྱལ་པོའི་སྲིད་འཛིན་པ། །ས་ཆེན་སྐྱོང་བ་བློ་བཟང་མཐུ་སྟོབས་ཀྱི། །ཞབས་པད་རྡོ་རྗེ་ལྟ་བུར་བརྟན་པར་ཤོག །ཞྭ་སེར་འཆང་བའི་དགེ་འདུན་འདུས་པའི་སྡེ། །དཔལ་ལྡན་མཉམ་མེད་རི་བོ་དགའ་ལྡན་པའི། །རིང་ལུགས་གོང་ནས་གོང་དུ་ལེགས་འཕེལ་ཞིང༌། །སྲིད་མཐའི་བར་དུ་བརྟན་པར་གནས་གྱུར་ཅིག །ཤིན་ཏུ་དཀར་བའི་བསམ་པ་རྣམ་དག་གིས། །སྨོན་ལམ་འདི་སྐུལ་དགེ་འདུན་འདུས་ཚོགས་ལ། །ཉེར་འཛུགས་སྦྱོར་བའི་བརྩོན་འགྲུས་བྱེད་པ་པོ། །འདི་ཕྱི་ཀུན་བདེ་སངས་རྒྱས་མྱུར་ཐོབ་ཤོག །འཇིག་རྟེན་ཁམས་སུ་ནད་ཡམས་འཐབ་རྩོད་དང༌། །དབུལ་ཕོངས་ལ་སོགས་མི་མཐུན་ཀུན་ཞི་ཞིང༌། །ལོ་ཏོག་དུས་སྨིན་ཚོང་པ་ཁེ་སྤོག་སོགས། །མཐུན་རྐྱེན་ཐམས་ཅད་བསམ་པ་ལྟར་འགྲུབ་ཤོག །སླུ་མེད་དཀོན་མཆོག་རྣམ་གསུམ་བྱིན་རླབས་དང༌། །དམ་ཅན་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་རྩལ། །དགེ་འདུན་རྣམས་ཀྱི་བདེན་ཚིག་བརྗོད་པའི་མཐུས། །སྨོན་ལམ་བཏབ་པ་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་སྙན་(༡༠༢བ)


GLG021_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་ལམ་ནས་མ་དྲངས་པར་འབོལ་རྩོམ་གོ་བདེ་ཞིང་འདི་ཙམ་འཚོ་ཞེས་པའི་ཚིགས་བཅད་ཞིག་དགོས་ཞེས་གསོལ་དཔོན་གེ་ར་བ་བློ་བཟང་མཁྱེན་བརྩེ་དང་བློ་བཟང་དགེ་འདུན་སྤུན་གཉིས་ཀྱིས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་དུས་དང་བསྟུན་པའི་ལོ་གྲངས་ཀྱི་མཐའ་འཛིན་པ་ནི་རྒྱལ་སྲས་ལག་ལེན་གྱི་དོན་བཞིན་འདྲི་མ་ནུས། འོན་ཀྱང་བླ་ཆེན་སྤྱིའི་ཕྱག་མཛོད་ནས་བཏོན་ཏེ་ཁྲི་ཁྲག་ལོའི་གྲངས་གསལ་བ་དང་བཅས་གྲོང་ཚིག་རྐང་པར་བཅད་དེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །བྱམས་པས་ཉེར་དྲངས་སེམས་སྐྱེད་ཛམྦུའི་འབྲས། །ཕུལ་བྱུང་ཚོགས་གཉིས་རྒྱ་མཚོས་ཡོངས་བསྒྱུར་བས། །ཆོས་གཟུགས་གསེར་གྱི་སྙེ་མ་དར་དྲག་པ། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །ངག་དབང་འཇམ་དབྱངས་གཞོན་ནུ་འཁོན་རིགས་སུ། །རིམ་བྱོན་བསྟན་པའི་སྙིང་པོ་རྡོ་རྗེའི་ཐེག །བསྐལ་པར་བསྒྲུབས་པའི་བསོད་ནམས་ཚོང་ཟོང་གིས། །ལེགས་རྙེད་བཤེས་གཉེན་དམ་པར་གསོལ་བ་འདེབས། །རྒྱལ་བ་ཀུན་དངོས་དཔལ་ལྡན་ཆོས་སྐྱོང་གི །གསུང་ངག་ཟབ་མོའི་སྨིན་གྲོལ་ལམ་སྟོན་པར། །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་ཆེ། །དཔལ་ལྡན་སྐལ་བ་བཟང་པོར་གསོལ་བ་འདེབས། །བྱམས་པའི་ཆུས་བརླན་བརྩེ་ཆེན་སྙིང་པོའི་ཞབས། །ངུར་སྨྲིག་གོས་བཀླུབས་བློ་གྲོས་རྒྱལ་མཚན་དཔལ། །ངག་གི་དབང་ཕྱུག་གྲུབ་པའི་དཔའ་བོ་ཡི། །དྲི་མེད་རིང་ལུགས་འཛིན་ལ་གསོལ་བ་འདེབས། །བསོད་ནམས་ཡེ་ཤེས་ཟུང་འཇུག་སྐུ་བཞིའི་བདག །ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི། །བསྟན་པའི་རྒྱལ་མཚན་ཕྱོགས་(༡༠༣ན)


GLG021_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བཅུར་འཛུག་པའི་དཔལ། །སྐལ་བཟང་གདུལ་བྱའི་མགོན་པོར་གསོལ་བ་འདེབས། །གར་གྱི་དབང་ཕྱུག་བཅོམ་ལྡན་རྣམ་པར་རྒྱལ། །ཚེ་སྦྱིན་ཡིད་བཞིན་འཁོར་ལོ་བཅས་རྣམས་ཀྱི། །རྨད་བྱུང་ཐུགས་རྗེའི་ཉི་མ་འོད་པོ་ཆེས། །བདུད་བཞིའི་སྨག་རུམ་མིང་གི་ལྷག་མར་མཛོད། །བྱམས་པའི་ཐུགས་ཀྱིས་འགྲོ་ཀུན་འདྲེན་སླད་དུ། །ངག་ལ་སྨྲ་བའི་དབང་ཕྱུག་ཞལ་སྒོ་ནས། །ཟབ་རྒྱས་ཆོས་ཚུལ་དབྱངས་ཅན་རྒྱུད་མངས་གླུ། །ལེན་ཕྱིར་རྡོ་རྗེའི་ཁྲི་ལ་ཞབས་བརྟན་ཤོག །ལུས་ཅན་བསོད་ནམས་རྒྱ་མཚོའི་ཞིང་མཆོག་ཏུ། །ངེས་པ་ལྔ་ལྡན་ལྟ་བུར་རྟག་བཞུགས་ནས། །གསང་ཆེན་སློབ་བཤད་བསྟན་པའི་རྒྱལ་མཚན་དཔལ། །བཟང་པོའི་སྐལ་ལྡན་དོན་དུ་བསྒྲེང་བར་གསོལ། །ཐབས་ཤེས་ཉི་ཟླ་ཟུང་འཇུག་ཨ་ཧཾ་གཟུགས། །བརྟན་བྱེད་ཀ་བ་ཨ་ཝ་དྷཱུ་ཏིའི་རྩ། །གཞོམ་མེད་རྡོ་རྗེའི་སྲོག་ཏུ་ལེགས་སོང་ནས། །འཇའ་ལུས་གཟུགས་སྐུས་འགྲོ་འདི་རྟག་སྐྱོང་ཤོག །རྩ་རྒྱུད་བླ་མ་རྡོ་རྗེ་འཆང་དབང་དངོས། །དགྱེས་མཛད་རྡོ་རྗེ་དཀྱིལ་འཁོར་རྒྱ་མཚོའི་བདག །གུར་མགོན་ཞལ་བཞི་བསྟན་སྲུང་ཀུན་གྱི་གཙོ། །དེང་འདིར་སྨོན་པ་ཇི་བཞིན་འགྲུབ་བྱིན་རློབས། ཁམས་གསུམ་དབང་བྱེད་རྗེ་བཙུན་རིགས་བྱེད་མ། །ལྷ་ཆེན་ཚོགས་བདག་འདོད་པའི་རྒྱལ་པོ་ཡིས། །ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པ། །དབང་བསྡུས་དུས་ཀུན་དགེ་བའི་བཀྲ་ཤིས་ཤོག །ཅེས་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རིང་ལུགས་འཛིན་པ་ཆེན་པོ་བདག་པོ་རྒྱལ་རྩེ་བ་མཁན་ཆེན་བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་གསོལ་འདེབས་བརྟན་བཞུགས་ཚིགས་སུ་བཅད་པ་འདི་(༡༠༣བ)


GLG021_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ནི་པཱ་ཎཱི་བྱཱ་ཀ་ར་ཎ་ཀ་ཙན་སྭ་ར་སྭསྟཱི་སོགས་བརྡ་སྤྲོད་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་སེ་དཀར་རིགས་ཀྱི་ཐེག་ལེ་འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །བྱིན་རླབས་གཏེར་གྱུར་རྩ་བརྒྱུད་བླ་མ་དང༌། །དངོས་གྲུབ་སྩོལ་མཛད་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །འཕྲིན་ལས་ཀུན་སྒྲུབ་ལེགས་ལྡན་མ་ནིང་སོགས། །རྩ་གསུམ་ཐུགས་རྗེའི་མཐུ་དཔུང་དིང་འདིར་བསྐྱེད། །རྨད་བྱུང་མཁྱེན་ཁྱོད་བློ་གྲོས་རབ་ཡངས་ཤིང༌། །མཆོག་གི་རྡོ་རྗེའི་སློབ་དཔོན་རིག་ཀུན་བདག །མཁའ་ཁྱབ་འགྲོ་འདྲེན་བཞེད་པ་མྱུར་འགྲུབ་ནས། །ལྗོངས་འདིར་སྤྲུལ་སྐུའི་ཡང་སྲིད་གསལ་བར་ཤོག །གདུལ་དཀའི་འགྲོ་རྣམས་ཡལ་བོར་ཞི་བའི་ཀློང༌། །བཞུགས་པ་རྒྱལ་སྲས་རྣམ་ཐར་མ་ཡིན་ཕྱིར། །སྤྱི་དང་ཁྱད་པར་ཆོས་ཀྱི་དབང་ཕྱུག་གི །བསྟན་པའི་སྲོག་ཤིང་ཆེད་དུ་མྱུར་འབྱོན་གསོལ། །པདྨ་འོད་ཀྱི་གཞལ་ཡས་ཉམས་དགའ་ཡང༌། །ཉང་སྟོན་རིགས་སྔགས་འཆང་བའི་སྨིན་གྲོལ་རྒྱུན། །སྤེལ་བའི་སྙིང་སྟོབས་གཟེངས་མཐོ་ཁྱོད་ཙམ་དུ། །ངེས་ཕྱིར་ཡང་སྲིད་ཞིང་འདིར་འཛིན་བྱིན་རློབས། །ཆོས་ཉིད་གདོད་ནས་མི་འགྱུར་ལྷ་ལམ་གཤིས། །ཆོས་ཅན་རྒྱུ་འབྲས་སླུ་མེད་མཁའ་གླང་ལས། །བདེན་ཚིགས་ཆར་རྒྱུན་གྱིས་བསྐྱེད་རེ་བའི་འབྲས། །དུས་སུ་ཡོལ་བ་མེད་པར་སྨིན་པར་ཤོག །ཅེས་པ་འདི་ཡང་རིག་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་ཁྱབ་བདག་བློ་གྲོས་མཆོག་གི་རྡོ་རྗེ་ཞིང་འདིའི་སྐུའི་བཀོད་པ་བསྡུས་པའི་ཚེ་ཆོས་རྗེ་ཐུབ་བསྟན་པ་སོགས་སྤྲུལ་སྐུའི་བཀོད་པ་མྱུར་(༡༠༤ན)


GLG021_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོན་གྱི་མོས་པ་ཆེར་འདུག་པ་དང་བཅས་ཐོག་མ་ཉིད་ནས་གསོལ་བ་བཏབ་པའི་རྟེན་འབྲེལ་གྱི་སྒོ་མ་ལོག་པ་གལ་ཆེ་བར་མངོན་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །སངས་རྒྱས་ཀུན་གྱི་མཐུ་སྟོབས་བཞུ་བླུགས་སུ། །རྣམ་པར་འཁྱིལ་བས་འཇིགས་མེད་རྡོ་རྗེའི་མཚོན། །གདེངས་ནས་ཡིད་སྲུབས་སྡེ་དང་བཅས་པའི་དཔུང༌། །ཕྱེ་མར་ཐོགས་ཤིག་དཔལ་ལྡན་གསང་བའི་བདག །བདེ་ལྡན་ཞིང་གི་འདྲེན་པ་གར་གྱི་དབང༌། །མགོན་དེས་བསྔགས་པའི་མེ་ཏོག་མནྡ་རས། །ལེགས་བརྒྱན་རྣམ་པར་རྒྱལ་མ་བཅོམ་ལྡན་འདས། །དགྱེས་ཞལ་འཛུམ་གྱིས་འགྲོ་འདི་དབུགས་དབྱུངས་ཞིག །འཆལ་བའི་དྲི་བྲལ་ཁྲིམས་ཀྱི་རྩ་བ་བརྟན། །རྒྱ་ཆེན་གསུང་རབ་ཐོས་པའི་འདབ་སྟོང་བཞད། །བསམ་གཏན་རོ་ཡི་མྱོས་པའི་ཟེའུ་འབྲུ་རྒོད། །འདུས་པའི་ཚོགས་ཀྱིས་བདེན་པའི་ཚིགས་བརྗོད་ན། །འཆད་རྩོད་རྩོམ་པའི་དཀྱུས་རིང་ཟུར་མིག་གིས། །འཇམ་དབྱངས་གཞོན་ནུའི་བརྟན་པ་ཉེར་ཕྲོགས་ནས། །དགའ་བའི་ཟློས་གར་མགྲིན་པའི་པད་མཚོ་རུ། །སྒྱུར་མཛད་བཤེས་གཉེན་རྡོ་རྗེ་ལྟར་བརྟན་ཤོག །བསོད་ནམས་དཔུང་པས་བགྲོད་ཤུལ་རྗེས་སྙེག་པར། །ཀུན་བཟོད་དཀྱིལ་འཁོར་འབྲེང་བའི་མི་ཡི་བདག །ཉི་བུའི་མཆེ་བའི་ཕྲག་ལས་རིང་བརྒལ་ཏེ། །སྐུ་ཚེའི་གཡུང་དྲུང་རྟག་ཏུ་འཁྱིལ་བར་ཤོག །དགའ་བ་བརྒྱ་པ་ལ་སོགས་དྲེགས་ལྡན་གྱི། །གཙུག་ན་ཞབས་རྡུལ་ཉེར་བཀོད་ཙོང་ཁ་པའི། །གསང་ཆེན་སྔགས་ཀྱི་ཡང་རྩེ་འདུས་པའི་ལམ། །ལེགས་འཛིན་སྡེ་འདི་སྲིད་མཐར་འཕེལ་བར་ཤོག །ས་(༡༠༤བ)


GLG021_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་ཞུན་མའི་མདངས་འཛིན་ཞྭ་སེར་བསྟན། །ཆོས་སྲིད་བླ་ནས་བླར་འབར་འོད་སྟོང་གིས། །ལུས་མེད་མཆིས་འབྲང་སྡེ་དང་བཅས་པའི་དཔུང༌། །ཕ་མཐར་བྱེད་པའི་དགའ་སྟོན་རྟག་མྱོང་ཤོག །མང་པོར་ཕན་པ་བསྒྲུབས་ཀྱང་སྒྲིབ་གཡོགས་ཀྱིས། །ད་དུང་ངོ་འཕྲོད་མ་གྱུར་རིས་བྲལ་འགྲོ། །མི་བཟད་སྡུག་བསྔལ་གསུམ་ལས་ཉེར་ཐར་ནས། །གཏན་བདེའི་རོ་བརྒྱའི་བཅུད་ཀྱིས་ཚིམ་པར་ཤོག །ཁྱད་པར་རྒྱ་ཧོར་བོད་ཀྱི་ས་ཆེན་ལ། །གནས་སོ་ཅོག་གི་ལུས་ཅན་མ་ལུས་པ། །རྫོགས་ལྡན་བདེ་སྐྱིད་དངོས་མྱོང་ལྔ་བདོ་བ། །མངོན་སུམ་ལྟ་ཞོག་མིང་ཡང་མི་གྲགས་ཤོག །རང་སེམས་སོམ་ཉི་བྲལ་བས་གསོལ་བཏབ་ན། །རང་གཞན་ལུས་ཅན་ཐམས་ཅད་སྲིད་མཚོ་ལས། །རང་དབང་མེད་པར་ཉེར་སྒྲོལ་དཀོན་མཆོག་གསུམ། །རང་སྣང་མོས་ངོར་འདིར་སྤྱོན་བྱིན་གྱིས་རློབས། །མཐོང་ཐོས་དྲན་རེག་དོན་ལྡན་མཛད་པའི་མགོན། །མགོན་པོ་བསླུ་བ་མེད་པའི་བདེན་པའི་སྟོབས། །སྟོབས་དང་ནུས་པས་བསམ་པའི་དོན་རྣམས་ཀུན། །ཀུན་ཏུ་སྨོན་པ་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་པ་འདིའང་ཡེར་པ་དགའ་ལྡན་གསང་སྔགས་གླིང་པའི་སློབ་དཔོན་གྲྭ་བཅས་ཀྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །བདེ་བར་གཤེགས་པ་ཀུན་གྱི་གསང་བའི་མཛོད། །ལེགས་འཛིན་སྟོབས་ཆེན་གཏུམ་པོའི་གད་བརྒྱངས་ཀྱིས། །མེ་ཏོག་མདའ་ཅན་སྡེ་བཅས་བྱེར་བ་དང༌། །ལྷན་ཅིག་སྲ་མཁྲེགས་རྡོ་རྗེའི་གུར་ཆེན་ཕུབ། །བདེ་ལྡན་ཞིང་གི་མགོན་དེས་དགོངས་པ་མཛད། །རྣམ་པར་རྒྱལ་དང་བཅོམ་ལྡན་ཚེ་སྦྱིན་མས། །བདུད་(༡༠༥ན)


GLG021_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་བཅུད་ཀྱིས་གཏམ་པའི་བུམ་པ་ཡིས། །ལུས་ཅན་ཀུན་ལ་འཆི་མེད་དབང་སྐུར་སྩོལ། ཁྲིམས་ལྡན་འདུས་པའི་ཚོགས་རྣམས་མགྲིན་གཅིག་ཏུ། །མཆོག་གསུམ་ཐུགས་རྗེས་བསྐུལ་བའི་རྒྱུད་མངས་གླུ། །བདེན་པའི་ཚིག་ཏུ་བརྗོད་པའི་འགྱུར་ཁུག་སྒྲ། །རྣ་བར་ཟིལ་དངར་སྙན་པོས་ཚིམ་པར་ཤོག །འཁོར་འདས་ཟིལ་གནོན་འཇམ་དཔལ་རྡོ་རྗེ་ཡི། །རིམ་གཉིས་ཟབ་མོའི་དགའ་བས་རྟག་མོས་པ། །ཡང་དག་ལམ་བཟང་སྟོན་པ་དགེ་བའི་བཤེས། །བསྟན་འགྲོའི་དཔུང་གཉེན་དམ་པར་ཞབས་བརྟན་ཤོག །ངག་དབང་ཟུར་ཕུད་ལྔ་ལྡན་མིའི་ཟློས་གར། །ལེགས་བསྒྱུར་བློ་བཟང་གྲགས་པའི་རིང་ལུགས་མཆོག །རྒྱ་ཆེན་ནམ་མཁའི་ཕ་མཐར་སྤེལ་སླད་དུ། །མཚོ་བྱུང་སྙིང་གར་རོལ་ཁྱོད་བརྟན་པར་ཤོག །རབ་ཡངས་བློ་གྲོས་ཏེ་སེ་ལས་འོངས་ཀླུང༌། །ལུགས་ཟུང་ཁྲིམས་ཀྱི་རྒྱ་མཚོར་ཉེར་བབས་ནས། །རྟག་ཏུ་སྐལ་བཟང་ལ་སྦྱོར་མཐུ་སྟོབས་དབང༌། རྡོ་རྗེའི་ཁྲི་ལ་གཡོ་མེད་བརྟན་པར་ཤོག །བུ་རམ་ཤིང་པའི་ལུང་རྟོགས་ས་ཆེན་པོ། །འདེགས་པའི་རྣམ་དཔྱོད་རུས་སྦལ་སྙིང་སྟོབས་ཅན། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི། །བསྟན་པ་འཛམ་གླིང་ཀུན་ལ་ཁྱབ་པར་ཤོག །རྒྱང་གྲགས་གྲོང་ལས་དབེན་པ་རི་བོའི་སྤོར། །ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པ། །ཡོངས་འདུས་ཐོས་བསམ་སྒོམ་པའི་སྒྲོན་མེ་ཡིས། །གླིང་བཞི་མུན་པ་སེལ་བའི་དཔལ་འབར་ཤོག །འགྲོ་དང་མི་འགྲོའི་ཡིད་ཅན་ཐ་དག་གི །རྒྱུད་ལ་གོས་པར་ཀུན་འབྱུང་ཉེར་ཞི་བས། །འབྲས་བུ་སྡུག་བསྔལ་བདེན་པ་དང་བྲལ་ཏེ། །ངེས་པར་ལེགས་པའི་དགའ་སྟོན་སྤྱོད་པར་ཤོག །བཅོམ་ལྡན་མ་ཧེའི་ཞལ་ཅན་(༡༠༥བ)


GLG021_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྡོད་བཅས། །མྱུར་མཛད་མགོན་པོ་འདོད་ཁམས་དབང་ཕྱུག་མ། །བསྟན་སྲུང་རྒྱ་མཚོས་འཕྲིན་ལས་ལྷུན་གྲུབ་ཅིང༌། །དུས་རྣམས་ཀུན་ཏུ་དགེ་ཞིང་ཤིས་པར་མཛོད། །རྫོགས་སངས་རྒྱས་དང་ཆགས་བྲལ་དམ་པའི་ཆོས། །ཐེག་གསུམ་དགེ་འདུན་ཆོས་ཉིད་འགྱུར་བ་མེད། །ཆོས་ཅན་རྒྱུ་འབྲས་མི་བསླུ་རྟེན་འབྲེལ་མཐུས། །ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་པར་ཤོག །ཅེས་བརྟན་བཞུགས་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་རྒྱལ་དར་གོང་པ་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་རི་བོ་ཆོས་གླིང་དུ་འཛུགས་རྒྱུར་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །འཁོར་ལོས་སྒྱུར་རྒྱལ་སྟོབས་ལྡན་ཁྲོ་བོ་བཅུའི། །ཡེ་ཤེས་རང་སྣང་སྲུང་འཁོར་རྩིབས་རྣོན་པོས། །གནོད་བྱེད་བགེགས་ཀྱི་དཔུང་ཚོགས་ཕྱེར་བཏགས་ནས། །གཞོམ་མེད་རྡོ་རྗེ་འབར་བའི་གུར་ཁང་དབུས། །དཔལ་ལྡན་བླ་མ་རིགས་རྣམས་ཀུན་གྱི་བདག །སྤྲུལ་པའི་སྒྱུ་འཕྲུལ་གར་མཁན་ཧེ་བཛྲཿ། ལོངས་སྤྱོད་རྫོགས་སྐུ་ཇི་བཞིན་སྲིད་མཐའི་བར། །དཀྱིལ་འཁོར་འཁོར་ལོའི་མགོན་པོར་བཞུགས་པར་གསོལ། །གསུང་ངག་ཆད་མེད་དབང་བཞིས་རྒྱུད་སྨིན་བློས། །ལམ་བཞིའི་འགྲོས་ཀྱིས་རྣམ་གྲོལ་རྣལ་འབྱོར་ཅན། །སྐལ་བཟང་གདུལ་བྱ་རྒྱ་མཚོའི་དཔལ་མགོན་དུ། །དྷཱུ་ཏཱིའི་ཀ་བ་རྡོ་རྗེར་འགྲུབ་པར་ཤོག །བློ་གྲོས་བཟང་པོས་འབངས་རྣམས་བྱམས་པས་སྐྱོང༌། །མཐུ་སྟོབས་ནུས་པས་གཞན་སྡེ་ཚར་གཅོད་པ། །ས་སྤྱོད་དབང་ཕྱུག་སྐུ་ཚེ་ཆབ་སྲིད་བརྟན། །ལུགས་ཟུང་ཁྲིམས་ཀྱིས་འགྲོ་རྣམས་བདེ་བར་ཤོག །ཚུལ་ལྡན་རིག་འཛིན་བཀྲ་ཤིས་གཡས་འཁྱིལ་དུང༌། །(༡༠༦ན)
སྙན་བརྒྱུད་ཚད་མ་བཞི་ལྡན་སློབ་བཤད་ཆོས། །སྒྲ་དབྱངས་སྒྲོགས་པས་སྡེ་འདི་ཡོངས་གང་སྟེ། །ཚར་ཆེན་རིང་ལུགས་ཕྱོགས་བཅུར་རྒྱས་པར་ཤོག །འོད་གསལ་ལྷ་རིགས་འཁོན་གྱི་གདུང་འཛིན་ལས། །རིགས་གསུམ་སྒྱུ་དྲའི་གར་མཁན་ས་སྐྱ་པའི། །ལུང་རྟོགས་བསྟན་པ་མུཀྟི་ཀ་ཡི་འཕྲེང༌། །ཆད་མེད་འཛམ་གླིང་མཛེས་པའི་རྒྱན་འགྱུར་ཤོག །ཁོར་ཡུག་གངས་ཀྱིས་བསྐོར་བའི་གསེར་ལྡན་ལྟོར། །སྣོད་ཀྱི་ལང་ཚོའི་དགེ་མཚན་དར་དྲག་ཅིང༌། །བཅུད་རྣམས་རིང་འཚོའི་ཚེ་དང་དཔལ་འབྱོར་གྱི། །དབང་ཐང་དབྱར་མཚོ་ལྟ་བུར་འཕེལ་བར་ཤོག །སྲིད་གསུམ་དབང་སྒྱུར་རྗེ་བཙུན་རིགས་བྱེད་མ། །འཛད་མེད་མཆོད་སྦྱིན་ལྷ་ཆེན་ཚོགས་ཀྱི་བདག །སྟོབས་ལྡན་དཔའ་བོ་འདོད་པའི་རྒྱལ་པོ་ཡིས། །བཀྲ་ཤིས་དཔལ་གྱི་སྒོ་འཕར་བརྒྱ་ཕྲག་ཕྱེ། །ཆོས་སྲུང་བྱེ་བའི་སྡེ་དཔོན་རྡོ་རྗེ་གུར། །སྟོབས་འཕྲོག་ལེགས་ལྡན་ནག་པོ་གདོང་བཞི་པ། །དབང་དྲག་ཞི་དང་རྒྱས་པའི་འཕྲིན་ལས་ཀུན། །ཐོགས་མེད་སྒྲུབ་པའི་དགའ་སྟོན་རྒྱས་པར་མཛོད། །ཅེས་པ་འདིའང་རྒྱལ་དར་གོང་པ་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བཀྲ་ཤིས་ཆོས་སྡེར་འཛུགས་རྒྱུར་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །


previousཡན་ལག་བདུན་པ་དང་འབྲེལ་བའི་གསོལ་འདེབས་ཚིག་ཉུང་ལ་དོན་རྒྱས་པ་སོགས།next